མདོ་སྡེ་རྒྱན་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๖ · หน้า 166a

བདག་ཅེས་བྱ་བ་ཕུང་པོ་ལ་མ་གཏོགས་པར་ལོགས་ཤིག་ན་རྫས་སུ་ཡོད་དོ་ཞེས་སྨྲས་པ་ལྟར་ན། གང་ཟག་ཅེས་བྱ་བ་ཡང་ལོགས་ཤིག་ན་རྫས་སུ་ཡོད་པའི་སྐྱོན་དུ་འགྱུར་ཏེ། གང་ཟག་ཅེས་བྱ་བ་ནི་ཕུང་པོ་ལ་མ་གཏོགས་པར་ལོགས་ཤིག་ན་ཡང་རྫས་དང་རང་བཞིན་གྲུབ་

པར་ཡོད་པ་མ་ཡིན་ནོ། །དེ་ལྟར་གང་ཟག་བཏགས་པར་ཡོད་པས་ན་བརྗོད་དུ་མེད་པར་མི་རུང་ངོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་གང་ཟག་རྫས་སུ་མེད་པར་འགྱུར་ཏེ། བཏགས་པ་ཙམ་དུ་ཡོད་པས་ན། གང་ཟག་གི་ཕུང་པོ་དང་རང་བཞིན་གཅིག་པར་འགྱུར་རོ། །ཕུང་པོ་ཉིད་གང་ཟག་

གི་རང་བཞིན་ཡིན་ནོ་ཞེས་ཀྱང་མ་བརྗོད་ལ། ཕུང་པོ་ལ་མ་གཏོགས་པར་གང་ཟག་ལོགས་ཤིག་ན་ཡོད་པར་ཡང་མི་བརྗོད་ལ། དོན་དུ་ན་ཕུང་པོ་ལ་ཡང་གང་ཟག་གི་རང་བཞིན་མེད། ཕུང་པོ་ལ་མ་གཏོགས་པར་གང་ཟག་ཅེས་བྱ་བ་ལོགས་ཤིག་ན་ཡང་རྫས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ལུང་

དུ་མ་བསྟན་པའི་དངོས་པོར་གྲུབ་བོ་ཞེས་བྱ་བ་ལ། གང་གི་ཕྱིར་ཕུང་པོ་དང་གང་ཟག་གཉིས་གཅིག་པར་ཡང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་པའི་ཕྱིར་ན། གལ་ཏེ་གཞན་དག་ཕུང་པོ་དང་གང་ཟག་གཅིག་གམ་ཞེས་འདྲི་ན་གཅིག་པ་ཡིན་ནོ་ཞེས་ལུང་མི་བསྟན་ཏོ། །གལ་ཏེ་ཕུང་པོ་དང་གང་ཟག་

ཐ་དད་པ་གཅིག་ཡིན་ནམ་ཞེས་འདྲི་ན་ཡང་། ཐ་དད་པ་ཡིན་ནོ་ཞེས་ཀྱང་ལུང་དུ་མི་བསྟན་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་རང་བཞིན་མེད་པའི་ཕྱིར་ཕུང་པོ་དང་གཅིག་པར་ཡང་བསྟན་དུ་མི་རུང་ལ། ཐ་དད་པར་ཡང་བསྟན་དུ་མི་རུང་སྟེ། དཔེར་ན་མོ་གཤམ་གྱི་བུ་ལ་ཁ་དོག་ནག་པོར་ཡང་བསྟན་དུ་

མེད། དམར་པོར་ཡང་བསྟན་དུ་མེད་པ་བཞིན་ནོ། །འདི་ཡན་ཆད་དུ་སྤྱིར་མུ་སྟེགས་པ་བདག་ཏུ་སྨྲ་བ་དང་། སངས་རྒྱས་པ་གང་ཟག་ཡོད་པར་སྨྲ་བ་གཉི་ག་སྤྱིར་བསྡུས་ཏེ་སུན་ཕྱུང་སྟེ། ད་ནི་བསྟན་པ་འདི་ལ་ཞུགས་པ་སཾ་བི་ཏི་པ་དག་གང་ཟག་རྫས་སུ་ཡོད་པར་འདོད་པའི་ལྟ་བ་སུན་དབྱུང་བའི་ཕྱིར།

གང་རྣམས་སྟོན་པའི་བསྟན་པ་ལས་འདས་ཏེ་གང་ཟག་རྫས་སུ་ཡོད་པར་འདོད་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གང་རྣམས་ཞེས་བྱ་བ་ནི་སཾ་བི་ཏི་པ་དག་གོ། །སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཆོས་

เล่ม ๑๒๖ · หน้า 166b

ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་བཤད་པའོ། །འདས་པ་ནི་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་གསུངས་པ་སྟེ། ཇི་ལྟར་ཕྱིན་ཅི་ལོག་ཏུ་གསུངས་ཤེ་ན། འདི་ལྟར་གང་ཟག་ཅེས་བྱ་བ་རྫས་སུ་ཡོད་ལ། དེ་ཡང་ཕུང་པོ་ལྔ་དང་

གཅིག་པ་ཞེས་ཀྱང་མི་བརྗོད། ཐ་དད་པ་ཞེས་ཀྱང་མི་བརྗོད་ཅེས་འདོད་ཅིང་ཟེར་ཏེ། དེ་དག་ལ་འདི་སྐད་དུ་དྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དྲི་བར་བྱ་ཞེ་ན། དེའི་ཕྱིར། རྫས་ཀྱང་ཡོད་ལ་མི་བརྗོད་ལ། །དགོས་པ་སྨྲ་བར་བྱ་བ་ཡིན། །ཞེས་སྨོས་ཏེ། ཇི་ལྟར་བདག་ཅག་གང་ཟག་མེད་པར་འདོད་པ་རྣམས་ཀྱིས་

ཕུང་པོ་དང་གང་ཟག་གཅིག་པར་སྨྲས་ན་ནི་ཕུང་པོ་ཡང་བདག་བཞིན་དུ་རྟག་པར་འགྱུར་བ་དང་། གང་ཟག་ཀྱང་ཕུང་པོ་བཞིན་དུ་རྫས་སུ་ཡོད་པའི་སྐྱོན་དུ་འགྱུར་བས་གཅིག་པར་མི་སྨྲ་ལ། ཕུང་པོ་དང་ཐ་དད་པར་སྨྲས་ན་ནི་གང་ཟག་དེ་མུ་སྟེགས་ཀྱིས་བརྟགས་པའི་བདག་བཞིན་དུ་རྫས་སུ་ཡོད་པའི་

སྐྱོན་དུ་འགྱུར་བས་ན་ཐ་དད་པར་ཡང་མི་སྨྲའོ་ཞེས་དགོས་པ་བརྗོད་པ་བཞིན་དུ། ཁྱེད་ཀྱི་གང་ཟག་རྫས་སུ་ཡང་ཡོད་ལ་ཕུང་པོ་དང་གཅིག་པར་ཡང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་ན། ཅིའི་ཕྱིར་ཕུང་པོ་དང་གཅིག་ཏུ་བརྗོད་དུ་མེད་པ་དང་། ཅིའི་ཕྱིར་ཕུང་པོ་དང་ཐ་དད་པར་ཡང་བརྗོད་དུ་མེད་པའི་གཏན་

ཚིགས་དང་། དགོས་པ་སྨྲ་དགོས་སོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་ཟག་ཏུ་སྨྲ་བ་རྣམས་ལ་འདྲི་བ་སྟེ། གང་ཟག་དང་ཕུང་པོ་གཅིག་པར་ཡང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་པའི་དགོས་པ་ཅིའི་ཕྱིར་སྨྲ་དགོས་ཤེ་ན་ཞེས་བྱ་བའི་དོན་ཏོ། །དེའི་ལན་དུ། གཅིག་དང་ཐ་དད་མི་

བརྗོད་ན། །དགོས་པ་མེད་པར་མི་རུང་ངོ་། །ཞེས་སྨོས་ཏེ། ཇི་ལྟར་ཕུང་པོ་དང་གང་ཟག་ཏུ་རང་བཞིན་གཅིག་པར་ཡང་མི་བརྗོད་ན་ནི་ཅིའི་ཕྱིར་གཅིག་པར་མི་བརྗོད་པའི་དགོས་པ་དང་གཏན་ཚིགས་མེད་དུ་མི་རུང་ངོ་། །གལ་ཏེ་ཐ་དད་པར་ཡང་མི་བརྗོད་ན་ནི་ཅིའི་ཕྱིར་ཐ་དད་པར་མི་བརྗོད་པའི་

དགོས་པ་དང་གཏན་ཚིགས་སྨྲ་དགོས་ཏེ། དགོས་པ་དང་གཏན་ཚིགས་མེད་པ་ནི་གང་ཟག་རྫས་སུ་ཡོད་པར་མི་འགྲོའོ། །གཞན་ཡང་གལ་ཏེ། ཕུང་པོ་དང་གང་ཟག་གཅིག་པར་ཡང་མི་བརྗོད་ན་ནི་གང་ན་གཅིག་པར་མི་བརྗོད་པར་དེ་ན་ཐ་དད་པར་འགྱུར་ཏེ། དཔེར་ན་མེ་དང་ཆུ་གཉིས་ཐ་

เล่ม ๑๒๖ · หน้า 167a

དད་པས་ན་གཅིག་པར་མི་བརྗོད་པ་བཞིན་ཏེ། དེ་ལྟ་ན་ནི་ཕུང་པོ་དང་གང་ཟག་ཐ་དད་པར་འགྱུར་རོ། །གལ་ཏེ་ཕུང་པོ་དང་གང་ཟག་ཐ་དད་པར་མི་བརྗོད་ན་ནི་གཅིག་པར་འགྱུར་ཏེ། དཔེར་ན་མེ་དང་མེའི་ཚ་བ་གཉིས་གཅིག་པས་ན་ཐ་དད་པར་མི་འགྱུར་བ་བཞིན་ཏེ།

དེ་ལྟ་ན་ནི་ཕུང་པོ་དང་གང་ཟག་གཅིག་པ་ཉིད་དུ་འགྱུར་གྱི། གཅིག་པ་མ་ཡིན་ཏེ། ཐ་དད་དོ་ཞེས་བྱ་བའི་ཚིག་མི་འགྲུབ་བོ། །ཅི་སྟེ་དཔེ་ཙམ་གྱི་ཕྱིར་གང་ཟག་མི་བརྗོད་པར་འདོད་དེ་ཞེས་བྱ་བ་ལ། གལ་ཏེ་གང་ཟག་ཏུ་སྨྲ་བ་རྣམས་འདི་སྐད་དུ་ཟེར་ཏེ། གང་ཟག་རྫས་སུ་ཡོད་ལ། ཕུང་

པོ་དང་གཅིག་པར་ཡང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་པ་དངོས་སུ་འདི་འདྲ་ཞེས་ནི་བསྟན་དུ་མི་རུང་གི །འཇིག་རྟེན་ན་རྫས་སུ་ཡོད་ལ་གཅིག་པར་ཡང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་པ་དེ་བཞིན་དུ། གང་ཟག་འདི་ཡང་རྫས་སུ་ཡང་ཡོད་ལ་ཕུང་པོ་དང་གཅིག་པར་ཡང་མི་

བརྗོད། ཐ་དད་པར་ཡང་མི་བརྗོད་པར་བདག་ཅག་འདོད་དོ་ཞེས་ཟེར་རོ། །དཔེ་གང་ཡིན་པ་བསྟན་པའི་ཕྱིར་སྨྲས་པ། དཔེར་ན་མེ་དང་སྲེག་པ་གཉིས་ཐ་དད་པར་ཡང་མ་ཡིན། ཐ་མི་དད་པར་ཡང་མ་ཡིན་པར་བརྗོད་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། བསྲེག་པ་ནི་ཤིང་ལ་བྱའོ། །འདི་ལྟར་མེ་དང་

ཤིང་གཉིས་རྫས་སུ་ཡོད་ཀྱང་། མེ་དང་ཤིང་གཉིས་ཐ་དད་པ་མ་ཡིན་ཏེ། གང་གི་ཕྱིར་ཤིང་ལས་མེ་འབྱུང་བ་ན་མེ་དང་ཤིང་གཉིས་ཐ་དད་པ་མ་ཡིན་ནོ། །གལ་ཏེ་མེ་དང་ཤིང་གཉིས་ཐ་དད་ན་ནི་ཤིང་མེད་པར་ཡང་མེ་འབྱུང་བར་འགྱུར་ཏེ། ཤིང་མེད་པར་མེ་འབྱུང་བ་མ་མཐོང་བས་དེ་བས་ན་

ཐ་དད་པ་མ་ཡིན་ནོ། །མེ་དང་ཤིང་གཉིས་ཐ་མི་དད་ཅིང་གཅིག་པ་ཡང་མ་ཡིན་ཏེ། ཤིང་ནི་མེའི་རྒྱུ་ཡིན་ལ། ཚ་བའི་རང་བཞིན་མེད་པ་ཡིན་ལ། མེ་ནི་ཤིང་གི་འབྲས་བུ་ཡིན་ཏེ། ཚ་བའི་རང་བཞིན་ཅན་ཡིན་པས་རང་བཞིན་གཅིག་པ་ཡང་མ་ཡིན་ཏེ། གལ་ཏེ་རང་བཞིན་གཅིག་ན་ནི་མེ་ལ་རེག་ན་

འཚིག་པར་འགྱུར་བ་བཞིན་དུ་ཤིང་ལ་རེག་ན་ཡང་ཚིག་པར་འགྱུར་བའི་སྐྱོན་དུ་འགྱུར་བ་དང་། ཤིང་ལ་རེག་ན་མི་འཚིག་པ་བཞིན་དུ་མེ་དང་ཤིང་གཉིས་རང་བཞིན་གཅིག་པས་མེ་ལ་རེག་ན་ཡང་མི་འཚིག་པའི་སྐྱོན་དུ་འགྱུར་རོ། །དེ་ཡང་འདྲ་བར་གང་ཟག་རྫས་སུ་ཡོད་ལ་ཕུང་པོ་གཅིག་པ་

เล่ม ๑๒๖ · หน้า 167b

ཞེས་ཀྱང་མི་བརྗོད། ཐ་དད་པར་ཡང་མི་བརྗོད་དོ་ཞེས་སྨྲའོ། །ཡང་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། གང་ཟག་ཏུ་སྨྲ་བ་རྣམས་དེ་སྐད་དུ་སྨྲ་བ་ལ། འདི་སྐད་དུ་ལན་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མེ་དང་བསྲེག་པ་མི་བརྗོད་པའི་མཚན་ཉིད་འཇིག་རྟེན་མཐོང་བ་

དང་། གཙུག་ལག་ལས་ཀྱང་མི་རུང་སྟེ། ཉེ་བར་དམིགས་པ་གཉིས་སུའོ་ཞེས་བྱ་བ་ལ། ཁྱེད་ཀྱི་མེ་དང་ཤིང་གཉིས་གཅིག་པར་མི་བརྗོད། ཐ་དད་པར་ཡང་མི་བརྗོད་ཅེས་སྨྲས་པ་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེས་མེ་དང་ཤིང་གཉིས་ཐ་དད་པའི་ཕྱིར། ཐ་དད་པ་མ་ཡིན་པར་ཡང་མི་

རུང་ངོ་། །ཇི་ལྟར་ཐ་དད་ཅེ་ན། མཚན་ཉིད་ཐ་དད་པས་ཐ་དད་པ་དང་། འཇིག་རྟེན་པ་དག་གིས་མཐོང་བས་ན་ཐ་དད་པ་དང་གཙུག་ལག་ལས་མེ་དང་ཤིང་གཉིས་གཅིག་པར་མ་བཤད་ཀྱི། ཐ་དད་པར་བཤད་པས་ན་ཐ་དད་པའི་ཕྱིར་གཅིག་ཏུ་མི་རུང་བ་དང་། ཉེ་བར་དམིགས་པའི་ཚད་མས་

ཀྱང་ཐ་དད་པ་དང་གཉིས་སུ་དམིགས་པའི་ཕྱིར་ཡང་ཐ་དད་དོ་ཞེས་བྱ་བའི་དོན་ཏོ། །གཅིག་པ་དང་ཐ་དད་པར་མི་རུང་སྟེ་ཞེས་བྱ་བ་ལ། མེ་དང་ཤིང་གཉིས་གཅིག་པ་མི་རུང་སྟེ། ཐ་དད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་ཐ་དད་པའི་དོན་བསྟན་པའི་ཕྱིར་མེ་ཞེས་བྱ་བ་ནི་མེའི་ཁམས་

སོ། །སྲེག་པ་ནི་འབྱུང་བ་ལྷག་མ་རྣམས་ཏེ། དེ་དག་གི་མཚན་ཉིད་ཐ་དད་པས་མེ་དང་ཤིང་དུ་ཐ་དད་དོ་ཞེས་སྨོས་ཏེ་འབྱུང་བ་ཆེན་པོ་བཞི་ལས། མེ་ཞེས་བྱ་བ་ནི་མེའི་ཁམས་ལ་བྱ་སྟེ། དེ་ནི་ཚ་བའི་མཚན་ཉིད་དོ། །ཤིང་ཞེས་བྱ་བ་ནི་ས་དང་ཆུ་དང་རླུང་གི་ཁམས་གསུམ་ལ་བྱ་སྟེ། དེ་ལ་སྲ་བའི་

མཚན་ཉིད་ནི་སའི་ཁམས་སོ། །སྡུད་པའི་མཚན་ཉིད་ནི་ཆུའི་ཁམས་སོ། །གཡོ་བ་ནི་རླུང་གི་ཁམས་སོ། །དེ་ལྟར་ན་མེ་དང་ཤིང་གཉིས་མཚན་ཉིད་ཐ་དད་པས་མེ་དང་ཤིང་ཐ་དད་པ་ཞེས་བྱའོ། །འཇིག་རྟེན་ན་མེ་དང་ཤིང་ཐ་དད་པར་མཐོང་བ་བསྟན་པའི་ཕྱིར། འཇིག་རྟེན་ན་ཡང་མེ་མེད་པར་

བསྲེག་ཤིང་ལ་སོགས་པ་དང་། བསྲེག་པ་མེད་པར་མེ་ཡང་མཐོང་སྟེ་ཐ་དད་པར་གྲུབ་བོ་ཞེས་སྨོས་ཏེ། འཇིག་རྟེན་ན་ཡང་མེ་དང་ཤིང་གཉིས་ཐ་དད་པར་མཐོང་གི་གཅིག་པར་མ་མཐོང་སྟེ། འདི་ལྟར་སྐབས་འབའ་ཞིག་ཏུ་མེ་མེད་པར་ཤིང་འབའ་ཞིག་ཡོད་པར་མཐོང་སྟེ། གང་གི་ཚེ་ཤིང་

เล่ม ๑๒๖ · หน้า 168a

དང་མེ་འབྲེལ་པའི་ཚེའོ། །དུས་ཁ་ཅིག་ཏུ་ནི་ཤིང་མེད་པར་མེ་འབའ་ཞིག་འབྱུང་བར་མཐོང་སྟེ། ཤིང་མེད་པར་མེ་འབྱུང་བའི་དོན་ནི་ཕྱིས་བརྗོད་པར་བྱའོ། །དེ་ལྟར་འཇིག་རྟེན་པ་དག་གིས་ཀྱང་མེ་དང་ཤིང་ཐ་དད་པར་མཐོང་བས་ན་དེ་གཉིས་གཅིག་པ་མ་ཡིན་ཏེ་ཐ་དད་པར་གྲུབ་བོ། །

གཙུག་ལག་ལས་མེ་དང་ཤིང་གཉིས་གཅིག་པར་ཡང་མ་བཤད་ཀྱི། ཐ་དད་པར་བསྟན་པའི་ཕྱིར། གཙུག་ལག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གང་དུ་ཡང་མེ་དང་བསྲེག་པ་བརྗོད་དུ་མེད་པར་མ་གསུངས་སོ་ཞེས་སྨོས་ཏེ། མངོན་པའི་ཆོས་འབུམ་གྱི་གཞུང་ལས་ཀྱང་། བཅོམ་ལྡན་འདས་

ཀྱིས་མེ་དང་ཤིང་གཉིས་གཅིག་པར་ཡང་བརྗོད་དུ་མེད། ཐ་དད་པར་ཡང་བརྗོད་དུ་མེད་པར་ནི་མ་གསུངས་ཀྱི། ཤིང་དང་མེ་གཉིས་ཐ་དད་པ་ཉིད་དུ་བཀའ་སྩལ་ཏེ། ཇི་ལྟར་ཞེ་ན། མེ་ནི་ཚ་བའི་རང་བཞིན་ནོ། །ས་ནི་སྲ་བའི་རང་བཞིན་ནོ། །ཆུ་ནི་གཤེར་བའི་རང་བཞིན་ནོ། །རླུང་ནི་གཡོ་བའི་

རང་བཞིན་ནོ་ཞེས་བཀའ་སྩལ་པའི་ཕྱིར་རོ། །དེ་བས་ན་འདི་ནི་མི་རུང་ངོ་ཞེས་བྱ་བ་ལ། གོང་དུ་བཤད་པའི་གཏན་ཚིགས་ཀྱིས་མེ་དང་ཤིང་གཉིས་གཅིག་པའི་མཚན་ཉིད་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །བསྲེག་པ་མེད་པར་མེ་ཡོད་དོ་ཞེས་བྱ་བ་ནི་ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བ་ནི་གོང་དུ་འཇིག་རྟེན་ན་ཤིང་མེད་

པར་ཡང་མེ་ཡོད་དོ་ཞེས་སྨྲས་པ་ལ། ཤིང་མེད་པར་མེ་ཡོད་པར་ཇི་ལྟར་ཤེས་ཤེ་ན་ཞེས་བྱ་བའི་དོན་ཏོ། །དེའི་ལན་དུ་ཀཱ་རི་ཀཱ་ལས་ཉེ་བར་དམིགས་ཞེས་སྨོས་ཏེ། འཇིག་རྟེན་ན་ཤིང་མེད་པར་ཡང་མེ་ཡོད་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དོན་དགྲོལ་བའི་ཕྱིར། ཇི་ལྟར་རླུང་

གིས་མེ་འཕངས་པ། རྒྱང་རིང་པོར་ཡང་འབར་བ་བཞིན་དུ་འགྲོའོ་ཞེས་བྱ་བ་སྨོས་ཏེ། དུས་ཁ་ཅིག་ཏུ་སྤང་ངམ། ནགས་ལ་སོགས་པ་མེས་ཚིག་པ་ལས་རླུང་གི་ཤུགས་ཀྱིས་མེ་ལྕེ་བཅད་ནས་རླུང་གིས་འཕངས་ཏེ། མེ་ལྕེ་རྒྱང་རིང་པོར་སོང་བ་ན་ཤིང་མེད་པར་ཡང་མེ་འབའ་ཞིག་འབར་

བར་མཐོང་སྟེ། དེ་བས་ན་ཤིང་མེད་པར་མེ་འབའ་ཞིག་གནས་པ་མཐོང་ངོ་། །དེ་སྟེ་དེས་ན་གཡོ་བ་རླུང་ཡིན་ནོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་གལ་ཏེ་གང་ཟག་ཏུ་སྨྲ་བ་རྣམས་མེ་ལྕེ་རླུང་གིས་ཁྱེར་ན་ནི་ཤིང་ལྟ་བུར་མེ་འབར་བར་བྱེད་པའི་རྒྱུ་ནི་རླུང་ཡིན་ནོ་ཞེས་སྨྲ་ན། དེའང་མི་རིགས་པར་བསྟན་པའི་

เล่ม ๑๒๖ · หน้า 168b

ཕྱིར། གང་དེའི་ཕྱིར་མེ་དང་རླུང་གཉིས་ཐ་དད་པར་གྲུབ་བོ་ཞེས་སྨོས་ཏེ། དེ་ལྟར་རླུང་ནི་དེའི་ཚེ་མེ་ལྕེ་ཡུལ་གཞན་དུ་ཕྱིན་པར་བྱེད་པའི་ལས་བྱེད་པས་གཡོ་བའི་རང་བཞིན་ཡིན་ལ། མེ་ལྕེ་ནི་ཚ་བའི་རང་བཞིན་ཡིན་པས་ན། དེ་གཉིས་ཐ་དད་པར་གྲུབ་ཀྱི། གཅིག་པའི་རང་བཞིན་མ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་ཟག་ཡོད་པར་སྨྲ་བ་རྣམས་འདྲི་བ་སྟེ། རླུང་གིས་མེ་ལྕེ་ཁྱེར་བའི་དུས་ན་རླུང་དང་མེ་ལྕེ་གཉིས་ཇི་ལྟར་གཅིག་པར་གྲུབ་ཅེ་ན་ཞེས་བྱ་བའི་དོན་ཏོ། །ལན་དུ་གཉིས་སུ་སྟེ། དམིགས་པ་ཞེས་བྱ་བ་དང་སྦྱར་རོ་ཞེས་སྨོས་ཏེ། ཀཱ་རི་ཀཱ་ལས་

གཉིས་སུ་ཞེས་འབྱུང་གི །དམིགས་པ་ཞེས་བྱ་བ་ནི་ཚིག་མི་འབྱུང་མོད་ཀྱི། རླུང་གིས་མེ་ལྕེ་ཁྱེར་བ་ན་རྣམ་པ་གཉིས་སུ་དམིགས་ཏེ། རླུང་ནི་གཡོ་བར་བྱེད་པའི་མཚན་ཉིད་དུ་དམིགས་ལ། མེ་ལྕེ་ལ་ནི་དེའི་ཚེ་ཚ་བའི་མཚན་ཉིད་དུ་དམིགས་པས་ན་དེ་གཉིས་ཐ་དད་དོ་ཞེས་བྱ་བའི་དོན་ཏོ། །

དེ་ལྟར་སཾ་བི་ཏི་པ་དག་གང་ཟག་རྫས་སུ་ཡོད་པར་འདོད་པའི་ལྟ་བ་སུན་ཕྱུང་སྟེ་བཀག་གོ། །ད་མུ་སྟེགས་པ་བདག་ཅེས་བྱ་བ་དང་། གང་ཟག་ཅེས་བྱ་བ་ཡོད་པར་འདོད་པ་སུན་ཕྱུང་བའི་ཕྱིར། གང་འདི་ལྟར་ལྟ་བ་པོ་ནས་རྣམ་པར་རིག་པ་པོ་དང་། ཟ་བ་པོ་དང་། ཤེས་པ་པོ་དང་གྲོལ་བ་པོའི་

བར་དུ་གང་ཟག་ཡོད་དོ་ཞེ་ན་ཞེས་བྱ་བ་ལ། མུ་སྟེགས་པ་དག་ནི་འདི་སྐད་དུ་ངའི་བདག་ཅེས་བྱ་བ་ཡོད་དེ། གཟུགས་ལ་ལྟ་བའི་བྱ་བ་བྱེད་པ་ནས། ཆོས་ལ་ཤེས་པའི་བྱ་བ་བྱེད་པ་དང་། ལས་དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་བདག་དེས་མྱོང་བས་ན། ལས་དགེ་བ་དང་མི་དགེ་

བ་ཡང་བདག་དེས་ད་ལྟར་འཁོར་བའི་རྣམས་ཀྱང་བདག་དེས་བྱེད་པ་ཡིན་ནོ། །སེམས་ཅན་རྣམས་འཆིང་བ་ནི་རྣམ་པ་གསུམ་སྟེ། སེམས་ཅན་དང་། རྡུལ་དང་། མུན་པའོ། །དེ་ལྟར་སེམས་ཅན་གྱི་འཆིང་བ་རྣམ་པ་གསུམ་ལས་ཐར་ནས་གྲོལ་ཞིང་མྱ་ངན་ལས་འདས་པར་ཡང་བདག་དེ་འགྱུར་ཏེ། དེ་ལྟར་

ན་ངའི་བདག་དེ་ནི་བྱེད་པ་པོ་ཡིན་ནོ་ཞེས་དེ་སྐད་དུ་ཟེར་རོ། །བདག་བྱེད་པ་པོར་ནི་མི་རིགས་པར་བསྟན་པའི་ཕྱིར། ད་ནི་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་རུང་ངོ་ཞེས་སྨོས་ཏེ། བདག་དེ་ནི་ལྟ་བ་པོའི་བྱ་བ་བྱེད་པ་ནས། གྲོལ་བ་པོའི་བར་གྱི་བྱེད་པ་པོར་མི་རུང་སྟེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་རུང་བར་

เล่ม ๑๒๖ · หน้า 169a

བསྟན་པའི་ཕྱིར། དེའང་ལྟ་བ་པོ་ཞེས་བྱ་བའི་རྣམ་པར་ཤེས་པ་རྣམས་ཀྱི་རྐྱེན་གྱི་དངོས་པོར་བྱེད་པར་འགྱུར་བའམ། བདག་པོར་འགྱུར་བ་བགྲང་ན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གཟུགས་ལ་ལྟ་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་པ་དང་། སྒྲ་ལ་ཉན་པ་ནི་རྣ་བའི་རྣམ་པར་ཤེས་པ་

ཡིན་པ་ནས། ཆོས་ལ་ཤེས་པར་བྱེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ན། གལ་ཏེ་བདག་དེ་བྱེད་པ་པོར་གྱུར་ན། དཔེར་ན་མིག་གི་དབང་པོས་རྐྱེན་དང་གྲོགས་བྱས་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེ་བཞིན་དུ། བདག་དེས་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་དང་གྲོགས་བྱས་ནས་

མིག་གི་རྣམ་པར་ཤེས་པ་གཟུགས་ལ་ལྟ་བའི་བྱ་བ་བྱེད་པ་བྱུང་ནས་མིག་གི་རྣམ་པར་ཤེས་པ་ལ་གཟུགས་ཀྱི་ཇི་འདྲ་བ་འབྱུང་བ་བདག་དེས་མཐོང་བར་འགྱུར་བས་ན་དེ་ལྟ་བུའི་ཚུལ་དུ་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པར་འདོད་དམ། འོ་ན་དཔེར་ན་རྗེ་བོ་དང་དཔོན་པོ་བྲན་ལ་དབང་བས། དེའི་དབང་

གི་མཐུས་བྲན་རྣམས་ཀྱི་དགོངས་པ་རྣམས་རྗེ་བོ་ལ་འབུལ་བར་བྱེད་པ་བཞིན་དུ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་རྣམས་ལ་བདག་དེ་དབང་བྱེད་དེ་བདག་གི་མཐུས་རྣམ་པར་ཤེས་པ་རྣམས་གཟུགས་ལ་ལྟ་ཞིང་རྣམ་པར་ཤེས་པ་ལ་གཟུགས་ཇི་ལྟར་སྣང་བ་བདག་དེས་མཐོང་

ཞིང་མྱོང་བར་འགྱུར་བས་དེ་ལྟ་བུའི་སྒོ་ནས་བྱེད་པ་པོ་ཞེས་བྱ་གྲང་ན། དེ་གཉིས་ཀ་ལྟར་ཡང་མི་རིགས་སོ། །དེ་ལ་དང་པོ་རྣམ་པར་ཤེས་པ་བསྐྱེད་པའི་རྐྱེན་དུ་མི་རིགས་པར་བསྟན་པའི་ཕྱིར་དེ་ལ་རེ་ཞིག །རྣམ་ཤེས་གཉིས་ལ་བརྟེན་ནས་ནི། །འབྱུང་ཕྱིར་དེ་ནི་རྐྱེན་མ་ཡིན། །ཞེས་སྨོས་ཏེ།

མིག་གི་རྣམ་པར་ཤེས་པ་ནི་གཟུགས་ལ་ཡང་བརྟེན། མིག་གི་དབང་པོ་ལ་ཡང་བརྟེན་ནས་རྐྱེན་རྣམ་པ་གཉིས་ལས་བྱུང་བའི་ཕྱིར་བདག་ཅེས་བྱ་བ་གང་ཡིན་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྐྱེན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་མེད་པའི་ཕྱིར་ཞེས་བྱ་བ་ལ། རྐྱེན་གཉིས་ལས་མིག་གི་

རྣམ་པར་ཤེས་པ་སྐྱེས་ཀྱང་། བདག་དེ་ཅིའི་ཕྱིར་རྣམ་པར་ཤེས་པ་སྐྱེད་པའི་རྐྱེན་མ་ཡིན་ཞེ་ན། འདི་ལྟར་ཤིང་གིས་མེ་བསྐྱེད་ཟིན་ན་ཆུ་དེའི་ཚེ་ཅུང་ཟད་ཀྱང་མེ་བསྐྱེད་མི་དགོས་ཏེ། ཆུས་ཅུང་ཟད་ཀྱང་མེ་བསྐྱེད་པར་བྱ་བ་བྱེད་མི་ནུས་པ་དེ་བཞིན་དུ། གཟུགས་དང་མིག་གཉིས་ཀྱིས་མིག་གི་རྣམ་པར་

เล่ม ๑๒๖ · หน้า 169b

ཤེས་པ་སྐྱེད་ཟིན་ན་ནི་དེའི་ཚེ་བདག་དེས་ཅུང་ཟད་ཀྱང་ཅི་བྱ་མི་དགོས་ཏེ། བདག་དེ་ན་མེད་པ་དང་། བདག་གིས་ཅུང་ཟད་ཀྱང་ཅི་མི་བྱེད་པར་འགྱུར་རོ། །བདག་དེ་རྣམ་པར་ཤེས་པ་ལ་བདག་པོ་ཡང་བྱེད་པར་མི་རིགས་པར་བསྟན་པའི་ཕྱིར། བདག་པོ་ཡིན་ན་མི་རྟག་དང་། །མི་འདོད་པ་ནི་འབྱུང་

མི་བྱེད། །ཅེས་སྨོས་ཏེ། གལ་ཏེ་བདག་དེ་རྣམ་པར་ཤེས་པ་རྣམས་ལ་དབང་བྱེད་དེ། རྣམ་པར་ཤེས་པ་ལ་གཟུགས་དང་སྒྲ་ལ་སོགས་པ་ཅི་སྣང་ཅི་བྱུང་བ་རྣམས་བདག་དེས་མྱོང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་སེམས་ཅན་དག་རྟག་ཏུ་བདེ་བ་འབའ་ཞིག་དང་ལྡན་པར་འདོད་ཀྱི། སྡུག་བསྔལ་

དང་ནམ་དུ་ཡང་ཕྲད་པར་མི་འདོད་པ་ཡིན་པས། བདེ་བ་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་ནི་པར་འགའ་འབྱུང་། བར་འགའ་མི་འབྱུང་བར་མི་རྟག་པའི་མཚན་ཉིད་དུ་མི་འབྱུང་བར་འགྱུར་གྱི་བདེ་བ་དང་ལྡན་པའི་རྣམ་པར་ཤེས་པ་ནི་རྟག་ཏུ་འབྱུང་བར་བྱེད་པའི་སྐྱོན་དུ་འགྱུར་རོ། །མི་འདོད་

པ་དང་མི་བདེ་བ་དང་ལྡན་པའི་རྣམ་པར་ཤེས་པ་ནི་ནམས་ཀྱང་འབྱུང་བར་མི་བྱེད་པའི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རྣམས་ལ་ནི་བདག་དེ་དབང་བྱེད་ལ་རྣམ་པར་ཤེས་པ་ལ་བདེ་བ་དང་སྡུག་བསྔལ་ཅི་འབྱུང་ཡང་བདག་དེས་མྱོང་བར་གྱུར་པས་ན། བདག་དེས་རྟག་ཏུ་

བདེ་བ་དང་ལྡན་པའི་རྣམ་པར་ཤེས་པ་འབའ་ཞིག་སྐྱེད་པར་བྱེད་པར་འགྱུར་གྱི་སྡུག་བསྔལ་དང་ལྡན་པའི་རྣམ་པར་ཤེས་པ་ནི་ནམས་ཀྱང་འབྱུང་བར་མི་བྱེད་པར་འགྱུར་རོ། །དེ་དག་གི་དོན་མཇུག་བསྡུ་བའི་ཕྱིར། དེ་བས་ན་གཉིས་ཀར་ཡང་མི་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

དེ་ལྟར་གོང་དུ་བཤད་པའི་རིགས་པས་ན། བདག་ཅེས་བྱ་བ་དེ་རྣམ་པར་ཤེས་པར་སྐྱེད་པའི་རྐྱེན་དུ་ཡང་མི་རུང་། རྣམ་པར་ཤེས་པ་ལ་བདག་པོ་བྱེད་པར་ཡང་མི་རུང་བར་བསྟན་པས་ན། བདག་དེ་ལྟ་བ་པོ་བྱེད་པས་ན། གྲོལ་བ་པའི་བར་བདག་བྱེད་པ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །གང་ཟག་

ཡོད་པར་སྨྲ་བ་ལ་ཉེས་པའི་སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། དེ་ཡི་ལས་དང་མཚན་ཉིད་སྒྲུབ། །ཅེས་བྱ་བ་སྨོས་ཏེ། འདི་ལྟར་མིག་གི་དབང་པོ་དང་། རྣམ་པར་ཤེས་པ་ལ་སོགས་པ་རྫས་སུ་ཡོད་ན། དེ་དག་ལ་ལས་ཀྱང་ཡོད་མཚན་ཉིད་ཀྱང་ཡོད་དོ། །དེ་ལ་མིག་གི་དབང་པོ་དང་། རྣམ་

เล่ม ๑๒๖ · หน้า 170a

པར་ཤེས་པའི་ལས་ནི་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའོ། །མིག་གི་དབང་པོའི་མཚན་ཉིད་ནི་གཟུགས་དང་བའོ། །མིག་གི་རྣམ་པར་ཤེས་པའི་མཚན་ཉིད་གཟུགས་སྔོན་པོ་ལ་སོགས་པ་ཤེས་པའི་རང་བཞིན་ནོ། །གལ་ཏེ་གང་ཟག་ཅེས་བྱ་བ་དེ་ཡང་རྫས་སུ་ཡོད་པར་འདོད་

ན་ནི་གང་ཟག་དེ་ལས་ཅི་བྱེད་པའི་ལས་ཀྱང་སྒྲུབ་དགོས་ལ། གང་ཟག་དེའི་མཚན་ཉིད་ཇི་ལྟ་བུ་ཡིན་པའི་མཚན་ཉིད་ཀྱང་སྒྲུབ་དགོས་སོ། །གལ་ཏེ་དེའི་ལས་དང་མཚན་ཉིད་མེད་ན་ནི་དེ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་བཞིན་དུ་མེད་པ་ཡིན་ནོ། །གང་ཟག་རྫས་སུ་ཡོད་པར་སྨྲ་བ་ལ། ཉེས་པའི་

སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ཡང་དེ་རྫས་སུ་འདོད་ན་ནི། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་ཟག་དེ་རྫས་སུ་འདོད་ན་ནི་ཡང་ཉེས་པ་འདི་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་གང་དག་འབྱུང་ཞེ་ན། དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རྫོགས་

པའི་བྱང་ཆུབ་གསུམ་ལ་གནོད། །ཅེས་བྱ་བ་སྨོས་ཏེ། འདི་ལྟར་སངས་རྒྱས་ཞེས་བྱ་བ་ཡང་ཇི་སྙེད་དུ་ཡོད་པའི་ཆོས་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ལ་སངས་རྒྱས་ཞེས་བྱ་སྟེ། དེ་བས་ན་སཱ་ལུ་ལྗང་པའི་མདོ་ལས་ཀྱང་། དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། གང་གིས་

ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེ་དང་འཕགས་པའི་ཆོས་ཀྱི་སྐུ་དང་ཤེས་རབ་ཀྱི་སྤྱན་གྱིས། བྱང་ཆུབ་བྱེད་པ་དང་། སློབ་པ་དང་མི་སློབ་པས་ཆོས་གཟིགས་སོ་ཞེས་གསུངས་སོ། །གལ་ཏེ་གང་ཟག་ཡོད་ན་ནི་ཐམས་ཅད་མཁྱེན་པ་དེས་གང་ཟག་དེ་གཟིགས་

པར་འགྱུར་རོ། །གལ་ཏེ་གང་ཟག་གཟིགས་ཤིང་མཁྱེན་པར་གྱུར་ན་ནི་ཆོས་རྣམ་པ་གསུམ་མངོན་པར་བྱང་ཆུབ་ཅིང་ཐུགས་སུ་ཆུད་པ་ལ་སངས་རྒྱས་ད་ར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་འགྱུར་ཏེ། དེ་བས་ན། རྫོགས་པར་བྱང་ཆུབ་གསུམ་ལ་གནོད། །ཅེས་བྱ་སྟེ། གནོད་ཅེས་བྱ་བའི་

ཆོས་གསུམ་ཐུགས་སུ་ཆུད་པ་མེད་པར་ཞེས་བྱ་བའི་དོན་ཏོ། །ཆོས་གསུམ་གང་ཞེ་ན་དེའི་ཕྱིར། ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང་། འཇིག་རྟེན་ལས་འདས་པ་མངོན་པར་བྱང་ཆུབ་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཆོས་ལ་བདག་

เล่ม ๑๒๖ · หน้า 170b

མེད་པར་ཐུགས་སུ་ཆུད་པས་ན། ཟབ་མོ་མངོན་པར་བྱང་ཆུབ་པའོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པས་ན། ཐུན་མོང་མ་ཡིན་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་སྟེ། སུ་དང་ཐུན་མོང་མ་ཡིན་ཞེ་ན། མུ་སྟེགས་པ་དག་དང་ཐུན་མོང་མ་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། མུ་སྟེགས་པ་རྣམས་ནི་

བདག་ཡོད་པར་ལྟའི། གང་ཟག་ལ་བདག་མེད་པར་མི་ལྟ་བའི་ཕྱིར་རོ། །དེ་ལྟར་ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པ་ཉིད་འཇིག་རྟེན་ལས་འདས་པར་བྱང་ཆུབ་པ་ཞེས་བྱའོ། །འཇིག་རྟེན་པ་རྣམས་ཀྱིས་ནི་ཆོས་དང་གང་ཟག་ལ་བདག་མེད་པར་མ་རྟོགས་

པའི་ཕྱིར་རོ། །ཡང་ན་ཀུན་བརྟགས་རང་བཞིན་མེད་པར་མཁྱེན་པས་ན། ཟབ་མོ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །གཞན་གྱི་དབང་ཀུན་བརྟགས་ཀྱི་ཆོས་དང་། ཀུན་བརྟགས་ཀྱི་གང་ཟག་གི་རང་བཞིན་གཉིས་བྲལ་བ། སེམས་དང་སེམས་ལས་བྱུང་བ་ཙམ་དུ་མེད་པ་མ་ཡིན་ཞིང་། ཡོད་པ་

ཙམ་དུ་ཐུགས་སུ་ཆུད་པས་ན། ཐུན་མོང་མ་ཡིན་པ་མངོན་པར་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལྟར་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་མ་རྟོགས་པས་ན་ཐུན་མོང་མ་ཡིན་པ་ཞེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཐུགས་སུ་ཆུད་པས་ན་འཇིག་རྟེན་ལས་འདས་པ་མངོན་པར་བྱང་ཆུབ་པ་ཞེས་

བྱ་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འཇིག་རྟེན་པ་སུ་ལ་ཡང་མེད་པས་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །གལ་ཏེ་གང་ཟག་མངོན་པར་བྱང་ཆུབ་ཅིང་གང་ཟག་ཐུགས་སུ་ཆུད་པར་འགྱུར་བ་ནི་ཟབ་མོ་ཅིའང་ཐུགས་སུ་ཆུད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ཇི་ལྟར་འཛིན་པ་དེ་ནི་

འཇིག་རྟེན་ཐམས་ཅད་ཀྱིས་ཁོང་དུ་ཆུད་པ་དང་ཞེས་སྨོས་ཏེ། གང་ཟག་དང་བདག་ཡོད་པར་ནི་འཇིག་རྟེན་ཀུན་གྱིས་ཀྱང་ཁོང་དུ་ཆུད་པས་འཇིག་རྟེན་ལས་ལྷག་པར་སངས་རྒྱས་ཀྱིས་ཟབ་མོ་ཅིའང་ཁོང་དུ་ཆུད་པ་མེད་དོ། །གཞན་ཡང་གང་ཟག་ཁོང་དུ་ཆུད་པ་མེད་ན་ནི་མུ་སྟེགས་པ་དང་མ་འདྲེས་

པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་མུ་སྟེགས་པ་རྣམས་མངོན་པར་ཆགས་པ་དང་ཞེས་སྨོས་ཏེ། མུ་སྟེགས་པ་རྣམས་ཀྱང་བདག་ཡོད་པར་ལྟ་བས། མུ་སྟེགས་པ་ལ་ལྷག་པར་སངས་རྒྱས་ཀྱིས་ཐུན་མོང་མ་ཡིན་པའི་ཆོས་གང་ཡང་མཁྱེན་པར་གྱུར་པ་མེད་དོ། །གཞན་ཡང་གལ་ཏེ་བཅོམ་ལྡན་འདས་

เล่ม ๑๒๖ · หน้า 171a

ཀྱིས་གང་ཟག་ཐུགས་སུ་ཆུད་པར་འགྱུར་ན་ནི་དེ་ལྟར་ན་འཇིག་རྟེན་མ་འོངས་པའི་ང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁོར་བ་ཡུན་རིང་པོ་དང་མཐུན་པ་ཞེས་སྨོས་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བ་ཐོག་མ་མེད་པ་ནས་བདག་ཏུ་ལྟ་བ་ལ་ཞེན་པས་ན། སངས་རྒྱས་བཅོམ་ལྡན་འདས་

ཀྱིས་འཇིག་རྟེན་ལས་འདས་པ་གང་ཡང་ལྷག་པར་ཐུགས་སུ་ཆུད་པ་མ་ཡིན་ནོ། །གང་ཟག་རྫས་སུ་ཡོད་པར་ལྟ་ན་ཉེས་པ་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ཡང་གང་ཟག་ནི་ལྟ་བ་པོ་ནས་རྣམ་པར་རིག་པ་པོའི་བར་དུ་ཡིན་ན་ལྟ་བ་ལ་སོགས་པ་འབད་པ་དང་བཅས་པ་དང་འབད་པ་མེད་པར་

འགྱུར་གྲང་ན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གང་ཟག་དེ་ལྟ་བ་པོ་ནས་རྣམ་པར་རིག་པ་པོའི་བར་དུ་བྱེད་པ་ཡིན་ན་ནི་དེ་རྣམ་པ་གཉིས་སུ་བརྟག་གོ། །ཇི་ལྟ་ཞེ་ན། འདི་ལྟར་དང་པོ་ལྟ་བ་འདོད་པ་སྐྱེའོ། །དེ་ནས་མིག་འབྱེད་པ་ལ་སོགས་པའི་འབད་པ་བྱས་ནས་གཟུགས་ལ་ལྟ་བའི་བྱ་བ་བྱེད་པར་འདོད་

དམ། འོན་ཏེ་མིག་འབྱེད་པ་ལ་སོགས་པའི་འབད་པ་མེད་པར་གཟུགས་ལ་ལྟ་བའི་བྱ་བ་བྱེད་པར་འདོད་གྲང་ན། གཉིས་ཀ་ལྟར་ཡང་མི་རིགས་སོ། །དེ་ལ་ཐང་ཅིག་འབད་པ་དང་བཅས་པའི་སྒོ་ནས་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པར་མི་རིགས་པར་བསྟན་པའི་ཕྱིར། འབད་པ་དང་བཅས་པ་

ཡིན་ན་ཡང་འབད་པ་དེ་ཡང་རང་བྱུང་བ་གློ་བུར་བའམ། དེའི་རྐྱེན་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། འབད་པ་དང་བཅས་པས་གཟུགས་ལ་སོགས་པ་ལ་ལྟ་བའི་བྱ་བ་བྱེད་པར་འདོད་ན་ཡང་འབད་པ་དེ་ལ་རྣམ་པ་གཉིས་སུ་བརྟག་སྟེ། ཇི་ལྟ་ཞེ་ན། འབད་པ་དེ་རང་འབྱུང་བ་སྟེ་གཟུགས་ལ་

སོགས་པ་ལ་ལྟ་བའི་བྱ་བ་བྱེད་པར་འདོད་གྲང་ན་གཉི་ག་ལྟར་མི་རིགས་སོ། །དེ་ལ་འབད་པར་རང་འབྱུང་མི་རིགས་པར་བསྟན་པའི་ཕྱིར། ལྟ་བ་ལ་སོགས་པ་བྱེད་པ་དེ་རང་བྱུང་མ་ཡིན་གསུམ་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་ལྟ་བ་དང་སྒྲ་ལ་ཉན་པ་ལ་སོགས་བྱེད་པའི་འབད་པ་དེ་རྒྱུ་མེད་པར་རང་

འབྱུང་བར་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འབད་པ་རང་འབྱུང་བར་གྱུར་ན་ནི་འོག་ནས་བཤད་པ་ལྟ་བུའི་ཉེས་པ་གསུམ་འབྱུང་བའི་ཕྱིར་ཏེ། དེ་བས་ན་འབད་པ་རང་འབྱུང་བར་མི་རིགས་སོ། །དེའི་རྐྱེན་ལས་འབད་པ་བྱུང་བ་མི་རིགས་པར་བསྟན་པའི་ཕྱིར་བྱེད་པ་དེའི་རྐྱེན་ཀྱང་སྟེ། དེ་མ་ཡིན་ཞེས་བྱ་བ་དང་སྦྱར་རོ་

เล่ม ๑๒๖ · หน้า 171b

ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་ལྟ་བའི་བྱ་བ་བྱེད་པའི་འབད་པ་དེ་བདག་དེས་རྒྱུ་དང་རྐྱེན་བྱས་ནས་འབྱུང་བ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ལ་ལྟ་བའི་བྱ་བ་བྱེད་པ་དེ་མིག་གི་དབང་པོ་དང་གཟུགས་ཀྱི་རྐྱེན་གྱིས་བྱུང་བ་ཡིན་པས་ན། བདག་

གི་རྐྱེན་ལས་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའི་རྣམ་པར་ཤེས་པ་བྱུང་བ་མ་ཡིན་ནོ་ཞེས་སྔར་ཡང་སྨྲས་ལ། ཕྱིས་ཀྱང་བདག་དེའི་རྐྱེན་དུ་མི་འགྱུར་བར་འཆད་དོ། །འབད་པ་མེད་པར་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པར་མི་རིགས་པར་བསྟན་པའི་ཕྱིར། འབད་པ་མེད་པ་ཞིག་ཡིན་ན་ནི་གྲུབ་པ་

ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདག་དེ་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའི་འབད་པ་མི་བྱེད་པ་ནས་སྒྲ་ལ་ཉན་པའི་བར་གྱི་བྱ་བ་བྱེད་པའི་འབད་པ་མི་བྱེད་ན་ནི་བདག་དེ་བྱེད་པ་པོ་མ་ཡིན་པར་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གྲུབ་སྙམ་པ་ལ་དེའི་ཕྱིར། ལྟ་ལ་སོགས་པ་བྱེད་པ་མེད། །ཅེས་བྱ་བ་

སྨོས་ཏེ། འདི་ལྟར་བདག་དེ་གཟུགས་ལ་ལྟ་བའི་འབད་པ་ཡང་མེད་པས་ན་སྒྲ་ལ་སོགས་པ་ལ་ཉན་པའི་འབད་པ་མེད་ན། བདག་དེ་གཟུགས་ལ་ཡང་མི་ལྟ། སྒྲ་ལ་སོགས་པ་ལ་ཡང་མི་ཉན་པ་ནས་ལྟ་བར་བྱེད་པ་པོ་མ་ཡིན་པ་ནས། ཉན་པ་ལ་སོགས་པའི་བར་གྱི་བྱེད་པ་པོ་མི་བྱེད་པས་ན།

བདག་དེ་ལྟ་བའི་བྱེད་པ་པོ་བྱེད་པ་ནས་ཉན་པའི་བྱེད་པ་པོ་བྱེད་པའི་བར་དུ་བྱེད་པའི་བྱེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསུམ་གྱི་ཕྱིར་ཞེས་བྱ་བའི་ཉེས་པ་གསུམ་པོ་གང་གི་ཕྱིར་ཞེས་བྱ་བ་ལ་གོང་དུ་གལ་ཏེ་འབད་པ་གློ་བུར་དུ་བྱུང་སྟེ། རྒྱུ་མེད་པ་ལས་བྱུང་བར་གྱུར་ན་

ཉེས་པ་རྣམ་པ་གསུམ་འབྱུང་ངོ་ཞེས་གླེང་བ་ལས་ཉེས་པ་རྣམ་པ་གསུམ་པོ་གང་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། །ཉེས་པ་རྣམ་པ་གསུམ་པོ་བསྟན་པའི་ཕྱིར། བྱེད་པ་མ་ཡིན་མི་རྟག་དང་། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཉེས་པ་གསུམ་ནི་བདག་བྱེད་པ་པོ་མ་ཡིན་

པའི་ཉེས་པ་དང་། འབད་པ་ལ་སོགས་པའི་བྱེད་པ་ཡང་མི་རྟག་པར་འགྱུར་གྱི། རྟག་པར་འགྱུར་བའི་ཉེས་པ་དང་། འབད་པ་རྟག་པར་གྱུར་པས་ཅིག་ཅར་འབྱུང་བ་དང་། རྟག་ཏུ་འབྱུང་བའི་ཉེས་པར་འགྱུར་ཏེ། དོན་དེ་དག་གི་བར་དུ་དབྱེ་བ་ཞིབ་ཏུ་ནི་འགྲེལ་པའི་སྐབས་སུ་བསྟན་ཏོ། །དེ་བས་ན་ལྟ་བ་ལ་སོགས་པའི་

เล่ม ๑๒๖ · หน้า 172a

བྱེད་པ་ནི་རང་འབྱུང་བར་ཡང་མི་རིགས་ཞེས་བྱ་བ་སྨོས་ཏེ། བྱེད་པར་བྱུང་བར་གྱུར་ན་ནི་ཉེས་པ་རྣམ་པ་གསུམ་ཡོད་པར་འགྱུར་བས། ལྟ་བ་ལ་སོགས་པའི་བྱེད་པ་དེ་རང་བྱུང་ངོ་ཞེས་བྱ་བ་ཡང་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལྟ་བ་ལ་སོགས་པ་ལ་བྱེད་པ་གློ་བུར་དུ་བྱུང་ན་

ནི་ལྟ་བ་ལ་སོགས་པ་དེ་དག །གང་ཟག་བྱེད་པ་མ་ཡིན་ན། །ཞེས་བྱ་བ་ལ། གལ་ཏེ་ལྟ་བའི་བྱ་བ་བྱེད་པ་ནས་ཤེས་པའི་བྱ་བ་བྱེད་པའི་བར་དེ་དག་གི་གློ་བུར་དུ་བྱུང་སྟེ། རྒྱུ་གང་ལས་ཀྱང་བྱུང་བ་མ་ཡིན་ན་ནི་དེ་ལྟ་ན་གང་ཟག་དང་གང་གིས་ལྟ་བའི་བྱ་བ་བྱེད་པ་ཡང་མ་བྱས་པ་བསྐྱེད་པ་ནས། ཉེས་པའི་བྱ་བ་བྱེད་པའི་

བར་དག་གང་ཡང་གང་ཟག་གིས་མ་བྱས་མ་བསྐྱེད་པ་ན། གང་ཟག་དེ་ལྟ་བའི་བྱ་བ་བྱེད་པ་པོ་མ་ཡིན་པས་ན། ཤེས་པའི་བྱ་བ་བྱེད་པ་པོ་མ་ཡིན་པའི་བར་དུ་བྱེད་པ་པོ་མ་ཡིན་པར་འགྱུར་རོ། །གློ་བུར་ཡིན་ན་ནི་ལྟོས་པ་མེད་པའི་ཕྱིར་བྱེད་པ་ནམ་ཡང་མེད་པར་མི་འགྱུར་ཏེ། མི་རྟག་པ་མེད་པར་

འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་འདི་གློ་བུར་དུ་བྱུང་གི །རྒྱུས་བསྐྱེད་པ་མ་ཡིན་ན་ནི་གང་རྒྱུ་ལ་ལྟོས་པ་དེ་དག་རྒྱུ་ཡོད་ན་ནི་སྐྱེ་ལ། རྒྱུ་མེད་ན་ནི་མི་སྐྱེ་བས་བར་འགའ་མེད་པར་མི་འགྱུར་གྱི། རྒྱུ་མེད་པའི་ཆོས་རྣམས་ནི་རྒྱུ་རྐྱེན་ལ་ལྟོས་པ་མེད་པས་ན། ལྟ་བ་ལ་

སོགས་པའི་བྱེད་པ་འདི་ནམ་ཡང་མེད་པར་མི་འགྱུར་གྱི། དུས་ཐམས་ཅད་དུ་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་དང་ལྡན་པར་འགྱུར་རོ། །དེ་ལྟར་གྱུར་ན་ནི་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་འདི་མི་རྟག་པར་མི་འགྱུར་གྱི། རྟག་པའི་མཚན་ཉིད་དུ་འགྱུར་རོ། །བྱེད་པ་རྟག་ན་ནི་ལྟ་བ་ལ་སོགས་པ་

ཅིག་ཅར་རམ། རྟག་ཏུ་འབྱུང་བའི་ཉེས་པར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ལྟ་བ་ལ་སོགས་པའི་བྱེད་པ་འདི་རྟག་པའི་མཚན་ཉིད་ཡིན་པར་འགྱུར་ན་ནི་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་ཅིག་ཅར་དུ་ཐལ་ཞེས་བྱ་བའམ། དུས་ཐམས་ཅད་དུ་རྟག་ཏུ་འབྱུང་བའི་ཉེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མི་

རྟག་པའི་ཆོས་ལ་ནི་ཅིག་ཅར་མི་འབྱུང་གི །ཁ་ཅིག་འབྱུང་ཁ་ཅིག་མི་འབྱུང་བར་འགྱུར་བ་དང་། བར་འགའ་འབྱུང་། བར་འགའ་མི་འབྱུང་བར་མི་འགྱུར་གྱི། རྟག་པའི་ཆོས་ལ་ནི་རྣམ་པ་དུ་མར་གཞག་ཏུ་མེད་པས་ན། ནམ་མཁའ་བཞིན་དུ་ཐོག་ཐག་ཏུ་ཁྱབ་པར་འབྱུང་བ་དང་། དུས་ཐམས་ཅད་དུ་འབྱུང་བའི་སྐྱོན་

เล่ม ๑๒๖ · หน้า 172b

དུ་འགྱུར་རོ། །དེ་ལྟ་བས་ན་ལྟ་བ་ལ་སོགས་པའི་བྱེད་པ་འདི་གློ་བུར་དུ་འབྱུང་ཞེས་བྱ་བར་ཡང་མི་རིགས་སོ། །བདག་དེ་ལྟ་བ་ལ་སོགས་པའི་བྱེད་པའི་རྐྱེན་དུ་ཡང་མི་རིགས་པར་བསྟན་པའི་ཕྱིར། དེ་བཞིན་གནས་དང་ཞིག་པ་ལས། །སྔ་ན་མེད་ཅིང་མི་རྟག་ཕྱིར། །གསུམ་པའི་ཕྱོགས་ཀྱང་མེད་པས་ན། །རྐྱེན་

དུ་ཡང་ནི་མི་རུང་ངོ་། །ཞེས་སྨོས་ཏེ། འདི་ལྟར་བདག་ནི་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པའི་རྒྱུ་དང་རྐྱེན་དུ་ཡང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་དེ་ལྟ་བ་ལ་སོགས་པའི་རྒྱུ་དང་རྐྱེན་བྱེད་ན། བདག་དེ་རྟག་པ་ཞིག་ཡིན་ཏེ། རྟག་པ་དེས་རྐྱེན་བྱེད་དམ། གལ་ཏེ་བདག་མི་རྟག་པ་ཞིག་ཡིན་ཏེ་མི་རྟག་

པ་དེས་རྐྱེན་བྱེད་དམ། ཡང་ན་བདག་དེ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། དེ་ལྟ་བུས་ལྟ་བ་ལ་སོགས་པའི་རྐྱེན་བྱེད་གྲང་ན་གསུམ་ཆར་ལྟར་ཡང་མི་རིགས་སོ། །ཇི་ལྟར་མི་དམིགས་ཤེ་ན། བདག་དེ་དེ་བཞིན་དུ་གནས་ཏེ་རྟག་པ་ཞིག་ཡིན་ན་ནི་རྒྱུ་རྟག་པ་ལས་བྱུང་བའི་འབྲས་བུ་རྣམས་པར་

འགའ་འབྱུང་། བར་འགའ་མི་འབྱུང་བར་མི་རིགས་ཀྱི། དུས་ཐམས་ཅད་དུ་འབྱུང་བར་འགྱུར་བའི་ཕྱིར་ནམ་མིག་བལྟས་པའི་ཚེ་ན་ནི་ལྟ་བའི་བྱ་བ་བྱེད་པ་ཡོད་ལ། མ་བལྟས་པའི་སྔ་རོལ་ན་ལྟ་བའི་བྱ་བ་བྱེད་པ་མེད་པར་མི་འགྱུར་ཏེ། དེའི་སྔ་རོལ་ན་ཡང་ལྟ་བའི་བྱ་བ་བྱེད་པ་ཡོད་པར་འགྱུར་བས་སྔ་མ་མེད་

པར་མི་འགྱུར་རོ། །གལ་ཏེ་བདག་དེ་མི་རྟག་པར་ཏེ་ཞིག་པའི་རང་བཞིན་ཡིན་པ་ལ་ལྟ་བ་ལ་སོགས་པའི་རྐྱེན་བྱེད་དོ་ཞེས་ཟེར་ན་ནི་དེ་ལྟ་ན་བདག་དེ་མི་རྟག་པར་འགྱུར་བའི་ཕྱིར་རྟག་པར་ཁས་བླངས་པ་དོན་མེད་དོ། །རྟག་པ་དང་མི་རྟག་པའི་ཕྱོགས་ལ་མ་གཏོགས་པ་རྟག་པ་ཡང་མ་ཡིན་མི་རྟག་པ་

ཡང་མ་ཡིན་པར་གཞག་པའི་ཕྱོགས་གསུམ་པ་གང་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པ་གཉིས་འགལ་བའི་ཆོས་ཡིན་པས་གང་ན་རྟག་པ་ཡོད་པ་དེ་ན་མི་རྟག་པ་མེད་དོ། །གང་ན་མི་རྟག་པ་ཡོད་པ་དེ་ན་རྟག་པ་མེད་དེ། དེ་བས་ན་ཆོས་གཅིག་ལ་རྟག་པ་ཡང་མ་

ཡིན་མི་རྟག་པ་ཡང་མ་ཡིན་པར་རྣམ་པ་གཉིས་སུ་གཞག་ཏུ་མི་རུང་ངོ་། །ཡང་རྟག་པ་མ་ཡིན་ན་ནི་མི་རྟག་པར་འགྱུར་ཏེ། མི་རྟག་པའི་སྐྱོན་ཡང་སྔར་སྨྲས་ཟིན་ཏོ། །མི་རྟག་པ་མ་ཡིན་ན་ནི་རྟག་པར་འགྱུར་ཏེ། རྟག་པའི་སྐྱོན་ཡང་སྔར་སྨྲས་ཟིན་ཏོ། །དེ་སྟེ་ཡང་གང་ཟག་གི་རྐྱེན་གྱིས་

เล่ม ๑๒๖ · หน้า 173a

བྱེད་པ་བྱུང་ན་ཡང་དེ་དེ་བཞིན་དུ་གནས་པ་རྐྱེན་དུ་མི་རུང་སྟེ། སྔ་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། འདི་ལྟར་གང་ཟག་གི་རྒྱུ་དང་རྐྱེན་བྱས་ནས་གཟུགས་ལ་ལྟ་བ་ལ་སོགས་པའི་བྱེད་པ་འབྱུང་བར་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་ནི་དེ་བཞིན་དུ་རྟག་

པར་གནས་པ་ཡིན་པས། ཇི་ལྟར་མིག་ཕྱེ་བའི་དུས་ན་གཟུགས་མཐོང་བ་དེ་བཞིན་དུ་མིག་མ་ཕྱེ་བའི་ཚེ་ན་ཡང་གཟུགས་མཐོང་བར་འགྱུར་བའི་རིགས་ནི་མིག་མ་ཕྱེ་བའི་སྔ་རོལ་ན་གཟུགས་མཐོང་བ་མེད་དེ། ཕྱིས་གཟུགས་གདོད་མཐོང་བས་ན་གང་ཟག་བྱེད་པའི་རྒྱུ་རྐྱེན་དུ་

འགྱུར་བའི་ཕྱིར་མི་རིགས་སོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེའི་རྐྱེན་ལས་བྱུང་བ་ཡིན་ན་ནི་གང་ཟག་རྣམས་ཀྱང་མེད་པར་མི་འགྱུར་བས་གང་གི་ཚེ་སྐྱེས་པ་ན་བྱེད་པ་སྔ་ན་ཅིའི་ཕྱིར་མེད་པར་འགྱུར་ཞེས་སྨོས་ཏེ་གང་ཟག་གི་རྐྱེན་ལས་གཟུགས་ལ་ལྟ་བ་ལ་སོགས་པ་བྱེད་པ་བྱུང་བ་ཡིན་ན་ནི་དེ་

ལྟ་ན་ནི་གང་ཟག་ནམས་ཀྱང་མེད་པ་ཡིན་ཏེ། གང་ཟག་རྟག་པར་ཡོད་པས་གཟུགས་ལ་ལྟ་བ་ལ་སོགས་པའི་བྱེད་པ་ཡང་ནམས་ཀྱང་མེད་པར་མི་འགྱུར་གྱི། དུས་ཐམས་ཅད་དུ་ཡོད་པའི་རིགས་ན་དེ་ལྟར་ནི་མི་འགྱུར་གྱི་གང་གི་ཚེ་མིག་ཕྱེ་ནས་གཟུགས་ལ་བལྟས་པ་དེའི་ཚེ་འབའ་ཞིག་

ན་གཟུགས་ལ་ལྟ་བའི་བྱེད་པ་སྐྱེད་ཀྱི་དེའི་སྔ་རོལ་ན་ཅིའི་ཕྱིར་མི་སྐྱེ་སྟེ། དེའི་སྔ་རོལ་ན་ཡང་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའི་སྐྱེ་བའི་རིགས་ན། སྔར་མ་སྐྱེས་པའི་ཕྱིར་གང་ཟག་རྐྱེན་དུ་མི་རིགས་སོ། །འདི་ལྟར་བར་འགའ་སྐྱེ། བར་འགའ་མི་སྐྱེ་ན་ནི་རྒྱུ་རྟག་པ་ལས་བྱུང་བར་མི་རིགས་སོ། །

ཞིག་པ་ཡང་རྐྱེན་དུ་མི་རུང་སྟེ། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ། གང་ཟག་འཇིག་ཅིང་མི་རྟག་པའི་རང་བཞིན་ཡང་རྐྱེན་དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། གང་ཟག་ནི་གཞན་དག་གིས་རྟག་པའི་རང་བཞིན་ཡིན་པར་ཁས་བླངས་པས་གང་ཟག་མི་རྟག་པར་གྱུར་པའི་ཕྱིར་རྟག་པར་ཁས་

བླངས་པའི་དོན་མེད་དོ། །གང་གནས་པ་ཡང་མ་ཡིན་ཞིག་པ་ཡང་མ་ཡིན་པར་འགྱུར་བའི་ཕྱོགས་གསུམ་པོ་གང་ཡང་མེད་པ་ནས་ཞེས་བྱ་བ་ལ། གོང་དུ་རྟག་པ་ཡང་རྐྱེན་དུ་མི་རུང་བར་བཤད། མི་རྟག་པ་ཡང་རྐྱེན་དུ་མི་རུང་བར་བཤད་པའི་ཕྱིར་ན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་

เล่ม ๑๒๖ · หน้า 173b

མ་ཡིན་པའི་ཕྱོགས་གསུམ་དུ་གཞག་པ་ནི་མེད་དེ། དངོས་པོ་གཅིག་ལ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་གཉིས་སུ་གཞག་ཏུ་མི་རུང་ལ། རྟག་པ་མ་ཡིན་ན་ནི་མི་རྟག་པའི་ཕྱོགས་སུ་ལྟུང་། མི་རྟག་པ་མ་ཡིན་ན་ནི་རྟག་པའི་ཕྱོགས་སུ་ལྟུང་བས་ཕྱོགས་དེ་ཡང་སྔར་སུན་ཕྱུང་

ཟིན་ཏོ། །དེ་ལྟར་གཅིག་པ་ལ་བརྟེན་ཏེ་རྫས་སུ་གང་ཟག་མི་དམིགས་སོ་ཞེས་བྱ་བ་ལ་འདི་མན་ཆད་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མས་གང་ཟག་རྫས་སུ་མེད་པར་བསྒྲུབས་ནས་ད་ནི་ལུང་གི་ཚད་མས་ཀྱང་གང་ཟག་རྫས་སུ་མེད་པར་སྒྲུབ་བོ། །ཆོས་རྣམས་ཐམས་ཅད་བདག་

མེད་དེ། །དམ་པའི་དོན་དུ་སྟོང་པའོ། །བདག་ཏུ་དམིགས་པ་ཉེས་པར་ཡང་། །གང་ཕྱིར་དེ་ཡང་བཤད་པས་སོ། །ཞེས་བྱ་བ་ལ། ལུང་ལས་ཀྱང་གང་ཟག་རྫས་སུ་མེད་པར་བཤད་དེ། ལུང་ལས་ཤེ་ན། ཆོས་ཀྱི་མདོ་བཞི་ལས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་བྱས་ཐམས་

ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ཞི་བ་མྱ་ངན་ལས་འདས་པའོ་ཞེས་འབྱུང་བའི་ནང་ནས་འདུས་བྱས་ཐམས་ཅད་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་སོ། །ཉན་ཐོས་ཀྱི་མདོ་སྡེ་དོན་དམ་པར་སྟོང་པ་ཞེས་བྱ་བ་ལས་ཀྱང་། ཆོས་

ཐམས་ཅད་དོན་དམ་པར་སྟོང་ངོ་ཞེས་བཀའ་སྩལ་ཏོ། །ཉན་ཐོས་ཀྱི་གཞུང་གཅིག་ལས་བརྩམས་པ་དང་། ལུང་རིང་པོ་ཞེས་བྱ་བ་ལ་སོགས་པ་གཞུང་མང་དུ་ཡོད་པ་ལས་ལུང་རིང་པོའི་གཞུང་གི་ནང་ནས་ཆོས་གཅིག་ལས་བརྩམས་པ་དང་། གཉིས་ལས་བརྩམས་བ་དང་།

གསུམ་ལས་བརྩམས་པ་དང་། བཞི་ལས་བརྩམས་པ་དང་། ལྔ་ལས་བརྩམས་པའི་ཆར་གྱི་ནང་ནས་ལྔ་ལྔས་ལས་བརྩམས་པའི་ལྔ་ཕྲུགས་བཤད་པའི་སྐབས་སུ། གང་གི་ཕྱིར་བདག་ཏུ་བལྟས་ན་ཉེས་པ་རྣམ་པ་ལྔ་འབྱུང་ངོ་ཞེས་གསུངས་ཏེ། དེ་བས་ན་གང་ཟག་རྫས་

སུ་ཡོད་པ་མ་ཡིན་ནོ། །ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ། ལས་ཡོད་པ་ནི་ལས་དགེ་བ་དང་མི་དགེ་བ་བྱས་པ་ཡོད་པའོ། །རྣམ་པར་སྨིན་པ་ཡོད་པ་ནི་འབྲས་བུ་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་བ་ཡོད་པའོ། །ཆོས་ཀྱི་ཐ་སྙད་མ་གཏོགས་པར། །

เล่ม ๑๒๖ · หน้า 174a

ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལ་སོགས་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་ཚུལ་གྱིས་འཁོར་བར་སྐྱེ་བ་ནི་ཆོས་ཀྱི་ཐ་སྙད་ཅེས་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་སྐྱེ་བ་མ་གཏོགས་པའི་ཕུང་པོ་འདི་

འདོར་ཞིང་ཕུང་པོ་གཞན་ལེན་པའི་ཕུང་པོ་དག་ནི་མེད་དོ་ཞེས་བཀའ་སྩལ་ཏོ། །བདག་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བ་ཡིན་ཞེས་བྱ་བ་ལ་གང་ཟག་རྫས་སུ་ཡོད་པར་ཁས་བླངས་ན། བདག་དང་བདག་གི་མེད་པའི་ཕུང་པོ་ལ་བདག་དང་སྲོག་ཏུ་ལྟ་བར་འགྱུར་ཏེ། འདི་ནི་ཉེས་པ་རྣམ་པ་གཅིག་གོ། །

མུ་སྟེགས་ཅན་རྣམས་དང་བྱེ་བྲག་མེད་པ་ཞེས་བྱ་བ་ལ། འདི་ལྟར་མུ་སྟེགས་པ་རྣམས་ཀྱང་བདག་དང་གང་ཟག་ཡོད་པར་ལྟ་བ་ལ། གང་ཟག་རྫས་སུ་ཡོད་པར་ལྟ་བ་འདིའང་བདག་དང་གང་ཟག་ཏུ་ལྟ་བས་མུ་སྟེགས་པ་རྣམས་དང་གང་ཟག་ཏུ་ལྟ་བར་ཁྱད་པར་མེད་དེ། འདི་ལྟར་ཉེས་པ་རྣམ་པ་གཉིས་སོ། །

ལམ་ལོག་པར་ཞུགས་པ་ཡིན་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་དང་། ཐར་པའི་ལམ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་བསྒོམ་པ་ཡིན་ན། གང་ཟག་ཏུ་ལྟ་བ་འདིས་བདག་དང་གང་ཟག་ཏུ་བལྟས་པས་ལམ་ལོག་པར་ཞུགས་པ་ཡིན་ཏེ།

འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལམ་ལ་ཞུགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ནི་ཉེས་པ་རྣམ་པ་གསུམ་མོ། །སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་ཅེས་བྱ་བ་ལ། སྟོང་པ་ཉིད་ནི་བདག་དང་བདག་གི་མེད་པའི་ཆོས་ཏེ་གང་ཟག་རྫས་སུ་ཡོད་པར་བལྟས་པས་སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་པ་ཞེས་

བྱའོ། །མི་འཇུག་པ་ཉིད་བསྟན་པའི་ཕྱིར། མི་དད་མི་གནས་མི་མོས་པ་དང་ཞེས་བྱ་བ་སྨོས་ཏེ་ཉན་པའི་དུས་ན་དད་པ་མེད་པས་ན་མི་དད་པའོ། །སེམས་པའི་དུས་ན་རྟོགས་པ་མི་འབྱུང་བས་ན་མི་གནས་པའོ། །བསྒོམ་པའི་དུས་ན་ཡང་སྟོང་པ་ཉིད་མཐོང་བར་མི་འབྱུང་བས་ན་མི་མོས་པ་ཞེས་བྱ་

སྟེ། འདི་ནི་ཉེས་པ་རྣམ་པ་བཞིའོ། །དེའི་འཕགས་པའི་ཆོས་རྣམ་པར་བྱང་བར་མི་འགྱུར་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་གང་ཟག་རྫས་སུ་ཡོད་པར་སྨྲ་བའི་གང་ཟག་ཏུ་ལྟ་བ་དེ་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ཆོས་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་ལ་བྱ་སྟེ། མཐོང་བའི་ལམ་དང་

เล่ม ๑๒๖ · หน้า 174b

བསྒོམ་པའི་ལམ་ལ་བརྟེན་ནས། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་ཐོབ་པ་མི་འབྱུང་བས་ན་འཕགས་པའི་ཆོས་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཉེས་པ་རྣམ་པ་ལྔ་པ་སྟེ། དེ་ལྟར་ལུང་གི་ཚིག་རིགས་པ་དང་

སྦྱར་ན་ཡང་གང་ཟག་རྫས་སུ་ཡོད་པར་མི་རུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་ནི་གང་ཟག་ཏུ་སྨྲ་བའི་རྣམས་ཡང་རྒོལ་བའི་ཚིག་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཀུན་ཤེས་པའི་གང་ཟག་དང་། ཤེས་པར་བྱེད་པའི་

གང་ཟག་དང་། ཁུར་བོར་བའི་གང་ཟག་དང་། དད་པའི་རྗེས་སུ་འབྲང་བའི་གང་ཟག་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་ཅེས་བྱ་བ་ལ་སོགས་པ་གང་ཟག་རྣམ་པ་མང་པོ་བཤད་དེ། དེ་སྟེ་གང་ཟག་མེད་པ་ཞིག་ཡིན་ན་ནི་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རྣམ་གྲངས་མང་པོར་བཤད་

ཅིང་བཀའ་སྩལ། གལ་ཏེ་གང་ཟག་རྫས་སུ་མེད་ན་ནི་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རྣམ་གྲངས་བཀའ་སྩལ་པར་མི་འགྱུར་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཅིང་བཤད་པས་ན་ལུང་ལས་འབྱུང་བའི་ཕྱིར་གང་ཟག་རྫས་སུ་ཡོད་ཅེས་རྒོལ་ལོ། །དེ་སྐད་དུ་རྒོལ་བ་ལ་གང་ཟག་རྫས་སུ་ཡོད་

པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མ་ཡིན་གྱི། གང་ཟག་ཅེས་བྱ་བ་མིང་དུ་བཏགས་པའི་སྒོ་ནས་ཀུན་ནས་ཉོན་མོངས་པའི་ཆོས་དང་རྣམ་པར་བྱང་བའི་ཆོས་ལ་ཐ་སྙད་དུ་བྱ་བའི་ཕྱིར་གང་ཟག་མིང་དུ་བཏགས་སོ་ཞེས་བསྟན་པའི་ཕྱིར། ཀུན་ནས་ཉོན་མོངས་རྣམ་པར་བྱང་། །

གནས་དང་ཆད་པ་ཐ་དད་པ། །འཇུག་དང་རྒྱུད་ཀྱང་ཐ་དད་པར། །གང་ཟག་གིས་ནི་ཤིན་ཏུ་བསྟན། །ཞེས་བྱ་བ་སྨོས་ཏེ་གལ་ཏེ་གང་ཟག་ཅེས་བྱ་བའི་མིང་དང་ཐ་སྙད་མ་བཏགས་ན་ནི་ཀུན་ནས་ཉོན་མོངས་པ་ཐ་དད་པ་དང་། རྣམ་པར་བྱང་བ་ཐ་དད་པ་དང་། གནས་པ་ཐ་དད་པ་དང་། ཆད་

པ་ཐ་དད་པ་དང་། འཇུག་པ་ཐ་དད་པ་དང་། རྒྱུ་ཐ་དད་པ་དག་བསྟན་དུ་མི་རུང་གི །དེ་དག་ཐ་དད་པར་བསྟན་པ་ཡང་། གང་ཟག་ཏུ་བཏགས་པའི་མིང་གི་སྒོ་ནས་དེ་དག་བསྟན་པར་མི་ནུས་ཏེ། གང་ཟག་རྫས་སུ་མེད་ཀྱང་གང་ཟག་མིང་དུ་བཏགས་སོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་དང་།

เล่ม ๑๒๖ · หน้า 175a

ལྡན་ན་ཀུན་ནས་ཉོན་མོངས་པའི་དུས་ན་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་གང་ཟག་ཅེས་བྱའོ། །རྣམ་པར་བྱང་བའི་ཆོས་དང་ལྡན་པ་ནི་དེའི་དུས་ན་རྣམ་པར་བྱང་བ་དང་ལྡན་པའི་གང་ཟག་ཅེས་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལ་ཡང་གནས་རྣམ་པ་མང་སྟེ། ཀུན་

ནས་ཉོན་མོངས་པ་ཆུང་ངུ་ལ་གནས་པ་དང་། ཀུན་ནས་ཉོན་མོངས་པ་འབྲིང་པོ་ལ་གནས་པ་དང་། ཀུན་ནས་ཉོན་མོངས་པ་ཆེན་པོ་ལ་གནས་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཆུང་ངུ་ལ་གནས་པ་ན་གང་ཟག་འདི་ནི་འདོད་ཆགས་ཆུང་ངུ་ཞེས་གདགས་སོ། །ཀུན་ནས་ཉོན་མོངས་པ་འབྲིང་

ལ་གནས་ན་ནི་གང་ཟག་འདི་ནི་འདོད་ཆགས་འབྲིང་དང་ལྡན་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ཆེན་པོ་ལ་གནས་པའི་ཚེ་ན་ནི་གང་ཟག་འདི་ནི་འདོད་ཆགས་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པ་ལ་ཡང་སྦྱར་རོ། །རྣམ་པར་བྱང་བའི་ཆོས་ལ་ཡང་རྣམ་

པར་བྱང་བ་ཆུང་ངུ་ལ་གནས་པ་དང་། རྣམ་པར་བྱང་བ་འབྲིང་ལ་གནས་པ་དང་། རྣམ་པར་བྱང་བ་ཆེན་པོ་ལ་གནས་པ་སྟེ། རྣམ་པར་བྱང་བ་ལ་ཡང་གནས་པ་ཐ་དད་པ་རྣམ་པ་གསུམ་མོ། །དེ་ལ་རྣམ་པར་བྱང་བ་ཆུང་ངུ་ལ་གནས་པ་ལ་ནི་ལམ་ཆུང་ངུ་ཐོབ་པ་ཞེས་བྱའོ། །རྣམ་པར་བྱང་

བ་འབྲིང་ལ་གནས་པ་ལ་ནི་ལམ་འབྲིང་པོ་ཐོབ་པའི་གང་ཟག་ཅེས་བྱའོ། །རྣམ་པར་བྱང་བ་ཆེན་པོ་ལ་གནས་པ་ལ་ནི་ལམ་ཆེན་པོ་ཐོབ་པའི་གང་ཟག་ཅེས་བྱའོ། །དེ་ལ་གང་ཟག་གང་གཅིག་ཏུ་མི་དགེ་བའི་ལས་བྱེད་པ་རྣམས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་ལྟུང་ཞིང་ཆད་པའི་

གང་ཟག་ཅེས་བྱའོ། །གང་ཟག་གང་གཅིག་ཏུ་དགེ་བ་རྣམས་ལ་ནི་རྣམ་པར་བྱང་བའི་ཕྱོགས་སུ་ལྟུང་ཞིང་ཆད་པའི་གང་ཟག་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་ལ་སྤྱོད་པ་རྣམས་ལ་ནི་ཀུན་ནས་ཉོན་མོངས་པ་ལ་སྤྱོད་པའི་གང་ཟག་ཅེས་བྱའོ། །རྣམ་པར་བྱང་བ་ལ་སྤྱོད་པ་རྣམས་ལ་

ནི་རྣམ་པར་བྱང་བ་ལ་འཇུག་པའི་གང་ཟག་ཅེས་བྱའོ། །གང་ཟག་གང་ཀུན་ནས་ཉོན་མོངས་པ་ལ་གནས་པའི་གང་ཟག་དེ་དག་ལ་ནི་གང་ཟག་འདི་སེམས་ཀྱི་རྒྱུད་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཞེས་བྱའོ། །གང་ཟག་གི་གང་རྣམ་པར་བྱང་བའི་ཆོས་ལ་གནས་པ་དེ་དག་ལ་ནི་

เล่ม ๑๒๖ · หน้า 175b

གང་ཟག་འདི་སེམས་ཀྱི་རྒྱུད་རྣམ་པར་བྱང་བའི་ཆོས་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་གང་ཟག་ཏུ་གདགས་པ་མེད་པར་ཆོས་དེ་དག་ཐ་དད་པར་དབྱེ་ཞིང་བསྟན་པར་མི་རུང་ངོ་། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གནས་ཐ་དད་པ་དང་། ཆད་པའི་བྱེ་བྲག་ལ་གང་ཟག་

བཏགས་པ་མེད་པར་འཇུག་པ་ཐ་དད་པ་དང་། རྒྱུ་ཐ་དད་པར་བསྟན་པར་མི་ནུས་སོ་ཞེས་བྱ་བ་ལ་གལ་ཏེ་གང་ཟག་ཅེས་བྱ་བའི་མིང་མ་བསྟན་མ་བཏགས་པར་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐ་དད་པར་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་

བའི་གནས་ཐ་དད་པ་དང་། གང་ཟག་འདི་ནི་དགེ་བ་བྱེད་པར་ཆད། གང་ཟག་འདི་མི་དགེ་བ་བྱེད་པར་ཆད་པ་ལ་སོགས་པ་ཐ་དད་པར་བསྟན་པ་དང་། གང་ཟག་འདི་ནི་མི་དགེ་བ་ལ་འཇུག་པ། གང་ཟག་འདི་ནི་དགེ་བ་ལ་འཇུག་པའོ་ཞེས་འཇུག་པ་ཐ་དད་པར་བསྟན་པ་དང་། གང་ཟག་

འདིའི་སེམས་ཀྱི་རྒྱུད་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་གང་ཟག་འདིའི་སེམས་ཀྱི་རྒྱུད་རྣམ་པར་བྱང་བ་དང་ལྡན་ཞེས་རྒྱུད་ཐ་དད་པར་བསྟན་པ་ལ་སོགས་པ་ཐ་དད་པ་རྣམ་པ་མང་པོ་བསྟན་པར་མི་ནུས་ཏེ། དེ་བས་ན་ཐ་དད་པ་རྣམ་པ་སྣ་ཚོགས་བསྟན་པའི་ཕྱིར་གང་ཟག་ཅེས་བྱ་བའི་

མིང་བཏགས་ཤིང་བཤད་དོ། །ཡོངས་སུ་ཤེས་པའི་མདོ་སྡེ་ལས་ཡོངས་སུ་ཤེས་པར་བྱ་བའི་ཆོས་ནི་ཀུན་ནས་ཉོན་མོངས་པའོ། །ཡོངས་སུ་ཤེས་པར་བྱེད་པ་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ལ་ཡོངས་སུ་ཤེས་པའི་མདོ་སྡེའི་ནང་ནས་ཡོངས་སུ་ཤེས་པར་བྱ་བའི་ཆོས་དང་།

ཡོངས་སུ་ཤེས་པར་བྱེད་པ་སྟེ་རྣམ་པ་གཉིས་སུ་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་གཉིས་ལ་ནི་ཡོངས་སུ་ཤེས་པའི་ཆོས་ཞེས་བྱ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་བསྡུའོ། །འགོག་པའི་བདེན་པ་དང་། ལམ་

གྱི་བདེན་པ་གཉིས་ལ་ནི་ཡོངས་སུ་ཤེས་པར་བྱེད་པ་ཞེས་བྱ་སྟེ། དེ་ནི་རྣམ་པར་བྱང་བའི་ཕྱོགས་སུ་བསྡུའོ། །དེ་ལ་གལ་ཏེ་གང་ཟག་མ་བརྟགས་ན་འདི་ནི་ཡོངས་སུ་ཤེས་པར་བྱ་བའི་གང་ཟག་འདི་ནི་ཡོངས་སུ་ཤེས་པར་བྱེད་པའི་གང་ཟག་ཅེས་གང་ཟག་དེ་དག་གི་འཇུག་པ་ཐ་

เล่ม ๑๒๖ · หน้า 176a

དད་པ་དང་། རྒྱུད་ཐ་དད་པ་བསྟན་ཅིང་བཤད་པར་མི་རུང་སྟེ། དེ་བས་ན་གང་ཟག་གི་མིང་བཏགས་སོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་གང་ཟག་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཞུགས་ཤིང་ཀུན་ནས་ཉོན་མོངས་པའི་ཆོས་དང་སེམས་ཀྱི་རྒྱུད་དང་

ལྡན་པ་ཞེས་བྱ་བའོ། །ཡོངས་སུ་ཤེས་པར་བྱེད་པའི་གང་ཟག་ནི་རྣམ་པར་བྱང་བའི་ཆོས་ལ་ཞུགས་ཤིང་རྣམ་པར་བྱང་བའི་ཆོས་དང་སེམས་ཀྱི་རྒྱུད་དང་ལྡན་པ་ཞེས་བྱའོ། །ཁུར་ཁྱེར་བའི་མདོ་ལས་ཀྱང་ཁུར་དང་ཁུར་ཁྱེར་བ་ནི་ཉོན་མོངས་པའོ། །ཁུར་བོར་བ་ནི་རྣམ་པར་

བྱང་བའོ་ཞེས་བྱ་བ་ལ་ཁུར་ཁྱེར་བའི་མདོ་སྡེའི་ནང་ནས་ཀྱང་། ཁུར་ཁྱེར་བའི་གང་ཟག་དང་། ཁུར་བོར་བའི་གང་ཟག་ཅེས་གང་ཟག་རྣམ་པ་གཉིས་སུ་བཤད་དོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་ནི་ཁུར་ཞེས་བྱའོ། །ཀུན་འབྱུང་གི་བདེན་པ་ལ་ནི་ཁུར་ཁྱེར་བའམ། ཁུར་ལེན་

པ་ཞེས་བྱ་སྟེ་དེ་གཉིས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གཏོགས་སོ། །ཁུར་བོར་བ་ལ་ཡང་རྣམ་པ་གཉིས་ཏེ་གང་དུ་ཁུར་བོར་བ་དང་གང་གིས་ཁུར་བོར་བའོ། །དེ་ལ་གང་དུ་ཁུར་བོར་ཞེ་ན་འགོག་པའི་དུས་སུ་ཁུར་བོར་རོ། །གང་གིས་ཁུར་བོར་ཞེ་ན། ལམ་གྱི་བདེན་པས་

ཁུར་བོར་ཏེ། འདི་གཉིས་ནི་རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་སོ། །དེ་ལ་གང་གིས་སྡུག་བསྔལ་དང་ཀུན་འབྱུང་མ་སྤངས་པའི་གང་ཟག་རྣམས་ནི་ཁུར་ཁྱེར་བ་ལ་འཇུག་ཅིང་། ཁུར་དང་སེམས་ཀྱི་རྒྱུད་ལྡན་པ། །ཞེས་བྱའོ། །གང་གིས་འགོག་པའི་བདེན་པ་དང་། ལམ་

གྱི་བདེན་པ་ཐོབ་པའི་གང་ཟག་གཉིས་ལ་ནི་ཁུར་པོར་བ་ལ་འཇུག་ཅིང་ཁུར་བོར་བའི་ཆོས་དང་སེམས་ཀྱི་རྒྱུད་ལྡན་པ་ཞེས་བྱ་སྟེ། དེ་ལྟར་དེ་དག་གི་འཇུག་པ་ཐ་དད་པ་དང་སེམས་ཀྱི་རྒྱུད་ཐ་དད་པ་ཡང་གང་ཟག་ཅེས་བྱ་བའི་མིང་བཏགས་པ་མེད་པ་འདི་ནི་ཁུར་ཁྱེར་བའི་གང་ཟག་གོ། །

འདི་ཁུར་བོར་བའི་གང་ཟག་གོ་ཞེས་བསྟན་པར་མི་ནུས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མཐར་ཐུག་པའི་ལམ་གྱི་བྱེ་བྲག་ཐ་དད་པས་གནས་རྣམ་པ་མང་སྟེ་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པ་ལ་

เล่ม ๑๒๖ · หน้า 176b

ཡང་སྦྱོར་བའི་ལམ་གྱི་གནས་ན་བསྒོམ་པ་དང་། མཐོང་བའི་ལམ་གྱི་གནས་ན་བསྒོམ་པ་དང་། བསྒོམ་པའི་ལམ་གྱི་གནས་ན་བསྒོམ་པ་དང་། མཐར་ཐུག་པའི་ལམ་གྱི་གནས་ན་བསྒོམ་པ་ལ་སོགས་ཏེ་བསྒོམ་པའི་གནས་རྣམ་པ་མང་དུ་ཡོད་དོ། །དེ་ལ་སྦྱོར་བའི་ལམ་ནི་མོས་པ་

སྤྱོད་པའི་ས་བཞི་ལ་བྱ་སྟེ། དེའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ལ་བསྒོམ་པའི་ཚེ་ན་ནི་གང་ཟག་དེ་མོས་པ་སྤྱོད་པའི་གང་ཟག་ཅེས་བྱའོ། །མཐོང་བའི་ལམ་གྱི་དུས་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཐོབ་པའམ། ཉན་ཐོས་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་ལམ་ཐོབ་པ་

སྟེ། དེའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་བསྒོམ་པའི་གང་ཟག་ལ་ནི་མཐོང་བའི་ལམ་ལ་གནས་པའི་གང་ཟག་ཅེས་བྱའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ནི་ས་གཉིས་པ་ཡན་ཆད་བསྒོམ་པའི་ལམ་ཡིན་ལ། ཐེག་པ་ཆུང་ངུའི་ཚུལ་གྱིས་ནི་རྒྱུན་དུ་ཞུགས་པའི་

འབྲས་བུ་ཐོབ་པ་ཡན་ཆད་བསྒོམ་པའི་ལམ་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ལ་བསྒོམ་པའི་ཚེ་ན་ནི་བསྒོམ་པའི་ལམ་ལ་གནས་པའི་གང་ཟག་ཅེས་བྱའོ། །ཉན་ཐོས་ཀྱི་ཚུལ་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་། ཐེག་པ་ཆེན་པོའི་ཚུལ་གྱིས་མངོན་པར་

སངས་རྒྱས་པ་དག་ནི་མཐར་ཐུག་པའི་ལམ་ཞེས་བྱ་སྟེ། དེའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ལ་གནས་པའི་གང་ཟག་ལ་ནི་མི་སློབ་པའི་གང་ཟག་ཅེས་བྱ་སྟེ། དེ་ལྟར་ཐ་དད་པ་རྣམ་པར་གཞག་པ་ལ་ཡང་གང་ཟག་ཅེས་བྱ་བའི་མིང་མ་བཏགས་པར་འཇུག་པ་ཐ་དད་པ་དང་། རྒྱུད་ཐ་དད་པར་བསྟན་

པར་མི་ནུས་ཏེ་དེའི་ཕྱིར་གང་ཟག་ཅེས་བྱ་བའི་མིང་བཏགས་ནས་བཤད་དོ། །དེའི་ཕྱིར་གང་ཟག་རྫས་སུ་ཡོད་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་མདོ་དེ་དང་དེ་དག་གི་ནང་ནས་གང་ཟག་ཅེས་བྱ་བ་བཤད་ཅིང་བསྟན་པ་ཡང་དགོངས་པ་དེ་དག་གི་ཕྱིར་

བཤད་ཅིང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་ནི་གང་ཟག་ཀྱང་རྫས་སུ་མེད་ལ། བཅོམ་ལྡན་འདས་ཀྱིས་གང་ཟག་ཏུ་བཏགས་པ་རྣམས་ཀྱང་དོན་མེད་པ་དང་དགོས་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ཟག་ཡོད་པར་སྨྲ་བ་རྣམས་འདི་སྐད་དུ་འདི་ལྟར་

เล่ม ๑๒๖ · หน้า 177a

སེམས་ཅན་རྣམས་ཀུན་སེམས་ཀྱི་རྒྱུད་ལ་བདག་ཏུ་ལྟ་བ་མ་སྐྱེས་པའི་སེམས་ཀྱི་རྒྱུད་ལ་བདག་ཏུ་ལྟ་བ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་ཟག་བཤད་དོ་ཞེ་ན། དེ་ལྟར་ཡང་མི་རིགས་པར་བསྟན་པའི་ཕྱིར། དེ་ནི་བདག་ཏུ་ལྟ་བ་སྐྱེ་བའི་དོན་དུ་ཡང་མི་རུང་སྟེ་

ཞེས་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་གང་ཟག་ཡོད་དོ་ཞེས་བཤད་པ་དེ་བདག་ཏུ་ལྟ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་བྱར་ཡང་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དེ་ལྟར་མི་རུང་སྙམ་པ་ལ་གང་གི་ཕྱིར་བདག་ཏུ་ལྟ་བ་བསྐྱེད་པ་མ་ཡིན། སྔ་ནས་སྐྱེས་

པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་བདག་ཏུ་ལྟ་བ་བསྐྱེད་པའི་ཕྱིར་གང་ཟག་ཡོད་དོ་ཞེས་བཤད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་སེམས་ཀྱི་རྒྱུད་ལ་སྐྱེས་ཟིན་པས་ན་བསྐྱེད་པའི་ཕྱིར་

རོ་ཞེས་བྱར་ཡང་མི་རུང་ངོ་། །གལ་ཏེ་གང་ཟག་ཏུ་སྨྲ་བ་རྣམས་འདི་སྐད་དུ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་བདག་ཏུ་ལྟ་བ་སྐྱེས་ཀྱང་བདག་ཏུ་ལྟ་བ་དེ་ལ་སེམས་ཅན་གྱིས་གོམས་པར་མི་བྱ་སྟེ། དེ་བས་ན་བདག་ཏུ་ལྟ་བ་ལ་གོམས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་

གང་ཟག་བཤད་དོ་ཞེ་ན་ཡང་མི་རིགས་པར་བསྟན་པའི་ཕྱིར། དེ་གོམས་པར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བདག་ཏུ་ལྟ་བ་ལ་གོམས་པར་བྱ་བའི་གང་ཟག་ཡོད་པར་གསུངས་པ་དང་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་རིགས་པར་བསྟན་པའི་ཕྱིར་གང་

གི་ཕྱིར་བདག་ཏུ་ལྟ་བ་ནི་ཐོག་མ་མེད་པའི་དུས་ནས་གོམས་པ་སྟེ་ཞེས་བྱ་བ་སྨོས་ཏེ་འདི་ལྟར་བདག་ཏུ་ལྟ་བ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་སེམས་ཅན་གྱིས་གོམས་པ་དང་། འདྲིས་པར་བྱས་ཟིན་པས་ན་དེ་ལ་གོམས་པར་བྱ་བའི་ཕྱིར་བཤད་ཅེས་བྱར་མི་རུང་ངོ་། །ཡང་

གལ་ཏེ་བདག་མཐོང་བས་ཐར་བར་འགྱུར་བའི་ཕྱིར་བཤད་དོ་ཞེ་ན་ཞེས་བྱ་བ་ལ་ཡང་གལ་ཏེ་གང་ཟག་ཡོད་པར་སྨྲ་བ་རྣམས་འདི་སྐད་དུ་སེམས་ཅན་རྣམས་བདག་ཏུ་ལྟ་བ་ལ་གོམས་པར་བྱས་ཤིང་བདག་ཅེས་བྱ་བ་མིང་ཙམ་གྱི་སྒོ་ནས་ཤེས་པར་འགྱུར་ཡང་སེམས་ཅན་གྱིས་བདག་

เล่ม ๑๒๖ · หน้า 177b

མཐེ་བོང་ཙམ་མམ་ཡུངས་འབྲུ་ཙམ་གྱི་མཚན་ཉིད་མ་མཐོང་བས་སེམས་ཅན་ཐར་པ་དང་གྲོལ་བར་འགྱུར་ཏེ། དེ་བདག་མཐེ་བོང་ཙམ་དང་ཡུངས་འབྲུ་ཙམ་མཐོང་བའི་སྒོ་ནས་སེམས་ཅན་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གང་ཟག་

བཤད་དོ་ཞེ་ན་ཡང་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་རིགས་པར་བསྟན་པའི་ཕྱིར། དེ་ལྟ་མ་ཡིན་ན་ནི། འབད་པ་མ་བྱས་ཐམས་ཅད་ཀྱིས། །ཐར་པའམ་ཞེས་བྱ་བ་སྨོས་ཏེ་གལ་ཏེ་བདག་ཏུ་ལྟ་བས་ཐར་པར་འགྱུར་ན་ནི་སོ་སོའི་སྐྱོ་བོ་ཕལ་པ་བདེན་པ་བཞི་མ་མཐོང་

བ་རྣམས་ལ་ཡང་བདག་ཏུ་ལྟ་བ་ཡོད་པས། དེ་ལྟ་ན་ནི་བདེན་པ་མཐོང་བར་བྱ་བའི་ཕྱིར། མཉན་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པའི་འབད་པ་མ་བྱས་པར་ཡང་སེམས་ཅན་ཐམས་ཅད་ཐར་པ་ཐོབ་པ་དང་། མྱ་ངན་ལས་འདས་པ་ཐོབ་པའི་སྐྱོན་དུ་འགྱུར་

རོ། །ཡང་ན་ཐར་པ་ཡང་དོན་མེད་པར་འགྱུར་ཏེ་ཞེས་བྱ་བ་ལ་གལ་ཏེ་བདག་ཏུ་མཐོང་བས་ཐར་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་བདག་ཏུ་ལྟ་བ་ཉིད་འཆིང་བ་ཡིན་པའི་ཕྱིར། དེས་བཅིངས་པར་འགྱུར་གྱི་ཐར་པར་མི་འགྱུར་བས་ན་སེམས་ཅན་ཐར་པར་བྱ་བའི་ཕྱིར། བཅོམ་

ལྡན་འདས་ཀྱིས་གང་ཟག་བཤད་དོ་ཞེས་བྱ་བ་ཡང་དོན་མེད་དོ། །དེ་ཉིད་ཀྱི་དོན་དགྲོལ་བའི་ཕྱིར། སྔོན་བདག་དང་བདག་མེད་པར་བཟུང་ལ། བདེན་པ་མཐོང་བ་རྟོགས་པར་འགྱུར་བའི་ཚེ། བདག་ཡོད་པར་འཛིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བདག་

ཡོད་པར་མཐོང་བ་ཉིད་བདེན་པ་མཐོང་བ་དང་འདྲ་སྟེ། སྔོན་ཆད་མ་བསྒོམས་པའི་ཚེ་ན་ནི་བདག་ཡོད་པའི་ཆོས་ལ་བདག་ཡོད་པར་མ་མཐོང་གི །བདག་མེད་པར་མཐོང་བས་ན་ཐར་བར་འགྱུར་གྱི་བསྒོམས་ནས་ཕྱིས་བདག་ཡོད་པར་འགྱུར་བ་དང་། ཐར་པ་དང་མྱ་ངན་ལས་

འདས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྡུག་བསྔལ་ལ་སྡུག་བསྔལ་དུ་སྔོན་མི་འཛིན་པ་ལས་ཀྱང་ཕྱིས་འཛིན་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མཉན་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པ་མ་བྱས་པའི་སྔོན་རོལ་ན་སྡུག་བསྔལ་ལ་སོགས་པའི་བདེན་

เล่ม ๑๒๖ · หน้า 178a

པ་བཞི་མ་ཐོབ་པས་ན་སེམས་ཅན་རྣམས་ཐར་པར་མ་གྱུར་གྱི་ཕྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་མཐོང་བ་དང་གདོད་ཐར་པར་གྱུར་པ་དང་འདྲ་བར་སེམས་ཅན་རྣམས་ཀྱིས་ཀྱང་བདག་ཡོད་པའི་ཆོས་ལ་བདག་ཡོད་པར་སྔོན་མ་མཐོང་བས་སེམས་

ཅན་ཐར་བར་མ་གྱུར་གྱི། ཕྱིས་བསྒོམ་པ་ལ་སོགས་པའི་མཐུས་ཕྱིས་བདག་ཡོད་པར་མཐོང་བ་དང་། གདོད་ཐར་པར་འགྱུར་རོ་ཞེས་ཟེར་ན་ཡང་མི་རིགས་པར་བསྟན་པའི་ཕྱིར་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་དུ་ཐར་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་

བདག་མཐོང་བས་ཐར་པར་འགྱུར་བ་ཡིན་ན་ནི་སྔོན་སེམས་ཅན་རྣམས་བདག་ཏུ་ལྟ་བ་ཡོད་པ་དེའི་རྐྱེན་གྱིས་འདོད་ཆགས་ལ་སོགས་པས་ཉོན་མོངས་པ་བྱུང་ནས། དེས་བཅིངས་པའི་ཕྱིར་ཐར་པར་མ་གྱུར་པ་དེ་བཞིན་དུ་བསྒོམས་ནས་མཐོང་བར་གྱུར་ན་ཡང་འདི་ལྟར་བདག་ཏུ་

མཐོང་བ་ལས་ཉོན་མོངས་པ་ཐམས་ཅད་འབྱུང་སྟེ། བདག་དང་མཐུན་པ་རྣམས་ལ་ནི་འདོད་ཆགས་སྐྱེ། བདག་དང་མི་མཐུན་པ་རྣམས་ལ་ནི་ཞེ་སྡང་སྐྱེ་སྟེ། འདི་ལྟར་ཉོན་མོངས་པ་སྐྱེས་པར་གྱུར་ན་ཉོན་མོངས་པས་བཅིངས་པར་འགྱུར་གྱི་ཐར་པར་ནམས་ཀྱང་མི་འགྱུར་ཏེ། དེ་བས་

ན་བདག་ཏུ་ལྟ་བ་ལས་ཐར་པར་འགྱུར་རོ་ཞེས་བྱ་བ་འགལ་བ་ཡིན་ནོ། །དེ་ཡོད་ན་ནི་ཉེས་པ་དེ་དག་ཏུ་འགྱུར་རོ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ཡོད་ན་གོང་དུ་བཤད་པའི་ཉེས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ངོ་ཚ་བ་ནས་བརྩམས་ཏེ། གང་ཟག་ལ་བདག་མེད་

པར་བཤད་པའི་བར་དག་གིས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ལས་མདོར་བསྟན་པའི་ཕྱིར། དེ་ལྟར་ཡོན་ཏན་དེ་དག་དང་། །བྱང་ཆུབ་སེམས་དཔའ་རྟག་ལྡན་པས། །བདག་གི་དོན་ཀྱང་མི་འདོར་ཞིང་། །གཞན་གྱི་དོན་ཀྱང་སྒྲུབ་པ་ཡིན། །ཞེས་བྱ་བ་སྨོས་ཏེ་དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ་གང་

དུ་བཤད་པ་ལྟར་བྱང་ཆུབ་སེམས་དཔའ་ངོ་ཚ་བ་དང་བསྟན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ལས་རྣམ་པ་གཉིས་བྱེད་དེ། ལས་རྣམ་པ་གཉིས་ནི་བདག་གི་དོན་མི་འདོར་བ་དང་གཞན་གྱི་དོན་ཀྱང་བསྒྲུབ་པའོ། །དེ་ལ་བདག་གི་དོན་ཀྱང་སྤངས་པ་ཕུན་སུམ་ཚོགས་པ་དང་།

เล่ม ๑๒๖ · หน้า 178b

ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་དེ་རྣམ་པ་གཉིས་པོ་དེ་དག་སྤང་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བའོ། །ཡེ་ཤེས་ནི་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་། ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པ་སྟེ་དེ་དག་ཐོབ་པ་ལས་ནམས་ཀྱང་ཉམས་པར་མི་འགྱུར་

བ་ནི་བདག་གི་དོན་མི་འདོར་བ་ཞེས་བྱའོ། །སེམས་ཅན་རྣམས་ཀྱང་སྤངས་པ་དང་ཡེ་ཤེས་ཉིད་ལ་འགོད་པར་བྱེད་པ་ནི་གཞན་གྱི་དོན་ཀྱང་སྒྲུབ་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་སྐབས་བཤད་པ་རྫོགས་སོ།། །།ད་འདི་མན་ཆད་ནི་ཡོན་ཏན་གྱི་སྐབས་བཤད་དོ། །

དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། ཁྱད་པར་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་རྫོགས་པར་བཤད་དོ། །དེ་ལ་བསླབ་པའི་ལམ་དེ་དག་ལ་སློབ་པའི་

བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་རྣམ་པ་གཉིས་དང་ལྡན་པར་འགྱུར་ཏེ། ཡོན་ཏན་གཉིས་པོ་གང་ཞེ་ན། བསྒྲུབ་པའི་ཡོན་ཏན་དང་། རབ་ཏུ་བསྔགས་པའི་ཡོན་ཏན་ཏེ། དེ་བས་ན་བྱང་ཆུབ་ཀྱི་སྐབས་ཀྱི་འོག་ཏུ་ཡོན་ཏན་གྱི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་བསྒྲུབ་

པའི་ཡོན་ཏན་ནི་རྣམ་པ་གསུམ་སྟེ། རྒྱུ་མཐུན་པའི་ཡོན་ཏན་དང་། འབྲེལ་པའི་ཡོན་ཏན་དང་། སེམས་ཅན་ལ་མངོན་དུ་ལྟ་བའི་ཡོན་ཏན་ནོ། །དེ་ལ་རྒྱུ་མཐུན་པའི་ཡོན་ཏན་ནི་བསླབ་པའི་ལམ་དེ་དག་ལ་དུས་རིང་པོར་གོམས་པར་བྱས་པས་བྱང་ཆུབ་སེམས་དཔའ་ཉིད་ལམ་གྱི་

ངོ་བོར་འགྱུར་ཏེ། དེ་བས་ན་རྟག་ཏུ་ཡང་ལམ་སྔར་སྐྱེས་པ་རྣམས་བསྟན་པ་དང་། དགེ་བ་མ་སྐྱེས་པ་རྣམས་ཕྱིར་ཞིང་འཕེལ་བར་འགྱུར་ཏེ། དེ་ཡང་། རང་གི་ལུས་ནི་ཡོངས་སུ་གཏོང་། །ཞེས་བྱ་བ་ནས་བརྩམས་ཏེ། རྟོག་པ་མེད་པའི་ཤེས་རབ་ནི། །བློ་ལྡན་དག་གིས་ངོ་མཚར་

ཤེས། །ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །འབྲེལ་པའི་ཡོན་ཏན་ནི་མཐོང་བ་དང་། བསྒོམ་པའི་ལམ་གཉིས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤངས་ནས་སངས་རྒྱས་ཀྱི་སར་གནས་རྣམ་པར་དག་པ་ཐོབ་པ་སྟེ། དེ་ཡང་དེ་བཞིན་

เล่ม ๑๒๖ · หน้า 179a

གཤེགས་པའི་རིགས་སུ་སྟེ་ཞེས་བྱ་བས་ནི་མཐོང་བའི་ལམ་བསྟན་ཏོ། །ལུང་བསྟན་པ་ནི་ཐོབ་པ་དང་། དབང་བསྐུར་བ་དང་ཞེས་བྱ་བས་ནི་བསྒོམ་པའི་ལམ་བསྟན་ཏོ། །བྱང་ཆུབ་ཀྱང་ཐོབ་པར་ངོ་མཚར་ཆེ་བར་འདོད་ཅེས་བྱ་བས་སྒྲིབ་པ་གཉིས་དང་བྲལ་

བའི་གནས་རྣམ་པར་དག་པ་ཐོབ་པར་བསྟན་ཏོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་ཐམས་ཅད་དང་བདག་ཏུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པར་འགྱུར་ཏེ། དེ་ཡང་། ཇི་ལྟར་བློ་ལྡན་སེམས་ཅན་ལ། །བྱམས་པས་རབ་ཏུ་བྱེད་པ་བཞིན། །ཞེས་བྱ་བ་ལ་

སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །སེམས་ཅན་ལ་མཉམ་པ་ཉིད་ཀྱི་སེམས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་རྟག་ཏུ་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་དེ། དེ་ཡང་། སྣོད་དུ་ཡང་ནི་བྱེད་པ་ཡང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་

བཅད་པ་བཅུ་དྲུག་གིས་བསྟན་ཏེ། དེ་ལྟར་སེམས་ཅན་ལ་སེམས་མཉམ་པ་ཉིད་ཐོབ་པ་དང་། སེམས་ཅན་ལ་ཕན་འདོགས་པར་བྱེད་པ་ཉིད་སེམས་ཅན་ལ་མངོན་པར་ལྟ་བའི་ཡོན་ཏན་ཅན་ཞེས་བྱ་བའོ། །ངོ་མཚར་ཆེ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་མོ་

ཞེས་བྱ་བས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་ལ་མེད་ཅིང་མི་སྲིད་པའི་ཡོན་ཏན་དང་ལྡན་པ་ནི་ངོ་མཚར་ཆེ་བ་ཞེས་བྱ་སྟེ། ངོ་མཚར་ཆེ་བའི་ཆོས་དེ་ལ་དབྱེ་ན་དུ་ཡོད་པ་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །

དེ་ལ་ཚིགས་སུ་བཅད་པ་གསུམ་གྱིས་བསྡུས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པ་སྒྲུབ་པ་ལ་ངོ་མཚར་ཆེ་བ་དང་། འབྲས་བུ་ཐོབ་པ་ལ་ངོ་མཚར་ཆེ་བ་བསྟན་ཏོ། །རང་གི་ལུས་ནི་ཡོངས་སུ་གཏོང་། །ཞེས་བྱ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བཟའ་བ་དང་། བགོ་བ་

ལ་སོགས་ལ་ཙམ་གྱི་དངོས་པོ་གཏོང་བ་ནི་འཇིག་རྟེན་པ་དག་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་ཡང་སྲིད་པས་ངོ་མཚར་ཆེ་བ་མ་ཡིན་གྱི། གང་འདོད་པ་རྣམ་པས་མགོ་དང་རྐང་ལག་ལ་སོགས་པ་ཡང་ཡོངས་སུ་གཏོང་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་

เล่ม ๑๒๖ · หน้า 179b

ཀྱིས་སྦྱིན་པ་ལ་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྡོམ་པའི་ཕྱིར་ནི་ཕུན་སུམ་ཚོགས། །ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དགེ་སློང་ཕ་དང་དགེ་སློང་མ་ལ་སོགས་པ་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླང་བའི་ཕྱིར་འཁོར་ལོས་

སྒྱུར་བ་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡང་མི་གཙང་བ་དང་མཆིལ་མའི་རྡོག་བུ་བཞིན་དུ་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་པ་ལ་ངོ་མཚར་དུ་བྱ་བ་ཡིན་

ནོ། །ཉམ་ཆུང་བ་ལ་བཟོད་པ་དང་། །ཞེས་བྱ་བ་ལ་རྒྱལ་པོ་དང་བློན་པོ་ལ་སོགས་པ་དབང་དང་མཐུ་དང་སྟོབས་ལ་སོགས་པ་ཆེ་བས་གནོད་པ་བྱས་པ་རྣམས་ཉམས་སུ་ལེན་ཅིང་བཟོད་པར་བྱེད་པ་ནི་ངོ་མཚར་ཅི་ཆེ་སྤྲང་པོ་དང་གདོལ་བུ་ལ་སོགས་པ་མཐུ་དང་དབང་ཆུང་བ་

རྣམས་ཀྱིས་གནོད་པ་སྣ་ཚོགས་བྱས་པ་ལ་ཡང་ཉམས་སུ་ལེན་ཅིང་བཟོད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་དང་སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་པ་དང་ཞེས་བྱ་བ་ལ་བརྩོན་འགྲུས་

ལ་ཡང་ཉན་པ་དང་སེམས་པ་ལ་སོགས་པའི་དགེ་བ་འགའ་ཙམ་བྱེད་པའམ་དགེ་བ་ཅུང་ཟད་ཙམ་བྱེད་པ་ངོ་མཚར་དུ་བྱ་བ་མ་ཡིན་གྱི། དགེ་བའི་ཆོས་ལ་འཇུག་པ་ན། ལུས་ལ་གྲང་བ་དང་། ཚ་བ་ལ་སོགས་པའི་སྡུག་བསྔལ་བྱུང་བ་ཉམས་སུ་ལེན་ཅིང་སྲོག་ལ་བབ་པ་

ན་ཡང་བརྩོན་འགྲུས་མི་གཏོང་བར་ལུས་དང་སྲོག་ལ་མི་ཕངས་པར་བྱས་ནས་བརྩོན་འགྲུས་རྒྱ་ཆེན་པོར་རྩོམ་པ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ལ་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་བདེ་བ་དག་ལ་མ་ཆགས་ཏེ་ཞེས་བྱ་བ་ལ་བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པའི་བདེ་བ་དམ་པ་མཆོག་ཐོབ་ན་ཡང་དེ་ལ་དགའ་བ་དང་བདེ་བར་བྱ་བ་འཛིན་ཅིང་བསམ་གཏན་གྱི་བདེ་བ་སྤངས་ནས། སླར་འདོད་པའི་ཁམས་སུ་ངན་སོང་གསུམ་ལ་སོགས་པའི་གནས་མན་

เล่ม ๑๒๖ · หน้า 180a

ཆད་དུ་སྐྱེ་བར་བྱེད་པ་ནི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་མེད་པའི་ཤེས་རབ་སྟེ། །བློ་ལྡན་དག་གིས་ངོ་མཚར་ཤེས། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཤེས་རབ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་འབྱེད་

པ་ཡིན་ན། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ལ་ཡང་ཡོད་པ་དང་མེད་པ་ལ་སོགས་པ་གང་ལ་ཡང་མི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ལ་ངོ་མཚར་དུ་བྱ་བ་ཡིན་ཏེ། དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ལ་

ངོ་མཚར་ཆེ་བ་བསྟན་ཏོ། །ད་ནི་འབྲས་བུ་ཐོབ་པ་ལ་ངོ་མཚར་ཆེ་བ་སྟོན་ཏེ། དེ་ལ་འབྲས་བུ་ལ་ཡང་སློབ་པའི་འབྲས་བུ་དང་། མི་སློབ་པའི་འབྲས་བུ་སྟེ་རྣམ་པ་གཉིས་སོ། །དེ་བཞིན་གཤེགས་པའི་རིགས་སུ་སྟེ། །ཞེས་བྱ་བ་ལ་མོས་པ་སྤྱོད་པའི་ས་མན་

ཆད་ན་སོ་སོའི་སྐྱེ་བོའི་རིགས་སུ་གནས་པ་ལས་ས་དང་པོ་ཐོབ་པའི་དུས་ན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཐོབ་སྟེ། དེ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ནི་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེས་ས་དང་པོ་ཐོབ་

པ་ནས་ས་དང་པོ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱའོ། །དེ་བས་ན་ས་བཅུ་པའི་མདོ་ལས་ཀྱང་དེའི་ཚེ་དེའི་བདག་ཉིད་ཀྱིས་ཆོས་ཐོབ་པ་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱའོ་ཞེས་གསུངས་ཏེ། འདི་ནི་སློབ་པའི་འབྲས་བུ་རྣམ་པ་གཅིག་ཐོབ་

པའོ། །ལུང་བསྟན་པ་ཐོབ་པ་དང་ཞེས་བྱ་བ་ལ་ས་བརྒྱད་པ་ཐོབ་པའི་དུས་ན་རྩོལ་བ་དང་འབད་པ་ཐམས་ཅད་ལས་འདས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་སྟེ། དེའི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་

ཐོབ་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སློབ་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པའོ། །དབང་བསྐུར་བ་དང་ཞེས་བྱ་བ་ལ་ས་དགུ་པ་ལས་འདས་ནས་ས་བཅུ་ཐོབ་པ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་

เล่ม ๑๒๖ · หน้า 180b

ཀྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་དེ། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་སློབ་པའི་འབྲས་བུ་གསུམ་ཐོབ་པའོ། །བྱང་ཆུབ་ཀྱང་ཐོབ་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སར་བླ་ན་མེད་པའི་བྱང་

ཆུབ་ཏུ་མངོན་པར་སངས་རྒྱས་པ་ཐོབ་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་དུ་བྱ་བ་སྟེ། འདིས་ནི་མི་སློབ་པའི་འབྲས་བུ་མཆོག་ཐོབ་པ་བསྟན་ཏོ། །འདི་དག་ལ་ནི་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གོང་དུ་བཤད་པའི་ཆོས་དེ་ལྟ་བུ་དག་ནི་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་།

རང་སངས་རྒྱས་ལ་སོགས་པ་ལ་ཡོད་པ་མི་སྲིད་པས་དེའི་ཕྱིར་ངོ་མཚར་དུ་བྱ་བའོ། །ངོ་མཚར་མི་ཆེ་བར་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུའི་ཆོས་དེ་དག་འཇིག་རྟེན་དང་ཉན་ཐོས་ལ་སོགས་པ་དེ་དག་ལ་ལྟོས་ན་ནི་ངོ་མཚར་དུ་བྱ་བ་ཡིན་མོད་ཀྱི།

བྱང་ཆུབ་སེམས་དཔའ་བསམ་པ་རླབས་པོ་ཆེ་དང་འདྲ་བ་རྣམས་ལ། དེ་ངོ་མཚར་དུ་བྱ་བ་མ་ཡིན་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་བྲལ་དང་སྙིང་རྗེ་དང་། །སྒོམ་པ་དག་ནི་དམ་པ་དང་། །དེ་བཞིན་སེམས་ནི་མཉམ་པ་ལ། །དེ་

ལ་སྦྱོར་བ་ངོ་མཚར་མིན། །ཞེས་བྱ་བ་ལ་གང་འདོད་ཆགས་དང་བྲལ་བའི་སེམས་རྙེད་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། །བསྒོམ་པ་དམ་པ་ལ་བསྒོམ་པ་དང་། བདག་དང་སེམས་ཅན་དུ་མཉམ་པའི་སེམས་རྙེད་པ་དག་གིས་གོང་དུ་བཤད་པ་ལྟ་བུ་ཕ་རོལ་ཏུ་ཕྱིན་པ་དག་ལ་སྦྱོར་

ཞིང་བྱང་ཆུབ་དམ་པའི་བར་དག་ཐོབ་པར་གྱུར་པ་ལ། ངོ་མཚར་མི་ཆེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་ལ་སོགས་པ་ལ་ཡང་མི་གཙང་བ་ལྟ་བུར་འདུ་ཤེས་པ་རྙེད་ཅིང་ལོངས་སྤྱོད་ལ་ཆགས་པའི་འདོད་ཆགས་དང་བྲལ་བ་རྣམས་ཕྱི་ནང་གི་དངོས་པོ་ཡོངས་སུ་

གཏོང་བར་བྱེད་པ་ནི་ངོ་མཚར་དུ་ཆེ་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་བྱའོ་སྙམ་དུ་སེམས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སེམས་ཅན་གྱི་སྲོག་མི་གཅོད་པ་དང་ནོར་ལ་མ་བྱིན་པར་མི་ལེན་པ་ལ་སོགས་པའི་ཚུལ་ཁྲིམས་སྲུང་བར་བྱེད་པ་ནི་ངོ་

เล่ม ๑๒๖ · หน้า 181a

མཚར་དུ་མི་ཆེ་བ་ཡིན་ནོ། །གཞན་ཡང་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པས་བདག་གི་ལུས་དང་སྲོག་ལས་ཀྱང་སེམས་ཅན་ལ་ཕངས་པར་འཛིན་ཏེ། སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་བདག་ཉིད་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་ལེན་

པ་དེས་སེམས་ཅན་གཞན་གྱི་གནོད་པ་བྱས་ནས་སླར་གནོད་པ་མི་བྱེད་ཅིང་བཟོད་པ་བྱེད་པ་ངོ་མཚར་དུ་བྱ་བ་མ་ཡིན་ནོ། །འདི་ལྟར་ལོ་རེ་རེ་ཉི་མ་རེ་རེ་སྐད་ཅིག་མ་རེ་རེ་ལ་དགེ་བ་རྒྱུན་མ་ཆད་པར་སྒོམ་ནུས་པའི་བརྩོན་འགྲུས་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ཆོས་ཞི་གནས་སྒོམ་པའི་སེམས་

དང་ལྡན་པ་དང་། ཐེག་པ་ཆེན་པོའི་ལྷག་མཐོང་བསྒོམ་པའི་སེམས་དང་ལྡན་པ་དང་། ལུས་དང་སྲོག་ལའང་མི་ལྟ་བར་བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་གྱི་སར་རོ་ལ་མ་ཆགས་པའི་བསམ་གཏན་དང་ལྡན་པ་དང་། ཅི་ལ་ཡང་མི་རྟོག་པའི་ཤེས་པ་དང་ལྡན་པ་དང་།

བསྒོམ་པ་དམ་པ་སྟེ་དེ་ལྟ་བུ་དང་ལྡན་པ་རྣམས་ས་དང་པོ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་དང་། ས་བརྒྱད་པ་ལ་རྩོལ་བ་དང་འབད་པ་ཐམས་ཅད་ལས་འདས་པས་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་

བསྟན་པ་ཐོབ་པ་དང་། ས་བཅུ་ལ་དབང་བསྐུར་བ་ཐོབ་པ་དང་། སངས་རྒྱས་ཀྱི་སར་མངོན་པར་བྱང་ཆུབ་པ་ཡང་ངོ་མཚར་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བདག་གང་ཡིན་པ་སེམས་ཅན་ཡང་དེ་ཡིན། སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་

ཞེས་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པས་བདག་གི་དོན་ལ་འཇུག་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ཡང་ངོ་མཚར་མི་ཆེ་བའོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་དམ་པ་ལ་བརྟེན་

ནས་ས་བརྒྱད་པ་ལ་མངོན་པར་འདུ་བྱེད་པ་མེད་ཅིང་། རྣམ་པར་མི་རྟོག་པའི་བརྩོན་འགྲུས་ལ་སོགས་པ་ལ་སྦྱོར་བ་ནི་ངོ་མཚར་མ་ཡིན་ནོ་ཞེས་བྱ་བ་ལ་བསྒོམ་པ་དམ་པ་ནི་སྐད་ཅིག་མ་རེ་རེ་ལ་ཡང་དགེ་བ་རྒྱུན་མི་འཆད་པར་བསྒོམ་པ་དང་། ཐེག་པ་ཆེན་པོའི་ཞི་གནས་

เล่ม ๑๒๖ · หน้า 181b

བསྒོམ་པ་དང་། ཐེག་པ་ཆེན་པོའི་ལྷག་མཐོང་བསྒོམ་པ་སྟེ། བསྒོམ་པ་ཐོབ་པ་དེ་ལྟ་བུ་ཐོབ་པ་ལ་བརྟེན་ནས་ལུས་དང་སྲོག་ལ་ཡང་མི་ཕངས་པར་བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་གྱི་རོ་ལ་མི་ཆགས་པ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་དང་ལྡན་པ་དང་

ས་བརྒྱད་པ་ཐོབ་ནས། མངོན་པར་འདུ་མི་བྱེད་ཅིང་། རྩོལ་བ་དང་འབད་པ་མེད་པའི་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཐོབ་པས། ལུང་བསྟན་པ་ཐོབ་པ་དང་། ས་བཅུ་དབང་བསྐུར་བ་ཐོབ་པ་དང་། སངས་རྒྱས་ཀྱི་སར་མངོན་པར་བྱང་ཆུབ་པ་ཐོབ་པ་ནི་ངོ་

མཚར་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་མཉམ་པ་ལ་ཚིགས་སུ་བཅད་པ་གསུམ་མོ་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར། ངོ་མཚར་ཆེན་པོའི་ཆོས་དང་། ངོ་མཚར་མི་ཆེ་བ་དང་། བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་འགྱུར་ཏེ།

ཇི་ལྟར་སེམས་མཉམ་པ་དེ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་གྱིས་བསྡུས་པའི་དོན་ནི་སེམས་ཅན་ལ་སེམས་མཉམ་པ་དང་། སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་མཉམ་པའོ། །ཇི་ལྟར་བློ་ལྡན་སེམས་ཅན་ལ། །

བྱམས་པ་རབ་ཏུ་བྱེད་པ་བཞིན། །དེ་ལྟར་བདག་དང་ཆུང་མ་དང་། །བུ་གྲོགས་རྩ་ལག་རྣམས་ལ་མིན། །ཞེས་བྱ་བ་ལ། ཇི་ལྟར་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྡུག་པ་དང་ཕངས་པ་དང་གཅེས་པའི་སེམས་སུ་ཐམས་ཅད་

འབྱུང་བ་དེ་ལྟར་སེམས་ཅན་དག་བདག་ཉིད་ལ། བདག་ཉིད་དེ་ཙམ་དུ་སྡུག་པའི་བསམ་པ་མི་འབྱུང་བ་དང་། ཁྱིམ་ཐབ་ཆུང་མ་ལ་དེ་ཙམ་དུ་སྡུག་པའི་བསམ་པ་མི་འབྱུང་བ་དང་། ཕ་མ་བུ་ལ་དེ་ཙམ་དུ་སྡུག་པའི་བསམ་པ་མི་འབྱུང་བ་དང་གྲོགས་རྣམས་ལ་དེ་ཙམ་དུ་

སྡུག་པའི་བསམ་པ་མི་འབྱུང་བ་དང་། ཉེ་དུ་དག་ཀྱང་ཉེ་དུ་ལ་དེ་ཙམ་དུ་སྡུག་པའི་བསམ་པ་མི་འབྱུང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དག་ལ་བར་འགའ་བདག་ཉིད་ལ་བདག་ཉིད་ཞེ་སྡང་སྐྱེས་ནས་དུག་ཟ་བ་དང་། གཡང་དུ་མཆོང་བ་ལ་སོགས་པ་བྱེད་ཅིང་བདག་

เล่ม ๑๒๖ · หน้า 182a

ཉིད་ཀྱིས་བདག་ཉིད་ལ་གསོད་པ་ཡོད་དོ། །དེ་བཞིན་དུ་ཉེ་དུ་ལ་སོགས་པ་དང་། ཉེ་དུ་དག་ལ་བརྡེག་བཙོག་པ་དང་། གསད་པ་ལ་སོགས་པའི་ལས་བྱེད་པ་དང་། སེམས་མཉམ་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་

ལ་སྡུག་པར་བྱེད་ཅིང་དུས་ཐམས་ཅད་དུ་སྡུག་པར་བྱེད་པས་ན་སེམས་ཅན་ལ་སེམས་མཉམ་པ་སྟེ། འདིས་ནི་སེམས་ཅན་ལ་སེམས་མཉམ་པ་བསྟན་ཏོ། །འདོད་པ་ལ་ནི་ཉེ་མགོན་མེད། །ཅེས་བྱ་བ་ལ་འདོད་པ་ལ་ནི་བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་བྲམ་ཟེ་དང་

ཁྱིམ་བདག་ལ་སོགས་པ་སྟེ། ཉེ་མགོན་མེད་པ་ནི་མཛའ་བ་དང་བཤེས་པ་འབའ་ཞིག་ལ་ཟང་ཟིང་གཏོང་བ་མ་ཡིན་གྱི་མཛའ་བ་དང་། མི་མཛའ་བ་དང་། ཕོངས་པ་དང་མ་ཕོངས་པར་ཀུན་ལ་ཡང་འདྲ་བར་ཡོ་བྱད་ཡོངས་སུ་གཏོང་བ་ནི་ཉེ་མགོན་མེད་པ་ཞེས་བྱའོ། །དེ་

ལྟ་བུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བསྒྲུབ་པའོ། །ཚུལ་ཁྲིམས་རྟག་ཏུ་མ་ཉམས་ཤིང་། །ཞེས་བྱ་བ་ལ་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྲུང་བ་དང་བཅས་པའི་ཁ་ན་མ་ཐོ་བ་སྲུང་བའོ། །དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྲུང་

བ་ནི་ཕས་ཕམ་པ་བཞི་མི་འབྱུང་བར་སྲུང་བའོ། །བཅས་པའི་ཁ་ན་མ་ཐོ་བ་སྲུང་བ་ནི་ཕྱེད་ཡོལ་ཕན་ཆད་ཟན་མི་བཟའོ་ཞེས་བཅས་པ་དང་། རྩ་མི་བཅད་དོ་ཞེས་བྱ་བ་ལ་སོགས་པ་བཅས་པའི་རྣམ་པ་བསྲུང་བ་སྟེ། དེ་ལ་ཇི་ལྟར་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་འབྱུང་བར་སྲུང་བ་བཞིན་དུ་བཅས་

པའི་ཁ་ན་མ་ཐོ་བ་རྡུལ་ཙམ་ཚུན་ཆད་ཀྱང་མི་འབྱུང་བར་སྲུང་ཞིང་། དེ་ལ་བར་འགའ་སྲུང་། བར་འགའ་མི་སྲུང་བ་མ་ཡིན་གྱི་དུས་ཐམས་ཅད་དུ་སྲུང་སྟེ། དེ་ནི་ཚུལ་ཁྲིམས་རྟག་ཏུ་མ་ཉམས་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བསྒྲུབ་པའོ། །

ཐམས་ཅད་དུ་བཟོད་པ་དང་ཞེས་བྱ་བ་ལ་ཡུལ་ཐམས་ཅད་དུ་བཟོད་པ་དང་དུས་ཐམས་ཅད་དུ་བཟོད་པ་དང་སེམས་ཅན་ཐམས་ཅད་དུ་བཟོད་པ་ཞེས་བྱའོ། །དེ་ལ་ཤར་ཕྱོགས་སུ་ནི་བཟོད་པར་བྱའི། ནུབ་ཕྱོགས་སུ་ནི་བཟོད་པར་མི་བྱ་ཞེས་བྱ་བ་མེད་པས་ཕྱོགས་བཅུ་ཐམས་ཅད་དུ་ཡང་

เล่ม ๑๒๖ · หน้า 182b

བཟོད་པར་བྱེད་པ་ནི་ཡུལ་ཐམས་ཅད་དུ་བཟོད་པ་ཞེས་བྱའོ། །འདས་པའི་དུས་སུ་ནི་བཟོད་པར་བྱའི་མ་འོངས་པའི་དུས་སུ་ནི་མི་བཟོད་ཅེས་བྱ་བ་མེད་ཀྱི་དུས་གསུམ་ཐམས་ཅད་དུའང་བཟོད་པར་བྱེད་པ་ནི་དུས་ཐམས་ཅད་དུ་བཟོད་པའོ། །དེ་ལ་བཤེས་པ་དང་མཛའ་བ་རྣམས་ལ་ནི་བཟོད་

པར་བྱའི་དགྲ་ལ་སོགས་པ་ལ་བཟོད་པར་མི་བྱའོ། །དབང་དང་མཐུ་ཆེ་བ་རྣམས་ལ་ནི་བཟོད་པར་བྱའི། དབང་ཆུང་ཞིང་ཉམ་ཆུང་བ་རྣམས་ལ་ནི་བཟོད་པར་མི་བྱ་ཞེས་བྱ་བ་མེད་པར་ཇི་ལྟར་མཛའ་བའི་རྣམས་ལ་བཟོད་པ་བཞིན་དུ་དགྲ་ལ་ཡང་བཟོད་པར་བྱེད་ལ། འདི་ལྟར་དབང་མཐུ་

ཆེ་བའི་རྣམས་ལ་བཟོད་པར་བྱེད་པ་བཞིན་དུ་མཐུ་ཆུང་ངུའི་རྣམས་ལ་ཡང་བཟོད་པར་བྱེད་པས་ན་སེམས་ཅན་ཐམས་ཅད་ལ་བཟོད་པ་ཞེས་བྱ་སྟེ། དེ་ལྟ་བུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བསྒྲུབ་པའོ། །ཐམས་ཅད་དོན་ལ་བརྩོན་ཆེན་རྩོམ། །ཞེས་བྱ་བ་ལ་ཇི་ལྟར་བདག་

གི་དོན་བསྒྲུབ་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཇི་ལྟར་དགེ་བ་གཅིག་འགྲུབ་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལྟར་དགེ་བ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་ཡང་བརྩོན་འགྲུས་རྩོམ་

པའི་དོན་ཆེན་ཐམས་ཅད་ལ་བརྩོན་ཆེན་རྩོམ་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བསྒྲུབ་པའོ། །རྟག་ཏུ་དགེ་བའི་བསམ་གཏན་དང་། །ཞེས་བྱ་བ་ལ་བསམ་གཏན་རྣམ་པ་གསུམ་སྟེ་ཉོན་མོངས་པ་ཅན་དང་དག་པར་གྱུར་པ་དང་ཟག་པ་མེད་པའོ། །

དེ་ལ་བསམ་གཏན་གྱི་བདེ་བའི་རོ་ལ་ཆགས་པའི་བསམ་གཏན་ནི་ཉོན་མོངས་པ་ཅན་ཞེས་བྱའོ། །བསམ་གཏན་གྱི་རོ་ལ་མ་ཆགས་པའི་བསམ་གཏན་ནི་དག་པར་གྱུར་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཅན་གྱི་བསམ་གཏན་ལ་མི་གནས་ཀྱི་དག་པར་གྱུར་པའི་བསམ་གཏན་དང་། ཟག་པ་མེད་པའི་

བསམ་གཏན་ལ་བསྒོམ་ལ། དེའང་བར་འགའ་བསྒོམ། བར་འགའ་མི་བསྒོམ་པ་མ་ཡིན་གྱི་དུས་ཐམས་ཅད་དུ་བསྒོམ་པས་རྟག་ཏུ་དགེ་བའི་བསམ་གཏན་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བསྒྲུབ་པའོ། །ཤེས་རབ་ཀྱང་ནི་རྣམ་མི་

เล่ม ๑๒๖ · หน้า 183a

རྟོག །ཞེས་བྱ་བ་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་རྟོག་གི་ཡོད་པར་ཡང་མི་རྟོག །མེད་པར་ཡང་མི་རྟོག །རྟག་པར་ཡང་མི་རྟོག །མི་རྟག་པར་ཡང་མི་རྟོག་པ་ནི་ཤེས་རབ་རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པ་ཉིད་དུ་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡི། །སེམས་མཉམ་པར་ནི་ཤེས་པར་བྱ། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་གོང་དུ་བཤད་པ་ལྟ་བུར་བསྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་སེམས་མཉམ་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་ཚིགས་

སུ་བཅད་པ་གཉིས་ཀྱིས་ནི་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ལ་སེམས་མཉམ་པ་བསྟན་ཏོ། །ཕན་འདོགས་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་དྲུག་གོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དེ་སེམས་ཅན་ལ་

སེམས་མཉམ་པས་བྱམས་པ་དང་སྡུག་པར་སེམས་པ་ཙམ་དུ་མ་ཟད་ཀྱི། ལུས་དང་སྲོག་དག་གི་སྒོ་ནས་ཕན་འདོགས་པར་བྱེད་དེ། དེ་ལྟར་ཕན་འདོགས་པར་བྱེད་པ་དེ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་དྲུག་གིས་བསྟན་པ་ལ་དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཕ་

རོལ་ཏུ་ཕྱིན་པ་དྲུག་གིས་ཕན་འདོགས་པར་བྱེད་པ་བསྟན་ཏོ། །ཚིགས་སུ་བཅད་པ་བཅུ་བཞིས་ནི་ཕ་མ་ལ་སོགས་པས་བུ་ཚ་ལ་སོགས་པ་ལ་ཕན་འདོགས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པར་བྱེད་པ་བསྟན་ཏོ། །སྣོད་དུ་ཡང་ནི་བྱེད་

པ་དང་། །ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་བཟའ་བ་དང་བགོ་བ་ལ་སོགས་པས་ཕོངས་ནས། ཉན་པ་དང་སེམས་པ་ལ་སོགས་པའི་དགེ་བ་བྱེད་མི་ནུས་པ་ནི་སྣོད་དུ་མ་གྱུར་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་བཟའ་བ་དང་། བགོ་བ་ལ་

སོགས་པའི་ཡོ་བྱད་ཀྱིས་ཕོངས་པར་གྱུར་ནས་དགེ་བ་སྤྱོད་མི་ནུས་པ་རྣམས་ལ་ཟང་ཟིང་བྱིན་ནས། ཕོངས་པ་དང་བྲེལ་བ་མེད་པར་བྱས་ཏེ། དགེ་བ་བྱེད་དུ་བཅུག་པ་ནི་སྣོད་དུ་བྱེད་པ་ཞེས་བྱ་སྟེ། སྦྱིན་པས་ནི་དེ་ལྟར་ཕན་འདོགས་པར་བྱེད་དོ། །དེ་བཞིན་ཚུལ་ཁྲིམས་

เล่ม ๑๒๖ · หน้า 183b

འཇོག་པ་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་བཞིན་དུ་སེམས་ཅན་གཞན་ཡང་སྡོམ་པའི་ཚུལ་ཁྲིམས་ལ་འཇོག་པར་བྱེད་དེ། ཚུལ་ཁྲིམས་ཀྱིས་ནི་དེ་ལྟར་ཕན་འདོགས་སོ། །གནོད་པ་ལ་

ནི་བཟོད་པ་དང་། །ཞེས་བྱ་བ་ལ་སེམས་ཅན་གཞན་དག་གིས་ལུས་ཀྱི་སྒོ་ནས་བརྡེག་པ་ལ་སོགས་པ་བྱས་པ་དང་། ངག་གི་སྒོ་ནས་ཚིག་རྩུབ་པོ་སྨྲས་ཀྱང་སླར་ལུས་དང་ངག་གིས་ལན་མི་ལྡོན་པ་ནི་གནོད་པ་ལ་བཟོད་པ་ཞེས་བྱ་སྟེ། བཟོད་པས་ནི་དེ་ལྟར་ཕན་

འདོགས་པར་བྱེད་དོ། །དོན་སྤྱོད་པར་ནི་འགྲོ་བ་དང་། །ཞེས་བྱ་བ་ལ་དོན་སྤྱོད་པ་ནི་སེམས་ཅན་གྱི་ལས་སུ་བྱ་བ་ལ་སྒྲུབ་པ་སྟེ། སེམས་ཅན་གྱི་ལས་སུ་བྱ་བ་ནི་གྲོགས་བྱ་བའི་ཕྱིར་ཐག་རིང་པོའི་གནས་དང་། སྡུག་བསྔལ་བའི་གནས་དག་ཏུ་ཡང་འགྲོ་ཞིང་གྲོགས་

བྱེད་པ་ནི་དོན་སྤྱོད་པས་འགྲོ་བ་ཞེས་བྱ་སྟེ། བརྩོན་འགྲུས་ཀྱིས་ནི་དེ་ལྟར་ཕན་འདོགས་སོ། །བསྟན་པ་ལ་ཡང་འཛུད་པར་བྱེད། །ཅེས་བྱ་བ་ལ་གང་བསམ་གཏན་དང་ལྡན་པ་དེ་དག་ནི་རྫུ་འཕྲུལ་གྱི་མཐུ་རྙེད་པ་ཡིན་ཏེ། དེ་བས་ན་བསམ་གཏན་གྱིས་འབར་བ་དང་འཐུལ་བ་ལ་

སོགས་པའི་རྫུ་འཕྲུལ་བསྟན་ནས། སེམས་ཅན་དད་པ་བསྐྱེད་ནས་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱེད་དུ་བཅུག་པ་ནི་བསྟན་པ་ལ་འཇུག་པ་ཞེས་བྱ་སྟེ་བསམ་གཏན་གྱིས་ནི་དེ་ལྟར་ཕན་འདོགས་པར་བྱེད་དོ། །ཐེ་ཚོམ་ཡང་དག་སེལ་བར་བྱེད། །ཅེས་བྱ་བ་ལ། སེམས་ཅན་

རྣམས་ཐེག་པ་གསུམ་གྱི་ཆོས་མི་ཤེས་ཤིང་དེ་དག་ལ་ཡོད་དམ་མེད་སྙམ་དུ་བློ་གཉིས་སུ་འཇུག་པ་ནི་ཐེ་ཚོམ་ཞེས་བྱ་སྟེ། དེ་དག་ལ་ཐེག་པ་གསུམ་གྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བཤད་ནས་ཤེས་པ་དང་བློ་རྣམ་པ་གཉིས་མེད་པར་བྱས་པ་ནི་ཐེ་ཚོམ་ཡང་དག་པར་སེལ་བ་ཞེས་བྱ་

སྟེ། ཤེས་རབ་ཀྱིས་ནི་དེ་ལྟར་ཕན་འདོགས་སོ། །བློ་ལྡན་རྣམས་ཀྱིས་སེམས་ཅན་ལ། །ཕན་འདོགས་པར་ནི་འདི་དག་འདོད། །ཅེས་བྱ་བ་ལ་གོང་དུ་བཤད་པ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་གྱི་དོན་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལས་ཕན་འདོགས་པ་ཞེས་བྱ་སྟེ།

เล่ม ๑๒๖ · หน้า 184a

དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཕན་འདོགས་པར་བྱེད་པ་བསྟན་ཏོ། །ཚིགས་སུ་བཅད་པ་ལྷག་མས་ནི་མ་ལ་སོགས་པ་དང་འདྲ་བར་ཕན་འདོགས་པ་བསྟན་ཏོ་ཞེས་བྱ་བ་ལ། འདི་མན་ཆད་ཚིགས་སུ་བཅད་པ་བཞིས་ནི་མས་

བུ་ལ་ཕན་འདོགས་པ་དང་། ཕས་བུ་ལ་ཕན་འདོགས་པ་དང་། ཉེ་དུས་ཉེ་དུ་ལ་ཕན་འདོགས་པ་དང་། གྲོགས་པོས་གྲོགས་པོ་ལ་ཕན་འདོགས་པ་དང་། བྲན་གྱིས་རྗེ་བོ་ལ་ཕན་འདོགས་པ་དང་། སློབ་དཔོན་གྱིས་སློབ་མ་ལ་ཕན་འདོགས་པ་དང་། མཁན་པོས་སློབ་མ་ལ་

ཕན་འདོགས་པ་དང་འདྲ་བར་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ལ་ཕན་འདོགས་པར་བྱེད་པ་བསྟན་ཏོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱལ་སྲས་མ་དང་འདྲ་བའོ། །ཞེས་བྱ་བ་ལ། མས་བུ་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་

དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་ལ་ཕན་འདོགས་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་མ་དང་འདྲ་བ་ཡིན་ནོ། །དེ་ལ་མས་བུ་ལ་ཕན་འདོགས་པར་བྱེད་པའི་ལས་ལྔ་པོ་གང་ཞེ་ན། སྐྱེ་གནས་འཛིན་པ་དང་གཅིག །སྐྱེད་པར་

བྱེད་པ་དང་གཉིས། མཐུན་པར་བྱེད་པ་དང་གསོ་བ་དང་ཤིན་ཏུ་སྐྱེད་པར་བྱེད་པ་དང་གསུམ། ངན་ལས་སྲུང་བར་བྱེད་པ་དང་བཞི། སྨྲ་བ་ཡང་སློབ་པར་བྱེད་པ་དང་ལྔའོ། །བསམ་པ་མཚུངས་པས་སེམས་ཅན་རྣམས། །རྟག་ཏུ་དེ་བཞིན་འཛིན་པར་བྱེད། །ཅེས་བྱ་བ་ལ་འདི་ལྟར་

མ་ནི་བུ་མ་བྱུང་གི་བར་དུ་མི་བདེ་བ་བཞིན་དུ། བུ་མངལ་ན་འཛིན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་བསམ་པས་སེམས་ཅན་སྡུག་བསྔལ་བ་གཅིག་མི་གཏོང་སྟེ། འཛིན་པ་བཞིན་དུ་སྙིང་རྗེའི་སེམས་དེ་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་ཀྱང་མི་གཏོང་ཞིང་

འཁོར་བའི་མཐའི་བར་དུ་འཛིན་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་མ་དང་འདྲའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་མ་ལྟ་བུའོ། །སྙིང་རྗེ་ཆེན་པོ་ནི་མ་མ་ལྟ་བུའོ། །འཕགས་པའི་སར་ནི་སྐྱེད་པ་དང་། །ཞེས་བྱ་བ་ལ་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་

เล่ม ๑๒๖ · หน้า 184b

འདས་ནས་ཉན་ཐོས་ཀྱི་ཚུལ་གྱིས་ཀྱང་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་དང་། འགོག་པར་ཡང་སྙོམས་པར་འཇུག་པ་ཐོབ་པ་དག་ནི་འཕགས་པའི་སའོ། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་ནི་འཇིག་རྟེན་

གྱི་ཆོས་མཆོག་འདས་ནས་ས་དང་པོ་ཡན་ཆད་སངས་རྒྱས་ཀྱི་ས་མན་ཆད་ལ་འཕགས་པའི་ས་ཞེས་བྱ་སྟེ། འདི་ལྟར་མས་བུ་མ་ཤི་བ་དང་། མི་གནོད་པར་ལྟོ་ནས་འབྱིན་ཅིང་སྐྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་རྣམས་འཕགས་པའི་ས་དེ་དག་ཏུ་འབྱིན་ཅིང་

འཇོག་ལ་སྐྱེད་པར་བྱེད་པས་ན་མ་ལྟ་བུར་གྱུར་པའོ། །དགེ་བ་ཡང་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་མས་བུ་སྐྱེས་ནས་ནུ་མ་ནུ་པར་བྱེད་པ་དང་། ཁ་ཟས་ཀྱིས་གསོས་པར་བྱེད་པ་དང་། ཆུས་བཀྲུས་པ་དང་། མར་གྱིས་མཉེ་བ་ལ་སོགས་པའི་སྒོ་ནས་བུའི་ལུས་ཆེར་བསྐྱེད་པ་

ལ་སོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སེམས་ཅན་རྣམས་འཇིག་རྟེན་གྱི་དགེ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་འཕེལ་ཞིང་སྐྱེད་པར་བྱེད་པས་ན་མ་དང་འདྲའོ། །དེ་ལ་འཇིག་རྟེན་གྱི་དགེ་བ་ནི་སོ་སོའི་སྐྱེ་བོའི་དུས་ན་ཕ་རོལ་ཏུ་

ཕྱིན་པ་དྲུག་སྤྱོད་པའོ། །འཇིག་རྟེན་ལས་འདས་པའི་དགེ་བ་ནི་ས་དང་པོ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པའོ། །ཉེས་བྱས་ཡོངས་སུ་བསྲུང་བ་དང་། །ཞེས་བྱ་བ་ལ། ཇི་ལྟར་མས་བུ་ལ་གཡང་ས་དང་། ངམ་གྲོག་ལ་

སོགས་པར་མི་ལྟུང་བར་འགྱུར་བ་སྲུང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ངན་སོང་གསུམ་དུ་ལྟུང་བར་འགྱུར་བའི་ལུས་ཀྱི་ཉེས་པ་བྱེད་པ་དང་། ངག་གི་ཉེས་པ་བྱེད་པ་དང་། ཡིད་ཀྱི་ཉེས་པ་བྱེད་པ་ལས་བསྲུང་ཞིང་བཟློག་

པར་བྱེད་པས་ན་མ་དང་འདྲ་བ་ཡིན་ནོ། །ཉན་ཅིང་ཤེས་པར་བྱེད་པ་སྟེ། །ཞེས་བྱ་བ་ལ། ཇི་ལྟར་མས་བུ་ལ་འཇིག་རྟེན་གྱི་མིང་དང་། ཚིག་དང་། བརྡ་དང་། ཐ་སྙད་རྣམས་ལོབས་པ་དང་མཁས་པར་གྱུར་པ་སློབ་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སངས་རྒྱས་

เล่ม ๑๒๖ · หน้า 185a

དང་བྱང་ཆུབ་སེམས་དཔའ་རྣམས་ལས་དམ་པའི་ཆོས་ཉན་པ་ནས། ཇི་ལྟར་མཉན་པའི་ཆོས་སེམས་ཅན་ལ་སྟོན་ཅིང་སློབ་པར་བྱེད་དེ། དེ་བས་ན་མ་དང་འདྲའོ། །ལས་ལྔ་ཡིས་ནི་སེམས་ཅན་གྱི། །རྒྱལ་སྲས་ཕ་དང་མཚུངས་པའོ། །ཞེས་བྱ་བ་ལ་ཇི་ལྟར་

ཕས་བུ་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་ལ་ཕན་འདོགས་པར་བྱེད་པས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཕ་དང་འདྲ་བ་ཡིན་ནོ། །ཇི་ལྟར་ཕས་ལས་རྣམ་པ་ལྔས་བུ་ལ་ཕན་འདོགས་ཤེ་ན།

ལས་རྣམ་པ་ལྔ་ནི་ས་བོན་འདེབས་པར་བྱེད་པ་དང་། བཟོ་སློབ་པར་བྱེད་པ་དང་། མཐུན་པའི་མནའ་མ་ལེན་པར་བྱེད་པ་དང་། གྲོགས་པོ་དམ་པ་ལ་ཕན་འདོགས་པར་བྱེད་པ་དང་། བུ་ལོན་མེད་པར་བྱེད་པས་ཕན་འདོགས་སོ། །དད་པ་སེམས་ཅན་ཐམས་ཅད་ལ། །ཐམས་ཅད་

དུ་ནི་སྐྱེད་པ་དང་། །ཞེས་བྱ་བ་ལ། ཇི་ལྟར་ཕས་བུའི་ལུས་སྐྱེད་པར་བྱེད་པའི་ས་བོན་ཁུ་བ་མ་བཞག་ན་ནི་བུའི་ལུས་སྐྱེ་བར་མི་འགྱུར་བས་ལུས་རྒྱུ་ཁུ་བ་འཇོག་པར་བྱེད་དོ། །དེ་བཞིན་དུ་དད་པ་ཡང་ཐེག་པ་གསུམ་གྱི་ལུས་ཐོབ་པར་བྱེད་པའི་ས་བོན་ཡིན་ཏེ། དེ་བས་ན་བྱང་ཆུབ་

སེམས་དཔའ་དེ་རྣམས་དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པའི་ཕྱིར། སེམས་ཅན་གྱི་སེམས་ཀྱི་རྒྱུ་ལ་དད་པའི་ས་བོན་འཇོག་པར་བྱེད་དེ། དེའི་ཕྱིར་ཕ་དང་འདྲའོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་སློབ། །ཅེས་བྱ་བ་ལ། ཇི་ལྟར་ཕས་བུ་ལ་སོ་སོའི་རིགས་དང་

མཐུན་པའི་བཟོ་སློབ་པར་བྱེད་དེ། རྒྱལ་རིགས་ཞིག་ཡིན་ན་ནི་དགྲ་ཆོས་ལ་སོགས་པ་རྒྱལ་རིགས་ཀྱིས་བསླབ་པར་བྱ་བ་གང་ཡིན་པ་སློབ་པར་བྱེད་པས་ན་དམངས་རིགས་པ་སོགས་པ་ཡང་སོ་སོའི་བཟོ་སློབ་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ལ་

ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་སློབ་པར་བྱེད་པས་ན་ཕ་དང་འདྲའོ། །རྣམ་པར་གྲོལ་བ་སྦྱོར་བའི་ཕྱིར། །ཞེས་བྱ་བ་ལ་ཇི་ལྟར་ཕས་ཆུང་མའི་བདེ་བ་དང་དགའ་བ་བུས་མྱོང་བར་བྱ་བའི་

เล่ม ๑๒๖ · หน้า 185b

ཕྱིར། བུ་དང་རྗེས་སུ་མཐུན་པའི་མནའ་མ་ལེན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་བདེ་བ་དང་དགའ་བ་སེམས་ཅན་གྱིས་མྱོང་བར་བྱ་བའི་ཕྱིར། རྣམ་པར་གྲོལ་བའི་གནས་སུ་སེམས་ཅན་རྣམས་འཇོག་ཅིང་དེར་སྦྱོར་

བར་བྱེད་པས་ཕ་དང་འདྲའོ། །སངས་རྒྱས་ལ་ནི་གསོལ་བ་འདེབས། །ཞེས་བྱ་བ་ལ་ཇི་ལྟར་ཕས་བུ་དེའི་བུའི་སྲོག་དང་སྲིད་ལ་ཕན་པར་འགྱུར་བའི་གྲོགས་པོ་དམ་པ་དག་ལ་བུ་འདོམས་ཤིང་གཏོད་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་

ཐམས་ཅད་ལ་ཕན་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་མི་འདའ་ཞིང་བཞུགས་སུ་གསོལ་བར་གསོལ་བ་འདེབས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་ཏེ་དེ་བས་ན་ཕ་དང་འདྲའོ། །སྒྲིབ་པ་དེ་དག་རྣམ་པར་སྤང་། །ཞེས་བྱ་བ་ལ། ཇི་ལྟར་ཕས་

བདག་ལ་བུ་ལོན་ཡོད་པའི་སྣམ་བུ་ལ་ཁྲིན་དང་གཉེར་དུ་མི་འགྱུར་བས་སྔ་ནས་སྦྱོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་འཁོར་བ་ལས་འདར་མི་སྟེར་ཅིང་མྱ་ངན་ལས་འདས་པའི་གནས་སུ་འཇུག་ཏུ་མི་སྟེར་བའི་སྒྲིབ་པ་དང་། ཤེས་བྱའི་

སྒྲིབ་པ་སྦྱོང་བར་བྱེད་དེ་དེ་བས་ན་ཕ་དང་འདྲའོ། །དད་པ་ནི་སེམས་ཅན་རྣམས་འཕགས་པའི་ལུས་སོ་སོར་ཐོབ་པར་འགྱུར་བའི་ས་བོན་ནོ་ཞེས་བྱ་བ་ལ་ཇི་ལྟར་ཕའི་ཁུ་བ་བུའི་ལུས་ཀྱི་ས་བོན་ཡིན་ཏེ། དེ་ལས་བསྒྲུབ་པ་བཞིན་དུ་ཐེག་པ་གསུམ་གྱིས་ཆོས་སོ་སོ་ལ་ཡང་དད་

པའི་དད་པས་ཀྱང་ཐེག་པ་གསུམ་དུ་འཕགས་པ་རྣམས་ཀྱི་ལུས་ཐོབ་པར་བྱེད་པས་ན། དད་པ་ནི་འཕགས་པའི་ལུས་ཐོབ་པར་བྱེད་པའི་ས་བོན་ནོ། །བཟོ་ནི་སློབ་པ་ཞེས་བྱ་བ་ལ། སེམས་ཅན་རིགས་བཞི་སོ་སོའི་རིགས་ཀྱི་བཟོ་སློབ་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ལྷག་པའི་

ཚུལ་ཁྲིམས་ལ་སོགས་པ་བསླབ་པ་རྣམ་པ་གསུམ་ནི་བཟོའི་ལས་ལྟ་བུ་ཞེས་བྱ་བའི་དོན་ཏོ། རྣམ་པར་གྲོལ་བ་ནི་ཆུང་མ་སྟེ་ཞེས་བྱ་བ་ལ་མྱ་ངན་ལས་འདས་པ་ནི་ཆུང་མ་ལྟ་བུ་སྟེ། ཇི་ལྟར་ཆུང་མས་དགའ་བ་དང་བདེ་བ་མྱོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མྱ་ངན་

เล่ม ๑๒๖ · หน้า 186a

ལས་འདས་པ་ཐོབ་ན་ཡང་བདེ་བ་དང་དགའ་བ་མྱོང་བར་འགྱུར་བས་ན་ཆུང་མ་ལྟ་བུ་སྟེ། བདེ་བ་ནི་ལུས་ལ་ཕན་པའོ། །དགའ་བ་ནི་སེམས་ལ་ཕན་པའོ། །སྒྲིབ་པ་ནི་བུ་ལོན་ནོ་ཞེས་བྱ་བ་ལ། ཇི་སྲིད་དུ་བུ་ལོན་ཆགས་པ་ཡོད་པས་དེ་སྲིད་དུ་མི་བདེ་བ་ཡོད་པ་དེ་

བཞིན་དུ་ཇི་སྲིད་དུ་སྒྲིབ་པ་གཉིས་མ་སྤངས་པ་དེ་སྲིད་དུ་སེམས་ཅན་རྣམས་འཁོར་བ་ལས་མི་འདའ་ཞིང་མྱ་ངན་ལས་འདས་པའི་གནས་མི་ཐོབ་པས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ནི་བུ་ལོན་ལྟ་བུའོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱལ་སྲས་རྩ་ལག་འདྲ་བའོ། །

ཞེས་བྱ་བ་ལ་དཔེར་ན་ཉེ་དུས་ཉེ་དུ་རྣམས་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་ལ་ཕན་འདོགས་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ཀྱི་རྩ་ལག་ལྟ་བུར་གྱུར་པའོ། །

དེ་ལ་རྩ་ལག་རྣམས་རྩ་ལག་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་ནི་གསང་ཐུབ་པར་བྱེད་པ་དང་། ཉེས་པར་བྱེད་པ་ལ་སྨོད་པར་བྱེད་པ་དང་། ལེགས་པར་བྱེད་པ་ལ་སྟོད་པར་བྱེད་པ་དང་། བྱ་བ་རྣམས་རབ་ཏུ་སྟོན་པར་བྱེད་པ་དང་། ཉོན་མོངས་པའི་གནས་ལས་ཟློག་པར་

བྱེད་པའོ། །གང་ཡང་བསྟན་པར་མི་རིགས་པར། །སེམས་ཅན་རྣམས་ལ་སྟོན་པར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་ཉེ་དུ་རྣམས་ཀྱིས་ཉེ་དུའི་ལུས་དང་སྲོག་ལ་གནོད་པར་འགྱུར་བའི་གསང་བ་དག་གཞན་ལ་མི་སྒྲོགས་ཤིང་སྦེད་པར་བྱེད་པ་དང་། ཉེ་དུས་གསང་བའི་ཚིག་སྨྲས་ཏེ་གཞན་

པའི་རྣམས་ཐུབ་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐོས་པ་ཉུང་ངུ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཟབ་མོ་དག་མི་སྟོན་ཅིང་གསང་བར་བྱེད་དེ། དེ་དག་ལ་ཟབ་མོ་བསྟན་ན་སྐྲག་པར་འགྱུར་བའི་ཕྱིར་

རོ། །བསླབས་ལས་ཉམས་པ་སྨོད་པ་དང་། །ཞེས་བྱ་བ་ལ་འདི་ལྟར་ཉེ་དུས་ལུས་དང་སྲོག་ལ་གནོད་པར་འགྱུར་བའི་ལས་ངན་པ་སྲོག་གཅོད་པ་ལ་སོགས་པ་བྱས་ན་ཁྱེད་ཀྱིས་མ་ལེགས་པ་ཞིག་བྱས་སོ་ཞེས་སྨོད་པར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་ལྷག་པའི་ཚུལ་

เล่ม ๑๒๖ · หน้า 186b

ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་པ་རྣམས་ལ་མ་ལེགས་སོ་ཞེས་སྨོད་པར་བྱེད་དོ། །དེ་བཞིན་ཕུན་སུམ་ཚོགས་ལ་བསྔགས། །ཞེས་བྱ་བ་ལ་ཇི་ལྟར་ཉེ་དུས་ཉེ་དུ་དག་ལུས་དང་སྲོག་ལ་ཕན་པར་འགྱུར་

བའི་ལས་ལེགས་པ་ཞིག་བྱས་ནས་ལས་འདི་ལྟ་བུ་དག་བྱས་པ་ལེགས་སོ་ཞེས་སྟོད་པར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ན་ལེགས་སོ་ཞེས་སྟོད་པར་བྱེད་དོ། །ལུང་སྟོན་པར་བྱེད་ཅེས་བྱ་བ་ལ་

ཇི་ལྟར་གཉེན་རྣམས་གཉེན་གྱི་ཕྱི་དང་ནང་གི་བྱ་བ་རྣམས་ཀྱི་གྲོགས་བྱེད་ཅིང་སྟོན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སེམས་ཅན་ས་དང་པོ་ལ་སོགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བཀླག་པ་དང་། བསམ་གཏན་བསྒོམ་པ་ལ་སོགས་པའི་མན་

ངག་སྦྱིན་པར་བྱེད་དོ། །བདུད་རྣམས་ཀྱང་ནི་རིག་པར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་གཉེན་གྱིས་གཉེན་རྣམས་བཙོན་དུ་བཟུང་བ་དང་། རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་ལ་སོགས་པའི་འཇིགས་པ་བྱུང་ན། འཇིགས་པ་དེ་ལས་བཟློག་ཅིང་འཇིགས་པའི་སྐྱབས་བྱེད་པ་

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ལ་སེམས་གཡེངས་པ་རྣམས། འདི་དག་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་བསྟན་ཅིང་བསླབས་ཏེ་བདུད་ཀྱི་ལས་ཡིན་པར་རིག་པར་བྱས་ནས་བདུད་ཀྱི་ལས་བྱེད་པ་ལས་

ཟློག་པར་བྱེད་དོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱལ་སྲས་གྲོགས་པོ་འདྲ་བའོ། །ཞེས་བྱ་བ་ལ། ཇི་ལྟར་གྲོགས་པོས་གྲོགས་པོ་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་ལ་ཕན་འདོགས་

པར་བྱེད་པས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་གྲོགས་པོར་འགྱུར་བའོ། །དེ་ལ་གྲོགས་པོས་གྲོགས་པོ་ལ་ཇི་ལྟར་ན་ལས་རྣམ་པ་ལྔས་ཕན་འདོགས་ཤེ་ན། འདི་ལྟར་ལས་རྣམ་པ་ལྔ་ནི་གྲོགས་པོ་ལ་ཕན་པ་དང་། བདེ་བ་ཕྱིན་ཅི་མ་ལོག་པར་

เล่ม ๑๒๖ · หน้า 187a

ཤེས་པ་དང་། བདེ་བ་དང་ཕན་པ་སྟོབས་པ་དང་། མི་སྐྱོ་བ་དང་། མི་ཕྱེད་པ་དང་། རྟག་ཏུ་ཕན་པ་དང་བདེ་བར་འདོད་པའོ། །ཉོན་མོངས་རྣམ་པར་བྱང་བ་ལས། །བདག་གི་འཁྲུལ་པ་མེད་པའི་བློས། །ཞེས་བྱ་བ་ལ་ཇི་ལྟར་གྲོགས་པོས་གྲོགས་པོ་ལ་ཇི་

ལྟར་བྱས་ན་ཕན་པ་དང་བདེ་བར་འགྱུར་བ་ཕྱིན་ཅི་མ་ལོག་པར་ཤེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཉོན་མོངས་པའི་ཕྱོགས་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ལ་བློ་འཁྲུལ་པ་མེད་དེ་ཉོན་མོངས་པའི་ཕྱོགས་ལ་རྣམ་པར་བྱང་བའི་ཆོས་སུ་མི་འཛིན།

རྣམ་པར་བྱང་བའི་ཆོས་ལ་ཉོན་མོངས་པའི་ཕྱོགས་སུ་མི་འཛིན་གྱི་ཉོན་མོངས་པ་ལ་ཡང་ཉོན་མོངས་པ་ཉིད་དུ་ཤེས་རྣམ་པར་བྱང་བའི་ཆོས་ལ་ཡང་རྣམ་པར་བྱང་བའི་ཆོས་ཉིད་དུ་ཤེས་པའོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ནི་ཉོན་མོངས་པའི་ཕྱོགས་སོ། །

འགོག་པ་དང་ལམ་གཉིས་ནི་རྣམ་པར་བྱང་བའི་ཕྱོགས་སོ། །ཡང་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ནི་ཉོན་མོངས་པའི་ཕྱོགས་སོ། །མ་རིག་པ་འགགས་ན་འདུ་བྱེད་འགག་པ་ནས་སྐྱེ་བ་འགགས་ན་རྒ་ཤི་འགག་པའི་བར་དག་ནི་རྣམ་པར་བྱང་བའི་

ཕྱོགས་སོ། །འཇིག་རྟེན་འབྱོར་པ་མ་ལུས་དང་། །ཞེས་བྱ་བ་ལ་ཇི་ལྟར་གྲོགས་པོས་གྲོགས་པོ་ལ་འཕྲལ་དུ་སྲོག་དང་སྲིད་པ་བདེ་བར་འགྱུར་བ་སྟོབས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་བརྒྱ་བྱིན་དང་། ཚངས་པ་དང་། འཁོར་ལོས་སྒྱུར་བ་ལ་སོགས་

པའི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་བདེ་བ་ལ་སེམས་ཅན་འགོད་པར་བྱེད་ཅིང་དེ་ལྟ་བུ་དག་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་ཡང་མ་ཡིན་སྦྱིན། །ཞེས་བྱ་བ་ལ། ཇི་ལྟར་གྲོགས་པོས་གྲོགས་པོ་ལ་ནམ་ནམ་ཞར་ཞར་སྲོག་དང་སྲིད་ལ་ཕན་པར་འགྱུར་

བའི་ཕན་ཡོན་སྟོབས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པ་ལ་འཇོག་པས་ན་ཕན་པར་བྱེད་པ་ཡིན་ནོ། །དེ་ལ་འཇིག་རྟེན་གྱི་ཕན་པ་དང་བདེ་བ་ནི་

เล่ม ๑๒๖ · หน้า 187b

འཕྲལ་དུ་སྲོག་དང་སྲིད་ལ་ཕན་པ་ནི་བདེ་བའོ། །ཡུན་རིང་སྲོག་དང་སྲིད་ལ་ཕན་པ་ནི་ཕན་པའོ། །སྐྱོ་བ་མེད་ཅིང་ཞེས་བྱ་བ་ལ་ཇི་ལྟར་གྲོགས་པོ་དག་གྲོགས་པོ་ལ་ཕན་པ་དང་བདེ་བ་བྱ་བ་ལ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་འཇིག་རྟེན་གྱི་ཕུན་སུམ་

ཚོགས་པ་བདེ་བ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཕན་པ་ལ་སེམས་ཅན་འགོད་པར་བྱ་བ་ལ་སྐྱོ་བ་ཅུང་ཟད་ཀྱང་མེད་དོ། །མི་ཕྱེད་པ་ཞེས་བྱ་བ་ལ་ཇི་ལྟར་གྲོགས་པོ་དག་གིས་བདག་གི་གྲོགས་དང་འབྱེ་བར་འགྱུར་བའི་ཕྲ་མ་སྨྲས་ཀྱང་ཕྱེད་པར་མི་འགྱུར་

བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་པ་སྤྱོད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བདུད་ལ་སོགས་པའི་དབང་དུ་མི་འགྱུར་བ་དང་། གྲང་བ་དང་ཚ་བ་ལ་སོགས་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་མི་

འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཕྱེད་པར་མི་འགྱུར་རོ། །རྟག་ཏུ་བདེ་དང་ཕན་འདོད་དོ། །ཞེས་བྱ་བ་ལ་ཇི་ལྟར་གྲོགས་པོས་གྲོགས་པོ་རྣམས་དུས་ཐམས་ཅད་དུ་བདེ་བ་དང་། ཕན་པའི་ཆོས་དང་ལྡན་པར་འདོད་ཅིང་དད་ལ་སེམས་ཅན་ལ་ཡང་རྟག་ཏུ་

དེ་ལྟར་སེམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དུས་ཐམས་ཅད་དུ་སེམས་ཅན་རྣམས་ཕན་པ་དང་བདེ་བ་དང་ལྡན་ཞིང་རྟག་ཏུ་ཆོས་དེ་དག་དང་འགྲོགས་པར་འདོད་དོ། །འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ནི་བདེ་བ་སྟེ་ཞེས་བྱ་བ་ལ་བརྒྱ་བྱིན་དང་། ཚངས་པ་ལ་

སོགས་པའི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་རྣམས་ལ་བཀོད་པ་ནི་བདེ་བ་ཞེས་བྱ་སྟེ། དེའི་དུས་ན་འཇིག་རྟེན་འཇིག་རྟེན་གྱི་ལོངས་སྤྱོད་ཀྱི་བདེ་བ་མྱོང་བའི་ཕྱིར་རོ། །ཉོན་མོངས་པའི་ནད་ཀྱི་གཉེན་པོའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ལས་འདས་པའི་མྱ་ངན་

ལས་འདས་པ་དང་། དེའི་ལམ་ལ་བཀོད་པ་ལ་ནི་ཕན་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་དཔེར་ན་སྨན་འཐུངས་ན་ནད་ལ་ཕན་པ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཀྱིས་ཀྱང་ཉོན་མོངས་པའི་ནད་ཐམས་ཅད་སེལ་བར་བྱེད་པས་ནི་ཕན་པ་ཞེས་བྱའོ། །ལས་ལྔ་དག་གིས་

เล่ม ๑๒๖ · หน้า 188a

སེམས་ཅན་གྱི་རྒྱལ་སྲས་བྲན་དང་འདྲ་བའོ་ཞེས་བྱ་བ་ལ་ཇི་ལྟར་བྲན་ལས་རྣམ་པ་ལྔས་ཇོ་བོ་ལ་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་ལ་ཕན་འདོགས་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་སེམས་

ཅན་ཐམས་ཅད་ཀྱི་བྲན་དང་འདྲའོ། །བྲན་ཇོ་བོ་ལ་ལས་རྣམ་པ་ལྔས་ཕན་འདོགས་པའི་ལས་རྣམ་པ་ལྔ་གང་ཞེ་ན། བྱ་བ་ལ་སྤྲོ་བ་དང་ལྡན་པ་ཡིན། མི་སླུ་བ་ཡིན་སྤྱོ་ཞིང་བརྡེགས་ཀྱང་བཟོད་པ་ཡིན། འདོད་པ་ཐམས་ཅད་བྱ་བ་ལ་མཁས་པ་ཡིན། ཐབས་མཁས་ལ་ཁོང་གཟོ་བ་

ཤེས་པ་ཅན་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་བྱེད་ལ། །ཐམས་ཅད་དུ་ནི་བརྩོན་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་བྲན་ཇོ་བོའི་བྱ་བ་ལ་སྤྲོ་བ་དང་ལྡན་པ་ཡིན་ཏེ་སྐྱོ་བ་དང་ལེ་ལོ་མེད་ཅིང་། བརྩོན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱིན་པར་བྱ་བ་ལ་བར་འགའ་བྱེད། བར་

འགའ་མི་བྱེད་པ་མ་ཡིན་གྱི། དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་དེ་སྐྱོ་བ་དང་ལེ་ལོ་མེད་ཅིང་བརྩོན་འགྲུས་དང་ལྡན་པ་ཡིན་ནོ། །ཡང་དག་འབྱུང་བར་སྨྲ་བ་དང་། །ཞེས་བྱ་བ་ལ་ཇི་ལྟར་བྲན་བརྫུན་དང་། གཡོ་སྒྱུ་མེད་དེ། ཇོ་བོ་ལ་མཐོང་བ་དང་། ཐོས་པ་ལ་སོགས་པ་དྲང་པོར་

སྨྲ་ཞིང་མི་སླུ་བ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་གཉིས་ལ་ནི་ཉོན་མོངས་པའི་ཕྱོགས་ཡིན་པར་མ་ནོར་བར་སྟོན། འགོག་པ་དང་ལམ་གཉིས་ལ་ནི་རྣམ་པར་བྱང་བའི་ཕྱོགས་གཉིས་ཀ་མ་ནོར་བར་སྟོན་ཅིང་ཉོན་མོངས་པ་དང་།

ལས་དང་། སྡུག་བསྔལ་ལས་འབྱུང་བར་འགྱུར་བའི་ཆོས་མ་ནོར་བར་སྨྲ་ཞིང་སྟོན་པས་ན་བྲན་དང་འདྲ་བའོ། །ལོག་པར་བྱེད་ལ་བཟོད་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་བྲན་ཇོ་བོས་ཚིག་དྲག་པོས་སྤྱོ་ཞིང་བརྡེགས་ཀྱང་སྡུག་བསྔལ་བཟོད་ཅིང་ཉམས་སུ་ལེན་ལ་ཇོ་བོ་མི་གཏོང་བ་དེ་བཞིན་

དུ། སེམས་ཅན་རྣམས་ཀྱིས་ལུས་དང་ངག་གི་སྒོ་ནས་བྱང་ཆུབ་སེམས་དཔའ་ལ་གནོད་པ་རྣམ་པ་སྣ་ཚོགས་བྱས་པ་དང་། ཕན་བཏགས་ཀྱང་སླར་ལོག་པར་གནོད་པ་ཉམས་སུ་ལེན་ཅིང་སེམས་ཅན་ཡོངས་སུ་མི་གཏོང་བས་ན་བྲན་ལྟ་བུའོ། །ཕུན་སུམ་ཚོགས་པ་གཉིས་གཏོང་

เล่ม ๑๒๖ · หน้า 188b

བ། །ཞེས་བྱ་བ་ལ། ཇི་ལྟར་བྲན་འདོད་པ་ཐམས་ཅད་བྱ་བ་ལ་མཁས་པ་ཡིན་ཏེ། ཇོ་བོ་གང་དང་གང་དགོས་པའི་རྣམ་པ་ཡིད་བཞིན་དུ་སྦྱོར་ཞིང་སྟོབས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། འཇིག་

རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གཏོང་ཞིང་སྟོབས་པར་བྱེད་པས་ན་བྲན་དང་འདྲའོ། །ཡང་ན་ཕུན་སུམ་ཚོགས་པ་གཉིས་གཏོང་བ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །དེ་དག་གི་ནི་ཐབས་ལ་མཁས། །ཞེས་བྱ་བ་

ལ་ཇི་ལྟར་བྲན་ཐབས་ལ་ཁོང་གཟོ་བས་ཤེས་པ་ཅན་ཡིན་ཏེ། ཇོ་བོའི་ལས་སུ་བྱ་བ་ཅི་དང་ཅི་བྱ་བ་རྣམས། མྱུར་དུ་འགྲུབ་པར་བྱ་བའི་ཐབས་ལ་མཁས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་ཀྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་ལས་འདས་

པའི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བའི་ཐབས་ལ་མཁས་པ་ཡིན་ཏེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བའི་ཐབས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ཐབས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་

ཅུ་རྩ་བདུན་བསྒོམ་པའོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱས་སྲས་སློབ་དཔོན་འདྲ་བའོ། །ཞེས་བྱ་བ་ལ་ཇི་ལྟར་ལས་རྣམ་པ་ལྔས་སློབ་དཔོན་གྱིས་སློབ་མ་ལ་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། ལས་རྣམ་པ་ལྔས་སེམས་

ཅན་ལ་ཕན་འདོགས་པར་བྱེད་དོ། །སློབ་དཔོན་གྱི་ལས་རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཤིན་ཏུ་བསླབ་པ་དང་། ཐམས་ཅད་སློབ་པར་བྱེད་པ་དང་། མྱུར་དུ་སློབ་པར་བྱེད་པ་དང་། །དེའི་རང་བཞིན་ཅན་གྱི་ཕྱིར་མདངས་ཅན་དང་། ཟང་ཟིང་མེད་པའི་སེམས་དང་ལྡན་པའོ། །

མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་ལ་འདི་ལྟར་སློབ་དཔོན་བདག་ཉིད་ཤིན་ཏུ་བསླབས་པ་ཡིན་ཏེ། བཤད་པར་བྱ་བ་དང་། ཤེས་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཤེས་པ་དང་། གདོད་ཕན་འདོགས་པར་བྱས་པར་སློབ་དཔོན་ཡིན་པ་དེ་བཞིན་དུ། བྱང་ཆུབ་

เล่ม ๑๒๖ · หน้า 189a

སེམས་དཔའ་ས་བརྒྱད་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཤེས་པར་བྱ་བ་དང་། མངོན་པར་འདུ་བྱ་བ་དང་། བསྒོམ་པར་བྱ་བ་དང་། སྤང་བར་བྱ་བའི་ཆོས་རྣམས་ལ་ལྷུན་གྱིས་གྲུབ་པར་སྤྱོད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པས་ན།

སློབ་དཔོན་ཤིན་ཏུ་བསླབ་པ་དང་འདྲ་བ་ཡིན་ནོ། །གང་འདོད་པ། ཐེག་པ་ཐམས་ཅད་སྟོན་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་སློབ་དཔོན་ཐམས་ཅད་སློབ་པར་བྱེད་དེ། ཁ་ཅིག་སློབ་ཁ་ཅིག་མི་སློབ་པ་མ་ཡིན་གྱི། བདག་ཅི་ཤེས་པ་རྣམས་སློབ་མ་ལ་མ་ལུས་པར་སློབ་པར་བྱེད་པ་

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་། སེམས་ཅན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་པ་རྣམས་ལ་ཐེག་པ་འགའ་སྟོན་པ་མ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་མ་ལུས་པར་སྟོན་ཅིང་། སློབ་པར་

བྱེད་པས་ན། སློབ་དཔོན་ལྟ་བུའོ། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང་། །ཞེས་བྱ་བ་ལ་ཇི་ལྟར་འཇིག་རྟེན་པའི་སློབ་དཔོན་སྒྲའི་གཙུག་ལག་དང་། རྒྱུའི་གཙུག་ལག་ལ་སོགས་པ་འཆད་པ། སློབ་མ་ཉེ་གཡོག་ཏུ་བཀོལ་བའི་ཕྱིར། སློབ་མ་དེ་དག་མྱུར་དུ་ལོབས་པར་མི་

བྱེད་ཀྱི། དུས་རིང་པོས་ལོབས་པར་བྱེད་དོ། །སློབ་དཔོན་ཡང་དག་པ་དག་ནི་དེ་ལྟ་མ་ཡིན་ཏེ། སློབ་མ་བསླབ་པའི་རྣམས་བསླབ་པའི་ལས་དག་མྱུར་དུ་ལོབས་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་གྱི་སྒྲ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་བྱ་སྟེ། སེམས་ཅན་རྣམས་ཀྱིས་

ཞི་གནས་དང་ལྷག་མཐོང་སྒྲུབ་པའི་ཏིང་ངེ་འཛིན་མྱུར་དུ་འགྲུབ་པར་འགྱུར་བར་སྦྱོར་བར་བྱེད་པས་ན། སློབ་དཔོན་ལྟ་བུ་ཡིན་ནོ། །མདངས་ཅན་དང་ནི་ཞེས་བྱ་བ་ལ་ཇི་ལྟར་སློབ་དཔོན་དག་སློབ་མ་ལ་བྱམས་པའི་སེམས་ཡིན་པས། བཞིན་ཁྲོ་གཉེར་མེད་ཅིང་། རྟག་ཏུ་

ཡང་འཛུམ་པ་དང་ཚིག་འཇམ་པོར་སྨྲ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ལྡན་པས་ཁྲོ་གཉེར་མེད་ཅིང་བཞིན་མདངས་ཅན་སྟོན་པ་ལ། ཚིག་འཇམ་པོས་སྨྲ་བས་ན་སློབ་དཔོན་ལྟ་བུའོ། །ཕྱིར་བྱ་བ་དང་། རྣམ་པར་

เล่ม ๑๒๖ · หน้า 189b

སྨིན་པ་རེ་བ་མེད། །ཅེས་བྱ་བ་ལ། ཇི་ལྟར་སློབ་དཔོན་སློབ་མ་ལ་ཆོས་སྟོན་ཅིང་འཆད་པ་ལ་སོགས་པ་བྱེད་པ་ཡང་། རྙེད་པ་དང་བཀུར་སྟི་ལ་སོགས་པའི་སེམས་ཟང་ཟིང་ཅན་གྱིས་སྟོན་པ་མ་ཡིན་གྱི། སློབ་མའི་སྡུག་བསྔལ་མེད་པར་བྱའོ་སྙམ་པའི་སེམས་སྙིང་རྗེ་དང་

ལྡན་པས་སྟོན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་པ་ཡང་། ཚེ་འདི་ལ་ཕན་བཏགས་པའི་ལན་ལ་རེ་བ་མེད་པ་དང་། ཚེ་ཕྱི་མ་རྣམ་པར་སྨིན་པའི་འབྲས་བུ་ལ་རེ་བ་མེད་པས་ཕན་འདོགས་པར་བྱེད་དེ། དེ་བས་ན་སློབ་

དཔོན་དང་འདྲའོ། །ལས་ལྔ་དག་གིས་སེམས་ཅན་གྱི། །རྒྱལ་སྲས་མཁན་པོ་འདྲ་བའོ། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་རྣམས་ལ་ལས་རྣམ་པ་ལྔས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ལས་རྣམ་པ་ལྔས་སེམས་ཅན་

ལ་ཕན་འདོགས་པར་བྱེད་པས་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ལྟ་བུ་ཡིན་ནོ། །མཁན་པོ་ལས་རྣམ་པ་ལྔས་སློབ་མ་ལ་ཕན་འདོགས་པའི་ལས་རྣམ་པ་གང་ཞེ་ན། རབ་ཏུ་འབྱུང་བར་བྱེད་པ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་

ཉེས་པ་ཡོངས་སུ་སྤོང་བ་སྟོན་པར་བྱེད་པ་དང་། ཟང་ཟིང་གིས་སྡུད་པ་དང་། ཆོས་ཀྱིས་སྡུད་པའོ། །སེམས་ཅན་དོན་ལ་རབ་བརྩོན་པ། །ཚོགས་ནི་རྫོགས་པར་བྱེད་པ་དང་། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ།

དགེ་སྦྱོང་གི་བསླབ་པ་བྱིན་ནས། རབ་ཏུ་འབྱིན་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པ་རྣམས་ཀྱང་། སེམས་ཅན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་རྣམས། ཚོགས་གཉིས་རྫོགས་པར་འབྱིན་པར་བྱེད་

པས་ན་མཁན་པོ་ལྟ་བུའོ། །ཚོགས་བསགས་གྲོལ་བར་བྱེད་པ་དང་། །ཞེས་བྱ་བ་ལ། ཇི་ལྟར་མཁན་པོས་སློབ་མ་རབ་ཏུ་བྱུང་ནས། བསླབ་པ་ཉིས་བརྒྱ་ལྔ་བཅུ་བྱིན་ཏེ། བསྙེན་པར་རྫོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་

เล่ม ๑๒๖ · หน้า 190a

སེམས་ཅན་ཚོགས་གཉིས་རྫོགས་པ་དག་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པས་ན། བྱང་ཆུབ་སེམས་དཔའ་རྣམས་མཁན་པོ་ལྟ་བུའོ། །མི་མཐུན་ཕྱོགས་ནི་ཉམས་པར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་མཁན་

པོས་སློབ་མ་ལ། ཕས་ཕམ་པ་དང་ལྟུང་བ་དང་ཉེས་བྱས་ལ་སོགས་པ་གང་དང་གང་ཡིན་པ་སྟོན་ཅིང་། ཉེས་པ་ལ་འཇུག་པ་ལས་ཟློག་ཅིང་སྤོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་ལ་རྣམ་པར་གྲོལ་བ་དང་། མྱ་ངན་ལས་འདས་པ་ཐོབ་

པར་བྱ་བ་ལ་བགེགས་སུ་གྱུར་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཉམས་ཤིང་སྤོང་བར་བྱེད་པས་ན་མཁན་པོ་ལྟ་བུའོ། །འཇིག་རྟེན་ཕུན་སུམ་ཚོགས་སྣ་ཚོགས། །ཞེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ལ། ཆོས་གོས་དང་ལྷུང་བཟེད་ལ་སོགས་

པའི་ཡོ་བྱད་འཇིག་རྟེན་གྱི་ཟང་ཟིང་གིས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་པ་ཐོབ་པར་བྱེད་པས་མཁན་པོ་ལྟ་བུའོ། །

འཇིག་རྟེན་མ་ཡིན་སྦྱོར་བར་བྱེད། །ཅེས་བྱ་བ་ལ་ཇི་ལྟར་མཁན་པོས་སློབ་མ་ལ་ཆོས་བསྟན་པའི་སྒོ་ནས་ཀྱང་ཕན་འདོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སེམས་ཅན་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་

ལམ་དང་། མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པས་ན་མཁན་པོ་ལྟ་བུའོ། །དྲིན་གཟོ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སེམས་ཅན་ལ་ཕན་བཏགས་ན་ཕན་བཏགས་པའི་སེམས་

ཅན་རྣམས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ན། སེམས་ཅན་ལ་དྲིན་དུ་གཟོ་བར་བྱེད་དེ། དེ་ལྟར་ན་སེམས་ཅན་དང་། བྱང་ཆུབ་སེམས་དཔའ་གཉི་ག་ཕན་ཚུན་གཅིག་ལ་གཅིག་དྲིན་དུ་གཟོ་བར་བྱེད་

เล่ม ๑๒๖ · หน้า 190b

པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་ལ་ནི་མ་ཆགས་ཤིང་། །ཞེས་བྱ་བ་ལ་སེམས་ཅན་བཟའ་བ་དང་། བགོ་བ་ལ་སོགས་པའི་ཡོ་བྱད་ཀྱིས་ཕོངས་པ་རྣམས་ལ། ཡོ་བྱད་ཐམས་ཅད་བྱིན་ཏེ་ལོངས་སྤྱོད་དང་ལྡན་པར་བྱས་ན་སེམས་ཅན་

དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་ལོངས་སྤྱོད་དང་ལྡན་པ། དེ་དག་གིས་ལོངས་སྤྱོད་དང་ལྡན་པ་དང་། སེར་སྣ་སྤངས་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ན། སེམས་ཅན་འདི་དག་གིས་

ཕན་བཏགས་པ་ཞེས་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །ཚུལ་ཁྲིམས་ཀྱང་ནི་རལ་བ་མེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་

བར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་བཀོད་པའི་སེམས་ཅན་དེ་དག་གིས་ཚུལ་ཁྲིམས་ཉམས་པར་མ་བྱས་ཏེ། ཕས་ཕམ་པ་ལ་བག་བྱ་སྟེ། བསྲུང་བ་བཞིན་དུ་ཉེས་བྱས་ལ་སོགས་པ་ཉེས་པ་ཕྲ་མོ་རྣམས་

ལ་ཡང་། བག་བྱས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ། །དྲིན་དུ་གཟོ་བ་དང་ལྡན་པ་སྟེ་ཞེས་བྱ་བ་ལ་སེམས་ཅན་རྣམས་ཀྱིས་ལུས་དང་ངག་གི་སྒོ་ནས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ཀྱང་བྱང་ཆུབ་སེམས་དཔའ་གནོད་པ་

དང་ལྡན་པ་དེས། སེམས་ཅན་ལ་སླར་གནོད་པ་མི་བྱེད་པ་རྣམས་ལ། སླར་ཕན་འདོགས་པར་བྱེད་དེ། དེས་ན་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་བདག་ཅག་ལ་གནོད་པ་མ་བྱས་སོ་ཞེས་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་ལ། བྱང་ཆུབ་སེམས་དཔའ་

བཟོད་པ་ལ་དགའ་བས་སེམས་ཅན་དེ་དག་ཀྱང་བཟོད་པ་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡང་དྲིན་དུ་གཟོ་བར་བྱེད་དོ། །བསྒྲུབ་པ་ལ་ཡང་སྦྱོར་བའོ། །ཞེས་པ་ལ། སེམས་ཅན་རྣམས་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བསྒྲུབ་པ་

เล่ม ๑๒๖ · หน้า 191a

དང་། བསམ་གཏན་བསྒྲུབ་པ་དང་། ཤེས་རབ་བསྒྲུབ་པ་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཇི་ལྟར་བཀོད་པ་ལྟར། །སེམས་ཅན་བརྩོན་འགྲུས་བསྒྲུབ་པ་

དང་། བསམ་གཏན་བསྒྲུབ་པ་དང་། ཤེས་རབ་བསྒྲུབ་པ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ། །ཕ་རོལ་ཕྱིན་པ་དྲུག་ལ་ནི། །དེ་ལྟར་ལུས་ཅན་སྒྲུབ་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་དཔའ་ལ། །ཕྱིར་ཡང་དྲིན་དུ་གཟོ་

བར་འགྱུར། །ཞེས་བྱ་བ་ལ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ན། སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་བཀོད་དེ། ལུས་ཅན་སེམས་

ཅན་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་བྱེད་ན། འདི་དག་གིས་བདག་ལ་ཕན་བཏགས་སོ་ཞེས་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་དེ་ལྟར་རོ་ཞེས་བྱ་བ་ལ་སེམས་ཅན་

རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔས་བདག་ཅག་ལ་ཕན་བཏགས་སོ་ཞེས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་པ་དེ་བཞིན་དུ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་བྱེད་ན་ཡང་། སེམས་ཅན་

འདི་དག་གིས་བདག་ལ་ཕན་བཏགས་སོ་ཞེས་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སླར་དྲིན་དུ་གཟོ་བར་བྱེད་དོ། །ཚུལ་ཁྲིམས་ལའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཚུལ་ཁྲིམས་ལ་བཀོད་ན། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་ལ་

དྲིན་དུ་གཟོ་བར་བྱེད་པ་ལྟར། སེམས་ཅན་དེ་དག་ཚུལ་ཁྲིམས་ལ་གནས་ན་ཡང་། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །བཟོད་པ་ལ་དགའ་བ། བྱང་ཆུབ་སེམས་དཔས་ཕན་པ་བྱས་པ་ལ་དྲིན་དུ་གཟོ་བའི་ཕྱིར། དྲིན་དུ་གཟོ་

เล่ม ๑๒๖ · หน้า 191b

བ་དང་ལྡན་པ་ནི་བཟོད་པའོ་ཞེས་བྱ་བ་ལ་སེམས་ཅན་གྱིས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ཀྱང་། སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་གནོད་པ་མི་བྱེད་པས་གནོད་པ་བྱས་པའི་སེམས་ཅན་དེས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དགའ་བ་ཤེས་ནས།

བྱང་ཆུབ་སེམས་དཔའ་ཕན་བཏགས་པའི་སེམས་ཅན་དེ་ལ་ཕན་པ་བྱས་ལ་དྲིན་དུ་གཟོ་བའི་ཕྱིར། དྲིན་དུ་གཟོ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དག་པའི་སེམས་དང་མཐུན་པར་བཟོད་པ་ལ་གནས་པར་བྱེད་ན། སེམས་ཅན་དེ་ལ་བྱང་ཆུབ་

སེམས་དཔའ་དྲིན་དུ་གཟོ་བར་བྱེད་དོ། །གང་གིས་གང་དུ་སྒྲུབ་པར་བྱེད་པའི་ཕྱིར། །ཞེས་བྱ་བ་ལ་གང་གིས་སྒྲུབ་པར་བྱེད་ཅེ་ན། བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་དོ། །གང་ལ་སྒྲུབ་པར་བྱེད་ཅེ་ན། བསམ་གཏན་དང་ཤེས་རབ་ལ་སྒྲུབ་པར་བྱེད་དོ། །རེ་བ་རྣམ་པར་

དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་དེ་ལྟར་སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་གནས་རྣམ་པ་ལྔ་ཇི་ལྟར་ཐོབ་པར་བྱ་ཞེ་ན་རེ་བ་དང་སྨོན་པ་སྐྱེ་སྟེ། དེ་བསྟན་པ་ལ་ཚིགས་སུ་བཅད་པ་གཅིག་བརྩམས་སོ་ཞེས་བྱ་བའི་དོན་ཏོ། །

འཕེལ་བ་དང་ནི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་འཕེལ་བར་འགྱུར་ཞེས་རེ་ཞིང་འདོད་དེ། འདི་ནི་རེ་བའི་གནས་རྣམ་པ་གཅིག་གོ། །འབྲི་བར་

འདོད་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས། སེར་སྣ་ནས་འཆལ་བའི་ཤེས་རབ་ཀྱི་བར་དག་རྟག་ཏུ་ཇི་ལྟར་འཕྲི་ཞིང་ཉམས་པར་འགྱུར་ཞེས་རེ་ཞིང་འདོད་དེ། འདི་ནི་རེ་ཞིང་འདོད་པའི་གནས་རྣམ་པ་གཉིས་

སོ། །སེམས་ཅན་རྣམས་ནི་སྨིན་པ་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྟག་ཏུ་དད་པ་མ་སྐྱེས་པ་རྣམས་ནི་དད་པ་སྐྱེད། དད་པ་སྐྱེས་པ་རྣམས་ནི་དགེ་བ་ལ་འགོད། དགེ་བ་ལ་བཀོད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱའོ་ཞེས་རེ་ཞིང་འདོད་

เล่ม ๑๒๖ · หน้า 192a

དེ། འདི་ནི་རེ་བའི་གནས་རྣམ་པ་གསུམ་མོ། །ས་ལ་ཁྱད་པར་འགྲོ་བ་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ས་དང་པོ་ཐོབ་ནས། ས་གཉིས་པ་ཇི་ལྟར་ཐོབ་པར་བྱ་ཞེས་འདོད་པ་ནས། ས་དགུ་པ་ཐོབ་ན་ས་བཅུ་པ་ཇི་ལྟར་

ཐོབ་པར་བྱ་ཞེས་འདོད་ཅིང་རེ་སྟེ། འདི་ནི་རེ་བའི་གནས་རྣམ་པ་བཞི་པའོ། །རྟག་ཏུ་བླ་མེད་བྱང་ཆུབ་ལའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་ས་བཅུ་ལས་འདས་ནས། སངས་རྒྱས་ཇི་ལྟར་ཐོབ་པར་བྱ་ཞེས་འདོད་དེ། འདི་ནི་རེ་བའི་

གནས་རྣམ་པ་ལྔ་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་རེ་ཞིང་འདོད་ན་ཡང་གནས་ལྔ་པོ་དེ་དག་ལ་རེ་ཞིང་འདོད་པ་སྐྱེ་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དང་། མྱ་ངན་ལས་འདས་པ་ལ་ནི་རེ་བ་ཅུང་ཟད་ཀྱང་མི་

སྐྱེའོ། །སྦྱོར་བ་ཆུད་མི་ཟ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་ཉན་ཐོས་དག་གིས་སྦྱོར་བ་བྱས་པ་ནས། བདག་གི་དོན་དུ་ཞུས་པས་སེམས་ཅན་གྱི་དོན་མེད་པའི་ཕྱིར་ཆུད་ཟོས་པ་དང་། འཇིག་རྟེན་པ་དག་གི་སྦྱོར་བ་ནི་ཕལ་ཆེར་འབྲས་བུ་མེད་པར་འགྱུར་

བས་ཆུད་ཟོས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རེ་བ་ཕྱིན་ཅི་མ་ལོག་ཅིང་རེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ལས་སུ་ཇི་དང་ཇི་བྱས་པ་རྣམས་དེ་བཞིན་དུ་འབྲས་བུ་གྲུབ་ཅིང་འབྲས་བུ་མེད་པར་མི་འགྱུར་ན་སྦྱོར་བ་ཆུད་མི་ཟ་བ་ཞེས་བྱ་སྟེ། དེའང་སྦྱོར་བ་རྣམ་པ་བཞི་ཆུད་མི་ཟའོ། །

འཇིགས་པ་སྤངས་དང་ཞེས་བྱ་བ་ལ་གལ་ཏེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་ན་ནི་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོ་ལ་སྦྱོར་བ་ལས་ཆུད་ཟོས་པ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་བདག་ཉིད་ཀྱང་སྐྲག་ཅིང་འཇིགས་པ་

མེད་པ། སེམས་ཅན་རྣམས་ཐེག་པ་ཆེན་པོའི་དོན་ལ། སྐྲག་ཅིང་འཇིགས་པ་ཡང་སེལ་བར་བྱེད་པས་ན། སྦྱོར་བ་ཆུད་མི་ཟ་བ་ཞེས་བྱ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་གཅིག་གོ། །དེ་ལ་ཆོས་དང་གང་ཟག་བདག་མེད་པ་ནི་ཟབ་པའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་

เล่ม ๑๒๖ · หน้า 192b

རྒྱ་ཆེ་བའོ། །བསྐྱེད་པ་དང་ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་བདག་དང་སེམས་ཅན་དག་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་པའི་ཕྱིར་སེམས་བསྐྱེད་དམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་འདོད་པའི་སེམས་བསྐྱེད་ན་ནི་སྦྱོར་བ་ཆུད་ཟོས་

པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མི་མཛད་ཀྱི། བདག་དང་སེམས་ཅན་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པས་ན། བྱང་ཆུབ་ཀྱི་སེམས་ལས་མ་ཉམས་པའི་ཕྱིར་སྦྱོར་བ་ཆུད་མ་ཟོས་ཏེ། འདི་ནི་ཆུད་མ་ཟོས་པ་རྣམ་པ་གཉིས་པའོ། །ཐེ་ཚོམ་

ཡང་ནི་གཅོད་པ་དང་། །ཞེས་བྱ་བ་ལ་གལ་ཏེ་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་བཅད་ན་ནི་སེམས་ཅན་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ལོག་པར་འགྱུར་བ་ཆུད་ཟ་བ་ཡིན་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་

ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་གཅོད་པར་བྱེད་པས་ན་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པའི་ཕྱིར་སྦྱོར་བ་ཆུད་མི་ཟ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་གསུམ་པའོ། །བསྒྲུབ་པ་དག་ནི་གདམས་ངག་རྣམས། །རྒྱལ་སྲས་རྟག་ཏུ་ཆུད་མི་ཟ། །ཞེས་བྱ་བ་ལ་གལ་ཏེ་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་ཀྱིས། ས་དང་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་བསྟན་པ་བཞིན་དུ། བདག་ཉིད་ཀྱང་མི་བསྒྲུབ་ཅིང་། སེམས་ཅན་ལ་ཡང་བསྒྲུབ་པའི་གདམས་ངག་མི་སྟོན་ན་སྦྱོར་བ་ཆུད་ཟོས་པ་ཡིན་ན། བྱང་ཆུབ་སེམས་དཔའི་

བདག་ཉིད་ཀྱང་ཡང་དག་པའི་གདམས་ངག་དང་མན་ངག་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ལ། སེམས་ཅན་ལ་ཡང་ཡང་དག་པའི་གདམས་ངག་དང་མན་ངག་སྟོན་པར་བྱེད་པས་སྦྱོར་བ་ཆུད་མི་ཟ་སྟེ། འདི་ནི་ཆུད་མི་ཟ་བ་རྣམ་པ་བཞི་པ་སྟེ། འདི་ནི་ཆུད་མི་ཟ་བ་གོང་དུ་བཤད་པའི་

ཆོས་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་ཆུད་མི་ཟ་བའི་ཆོས་ཞེས་བྱའོ། །ཡང་དག་པའི་སྦྱོར་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་སྦྱོར་བ་ནི་ལས་སུ་བྱེད་པ་ལ་བྱ་སྟེ། དེ་ལྟར་ཆུད་མི་ཟ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལུས་

เล่ม ๑๒๖ · หน้า 193a

དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ལས་སུ་བྱེད་པ་རྣམས་མ་ནོར་བར་བྱེད་པར་འགྱུར་ཏེ། དེ་བས་ན་ལས་སུ་བྱེད་པ་ལ་མ་ནོར་བར་བྱེད་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །སྦྱིན་པ་ལ་ནི་རེ་བ་མེད། །ཅེས་བྱ་བ་ལ་བྲེལ་བ་དང་ཕོངས་པ་རྣམས་

ལ་ཆོས་དང་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་བྱས་ཀྱང་། ཚེ་འདི་ལ་ཕན་འདོགས་པའི་ལན་ཡང་རེ་བ་མེད་ལ། ཚེ་རབས་གཞན་དུ་ཡང་ལོངས་སྤྱོད་ཆེན་པོའི་རྣམ་པར་སྨིན་པ་ལ་རེ་བ་མེད་པར་གཏོང་སྟེ། དེ་ལྟར་གཏོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་

པར་སྦྱོར་བའོ། །ཚུལ་ཁྲིམས་སྲེད་པར་འདོད་པ་མེད། །ཅེས་བྱ་བ་ལ་ཚུལ་ཁྲིམས་བསྲུངས་ནས་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་བ་ཡིན་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བསྲུང་བ་ནི་སྲིད་པའི་བདེ་བ་ལྷ་དང་མིའི་གནས་ཐོབ་པར་བྱ་བའི་ཕྱིར་བསྲུང་བ་མ་ཡིན་

གྱི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྲུང་སྟེ། འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །ཐམས་ཅད་དུ་ནི་བཟོད་པ་དང་། །ཞེས་བྱ་བ་ལ་ལུས་ཀྱི་སྒོ་ནས་མི་རྡེག་པ་དང་ངག་གི་སྒོ་ནས་ཚིག་རྩུབ་པོ་ཙམ་མི་འབྱིན་ཀྱང་སེམས་ལ་

ཁོང་ཁྲོ་བ་ཡོད་ན། ཐམས་ཅད་དུ་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་ལུས་དང་ངག་གི་གནོད་པ་མི་བྱེད་པ་བཞིན་དུ་ཡིད་ལ་ཡང་ཁོང་ཁྲོ་བ་མེད་པས་ན། ཐམས་ཅད་དུ་བཟོད་པ་ཞེས་བྱ་སྟེ། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །

བརྩོན་འགྲུས་དགེ་བ་ཐམས་ཅད་འབྱུང་། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་འགའ་ཙམ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམ་པའམ། ཐེག་པ་འགའ་ཙམ་གྱི་ཆོས་ལ་བརྩོན་འགྲུས་རྩམ་པ་ནི་དགེ་བ་ཐམས་ཅད་འབྱུང་བའི་བརྩོན་འགྲུས་ཞེས་མི་བྱའི། བྱང་ཆུབ་སེམས་

དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། ཐེག་པ་གསུམ་ཆར་གྱི་ཆོས་ལ་ཡང་བརྩོན་འགྲུས་རྩོམ་པས་ན། དགེ་བ་ཐམས་ཅད་འབྱུང་བའི་བརྩོན་འགྲུས་ཞེས་བྱ་སྟེ། འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའོ། །དེ་བཞིན་གཟུགས་

เล่ม ๑๒๖ · หน้า 193b

མེད་མ་ཡིན་བསམ་གཏན་དང་། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་བསྒོམ་པ་ནི་བསམ་གཏན་གྱི་འབྲས་བུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བར་བསྒོམ་གྱི་གཟུགས་མེད་པའི་ཁམས་སུ་སྐྱེ་བར་འགྱུར་བའི་

བསམ་གཏན་མི་བསྒོམ་སྟེ། གཟུགས་མེད་པའི་ཁམས་སུ་སྐྱེས་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐའ་མེད་པའི་ཕྱིར་ཏེ། དེ་ལྟ་བུའི་བསམ་གཏན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་

ལ་ཡང་དག་པར་སྦྱོར་བ་ཞེས་བྱའོ། །ཤེས་རབ་ཐབས་དང་ལྡན་ན་ནི། །ཞེས་བྱ་བ་ལ་ཐབས་ཡོད་ལ་ཤེས་རབ་མེད་པ་དང་ཤེས་རབ་ཡོད་པ་ལ་ཐབས་མེད་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བ་ཡིན་པས། ཆོས་རྣམས་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་དེ་སེམས་ཅན་

ཡོངས་སུ་སྨིན་པར་བྱེད་པའི་ཐབས་བསྡུ་བའི་དངོས་པོ་བཞི་དང་ལྡན་ན། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཡིན་ཏེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་སྦྱོར་བའོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ལ། །བསྟན་པ་

རྣམས་ཀྱིས་ཡང་དག་སྦྱོར། །ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ན་བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་དག་པ་དང་མ་ནོར་བར་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དཀོན་མཆོག་བརྩེགས་པ་ལས་

ཀྱང་ཞེས་བྱ་བ་ལ་སོགས་པ་ལ་གོང་དུ་བཤད་པ་ལྟ་བུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བ་ཡིན་པར། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་བཤད་དེ། ཇི་སྐད་དུ་གསུངས་ཤེ་ན། རྣམ་པར་སྨིན་

པ་ལ་མི་རེ་བའི་སྦྱིན་པ་དང་། སྲིད་པའི་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བཟོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་དང་། གཟུགས་མེད་པའི་ཁམས་ཀྱིས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด