མདོ་སྡེ་རྒྱན་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๕ · หน้า 192a

ཏེ། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཅེས་འདོགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་རང་བཞིན་ཡང་ཡང་དག་གི་སྒྲར་འདོགས་ཏེ་མེ་ནི་དྲོ་བའི་རང་བཞིན་ཞེས་བཤད་ན་དྲོ་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་འཁོར་བ་ན་དུ་ཡོད་པའི་ཕུང་པོ་

དང་སྐྱེད་མཆེད་ཀྱི་དོན་འདི་ལ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །སྲིད་སོང་ཞེས་བྱ་བ་ནི་ཁམས་གསུམ་དུ་གཏོགས་པའམ་ཁམས་གསུམ་ན་ཡོད་པ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་གཉིས་རིག་ཅེས་བྱ་བ་ནི་ཁམས་གསུམ་དུ་གཏོགས་

པའི་ཆོས་རྣམས་ལ་ཇི་ལྟར་ཀུན་བརྟགས་པའི་གང་ཟག་གི་རང་བཞིན་དུ། རང་བཞིན་དང་བདག་མེད་པའི་དེ་བཞིན་དུ་ཀུན་དུ་བརྟགས་པའི་ཆོས་ལ་ཡང་རང་བཞིན་དང་བདག་མེད་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྒྲོ་འདོགས་པའི་མཐའ་ལ་མ་ཞེན་པར་བསྟན་ཏོ། །དེ་དང་མཚུངས་

པར་ཤེས་ནས་ཞེས་བྱ་བ་ལ། བདག་མེད་པ་གཉིས་སུ་རྟོག་པ་ཡང་དེ་དང་མཚུངས་པར་རྟོགས་ཏེ། མཚུངས་པ་ཞེས་བྱ་བ་ནི་མཐའ་གཉིས་དང་བྲལ་བའི་ལམ་རྟོགས་ཞེས་བྱ་བའི་དོན་ཏེ། དབུ་མའི་ལམ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཀུན་དུ་བརྟགས་པའི་གང་ཟག་མེད་པ་དང་།

ཀུན་དུ་བརྟགས་པའི་ཆོས་རྣམས་མེད་ཅིང་སྟོང་པ་ཞེས་བྱ་བར་ཟད་ཀྱི་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་པར་ཤེས་ཏེ། གཞན་ཡང་ཡོངས་སུ་གྲུབ་པ་ནི་མེད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་སྐུར་པའི་མཐའ་ལྟུང་བ་དང་བྲལ་བར་བསྟན་ཏོ། །དེ་ལྟར་སྒྲོ་འདོགས་པའི་མཐའ་དང་

བྲལ་ནས་དེ་ཉིད་རབ་འཇུག་ཅེས་བྱ་སྟེ། །ཀུན་བརྟགས་ཀྱི་གང་ཟག་དང་ཀུན་བརྟགས་ཀྱི་ཆོས་མེད་པའི་སེམས་ཙམ་པོ་མཐོང་བ་ནི་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བྱ་སྟེ། འདི་ཡང་མོས་པ་སྤྱོད་པའི་ས་བཞི་ལས་བཟོད་པའི་དུས་ན་རྟོགས་ཏེ། དེའི་ཚེ་ན་བཟོད་པ་རང་བཞིན་མེད་པར་ཁོང་དུ་

ཆུད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་བཟོད་པའི་དུས་ན་གཟུང་བ་མེད་པར་ཁོང་དུ་ཆུད་པས་དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཐོབ་པས་ན་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བཏགས་སོ། །འཛིན་པར་ཏེ་ཞེས་བྱ་བ་ལ་བཟོད་པའི་དུས་ན་གཟུགས་ལ་སོགས་པ་སྤྱིའི་དངོས་པོ་ནི་

เล่ม ๑๒๕ · หน้า 192b

མེད་ཀྱི་འཛིན་པའི་མཚན་ཉིད་སེམས་ཙམ་དུ་ཟད་དོ་ཞེས་ཁོང་དུ་ཆུད་པས་ན་འཛིན་པ་ཙམ་སེམས་སོ། །དེའི་ཕྱིར་དེ་ལ་ཡིད་གནས་ཕྱིར། །ཞེས་བྱ་བ་ལ་ནི་གོང་དུ་བཤད་པ་ལྟ་བུར་ན་བཟོད་པའི་དུས་ན་ཕྱིའི་ཡུལ་མི་དམིགས་ཀྱི་སེམས་ཙམ་ལ་གནས་པས་དེ་ལ་ཡིད་གནས་པ་ཞེས་བྱའོ། །དེ་ལ་

དེ་མི་སྣང་ཞེས་བྱ་བ་ལ། བཟོད་པའི་དུས་ན་གཟུང་བའི་ཆོས་ཕྱིའི་ཡུལ་མེད་པར་ཁོང་དུ་ཆུད་པ་དང་། འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་གཟུང་བ་མེད་ན་དེ་ལ་འཛིན་པར་བྱེད་པའི་སེམས་ཀྱང་མེད་དོ་ཞེས་སེམས་ཙམ་དུ་འཛིན་པ་དང་ཡང་བྲལ་ཏེ། དེ་བས་ན་དེ་ལ་མི་སྣང་ཞེས་བྱའོ། །དེ་སྣང་མེད་པ་

གྲོལ་བ་མཆོག་ཏུ་དམིགས་པ་དང་བྲལ་བའོ་ཞེས་བྱ་བ་ལ། དེ་ནས་ས་དང་པོའི་དུས་ན་གཟུང་བ་ཡང་མི་སྣང་འཛིན་པ་ཡང་མི་སྣང་སྟེ། གཟུང་འཛིན་མི་དམིགས་པའི་ཡེ་ཤེས་ལ་གནས་པ་ཉིད་གྲོལ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཆོག་ཏུ་དམིགས་པ་གང་ཟག་ཏུ་དམིགས་པ་དང་། ཆོས་སུ་

དམིགས་པ་གཉིས་དང་བྲལ་བའི་ཕྱིར་གྲོལ་བ་ཡིན་ནོ། །དེ་ཡང་མཚུངས་པར་ཤེས་པ་ནི། །ཞེས་བྱ་བ་ལ། བདག་མེད་པ་གཉིས་སུ་རྟོགས་པ་ཡང་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་རྟོགས་པར་མ་ཟད་ཀྱི། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་རྟོགས་པ་ནི་མཚུངས་པར་ཤེས་

པ་ཞེས་བྱའོ། །འཛིན་པ་ནི་འདི་ནི་འཛིན་པ་ཙམ་མོ་སྙམ་པའི་ཞེས་བྱ་བ་ལ་ཙམ་གྱི་སྒྲས་ནི་གཟུགས་ལ་སོགས་པའི་དོན་ཡོད་པ་མ་ཡིན་པར་འགོག་སྟེ། སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། དེ་ལས་གཞན་པའི་གཟུགས་ལ་སོགས་པའི་ཡུལ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་

འཛིན་པ་ཙམ་དུ་ཟད་ཀྱི། དེའང་བཟོད་པའི་དུས་ན་རྟོགས་སོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞི་དང་ཚོགས་དང་གཞག་ཡོད་ན། །ཞེས་བྱ་བ་ལ་སོགས་སྨོས་ཏེ། གཞི་ཡོད་པ་དང་། ཚོགས་ཡོད་པ་དང་། གཞག་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་

ལ་ཚེ་འདིར་དགེ་བའི་བཤེས་གཉེན་ལ་བརྟེན་ནས། དམ་པའི་ཆོས་ཉན་པ་དང་། སེམས་པ་ལ་སོགས་པ་བྱེད་པ་ནི་གཞིའོ། །ཚེ་རབས་སྔ་མར་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་ཚོགས་སོ། །མོས་པ་སྤྱོད་པའི་ས་དག་ཏུ་ཆོས་

เล่ม ๑๒๕ · หน้า 193a

ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཚུལ་བཞིན་ཡིད་ལ་བྱས་པ་ནི་གཞག་པ་ཞེས་བྱ་སྟེ། དེ་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །མིང་ཙམ་དུ་ཡང་མཐོང་བར་འགྱུར། །ཞེས་བྱ་བ་ལ། དེ་གསུམ་དང་ལྡན་ན་དྲོད་དང་

རྩེ་མོའི་ཚེ་ན་ཆོས་ཐམས་ཅད་མིང་ཙམ་དུ་མཐོང་བར་འགྱུར་ཏེ། ཚིག་ཙམ་བརྗོད་པ་ཙམ་ཐ་སྙད་ཙམ་རྣམ་པར་རྟོག་པ་ཙམ་དུ་ཟད་པར་མཐོང་བའི་ཆོས་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །མིང་ཙམ་དུ་ནི་མཐོང་བ་སྟེ། །ཞེས་བྱ་བ་ལ། དེའི་འོག་ཏུ་བཟོད་པའི་

དུས་ན་ཆོས་ཐམས་ཅད་སེམས་ཙམ་དུ་མཐོང་སྟེ། མིག་གི་ཕུང་པོ་བཞི་ཙམ་དུ་ཟད་ཀྱི་དེ་ལས་མ་གཏོགས་པའི་གཟུགས་ལ་སོགས་པའི་ཆོས་གང་ཡང་མ་མཐོང་བས་ན་མིང་ཙམ་དུ་མཐོང་བ་ཞེས་བྱ་སྟེ། གཟུང་བ་རྣམས་དེའི་ཚེ་སྤངས་པའི་ཕྱིར་རོ། །དེ་མཐོང་དེ་ཡང་མཐོང་མི་འགྱུར། །

ཞེས་བྱ་བ་ལ། དེ་ནས་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་བཟོད་པའི་ཚེ་མིང་ཙམ་དུ་མཐོང་བ་དེ་ཡང་མ་མཐོང་སྟེ། སེམས་ཙམ་དུ་ཡོད་པར་འཛིན་པ་ཡང་དེའི་ཚེ་སྤངས་པའི་ཕྱིར་ཏེ། གཟུང་བ་མེད་པ་ཡང་ཡོད་པར་མི་རིགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་

སྤངས་ནས་ས་དང་པོའི་ཚེ་གཟུང་བ་དང་འཛིན་པ་གཉིས་མི་དམིགས་པའི་དམིགས་སུ་མེད་པའི་ཡེ་ཤེས་ལ་གནས་པ་ཉིད་རྣམ་པར་གྲོལ་བ་ཡིན་ཏེ། རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། སེམས་འདི་གནས་ངན་ལེན་དང་བཅས། །བདག་ཏུ་ལྟ་བའི་ཞགས་པས་ཟིན། །འཇུག་

པར་འགྱུར་ཏེ་ལྡོག་པ་ནི། །དེ་ནི་ནང་དུ་གནས་པར་འདོད། །ཅེས་བྱ་བ་སྨོས་ཏེ། སེམས་འདི་གནས་ངན་ལེན་དང་བཅས་པས་ན་འཇུག་པར་འགྱུར་ཏེ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་སེམས་ཀྱི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཆོས་ལ་བྱའོ། །གནས་ངན་

ལེན་དང་བཅས་པ་ཞེས་བྱ་བ་ལ་གནས་ངན་ལེན་རྣམ་པ་གཉིས་ཏེ། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་ཏོ། །དེ་ལ་ལུས་ཀྱི་གནས་ངན་ལེན་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པའོ། །སེམས་ཀྱི་གནས་ངན་ལེན་ནི་ཆགས་སེམས་དང་། གནོད་སེམས་

เล่ม ๑๒๕ · หน้า 193b

དང་། ཡོད་མེད་དུ་རྟོག་པ་ལ་སོགས་པའོ། །ཡང་ན་གནས་ངན་ལེན་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པའི་བག་ཆགས་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་སོ། །བཅས་ཞེས་བྱ་བ་ནི་བག་ཆགས་དེ་གཉིས་དང་ལྡན་ཞིང་འབྲེལ་བས་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ཞགས་པས་

ཟིན། །ཞེས་བྱ་བས་གནས་ངན་ལེན་གྱི་རྒྱུ་བསྟན་ཏེ། བདག་ཏུ་ལྟ་བ་ནི་གང་ཟག་ལ་བདག་ཏུ་ལྟ་བ་དང་། ཆོས་ལ་བདག་ཏུ་ལྟ་བའོ། །ཅི་ཙམ་ཅི་ཙམ་གང་ཟག་ལ་བདག་ཡོད་པ་དང་། ཆོས་ལ་བདག་ཡོད་པ་ཕྱིན་ཅི་ལོག་ཏུ་བལྟས་པ་དེ་ཙམ་དུ་སེམས་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་

བག་ཆགས་ཀྱི་གནས་ངན་ལེན་སོགས་པར་འགྱུར་རོ། །ཇི་སྲིད་དུ་གནས་ངན་ལེན་གཉིས་དང་མ་བྲལ་བ་དེ་སྲིད་དུ་འཁོར་བར་འཇུག་པར་འགྱུར་ཏེ། རྒྱུན་དུ་འཁོར་བར་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ལས་ལོག་སྟེ་འཁོར་བར་མི་སྐྱེ་བ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །ཇི་ལྟར་འཁོར་

བ་ལས་ལྡོག་པར་འགྱུར་ཞེ་ན། ད་ནི་ནམ་སེམས་ནང་དུ་གནས་པར་གྱུར་པ་ན་འཁོར་བ་ལས་ལྡོག་པར་འདོད་དོ། །སེམས་ནང་དུ་གནས་པ་ཡང་གཟུང་བ་དང་འཛིན་པ་གཉིས་སུ་རྟོགས་པ་སྤངས་ནས་གཉིས་སུ་མེད་པའི་སེམས་ཙམ་ལ་སེམས་གནས་ཏེ་གཟུང་བ་ཡང་མི་དམིགས་འཛིན་པ་ཡང་མི་

དམིགས་པར་འགྱུར་བ་ན་རྣམ་པར་གྲོལ་བ་ཡིན་པར་འདོད་དེ། དེ་ནི་ས་དང་པོའི་དུས་ནའོ། །དངོས་པོ་མེད་འདོད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། མདོ་སྡེ་དེ་དག་གི་ནང་ནས་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་

བཤད་དེ། ཇི་ལྟར་དངོས་པོ་མེད་པ་དང་། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པར་བརྟགས་པ་ལ་ཡོངས་སུ་ཚོལ་བ་ཞེས་བྱའོ། །དེ་ལ་ཆོས་རྣམ་པ་གསུམ་སྟེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའོ། །གཞན་གྱི་དབང་གི་ཆོས་ལ་ནི་སྐྱེ་བ་དང་འཇིག་

པ་དང་གནས་པ་སྟེ། འདུ་བྱེད་ཀྱི་མཚན་ཉིད་གསུམ་ཡོད་པར་རང་བཞིན་མེད་པས་ན་དངོས་པོ་མེད་པ་ཞེས་བྱའོ། །ཀུན་བརྟགས་ཀྱི་ཆོས་ནི་ཇི་ལྟར་གཟུང་བ་བཞིན་དུ་མེད་པས་ན་རང་བཞིན་མེད་པ་ཞེས་བྱ་སྟེ། དེ་བརྟག་པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །

เล่ม ๑๒๕ · หน้า 194a

རང་དང་རང་གི་བདག་ཉིད་མེད། །བདག་གི་དངོས་ལ་མི་གནས་ཕྱིར། །ཞེས་བྱ་བ་ལ། རང་ཞེས་བྱ་བའི་དོན་ནི་རང་ཉིད་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་སྐྱེ་བའི་ཚེ་རྒྱུ་དང་རྐྱེན་གཞན་གྱིས་བསྐྱེད་པར་ཟད་ཀྱི་རང་ཉིད་

ཀྱིས་རང་ཉིད་བསྐྱེད་པར་མི་ནུས་པའི་ཕྱིར་ཏེ། འདིས་ནི་སྐྱེ་བ་རང་བཞིན་མེད་པར་བསྟན་ཏོ། །ཡང་ན་ཆོས་རྣམས་ནི་མ་འོངས་པའི་དུས་ན་མེད་པ་ལས་བྱུང་བ་ལ་སྐྱེ་བ་ཞེས་བྱ་བ་ལས་མུ་སྟེགས་པ་གྲངས་ཅན་རྣམས་ཀྱི་གཙོ་བོ་ཞེས་བྱ་བ་ཡོད་པ་ལས་ཆོས་རྣམས་སྐྱེ་ཞེའམ། ས་བོན་ལ་མྱུ་གུ་ཡོད་བཞིན་

དུ་རྒྱུ་རྐྱེན་གྱིས་བསྐྱེད་དོ་ཞེས་རང་ཉིད་ཀྱི་དངོས་པོ་ཡོད་པས་སྐྱེ་བ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །རང་གི་བདག་ཉིད་དུ་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་འགགས་ཏེ་ཞེས་པ་རྣམས་སླར་ཡང་བཟླས་ནས་སྔོན་གྱི་རང་བཞིན་དུ་སྐྱེ་བ་མེད་

པའི་ཕྱིར་ཏེ། འདིས་ནི་ཞིག་པ་རང་བཞིན་མེད་པ་བསྟན་ཏོ། །ཡང་ན་མུ་སྟེགས་པ་གྲངས་ཅན་པ་རྣམས་ཀྱིས་ཞིག་པ་རྣམས་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་སོང་བ་མ་ཡིན་གྱི་མངོན་པར་གནས་སོ་ཞེས་སྨྲས་པ་ལྟར་གནས་པའི་རང་བཞིན་མེད་པས་ན་ངོ་བོ་ཉིད་མེད་པ་ཞེས་བྱའོ། །བདག་

གི་དངོས་པོ་ལ་མི་གནས་པའི་ཕྱིར། ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་ཆོས་སྐྱེས་པ་རྣམས་ཀྱང་སྐད་ཅིག་མ་ཡིན་པས་སྐད་ཅིག་མ་སྐྱེས་མ་ཐག་ཏུ་འགག་གོ། །སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པར་མི་གནས་པའི་ཕྱིར་ཏེ། འདིས་ནི་གནས་པ་རང་བཞིན་མེད་

པར་བསྟན་ཏོ། །ཡང་ན་མུ་སྟེགས་པ་གྲངས་ཅན་པ་རྣམས་ཀྱིས། ཆོས་རྣམས་སྐྱེ་ནས་ཐ་གི་ཟང་གཅིག་ཏུ་གནས་ཏེ། འགོག་གོ་ཞེས་བཏགས་པ་ཞེས་ཡོད་པ་མ་ཡིན་པས་ན་རང་བཞིན་མེད་པ་ཞེས་བྱའོ། །འཛིན་པ་བཞིན་དུ་དེ་མེད་པར། །ངོ་བོ་ཉིད་ནི་མེད་པར་འདོད། །ཅེས་བྱ་བ་ལ། ཇི་ལྟར་

བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟག་པ་དང་། བདེ་བ་དང་། བདག་དང་། གཙང་བ་དང་བདག་ཞེའམ། གཞན་ཞེའམ། གཟུགས་ཤེའམ། སྒྲ་ཞེས་ཀུན་དུ་བརྟགས་ཏེ། གཟུང་བའི་ཆོས་ཀུན་བརྟགས་ཀྱི་མཚན་ཉིད་ལ་ཇི་ལྟར་རྟག་པ་ལ་སོགས་པ་ལྟ་བུ་གཟུང་བ་སྟེ། དེ་ལྟར་རང་བཞིན་

เล่ม ๑๒๕ · หน้า 194b

ཡོད་པ་མ་ཡིན་པས་ན་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལྟར་སྐྱེ་བ་རང་བཞིན་མེད་པ་དང་། །ཞི་བ་རང་བཞིན་མེད་པ་དང་། །གནས་པ་རང་བཞིན་མེད་པ་དང་། །ཇི་ལྟར་གཟུང་བ་རང་བཞིན་མེད་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་རྣམ་པ་གསུམ་པོ་འདི་དག་

ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བ་ལ། རང་ཉིད་དངོས་པོ་མེད་པ་དང་། །རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང་། བདག་གི་དངོས་པོ་ལ་མི་གནས་པ་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་ལྡན་ཏེ། ད་རང་ཉིད་དངོས་པོ་མེད་པས་སྐྱེ་

བ་རང་བཞིན་མེད་པར་བསྟན་པས་རང་གི་བདག་ཉིད་དུ་དངོས་པོ་མེད་པ་མེད་པས་ནི་འཇིག་པ་རང་བཞིན་མེད་པ་བསྟན། བདག་གི་དངོས་པོ་ལ་མི་གནས་པས་ནི་གནས་པ་རང་བཞིན་མེད་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་བཞིན་དུ་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་སྟེ། དེ་མེད་པས་ནི་རང་བཞིན་མེད་པའོ་

ཞེས་བྱ་བ་ལ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་གཙང་བ་དང་རྟག་པ་ལ་སོགས་བརྟགས་པ་བཞིན་དུ་བདེ་བ་དང་གཙང་བའི་རང་བཞིན་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། འདིའི་སྐབས་སུ་ཡང་བདེ་བ་དང་གཙང་བར་ཀུན་དུ་བརྟགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་ཉིད་རང་བཞིན་མེད་པ་ཞེས་བྱའོ། །དེ་

ལྟར་དངོས་པོ་མེད་པའི་དོན་དུ་བསྟན་ནས། རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་བསྟན་པའི་ཕྱིར། རང་བཞིན་མེད་པས་གྲུབ་པ་ནི། །གོང་ནས་གོང་དུ་བརྟེན་པ་ཡིས། །སྐྱེ་མེད་འགོག་མེད་ཐོག་མ་ནས། །ཞི་དང་རང་བཞིན་མྱ་ངན་འདས། །ཆོས་རྣམས་ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་ཀྱི་རང་

བཞིན་མེད་པར་གྱུར་པས་ན་སྐྱེ་བ་མེད་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པར་གྲུབ་སྟེ། དེའང་ཅི་ལྟར་གྲུབ་ཅེ་ན་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་འགྲུབ་པའོ། །འདི་ལ་རང་བཞིན་མེད་པ་ལ་བརྟེན་ནས་སྐྱེ་བ་མེད་པར་འགྲུབ་བོ། །སྐྱེ་བ་མེད་པ་ལ་བརྟེན་ནས་འགག་པ་མེད་པ་འགྲུབ་བོ། །དེ་

གཉིས་ལ་བརྟེན་ནས་ཐོག་མ་ནས་ཞི་བ་འགྲུབ་བོ། །ཐོག་མ་ནས་ཞི་བ་ལའང་བརྟེན་ནས། རང་བཞིན་གྱིས་མྱ་ངན་ལས་འདས་པར་འགྲུབ་བོ། །དེ་ལ་རང་གི་ངོ་བོ་མེད་པ་དང་། རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང་། བདག་གི་དངོས་པོ་ལ་མི་གནས་པ་དང་། འཛིན་པ་བཞིན་དུ་མེད་པས་ན་རང་བཞིན་

เล่ม ๑๒๕ · หน้า 195a

མེད་པ་སྟེ། དེ་ལྟར་རང་བཞིན་མེད་པའི་ཆོས་ནི་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར་དེ་ལ་སྐྱེ་བ་མེད་དོ། །སྐྱེ་བ་མེད་པ་ལ་འཇིག་པ་མེད་པས་ན་འགག་པ་མེད་དོ། །གང་སྐྱེ་བ་དང་འགག་པར་ཀུན་དུ་བརྟགས་པའི་ཆོས་དེ་ཉིད་ལ་ཐོག་མ་ནས་ཞི་བ་ཞེས་བྱའོ། །འདི་ལྟར་སྐྱེ་བ་དང་འཇིག་

པས་དཀྲུགས་ཤིང་སོག་ལེ་རྣོན་པོས་དྲས་པའི་འདུ་བྱེད་རྣམས་ལ་ནི་འཕགས་པ་རྣམས་སྐྱོ་བར་མཛད་ཀྱི་སྐྱེ་བ་དང་འགག་པ་སྤོངས་པའི་བདུད་རྩིའི་དབྱིངས་ལ་ནི་འཕགས་པ་རྣམས་དགྱེས་པར་མཛད་པའི་ཕྱིར་རོ། །གང་ཐོག་མ་ནས་ཞི་བའི་ཆོས་དེ་ཉིད་ལ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་ཀྱང་

དེ་ལ་བྱ་སྟེ། དེ་ཉིད་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་དེ་རང་བཞིན་གྱིས་ཡེ་ནས་གནས་ཀྱི་ལམ་བསྒོམས་པས་བསྐྱེད་པ་མ་ཡིན་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡོངས་སུ་ཚོལ་བ་ལས་

བརྩམས་ཏེ་ཚིགས་སུ་བཅད་པའོ་ཞེས་བྱ་བ་ལ། མདོ་སྡེ་དེ་དང་དེ་དག་གི་ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ་ཞེས་གསུངས་པ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མཚན་ཉིད་ཇི་ལྟ་བུར་ཡིན་པ་བརྟག་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དེ་ཉིད་

གཞན་རང་མཚན། །རང་དང་གཞན་དུ་གྱུར་པ་དང་། །ཀུན་ནས་ཉོན་མོངས་བྱེ་བྲག་རྣམས། །མི་སྐྱེ་ཆོས་ལ་བཟོད་པར་གསུངས། །ཞེས་བྱ་བ་ལ། སྐྱེ་བ་མེད་པའི་ཆོས་བརྒྱད་ལ། །བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བར་གསུངས་ཏེ། བརྒྱད་པོ་གང་ཞེ་ན། ཐོག་མ་སྐྱེ་བ་མེད་པ་དང་།

དེ་ཉིད་སྐྱེ་བ་མེད་པ་དང་། གཞན་སྐྱེ་བ་མེད་པ་དང་། རང་གི་མཚན་ཉིད་སྐྱེ་བ་མེད་པ་དང་། རང་སྐྱེ་བ་མེད་པ་དང་། གཞན་དུ་འགྱུར་བ་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་དང་། བྱེ་བྲག་ཏུ་སྐྱེ་བ་མེད་པའོ། །ཐོག་མ་ནི་འཁོར་བ་སྟེ་དེ་ལ་ཐོག་མ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་ལ་ལ་དག །

འཁོར་བ་ལ་ཐོག་མ་ཡོད་པར་རྟོག་སྟེ་འཁོར་བ་ལ་ཐོག་མ་ཡོད་པར་བརྟགས་པའི་འཁོར་བ་ལ་ཐོག་མར་སྐྱེ་བ་མེད་པར་མཐོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེའང་འདི་སྐད་འཁོར་བ་ནི་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་གཅིག་གིས་གཅིག་བསྐྱེད་པས་ན་ཐོག་མ་མེད་པ་དབང་

เล่ม ๑๒๕ · หน้า 195b

ཕྱུག་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་འཁོར་བའི་ཐོག་མ་བསྐྱེད་པ་མེད་དོ་ཞེས་བཟོད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་ཉིད་དང་གཞན་ནི་སྔ་མ་དང་ཕྱི་མ་ལ་ཞེས་བྱ་བ་ལ་སྔར་སྐྱེས་པ་དེ་ནི་སླར་མི་སྐྱེ་ལ། ཕྱི་མ་གྲགས་པའི་སྐྱེ་བ་རྣམས་ཀྱང་ཇི་ལྟར་གྲགས་པའི་ཆོས་

ལ་གཞན་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར། གང་སྔར་སྐྱེས་པའི་ཆོས་དེ་དག་སྐྱེ་བ་མེད་དེ་དེའི་དངོས་པོར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཁོར་བ་ན་གང་སྔར་སྐྱེས་ནས་འགགས་ཟིན་པའི་ཆོས་དེ་དག་སླར་ཡང་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། འགག་པའི་

ཆོས་ནི་མེད་པ་ཡིན་པས་མེད་པ་སྟེ། སླར་ཡོད་པའི་དངོས་པོར་མི་སྐྱེ་བའི་ཕྱིར་ཏེ། ཇི་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར་གཞན་དག་ཀྱང་མ་ཡིན་ཏེ། སྔ་མ་མེད་པའི་རྣམ་པར་མི་སྐྱེ་བའི་ཕྱིར་རོ་ཞེས་སྨོས་ཏེ།

འཁོར་བ་ན་ཕྱིས་སྐྱེ་བའི་ཆོས་རྣམས་ཀྱང་གཞན་ཡང་སྐྱེ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་གྲགས་པའི་ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཉིད་སྐྱེ་བར་ཟད་ཀྱི། སྔོན་མེད་པའི་སེམས་ཅན་གསར་དུ་འབྱུང་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་

བཟོད་པ་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ནི་ཀུན་དུ་བརྟགས་པའི་རང་བཞིན་གྱིས་ཏེ། དེ་ལ་ནམ་ཡང་སྐྱེ་བ་མེད་དོ་ཞེས་བྱ་བ་ལ། རང་གི་མཚན་ཉིད་ནི་མི་སྐྱེ་བ་ནི་ཀུན་དུ་བརྟགས་པའི་རང་བཞིན་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་དང་ཆོས་སུ་བརྟགས་པ་ཐམས་ཅད་ནི་རི་བོང་

གི་རྭ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་མེད་ན་དེ་ནམ་ཡང་སྐྱེ་བ་དང་འབྱུང་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་མི་སྐྱེ་བ་ནི་གཞན་གྱི་དབང་གིའོ་ཞེས་བྱ་བ་ལ། རང་ཉིད་མི་སྐྱེ་བ་ན་གཞན་གྱི་དབང་གི་མཚན་ཉིད་དེ། ཅིའི་ཕྱིར་

ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་ནི། །རྒྱུ་དང་རྐྱེན་གྱི་མཐུ་ལས་སྐྱེས་པའི་རང་ཉིད་སྐྱེ་བར་མི་རུང་བའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་འགྱུར་བ་ནི་ཡོངས་སུ་གྲུབ་པ་སྟེ། དེ་ནི་གཞན་དུ་འགྱུར་བ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ། གཞན་དུ་འགྱུར་

เล่ม ๑๒๕ · หน้า 196a

བ་སྐྱེ་བ་མེད་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། ཅིའི་ཕྱིར་ཞེ་ན། ཡོངས་སུ་གྲུབ་པ་ནི་ནམ་མཁའ་བཞིན་དུ་རྟག་ཅིང་རོ་གཅིག་པ་ཡིན་པས་དེ་ལ་ནམས་ཀྱང་གཞན་ནས་གཞན་དུ་འགྱུར་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ནོ་ཞེས་

པའི་དོན་ཏོ། །ཉོན་མོངས་པ་སྤངས་པའི་ཟབ་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་ནི་འདི་ལྟར་འཕགས་པ་དགྲ་བཅོམ་པ་ལ་སོགས་པ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་ཟད་

པའི་ཡེ་ཤེས་ཐོབ་པ་རྣམས་ཕྱིས་སེམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་སྟེ། འཕགས་པ་དེ་དག་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་བ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པའོ་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་ཏེ། བདག་ལ་བྱེ་བྲག་ཏུ་སྐྱེ་བ་མེད་

དོ་ཞེས་བྱ་བ་ལ། བྱེ་བྲག་ཏུ་སྐྱེ་བ་མེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རང་བཞིན་གཅིག་པ་ཡིན་ལ། སངས་རྒྱས་ཁ་ཅིག་ནི་ཆོས་ཀྱི་སྐུ་ཅི་འདྲ་བར་སྐྱེས་ཁ་ཅིག་ནི་ཅི་འདྲ་བར་སྐྱེ་བ་ལྟ་བུར་མི་མཐུན་པར་སྐྱེ་བ་མེད་པའི་ཕྱིར་ཏེ།

དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །ཐེག་པ་གཅིག་ཡོངས་སུ་ཚོལ་བ་ལ་ཡང་ཚིགས་སུ་བཅད་པ་བདུན་ནོ་ཞེས་བྱ་བ་ལ། མདོ་སྡེ་ཁ་ཅིག་ལས་ནི་ཐེག་པ་གཅིག་ཏུ་བཤད་དེ་གསུམ་དུ་མེད་དོ་ཞེས་བཤད་དོ། །མདོ་སྡེ་ཁ་ཅིག་ལས་ནི་གསུམ་མོ་ཞེས་བཤད་

པ་ནི་ཅི་ལ་དགོངས་ཤེ་ན། གསུང་རབ་ལ་སྡེ་རྣམ་པ་གཉིས་ཏེ། བཀྲི་བའི་དོན་གྱི་མདོ་སྡེ་དང་། །ངེས་པའི་དོན་གྱི་མདོ་སྡེའོ། །དེ་ལ་ཐེག་པ་གཅིག་གོ་ཞེས་བཤད་པ་ནི་སེམས་ཅན་གྱི་དོན་དུ་དགོངས་པའི་དབང་གིས་གསུངས་པས་ནི་བཀྲི་བའི་དོན་ཞེས་བྱ་བ་ལ། ཐེག་པ་གསུམ་དུ་གསུངས་

པ་ནི་ངེས་པའི་དོན་ཡིན་ཏེ། ཐེག་པ་གསུམ་ཡོད་པ་ལས་ཐེག་པ་གཅིག་ཏུ་བཤད་པ། ཅི་ལས་དགོངས་ཏེ་བཤད་པའི་དགོངས་པ་བརྟགས་པའི་ཕྱིར་ཚིགས་སུ་བཅད་པ་བདུན་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་དང་བདག་མེད་གྲོལ་བ་མཚུངས། །ཐ་དད་རིགས་དང་བསམ་གཉིས་ཐོབ། །སྤྲུལ་

เล่ม ๑๒๕ · หน้า 196b

པ་དང་ནི་མཐར་ཐུག་ཕྱིར། །ཐེག་པ་གཅིག་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། ཐེག་པ་གཅིག་ཏུ་བཤད་པའི་དགོངས་པ་ནི་ཆོས་མཚུངས་པ་དང་། བདག་མེད་པ་མཚུངས་པ་དང་། གྲོལ་བ་མཚུངས་པ་དང་། རིགས་ཐ་དད་པ་ཐེག་པ་མཚུངས་པ་དང་། བསམ་པ་གཉིས་ཐོབ་པ་དང་། སྤྲུལ་པའི་ཕྱིར་

དང་མཐར་ཐུག་པའི་ཕྱིར། དོན་རྣམ་པ་བདུན་ལ་དགོངས་ནས་ཐེག་པ་གཅིག་ཉིད་ཡིན་ནོ་ཞེས་གསུངས་སོ། །ཆོས་མཚུངས་པའི་ཕྱིར་ཐེག་པ་གཅིག་སྟེ། ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ལ། ཆོས་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཏེ། ཇི་ལྟ་ཞེ་

ན། འདི་ལྟར་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་། རང་སངས་རྒྱས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་སུ་ཐ་མི་དད་དེ་ནམ་མཁའ་བཞིན་ནོ། །ཇི་ལྟར་ནམ་མཁའ་ལ་ཐ་དད་པ་རྣམ་པ་སྣ་ཚོགས་སུ་མེད་པ་ལྟར་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་

ལ་ཡང་ཐ་དད་པ་མེད་དེ། རང་བཞིན་གཅིག་པས་ན་ཐེག་པ་གཅིག་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ལ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར་བགྲོད་པ་ཉིད་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། འདིར་ཆོས་ཀྱི་དབྱིངས་ལ་ཐེག་པ་ཆེན་པོ་ཞེས་གཞག་པ་ནི། བགྲོད་པར་བྱ་བ་ཤེས་པར་བྱ་བའི་ཡུལ་

ཆོས་ཀྱི་དབྱིངས་ཉིད་ཐེག་པ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་ཅིང་རྟོགས་ན་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་ཆོས་རྣམས་འབྱུང་བར་འགྱུར་བས་ན་ཆོས་ཀྱི་དབྱིངས་ལ་ཐེག་པར་གཞག་གོ། །བདག་མེད་པ་མཚུངས་པའི་ཕྱིར་ཐེག་པ་གཅིག་སྟེ། ཉན་ཐོས་ལ་སོགས་

པ་དང་བདག་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ལ། བདག་མེད་པར་མཚུངས་པ་ནི་ཐེག་པ་གཅིག་ཏུ་བཤད་དོ། །ཇི་ལྟ་ཞེ་ན། ཇི་ལྟར་ཉན་ཐོས་ལ་སོགས་པ་འགྲོ་བ་པོའི་གང་ཟག་ལ་བདག་མེད་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་གཤེགས་པ་པོ་ཡང་བདག་མེད་དེ། འགྲོ་བ་པོའི་གང་

ཟག་བདག་མེད་པར་འགྲོ་བས་ན་དེ་ལ་དགོངས་ནས་ཐེག་པ་གཅིག་གོ་ཞེས་གསུངས་པའི་དོན་ཏོ། །གང་ཟག་ལ་ཅིའི་ཕྱིར་ཐེག་པ་ཞེས་བཏགས་ཤེ་ན། དེའི་ཕྱིར་བགྲོད་པར་བྱེད་པ་དེ་ནི་ཐེག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདིར་གང་ཟག་ལ་ཐེག་པར་བཏགས་པའི་རྣམ་པར་གྲོལ་བའི་

เล่ม ๑๒๕ · หน้า 197a

གནས་ཏེ། གང་ཟག་དེར་བགྲོད་པར་བྱེད། དེས་ཕྱིན་པར་བྱེད་པས་ན་གང་ཟག་ལ་ཐེག་པ་ཞེས་བཏགས་ཏེ། འགྲོ་བ་པོ་གང་ཟག་ཀུན་ལ་ཡང་བདག་མེད་པར་འདྲ་བའི་ཕྱིར་ཐེག་པ་གཅིག་ཅེས་བཤད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་ཐེག་པ་

གཅིག་པ་ཉིད་ནི་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་མཚུངས་པ་ལ་དགོངས་ནས་ཐེག་པ་གཅིག་ཏུ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་དང་། སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཐ་དད་པ་མེད་པའི་ཕྱིར་ཏེ། མདོ་སྡེ་དག་ལས་

ཀྱང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་དག་ལ་མི་འདྲ་བ་མེད་དོ་ཞེས་གསུངས་སོ། །རྣམ་པར་གྲོལ་བ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར་བགྲོད་པ་གཅིག་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། ཐེག་པའི་མཚན་ཉིད་ཀྱང་གང་གིས་བགྲོད་པར་བྱེད་པའི་རྒྱུ་ཡང་ཐེག་པ་ཞེས་བྱ། གང་

དུ་བགྲོད་པར་བྱེད་པའི་གནས་ལ་ཡང་ཐེག་པ་ཞེས་བྱ་བ་ལས་རྣམ་པར་གྲོལ་བའི་གནས་བགྲོད་པར་བྱ་བའི་གནས་དང་། ཐོབ་པར་བྱ་བའི་ཆོས་ཡིན་པས་ན་དེ་ལ་ཐེག་པ་ཞེས་བྱའོ། །རིགས་ཐ་དད་པ་ཐེག་པ་མཚུངས་པ་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོ་འབྱུང་བའི་ཕྱིར་ཞེས་

བྱ་བ་ལ། རིགས་ཐ་དད་པ་དག་ཐེག་པ་གཅིག་གི་སྒོ་ནས་སངས་རྒྱས་པར་འགྱུར་བས་ལམ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད་དེ། ཇི་ལྟར་བྱང་ཆུབ་སེམས་དཔའི་རིགས་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོ་ལ་ཞུགས་ནས་འཚང་རྒྱ་བ་འཐོབ་པ་བཞིན་

དུ། ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་སྔོན་ཉན་ཐོས་ཀྱི་སྤྱད་པ་སྤྱོད་པ་ལས་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཉན་ཐོས་ཀྱི་སྤྱོད་པ་བཏང་སྟེ། ཐེག་པ་ཆེན་པོའི་ཆོས་སྤྱད་ནས་སངས་རྒྱས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཉིད་ཀྱི་ལམ་གྱིས་བྱང་

ཆུབ་པས་ན་དེ་ལས་དགོངས་ཏེ། ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རིགས་པ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར། འདིས་བགྲོད་པ་ནི་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། རིགས་འདི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་ནས་

เล่ม ๑๒๕ · หน้า 197b

སངས་རྒྱས་པར་བྱེད་པས་ན་རིགས་ལ་ཐེག་པར་བཏགས། བསམ་པ་གཉིས་ཐོབ་པ་ཐེག་པ་གཅིག་པ་ནི་ཞེས་བྱ་བ་ལ། བསམ་པ་གཉིས་ཐོབ་པས་ན་ཐེག་པ་གཅིག་ཏུ་གསུངས་ཏེ། བསམ་པ་གཉིས་ཐོབ་པ་ནི་དེ་བཞིན་གཤེགས་པའི་དགོངས་པས་བརྙེས་པ་དང་། ཉན་ཐོས་ཀྱི་བསམ་པ་

རྙེད་པའོ་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་དུ་བསམ་པ་ཐོབ་པ་དང་ཞེས་བྱ་བ་ལ་འདི་ལྟར་ས་དང་པོའི་དུས་ན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་བདག་དང་སེམས་ཅན་གཉིས་སུ་མཉམ་པ་ཉིད་ཀྱི་བསམ་པ་རྙེད་དོ། །མཉམ་པ་ཉིད་ཀྱི་

བསམ་པ་དེ་ས་གཉིས་ནས་ས་བཅུའི་བར་དུ་བསྒོམས་པས་སངས་རྒྱས་ཀྱི་སའི་དུས་ན་རྣམ་པར་དག་པ་སྟེ། བདག་གང་ཡིན་པས་སེམས་ཅན་གཞན་ཡང་དེ་ཡིན། སེམས་ཅན་གཞན་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་སེམས་ཅན་དང་བདག་ཏུ་རང་བཞིན་གཅིག་པའི་དགོངས་པ་བརྙེས་

པས་ན་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དག་གི་རིགས་སུ་ངེས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའི་ཚོགས་ལ་སྤྱད་པ་རྣམས་ཀྱང་སངས་རྒྱས་ཀྱི་བསམ་པར་འགྱུར་ཏེ་ཞེས་བྱ་བ་ལ། ཉན་ཐོས་དེ་ཡི་རིགས་སུ་ངེས། །ཞེས་བྱ་བ་ནི། ཉན་ཐོས་ཉིད་ནི་རིགས་ངེས་

པའོ། །ཉན་ཐོས་ཀྱི་རིགས་སུ་ངེས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་ཉན་ཐོས་ཀྱི་རིགས་ངེས་པ་ཡོད་པས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་ནས་ཉན་ཐོས་ཀྱི་ཐེག་པར་ཞུགས་ཏེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མྱ་ངན་ལས་འདས་སོ། །དེ་དག་ལ་དེ་བཞིན་གཤེགས་

པས་སངས་རྒྱས་ཀྱི་དགོངས་པ་ལ་སྦྱར་བར་མཛད་དེ། དེ་ལྟར་མཛད་པས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱས་སོ་ཞེས་དགོངས་པ་བཞིན་དུ་ཉན་ཐོས་དེ་དག་ཀྱང་བདག་ཅག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འཚང་རྒྱ་

བར་འགྱུར་རོ་ཞེས་སངས་རྒྱས་ཀྱི་བསམ་པ་འཐོབ་པར་འགྱུར་ཏེ། དེ་ལ་དགོངས་ནས་ཀྱང་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་སངས་རྒྱས་ཀྱི་བསམ་པ་ཐོབ་ཅེ་ན། དེའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་བསམ་པ་ཐོབ་པ་ཡང་དེ་བཞིན་

เล่ม ๑๒๕ · หน้า 198a

གཤེགས་པའི་བྱིན་གྱི་རླབས་ཀྱི་རྒྱུས་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ཇི་ཙམ་ཞིག་ཐོབ་ཅེ་ན། དེའི་ཕྱིར། དེ་བཞིན་གཤེགས་པས་རྗེས་སུ་གཟུང་བའི་བྱེ་བྲག་གི་ཕྱོགས་ཐོབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ལ་མངའ་བའི། དེ་བཞིན་གཤེགས་

པ་དང་ལྡན་པའི་དགོངས་པའི་ཁྱད་པར་ལ་དེ་བཞིན་གཤེགས་པས་གཟུང་བའི་བྱེ་བྲག་ཅེས་བྱ་སྟེ། ཉན་ཐོས་དེ་དག་གིས་སངས་རྒྱས་ཀྱི་བསམ་པ་རྙེད་པ་ཡང་ཐང་ཅིག་གཅིག་རྙེད་ཀྱི་གཏན་དུ་བསམ་པ་དེ་དང་མི་ལྡན་པས་ན་ཕྱོགས་ཙམ་ཐོབ་པ་ཞེས་བྱའོ། །རྣམ་པ་ཇི་ལྟ་བུས་ཐོབ་པས་སངས་རྒྱས་

ཀྱི་བསམ་པ་ཐོབ་པ་ནི། དེའི་ཕྱིར། རྒྱུད་ཐ་དད་པ་མ་ཡིན་པས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། སངས་རྒྱས་གཉིས་སུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འཚང་རྒྱ་བར་འགྱུར་རོ་སྙམ་དུ་སེམས་པའི་སེམས་ཀྱི་རྒྱུད་ཐ་དད་

པ་མ་ཡིན་པ་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་བསམ་པའི་ཕྱོགས་ཙམ་ཞིག་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཅིག་པའི་བསམ་པ་ཐོབ་པས་སངས་རྒྱས་དང་ཉན་ཐོས་རྣམས་གཅིག་པའི་ཕྱིར་ཐེག་པ་གཅིག་གོ་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ན། སངས་རྒྱས་རྣམས་ཀྱང་སེམས་ཅན་དང་བདག་

ཏུ་མཉམ་པའི་བསམ་པ་ཐོབ། ཉན་ཐོས་རྣམས་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་བསམ་པ་ཐོབ་པས། དེ་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་ཕྱིར་ཡང་ཐེག་པ་གཅིག་པ་ནི་འདི་ལྟ་སྟེ། ད་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་

ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་སྟེ། འདུལ་བ་རྣམས་ཀྱི་དོན་དུ་དེ་བཞིན་དུ་སྤྲུལ་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྤྲུལ་པའི་ཕྱིར་ཡང་ཐེག་པ་གཅིག་ཏུ་བཤད་དེ། ཇི་ལྟ་ཞེ་ན། ཇི་ལྟར་ཉན་ཐོས་རྣམས་རང་གི་ཐེག་པས་མྱ་ངན་ལས་འདས་པ་དེ་བཞིན་དུ་དེ་བཞིན་གཤེགས་

པའི་སྤྲུལ་པས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་ཏེ། ཉན་ཐོས་དང་སྤྲུལ་པ་གཉིས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པར་ཐེག་པ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མདོ་སྡེ་དེ་དང་དེ་དག་ལས་ཀྱང་ནི་ལན་

เล่ม ๑๒๕ · หน้า 198b

བརྒྱ་སྟོང་དུ་མར་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་ཏེ། དེའང་དེ་བཞིན་གཤེགས་པ་ཉིད་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྤྲུལ་པའི་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདས་པར་བསྟན་ན། འདུལ་བར་འགྱུར་

བའི་སེམས་ཅན་རྣམས་ཀྱི་དོན་དུ་སྤྲུལ་པས་མྱ་ངན་ལས་འདས་པར་བསྟན་ཏོ། །མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་པ་ནི་ཕན་ཆད་བགྲོད་པར་བྱ་བ་མེད་པར་ནི་ཐེག་པ་གཅིག་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཐེག་པ་གཅིག་གོ་ཞེས་བྱ་བ་ལ། མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དེ་

མཐར་ཐུག་པ་ཞེས་བྱ་བ་དང་། མཆོག་ཏུ་གྱུར་པ་ཞེས་བྱ་བ་དང་། ཕུལ་དུ་ཕྱིན་པ་ཞེས་བྱ་བ་དག་དོན་གཅིག་སྟེ། དཔེར་ན་འཇིག་རྟེན་ན་ཡང་གང་དཔའ་བ་དང་མཛངས་པ་ཕུལ་དུ་ཕྱིན་པ་རྣམས་ལ་མི་འདི་གཅིག་པུར་ཟད་ཀྱི་མི་གཞན་མེད་དེ་ཞེས་སྨྲ་བ་ལྟར། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་

ཐེག་པ་གཞན་ལ་ཁྱད་ཞུགས་ཏེ། ཕུལ་དུ་ཕྱིན་པ་དང་འབྲས་བུའི་ཆོས་སངས་རྒྱས་སུ་གྱུར་པ་ཉིད་སངས་རྒྱས་ཐོབ་པ་ཡང་ཕུལ་དུ་ཕྱིན་པ་ཡིན་ཏེ། སངས་རྒྱས་ཕྱིན་ཆད་དེ་ལས་ལྷག་པར་བགྲོད་ཅིང་ཐོབ་པར་བྱ་བའི་ཆོས་ཁྱད་པར་ཅན་གཞན་མེད་པས་ན་སངས་རྒྱས་ཉིད་ལ་ཐེག་པ་ཞེས་བཏགས་

ཏེ། མཆོག་ཏུ་ཕྱིན་པ་ནི་དེ་གཅིག་པུར་ཟད་པའི་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོ་སྡེ་དེ་དང་དེ་ལ་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཏུ་རིག་པར་བྱ་སྟེ། ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་ཐེག་པ་གསུམ་ཡོད་མོད་ཀྱི་

ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཐེག་པ་གཅིག་ཏུ་ཟད་དེ། གསུམ་དུ་མེད་དོ་ཞེས་བཤད་པ་ལས་ཡང་ཆོས་གཅིག་ལས་དགོངས་པ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པར་རིག་པར་བྱ་སྟེ། ངེས་པའི་དོན་དུ་ན་ཐེག་པ་གསུམ་མེད་པ་

ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཏུ་སངས་རྒྱས་བཤད་ཅེ་ན་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་གསུམ་ཡོད་ཀྱང་དགོངས་པ་རྣམ་པ་བདུན་པོ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པ་ལ་དོན་དང་དགོངས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །

เล่ม ๑๒๕ · หน้า 199a

ཁ་ཅིག་དག་ནི་དྲང་བའི་ཕྱིར། །གཞན་དག་ཀྱང་ནི་གཟུང་བའི་ཕྱིར། །མ་ངེས་པ་ལ་སངས་རྒྱས་ཀྱིས། །ཐེག་པ་གཅིག་ཏུ་བསྟན་པ་ཡིན། །ཞེས་བྱ་བ་ལ། མ་ངེས་པའི་རིགས་ཅན་རྣམས་ཀྱི་དོན་དུ་དགོངས་ནས་སངས་རྒྱས་ཀྱིས་ཐེག་པ་གཅིག་གོ་ཞེས་གསུངས་

ཏེ། མ་ངེས་པའི་རིགས་ཅན་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་དང་། རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོའི་སྤྱོད་པ་ལ་བཙུད་ནས་སངས་རྒྱས་པར་བྱ་བའི་ཕྱིར་ཡང་ཐེག་པ་

གཅིག་ཏུ་བཤད་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་དག་འཁོར་བ་ན་ཕན་བཏགས་ཀྱང་གནོད་པར་བྱེད་པའི་སེམས་ཅན་དང་། གནོད་པར་མ་བྱས་ཀྱང་གནོད་པར་བྱེད་པ་དང་། དགོས་པ་མེད་པར་ཡང་གནོད་པ་བྱེད་པ་དག་མཐོང་ནས་འཁོར་བར་སྐྱོ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་

འདས་པར་འཇུག་པར་འདོད་པ་རྣམས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མི་བཏང་ཞིང་གཟུང་བར་བྱ་བའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་གཅིག་ཏུ་བཤད་པས་ཇི་ལྟར་དྲང་ཞིང་གཟུང་བར་འགྱུར་ཞེ་ན། ཇི་ལྟར་ཐེག་པ་ནི་གཅིག་པར་ཟད་དོ་ཞེས་བཤད་པ་དང་དེ་དག་འདི་

སྙམ་དུ་སེམས་ཏེ། མཐར་བསྐོར་ན་ཡང་ཐེག་པ་ཆེན་པོ་ཉིད་ཀྱིས་མྱ་ངན་ལས་འདས་པར་འགྱུར་བས། དང་པོར་ཉན་ཐོས་ཀྱི་ཐེག་པར་སྤྱད་དེ་ནས་ཐེག་པ་ཆེན་པོ་ལ་སྤྱད་དེ། གཉིས་ལས་སྤྱད་པས་ཅི་ཞིག་བྱས་དང་པོ་ཉིད་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱའོ་སྙམ་དུ་སེམས་ཤིང་ཐེག་པ་ཆེན་པོ་ལ་དང་

པོ་ནས་སྤྱོད་པར་བྱེད་པ་ནས་དེའི་ཕྱིར་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ། །ཉན་ཐོས་ཀྱི་རིགས་མ་ངེས་པ་ཞེས་སྨོས་པ་ལ། གལ་ཏེ་ཉན་ཐོས་ཀྱི་རིགས་མ་ངེས་པ་ཡིན་ན་ཇི་ལྟར་ན་ངེས་པར་འགྱུར་ཞེ་ན། ལན་དུ་དེ་དག་ནི་ཉན་ཐོས་ཉིད་མ་ཡིན་གྱི་གཞན་དུ་ན་རིགས་མ་ངེས་པ་ཡིན་ཏེ། སྔོན་ཉན་

ཐོས་ཀྱི་སྤྱོད་པ་ལ་སྤྱད་པས་ཉན་ཐོས་ཀྱི་རིགས་ཞེས་བྱ་བར་ཟད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་མ་ངེས་པའི་ཚུལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་དང་པོ་ནས་ཐེག་པ་ཆེན་པོའི་སྤྱོད་པ་ལ་སྤྱོད་དུ་འཇུག་སྟེ་སངས་རྒྱས་

เล่ม ๑๒๕ · หน้า 199b

དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་བཞག་པར་བཏང་སྙོམས་སུ་བཀོད་ཅེ་ན། ལན་དུ་གནས་སྐབས་ངེས་པ་ལ་ལྟོས་ནས་བཏང་སྙོམས་སུ་བཞག་སྟེ། དེ་དག་སྔར་ཉན་ཐོས་ཀྱི་སྤྱོད་པ་མ་སྤྱད་པར་ཐེག་པ་ཆེན་པོའི་སྤྱོད་པ་ལ་དགོད་དུ་མི་རུང་བས་ན་དེའི་ཕྱིར་

བཏང་སྙོམས་སུ་བཀོད་པ་ལྟ་བུར་བལྟའོ། །གོང་དུ་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་དྲང་བའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དོ་ཞེས་གླེངས་པ་ལས། ཉན་ཐོས་ཀྱི་རིགས་མ་ངེས་པ་ཐེག་པ་ཆེན་པོར་འཇུག་པ་ཕྱི་ནང་དུ་ཡོད་པ་བསྟན་པའི་ཕྱིར། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་པའི་

དོན་མཐོང་མ་མཐོང་བའོ། །ཞེས་སྨོས་ཏེ། ཉན་ཐོས་རིགས་མ་ངེས་པ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་མངོན་པར་འཚང་རྒྱ་བར་འགྱུར་བ་རྣམ་པ་གཉིས་ཏེ། ཐེག་པའི་དོན་མཐོང་བ་དང་། ཐེག་པའི་དོན་མ་མཐོང་བའོ། །དེ་ལ་ཐེག་པ་ཞེས་བྱ་བ་ནི་བདེན་པ་བཞི་ལ་བྱ་སྟེ། བདེན་པ་བཞི་

མཐོང་བ་ནི་ཐེག་པའི་དོན་མཐོང་བ་ཞེས་བྱའོ། །དེའང་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་གང་ཟག་གོ། །ཐེག་པའི་དོན་མ་མཐོང་བ་ནི་བདེན་པ་བཞི་མ་མཐོང་བ་སྟེ། སོ་སོའི་སྐྱེ་བོ་དང་། མོས་པ་སྤྱོད་པའི་གང་ཟག་རྣམས་སོ། །ཉན་ཐོས་

རིགས་མ་ངེས་པའི་ཐེག་པའི་དོན་མཐོང་བ་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་བསྟན་པའི་ཕྱིར། དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་མ་བྲལ་གཉིས་གཞན་ལ། །ཞེས་བྱ་བ་སྨོས་ཏེ། ཐེག་པའི་དོན་མཐོང་བ་ལ་ཡང་རྣམ་པ་གཉིས་ཡོད་དེ། འདོད་པའི་འདོད་ཆགས་དང་བྲལ་བ་དང་

འདོད་པའི་འདོད་ཆགས་དང་མ་བྲལ་བའོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་དང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤོང་བ་སྟེ། འཕགས་པ་ཕྱིར་མི་འོང་བ་རྣམས་ཏེ། འདོད་པའི་འདོད་ཆགས་དང་མ་བྲལ་

བ་ནི་འདོད་པའི་ཁམས་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སྤངས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་མ་སྤངས་ཏེ། འཕགས་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་སོ། །འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་ཀྱང་དབང་པོ་རྟུལ་

เล่ม ๑๒๕ · หน้า 200a

པོ་དང་། དུས་རིང་པོ་ཞིག་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ན་ཞན་པ་ཞེས་བྱའོ། །ཐེག་པ་ཆེན་པོས་ངེས་འབྱུང་ཡིན། །ཞེས་བྱ་བ་ལ། ཉན་ཐོས་རིགས་མ་ངེས་པ་ཐེག་པའི་དོན་མཐོང་བ་དང་། མ་མཐོང་བ་གཉིས་ཐེག་པ་ཆེན་པོའི་སྤྱོད་པ་སྤྱད་ནས་མངོན་པར་

འཚང་རྒྱ་བར་འགྱུར་བ་ནི་ཐེག་པ་ཆེན་པོ་འབྱུང་བ་ཞེས་བྱའོ། །ཉན་ཐོས་དོན་མཐོང་བ་ཐེག་པ་ཆེན་པོས་འབྱུང་བ་ཡང་ཁམས་གསུམ་དུ་སྐྱེས་ལ། སེམས་ཅན་དོན་བྱས་ནས་གདོད་ཐེག་པ་ཆེན་པོར་འབྱུང་བས་ན་ཇི་ལྟར་ཁམས་གསུམ་དུ་སྐྱེ་བ་བསྟན་པའི་ཕྱིར། དེ་གཉིས་འཕགས་པའི་ལམ་ཐོབ་ནས། །

སྲིད་པར་ཡོངས་སུ་བསྔོ་བའི་ཕྱིར། །བསམ་གྱིས་མི་ཁྱབ་འགྱུར་བ་ཡི། །སྐྱེ་བ་དང་ནི་ལྡན་པའོ། །ཞེས་སྨོས་ཏེ། བདེན་པའི་དོན་མཐོང་བ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་དེ་གཉིས་འཁོར་བར་སྐྱེ་བར་ཡང་སྔོན་འཕགས་པའི་ལམ་བསྒོམས་ཤིང་ཁོང་དུ་ཆུད་ཅིང་འཐོབ་པ་སྟེ། འཁོར་

བར་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོས་ནས་འཁོར་བར་སྐྱེ་བའི་ཕྱིར་དེ་དག་འཁོར་བ་གཅིག་ནས་གཅིག་ཏུ་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པར་འགྱུར་བའི་སྐྱེ་བ་དང་ལྡན་པ་ཞེས་བྱའོ། །སྨྲས་པ་འཕགས་པའི་ལམ་ནི་འཁོར་བ་ལ་ཞེ་སྡང་བ་སྟེ། འཁོར་བར་རྒྱབ་ཀྱིས་ལྟ་བ་ཡིན་ན། འཕགས་པའི་

ལམ་ཉིད་འཁོར་བར་སྐྱེས་ནས་འཁོར་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་བདེན་ཏེ་འཕགས་པའི་ལམ་འབའ་ཞིག་གིས་འཁོར་བར་སྐྱེ་བར་མི་འགྱུར་གྱི། འདོད་པའི་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བ་རྣམས་ལ་ཡང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་སྤངས་པ་ལྷག་མ་

ཡོད་པ་དང་འདོད་པའི་འདོད་ཆགས་དང་མ་བྲལ་བ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་ཡང་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་སྤངས་པ་དང་ཁམས་གཉིས་ཀྱི་ཉོན་མོངས་པ་མ་སྤངས་པ་ཡོད་པས་ཉོན་མོངས་པ་དེ་དག་འཕགས་པའི་ལམ་འཁོར་བར་སྐྱེས་

པར་བསྔོས་པའི་མཐུས་ཕུལ་ནས་ཉོན་མོངས་པས་རྒྱུ་བྱས་ཏེ། འཁོར་བར་སྐྱེ་བར་འགྱུར་ཏེ། དེ་ཡང་འདི་ལྟར་བསྔོས་པ་བཞིན་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་མ་ངེས་པ་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་རྣམས་ལ། ཇི་ལྟར་ལྷག་མཐོང་

เล่ม ๑๒๕ · หน้า 200b

གཙོར་བསྒོམས་ཤིང་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ལམ་ནི་གཏོང་དུ་བཙུད་ལ། འཁོར་བ་ལས་མངོན་དུ་ལྟ་བའི་སྙིང་རྗེ་ཆེན་པོ་བསྒོམས་པའི་ལམ་ལ་སྦྱོར་བར་མཛད་དོ། །དེ་ལ་སྙིང་རྗེ་ཆེན་པོའི་ལམ་བསྒོམས་པས་འཁོར་བ་ལ་ཞེ་སྡང་ཞིང་མྱ་ངན་ལས་འདས་པ་ལ་མངོན་དུ་

བལྟས་པས་ལྷག་མཐོང་གི་ལམ་འདུལ་བར་བྱེད་ལ། འཁོར་བ་ལ་མངོན་དུ་ལྟ་བར་བྱེད་དེ། ཡང་ནས་ཡང་དུ་འཁོར་བ་ཡོངས་སུ་འཛིན་པ་ནི་སྲིད་པར་ཡོངས་སུ་བསྔོས་པས་ཞེས་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བར་སྐྱེ་བའི་ཕྱིར། དེ་དག་གི་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པར་

གཞག་གོ། །བསམ་གྱིས་མི་ཁྱབ་པ་སྐྱེ་བའི་ཕྱིར་དེའི་འཕགས་པའི་ལམ་འགྱུར་བས་ན་ཞེས་བྱ་བ་ལ། འཕགས་པ་དེ་དག་གི་སྐྱེ་བ་བསམ་གྱིས་མི་ཁྱབ་པར་བཤད་པ་ཡང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་གྱི་འཕགས་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ན་དེ་དག་གི་སྐྱེ་བ་

བསམ་གྱིས་མི་ཁྱབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་འཁོར་བར་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཡིན་པར་བཤད་ནས། ད་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བའི་སེམས་ཅན་གྱི་དོན་དུ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་

པའི་ཕྱིར། གཅིག་ནི་སྨོན་ལམ་དབང་དག་གིས། །སྐྱེ་བར་ཀྱང་ནི་རབ་ཏུ་འགྱུར། །ཞེས་བྱ་བ་སྨོས་ཏེ། གཅིག་ཅེས་བྱ་བའི་སྒྲས་འདོད་པའི་འདོད་ཆགས་དང་མ་བྲལ་བར་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་བྱ་སྟེ། དེ་དག་འཁོར་བར་ཇི་ལྟར་སྐྱེ་ཞེ་ན། སྨོན་ལམ་གྱི་དབང་གིས་སྐྱེ་སྟེ།

དེ་ཡང་འདི་ལྟར་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་བ་མཐོང་ནས་གང་དང་གང་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པར་མཐོང་བ་དེ་བཞིན་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། སྨོན་ལམ་གྱི་དབང་གིས་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། སྐྱེས་ནས་སེམས་ཅན་ལ་ཕན་པ་དང་། བདེ་

བར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་དང་བྲལ་བ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་པའི་ཕྱིར། ཅིག་ཤོས་ཕྱིར་མི་འོང་བ་ནི། །རྣལ་འབྱོར་གྱི་ནི་སྤྲུལ་པས་སྒྲུབ། །ཅེས་བྱ་བ་སྨོས་ཏེ། ཅིག་ཤོས་

เล่ม ๑๒๕ · หน้า 201a

ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ལ་བྱ་སྟེ། དེ་དག་ནི་རང་ཉིད་འཁོར་བར་མི་སྐྱེ་བའི་ཏིང་ངེ་འཛིན་བསྒོམས་ནས་ཏིང་ངེ་འཛིན་གྱི་སྤྲུལ་པས་སྤྲུལ་ཏེ། སྤྲུལ་པ་འཁོར་བར་སྐྱེས་ནས་སེམས་ཅན་གྱི་དོན་བསྒྲུབས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་

མངོན་པར་འཚང་རྒྱ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་བཞིན་སྐྱེ་བ་འཛིན་ཏོ་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པས་སྐྱེ་བ་ནི་མ་ཡིན་གྱི་སྨོན་ལམ་གྱི་དབང་གིས་སྐྱེ་ཞེས་བྱ་བའི་དོན་ཏོ། །གོང་དུ་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་ཞན་པའོ་ཞེས་བཤད་པ་ལ། ཇི་ལྟར་

དེ་གཉིས་ཞན་པ་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་ལ་དགའ་བའི་ཕྱིར། དེ་གཉིས་རྨོངས་པ་ཞུགས་པར་དགོངས། །ཞེས་བྱ་བ་སྨོས་ཏེ། དོན་མཐོང་བའི་གང་ཟག་དེ་གཉིས་ཀྱང་། ཉན་ཐོས་ཀྱི་སྤྱོད་པ་འཁོར་བ་ལ་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་མངོན་སུམ་དུ་ལྟ་བ་ལ་དགའ་

བས་ན། ཤེས་རབ་རྟུལ་བ་དང་དུས་རིང་པོར་བླ་ན་མེད་པའི་བྱང་ཆུབ་འཚང་རྒྱ་བར་རྨོངས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་དགའ་ཞེ་ན། དེའི་ཕྱིར། ཕྱི་ཕྱིར་བདག་གི་སེམས་ལ་ནི། །ཀུན་དུ་སྤྱོད་པ་སྦྱོར་བས་སོ། །ཞེས་བྱ་བ་སྨོས་ཏེ། བདག་གི་

སེམས་ནི་ཉོན་མོངས་པ་དང་ཉན་ཐོས་ཀྱི་སེམས་སོ། །ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་ནས་ཡང་དུ་ཞེས་བྱ་བའི་དོན་ཏོ། །དོན་མཐོང་བའི་ཉན་ཐོས་དེ་དག་ཡང་ནས་ཡང་དུ་ཉན་ཐོས་ཀྱི་སེམས་ཉོན་མོངས་པ་དང་། འཁོར་བས་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡང་ནས་

ཡང་དུ་འབྱུང་ཞིང་དེ་ལ་ཀུན་དུ་སྤྱོད་ཅིང་སྦྱོར་ལ་སེམས་ཅན་གྱི་དོན་མི་བྱེད་པས་མྱ་ངན་ལས་འདས་པ་ལ་མངོན་དུ་དགའ་བ་ཞེས་བྱ་སྟེ། དེ་ལྟར་གྱུར་དང་དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་བཤད། དེ་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཐེག་པ་ཆེན་པོར་ཞུགས་ནས་འཚང་རྒྱ་བས་ཡུན་རིང་པོར་

འཚང་རྒྱ་བའི་ཕྱིར་ཞན་པ་ཞེས་བྱའོ། །ཉན་ཐོས་རིགས་མ་ངེས་པ་རྣམ་པ་གཉིས་ལས་དོན་མཐོང་བ་དང་མ་མཐོང་བ་རྣམ་པ་གཉིས་སུ་བཤད་དོ། །དོན་མཐོང་བ་ལ་ཡང་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་དང་། མ་བྲལ་བ་རྣམ་པ་གཉིས་སུ་ཕྱེ་བ་ལས་དེ་གཉིས་འཁོར་

เล่ม ๑๒๕ · หน้า 201b

བར་སྐྱེས་ཏེ། སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཇི་ལྟར་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་བཤད་ཟིན་ཏོ། །ད་ནི་རིགས་མ་ངེས་པ་ཐེག་པ་ཆེན་པོའི་དོན་མ་མཐོང་བ་སྟེ། དེ་ཇི་ལྟར་མངོན་པར་འཚང་རྒྱ་བར་བསྟན་པའི་ཕྱིར། གང་ཕྱིར་དོན་མ་

བྱས་པ་དེ། །སངས་རྒྱས་མེད་འབྱུང་བསམ་གཏན་དོན། །བརྩོན་ཞིང་སྤྲུལ་པ་སྤྲུལ་དོན་དུ། །དེ་ལ་བརྟེན་ནས་བྱང་ཆུབ་ཐོབ། །ཅེས་བྱ་བ་སྨོས་སོ། །འདི་ལྟར་འདོད་པའི་ཁམས་ཀྱི་འདོད་ཆགས་དང་ཡང་མ་བྲལ། བདེན་པ་ཡང་མ་མཐོང་བའི་ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་ནི་དོན་

མ་བྱས་པ་སྟེ། སོ་སོའི་སྐྱེ་བོའམ། མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་སོ། །དོན་མ་བྱས་པ་དེ་དག་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེའོ། །དེ་ལྟར་ལྷ་ཚེ་རིང་པོའི་ནང་དུ་འདུག་འདུག་པ་ལས། ནམ་འཇིག་ཆེན་ན་སྟོན་པ་སངས་

རྒྱས་དང་། དེའི་བསྟན་པ་ལ་ཆོས་རྣམས་ནུབ་སྟེ་མེད་པར་གྱུར་པ་དང་། སླར་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །འདོད་པའི་ཁམས་སུ་སྐྱེས་ནས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དོ། །དེའང་ཅིའི་ཕྱིར་བསམ་གཏན་ལ་བརྩོན་ཞེ་

ན། སྤྲུལ་པ་སྤྲུལ་པ། འདོད་པའི་དོན་དུ་བསམ་གཏན་ལ་བརྩོན་པར་བྱེད་དོ། །དེས་སྤྲུལ་པ་སྤྲུལ་ནས། སྤྲུལ་པ་དེ་ལ་བརྟེན་ནས་དེ་སྤྲུལ་པས་ཁམས་གསུམ་དུ་སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐངས་ཏེ། མཇུག་ཏུ་མངོན་པར་འཚང་རྒྱ་བར་བྱེད་དོ་

ཞེས་བྱ་བའི་དོན་ཏོ། །འདིའི་དོན་ཞེས་བྱ་བ་ཉན་ཐོས་ཀྱི་རིགས་མ་ངེས་པ་ནི་བདེན་པའི་དོན་མ་མཐོང་བའི་གང་ཟག་འདི་ཞེས་བྱ་བའི་དོན་ཏོ། །སློབ་པར་གྱུར་ནས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའམ། མོས་པ་སྤྱོད་པའི་ས་པ་ན་དེ་བཞིན་གཤེགས་པའི་ཉན་ཐོས་སུ་གྱུར་ནས་ཤི་འཕོས་ཏེ། འདོད་པའི་

ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མེད་པའི་དུས་ན་སྐྱེས་ཏེ་ཞེས་བྱ་བ་ནི་ལྷ་ཚེ་རིང་པོའི་ནང་ནས་ཀྱང་འདོད་པའི་ཁམས་ནས་དེ་བཞིན་གཤེགས་པ་མི་བཞུགས་པའི་ཚེ་སྐྱེས་ནས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་དོན་ལས་བརྩོན་ཞིང་སྤྲུལ་པ་འདོད་

เล่ม ๑๒๕ · หน้า 202a

དེ། སྤྲུལ་པ་དེ་དག་ལ་བརྟེན་ནས་རིམ་གྱིས་བྱང་ཆུབ་མཆོག་ཐོབ་པོ་ཞེས་བྱ་བ་ལ། འདོད་པའི་ཁམས་སུ་སྐྱེས་ནས་ཀྱང་། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དོ། །བསམ་གཏན་ལ་ཡང་ཅིའི་ཕྱིར་བརྩོན་ཞིང་

སྤྲུལ་པ་འདོད་པའི་ཕྱིར་བརྩོན་པར་བྱེད་དེ། དེ་བསམ་གཏན་གྱིས་སྤྲུལ་པ་སྤྲུལ་ནས། སྤྲུལ་པས་རྫུ་འཕྲུལ་སྣ་ཚོགས་ཀྱིས་འདོད་པའི་ཁམས་སྐྱེད་པར་བྱེད་དོ། །དེའི་དོན་ནི་འདི་ལྟ་སྟེ། དོན་མ་བྱས་པའི་ཉན་ཐོས་རིགས་མ་ངེས་པ་རྣམས་ལྷ་ཚེ་རིང་པོའི་ནང་ནས་འདོད་པའི་ཁམས་སུ་སྐྱེས་

པ་ན་ཡུལ་ལ་སེམས་མངོན་པར་མི་དགའ་བ་དང་། གསུང་གོམས་པའི་སྟོབས་ཀྱིས་སློབ་དཔོན་མེད་པར་འཕགས་པའི་ལམ་མངོན་སུམ་དུ་བྱེད་དོ། །དེ་ནས་བསམ་གཏན་བསྒྲུབས་ནས་བསམ་གཏན་གྱི་སྤྲུལ་པ་བཀྱེ་སྟེ། སྤྲུལ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་

བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་དུས་སོ། །དེ་ནས་མཇུག་ཏུ་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་སྟེ། དེས་ནི་སངས་རྒྱས་ཀྱི་དུས་སོ། །གནས་དེ་གསུམ་ལ་དགོངས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་གནས་དང་། རང་སངས་རྒྱས་ཀྱི་གནས་དང་། སངས་རྒྱས་ཀྱི་གནས་གསུམ་

ལ་དགོངས་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དཔལ་གྱི་ཕྲེང་བའི་མདོ་ལས་མེའི་དཔེས་ཞེས་བྱ་བ་ལ་དེ་ལྟར་གནས་དེ་གསུམ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དང་པོར་མེ་ལྕི་བ་ལ་མཆེད་དོ། །དེ་ནས་ཡུལ་འཁོར་ལ་མཆེད་དོ་ཞེས་གསུངས་པའི་དཔེས་ཉན་ཐོས་སུ་

གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །རང་སངས་རྒྱས་སུ་གྱུར་ནས་སངས་རྒྱས་སུ་གྱུར་ཏོ་ཞེས་གསུངས་ཏེ། དེའང་འདོད་པའི་འདོད་ཆགས་དང་མ་བྲལ་བདེན་པ་མ་མཐོང་བ་སྟེ། འདོད་པའི་ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཀྱི་བར་དུ་ནི་ཉན་ཐོས་སུ་འགྱུར་བ་ཞེས་བྱའོ། །དེ་ནས་ལྷ་

ཚེ་རིང་པོ་ནས་ཤི་འཕོས་ཏེ་སངས་རྒྱས་མེད་པའི་དུས་སུ་བྱུང་བ་ལ་བསམ་གཏན་གྱིས་སྤྲུལ་པ་བསྒྲུབས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ན་ནི་རང་སངས་རྒྱས་སུ་འགྱུར་བ་ཞེས་བྱའོ། །དེ་ནས་མཇུག་ཏུ་བྱང་ཆུབ་མཆོག་ཐོབ་བ་ནི་སངས་རྒྱས་སུ་འགྱུར་བ་ཞེས་བྱའོ། །ཚེའི་

เล่ม ๑๒๕ · หน้า 202b

ལུས་བཏང་ནས་སྤྲུལ་པའི་ལུས་འཛིན་པ་ཞེས་བྱ་བ་ལ། དེ་བསམ་གཏན་གྱི་མཚན་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་ཡང་བདག་གི་ཚེ་འདི་སྲིད་ཅིག་ཏུ་གནས་པར་གྱུར་ཅིག་ཅེས་ནི་བྱིན་གྱིས་མི་རློབ་ཀྱི་བདག་གི་བསམ་གཏན་འདིའི་མཐུས་སྤྲུལ་པ་གྲུབ་པར་གྱུར་ཅིག་ཅེས་སྤྲུལ་པ་སྒྲུབ་པར་

བྱེད་པས་ན་སྤྲུལ་པའི་ལུས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིག་པའི་གནས་ཡོངས་སུ་ཚོལ་བ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཡུལ་ཞེས་བྱ་བ་ནི་དོན་གཅིག་སྟེ། ཤེས་པར་བྱ་བའི་ཡུལ་གང་དང་གང་ཡིན་པ་བརྟག་པ་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ་ཞེས་བྱ་བའི་དོན་

ཏོ། །རིག་པའི་གནས་ཐམས་ཅད་ལ་མཁས་པར་མ་བྱས་ན་ཐམས་ཅད་མཁྱེན་པ་མི་འཐོབ་པས་ན། དེའི་ཕྱིར་རིག་པའི་གནས་བཙལ་ལོ། །དེ་ཡང་རིག་པའི་གནས་ལ་གྲངས་དུ་ཡོད་པ་དང་། དོན་གང་གི་ཕྱིར་བཙལ་བ་སྟེ། རྣམ་པ་གཉིས་སོ། །དོན་གང་གི་ཕྱིར་བཙལ་བ་ལ་ཡང་རྣམ་

པ་གཉིས་ཏེ། བྱེ་བྲག་མེད་པའི་དོན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བཙལ་བ་དང་། བྱེ་བྲག་དུ་ན་གཞན་ཚར་གཅད་པ་དང་། གཞན་རྗེས་སུ་གཟུང་བ་དང་། བདག་ཉིད་ཤེས་པར་བྱ་བའི་ཕྱིར་བཙལ་ལོ། །རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །

འཕགས་པའི་དམ་པ་ཐམས་ཅད་མཁྱེན་པ་ག་ལ་ཐོབ། །ཅེས་བྱ་བ་ལ། རིག་པའི་གནས་ནི་ལྔ་སྟེ། ནང་རིག་པ་དང་། རྒྱུ་རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །དེ་ལ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་

ལ་མཁས་པ་ནི་ནང་རིག་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཚད་མས་ནི་ཟིན་པའི་ཏར་ཀའི་གཞུང་ལ་མཁས་པ་ནི་རྒྱུ་རིག་པ་ཞེས་བྱའོ། །སྒྲའི་གཙུག་ལག་བྱཱཀ་ར་ཎ་ལ་མཁས་པ་ནི་སྒྲ་རིག་པ་ཞེས་བྱའོ། །རླུང་དང་བད་ཀན་ལ་སོགས་པ་ནད་གསོ་བའི་གཙུག་ལག་ལ་

མཁས་པ་ནི་གསོ་བ་རིག་པ་ཞེས་བྱའོ། །གླུ་དང་གར་དང་སྤོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི་བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །རིག་པའི་གནས་ལྔ་པོ་དག་ལ་ཉན་པ་དང་། བསམ་པ་ལ་སོགས་པའི་སྒོ་ནས་ཤེས་པ་དང་རྟོག་པར་མ་བྱས་པར་བྱང་ཆུབ་སེམས་

เล่ม ๑๒๕ · หน้า 203a

དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ག་ལ་ཐོབ་སྟེ། དེ་བས་ན་བྱེ་བྲག་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པའི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་

ལ་སོགས་མཆོག་ཏུ་གྱུར་པས་འཕགས་པ་དམ་པའི་བྱང་ཆུབ་སེམས་དཔའོ། །ཇི་ལྟར་ཡོད་པ་མ་ལུས་པ་དང་། ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལྟར་གཞན་དག་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ཕྱིར། བདག་ཉིད་ཤེས་བྱའི་ཕྱིར་ནི་དེ་ལ་བརྩོན་བྱེད་ཅེས་བྱ་

བ་ལ། བྱེ་བྲག་ཏུ་རྒྱུ་རིག་པ་དང་། སྒྲ་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། མུ་སྟེགས་རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དང་། སྒྲ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དེ་དག་ཚར་གཅད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །གསོ་བ་རིག་པ་དང་།

བཟོའི་ལས་ཀྱི་གནས་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། ནད་ཀྱིས་བཏབ་པའི་ནད་ཞི་བར་འདོད་པ་རྣམས་དང་། བཟོ་སློབ་པར་འདོད་ཅིང་ལོངས་སྤྱོད་འདོད་པ་རྣམས་ལ་རྗེས་སུ་བཟུང་ཞིང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་དོ། །ནང་རིག་པ་ལ་བྱང་

ཆུབ་སེམས་དཔའ་བརྩོན་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། བདག་ཉིད་འཕགས་པའི་ལམ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་དག་ཅེས་བྱ་བ་ནི་རིག་པའི་གནས་ལྔ་པོ་དེ་དག་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེས་བྱ་བ་ནི་འབྲས་

བུ་གང་གི་ཕྱིར་རིག་པའི་གནས་ལྔ་ལ་བརྩོན་པར་བྱེད་པ་དེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྒྱུ་རིག་པ་དང་སྒྲ་རིག་པ་ཚོལ་བ་ནི་གཞན་དེ་ལ་མ་མོས་པ་དག་ཚར་བཅད་པའི་ཕྱིར་རོ་ཞེས་བྱ་བ་ལ་རྒྱུ་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ། འདི་ལྟར་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་རྣམས་

ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང་། རྒྱུ་རིག་པའི་གཙུག་ལག་ཤེས་པས་རྣམ་པའི་མུ་སྟེགས་པ་དག་ཚར་བཅད་པ་དང་བསྟན་པ་འདི་ལ་མ་དད་པ་རྣམས་དད་པ་བསྐྱེད་པ་དང་། དད་པ་བསྐྱེད་པ་རྣམས་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །སྒྲ་རིག་པ་བྱང་ཆུབ་

เล่ม ๑๒๕ · หน้า 203b

སེམས་དཔའ་ཚོལ་བར་བྱེད་དེ། བདག་ཉིད་སཾ་སྐྲྀ་ཏའི་སྐད་ལ་མཁས་པའི་སྒོ་ནས་བདག་ལ་མཁས་པ་གཞན་དག་ཡིད་ཆེས་པར་བྱ་བ་དང་། སྒྲའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་གཅད་པར་བྱ་བ་དང་། དོན་གཅིག་ལ་ངེས་པའི་ཚིག་མང་པོ་བསྟན་ཅིང་བཤད་པའི་

ཆོས་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་ནི་གཞན་དེ་འདོད་པ་དག་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ལ། གསོ་བ་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་དང་ནད་ཀྱི་

གླེང་གཞི་དང་ནད་མེད་པ་དང་ནད་མེད་པའི་ཐབས་ཤེས་པར་བྱ་བ་དང་། སེམས་ཅན་གྱི་ནད་རྣམ་པ་སྣ་ཚོགས་ཞི་བར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །བཟོའི་ལས་ཀྱི་གནས་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། ཚེགས་ཆུང་ངུ་ཤ་ཐང་བ་མེད་པར་ལོངས་སྤྱོད་བསྒྲུབ་

པར་བྱ་བ་དང་། ལོངས་སྤྱོད་དང་ལྡན་ཞིང་བཟོའི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་བདག་ལ་བཀུར་བར་བྱ་བ་དང་། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །ནང་རིག་པ་ནི་བདག་ཉིད་ཤེས་པར་བྱེད་དོ་ཞེས་བྱ་བ་ལ། ནང་རིག་པ་

བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱིས་འཕགས་པའི་ལམ་དང་། དེ་ཁོ་ན་ཕྱིན་ཅི་མ་ལོག་པར་ཤེས་པས་ཉོན་མོངས་པ་སྤང་བར་བྱ་བ་དང་། བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་འོང་བ་མེད་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང་། གཞན་ལའང་

མངོན་པར་རྒྱ་ཆེར་བསྟན་པའི་ཕྱིར་ཚོལ་བར་བྱེད་དོ། །ཁམས་རྒྱས་པ་བཙལ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། བླ་ན་མེད་པའི་རིགས་ལ་བྱང་ཆུབ་ཏུ་འཚང་རྒྱ་བའི་རིགས་དང་། ས་བོན་ནམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིགས་དང་། ས་བོན་ལ་ཁམས་ཞེས་བྱ་སྟེ། ཁམས་

དེ་དག་ཇི་ལྟར་རྒྱས་ཤིང་བརྟས་པར་འགྱུར་བ་བསྟན་པ་ལ་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་བསྐང་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ཉིད་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བ་

เล่ม ๑๒๕ · หน้า 204a

ལ། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་ཡིད་ལ་བྱེད་པ་ལོགས་ནས་འབྱུང་བ་རྣམས་ལྟར་ཡིད་ལ་བྱས་ན་དེ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཁམས་དང་།

ས་བོན་རྒྱས་ཤིང་བརྟས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཚིགས་སུ་བཅད་པ་འདི་དག་གིས་བསྟན་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་བ་ཡིད་ལ་བྱེད་པ་ཡང་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དམིགས་ནས་ནི་དགའ་བ་དང་། །

གནས་ལ་དེ་ཡི་རྗེས་དྲན་དང་། །འབྲས་བུ་ཐུན་མོང་འདོད་པ་དང་། །ཇི་ལྟར་བྱང་ཆུབ་མོས་པའོ། །ཞེས་བྱ་བ་ལ། རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་དང་། གནས་ལ་དེའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། འབྲས་བུའི་ཐུན་མོང་འདོད་པ་ཡིད་ལ་བྱེད་པ་དང་། ཇི་ལྟར་བྱང་ཆུབ་ཏུ་མོས་པ་ཡིད་

ལ་བྱེད་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱུ་རྟོགས་པས་དགའ་བ་ཡིད་ལ་བྱེད་པ་ནས། བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པའི་བར་དུ་སྟེ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་བའི་ཡིད་

ལ་བྱེད་པ་ཡང་། རྒྱུ་རྟོགས་པས་དགའ་བ་ཡིད་ལ་བྱེད་པ་ནས་བརྩམས་ཏེ། བདག་ཏུ་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པ་འཇུག་པའི་གནས་འབྱུང་བའི་བར་དག་ལྟར་ཡིད་ལ་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་

དང་པོར་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་སུ་མཐོང་ནས་རྒྱུ་རྟོགས་པའི་དགའ་བས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རིགས་དང་། ས་བོན་ནམ་ཕ་རོལ་ཏུ་ཕྱིན་པའི་རིགས་དང་། ས་བོན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་

དེས་དང་པོར་བདག་ཉིད་ལ་མངོན་པར་འཚང་རྒྱ་བའི་སྐལ་བ་ཡོད་དམ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིགས་དང་། ས་བོན་ཡོད་དམ་མེད་ཅེས་བརྟགས་ན་རིགས་དང་ས་བོན་ཡོད་པར་མཐོང་ངོ་། །དེ་ལྟར་རྒྱུ་ཡོད་པར་མཐོང་ནས། ཡང་ནས་ཡང་དུ་དགའ་བ་སྐྱེས་ཏེ། དེ་ནི་རྒྱུ་དམིགས་

เล่ม ๑๒๕ · หน้า 204b

ནས་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་རྒྱུ་ཡོད་པར་རྟོགས་ཤིང་རྒྱུ་ཡོད་པར་མཐོང་ནས་དགའ་བ་སྐྱེས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རིགས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེ་བས་ན་དེའི་འོག་

ཏུ་གནས་པ་དེའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ས་བོན་ཡོད་པར་མཐོང་བ་ནི་རིགས་ལ་གནས་པ་ཞེས་བྱའོ། །ས་བོན་དང་རིགས་ཡོད་པར་མཐོང་ནས་དེའི་འོག་ཏུ་བདག་དང་གཞན་གྱི་ཕྱིར་བྱང་ཆུབ་ཀྱི་

སེམས་སྐྱེད་པར་བྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་གནས་ལ་རྗེས་སུ་དྲན་པས་ཡིད་ལ་བྱེད་པ་ཞེས་བྱ་སྟེ། རྗེས་སུ་དྲན་པའི་སྒྲ་ནི་དྲན་པ་དང་ཤེས་རབ་གཉིས་ལ་བྱའོ། །དེ་ལ་དྲན་པས་ནི་གོང་དུ་བཤད་མ་ཐག་པའི་རིགས་ཡོད་པ་མ་བརྗེད། ཤེས་རབ་ཀྱིས་ནི་བྱང་ཆུབ་དུ་སེམས་

བསྐྱེད་པ་མཐོང་ངོ་། །དེ་ཡང་ཐབས་ཇི་ལྟར་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་བདག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གནས་སུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་གནས་ནི་

རིགས་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གནས་དང་རྟེན་ནི་བྱང་ཆུབ་ཀྱི་སེམས་ཡིན་པར་མཐོང་ནས་ཡང་འདི་སྙམ་དུ་ཡིད་ལ་བྱེད་པ་དེ་ཕ་རོལ་ཏུ་ཕྱིན་པའི་གནས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་བདག་གིས་བསྐྱེད་དེ་བདག་ལ་ཡོད་པས་ན་གདོན་མི་ཟ་བར་བདག་གིས་ཕ་རོལ་ཏུ་ཕྱིན་པ་འདི་དག་རྒྱས་ཤིང་

བརྟས་པ་དང་། རྫོགས་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་དོ། །ཡིད་ལ་བྱེད་པ་དེས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་དུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་བདག་དང་ཕ་རོལ་གྱི་དོན་དུ་སྦྱོར་བས། འབྲས་བུ་མཚུངས་པར་འདོད་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ།

རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་སྤྱོད་པར་བྱེད་དེ། དེའང་གང་གི་དོན་དུ་སྦྱོར་བར་བྱེད་ཅེ་ན་བདག་དང་ཕ་རོལ་གྱི་དོན་དུ་སྦྱོར་བར་བྱེད་དོ། །ཇི་ལྟར་བདག་དང་ཕ་རོལ་གྱི་དོན་དུ་སྦྱོར་བར་བྱེད་པ་ནི་འབྲས་བུ་མཚུངས་པར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་

เล่ม ๑๒๕ · หน้า 205a

སྟེ། དེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མཚུངས་པར་འདོད་པ་ཇི་ལྟར་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་འདི་དག་གཞན་དང་ཐུན་མོང་དུ་གྱུར་ཅིག །གཞན་དུ་མ་གྱུར་ཅིག་ཅེས་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་

སྨོས་ཏེ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་སྤྱད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྤྱད་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཡང་སེམས་ཅན་དང་བདག་ཐུན་མོང་དུ་སྤྱོད་པར་གྱུར་ཅིག །གཞན་དུ་བདག་འབའ་ཞིག་སྤྱོད་པར་མ་གྱུར་ཅིག་ཅེས་སེམས་ལ་སེམས་ཤིང་མངོན་

པར་འདུ་བྱེད་དོ། །དེ་བས་ན་འབྲས་བུ་མཚུངས་པར་འདོད་པའི་ཡིད་ལ་བྱེད་པར་འདོད་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་ལ་རབ་ཏུ་ཞུགས་ནས། ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟག་ཏུ་རྟོགས་པར་བྱ་བའི་ཕྱིར། དེའི་འོག་ཏུ་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་སྟེ་

ཞེས་བྱ་བ་ལ། བདག་དང་གཞན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་པས་ཀྱང་ཉོན་མོངས་པས་བཅིངས་ནས་བདག་དང་གཞན་གྱི་དོན་སྤྱོད་མི་ནུས་པས་དེ་བས་ན་ཉོན་མོངས་པ་མེད་པར་འགྱུར་བའི་ཐབས་དེ་ཁོ་ནའི་དོན་རྟག་ཏུ་རྟོགས་པར་བྱ་དགོས་སོ། །ཇི་ལྟར་ན་དེ་ཁོ་ནའི་དོན་རྟག་ཏུ་

རྟོགས་པར་བྱ་ཞེ་ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་དུ་བསྔོས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་མོས་པ་ཡིད་ལ་བྱས་ནས་དེ་རྟོགས་པར་འགྱུར་རོ། །དེ་བས་ན་དེའི་འོག་ཏུ་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་ནི་བཤད་དེ། ཡིད་ལ་བྱེད་པ་དེས་ཀྱང་ཕ་

རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཐམས་ཅད་རིམ་བཞིན་དུ་ཤེས་པར་བྱེད་དོ་ཞེས་བྱ་བ་ལ། ཇི་ལྟར་གོང་དུ་རིགས་ལ་གནས་པས་བྱང་ཆུབ་དུ་སེམས་བསྐྱེད་པར་བྱའོ་ཞེས་བཤད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་དུ་ཕ་རོལ་

ཏུ་ཕྱིན་པ་དྲུག་སྦྱོར་ཞིང་འབྲས་བུ་ཐུན་མོང་དུ་འདོད་པར་ཡིད་ལ་བྱའོ་ཞེས་བཤད་དོ། །བདག་དང་གཞན་གྱི་དོན་ལ་ཞུགས་པས་ཀྱང་དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱའོ་ཞེས་བཤད་དེ། རིམ་པ་དེ་ལྟར་བཤད་པ་

เล่ม ๑๒๕ · หน้า 205b

བཞིན་དུ་ཡིད་ལ་བྱེད་པ་འོག་ནས་འབྱུང་བ་ཐམས་ཅད་ལ་ཡང་འདིའི་འོག་ཏུ་འདི་བཤད་པར་རིགས་ཞེས་སྔར་བཤད་པ་བཞིན་དུ་རིམ་པར་སྦྱོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་དོན་རྒྱས་པར་བསྟན་པའི་ཕྱིར། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕ་

རོལ་ཏུ་ཕྱིན་པ་མངོན་པར་སངས་རྒྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་བ་དང་ཞེས་བྱ་བའི་དོན་ཏོ། །མངོན་པར་སངས་རྒྱས་པར་འགྱུར་བ་དང་

ཞེས་བྱ་བ་ནི་ཇི་ལྟར་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་དུ་མངོན་པར་སངས་རྒྱས་པ་དང་ཞེས་བྱ་བའི་དོན་ཏོ། །མངོན་པར་སངས་རྒྱས་པར་འབྱུང་བ་ཞེས་བྱ་བ་ནི་ཇི་ལྟར་མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་

སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་ཀྱང་མོས་སོ་ཞེས་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་མངོན་པར་སངས་རྒྱས་པ་དེ་བཞིན་དུ་བདག་གིས་

ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པས་མངོན་པར་སངས་རྒྱས་པར་གྱུར་ཅིག་ཅེས་བསྔོ་ཞིང་སེམས་ལ་མངོན་པར་འདུ་བྱེད་དེ། དེ་ནི་ཇི་ལྟར་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །རྣམ་པ་བཞི་པའི་མཐུ་འདི་ཡིས། །བདག་དང་མི་སྐྱོ་ངེས་པ་དེས། །མི་མཐུན་དང་ནི་གཉེན་པོ་ལ། །

སྒྲུབ་པ་དག་ནི་རྣམ་བཞིའོ། །ཞེས་བྱ་བ་ལ། གཞན་ཡང་མཐུའི་དགའ་བ་ཡིད་ལ་བྱེད་པ་དང་། བདག་དང་སེམས་ཅན་སྨིན་པར་བྱ་བ་ལ་ངེས་པར་མི་སྐྱོ་བ་ཡིད་ལ་བྱ་བ་མི་མཐུན་པ་དང་གཉེན་པོ་སྒྲུབ་པ་ཡིད་ལ་བྱེད་པ་རྣམ་པ་བཞི་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་

ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གོང་དུ་བདག་དང་གཞན་གྱི་དོན་ལ་ཞུགས་པས་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་མོས་པར་བྱའོ་ཞེས་བཤད་དོ། །དེ་ལ་བྱང་ཆུབ་ཏུ་མོས་པའི་རྗེས་ལ་མཐུའི་དགའ་བ་ཡིད་

เล่ม ๑๒๕ · หน้า 206a

ལ་བྱེད་པའི་སྐབས་བཤད་ཅིང་འབྲེལ་བས་ན། དེ་ལྟར་ཀུན་ནས་ཉོན་མོངས་པ་མེད་ཀྱང་མཐུ་དང་མི་ལྡན་ན་ནི་བདག་དང་གཞན་གྱི་དོན་སྒྲུབ་མི་ནུས་ཀྱི་མཐུ་དང་ལྡན་ན་གདོད་སྒྲུབ་ནུས་པས་ན་བྱང་ཆུབ་ལ་མོས་པའི་འོག་ཏུ་མཐུའི་དགའ་བ་ཡིད་ལ་བྱེད་པ་བསྟན་པར་འབྲེལ་ཏོ། །

དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་དུས་ན་བདག་ལ་མཐུ་རྣམ་པ་བཞི་ཡོད་པར་མཐོང་ནས་དགའ་བ་ནི་མཐུའི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱ་སྟེ་མཐུ་རྣམ་པ་བཞི་ནི་འོག་ནས་འབྱུང་ངོ་། །དེ་ལྟར་མཐུ་དང་ལྡན་ན་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་

ཡོངས་སུ་སྨིན་པ་ལ་སྐྱོ་བ་མེད་དེ། དེ་བས་ན་དེའི་འོག་ཏུ་ངེས་པར་མི་སྐྱོ་བའི་ཡིད་ལ་བྱེད་པ་བཤད་དོ། །དེ་ལྟར་སྐྱོ་བ་མེད་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤང་བ་དང་། གཉེན་པོ་སྦྱིན་པ་ལ་སོགས་པ་སྒྲུབ་པ་ཡིད་

ལ་བྱེད་པ་རྣམ་པ་བཞི་ཡིད་ལ་བྱེད་དོ། །དེ་བས་ན་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པའི་རྗེས་ལ་མི་མཐུན་པ་དང་། གཉེན་པོ་སྒྲུབ་པ་ཡིད་ལ་བྱེད་པ་བཞི་བསྟན་ཏོ། །མཐུ་རྣམ་པ་བཞི་བསྟན་པས་དགའ་བས་ན། མཐུའི་དགའ་བ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྤྱོད་

པའི་ཚེ། བདག་ཉིད་ལ་མཐུ་རྣམ་པ་བཞི་ཡོད་པར་མཐོང་ནས་དགའ་བ་ནི་མཐུའི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །མཐུ་རྣམ་པ་བཞི་ནི་མི་མཐུན་པའི་ཕྱོགས་སྤངས་པ་དང་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་སེར་སྣ་དང་། ངན་པའི་ངང་ཚུལ་དང་།

ཁོང་ཁྲོ་བ་ལ་སོགས་པ་སྟེ། སྦྱིན་པས་ནི་སེར་སྣ་སེལ་ནུས་པར་མཐོང་། ཚུལ་ཁྲིམས་ཀྱིས་ནི་ངན་པའི་ངང་ཚུལ་གྱི་དྲི་མ་སེལ་ནུས་པར་མཐོང་། བཟོད་པས་ནི་ཁོང་ཁྲོ་བ་སེལ་ནུས་པར་མཐོང་། བརྩོན་འགྲུས་ཀྱིས་ནི་ལེ་ལོ་སེལ་ནུས་པར་མཐོང་། བསམ་གཏན་གྱིས་ནི་སེམས་གཡེང་

བ་སེལ་ནུས་པར་མཐོང་། ཤེས་རབ་ཀྱིས་ནི་རྟག་པ་དང་ཆད་པར་འཛིན་པ་ལ་སོགས་འཆལ་བའི་ཤེས་རབ་སེལ་ནུས་པར་མཐོང་སྟེ། འདི་ནི་མཐུ་རྣམ་པ་གཅིག་གོ། །ཚོགས་སྨིན་པ་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་སྨིན་

เล่ม ๑๒๕ · หน้า 206b

པར་མཐོང་སྟེ། ཇི་ལྟ་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་གསུམ་སྤྱད་པས་ནི་བསོད་ནམས་ཀྱི་ཚོགས་སོགས་པར་མཐོང་། བསམ་གཏན་དང་ཤེས་རབ་གཉིས་སྤྱད་པས་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་མཐོང་། བརྩོན་འགྲུས་སྤྱད་པས་ནི་གཉིས་ཀའི་ཚོགས་བསགས་པ་

མཐོང་བ་སྟེ། འདི་ནི་མཐུ་རྣམ་པ་གཉིས་སོ། །བདག་དང་ཕ་རོལ་ལ་ཕན་བཏགས་པ་དང་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ན། བདག་དང་གཞན་ལ་ཕན་འདོགས་པར་མཐོང་སྟེ། ཇི་ལྟ་ཞེ་ན། ནམ་སྦྱིན་པ་གཏོང་བའི་དུས་ན། སྦྱིན་པ་བཏང་བར་དགའ་བ་དང་། སྦྱིན་པ་བཏང་

བ་དང་། བཏང་ནས་འགྱོད་པ་མེད་དེ། དུས་གསུམ་དུ་ཡང་དགའ་བས་ནི་བདག་ལ་ཕན་བཏགས་སོ། །བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་གིས་ཕན་བཏགས་ཏེ་ཕོངས་པ་མེད་པར་བྱས་པས་ནི་གཞན་ལ་ཕན་བཏགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངན་པའི་ངང་ཚུལ་

གྱིས་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པའི་རྒྱུ་ལས་བྱུང་བའི་བརྡེག་པ་དང་བཅིང་བ་ལ་སོགས་པ་མེད་པར་གྱུར་པས་བདག་ལ་ཕན་བཏགས་སོ། །གཞན་གྱི་སྲོག་དང་ནོར་དང་ཆུང་མ་ལ་གནོད་པ་མ་བྱས་པས་གཞན་ལ་ཕན་བཏགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ལ་ཡང་བཟོད་པ་ལ་གནས་ན་ཞེ་སྡང་གི་མེས་སེམས་མ་དཀྲུགས་པས་ན་སེམས་བདེ་བའོ། །སེམས་བདེ་ན་སེམས་ཀྱི་རྗེས་སུ་ལུས་འབྲང་བའི་ཕྱིར་ལུས་ཀྱང་བདེ་བས་བདག་ལ་ཕན་བཏགས་སོ། །གནོད་པ་བྱེད་པ་ལ་ལན་མ་བྱས་པས་གཞན་ལ་ཕན་བཏགས་སོ། །བརྩོན་འགྲུས་ལ་

ཉན་པ་དང་། བསམ་པ་ལ་སོགས་པའི་བརྩོན་འགྲུས་སྤྱད་པས་ཚེ་འདིར་དགེ་བ་རྒྱུན་དུ་འཕེལ་བའི་ཕྱིར་བདག་ལ་ཕན་བཏགས་སོ། །སེམས་ཅན་རྣམས་ཀྱི་ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱས་པས་གཞན་ལ་ཕན་བཏགས་སོ། །བསམ་གཏན་ལ་ཡང་རྟོག་པ་དང་དཔྱོད་པའི་ཏིང་ངེ་འཛིན་

ལ་གནས་པ་ཉོན་མོངས་པ་ཞི་བར་བྱེད་པའི་ཕྱིར་བདག་ལ་ཕན་བཏགས་སོ། །བསམ་གཏན་གྱི་མཐུས་ལོ་ཉེས་དང་ནད་ལ་སོགས་པ་ཞི་བར་བྱེད་པས་གཞན་ལ་ཕན་བཏགས་སོ། །ཤེས་རབ་ཀྱིས་ཀྱང་ཤེས་བྱའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་ཏེ་སེམས་ཀྱི་རྒྱུད་ལ་མ་རིག་པའི་མུན་

เล่ม ๑๒๕ · หน้า 207a

པ་བསལ་བས་ན་བདག་ལ་ཕན་བཏགས་སོ། །ཤེས་རབ་ཀྱི་ཆོས་ཕྱིན་ཅི་མ་ལོག་པར་བཤད་ཅིང་སེམས་ཅན་གྱི་ཐེ་ཚོམ་བསལ་ནས་གཞན་ལ་ཕན་བཏགས་ཏེ། འདི་ནི་མཐུ་རྣམ་པ་གསུམ་པའོ། །མ་འོངས་པའི་ཚེ་རྣམ་པར་སྨིན་པའི་འབྲས་བུ་དང་རྒྱུ་འདྲ་བའི་

འབྲས་བུ་སྨིན་པའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་ན་མ་འོངས་པ་ན་ལོངས་སྤྱོད་ཆེན་པོར་འགྱུར། ཚུལ་ཁྲིམས་ཀྱིས་ནི་ལྷ་དང་མིའི་ལུས་ཐོབ་པར་འགྱུར། བཟོད་པས་ནི་འཁོར་གཡོག་ཕུན་སུམ་ཚོགས་པར་འགྱུར། བརྩོན་འགྲུས་

ཀྱིས་ནི་ལས་ཀྱི་མཐའ་ཐམས་ཅད་འགྲུབ་པར་འགྱུར། བསམ་གཏན་གྱིས་ནི་ནད་མེད་པར་འགྱུར། ཤེས་རབ་ཀྱིས་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པར་འགྱུར་ཏེ། འདི་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ཚེ་རབས་གང་དང་གང་དུ་སྐྱེས་པར་སྨིན་པར་བྱེད་པ་ལ་དགའ་

བས་ན་ཤེས་རབ་སྒྲུབ་པ་ལ་དགའ་བས་ནི་རྒྱུ་འདྲ་བའི་འབྲས་བུ་སྟེ། འདི་ནི་མཐུ་རྣམ་པ་བཞི་པའོ། །ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་ནི། སེམས་ཅན་ཐམས་ཅད་དང་བདག་སངས་རྒྱས་ཀྱི་ཆོས་སྦྱིན་པ་ལས་བརྩམས་ནས་ཞེས་བྱ་བ་ལ། བསྡུ་བའི་དངོས་པོས་སེམས་ཅན་ཡོངས་སུ་སྨིན་པར་

བྱ་བ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་ནས་དམ་པའི་ཆོས་ཉན་པ་དང་། བསམ་པ་ལ་སོགས་པའི་སྒོ་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་པ་ལས་བརྩམས་ཏེ། སེམས་ལ་སྐྱོ་བ་མེད་པ་ནི་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ངེས་པར་མི་

སྐྱོ་བ་ཡིད་ལ་བྱེད་ཅེ་ན། དེའི་ཕྱིར། སེམས་ཅན་གྱི་ལོག་པར་སྤྱོད་པ་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་བྱུང་ཡང་ངེས་པར་མི་སྐྱོ་བར་མངོན་པར་བྱེད་པའི་ཕྱིར་རོ་ཞེས་སྨོས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན། ཡང་སེམས་ཅན་ལ་ཕན་བཏགས་པ་དག་གནོད་པར་བྱེད་

པ་དང་། ཉེས་པ་མེད་པར་ཡང་ཉེས་པར་བྱེད་ལ། སེམས་ཅན་གྱི་ལོག་པར་སྤྱོད་པ་ཐམས་ཅད་ཀྱིས་སྐྱོ་བ་མེད་ཅིང་སེམས་ཅན་མི་གཏོང་བ་དང་། བདག་ཉིད་སངས་རྒྱས་ཀྱི་མོས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང་། སེམས་པ་ལ་

เล่ม ๑๒๕ · หน้า 207b

སོགས་པ་བྱེད་པའི་ཚེ་ན་ཕྱིའི་གནོད་པ་གྲང་བ་དང་། ཚ་བ་ལ་སོགས་པ་བྱུང་བ་དང་། ནང་གི་གནོད་པ་བཀྲེས་པ་དང་། སྐོམ་པ་ལ་སོགས་པ་བྱུང་ཡང་མཉན་པ་ལ་སོགས་པ་མི་བཏང་ངོ་སྙམ་དུ་སེམས་ལ་མངོན་པར་འདུ་བྱེད་པས་ནི་ངེས་པར་མི་སྐྱོ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །བྱང་ཆུབ་མཆོག་ཐོབ་

པར་བྱ་བའི་ཕྱིར་མི་མཐུན་པ་དང་། གཉེན་པོ་སྒྲུབ་པ་ཡིད་ལ་བྱེད་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྦྱིན་པའི་མི་མཐུན་པ་སེར་སྣ་ནས། ཤེས་རབ་ཀྱི་མི་མཐུན་པ་འཆལ་བའི་ཤེས་རབ་ཀྱི་བར་སྤངས་པ་དང་། གཉེན་པོ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དག་སྒྲུབ་

པར་ཡིད་ལ་བྱ་བ་རྣམ་པ་བཞི་ཡོད་དོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ལ་སོགས་པ་མི་མཐུན་པ་སེར་སྣ་ལ་སོགས་པ་བཤགས་པ་དང་ཞེས་བྱ་བ་ལ། སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ནས་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་འཆལ་བའི་ཤེས་རབ་ཀྱི་བར་དག་ནི་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་

སྟེ། དེ་དག་བྱུང་ན་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཉེན་པོ་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་ཞེས་བྱ་བ་ལ་སེར་སྣ་ལ་སོགས་པའི་གཉེན་པོ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་སྟེ། དེ་དག་བདག་དང་གཞན་གྱི་དོན་སྤྱད་པ་མཐོང་ནས་དགའ་ཞིང་མོས་པ་སྐྱེས་པ་ནི་རྗེས་

སུ་ཡི་རང་བར་བྱེད་པ་ཞེས་བྱའོ། །དེའི་ཆེད་ཀྱིས་ཆོས་བསྟན་པའི་ཕྱིར་སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་དུ་བྱས་ནས་བཤད་པའི་ཆོས་ནི་དེའི་ཆེད་ཀྱི་ཆོས་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་མཉན་ཅིང་བཤད་པའི་ཕྱིར། དེ་

བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ནི་སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་བ་ལ། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བར་བྱ་བའམ། གསོལ་བ་གདབ་པ་དག་གིས་

བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་བསྔོ་བ་ནི་དེ་དག་ཀྱང་བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་སྟེ། ཚིག་དེ་རྣམས་ཀྱང་མདོ་སྡེ་དག་ལས་སྡིག་པ་ཐམས་ཅད་སླར་བཤགས་པ་དང་། དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་།

เล่ม ๑๒๕ · หน้า 208a

བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་ཤོག་ཤིག་ཅེས་གསུངས་པའི་ཚིགས་བཅད་དང་རིམ་པ་བཞིན་དུ་སྦྱར་རོ། །དང་བ་ཡང་དག་བླངས་པ་དང་། །སྦྱིན་སྲེད་དག་ནི་གཞན་དག་ལ། །གོ་ཆ་སྨོན་ལམ་དང་བ་ནི། །མངོན་པར་དགའ་བ་ཡིད་ལ་བྱེད། །ཅེས་བྱ་བ་ལ།

གཞན་ལ་དབང་བ་ཡིད་ལ་བྱེད་པ་དང་། ཡང་དག་པར་བླང་བ་ཡིད་ལ་བྱེད་པ་དང་། གཞན་དག་ལ་སྦྱིན་པ་སྲེད་པ་ཡིད་ལ་བྱེད་པ་དང་། གོ་ཆ་ཡིད་ལ་བྱེད་པ་དང་། སྨོན་ལམ་ཡིད་ལ་བྱེད་པ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་

པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དད་པའི་མཐུ་ལས་བརྩམས་ནས་ཕ་རོལ་ཏུ་ཕྱིན་པའི་ཆེད་ཀྱི་དོན་ལ་དང་བར་ཡིད་ལ་བྱེད་པའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་ལ་རྒྱུར་གྱུར་པ་ལ་ནི་ཆོས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུ་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འཆད་པ་ལ་ནི་

ཆོས་ཞེས་བྱའོ། །དེས་མཚོན་པར་བྱ་བའི་དངོས་པོ་ལ་ནི་དོན་ཞེས་བྱ་སྟེ། དང་བ་དང་དང་བས་རྒྱུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྒྱུར་གྱུར་པ་སྤྱད་ན་ནི་དེའི་འབྲས་བུ་གདོན་མི་ཟ་བར་འཐོབ་པར་འགྱུར་རོ་ཞེས་ཡིད་ཆེས་པ་ནི་དང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཆོས་ཚོལ་བ་ལས་བརྩམས་

ནས་ཡང་དག་པར་ལེན་པར་བྱེད་པ་སྟེ་ཞེས་བྱ་བ་ལ། ཆོས་ཚོལ་བའི་དབང་དུ་བྱས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། ཕ་རོལ་ཏུ་ཕྱིན་པའི་དོན་དང་། ཆོས་ལ་སོགས་པ་ཉན་ཅིང་བསམས་པ་ནི་ཡང་དག་པར་ལེན་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡང་དག་པར་ལེན་ཅེ་ན། དེའི་

ཕྱིར་ཆོས་དེའི་དེ་དག་ཉིད་མི་སྤོང་བའི་ཚུལ་གྱིས་གཟུང་བས་སོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཆོས་དེ་དག་ཉིད་ལ་སྐུར་པ་མི་འདེབས་ཤིང་ཉན་པ་དང་། སེམས་པ་ལ་སོགས་པ་མི་འདོར་བ་ནི་མི་སྤོང་བའི་ཚུལ་གྱིས་གཟུང་བ་ཞེས་བྱ་སྟེ། དེ་དག་ཡང་དག་པར་ལེན་པ་ཡིད་ལ་བྱེད་པའོ། །བཤད་

པ་ལས་བརྩམས་ནས་སྦྱིན་པ་ལ་སྲེད་པ་ཡིད་ལ་བྱེད་པ་སྟེ། གཞན་ལ་ཆོས་དང་དོན་རབ་ཏུ་བསྒྲགས་པའི་ཕྱིར་རོ་ཞེས་བྱ་བ་ལ་བཤད་པའི་དོན་དུ་བྱས་ནས་སེམས་ཅན་གཞན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་འཆད་པར་འདོད་པ་ནི་སྦྱིན་པ་ལ་སྲེད་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཇི་ལྟར་འཆད་ཅེ་ན། སེམས་

เล่ม ๑๒๕ · หน้า 208b

ཅན་གཞན་དག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་དང་དོན་ཕྱིན་ཅི་མ་ལོག་པར་སྒྲོགས་ཤིང་འཆད་པའི་ཕྱིར་རོ། །བསྒྲུབས་པ་ལས་བརྩམས་ནས་གོ་ཆའི་ཡིད་ལ་བྱེད་པ་སྟེ། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་ཆ་བགོས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་

པའི་ཆེད་དུ་བྱས་ནས་དེ་དྲུག་བསྒྲུབ་པ་ནི་གོ་ཆ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཇི་ལྟར་སྒྲུབ་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་སྦྱིན་པ་གཏོང་ཞིང་གོ་གྱོན་ནས་ཤེས་རབ་སྒྲུབ་ཅིང་གོ་གྱོན་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་ཡིད་ལ་བྱེད་པ་ནི་དེ་རྫོགས་པའི་རྐྱེན་དང་ལྡན་པའི་ཕྱིར་

རོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བའི་ཕྱིར་ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་དང་། ཉེ་དུ་གཉེན་བཤེས་དང་ལུས་དང་ལོངས་སྤྱོད་ལ་སོགས་པའི་རྒྱུ་རྐྱེན་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་སྨོན་ལམ་

ཡིད་ལ་བྱེད་པ་ཞེས་བྱ་སྟེ། མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་ཀྱེ་མ་སྦྱིན་པ་ལ་སོགས་པ་སྒྲུབ་པ་དང་། ཡང་དག་པར་སྒྲུབ་པར་ཤོག་ཤིག་ཅེས་སྨོན་པར་དགའ་བའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་མ་བསྒྲུབས་པར་ནི་མངོན་པར་འཚང་རྒྱ་བར་མི་འགྱུར་བས་ན་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་

ཏུ་ཕྱིན་པ་དྲུག་སྒྲུབ་དགོས་པའི་ཕྱིར། ཨེ་མ་ཚེ་རབས་དེ་དང་དེ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ནུས་པའི་རང་བཞིན་དུ་གྱུར་ན་ལེགས་སོ་སྙམ་དུ་སེམས་པ་ནི་མངོན་པར་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་ཡིད་ལ་བྱེད་པ་དེ་གསུམ་གདམས་པ་དང་རྗེས་སུ་བསྟན་པ་ལ་སྦྱར་བར་བྱའོ་ཞེས་

བྱ་བ་ལ། བསྒྲུབ་པའི་རྗེས་ལ་གདམས་པ་དང་། རྗེས་སུ་བསྟན་པ་བཤད་དེ། འོག་ནས་ཀྱང་། དེ་བཞིན་རབ་ཏུ་བསྒྲུབས་པ་དང་། །ཡང་དག་གདམས་དང་བསྟན་པའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གོ་ཆ་དང་། སྨོན་ལམ་དང་། མངོན་པར་དགའ་བའི་ཡིད་ལ་བྱེད་པ་གསུམ་ནི་གདམས་

པ་དང་བསྟན་པའི་སྐབས་དང་སྦྱར་ཏེ། ཇི་ལྟ་ཞེ་ན། གདམས་པ་དང་བསྟན་པ་ཐོབ་པའི་ཕྱིར་གོ་ཆ་གྱོན་པར་བྱེད་དོ། །སྨོན་ལམ་འདེབས་སོ། །མངོན་པར་དགའ་བར་བྱེད་དོ། །ཨེ་མའོ་འདི་ལྟར་བདག་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདམས་པ་དང་བསྟན་པ་སྟོན་

เล่ม ๑๒๕ · หน้า 209a

པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་དེ་ལྟར་དགའ་བར་བྱེད་པའི་ཕྱིར་རོ། །ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ནི་རྟོག་པ་དག་གིས་རྣམ་པ་ཐམས་ཅད་སྦྱིན་པ་ལ་སོགས་པ་ལ་སྦྱོར་ཞིང་ཡིད་ལ་བྱེད་པས་སོ་ཞེས་བྱ་བ་ལ། གདམས་པ་དང་བསྟན་པའི་འོག་ཏུ་ཐབས་

དང་ལྡན་པའི་ཡིད་ལ་བྱེད་པ་བཤད་དོ། །དེ་ལ་ཐབས་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བདག་གིས་ལག་ནས་སྦྱིན་པ་ལ་སོགས་པ་མ་བྱས་སུ་ཟིན་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་དག་མཐོང་ན་ཡིད་ཀྱི་རྟོགས་པས་རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་དང་། རོ་མྱོང་བར་བྱེད་པའི་སྒོ་ནས་ཕ་

རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱ་བ་ལ་སྦྱོར་ཞིང་ཡིད་ལ་རྟོག་པ་ནི་ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ཞེས་བྱའོ། །མཐུ་ཐོབ་པས་ནི་སྤྲོ་བ་སྟེ། །སྦྱིན་པ་ལ་སོགས་དྲུག་སྟུག་པོ། །ཡོངས་སུ་སྦྱིན་དང་མཆོད་པ་སྟེ། །བརྟེན་པ་དང་ནི་སྙིང་བརྩེ་བའོ། །ཞེས་བྱའོ། །ཐབས་དང་ལྡན་པའི་

ལས་ཡིད་ལ་བྱེད་པའི་འོག་ཏུ་སྤྲོ་བ་ཡིད་ལ་བྱེད་པ་བཤད་པའི་སྐབས་ཡིན་པས་དེ་བཤད་དོ། །སྤྲོ་བ་ཡིད་ལ་བྱེད་པ་ལ་ཡང་རྣམ་པ་བཞི་ཡོད་དེ། དེ་ལ་སྦྱིན་པ་ལ་ཡང་སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དུ་དྲུག་ཡོད་པ་དང་། ཤེས་རབ་ལ་ཡང་ཤེས་རབ་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་

ཤེས་རབ་ཀྱི་བར་དུ་དྲུག་དྲུག་ཡོད་དོ། །ཕ་རོལ་ཏུ་ཕྱིན་པ་གཅིག་ཅིང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཡོད་པས་ན་སྦྱིན་པ་ལ་སོགས་པ་དྲུག་དྲུག་སྟུག་པོ་ཞེས་བྱ་སྟེ། གཅིག་པ་དྲུག་ཡོད་པའི་མཐུ་ཐོབ་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་དང་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་བསྡུ་བའི་དངོས་པོའི་ཚུལ་

དུ་བཞག་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་གཉིས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་རྙེད་པ་དང་བཀུར་སྟིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད། ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔས་ནི་སྒྲུབ་པས་དེ་བཞིན་གཤེགས་པ་ལ་མཆོད་

པ་བྱེད་པ་འདི་ནི་སྤྲོ་བ་ཡིད་ལ་བྱེད་པ་གསུམ་པའོ། །ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་བཞི་པའོ། །སྙིང་བརྩེ་བ་ཡིད་ལ་བྱེད་པ་རྣམ་པ་བཞི་སྟེ། བྱམས་པ་དང་སྙིང་རྗེ་དང་

เล่ม ๑๒๕ · หน้า 209b

དགའ་བ་དང་བཏང་སྙོམས་ཏེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ནི་འོག་ནས་བཤད་པར་བྱའོ། །སྦྱིན་པ་ལ་སོགས་པ་དྲུག་སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མཐུ་རྙེད་པའོ་ཞེས་བྱ་བ་ལ། སྦྱིན་པ་ལ་ཡང་དྲུག་སྟེ། སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དུའོ། །དེ་ལྟར་དྲུག་

ཡོད་པས་ན་སྟུག་པ་ཞེས་བྱ་སྟེ། དེ་ལྟ་བུའི་མཐུ་རྙེད་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་དང་པོའོ། །དེ་ལྟར་སྦྱིན་པ་ལ་ཇི་ལྟར་དྲུག་ཡོད་ཅེ་ན། འདི་ལྟར་དགེ་བའི་རང་བཞིན་གྱི་ཕུང་པོ་ལྔས་ནི་སྦྱིན་པ་ཞེས་བྱའོ། །སྦྱིན་པའི་རང་བཞིན་གྱི་ཕུང་པོ་ལྔས་ནི་ཕྱི་དང་ནང་གི་དངོས་པོ་སྦྱིན་པར་འདོད་པ་ནི་སྦྱིན་པའི་སྦྱིན་

པ་ཞེས་བྱའོ། །ཡང་ན་ནོར་དང་འབྲུ་ལ་སོགས་པ་ལ་སྦྱིན་པ་ཞེས་བྱ་སྟེ། དེ་ནམ་གཞན་ལ་གཏོང་ཞིང་སྦྱིན་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པའི་ཚུལ་ཁྲིམས་ཇི་ལྟ་བུ་ཞེ་ན་ནམ་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་པའམ། གཞན་ཡང་ཚུལ་ཁྲིམས་བཤད་པའི་ཚུལ་ཁྲིམས་སྦྱིན་པ་ཞེས་བྱ་

སྟེ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་རྣམ་པ་དྲུག་ལ་ཡང་སྦྱར་རོ་ཞེས་བྱ་བ་ལ། སྦྱིན་པ་ལ་དྲུག་ཡོད་པ་དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་རེ་རེ་ལ་ཡང་དྲུག་དྲུག་ཡོད་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། ཚུལ་ཁྲིམས་ཀྱི་སྦྱིན་པ་དང་ཞེས་བྱ་བ་ནས་ཚུལ་ཁྲིམས་

ཀྱི་ཤེས་རབ་ཅེས་བྱ་བའི་བར་དུ་སྦྱར་རོ། །དེ་ལ་གཞན་གྱི་ནོར་དང་སྲོག་དང་ཆུང་མ་ལ་གནོད་པ་མ་བྱས་ཏེ། མི་འཇིགས་པ་སྦྱིན་པ་ནི་ཚུལ་ཁྲིམས་ཀྱི་སྦྱིན་པའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་བསྡམས་ཏེ། ཚུལ་ཁྲིམས་བསྲུངས་པ་ནི་ཚུལ་ཁྲིམས་ཞེས་བྱའོ། །ཚུལ་

ཁྲིམས་ལ་གནས་པ་རྣམས་གཤེ་བ་ལས་སླར་མི་གཤེ་བ་དང་། བརྡེག་པ་ལས་སླར་མི་བརྡེག་པ་ལ་སོགས་པ་བྱེད་པ་ནི་ཚུལ་ཁྲིམས་ཀྱི་བཟོད་པ་ཞེས་བྱའོ། །ཚུལ་ཁྲིམས་རྒྱུན་དུ་བསྲུངས་པ་ནི་ཚུལ་ཁྲིམས་ཀྱི་བརྩོན་འགྲུས་ཞེས་བྱའོ། །རྟག་ཏུ་ཚུལ་ཁྲིམས་ལ་སེམས་རྩེ་གཅིག་ཏུ་འཇོག་

པ་ནི་ཚུལ་ཁྲིམས་ཀྱི་བསམ་གཏན་ཞེས་བྱའོ། །ལྟུང་བ་མི་ལྟུང་བའི་བྱེ་བྲག་ཕྱེད་པ་ནི་ཚུལ་ཁྲིམས་ཀྱི་ཤེས་རབ་ཅེས་བྱའོ། །བཟོད་པ་ལ་ཡང་བཟོད་པ་ལ་གནས་པ་རྣམས་བརྡེག་པ་ལ་སླར་མི་བརྡེག་པ་ལ་སོགས་པ་མི་འཇིགས་པ་སྦྱིན་པར་བྱེད་པ་ནི་བཟོད་པའི་སྦྱིན་པ་ཞེས་བྱའོ། །བཟོད་

เล่ม ๑๒๕ · หน้า 210a

པ་ལ་གནས་པ་རྣམས་སྲོག་གཅོད་པ་ལ་སོགས་པའི་ལས་མི་བྱེད་པ་ནི་བཟོད་པའི་ཚུལ་ཁྲིམས་སོ། །གཞན་གྱིས་གནོད་པ་བྱས་ཀྱང་ཞེ་མི་སྡང་བ་ནི་བཟོད་པའི་བཟོད་པའོ། །རྟག་ཏུ་བཟོད་པའི་སེམས་འབའ་ཞིག་འབྱུང་བ་ནི་བཟོད་པའི་བརྩོན་འགྲུས་སོ། །ཞ་སྡང་

གི་སེམས་མ་གཡེངས་པ་ནི་བཟོད་པའི་བསམ་གཏན་ནོ། །སེམས་ཅན་གཞན་ལ་གནོད་པ་བྱས་ན་མ་འོངས་པ་ན་སྡུག་བསྔལ་མྱོང་བར་མཐོང་བ་ནི་བཟོད་པའི་ཤེས་རབ་བོ། །བརྩོན་འགྲུས་ལ་ཡང་སེམས་ཅན་གཞན་གྱི་གྲོགས་བྱས་ཤིང་བཏང་བ་ནི་བརྩོན་འགྲུས་ཀྱི་སྦྱིན་པའོ། །དགེ་བ་ལ་

བརྩོན་འགྲུས་རྩོམ་པ་མི་དགེ་བ་ལ་མི་འཇུག་པ་ནི་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་སོ། །བརྩོན་འགྲུས་རྩོམ་པའི་དུས་ན་གྲང་བ་དང་ཚ་བ་ལ་སོགས་པའི་ཉམས་སུ་ལེན་པ་ནི་བརྩོན་འགྲུས་ཀྱི་བཟོད་པའོ། །དགེ་བ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ཀྱི་བརྩོན་འགྲུས་སོ། །ལེ་ལོས་སེམས་

མ་གཡེངས་པ་ནི་བརྩོན་འགྲུས་ཀྱི་བསམ་གཏན་ཞེས་བྱའོ། །བརྩོན་འགྲུས་བརྩམས་པ་རྣམས་དགེ་བ་དང་མི་དགེ་བའི་མཚན་ཉིད་ཕྱེད་པར་ཤེས་པར་འགྱུར་ཏེ། དེ་ནི་བརྩོན་འགྲུས་ཀྱི་ཤེས་རབ་བོ། །བསམ་གཏན་ལ་ཡང་བསམ་གཏན་གྱི་མཐུ་ལོ་ཉེས་དང་ནད་ལ་སོགས་པ་མེད་པར་བྱས་

ཏེ། གནོད་པ་བསལ་ནས་ཕན་པ་སྦྱིན་པ་ནི་བསམ་གཏན་གྱི་སྦྱིན་པའོ། །སེམས་རྩེ་གཅིག་པའི་ཚེ་སྲོག་གཅོད་པ་ལ་མི་རྟོག་པ་ནི་བསམ་གཏན་གྱི་ཚུལ་ཁྲིམས་སོ། །བསམ་གཏན་པ་རྣམས་ནི་རྟག་ཏུ་སེམས་འཇམ་པ་སྟེ། ཞེ་སྡང་གི་འཁྲུག་པ་མི་འབྱུང་བ་ནི་བསམ་གཏན་གྱི་བཟོད་པའོ། །

སེམས་རྩེ་གཅིག་པ་རྒྱུན་དུ་མི་གཏོང་བ་ནི་བསམ་གཏན་གྱི་བརྩོན་འགྲུས་སོ། །དམིགས་པར་བྱ་བ་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་བསམ་གཏན་ནོ། །བསྒོམ་པར་བྱ་བའི་ཆོས་སེམས་ལ་གསལ་བ་ནི་བསམ་གཏན་གྱི་ཤེས་རབ་བོ། །ཤེས་རབ་ལ་ཡང་གཞན་ཆོས་རྣམས་ཕྱིན་ཅི་མ་

ལོག་པར་བཤད་པ་ནི་ཤེས་རབ་ཀྱི་སྦྱིན་པའོ། །ཤེས་རབ་ཅན་རྣམས་བླང་བ་དང་སྤང་བར་བྱ་བ་རྣམས་ངོ་ཤེས་པས་སྤང་བར་བྱ་བ་ལ་མི་འཇུག་པ་ནི་ཤེས་རབ་ཀྱི་ཚུལ་ཁྲིམས་སོ། །ཆོས་ཀྱི་མཚན་ཉིད་མ་ནོར་བ་ལ་སེམས་དགའ་བ་ནི་ཤེས་རབ་ཀྱི་བཟོད་པའོ། །མཉན་པ་དང་སེམས་པ་ལ་སོགས་

เล่ม ๑๒๕ · หน้า 210b

པ་སྤྲོ་བ་ནི་ཤེས་རབ་ཀྱི་བརྩོན་འགྲུས་སོ། །ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྣམས་ལ་མ་ནོར་བ་ཡིན་ནོ་སྙམ་དུ་སེམས་གཡེངས་པ་མེད་པ་ནི་ཤེས་རབ་ཀྱི་བསམ་གཏན་ནོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཤེས་རབ་པོ། །ཕ་རོལ་ཏུ་ཕྱིན་པ་རྣམས་

བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱིན་པ་དང་ངག་སྙན་པ་དང་། དོན་མཐུན་པ་དང་དོན་སྤྱོད་པར་སྤྱོད་པའི་མཚན་ཉིད་དུ་བཞག་སྟེ། དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་གཉིས་པའོ། །ཕ་རོལ་ཏུ་

ཕྱིན་པ་རྣམས་ཇི་ལྟར་བསྡུ་བའི་དངོས་པོའི་ཚུལ་དུ་བཞག་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པ་ནི་སྦྱིན་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནམ་གཞན་ལ་འཆད་པ་ནི་ངག་སྙན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་གཞན་སྤྱོད་དུ་བཀོད་པ་ནི་དོན་སྤྱོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ལ་

སེམས་ཅན་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཉིད་ལ་བདག་ཉིད་ཀྱང་སྤྱོད་པ་ནི་དོན་མཐུན་པ་སྤྱོད་པའོ། །མཆོད་པ་ནི་སྦྱིན་པས་ནི་རྙེད་པ་དང་བཀུར་སྟི་སྤྱོད་པའོ། །ལྷག་མ་རྣམས་ཀྱིས་ནི་སྒྲུབ་པའི་མཆོད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་མཆོད་པ་རྣམ་པ་གཉིས་ཏེ། ཟང་ཟིང་

གི་མཆོད་པ་དང་། སྒྲུབ་པས་མཆོད་པའོ། །ཟང་ཟིང་གི་མཆོད་པ་ལ་ཡང་རྣམ་པ་གཉིས་ཏེ། རྙེད་པས་མཆོད་པ་དང་། བཀུར་སྟིས་མཆོད་པའོ། །དེ་ལ་ཆོས་གོས་དང་། ལྷུང་བཟེད་འབུལ་བ་ནི་རྙེད་པས་མཆོད་པའོ། །ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་པ་བྱེད་པ་ནི་བཀུར་སྟིས་མཆོད་

པ་སྟེ། སྦྱིན་པས་ནི་རྙེད་པ་དང་། བཀུར་སྟིས་མཆོད་པ་བྱེད་དོ། །ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་ལྔ་སྒྲུབ་པས་མཆོད་པ་སྟེ། འདི་ནི་སྤྲོ་བ་ཡིད་ལ་བྱེད་པ་གསུམ་པའོ། །ཕྱིན་ཅི་མ་ལོག་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བཙལ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པ་སྟེ་ཞེས་བྱ་བ་ལ།

ཕྱིན་ཅི་མ་ལོག་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པའོ། །དེ་ལ་ཁ་ཅིག་སྦྱིན་པ་ཡིན་ཡང་ཕྱིན་ཅི་ལོག་ཡོད་དེ། ཤན་པ་ལ་མཚོན་ཆ་སྦྱིན་པ་དང་། སྨད་འཚོང་མ་ལ་ནོར་སྦྱིན་པ་ལྟ་བུའོ། །ཁ་ཅིག་ཤེས་རབ་ཡིན་ཡང་ཕྱིན་ཅི་ལོག་

เล่ม ๑๒๕ · หน้า 211a

ཡོད་དེ། མུ་སྟེགས་པ་བདག་དང་རྟག་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་སྦྱིན་པ་ཕྱིན་ཅི་མ་ལོག་པ་དང་། ཤེས་རབ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བའི་ཕྱིར་དེ་སྟོན་པའི་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཕྱག་འཚལ་བ་དང་

བསྐོར་བ་ལ་སོགས་པའི་བསྙེན་བཀུར་བྱེད་པ་ནི་བསྟེན་པ་ཞེས་བྱ་སྟེ། འདི་ནི་སྤྲོ་བ་ཡིད་ལ་བྱེད་པ་བཞི་པའོ། །སྙིང་བརྩེ་བ་ཡིད་ལ་བྱེད་པ་ནི་ཚད་མེད་པ་བཞི་སྟེ་ཞེས་བྱ་བ་ལ་ཚད་མེད་པ་བཞི་དང་ལྡན་པའི་སེམས་ལ་ནི་སྙིང་བརྩེ་བ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ལ་སོགས་

པའི་སྟོབས་དང་བྱམས་པར་བྱེད་པ་དང་ཞེས་བྱ་བ་ལ། བྱམས་པ་ནི་སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སེམས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བར་གྱུར་ཅིག་ཅེས་སེམས་པར་མ་ཟད་ཀྱི་བདེ་བ་ལ་ཡང་འཇོག་པར་མཛད་དོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་

ཕྱིན་པ་དྲུག་ནི་ལོངས་སྤྱོད་ལ་སོགས་པ་འགྲུབ་པར་བྱེད་པ་ཡིན་པས་སྦྱིན་པ་ལ་སོགས་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟབས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་ནི་སེམས་ཅན་ལ་བྱམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེར་སྣ་ལ་སོགས་པ་དང་ལྡན་པ་ལ་སྙིང་བརྩེ་བ་དང་ཞེས་བྱ་བ་ལ་སེམས་

ཅན་རྣམས་སྡུག་བསྔལ་བ་དང་བྲལ་བར་གྱུར་ཅིག་ཅེས་སེམས་པ་ནི་སྙིང་རྗེའོ། །སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་དབུལ་པོ་ལ་སོགས་པའི་སྡུག་བསྔལ་བར་འགྱུར་བའི་རྒྱུ་ཡིན་པས་སེར་སྣ་ལ་སོགས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེ་བའོ། །

བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་བ་ཙམ་དུ་ཡང་མ་ཟད་ཀྱི། སེར་སྣ་ལ་སོགས་པའི་ཆོས་འདོར་དུ་འཇུག་སྟེ་འདི་ནི་སྙིང་རྗེའོ། །སྦྱིན་པ་དང་ལྡན་པ་ལ་སོགས་པའི་སེམས་ཅན་རྣམས་ལ་དགའ་བར་བྱེད་པ་དང་ཞེས་བྱ་བ་ལ། སེམས་ཅན་བདེ་བ་མཐོང་ནས་སེམས་ལ་མོས་པ་སྐྱེས་པ་ལ་ནི་

དགའ་བ་ཞེས་བྱ་སྟེ། སེམས་ཅན་རྣམས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་མཐོང་ནས་དགའ་བར་གྱུར་པ་ནི་དགའ་བའོ། །དེ་ལ་ཉོན་མོངས་པ་མེད་པ་མོས་པ་ནི་བཏང་སྙོམས་སོ་ཞེས་བྱ་བ་ལ། བཏང་སྙོམས་ཀྱི་རང་བཞིན་ནི་གང་ལ་ཡང་ཆགས་པ་དང་ཞེ་སྡང་མེད་པ་དང་། སྦྱིན་

เล่ม ๑๒๕ · หน้า 211b

པ་ལ་སོགས་པ་ལོངས་སྤྱོད་དང་ལྡན་ནམ། བདེ་བར་གྱུར་པའི་སེམས་ཅན་རྣམས་ལ་ཡང་འདོད་ཆགས་སྐྱེ་བར་མ་གྱུར་ཅིག་ཅེས་སྨོན་པ་དང་། ལོངས་སྤྱོད་རྣམས་ཕྲོགས་ནས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་ལ་ཡང་ཞེ་སྡང་བར་མ་གྱུར་ཅིག་ཅེས་སེམས་པ་ནི་བཏང་སྙོམས་སོ་

ཞེས་བྱ་བའི་དོན་ཏོ། །མ་བྱས་སྨད་དང་ངོ་ཚ་དང་། །བགྱིད་དང་ཡུལ་ལ་དགའ་བ་དང་། །མི་སྐྱོ་བ་དང་འགོད་པ་དང་། །བརྗོད་པ་ཡི་ནི་བློ་གྲོས་ཏེ། །ཞེས་བྱ་བ་ལ། གཞན་ཡང་ངོ་ཚ་བ་ཡིད་ལ་བྱེད་པ་དང་། དགའ་བ་ཡིད་ལ་བྱེད་པ་དང་། མི་སྐྱོ་བ་ཡིད་ལ་བྱེད་པ་དང་། འགོད་པ་ཡིད་

ལ་བྱེད་པ་དང་། བརྗོད་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཡེ་མ་བྱས་པ་དང་། རྫོགས་པར་མ་བྱས་པ་ནི་མ་བྱས་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལ་ཕྱིན་ཅི་ལོག་ཏུ་བྱས་པ་ལ་

ནི་སྨད་པ་བྱས་པ་ཞེས་བྱ་སྟེ། དེ་ལྟར་ཡེ་མ་བྱས་པ་དང་། རྫོགས་པར་མ་བྱས་པ་དང་། སྨད་པར་བྱས་ན་མཚར་བྱས་ཞེས་ངོ་ཚ་ཞིང་འགྱོད་པ་ནི་ངོ་ཚ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུན་དུ་སྤྱད་པར་བྱའོ་སྙམ་དུ་སེམས་སྤྲོ་བའི་དབང་དུ་བྱས་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་

ཕྱིན་པ་དྲུག་ལ་རྒྱུན་དུ་དམིགས་ཤིང་དེ་འབའ་ཞིག་ལ་སེམས་རྩེ་གཅིག་ཏུ་འཇོག་གི། སེམས་གཞན་དུ་མ་གཡེངས་པ་ནི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བའི་ཚེ། སྤྱོད་པར་མི་འདོད་པའི་སེམས་སྐྱོ་བ་སྐྱེས་ན་སེམས་འདི་ནི་བླ་ན་མེད་པའི་བྱང་

ཆུབ་ཐོབ་པར་བྱ་བའི་བར་དུ་གཅོད་པ་ཡིན་པས་དགྲ་ཡིན་ནོ་སྙམ་པའི་འདུ་ཤེས་སྐྱེ་བ་ནི་མི་སྐྱོ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་པའི་ཆོས་སྟོན་པས་སྐྱོབ་པར་བྱའོ་སྙམ་དུ་སེམས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཙུག་ལག་དང་གཞུང་དུ་འདྲི་ཞིང་འཇོག་

པ་ནི་འགོད་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དཔེར་ན་མདོ་སྡེའི་རྒྱན་འདི་ཉིད་ཀྱི་ནང་ནས་གྲངས་དང་མཚན་ཉིད་གོ་རིམས་དང་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་གཙུག་ལག་ཏུ་འགོད་པའོ། །སེམས་ཅན་སོ་སོའི་སྣོད་དང་སྦྱར་ནས་སེམས་ཅན་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་བཤད་པར་འོས་པའི་

เล่ม ๑๒๕ · หน้า 212a

སེམས་ཅན་དེ་ལ་ཕ་རོལ་ཏུ་ཕྱིན་པ་དེ་འཆད་པ་ནི་བརྗོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ངོ་ཚ་བའི་ཆོས་ལས་བརྩམས་ནས་ཞེས་བྱ་བ་ནི་ངོ་ཚ་བས་རྒྱུ་བྱས་ནས་ཤེའམ། ངོ་ཚ་བའི་དབང་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །མ་བྱས་པའམ་ཞེས་བྱ་བ་ལ། །ཕ་རོལ་ཏུ་ཕྱིན་པ་

དྲུག་ཐམས་ཅད་ནས་ཐམས་ཅད་དུ་ཅུང་ཟད་ཀྱང་མ་བྱས་པའོ། །ཡོངས་སུ་མ་རྫོགས་པའམ་ཞེས་བྱ་བ་ལ། སྦྱིན་པ་ནི་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་ཆོས་སྦྱིན་པ་གསུམ་ལས་གཉིས་ཙམ་བྱེད་ཀྱི་གསུམ་ཆར་ཚང་བར་མི་བྱེད་པའམ། ཟང་ཟིང་སྦྱིན་པ་ལས་ཀྱང་ཅུང་ཟད་

ཙམ་གཏོང་གི་ཀུན་མི་གཏོང་བ་དང་། མི་འཇིགས་པ་སྦྱིན་པ་ལ་ཡང་སྙིང་ནས་སྐྱབས་མི་བྱེད་ཀྱི་ཚིག་ཙམ་དུ་བྱེད་པ་དང་། ཆོས་ཀྱི་སྦྱིན་པ་ལ་ཡང་ཁ་ཅིག་འཆད་ཀྱི་ཁ་ཅིག་མི་འཆད་དེ། སློབ་དཔོན་བཅབས་པ་ནི་ཡོངས་སུ་མ་རྫོགས་པ་ཞེས་བྱའོ། །ལོག་པར་སྤྱོད་པ་ཞེས་བྱ་བ་ལ། སྦྱིན་

པའི་བསྔགས་པ་ཙམ་སྨྲ་བའི་དངོས་པོ་མི་གཏོང་བ་དང་། ཤན་པ་ལ་མཚོན་སྦྱིན་པར་བྱེད་པ་དང་། སྨད་འཚོང་མ་ལ་ནོར་སྦྱིན་པ་དང་། བརྐུས་ནས་སྦྱིན་པ་དང་གཡོ་དང་སྒྱུས་བྱིན་པ་ནི་ལོག་པར་སྦྱིན་པ་ཞེས་བྱའོ། །ངོ་ཚ་ནས་ཞེས་བྱ་བ་ལ། དེ་ལྟར་མ་བྱས་པ་དང་། ཡོངས་སུ་རྫོགས་

པར་མ་བྱས་པ་དང་། སྨད་པར་བྱས་པར་མཐོང་ནས་སེམས་ལ་གནོད་པ་ནི་ངོ་ཚ་བ་ཞེས་བྱའོ། །འཇུག་པ་དང་ཞེས་བྱ་བ་ལ། དེ་ལྟར་ངོ་ཚ་ནས་མ་བྱས་པ་དང་། ཡོངས་སུ་རྫོགས་པར་མ་བྱས་པ་དེ་སྤངས་ཏེ། བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་

དོན་ཏོ། །ལྡོག་པའི་ཕྱིར་ཞེས་བྱ་བ་ལ། སྨད་པ་དང་ལོག་པར་བྱ་བ་ལས་ནི་ལྡོག་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡུན་མི་རིང་བར་འགྱོད་པར་བྱེད་དོ་ཞེས་བྱ་བ་ལ། གལ་ཏེ་འགྱོད་པ་ཞིག་བསྐྱེད་ན་ཡང་རྒྱུན་དུ་འགྱོད་པ་བསྐྱེད་པར་མི་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །འགྱོད་པ་དང་རྒྱུན་དུ་

ལྡན་ན་དགེ་བ་ཉིད་ལ་འཇུག་པར་མི་ནུས་པས་དེ་བས་ན་སྦྱིན་པ་ལ་སོགས་པ་མ་བྱས་པ་དང་། སྨད་པ་བྱས་པ་ན་བདག་གིས་སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པ་མ་བྱས་པ་དང་། སྨད་པ་བྱས་པ་ནི་མཚར་བྱས་སོ་སྙམ་ཐང་ཅིག་གཅིག་འགྱོད་པ་བསྐྱེད་ནས་འགྱོད་པ་སྤོང་ངོ་། །དེ་ལ་དེ་བས་

เล่ม ๑๒๕ · หน้า 212b

འདི་ལྟར་འགྱུར་ཏེ། སྦྱིན་པ་ལ་སོགས་པ་ཡེ་མ་བྱས་པ་དང་། རྫོགས་པར་མ་བྱས་ནས་འགྱོད་པར་གྱུར་ན་འགྱོད་པ་དེ་བཟློག་སྟེ། སྦྱིན་པ་ལ་སོགས་པ་བྱས་པ་དང་། རྫོགས་པར་བྱ་བའི་ཕྱིར་གུས་པར་བྱ་བ་དང་། རྒྱུན་དུ་བསྒྲུབ་པ་ལ་འཇུག་པར་བྱའོ། །སྦྱིན་པ་ལ་སོགས་པ་སྨད་པ་དང་། ལོག་

པར་བྱས་པ་ལ་ཕྱིས་ལོག་པ་ལ་འཇུག་པར་མི་བྱའོ་ཞེས་ལྡོག་པར་བྱ་སྟེ། དེ་ལྟར་ན་ཡང་ཐེ་ཚོམ་ཡང་ལྡོག་པར་འགྱུར་རོ། །འཇིག་རྟེན་རིག་པར་བྱས་པ་ལས་བརྩམས་ནས་བརྗོད་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ། སེམས་ཅན་སོ་སོའི་སེམས་དང་སྦྱར་བས་སེམས་ཅན་གང་ལ་ཕ་རོལ་ཏུ་

ཕྱིན་པ་གང་བཤད་པའི་རིག་པའི་སེམས་ཅན་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་དེ་འཆད་པ་ནི་བརྗོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། སྟོན་སྐྱོབ་དེ་ཉིད་ཇི་ལྟར་སྣོད་དུ་གྱུར་པའི་ཕྱིར་འཇིག་རྟེན་ལ་བརྗོད་པར་འདུ་བྱེད་པའོ་ཞེས་བྱ་བ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་

གཙུག་ལག་བྱས་པ་དེ་དག་སོ་སོའི་སྣོད་དང་སྦྱར་ནས་སེམས་ཅན་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་བཤད་པར་འོས་ཤིང་སྣོད་དུ་གྱུར་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་འཆད་དེ། དཔེར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་སྣོད་དུ་གྱུར་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འཆད་པའོ། །སྦྱིན་པ་ལ་སོགས་བརྟེན་ནས་སུ། །བྱང་ཆུབ་འགྱུར་གྱིས་དབང་ཕྱུག་མིན། །ཞེས་བྱ་བ་ལ་བརྟེན་པའི་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་གྱི། དབང་ཕྱུག་དང་གཙོ་བོ་དང་ཚངས་པ་ལ་སོགས་

པ་ལ་བརྟེན་ནས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ་ཡིན་པར་ཁོང་དུ་ཆུད་པ་ནི་བརྟེན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །སྐྱོན་དང་ཡོན་ཏན་དག་ལ་ཡང་། །གཉིས་པོ་དེ་ནི་རྟོག་པར་འགྱུར། །ཞེས་བྱ་བ་ལ། རྟོག་པ་ཡིད་ལ་བྱེད་པ་ནི་སེར་སྣ་ལ་སོགས་པ་ལ་མི་མཐུན་པའི་ཕྱོགས་ལ་ནི་སྐྱོན་དུ་

རྟོགས་ཏེ། དབུལ་པོ་ལ་སོགས་པར་གྱུར་པར་མཐོང་སྦྱིན་པ་ལ་སོགས་པ་གཉེན་པོའི་ཕྱོགས་ལ་ནི་ཡོན་ཏན་དུ་རྟོགས་ཏེ། ཕྱུག་པོ་ལ་སོགས་པར་འགྱུར་བར་མཐོང་བ་ནི་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བསགས་པ་དགའ་བ་དྲན་པ་དང་། །ཆེ་བའི་དོན་ནི་མཐོང་བ་དང་། །རྣལ་འབྱོར་

เล่ม ๑๒๕ · หน้า 213a

འདོད་དང་མི་རྟོག་པ། །དེ་འཛིན་པ་དང་རྐྱེན་ཐོབ་པ། །ཞེས་བྱ་བ་ལ། ཞེས་ཡང་བསགས་པ་དྲན་ནས་དགའ་བ་ཡིད་ལ་བྱེད་པ་དང་། དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་དང་། འདོད་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་

པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཡིད་ལ་བྱེད་པ་ཡང་རྣམ་པ་བཞི་སྟེ། རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་དང་། མི་རྟོག་པ་འདོད་པ་ཡིད་ལ་བྱེད་པ་དང་། དེ་འཛིན་པ་ཡིད་ལ་བྱེད་པ་དང་། རྐྱེན་ཐོབ་པ་ཡིད་ལ་བྱེད་པའོ། །བསགས་པ་དྲན་པས་དགའ་བ་ཡིད་ལ་བྱེད་པ་ནི་སྦྱིན་པ་

ལ་སོགས་པ་བསགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ། སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་བསགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་མཐོང་བ་ནི་བསགས་པ་མཐོང་ནས་དགའ་བ་ཡིད་ལ་བྱེད་པ་

ཞེས་བྱའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་བསགས་པས་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར། བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར། བརྩོན་འགྲུས་ནི་གཉིས་གའི་ཚོགས་སུ་འགྱུར་རོ། །དོན་མཐོང་བ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་

བྱང་ཆུབ་ཀྱི་ཕྱོགས་ཀྱི་དངོས་པོའི་དོན་གྱིས་བྱང་ཆུབ་ཆེན་པོ་ཐོབ་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་བྱང་ཆུབ་ཆེན་པོ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའི་ཚུལ་གྱིས་མཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཐོང་བ་

ནི་དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ཞེས་བྱའོ། །རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་ནི་ལྷག་མཐོང་དང་ཞི་གནས་སྦྱོར་བ་བསྒོམ་པར་འདོད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བའི་ཕྱིར། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་བསྒོམ་པར་འདོད་པ་ནི་རྣལ་

འབྱོར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་ཐབས་མཁས་པ་ལ་འདོད་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཡིན་ནོ། །དེ་

เล่ม ๑๒๕ · หน้า 213b

བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བྱ་བ་ནི་མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཡང་ན་དང་པོ་སྦྱོར་བའི་དུས་ན་འདི་སྙམ་དུ་སེམས་ཏེ། མི་རྟོག་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་

བཏབ་སེམས་ལ་མངོན་པར་འདུས་བྱས་པ་ལས་མངོན་པར་སངས་རྒྱས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ན་མི་རྟོག་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པར་འགྱུར་ཏེ། དེ་ནི་མི་རྟོག་པར་འདོད་པ་ཡིད་ལ་བྱེད་པ་ཞེས་བྱའོ། །འཛིན་པ་ཡིད་ལ་བྱེད་པ་ནི་

ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཆེད་ཀྱི་ཆོས་དང་དོན་འཛིན་པའི་ཕྱིར་རོ་ཞེས་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འཆད་པའི་ཆོས་དང་། དོན་སེམས་ལ་མི་བརྗེད་པར་འཛིན་པ་ནི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྒྱུར་གྱུར་པ་ནི་ཆོས་ཞེས་བྱའོ། །འབྲས་བུར་གྱུར་པ་ལ་ནི་དོན་ཞེས་

བྱའོ། །རྐྱེན་ཐོབ་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། རྗེས་སུ་མཐུན་པའི་ཡང་དག་པའི་སྨོན་ལམ་མངོན་པར་འདུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཚེ་རབས་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར་བ་དང་མཐུན་པའི་དགེ་བའི་བཤེས་གཉེན་

དང་། ཉེ་དུ་གཉེན་བཤེས་དང་། ལུས་དང་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་རྐྱེན་ཐོབ་པ་ཡིད་ལ་བྱེད་པ་ཞེས་བྱའོ། །རྣམ་བདུན་ཕྱིན་ཅི་ལོག་འཛིན་དང་། །སྤངས་པའི་མཐུ་ནི་ཤེས་པ་དང་། །ངོ་མཚར་དང་ནི་ངོ་མཚར་མིན། །འདུ་ཤེས་དེ་བཞིན་རྣམ་བཞིའོ། །

ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་བསྒོམ་པ་ཆ་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམ་པ་བདུན་སྤོང་བའི་མཐུ་མཐོང་བ་ཡིད་ལ་བྱེད་པ་དང་། །ངོ་མཚར་གྱི་འདུ་ཤེས་ཡིད་ལ་བྱེད་པ་བཞི་དང་། དེ་བཞིན་དུ་ངོ་མཚར་མ་ཡིན་པའི་འདུ་ཤེས་ཡིད་ལ་བྱེད་པས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་

དོན་ཏོ། །མེད་པ་ལ་ཡོད་པར་འཛིན་པ་དང་ཞེས་བྱ་བ་ལ་ཀུན་བརྟགས་ཀྱི་གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་ནི་མེད་པ་ཡིན་ན་དེ་ལ་དངོས་པོ་ཡོད་པར་ལྟ་བ་ནི་མེད་པ་ལ་ཡོད་པར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་གཅིག་གོ། །ཉེས་པ་ཅན་ལ་ཡོན་ཏན་ཅན་དུ་འཛིན་པ་དང་ཞེས་བྱ་བ་

เล่ม ๑๒๕ · หน้า 214a

ལ། འཁོར་བའི་ཆོས་ནི་ཉེས་པ་ཅན་ཡིན་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང་། མི་གཙང་བ་དང་བདག་མེད་པའི་ཕྱིར་རོ། །དེ་ལ་རྟག་པ་དང་བདེ་བ་དང་གཙང་བར་འཛིན་པ་ནི་ཡོན་ཏན་དུ་འཛིན་པ་སྟེ། འདི་ནི་ཕྱིན་ཅི་ལོག་གཉིས་སོ། །ཡོན་ཏན་ཅན་ལ་ཡོན་ཏན་ཅན་

མ་ཡིན་པར་འཛིན་པ་དང་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ན་ཉོན་མོངས་པ་དང་། སྡུག་བསྔལ་ཐམས་ཅད་སྤངས་པས་ཞི་བ་དང་། བདེ་བ་ཡིན་པའི་ཕྱིར་ཡོན་ཏན་ཅན་ཡིན་ན་དེ་ལ་བྱིས་པ་རྣམས་ཆད་པ་དང་གཡང་སར་ལྟ་བ་ནི་ཡོན་ཏན་ཅན་མ་ཡིན་པ་ཞེས་བྱ་སྟེ། དེ་ནི་ཕྱིན་ཅི་ལོག་གསུམ་

མོ། །འདུ་བྱེད་ཐམས་ཅད་ལ་རྟག་པ་དང་བདེ་བར་འཛིན་པ་གཉིས་དང་ཞེས་བྱ་བ་ལ། ཐམས་ཅད་ཀྱི་སྒྲ་འདིར་ཕྱོགས་གཅིག་ཏུ་དྲངས་ཏེ་འདུས་མ་བྱས་བཀོལ་ནས་ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་དང་། ཟག་པ་མེད་པའི་འདུས་བྱས་འཕགས་པའི་ལམ་ལ་སོགས་པ་ཐམས་ཅད་ནི་འདི་

སྐད་ཅིག་མ་འཇིག་པས་མི་རྟག་པ་ཡིན་ན་དེ་ལ་བརྟན་པར་འདུ་ཤེས་པ་ནི་འདུ་བྱེད་ཐམས་ཅད་ལ་རྟག་པར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་བཞིའོ། །ཟག་པ་དང་བཅས་པའི་འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་དང་བརྒྱད་ཀྱིས་གཟར་བས་སྡུག་བསྔལ་བ་ཡིན་ན་དེ་ལ་

གྱ་ནོམ་པར་འཛིན་པ་ནི་བདེ་བར་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་ལྔ་པའོ། །ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པ་དང་ཞེས་བྱ་བ་ལ། ཐམས་ཅད་ཀྱི་སྒྲ་འདིའི་སྐབས་སུ་མ་ལུས་པའི་དོན་དྲངས་ཏེ། འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་

ཆོས་ཐམས་ཅད་ནི་གང་ཟག་པ་དང་ཆོས་ཀྱི་དབྱིངས་ཉིད་དུ་བདག་མེད་པ་ཡིན་ནོ། །དེ་ལ་ངོ་བོ་ཡོད་པར་འཛིན་པ་ནི་ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པ་ཞེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་དྲུག་གོ། །མྱ་ངན་ལས་འདས་པ་མ་ཞི་བར་ལོག་པར་འཛིན་པ་སྟེ་ཞེས་བྱ་བ་ལ། མྱ་ངན་ལས་འདས་

པ་ནི་འཁྲུག་པས་ཉོན་མོངས་པའི་འཁྲུག་པ་དང་། སྡུག་བསྔལ་ཐམས་ཅད་སྤངས་པས་ཞི་བ་ཡིན་ན་དེ་ལ་མི་བདེ་བའི་གནས་སུ་འཛིན་པ་ཡིན་ན་ནི་མྱ་ངན་ལས་འདས་པ་མ་ཞི་བར་ལོག་པར་འཛིན་པ་ཞེས་བྱ་སྟེ། འདི་ནི་ལོག་པར་འཛིན་པ་བདུན་ནོ། །དེ་དག་གི་གཉེན་པོར་སྟོང་

เล่ม ๑๒๕ · หน้า 214b

པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང་། ཆོས་བསྡུ་བས་ཡང་དག་པར་འཛིན་པར་འགྱུར་རོ་ཞེས་བྱ་བ་ལ། མེད་པ་ལ་ཡོད་པར་འཛིན་པ་དང་། ཉེས་པ་ཅན་ལ་ཡོན་ཏན་དུ་འཛིན་པ་དང་། ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་འཛིན་པའི་གཉེན་པོར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་།

སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་བཤད་དོ། །འདུས་བྱས་ལ་རྟག་པ་དང་། བདེ་བར་འཛིན་པ་དང་། ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པ་དང་། མྱ་ངན་ལས་འདས་པ་ལ་མ་ཞི་བར་ལོག་པའི་གཉེན་པོར་ཆོས་བསྡུ་བ་བཞི་པོ་བསྟན་ཏོ། །ཇི་ལྟ་ཞེ་

ན། མེད་པ་ལ་ཡོད་པར་འཛིན་པའི་གཉེན་པོར་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བཤད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་པ་དང་བདག་མེད་པར་འཛིན་པའི་རྣམ་པ་ཡིན་པས་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་གཉེན་པོར་འགྱུར་རོ། །ཉེས་པ་ཅན་ལ་ཡོན་ཏན་དུ་འཛིན་པའི་གཉེན་པོར་ནི་

སྨོན་པ་མེད་པའི་ཏིང་ངེ་འཛིན་བཤད་དེ་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་ཀུན་འབྱུང་བའི་རྣམ་པ་བཞི་དང་། ལམ་གྱི་རྣམ་པ་བཞིའི་སྟེང་དུ་སྡུག་བསྔལ་གྱི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་གཉིས་ཀྱིས་བསྣན་ཏེ། རྣམ་པ་བཅུ་ཡིན་པས་རྣམ་པ་བཅུ་ལྟར་ཁོང་དུ་ཆུད་ན་ཉེས་པ་ཅན་ལ་ཡོན་ཏན་དུ་འཛིན་

པ་མེད་པར་འགྱུར་རོ། །ཇི་ལྟ་ཞེ་ན། དང་པོ་མི་རྟག་པ་དང་སྡུག་བསྔལ་མཐོང་ནས་སྐྱོ་བར་འགྱུར་རོ། །དེ་ནས་དེའི་རྒྱུ་གང་ཡིན་ཞེས་བརྟགས་ན་ཀུན་འབྱུང་གི་རྣམ་པ་བཞི་ཡིན་པར་མཐོང་ངོ་། །ཀུན་འབྱུང་དེའང་གང་གིས་སྤང་། །ཞེས་བརྟགས་ན་ལམ་གྱི་རྣམ་པ་བཞིས་སྤོང་བར་མཐོང་སྟེ། ལམ་

ཡང་དགོས་པའི་དོན་གྲུབ་ནས་ཡང་དགོས་པར་མཐོང་སྟེ། དེ་དག་ཐམས་ཅད་ལ་མི་སྨོན་པ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་འཛིན་པའི་གཉེན་པོར་མཚན་མ་མེད་པའི་ཏིང་ངེ་འཛིན་བཤད་དེ། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་འགོག་པར་

རྣམ་པ་བཞི་ལྟ་བུའི་མཚན་ཉིད་ཡིན་པས་རྣམ་པ་བཞི་ལྟར་རྟོགས་ནས་ཡོན་ཏན་ཅན་ལ་ཡོན་ཏན་ཅན་མ་ཡིན་པར་རྟོག་གོ །འདུ་བྱེད་ཐམས་ཅད་ལ་རྟག་པར་འཛིན་པའི་གཉེན་པོར་ནི་འདུ་བྱེད་ཐམས་ཅད་ནི་མི་རྟག་ཅེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །བདེ་བར་འཛིན་པའི་གཉེན་པོར་ནི་ཟག་པ་དང་

เล่ม ๑๒๕ · หน้า 215a

བཅས་པ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་བའི་དོན་གསུངས་སོ། །ཆོས་ཐམས་ཅད་ལ་བདག་ཏུ་འཛིན་པའི་གཉེན་པོར་ནི་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །མྱ་ངན་ལས་འདས་པ་མ་ཞི་བར་འཛིན་པའི་གཉེན་པོར་ནི་ཞི་བ་མྱ་ངན་ལས་

འདས་པ་ཞེས་བྱ་བའི་ཆོས་ཀྱི་མདོ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤངས་པའི་འདུ་ཤེས་དང་ཞེས་བྱ་བ་ལ། ངོ་མཚར་གྱི་འདུ་ཤེས་བཞི་འཆད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤངས་པའི་འདུ་ཤེས་འཇུག་པ་ཡང་ངོ་མཚར་གྱི་འདུ་ཤེས་ཡིན་ནོ་ཅི་ཞིག་ངོ་མཚར་ཞེ་ན། ཐང་ཅིག་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱིའི་དངོས་པོ་དངོས་པོར་གཏོང་བར་མ་ཟད་ཀྱི་བདག་གི་ལུས་ཀྱང་ཡོངས་སུ་གཏོང་བ་ནི་ངོ་མཚར་དུ་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་། ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཕྱིར་ཉེ་དུ་གཉེན་བཤེས་དང་། ལོངས་སྤྱོད་ཡོངས་སུ་གཏོང་བ་

ནི་ངོ་མཚར་དུ་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གདོལ་བུ་དང་། རིགས་ངན་པ་ལ་སོགས་པས་གནོད་པ་བྱས་ཀྱང་མི་ཁྲོ་ཞིང་ཉམས་སུ་ལེན་པ་ནི་ངོ་མཚར་དུ་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ལུས་དང་སྲོག་ལ་ཡང་མི་ལྟ་བར་བརྩོན་འགྲུས་རྩོམ་པ་ནི་ངོ་མཚར་

དུ་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གཏན་གྱི་རོ་ལ་མ་ཆགས་པ་ངོ་མཚར་དུ་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ནི་ངོ་མཚར་དུ་བྱ་བའོ། །ཡུན་རིང་པོའི་འདུ་ཤེས་དང་ཞེས་བྱ་བ་ལ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་

ལ་སྤྱད་ཀྱང་འབྲས་བུ་མྱུར་དུ་མི་འཐོབ་ཀྱི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་འདུ་ཤེས་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ། །ལན་རེ་བ་མེད་པའི་འདུ་ཤེས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་བཀོད་དེ། སེམས་ཅན་དེ་ལ་ཕན་བཏགས་ཀྱང་ཚེ་འདི་

ལ་ཕན་བཏགས་པའི་ལན་ལ་རེ་བ་མེད་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྨིན་པ་ལ་མི་རེ་བའི་འདུ་ཤེས་སོ་ཞེས་བྱ་བ་ལ། ལས་སུ་བྱ་བ་ཐམས་ཅད་ལ་ནི་འབྲས་བུའི་དོན་དུ་བྱེད་པ་ཡིན་ན། ཚེ་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཀྱི་ཚེ་ཕྱི་མར་ལོངས་སྤྱོད་ཆེན་པོ་ལ་

เล่ม ๑๒๕ · หน้า 215b

སོགས་པའི་རྣམ་པར་སྨིན་པའི་འབྲས་བུ་ལ་མི་རེ་བ་བཞིན་དུ་སྤྱོད་པ་ཡང་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་སྤངས་པ་དང་། ཡུན་རིང་པོར་གྱུར་ནས་སངས་རྒྱས་པའི་འབྲས་བུར་འབྱུང་བ་དང་ཞེས་བྱ་བ་ལ་ངོ་མཚར་དུ་བྱ་བ་མ་ཡིན་པའི་འདུ་ཤེས་བཞི་འཆད་དེ། ས་བོན་དུ་

འབྲས་བཏབ་ལ་འབྲས་བུ་ཡང་འབྲས་སྐྱེ་བ་ནི་ངོ་མཚར་མི་ཆེ་སྟེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་ལ་ཡང་སྤྱད་ཡུན་རིང་པོར་ཡང་སྤྱད་ནས་མཇུག་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་ངོ་མཚར་དུ་བྱ་བ་མ་ཡིན་ཏེ། རྒྱུ་ཚད་མེད་པ་ལ་སྤྱད་ནས་འབྲས་བུ་ཚད་མེད་པ་ཐོབ་པ་ནི་ངོ་མཚར་དུ་མི་

ཆེའོ་ཞེས་བྱ་བའི་དོན་ཏོ། །གཉིས་པོ་དེ་ཡོད་ན་བདག་དང་ཕ་རོལ་ལ་སེམས་མཉམ་པ་དང་ཞེས་བྱ་བ་ལ་སྤངས་པ་དང་ཡུན་རིང་པོ་དང་མི་ལྡན་པ་རྣམས་ལ་བདག་བཞིན་དུ་གཞན་ལ་ཕན་འདོགས་པར་བྱེད་པ་ནི་ངོ་མཚར་དུ་བྱ་བ་ཡིན་གྱི། སྤངས་པ་དང་ཡུན་རིང་པོའི་འདུ་ཤེས་དང་ལྡན་པ་རྣམས་

བདག་དང་ཕ་རོལ་སེམས་མཉམ་སྟེ། བདག་བཞིན་དུ་སེམས་ཅན་གཞན་ལ་ཕན་པར་བྱེད་པ་ནི་ངོ་མཚར་དུ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །དེ་དག་པས་མཆོག་བརྒྱ་བྱིན་ལ་སོགས་པ་མཆོད་པ་ལ་སོགས་པ་རྙེད་དུ་ཟིན་ཀྱང་སླར་ལན་རེ་བ་མེད་པ་དང་ཞེས་བྱ་བ་ལ། དེ་དག་གི་སྒྲས་ནི་ཕན་བཏགས་

པའི་སེམས་ཅན་ཕལ་པ་ལ་སྙེགས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལ་ཕན་བཏགས་ནས་བརྒྱ་བྱིན་དང་ཚངས་པས་ལན་དུ་མཆོད་པ་ཕུལ་བའི་རྙེད་པ་དང་བཀུར་སྟི་ལ་ཡང་ལན་རེ་བ་མེད་དེ། མཆིལ་མའི་རྡོག་གུ་ཙམ་དུ་སེམས་ན་སེམས་ཅན་ཕལ་པས་

ཕན་བཏགས་པའི་རྙེད་པ་དང་བཀུར་སྟི་ངན་པ་ལ་ལན་རེ་བ་མེད་པ་ལྟ་ཅི་ཞིག་ངོ་མཚར་ཆེ་སྟེ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །བདག་གི་དངོས་པོ་དང་ལོངས་སྤྱོད་འཇིག་རྟེན་ལས་འཕགས་པ་ཐོབ་པར་རྣམ་པར་སྨིན་པ་མི་འདོད་དོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ན་མ་

འོངས་པ་ལས་བདག་གི་ལུས་སྐུ་གསུམ་གྱི་མཚན་ཉིད་ཐོབ་པ་དང་ལོངས་སྤྱོད་ཀྱང་འཇིག་རྟེན་ཀུན་ལས་འཕགས་ཏེ། ཁྱད་ཞུགས་པ་ཐོབ་པས་ལྷའི་ལུས་ཙམ་དང་། ལོངས་སྤྱོད་ཅན་གྱིས་རྣམ་པར་སྨིན་པ་ལ་མི་རེ་བ་ནི་ངོ་མཚར་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དག་ནི་སྙོམས་

เล่ม ๑๒๕ · หน้า 216a

པ་དང་། །ཆེན་པོའི་བདག་ཉིད་དམིགས་པ་དང་། །གཞན་གྱི་ཡོན་ཏན་ལན་རེ་དང་། །གསུམ་དུ་རེ་ཞིང་རྒྱུན་དུའོ། །ཞེས་བྱ་བ་ལ། གཞན་ཡང་སྙོམས་པ་ཡིད་ལ་བྱེད་པ་དང་ཆེན་པོའི་བདག་ཉིད་དམིགས་པ་ཡིད་ལ་བྱེད་པ་དང་། ལན་འདོད་པའི་ཡིད་ལ་བྱེད་

པ་དང་། རེ་བ་ཡིད་ལ་བྱེད་པ་དང་། རྒྱུན་དུ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་ལ་ལ་མི་འཇོག་པ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པ་ནི་སྙོམས་པ་ཡིད་

ལ་བྱེད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན་བདེ་བ་དང་ཕན་པ་འབའ་ཞིག་དུ་འགྱུར་གྱི་གནོད་པའི་དངོས་པོ་ནི་ཅུང་ཟད་མི་འགྱུར་རོ་ཞེས་བྱ་བ་མཐོང་བ་ནི་བདག་ཉིད་ཆེན་པོ་དམིགས་པ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་ཕ་རོལ་ཏུ་ཕྱིན་པ་སྤྱོད་དུ་བཅུག་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་

ཡོན་ཏན་དང་ལྡན་པ་མཐོང་ན་སེམས་ཅན་འདི་དག་གིས་ནི་བདག་ལ་ཕན་བཏགས་སོ་སྙམ་དུ་སེམས་པ་ནི་ལན་འདོད་པ་ཡིད་ལ་བྱེད་པའོ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་སེམས་ཅན་རྣམས་གནས་གསུམ་ཐོབ་པར་ཤོག་ཤིག་ཅེས་རེ་བ་ནི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། གནས་གསུམ་

ནི་བྱང་ཆུབ་སེམས་དཔའི་སའི་མཐར་ཐུག་པར་རེ་བ་དང་། སངས་རྒྱས་ཀྱི་སའི་མཐར་ཐུག་པར་རེ་བ་དང་། སེམས་ཅན་གྱི་དོན་རེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་སའི་མཐར་ཐུག་པར་རེ་བ་ནི་སྦྱིན་པས་ས་དང་མཐར་ཐུག་པར་རེ་བ་ནས་ཡེ་ཤེས་ཀྱི་ས་བཅུའི་མཐར་ཐུག་པར་རེ་བའོ། །སངས་རྒྱས་

ཀྱི་སའི་མཐར་ཐུག་པར་རེབ་ནི་ས་བཅུ་འདས་ནས་སངས་རྒྱས་ཀྱི་ས་ཐོབ་པར་ཤོག་ཤིག་ཅེས་རེ་བའོ། །སེམས་ཅན་དོན་རེ་བ་ནི་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་པར་ཤོག་ཤིག་ཅེས་ཟེར་བའོ། །བར་འགའ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགའ་མི་སྤྱོད་པ་ལྟ་བུ་མ་ཡིན་

གྱི་ཆུའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་སྤྱོད་པ་ནི་རྒྱུན་དུ་ཡིད་ལ་བྱེད་པ་ཞེས་བྱའོ། །སངས་རྒྱས་བསྟན་པ་སྒྲུབ་ཚུན་ཆད། །མི་གནས་པ་ཡི་སེམས་པ་སྟེ། །དེ་འགྲིབ་འཕེལ་བའི་སེམས་ཅན་ལ། །མི་དགའ་དང་ནི་དགའ་བའོ། །ཞེས་བྱ་བ་ལ། གཞན་ཡང་ཡང་དག་པར་སྦྱོར་བ་ཡིད་ལ་

เล่ม ๑๒๕ · หน้า 216b

བྱེད་པ་དང་། མི་དགའ་བ་ཡིད་ལ་བྱེད་པ་དང་། དགའ་བ་ཡིད་ལ་བྱེད་པ་སྟེ། དེས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མཉན་པ་དང་སེམས་པར་བྱེད་པ་ལས་བརྩམས་ཏེ། མཐར་སངས་རྒྱས་

པ་མ་ཐོབ་ཀྱི་བར་དུ་བར་མ་དོར་བརྩོན་འགྲུས་མི་འདོར་བ་ནི་ཡང་དག་པར་སྦྱོར་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལས་ཕ་རོལ་ཏུ་ཕྱིན་པ་ཉམས་པར་མཐོང་ན། སེམས་ལ་མ་མོས་པ་ནི་མི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །སྦྱིན་པ་ལ་སོགས་པ་ཕ་

རོལ་ཏུ་ཕྱིན་པ་སྤྱོད་པ་འཕེལ་ཞིང་རྒྱ་ཆེ་བར་གྱུར་པ་མཐོང་ནས་སེམས་ལ་མོས་པ་ནི་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །གཟུགས་བརྙན་དང་ནི་ཡང་དག་ལ། །བསྒོམ་པ་དང་ནི་མོས་པ་སྤྱོད། །དང་དུ་མི་ལེན་ཡིད་ལ་བྱེད། །ལུང་བསྟན་པ་དང་ངེས་པར་འདོད། །ཅེས་བྱ་བ་ལ། གཞན་ཡང་མི་

མོས་པ་ཡིད་ལ་བྱེད་པ་དང་། མོས་པ་ཡིད་ལ་བྱེད་པ་དང་། དང་དུ་མི་ལེན་པ་ཡིད་ལ་བྱེད་པ་དང་། འདོད་པ་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་བསྒོམ་པ་ལ་མ་དད་པ་ནི་མི་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་

སྟེ། ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་དཔེར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཚོན་ཆ་དང་དུག་ལ་སོགས་པ་སྦྱིན་པ་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་། བདག་དང་རྟག་པ་ལ་སོགས་པ་ཡོད་པར་ལྟ་བ་ཤེས་རབ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་མ་ཡིན་པ་ལྟ་བུ་ནི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཞེས་བྱའོ། །ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགའ་བ་ནི་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཕྱི་དང་ནང་གི་དངོས་པོ་ཀུན་གཏོང་བ་དང་། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཡང་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའོ། །དང་དུ་མི་ལེན་པ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་བྱུང་ན་སྦྱིན་པས་འདུལ་བར་བྱེད་པས་ན་འཆལ་པའི་ཤེས་རབ་བྱུང་ན་ཤེས་རབ་ཀྱིས་འདུལ་བར་བྱེད་པའོ། །

เล่ม ๑๒๕ · หน้า 217a

འདོད་པ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཏེ། ལུང་བསྟན་པ་འདོད་པ་དང་། ངེས་པའི་ས་ལ་གནས་པ་ཐོབ་པར་འདོད་པའོ། །ལུང་བསྟན་པ་འདོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་དུས་ཇི་སྲིད་ཅིག་ནས་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་

འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པར་འདོད་པའོ། །ཡང་ན་ས་བརྒྱད་པའི་དུས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་སྤྱད་པས་ས་བརྒྱད་པ་ཇི་ལྟར་འཐོབ་པར་འགྱུར་ཞེས་འདོད་པ་ནི་ལུང་བསྟན་པར་འདོད་པ་ཞེས་བྱའོ། །ངེས་

པའི་ས་ལ་འཐོབ་པ་རྣམ་པ་གཉིས་ཏེ། ལོངས་སྤྱོད་ངེས་པར་འདོད་པ་དང་། སྐྱེ་བ་ངེས་པར་འདོད་པའོ། །དེ་ལ་ལོངས་སྤྱོད་ངེས་པར་འདོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ས་དང་པོ་ཐོབ་པ་ནས། སྐད་ཅིག་མ་གཅིག་པ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་ནུས་པ་ནི་མཐུ་ལ་འདོད་པ་དང་། འཇིག་རྟེན་ལས་

འདས་པའི་ལོངས་སྤྱོད་ཆེན་པོ་ཐོབ་པར་འདོད་པས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ས་བཅུ་ཐོབ་ནས་འཇིག་རྟེན་གྱི་ཁམས་གང་གཱའི་བྱེ་མའི་ཀླུང་སྙེད་གཡོ་བར་བྱེད་ནུས་པའི་མཐུ་དང་ལྡན་པར་འདོད་པས་ན་རིག་པའི་གནས་ཐམས་ཅད་ལ་མཁས་པར་འདོད་པའོ། །སྐྱེ་བ་ངེས་པར་འདོད་པ་ནི་ས་བཅུ་

ཐོབ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐོབ་པར་འདོད་པའོ། །མ་ངེས་དུས་ན་མཇུག་མཐོང་བ། །ཡིད་བྱེད་དང་ནི་མཉམ་རྟོག་པ། །མཆོག་གི་ཆོས་ལ་འཇུག་པ་ན། །བདག་ཉིད་མཆོག་ཏུ་འཛིན་པའོ། །ཞེས་བྱ་བ་ལ། གཞན་ཡང་མ་འོངས་པའི་དུས་ན་མཐོང་བས་

འཇུག་པ་ཡིད་ལ་བྱེད་པ་དང་། མཉམ་པར་རྟོག་པ་ཡིད་ལ་བྱེད་པ་དང་། མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་དེ་དག་གིས་ཀྱང་ཁམས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་

མེད་པའི་བྱང་ཆུབ་འདོད་ན་ལྷ་དང་མི་ལ་སོགས་པའི་རྒྱུད་གར་སྐྱེས་གར་སྐྱེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དགོས་པར་མཐོང་ནས་འདི་སྙམ་དུ་ཡུན་བསྲིངས་ཏེ། ཇི་ཞིག་བྱས་ཚེ་འདི་ཁོ་ན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་སྙམ་དུ་སེམས་པ་ནི་མ་འོངས་པའི་དུས་མཐོང་བས་འཇུག་པ་ཡིད་

เล่ม ๑๒๕ · หน้า 217b

ལ་བྱེད་པ་ཞེས་བྱའོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གུས་པར་སྤྱད་པ་དང་། རྒྱུན་དུ་སྤྱད་ན་བྱང་ཆུབ་སེམས་དཔའ་གཞན་དག་དང་ལུས་དང་ངག་དང་ཡིད་གསུམ་མཉམ་པ་ཡིན་ནོ། །བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། རྒྱུན་དུ་སྤྱད་པས་ན་བྱང་ཆུབ་སེམས་དཔའ་རྣམས་དང་།

ལུས་དང་ངག་དང་ཡིད་གསུམ་མཉམ་མོ་སྙམ་དུ་རྟོག་པ་ནི་མཉམ་པར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །བདག་ནི་སྤྱོད་པའི་མཆོག་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སྤྱོད་པས། འཇིག་རྟེན་ཀུན་ལས་འཕགས་པའི་ལུས། །ལུས་དང་ལོངས་སྤྱོད་ཐོབ་པར་འདོད་པ་ནི་བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པ་

ཞེས་བྱའོ། །ཡིད་ལ་བྱེད་པ་གོང་དུ་བཤད་པ་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར། དགེ་བ་ཡིད་བྱེད་དེ་དག་ནི། །རྒྱུ་ནི་ཕ་རོལ་ཕྱིན་པ་བཅུ། །མདོར་ན་བྱང་ཆུབ་སེམས་དཔའ་ཡི། །ཁམས་ནི་རྒྱས་པར་འགྱུར་བའོ། །ཞེས་བྱ་བ་སྨོས་སོ། །རྒྱུ་མཐོང་ནས་དགའ་བ་ཡིད་ལ་བྱེད་པ་ནས་བརྩམས་ཏེ།

བདག་མཆོག་ཏུ་འཛིན་པ་ཡིད་ལ་བྱེད་པའི་བར་དུ་ཡིད་ལ་བྱེད་པ་འདི་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་པས། དགེ་བ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། །ཡིད་ལ་བྱེད་པ་དེ་དག་ཀྱང་། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དམིགས་ཤིང་བརྟེན་ནས་ཡིད་ལ་བྱེད་པས།

རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིན་ནོ། །དེ་ལྟར་ཡིད་ལ་བྱེད་པ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ས་བོན་དང་རིགས་རྒྱས་ཤིང་བརྟས་པར་འགྱུར་བས་ན་ཁམས་རྒྱས་པར་འགྱུར་བ་ཞེས་བྱའོ། །ཆོས་ཚོལ་བའི་བྱེ་བྲག་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ་ཆོས་ལ་རྣམ་པ་གཉིས་ཏེ། བཤད་པའི་

ཆོས་དང་། ཁོང་དུ་ཆུད་པར་བྱ་བའི་ཆོས་སོ། །དེ་ལ་བཤད་པར་བྱ་བའི་ཆོས་ནི་ཇི་ལྟར་བཙལ། ཁོང་དུ་ཆུད་པར་བྱ་བའི་ཆོས་ནི་ཇི་ལྟར་བཙལ་བརྟག་པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྒྱས་དང་ལྷག་པའི་བསམ་དད་ཆེ། །བརྟན་པ་རྣམས་ཀྱིས་བཙལ་བར་

འདོད། །བར་ཆད་བཅས་དང་བར་ཆད་ཡིན། །དེ་བཞིན་འབྱོར་པ་དེ་དག་གིས། །ལུས་མེད་ལུས་བཅས་ལུས་རྙེད་ལུས་རྫོགས་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏེ། །ང་རྒྱལ་མེད་དང་ང་རྒྱལ་ཕྲ། །ང་རྒྱལ་མེད་པ་རྣམས་སུ་དགོངས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་

เล่ม ๑๒๕ · หน้า 218a

དཔའ་ཆོས་བཙལ་བ་ནི་རྣམ་པ་བཅུ་གསུམ་མོ། །དེ་ལ་ཆོས་ཀྱི་སྒྲས་ནི་བཤད་པར་བྱ་བའི་གསུང་རབ་ཡན་ལག་བཅུ་གཉིས་དང་། ཁོང་དུ་ཆུད་པར་བྱ་བའི་ཆོས་ཆོས་ཀྱི་སྐུ་ལ་བྱའོ། །དེ་ལ་སོ་སོའི་སྐྱེ་བོའི་དུས་ན་དམ་པའི་ཆོས་ཉན་པ་དང་། སེམས་པ་ནས་བརྩམས་

ཏེ། མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ན་ཉན་པ་དང་སེམས་པ་ལ་སོགས་པ་ནི་རྒྱས་པ་ཞེས་བྱའོ། །མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་རྙེད་ནས་ས་དང་པོའི་དུས་ནས་བརྩམས་ཏེ། ས་བདུན་མན་ཆད་ཀྱི་ཚེ་ན་ནི་ལྷག་

པའི་བསམ་པ་དང་ལྡན་པ་ཞེས་བྱའོ། །གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་། བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་ཚེ་སེམས་རྙེད་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཆོས་རྟོགས་པ་ལ་ཆེ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་

པའི་ཡེ་ཤེས་ཐོབ་པའི་ཕྱིར་ཆེ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་བཙལ་བའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོའི་དུས་ནས་བརྩམས་ཏེ། འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་ཚེ་ཆོས་མཐོང་བ་ནི་བར་ཆད་དང་བཅས་པ་ཞེས་

བྱ་སྟེ། བསམ་པ་མི་བརྟན་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་བསླུར་ཟུག་པ་དང་། དགེ་བའི་བཤེས་གཉེན་གྱིས་གར་དྲངས་པ་དེར་འཇུག་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་བར་ཆད་དང་བཅས་པ་ཞེས་བྱའོ། །ས་དང་པོ་ནས་ས་བཅུ་མན་ཆད་ཀྱི་ཚེ་

ཆོས་རྟོགས་པ་ལ་ནི་བར་ཆད་མེད་པ་ཞེས་བྱ་སྟེ། དེ་ཕན་ཆད་བསམ་པ་བརྟན་པ་དང་མི་དགེ་བའི་བཤེས་གཉེན་གྱིས་བསླུར་མི་ཟུག་པ་དང་། དགེ་བའི་བཤེས་གཉེན་གྱིས་གར་དྲངས་པར་མི་འཇུག་པ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རིམ་གྱིས་སྤངས་པ་དང་། བསྒོམ་པས་སྤང་

བར་བྱ་བ་ཤས་ཀྱིས་སྤངས་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ། ཆོས་རྟོགས་པ་ནི་འབྱོར་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་དང་། མངོན་པར་ཤེས་པ་ལ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ་བ་ལྷུན་གྱིས་གྲུབ་པ་ཐོབ་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་དུས་ན་ཉན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด