མདོ་སྡེ་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๕ · หน้า 218b
པ་དང་། སེམས་པ་ལ་སོགས་པའི་དུས་ན་ནི་ལུས་མེད་པ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་ལུས་དང་བཅས་པ་ཞེས་བྱ་སྟེ། གཟུང་འཛིན་སྤངས་པའི་ཆོས་ཀྱི་སྐུ་ཤས་ཀྱིས་རྙེད་པའི་ཕྱིར་རོ། །ས་དང་པོ་
ནས་ས་བདུན་མན་ཆད་ཀྱི་ཚེ་ན་ནི་ལུས་རྙེད་པ་ཞེས་བྱ་སྟེ། འཇིག་ཚོགས་སུ་ལྟ་བ་སྤངས་པ་དང་། གཟུང་བ་དང་འཛིན་པ་གཉིས་སྤངས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བཙལ་འབད་པ་དང་བཅས་པ་དང་ལྡན་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ་ན་ནི་ལུས་རྫོགས་པ་ཞེས་བྱ་སྟེ།
རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་དུས་ནས་མོས་པ་སྤྱོད་པའི་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་ཚེ་ན་ནི་ང་རྒྱལ་མང་བ་ཞེས་བྱ་སྟེ། ང་དང་བདག་ཏུ་ཡིད་ལ་ཡོད་ཅིང་གཟུང་བ་དང་འཛིན་པའི་དྲི་མ་མ་སྤངས་པའི་ཕྱིར་རོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་
ནང་ན་ནི་ང་རྒྱལ་ཕྲ་བ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་མ་ཐོབ་ཅིང་བཙལ་འབད་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུ་མན་ཆད་ཀྱི་ཚེ་ན་ནི་ང་རྒྱལ་མེད་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་
གནས་པའི་ཕྱིར་རོ། །ཆོས་ཀྱི་རྒྱུའི་ངོ་བོ་བརྟག་པའི་ཚིགས་སུ་བཅད་པའི་ཞེས་བྱ་བ་ལ། ཆོས་ནི་གཟུགས་ཅན་དང་གཟུགས་མེད་པ་དང་། དབང་ཕྱུག་དང་མི་ཟད་པ་ལ་བྱ་སྟེ། ཆོས་དེ་དག་གི་རྒྱུ་འདི་དང་འདི་འདྲ་ཡིན་ནོ་ཞེས་ཤེས་པར་བྱ་ཞིང་བརྟག་པ་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟན་
ཏོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་གཟུགས་མིན་མཚན་ཉིད་རྒྱུ། །ཆོས་ཏེ་དེ་བཞིན་ནད་མེད་པ། །ཞེས་བྱ་བའི། གཟུགས་ཀྱི་ཕུང་པོ་ལས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་འགྲུབ་པར་བྱེད་པའི་རྒྱུ་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་གསུང་རབ་ཡན་
ལག་བཅུ་གཉིས་ཉན་པ་དང་བསྒོམ་པ་ལ་སོགས་པའི་སྒོ་ནས་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་འགྲུབ་པར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པ་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་
เล่ม ๑๒๕ · หน้า 219a
པའི་ཉོན་མོངས་པ་ལ་ནད་མེད་པར་བྱེད་པའི་རྒྱུ་ཡང་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཉན་པ་དང་། བསམ་པ་དང་བསྒོམ་པ་ལ་སོགས་པས་འདོད་ཆགས་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་ཞི་བར་བྱེད་
པའི་ཕྱིར་རོ། །དབང་ཕྱུག་ནི་མངོན་ཤེས་རྣམས་ཞེས་བྱ་བ་ལ། དབང་ཕྱུག་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་ནི་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་མངོན་པར་ཤེས་པ་ལྔ་རྣམས་ཏེ། ཅིའི་ཕྱིར་ཞེ་ན། མངོན་པར་ཤེས་པ་དེ་དང་ལྡན་པ་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །མི་ཟད་
པ་དེ་བརྟན་རྣམས་ཀྱི། །ཞེས་བྱ་བ་ལ། བརྟན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། དེ་དག་གི་གཟུགས་ལ་མཚན་སུམ་ཅུ་རྩ་གཉིས་དང་གཟུགས་མེད་པ་ལ་ནད་མེད་པ་དང་། མངོན་པར་ཤེས་པ་ལ་སོགས་པ་སྡུག་པ་དང་མི་ཟད་པའི་རྒྱུ་ནི་མྱ་ངན་ལས་འདས་པ་སྟེ། སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དུས་ན་ཡང་ཆོས་དེ་རྣམས་ལ་ཟད་པར་འགྱུར་བ་མེད་པའི་ཕྱིར་རོ། །གཟུགས་མེད་པ་ལ་ནད་མེད་པའི་རྒྱུ་སྟེ། ཉོན་མོངས་པའི་ནད་ཞི་བའི་ཕྱིར་རོ་ཞེས་བྱ་བ་ལ། ཚོར་བ་ལ་སོགས་པ་གཟུགས་མེད་པའི་ཆོས་ལ་
འདོད་ཆགས་ལ་སོགས་པ་ནད་མེད་པའི་རྒྱུ་ཡང་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་མཉན་པ་ལ་སོགས་པ་བྱས་པས། སེམས་ལ་ཡོད་པའི་ཉོན་མོངས་པའི་ནད་ཞི་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པའི་རྒྱུ་ནི་ལྷག་མ་མ་ལུས་པའི་
མྱ་ངན་ལས་འདས་པར་ཡོངས་སུ་མི་འཆད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཟུགས་ལ་མཚན་དང་། གཟུགས་མེད་པ་ལ་ནད་མེད་པ་དང་། དབང་ཕྱུག་རྣམས་དང་མི་ཟད་པར་བྱེད་པའི་རྒྱུ་ནི་མྱ་ངན་ལས་འདས་པ་སྟེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷག་མ་མ་ལུས་
པའི་མྱ་ངན་ལས་འདས་པའི་དུས་ན་ཡང་ཆོས་དེ་དག་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །དེ་བས་ན་ཚངས་པས་དྲིས་པའི་མདོ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཆོས་ཚོལ་བར་འགྱུར་རོ་ཞེས་བྱ་བ་ལ། གཟུགས་ལ་མཚན་སུམ་ཅུ་རྩ་གཉིས་དང་། གཟུགས་མེད་པའི་
เล่ม ๑๒๕ · หน้า 219b
ཆོས་ལ་ནད་མེད་པའི་རྒྱུ་ནི་ཆོས་ཡིན་པ་དང་། དབང་ཕྱུག་གི་རྒྱུ་མངོན་པར་ཤེས་པ་ཡིན་པ་དང་། མི་ཟད་པའི་རྒྱུ་མྱ་ངན་ལས་འདས་པ་ཡིན་པས་ན་ཚངས་པས་དྲིས་པའི་མདོ་ལས་ཀྱང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཆོས་བཞི་ཚོལ་བར་འགྱུར་རོ་ཞེས་བཤད་དོ། །ཆོས་བཞིན་ནི་
དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་ལ་སོགས་པ་འོག་ནས་འབྱུང་བས་སོ། །དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་དང་ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེ་དུས་ཐམས་ཅད་དུ་མེད་ཅིང་དཀོན་པ་ལྟར་དམ་པའི་ཆོས་འདིའང་བར་འགའ་ཐོས་ཀྱི། དུས་ཐམས་ཅད་དུ་མི་ཐོས་པས་དཀོན་པ་
དང་། དེའི་འབྲས་བུ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་ཡང་བར་འགའ་ཐོབ་ཀྱི་དུས་ཐམས་ཅད་དུ་མི་འཐོབ་པས་ན་དཀོན་པ་སྟེ། དེ་ལྟ་བུའི་འདུ་ཤེས་ཀྱིས་ཆོས་ཉན་པ་དང་། དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་ཞེས་བྱའོ། །ཉོན་མོངས་པའི་ནད་ཞི་བའི་ཕྱིར་སྨན་དུ་འདུ་ཤེས་པ་
དང་ཞེས་བྱ་བ་ལ། དཔེར་ན་སྨན་གྱིས་ནད་ཞི་བར་བྱེད་པ་དང་། དམ་པའི་ཆོས་ཀྱིས་ཀྱང་འདོད་ཆགས་ལ་སོགས་པའི་ནད་ཞི་བར་བྱེད་པས་ན་ཉོན་མོངས་པའི་ནད་ཞི་བར་བྱེད་པའོ་སྙམ་དུ་སེམས་པ་ནི་ཉོན་མོངས་པའི་ནད་ཞི་བའི་ཕྱིར་སྨན་དུ་འདུ་ཤེས་པ་ཞེས་བྱའོ། །མི་འཇིགས་པའི་ཕྱིར་ནོར་
དུ་འདུ་ཤེས་པ་དང་ཞེས་བྱ་བ་ལ། འཇིག་རྟེན་ན་ནོར་ཟད་པས་འཇིགས་པ་དང་མི་བདེ་བར་འགྱུར་རོ། །དམ་པའི་ཆོས་ཀྱིས་ཀྱང་མངོན་པར་ཤེས་པ་ལ་སོགས་པའི་ནོར་དང་ལོངས་སྤྱོད་མི་ཟད་པའི་རྒྱུ་བྱེད་པས་ན། མི་འཇིགས་པའི་རྒྱུ་བྱེད་པའི་ཕྱིར་དམ་པའི་ཆོས་ལ་ནོར་དུ་འདུ་ཤེས་པ་ཞེས་བྱའོ། །
སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ་ཞེས་བྱ་བ་ལ། དཔེར་ན་མྱ་ངན་ལས་འདས་པ་དང་ཉོན་མོངས་པ་ཀུན་སྤངས་པས་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་བཞིན་དུ་དམ་པའི་ཆོས་མཉན་པ་དང་བསམས་པ་ལ་སོགས་
པ་བྱས་ན་ཡང་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བས་ན། དམ་པའི་ཆོས་ལ་མྱ་ངན་ལས་འདས་པའི་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་གོང་དུ་ཨཱ་ཙརྱ་སའི་རྩ་ལག་གིས། གཟུགས་ལ་མཚན་གྲུབ་པའི་ཆོས་རྒྱུ་ཡིན་པ་ལ་སོགས་པའི་རྣམ་པ་བཞི་བཤད་
เล่ม ๑๒๕ · หน้า 220a
པ་དང་། ཚངས་པས་དྲིས་པའི་མདོ་ལས་དཀོན་པའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་ལ་སོགས་པའི་རྣམ་པ་བཞིར་བཤད་པ་དང་། དོན་སེལ་ཏེ་དོན་གཅིག་ཏུ་བསྟན་པའི་ཕྱིར། མཛེས་པར་བྱེད་པའི་ཕྱིར་མཚན་ཉིད་ནི་རིན་པོ་ཆེ་དང་འདྲ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་
ན་རིན་པོ་ཆེས་ལུས་མཛེས་པར་བྱེད་པ་དང་འདྲ་བར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀྱང་མཛེས་པར་བྱེད་པས་ན་མཚན་ཉིད་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེའི་རྒྱུའི་ཕྱིར་ཆོས་ལ་རིན་པོ་ཆེར་འདུ་ཤེས་པའོ་ཞེས་བྱ་བ་ལ། དེ་ལྟར་མཚན་སུམ་ཅུ་རྩ་
གཉིས་དང་། དཔེ་བྱད་བརྒྱད་ཅུ་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་ན་ཆོས་ལ་རིན་པོ་ཆེར་འདུ་ཤེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ནད་མེད་པའི་རྒྱུའི་ཕྱིར་སྨན་དུ་འདུ་ཤེས་པའོ་ཞེས་བྱ་བ་ལ། དཔེར་ན་སྨན་གྱིས་གཟུགས་ཅན་གྱི་ལུས་ལ་ནད་མེད་པའི་རྒྱུ་བྱེད་པ་ལྟར། ཆོས་ཀྱིས་ཀྱང་ཚོར་བ་ལ་སོགས་
པ་གཟུགས་མེད་པའི་ཆོས་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་སེལ་བའི་རྒྱུ་བྱེད་པས་ན་ཆོས་ལ་སྨན་དུ་འདུ་ཤེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །མངོན་པར་ཤེས་པ་ཕྱུག་པའི་ཕྱིར་ནོར་དུ་འདུ་ཤེས་པའོ་ཞེས་བྱ་བ་ལ། དཔེར་ན་ནོར་གྱིས་ཕྱུག་པ་དང་། སྐྱེད་པར་བྱེད་པ་བཞིན་དམ་
པའི་ཆོས་ཀྱིས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ནོར་གྱིས་ཕྱུག་པའི་རྒྱུ་བྱེད་པས་ན་དམ་པའི་ཆོས་ལ་ནོར་དུ་འདུ་ཤེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པའི་རྒྱུའི་ཕྱིར་མྱ་ངན་ལས་འདས་པར་འདུ་ཤེས་པ་ནི་ཟད་པའི་འཇིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་
བ་ལ། དམ་པའི་ཆོས་འདིས་མངོན་པར་ཤེས་པ་དྲུག་རྣམས་མི་ཟད་པའི་རྒྱུ་བྱེད་པའི་ཕྱིར་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་ལས་འདས་པ་ལ་ཟད་པ་དང་མེད་པའི་འཇིགས་
པར་འགྱུར་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་དང་། མེད་པར་འགྱུར་བའི་འཇིགས་པ་མེད་པའི་རྒྱུ་ཡང་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བྱེད་པས་ན་དམ་པའི་ཆོས་ལ་མྱ་ངན་ལས་འདས་པའི་འདུ་ཤེས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །
เล่ม ๑๒๕ · หน้า 220b
རྣམ་པར་རྟོག་པ་བཙལ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དེ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་བྱ་བ་ལ་བར་དུ་གཅོད་པ་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པ་འདི་དང་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་དོན་རྟོགས་པར་བྱ་བ་ལ་བར་དུ་གཅོད་པ་ཡིན་ནོ་ཞེས་བརྟག་པར་བྱ་བ་དང་། ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །མེད་ཡོད་སྒྲོ་འདོགས་སྐུར་འདེབས་རྣམ་རྟོག་པ། །གཅིག་དང་ཐ་དད་བདག་དང་ཁྱད་པར་རྟོག །ཇི་ལྟར་མིང་དང་དོན་ལ་མངོན་ཆགས་རྟོག །རྒྱལ་
བའི་སྲས་ཀྱིས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་བྱ་བ་ལ་བར་དུ་གཅོད་པའི་རྣམ་པར་རྟོག་པ་ནི་བཅུ་སྟེ། བཅུ་གང་ཞེ་ན། མེད་པར་རྣམ་པར་རྟོག་པ་དང་། ཡོད་པར་རྣམ་པར་རྟོག་པ་དང་། སྒྲོ་འདོགས་པར་རྣམ་པར་རྟོག་པ་དང་། སྐུར་པ་
འདེབས་པར་རྣམ་པར་རྟོག་པ་དང་། གཅིག་པར་རྣམ་པར་རྟོག་པ་དང་། ཐ་དད་པར་རྣམ་པར་རྟོག་པ་དང་། བདག་ཏུ་རྣམ་པར་རྟོག་པ་དང་། ཁྱད་པར་དུ་རྣམ་པར་རྟོག་པ་དང་། ཇི་ལྟར་མིང་བཞིན་དུ་དོན་ལ་མངོན་པར་རྟོགས་ནས་རྣམ་པར་རྟོག་པ་དང་། ཇི་ལྟར་དོན་བཞིན་དུ་མིང་ལ་མངོན་པར་
ཆགས་ནས་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་དེ་དག་བྱང་ཆུབ་སེམས་དཔས་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མེད་པ་ལ་རྣམ་པར་རྟོག་པའི་གཉེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཉིད་ཀྱི་ཡོད་པའོ་ཞེས་གསུངས་པའོ་ཞེས་བྱ་བ་ལ།
ཀུན་བརྟགས་ཀྱི་གང་ཟག་དང་བྲལ་བའི་སྟོང་པ་ཉིད་དང་ཡོངས་སུ་གྲུབ་པ་ནི་ཡོད་པ་ཡིན་ལ་དེའང་ཐམས་ཅད་དུ་མེད་དོ་ཞེས་བྱ་བ་ལ་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་བྱང་ཆུབ་སེམས་དཔའ་བོས་ནས། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡོད་པའོ་ཞེས་བཀའ་
སྩལ་ཏོ། །ཀུན་བརྟགས་ཀྱི་གང་ཟག་དང་བྲལ་བའི་སྟོང་པ་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ལ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ནི་མི་དམིགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་ལ། ཀུན་
เล่ม ๑๒๕ · หน้า 221a
བརྟགས་ཀྱི་གང་ཟག་དངོས་པོ་དང་། རང་བཞིན་ཡོད་དོ་ཞེས་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་ཀྱང་བྱང་ཆུབ་སེམས་དཔའ་ནི་མི་དམིགས་པའོ་ཞེས་བཀའ་སྩལ་ཏེ། ཀུན་བརྟགས་ཀྱི་གང་ཟག་གི་མཚན་ཉིད་དུ་ནི་བྱང་ཆུབ་སེམས་དཔའ་ཡོད་
པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་དུ་ཚིག་གཉིས་ཀྱིས་གང་ཟག་ཡོད་པར་རྣམ་པར་རྟོག་པའི་གཉེན་པོར་གང་ཟག་ལ་བདག་མེད་པར་བསྟན་ཏོ། །སྒྲོ་འདོགས་པར་རྣམ་པར་རྟོག་པའི་གཉེན་པོར་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་པའོ་ཞེས་གསུངས་སོ་ཞེས་བྱ་བ་ལ། ཀུན་
བརྟགས་ཀྱི་གཟུགས་དང་སྒྲ་ལ་སོགས་པ་ཡོད་པར་རྟོག་པ་ནི་སྒྲོ་འདོགས་པའི་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ནི་རང་བཞིན་གྱིས་སྟོང་པའོ་ཞེས་བཀའ་སྩལ་ཏོ། །ཀུན་བརྟགས་ཀྱི་གཟུགས་དང་སྒྲ་ལ་སོགས་པ་ཡོད་པ་མ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །སྐུར་པ་འདེབས་པ་རྣམ་པར་རྟོག་པ་དེའི་གཉེན་པོར་སྟོང་པ་ཡང་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་ཆོས་དང་བྲལ་བའི་ཡོངས་སུ་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། །དེའང་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ་ཞེས་རྟོག་པ་ནི་སྐུར་པ་འདེབས་
པར་རྣམ་པར་རྟོག་པའོ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པར་མེད་པ་ཡང་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དོན་དུ་ན་གཟུང་འཛིན་དང་བྲལ་བའི་སྟོང་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
གཅིག་ལ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བ་ལ། ཆོས་ཅན་གཟུགས་དང་ཆོས་ཉིད་སྟོང་པ་ཉིད་དང་། ཀུན་བརྟགས་ཀྱི་ཆོས་དང་། ཡོངས་སུ་གྲུབ་པ་གཉིས་སུ་རང་བཞིན་གཅིག་གོ་ཞེས་རྣམ་པར་རྟོག་པའི་གཉེན་པོར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། གཟུགས་གང་ཡིན་པ་དེ་སྟོང་པ་ཉིད་མ་ཡིན་ནོ་ཞེས་བཀའ་སྩལ་ཏེ། །དོན་དུ་ཀུན་བརྟགས་ཀྱི་གཟུགས་དང་། ཡོངས་སུ་གྲུབ་པའི་རང་བཞིན་གཅིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཟུགས་
เล่ม ๑๒๕ · หน้า 221b
ནི་འཁྲུལ་པའི་རང་བཞིན་ལ་ཡོངས་སུ་གྲུབ་པ་ནི་མ་འཁྲུལ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཐ་དད་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ། སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་སོ་ཞེས་བྱ་བ་ལ། གཟུགས་ཀྱང་ལོགས་ཤིག་ན་ཡོད་སྟོང་པ་ཉིད་ལོགས་ཤིག་ན་ཡོད་
ཅེས་གཟུགས་དང་སྟོང་པ་ཉིད་ཐ་དད་པ་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཏེ། གང་གཟུགས་དེ་སྟོང་པ་སྟོང་པ་དེ་གཟུགས་ཏེ་ཞེས་བཀའ་སྩལ་ཏེ། གཟུགས་ལས་མ་གཏོགས་
པར་གཟུགས་ཀྱི་སྟོང་པ་ལོགས་ཤིག་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །བདག་གི་མཚན་ཉིད་ལ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་མིང་ཙམ་མོ་ཞེས་གསུངས་སོ་ཞེས་བྱ་བ་ལ། གཟུགས་ཀྱི་མཚན་ཉིད་ནི་ཐོགས་པ་དང་བཅས་པ་དང་། ཚོར་བའི་མཚན་ཉིད་མྱོང་བ་ཅན་དང་། སའི་མཚན་ཉིད་སྲ་བ་ལ་སོགས་
པ་དེ་བཞིན་དུ་ཡོད་དོ་ཞེས་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ནི་མིང་ཙམ་མོ་ཞེས་བཀའ་སྩལ་ཏེ། གཟུགས་ལ་སོགས་པ་སྲ་བ་དང་། གཤེར་བའི་མཚན་ཉིད་ཐམས་ཅད་ཀྱང་མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་དུ་ཟད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ཁྱད་པར་དུ་རྣམ་པར་རྟོག་པ་དེའི་གཉེན་པོར་གཟུགས་ནི་སྐྱེ་བ་ཡང་མ་ཡིན་འགག་པ་ཡང་མ་ཡིན། ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བ་ལ། གཟུགས་ལ་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ་འགག་པ་ཡོད་དོ་ཞེས་རྟོག་པ་དང་། གཟུགས་ཉོན་
མོངས་པར་རྟོག་པ་དང་། གཟུགས་རྣམ་པར་བྱང་བར་རྟོག་པ་ནི་ཁྱད་པར་དུ་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་གཟུགས་ནི་སྐྱེ་བ་ཡང་མ་ཡིན་འགག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དོན་དམ་པར་ནི་གཟུགས་ལ་སྐྱེ་བ་དང་། འགག་པ་
དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མིང་ཇི་ལྟ་བ་བཞིན་དུ་དོན་ཡིན་ནོ་མངོན་པར་ཆགས་པས་རྣམ་པར་རྟོག་པ་དེའི་གཉེན་པོར་མིང་ནི་བརྫུན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་ལ། བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་ནི་རང་བཞིན་ཡོད་པ་
เล่ม ๑๒๕ · หน้า 222a
ཡིན་ལ། མིང་རང་བཞིན་ཡོད་པ་བཞིན་དུ་དེས་མཚོན་པར་བྱ་བའི་བུམ་པ་དང་། སྣམ་བུ་ལ་སོགས་པའི་དངོས་པོ་ཡང་དེ་བཞིན་དུ་ཡོད་དོ་ཞེས་རྟོག་པ་ནི་མིང་ཇི་ལྟ་བ་བཞིན་དུ་དོན་ལ་མངོན་པར་ཆགས་ནས་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་
མིང་ནི་བརྫུན་པའོ་ཞེས་བཀའ་སྩལ་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་དུ་བཏགས་པ་རྣམས་བརྫུན་པ་སྒྱུ་མ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཇི་ལྟར་མིང་ལ་ཆགས་པའི་གཉེན་པོར་མིང་དེ་དག་ཐམས་ཅད་པ་བྱང་ཆུབ་སེམས་དཔའ་མི་དམིགས་ཏེ། མི་དམིགས་པས་ན་མངོན་པར་
མི་ཆགས་སོ་ཞེས་བྱ་བ་ལ་བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་གྱི་རང་བཞིན་ཡོད་པ་བཞིན་དུ་དེའི་མིང་ལ་ཡང་རང་བཞིན་ཡོད་དོ་ཞེས་མངོན་པར་ཆགས་ཤིང་ཡོད་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་མིང་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མི་དམིགས་སོ་མི་
དམིགས་པས་ན་མངོན་པར་མི་ཆགས་སོ་ཞེས་བཀའ་སྩལ་ཏོ། །དོན་དུ་ན་ཆོས་རྣམས་ཀྱི་རང་བཞིན་ལ་ཡོད་པར་བྱང་ཆུབ་སེམས་དཔས་མཐོང་སྟེ། དེ་ལྟར་མིང་ལ་རང་བཞིན་ཡོད་པར་མ་མཐོང་བས་ན་དོན་ལ་ཡང་རང་བཞིན་ཡོད་པར་མི་ཆགས་མི་འདོད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཆོས་བཙལ་བའི་
མཇུག་སྡུད་པ་དང་། ཆོས་ཚོལ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་བསྟན་པའི་ཕྱིར། མཇུག་སྡུད་པའི་ཚིགས་སུ་བཅད་པ་བསྟན་ཏོ། །ཚིགས་སུ་བཅད་པ་དེའི་བསྡུས་པའི་དོན་ཡང་ཐབས་ཆེ་བའི་བདག་ཉིད་དང་། གཞན་གྱི་དོན་ཆེ་བ་དང་། བདག་གི་དོན་ཆེ་བའོ། །དགེ་བའི་བློ་
གྲོས་བརྩོན་འགྲུས་མཆོག་ཐོབ་བློ། །ཞེས་བྱ་བ་ལ། ཆོས་ཚོལ་བའི་ཡོན་ཏན་དང་ལྡན་པས་ན་ཆོས་ཚོལ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བློ་གྲོས་ཞེས་བྱའོ། །ཆོས་ཚོལ་བའི་ཚེ་འབད་པ་དང་རྩོལ་བ་དང་ཞུམ་པ་དང་། འཁྲུག་པ་མེད་པའི་བརྩོན་འགྲུས་ལ་གནས་པས་ན་བརྩོན་འགྲུས་མཆོག་
ཐོབ་པ་ཞེས་བྱ་སྟེ། ནན་དང་མཐུས་བྱས་པའི་བརྩོན་འགྲུས་ཅན་ནི་མ་ཡིན་གྱི་ཐབས་དང་ལྡན་པའི་བརྩོན་འགྲུས་ཐོབ་ཅེས་བྱ་བའི་དོན་ཏོ། །བདེན་པ་གཉིས་ལྡན་ཆོས་ཉིད་དམིགས་པས་ན། །ཞེས་བྱ་བ་ལ། དེ་ལྟར་བརྩོན་འགྲུས་མཆོག་ཐོབ་པས་ན་བདེན་པ་གཉིས་དང་ལྡན་པ་ཞེས་བྱ་སྟེ། དོན་དམ་པའི་བདེན་
เล่ม ๑๒๕ · หน้า 222b
པ་དང་ལྡན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་ལྡན་པའོ། །དེ་ལྟར་བདེན་པ་གཉིས་དང་ལྡན་པས་ན་ཆོས་ཉིད་དམིགས་པ་ཞེས་བྱ་སྟེ། དོན་དམ་པའི་བདེན་པར་མཐོང་བ་དང་། ཀུན་རྫོབ་ཀྱི་བདེན་པར་མཐོང་བའོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་མཆོག་ཐོབ་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་
པ་ལ་དམིགས་པ་ཐབས་ཆེ་བའི་བདག་ཉིད་བསྟན་ཏོ། །དེའི་ཕྱིར་འགྲོ་བ་དག་གི་སྐྱབས་འགྱུར་ཏེ། །ཞེས་བྱ་བ་ལ། བརྩོན་འགྲུས་མཆོག་ཐོབ་པ་དང་། བདེན་པ་གཉིས་ལ་དམིགས་པ་ཤེས་རབ་དང་ལྡན་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་སྐྱབས་
སུ་འགྱུར་ཏེ་འདིས་ནི་གཞན་གྱི་དོན་ཆེ་བ་བསྟན་ཏོ། །ཡོན་ཏན་དག་ནི་རྒྱ་མཚོ་འདྲ་བར་རྫོགས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེའི་འགྲོ་བའི་སྐྱབས་སུ་འགྱུར་བར་ཡང་མ་ཟད་ཀྱི། དཔེར་ན་རྒྱ་མཚོ་ཆུས་རྫོགས་ཤིང་བྱ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྒྱུད་ལ་ཡང་སྟོབས་
དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཆུས་རྒྱས་ཤིང་རྫོགས་པར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བདག་གི་དོན་ཆེན་པོ་བསྟན་ཏོ། །མདོ་སྡེའི་རྒྱན་བམ་པོ་གསུམ་པའི་བཤད་པ་རྫོགས་སོ།། །།ཆོས་བཙལ་བའི་རྗེས་ལ་ཆོས་བསྟན་པའི་སྐབས་བཤད་པར་ཇི་ལྟར་འབྲེལ་ཅེ་ན། སྔར་
གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པ་དང་། གང་གིས་བསླབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ་ཞེས་བཤད་པ་ལས་ཇི་ལྟར་བསླབ་པ་ཡང་ཆོས་ལ་མོས་པ་མང་བ་དང་། ཆོས་བཙལ་བ་དང་། ཆོས་བསྟན་པའི་རྣམ་པས་བསླབ་པར་བྱའོ་ཞེས་གླེང་བ་ན་སྦྱོར་བའི་ས་ནས་བསླབ་པའི་རྣམ་པའི་ཁྱད་པར་
ལ་བསླབ་པ་ཡིན་ནོ། །བསླབ་པའི་རྣམ་པའི་ཁྱད་པར་ཡང་བསམ་པའི་ཁྱད་པར་དང་། སྦྱོར་བའི་ཁྱད་པར་དང་། བདག་ལ་ཕན་པའི་ཁྱད་པར་དང་། གཞན་ལ་ཕན་པའི་ཁྱད་པར་ལ་སོགས་པ་སྟེ། དེ་ལ་བསམ་པའི་ཁྱད་པར་མོས་པ་མང་བའི་སྐབས་སུ་བཤད་ཟིན་ཏོ། །སྦྱོར་བའི་ཁྱད་པར་དང་།
བདག་ལ་ཕན་པའི་ཁྱད་པར་ཡང་ཆོས་བཙལ་བའི་སྐབས་སུ་བཤད་ཟིན་ཏེ། ད་ནི་གཞན་ལ་ཕན་པའི་ཁྱད་པར་བཤད་པར་སྐབས་སུ་བབ་སྟེ། གཞན་ལ་ཕན་པར་བྱ་བ་ཡང་བདག་གིས་ཇི་ལྟར་ཆོས་བཙལ་བ་གཞན་ལ་ཕྱིན་ཅི་མ་ལོག་པར་བཤད་པས་གཞན་ལ་ཕན་པར་གྱུར་ཏེ། དེ་བས་ན་
เล่ม ๑๒๕ · หน้า 223a
ཆོས་བཙལ་བའི་སྐབས་ཀྱི་རྗེས་ལ། ཆོས་བསྟན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བྱང་ཆུབ་སེམས་དཔའ་ཆོས་བཙལ་བ་བདག་གི་སེམས་ཀྱི་རྒྱུད་ལ་གསལ་བར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་ཅན་གཞན་གྱི་སེམས་ཀྱི་རྒྱུད་ལ་གསལ་བར་བྱ་བའི་ཕྱིར་ཡང་ཚོལ་
ཏེ། ཆོས་གསལ་བ་ནི་བདག་གི་སེམས་ཀྱི་རྒྱུད་གསལ་བར་བྱས་སོ། །ཆོས་བཤད་པས་ནི་གཞན་གྱི་སེམས་ཀྱི་རྒྱུད་གསལ་བར་བྱེད་དེ། དེ་བས་ན་ཆོས་བཙལ་བའི་རྗེས་ལ་ཆོས་བསྟན་པའི་སྐབས་བཤད་པར་འབྲེལ་ཏོ། །ཆོས་བསྟན་པ་ལ་སེར་སྣ་སྤངས་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་
དཔའ་ཆོས་སྟོན་པ་ན་སེར་སྣ་འབྱུང་བའི་སྐབས་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ལུས་དང་ལོངས་སྤྱོད་དཀའ་བས་རྙེད། །ཅེས་བྱ་བ་ལ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་ལུས་སོ། །འབྲུ་དང་གཏེར་ལ་སོགས་པ་ནི་ལོངས་སྤྱོད་དོ། །ལུས་ཀྱང་སྡུག་བསྔལ་
བས་རྙེད་པས་ན་དཀའ་བས་རྙེད་པ་ཞེས་བྱའོ། །ཇི་ལྟར་ན་ལུས་སྡུག་བསྔལ་བས་རྙེད་ཅེ་ན། འདི་ལྟར་དགེ་བའི་རྩ་བ་སྒྲུབ་པར་དཀའ་བ་བརྒྱ་སྟོང་དུ་མས་བྱས་པས་ལུས་རྙེད་དེ། དེ་བས་ན་མདོ་ལས་ཀྱང་རྒྱ་མཚོའི་ནང་ན་གནས་པའི་རུས་སྦལ་ཞར་བ་ལོ་བརྒྱ་ཞིང་ལན་ཅིག་ཁར་བྱུང་བས་གཉའ་ཤིང་མིག་གཅིག་པ་ཕྱོགས་
བཞིའི་རླུང་གིས་ཕྱོགས་བཅུར་བདས་པའི་མིག་ཏུ་མགོ་ཆུད་པར་སླའི་མིའི་ལུས་ཐོབ་པ་ནི་ཤིན་ཏུ་དཀའོ་ཞེས་གསུངས་པ་ལྟ་བུའོ། །ལོངས་སྤྱོད་ཇི་ལྟར་རྙེད་པར་དཀའ་ཞེ་ན། རིན་པོ་ཆེ་ལ་སོགས་པའི་ནོར་གྱི་ཕྱིར་རྒྱ་མཚོ་ལ་སོགས་པར་འཇུག་པ་ན། གྲང་བའི་དུས་ན་ནི་གྲང་བས་ཉེན། ཚ་བའི་དུས་ན་ནི་ཚ་བས་ཉེན།
བར་འགའ་ནི་བཀྲེས་པས་ཉེན། བར་འགའ་ནི་སྐོམ་པས་ཉེན་པ་ལ་སོགས་པ་ལུས་དང་སྲོག་ལ་གནོད་པའི་སྡུག་བསྔལ་གྱིས་བཙལ་དགོས་པས་ནི་རྙེད་པར་དཀའ་བ་ཞེས་བྱའོ། །དེ་ལྟར་རྙེད་པར་དཀའ་བ་དེའང་བཏང་མ་ཐག་ཏུ་འཇིག་ཅིང་མེད་པར་འགྱུར་བས་ན་སྙིང་པོ་མེད་པ་ཞེས་བྱ་སྟེ། ལོངས་སྤྱོད་བཏང་
སྟེ་ཟད་ན་ནི་ཕོངས་པ་དང་བྲེལ་བ་ལ་སོགས་པ་དབུལ་བའི་སྡུག་བསྔལ་མྱོང་བར་འགྱུར་ལ། ལུས་བཏང་ན་ནི་འཆི་བར་འགྱུར་བས་ན་སྙིང་པོ་མེད་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་པ་རྣམས་ནི་ལུས་དང་ལོངས་སྤྱོད་གཏོང་བར་དཀའ་བས་ན་སེམས་ཅན་གཞན་ལ་སྦྱིན་པར་བྱ་བར་མི་རིགས་པ་རྙེད་པར་དཀའ་
เล่ม ๑๒๕ · หน้า 223b
བ་དེའང་བཏང་ན་ཟད་པར་མི་འགྱུར་བ་ནི་བཏང་བའི་ཡང་རིགས་ན། བཏང་ན་ཡང་ཟད་པར་ཡང་འགྱུར་བས་བཏང་བར་མི་རིགས་སོ་སྙམ་དུ་སེམས་སོ། །དེ་ལས་བཟློག་སྟེ་བྱང་ཆུབ་སེམས་དཔའ་རྣམས་ནི་བརྟན་པས་དགའ་བ་ཡིད་ཀྱིས་སུ། རྟག་ཏུ་སྡུག་བསྔལ་སེམས་ཅན་རྣམས་ལ་སྦྱིན་པ་རྣམ་མང་རྒྱ་ཆེ་སྦྱིན་
བྱས་ནས། །ཞེས་བྱ་བ་སྨོས་ཏེ། བརྟན་པ་ནི་བྱང་ཆུབ་སེམས་དཔའོ། །དགའ་བའི་ཡིད་ནི་ལུས་དང་ལོངས་སྤྱོད་གཏོང་བ་ནི་མོས་པ་དང་རང་དང་བཅས་པའི་སེམས་ཀྱིས་གཏོང་བའོ། །རྟག་ཏུ་ལན་ཅིག་གཏོང་བར་མ་ཟད་ཀྱི་འཁོར་བའི་མཐའི་བར་དུ་དུས་ཐམས་ཅད་དུ་གཏོང་བའོ། །སྡུག་བསྔལ་བའི་
སེམས་ཅན་ནི་བྲེལ་བ་དང་། ཕོངས་པའི་སེམས་ཅན་རྣམས་སོ། །སྦྱིན་པ་རྣམ་པ་མང་པོ་ནི་ནོར་དང་འབྲུ་ལ་སོགས་པ་ཕྱིའི་དངོས་པོ་གཏོང་བའོ། །རྒྱ་ཆེན་པོ་སྦྱིན་པ་ནི་མགོ་དང་རྐང་ལག་ལ་སོགས་པ་ནང་གི་དངོས་པོ་གཏོང་བའོ། །རྣམ་པ་ཀུན་གྱིས་འགྲོ་ལ་ཕན་བྱེད་ཅེས་བྱ་བ་ལ། དོན་དམ་པ་དང་ཀུན་རྫོབ་
ཀྱི་ཆོས་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་ཉན་པའི་ཚེ་ན་ཡང་སེམས་ཅན་ལ་ཕན་པར་བྱེད། སེམས་པ་ན་ཡང་ཕན་པར་བྱེད། བསྒོམ་པ་ན་ཡང་ཕན་པར་བྱེད་པས་ན་རྣམ་པ་ཀུན་གྱིས་འགྲོ་ལ་ཕན་བྱེད་ཅེས་བྱའོ། །རྒྱ་ཆེན་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཐེག་པ་ཆེན་པོའི་
ཆོས་སོ། །རྙེད་དཀའ་བས་མ་རྙེད་པ། །ཞེས་བྱ་བས་ནི་ཡང་དཀའ་བ་མང་པོས་སྒྲུབ་མི་དགོས་ཏེ། ཚེགས་ཆུང་ངུས་སྒྲུབ་པོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྦྱིན་ཡང་མི་འབྲི་འཕེལ་འགྱུར་ཆོས་ལྟ་སྨོས་ཀྱང་ཅི་དགོས་ཏེ། །ཞེས་བྱ་བ་ལ། ལུས་དང་ལོངས་སྤྱོད་རྙེད་པར་དཀའ་བ་ནི་སྦྱིན་ན་ཟད་པར་འགྱུར་གྱི།
འཕེལ་བར་ནི་མི་འགྱུར་གྱི། དམ་པའི་ཆོས་གཞན་ལ་བྱིན་ཏེ་བསྟན་ན་འབྲི་བར་ནི་མི་འགྱུར་གྱི་འཕེལ་བ་འབའ་ཞིག་ཏུ་འགྱུར་ཏེ། དཔེར་ན་མར་མེ་གཅིག་ལས་མར་མེ་མང་པོ་བུས་ན་དང་པོའི་མར་མེ་ལ་འབྲི་བ་མེད་ཅིང་མར་མེ་གཞན་མང་པོ་ཡང་འཕེལ་བར་འགྱུར་བ་བཞིན་དུ་ཆོས་བཤད་ན་ཡང་སེམས་ཅན་གཞན་
གྱིས་ཐོས་པ་དག་ཤེས་པ་མང་དུ་འབྱུང་བར་འགྱུར་ལ་འཆད་པ་པོའི་ཤེས་པ་ལ་ཉམས་པ་མེད་པས་ན་མི་འབྲི་བའི་འཕེལ་བར་འགྱུར་བ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ལོངས་སྤྱོད་རྙེད་པར་དཀའ་ལ། བཏང་ན་ཡང་མེད་པར་འགྱུར་བ་དེ་རྒྱུན་མ་ཆད་པར་སེམས་ཅན་
เล่ม ๑๒๕ · หน้า 224a
སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་དབང་གིས་དགའ་བཞིན་དུ་སྦྱིན་པར་བྱེད་ན་དམ་པའི་ཆོས་བཙལ་བར་སླ་ལ་བཏང་ཡང་འཕེལ་བར་འགྱུར་གྱི། འབྲི་བར་མི་འགྱུར་བ་སེམས་ཅན་ལ་གཏོང་བ་ལྟ་ཅི་སྨོས་ཏེ། གཏོང་ཆེས་སོ་ཞེས་བྱ་བའི་དོན་ཏོ། །རྒལ་བ་སྲོག་དང་ལོངས་སྤྱོད་
པས། །ཆོས་ཅེས་བཙལ་དཀའ་སྟེ། འདི་ལྟར་ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ལུས་རྣམས་ཡོངས་སུ་གཏོང་བས་སོ། །དེ་བས་ན་མདོ་དག་ལས། ལེགས་སྨྲས་ཚིགས་བཅད་གཅིག་ཙམ་ཕྱིར། །ཐུབ་པ་སྐུའི་རིན་གྱིས་བཙལ་ལོ། །ཞེས་བཤད་དོ། །ས་བཅུའི་
མདོ་ལས་ཀྱང་། ཚིག་གཅིག་གི་དོན་དུ་མེ་མདག་གིས་ཡོངས་སུ་གང་བའི་དོང་དུ་ཡང་བདག་ཉིད་འདོར་བར་སྤྲོའོ་ཞེས་བཤད་དེ། དེ་ལྟར་ན་ཤིན་ཏུ་སྡུག་བསྔལ་བས་རྙེད་པ་ཇི་ལྟར་ན་དཀའ་བ་མེད་པས་རྙེད་པ་ཡིན་ནོ་ཞེས་བྱ་ཞེ་ན། དེའི་དོན་ལན་དུ་དོན་འདི་ནི་དེ་ལྟར་གཟུང་བ་མ་ཡིན་ཏེ་སངས་རྒྱས་འཇིག་
རྟེན་དུ་བྱུང་བ་ནས་བརྩམས་ནས་བསྟན་པ་མ་ནུབ་ཀྱི་བར་དུ་ཆོས་ནི་ཚེགས་ཆུང་ངུས་རྙེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡུལ་དང་དུས་ཀྱི་ཁྱད་པར་དག་ལ་ལྟོས་ནས་འདུལ་བའི་སྐྱེ་བོ་དག་གི་ཐད་ནས་གཤེགས་ནས་མི་འདོད་བཞིན་དུ་ཡང་དམ་པའི་ཆོས་འཆད་པ་ཡང་མཛད་
པའི་ཕྱིར་རོ། །དེ་ལ་ཁ་ཅིག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལ་སེར་སྣ་མེད་དོ་ཆོས་འཆད་པ་མཛད་དུ་ཟིན་ཀྱང་ཆོས་རྣམས་ཀྱི་དོན་དམ་པར་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པས་དོན་དམ་པ་མ་བཤད་པའི་ཕྱིར་ཆོས་བཤད་པའི་དོན་རྣམས་དོན་མེད་དོ་སྙམ་དུ་སེམས་པ་ལ་དེའི་ཕྱིར་ཆོས་ལ་དོན་
ཡོད་པ་དང་དོན་མེད་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། ཚིགས་སུ་བཅད་པའི་ཆོས་རྣམས་ལ་དོན་ཡོད་པར་ཡང་མ་ཡིན། དོན་མེད་པར་ཡང་མ་ཡིན་པར་ཡང་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རང་རིག་ཆོས་རྣམས་བཅོམ་ལྡན་འདས་ཀྱིས་མ་གསུངས་
ཏེ་ཞེས་བྱ་བ་ལ་ཆོས་ཀྱི་དབྱིངས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་དེ། ཡེ་ཤེས་ཀྱི་རང་གི་རིག་པར་ཟད་དོ། །རང་གི་རིག་པའི་ཆོས་ཏེ་ཚིག་དང་ཡི་གེ་བསྟན་དུ་ཡང་མེད་པས་གཞན་ལ་
เล่ม ๑๒๕ · หน้า 224b
བསྟན་དུ་མི་རུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མ་གསུངས་ཏེ་ཚིག་ཏུ་བཤད་པའི་ཆོས་ཀྱི་ནང་ན་དོན་དམ་པ་ལ་སོགས་པ་ཆོས་ཀྱི་དོན་མེད་པས་ན་ཆོས་བཤད་པ་དོན་མེད་པ་ཞེས་བྱའོ། །གལ་ཏེ་ཚིག་གི་ནང་ན་ཆོས་ཀྱི་རང་བཞིན་ཡོད་ལ་ཆོས་ཀྱི་རང་བཞིན་ཚིག་ཏུ་བརྗོད་དུ་
རུང་ན་ནི་མེ་ཞེས་བརྗོད་པ་ཙམ་གྱིས་ཁ་ཚིག་པའི་སྐྱོན་དུ་འགྱུར་རོ། །མདོ་ལས་ཀྱང་དོན་དམ་པ་ནི་བརྗོད་དུ་རུང་བར་གང་ནས་ཀྱང་མ་གསུངས་ཏེ། འཕགས་པ་རྡོ་རྗེ་གཅོད་པ་ལས་ཀྱང་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཐད་ནས་ཆོས་བླངས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བཀའ་
སྩལ་ཏོ། །འཕགས་པ་བློ་གྲོས་མི་ཟད་པ་ལས་ཀྱང་དོན་དམ་པ་ནི་སེམས་ཀྱི་ཡུལ་ལས་ཀྱང་འདས་ནས་ཚིག་དང་ཡི་གེ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཨཱ་ཙརྱ་མ་ཏི་ཙི་ཏྲས་དོན་དམ་པ་ནི་བློའི་ཡུལ་ཡང་མ་ཡིན་ན་བདག་གིས་ཚིག་གིས་བརྗོད་པས་ག་ལ་ཐོག་ཏུ་ཕེབས་ཞེས་
བཅོམ་ལྡན་འདས་ལ་ལྟོས་པའི་ནང་ནས་འབྱུང་ངོ་། །དེ་ལྟར་དོན་དམ་པར་ཚིག་གིས་བརྗོད་པར་མི་ནུས་པས་དོན་དམ་པ་རྟོག་པར་འགྱུར་བ་དང་། རྗེས་སུ་མཐུན་པའི་གཏམ་མཛད་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ་སོ་རང་གི་རིག་པ་ལས་སེམས་ཅན་འཇོག་པར་མཛད་
དེ། དེ་བས་ན། རིག་པས་ཆོས་བསྟན་འགྲོ་བ་དག་ནི་ཆོས་ལ་དྲངས། །ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་བསྒྲུབ་པ་ལ་སོགས་པའི་རིགས་པ་བཞི་དང་མི་འགལ་བའི་ཆོས་བསྟན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གི་ཆོས་ལ་འགྲོ་བ་རྣམས་དྲངས་ཤིང་བཀོད་དེ། དེ་བས་
ན་ཆོས་བསྟན་པ་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དང་པོའི་རིགས་པའི་ཆོས་བསྟན། དེ་ནས་བསམ། དེ་ནས་བསྒོམ་པའི་རིགས་པས་ཆོས་ཀྱི་སྐུ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འགྲོ་བ་རྣམས་དྲངས་ཤིང་བཀོད་དེ། དེ་ཕྱིར་ཡང་ཆོས་བསྟན་པ་དོན་མེད་པ་མ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་གཏན་ཚིགས་དང་དཔེས་འགྲོ་བ་རྣམས་རང་གི་ཆོས་ཉིད་ལ་ཇི་ལྟར་བཀོད་པ་བསྟན་པའི་ཕྱིར། རྣམ་དག་སྤངས་ཤིང་ཐུན་མོང་མི་ཟད་རང་ཞི་ཁ་སྣོད་དུ། །སྙིང་རྗེའི་བདག་ཉིད་སྦྲུལ་འདྲ་ཁ་ཆུ་བཞིན་དུ་ཀུན་དྲངས་སོ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་སྦྲུལ་ཆེན་པོ་
เล่ม ๑๒๕ · หน้า 225a
ཨ་ཟ་གར་ཞེས་བྱ་བ་རྒྱབ་ཏུ་ཞིང་རྨོ་ཞིང་ཆུ་བོ་ཡང་འབབ་ཅེས་བྱ་བ་དེ་རང་གི་ཁ་ནས་ཁ་ཆུ་བྱུང་ནས་ཐག་རིང་དུ་གཙང་པོ་ཙམ་དུ་འབབ་པ་དང་། རི་དྭགས་དང་བ་ལང་ལ་སོགས་པས་ཆུ་ཡིན་ནོ་སྙམ་ནས་དེར་འཐུངས་པ་དང་། ཁ་ཆུ་གདུག་པས་སེམས་ཅན་ཟིན་ཅིང་ཤི་བར་
གྱུར་པ་དང་དྲངས་ནས་རང་གི་ཁར་འཛུད་པ་བཞིན་དུ་ཐུགས་རྗེའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་ནི་སྦྲུལ་འདྲ་ལ། དེའི་ཞལ་ནས་བྱུང་བའི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཁ་ཆུ་འདྲ་སྟེ། ཁ་ཆུ་འདྲ་བའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་སེམས་ཅན་དྲངས་ནས་རང་གི་ཞི་བའི་
ཁ་སྣོད་དུ་བཅུག་སྟེ་དོན་དུ་ཆོས་ཀྱི་སྐུ་དང་། མྱ་ངན་ལས་འདས་པ་ལ་བཀོད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་དེའང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཡིན་པས་རྣམ་དག་ཅེས་བྱའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་དུ་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་
ཡོན་ཏན་དང་ལྡན་པས་སྤངས་པ་ཞེས་བྱའོ། །ཡང་ཉན་ཐོས་དག་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྣམ་པར་དག་པ་ཡིན་ཡང་ཤེས་བྱའི་སྒྲིབ་པ་མི་སྤངས་པས་སྤངས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྣམ་པར་དག་པའོ། །ཤེས་
བྱའི་སྒྲིབ་པ་སྤངས་པས་སྤངས་པའོ། །ཆོས་ཀྱི་སྐུ་དེ་དེ་བཞིན་གཤེགས་པ་ཀུན་ལ་མངའ་བས་ན་ཐུན་མོང་ཞེས་བྱའོ། །ཆོས་ཀྱི་སྐུ་དེ་རྟག་སྟེ་འཁོར་བའི་མཐའི་བར་དུ་ཡང་མེད་པར་མི་འགྱུར་བས་ན་མི་ཟད་པ་ཞེས་བྱའོ། །ད་ནི་ཇི་ལྟར་བསྒོམ་པ་རྣམས་དོན་མེད་པ་མ་ཡིན་པ་བསྟན་པའི་ཕྱིར།
གང་དག་རྣལ་འབྱོར་བསྒོམ་པ་དེ་ནི་དེ་བས་དོན་མེད་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་དམ་པའི་ཆོས་མཉན་ནས་བསམས་ཏེ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམས་ན་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་ཏེ། དེ་བས་རྣལ་འབྱོར་བསྒོམ་པ་
རྣམས་ཀྱང་དོན་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་བཤད་པ་དོན་མེད་པར་མི་འགྱུར་བར་བསྟན་པའི་ཕྱིར། བདེ་བར་གཤེགས་པས་བསྟན་གང་དེ་བས་འདི་ནི་དོན་མེད་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་རིགས་པས་ཆོས་བསྟན་པ་རང་གི་ཆོས་ནི་ཆོས་ཀྱི་སྐུ་ལ་དྲངས་
เล่ม ๑๒๕ · หน้า 225b
པའི་ཕྱིར་བདེ་བར་གཤེགས་པ་རྣམས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་ཡང་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསྒོམས་པ་དོན་མེད་པ་མ་ཡིན་པ་གཏན་ཚིགས་གཞན་གྱིས་བསྟན་པའི་ཕྱིར། ཇི་སྟེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་
བར་བྱ་བ་དོན་མེད་འགྱུར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཆོས་ཐོས་པ་ཙམ་ཁོ་ནས་ཆོས་ཀྱི་སྐུ་ཐོབ་ཅིང་འབྲས་བུ་ཐོབ་པར་གྱུར་ན་ནི་བསྒོམ་པ་དོན་མེད་པར་འགྱུར་ན་དེ་ལྟ་མ་ཡིན་གྱི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་མཉན་པ་དེ་
བཞིན་དུ་ཞི་གནས་དང་ལྷག་མཐོང་བསྒོམས་ན་གདོད་དོན་མཐོང་བར་འགྱུར་བས་ན་བསྒོམ་པ་ཡང་དོན་མེད་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཉན་པ་དོན་མེད་པ་མ་ཡིན་ཏེ་བསྣན་ཏེ་བསྟན་པའི་ཕྱིར། ཇི་སྟེ་ཐོས་པ་མེད་ཀྱང་བསྒོམ་པ་འཇུག་འགྱུར་བཤད་པ་ཡང་ནི་དོན་མེད་
འགྱུར། །ཞེས་བྱ་བ་སྨོས་ཏེ། ཇི་སྟེ་ཆོས་ཐོས་པ་མེད་པར་ཡང་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འཇུག་པར་རུང་ན་ནི་ཆོས་བཤད་པ་རྣམས་ཀྱང་དོན་མེད་པར་འགྱུར་ན་དེ་ལྟ་མ་ཡིན་གྱི་དགེ་བའི་བཤེས་གཉེན་གྱིས་བཤད་པས་ལུང་ལ་བརྟེན་ནས་གདོད་བསྒོམ་དགོས་པའི་ཕྱིར་བཤད་པ་ཡང་དོན་
མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་གིས་རིག་པའི་ཆོས་དེའི་དབང་གིས་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཞི་གནས་དང་ལྷག་མཐོང་བསྒོམས་པའི་མཐུས་ཐོས་པས་ན་རྣལ་འབྱོར་བསྒོམ་པ་རྣམས་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་
གི་ཆོས་ཉིད་ལ་འགྲོ་བ་སྡུད་པའི་ཕྱིར་ཞེས་པ་ལ་སོགས་པ་ལ་རིགས་པའི་ཆོས་བཤད་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་སེམས་ཅན་བཙུད་ཅིང་ཆོས་ཀྱི་དོན་རྟོགས་པར་འགྱུར་གྱི་ཆོས་མ་བསྟན་པར་ནི་ཆོས་རྟོགས་པར་མི་འགྱུར་བས་ན་རིགས་པར་བཤད་པའི་ཆོས་ཀྱང་དོན་མེད་
པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཤད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཆོས་བཤད་པ་ལ་དོན་ཡོད་པ་དང་མེད་པར་བསྟན་ནས། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་འཆད་པ་ལ་ཕྱེ་ན། རྣམ་པ་དུས་འཆད་པ་བསྟན་པའི་
เล่ม ๑๒๕ · หน้า 226a
ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། མཆོག་གི་སེམས་ཅན་དག་གིས་བཤད་པ་ནི། །ལུང་དང་ཆུད་དང་རྣམ་པར་འབྱོར་པ་ལས། །ཞེས་བྱ་བ་ལ། མཆོག་གི་སེམས་ཅན་ནི་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་
འཆད་པ་ཕྱེ་ན་རྣམ་པ་གསུམ་ལྟར་འཆད་པ་དང་། ལུང་གི་དབྱེ་བས་འཆད་པ་དང་། ཆུད་པའི་དབྱེ་བས་འཆད་པ་དང་། རྣལ་འབྱོར་པའི་ཆེ་བས་འཆད་པའོ། །དེ་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཐོས་ནས། ཇི་ལྟར་ཐོས་པ་
གཞན་ལ་འཆད་པ་ནི་ལུང་གི་དབྱེ་བས་འཆད་པ་ཞེས་བྱའོ། །ས་དང་པོ་ནས་ས་བདུན་པ་མན་ཆད་ན་ཆོས་ཀྱི་དབྱིངས་རྟོགས་པའི་མཐུས་འཆད་པ་ནི་ཆུད་པའི་དབྱེ་བས་འཆད་པའོ། །ས་བརྒྱད་དང་ས་དགུ་དང་ས་བཅུའི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་ལྷུན་
གྱིས་གྲུབ་པ་ཐོབ་ནས་ཆོས་འཆད་པ་ནི་རྣམ་པར་འབྱོར་པ་དབྱེ་བས་ཆོས་འཆད་པའོ་ཞེས་བྱའོ། །རྣམ་པར་སྦྱོར་བས་ཆོས་འཆད་པ་ལ་རྣམ་པ་གསུམ་ཡོད་པར་བསྟན་པའི་ཕྱིར། ནམ་མཁའ་ལས་ཀྱང་སྒྲ་འབྱུང་ཞིང་། །ཁ་དང་ཐམས་ཅད་གཟུགས་ལས་སོ། །ཞེས་བྱ་བ་སྨོས་ཏེ། ས་བརྒྱད་
པ་ལ་སོགས་པའི་བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས་ནས། ནམ་མཁའ་ལ་སོགས་པས་ཀྱང་འདུ་བྱེད་མི་རྟག་གོ་ཞེས་བྱ་བ་ལ་སོགས་པའི་སྒྲ་འབྱུང་བ་ནི་ཆོས་འཆད་པ་རྣམ་པ་གཅིག་གོ། །ཁ་དང་གླུའི་དབྱངས་དག་ལས་ཆོས་འཆད་པའི་སྒྲ་འབྱུང་བ་ནི་ཆོས་འཆད་པ་རྣམ་པ་གཉིས་
སོ། །བྱིན་གྱིས་བརླབས་ནས་ཤིང་དང་རྩིག་པ་དང་། རོལ་མོའི་ཆ་བྱད་དག་ལས་ཀྱང་ཆོས་འཆད་པའི་སྒྲ་འབྱུང་བ་ནི་ཆོས་འཆད་པ་རྣམ་པ་གསུམ་མོ། །བཤད་པ་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཆོས་འཆད་པའི་རབ་ཏུ་དབྱེ་བ་བསྟན་ནས། ད་ནི་ཆོས་
འཆད་པའི་ཡོན་ཏན་འཆད་དེ། ཡོན་ཏན་བཞི་དང་ལྡན་བརྒྱད་དང་ལྡན་ན་བཤད་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ་རྩོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་དང་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ། དགེ་བའི་བཤེས་
เล่ม ๑๒๕ · หน้า 226b
གཉེན་ལས་ཆོས་མང་དུ་ཐོས་ནས་གཞན་དག་ལས་དང་ཆོས་དང་དོན་དུ་འབྲེལ་པ་སྟོན་པ་ནི་གསལ་བ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་རྣམ་པ་གཅིག་གོ། །ཡིད་གཉིས་སྤོང་བ་དང་ཞེས་བྱ་བ་ལ། ཆོས་ཐོས་པ་རྣམས་བསམས་ནས་ཤེས་རབ་ཆུང་ངུ་རྣམས་ཤེས་རབ་འབྲིང་དུ་བྱས། ཤེས་རབ་
འབྲིང་ལས་ཤེས་རབ་ཆེན་པོར་བྱས་ཏེ། བདག་ཉིད་ཀྱང་ཆོས་རྣམས་ཀྱི་མཚན་ཉིད་ལ་ཐེ་ཚོམ་མེད་པར་གྱུར་ཅིང་གཞན་ཡང་ཆོས་ཀྱི་མཚན་ཉིད་ལ་ཐེ་ཚོམ་ཟ་བ་གཅོད་པར་བྱེད་པ་ནི་ཡིད་གཉིས་སྤོང་བ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་རྣམ་པ་གཉིས་པའོ། །འཇེབས་ཤིང་ཞེས་བྱ་བ་ལ།
བདག་སྲོག་མི་གཅོད་པ་ལ་སོགས་པའི་ཡང་དག་པའི་ལས་ལ་གནས་པས་གཞན་ལ་ཆོས་བཤད་ན་དེ་བཞིན་དུ་ཉན་དུ་བཏུབ་པ་ནི་འཇེབས་པ་ཞེས་བྱ་སྟེ་འདི་ནི་ཡོན་ཏན་རྣམ་པ་གསུམ་པའོ། །དེ་ཉིད་གཉིས་སྟོན་པ་ནི་ཞེས་བྱ་བ་ལ། དེ་ཉིད་གཉིས་ནི་ཀུན་ནས་ཉོན་མོངས་པའི་དེ་ཉིད་དང་།
རྣམ་པར་བྱང་བའི་དེ་ཉིད་དེ་དེ་ཉིད་སྟོན་པས་ན་དེ་ཉིད་སྟོན་པ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་རྣམ་པ་བཞི་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་བཤད་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་བཞི་དང་ལྡན་པས་ཆོས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་
བཤད་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་པའི་ཆོས་ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་གསུང་རབ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལས་དམ་པའི་ཆོས་མཉན་
ནས་ཇི་ལྟར་མཉན་པའི་ཆོས་གཞན་ལ་དོན་དང་ཚིག་ཏུ་འབྲེལ་པར་འཆད་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་ཞེས་བྱའོ། །བདག་གི་ཤེས་རབ་རྣོན་པོར་བྱེད་པ་དང་ཞེས་བྱ་བ་ལ། ཆོས་ཐོས་པ་རྣམས་རིག་པས་བསམས་ནས་བསམས་པ་ལས་ཤེས་རབ་ཆུང་ངུ་ལས་ཤེས་རབ་
འབྲིང་དུ་བྱས། ཤེས་རབ་འབྲིང་ལས་ནི་ཤེས་རབ་ཆེན་པོར་བྱས་ནས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཡིད་གཉིས་ཟ་བ་མེད་པར་གྱུར་པ་ནི་བདག་གི་ཤེས་རབ་རྣོན་པོ་ཞེས་བྱའོ། །སྐྱེས་བུ་དམ་པའི་ལས་བྱེད་པ་དང་ཞེས་བྱ་བ་ལ། བདག་ཉིད་ཡང་དག་པའི་ཚུལ་ཁྲིམས་དང་། ཡང་
เล่ม ๑๒๕ · หน้า 227a
དག་པའི་ནན་ཏན་ལ་གནས་ཤིང་། ཚུལ་ཁྲིམས་ཉམས་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཆོས་མེད་པར་བྱས་ནས་དམ་པའི་ཆོས་འཆད་པ་ནི་སྐྱེས་བུ་དམ་པའི་ལས་བྱེད་པ་ཞེས་བྱའོ། །ཉོན་མོངས་པ་དང་རྣམ་པར་བྱང་བས་སྟོན་པའོ་ཞེས་བྱ་བ་ལ། ཀུན་རྫོབ་ཀྱི་
ཆོས་སྟོན་པ་ནི་ཉོན་མོངས་པས་སྟོན་པ་ཞེས་བྱའོ། །དོན་དམ་པའི་ཆོས་སྟོན་པ་ནི་རྣམ་པར་བྱང་བ་སྟོན་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྟོན་པ་ནི་ཉོན་མོངས་པ་སྟོན་པ་ཞེས་བྱའོ། །འགོག་པ་དང་ལམ་གྱི་བདེན་པ་སྟོན་པ་ནི་རྣམ་པར་བྱང་བ་སྟོན་པ་ཞེས་བྱའོ། །
ད་ནི་སྟོན་སྐྱོབ་ལས་བཤད་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་བཤད་པ་དང་། ཚངས་པས་ཞུས་པའི་མདོ་ལས། ཆོས་ཀྱི་སྦྱིན་པ་ཆེན་པོ་སྟོན་པ་རྣམ་པ་བཞི་འབྱུང་བ་དང་དོན་གཅིག་ཏུ་སྦྱར་བའི་ཕྱིར། དེ་ལ་དང་པོས་ནི་མང་དུ་ཐོས་པའི་ཕྱིར་གསལ་བར་སྟོན་པར་འགྱུར་རོ་ཞེས་བྱ་བ་ལ།
དང་པོར་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། དམ་པའི་ཆོས་ཡོངས་སུ་གཟུང་བས་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལས་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཐོས་ཏེ། མང་དུ་ཐོས་པས་གསལ་བར་སྟོན་པར་འགྱུར་ཏེ། མང་དུ་ཐོས་པ་རྣམས་ལ་འཁྲུལ་པར་སྟོན་
པ་དང་། མི་གསལ་བར་སྟོན་པ་མི་སྲིད་པར་སྟོན་པའི་ཕྱིར་རོ། །གཉིས་པས་ནི་ཤེས་རབ་ཆེ་བའི་ཕྱིར་ཐེ་ཚོམ་སྤོང་བ་སྟེ། གཞན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཉིས་པས་ནི་བདག་གི་ཤེས་རབ་རྣོན་པོར་བྱེད་པ་སྟེ། བདག་གི་ཤེས་རབ་རྣོན་པོར་བྱེད་པས་ནི་ཤེས་རབ་ཆེ་ཞིང་
བདག་ཉིད་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཐེ་ཚོམ་མེད་པས་གཞན་གྱི་ཐེ་ཚོམ་ཡང་གཅོད་པར་བྱེད་དེ། ཤེས་རབ་རྣོན་པོ་ནི་བདག་ལ་ཡང་ཐེ་ཚོམ་མི་འབྱུང་ཞིང་གཞན་གྱི་ཐེ་ཚོམ་ཡང་སེལ་ནུས་པའི་ཕྱིར་རོ། །གསུམ་པས་ནི་ཁ་ན་མ་ཐོ་བའི་ལས་མི་བྱེད་པའི་ཕྱིར་
འཇེབས་པའོ་ཞེས་བྱ་བ་ལ། གསུམ་པས་ནི་སྐྱེས་བུ་དམ་པའི་ལས་བྱེད་པ་སྟེ། སྐྱེས་བུ་དམ་པའི་ལས་བྱེད་པས་ནི་བདག་ཉིད་ཡང་དག་པའི་ཡོན་ཏན་ལ་གནས་ཤིང་། ཚུལ་ཁྲིམས་ཉམས་པ་མེད་པས་བདག་གིས་ཇི་སྐད་ཐོས་པ་རྣམས་གཞན་ལ་བཤད་ཅིང་
เล่ม ๑๒๕ · หน้า 227b
བསྒོ་ན་ཡང་ཉན་དུ་བཏུབ་ཅིང་ཚིག་བཙུན་པས་ན་འཇེབས་པ་ཞེས་བྱའོ། །བཞི་པས་ནི་དེ་ཁོ་ན་ཉིད་གཉིས་སྟོན་ཏེ། ཉོན་མོངས་པའི་མཚན་ཉིད་ཀྱི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་དེ། བདེན་པ་གཉིས་ལ་བདེན་པ་གཉིས་གཉིས་སོ་ཞེས་བྱ་བ་ལ། བཞི་པ་ནི་ཉོན་མོངས་
པ་དང་རྣམ་པར་བྱང་བ་སྟོན་པ་སྟེ། ཉོན་མོངས་པ་དང་རྣམ་པར་བྱང་བ་སྟོན་པས་ནི་དེ་ཁོ་ན་ཉིད་གཉིས་སྟོན་པ་སྟེ། ཉོན་མོངས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཉོན་མོངས་པའི་མཚན་ཉིད་ཀྱི་དེ་ཁོ་ན་
ཉིད་དོ། །དོན་དམ་པའི་བདེན་པ་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །ཡང་བདེན་པ་བཞི་ལས་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་གཉིས་ནི་ཉོན་མོངས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ནི་རྣམ་པར་བྱང་བའི་མཚན་
ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །གོང་དུ་བཤད་པ་ཕུན་སུམ་ཚོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་གླེངས་པ་ལས་བཤད་པ་ཕུན་སུམ་ཚོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ནི་བཤད་ཟིན་ཏོ། །དེ་བཤད་པ་ཕུན་སུམ་ཚོགས་པ་ཚིགས་
སུ་བཅད་པ་གཉིས་པ་སྟོན་པ་དེ་འཆད་དེ་དེའི་ཕྱིར། སེམས་དཔའ་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་ཡི། །གསལ་ཞིང་སྣ་ཚོགས་རིགས་གོ་བྱེད། །ཟང་ཟིང་མེད་ཅིང་ཀུན་དུ་འགྲོ། །ཞེས་བྱ་བ་སྨོས་ཏེ། གཞན་ཡང་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་བཤད་པ་ཡོན་ཏན་དགུ་དང་ལྡན་པས་ན་བཤད་པ་ཕུན་སུམ་ཚོགས་པ་སྟེ། ཡོན་ཏན་དགུ་གང་ཞེ་ན། འཇམ་པ་དང་། རྒྱགས་པ་དང་། བྲལ་བ་དང་། མི་སྐྱོ་བ་དང་། གསལ་བ་དང་། སྣ་ཚོགས་དང་། རིགས་པ་དང་། གོ་བར་བྱེད་པ་དང་། ཟང་ཟིང་མེད་པ་
དང་། ཀུན་དུ་འགྲོ་བ་དང་། གཞན་གྱིས་བརྒལ་ཀྱང་ཚིག་རྩུབ་པོ་མི་འབྱིན་པས་ན་འཇམ་པའོ་ཞེས་བྱ་བ་ལ། ཆོས་འཆད་པའི་དུས་སམ་ཆོས་ཀྱི་དོན་ལ་བརྩོན་པའི་དུས་ན་གཞན་དག་གིས་ནོར་བ་དང་འཁྲུལ་པ་དང་མི་རུང་ངོ་ཞེས་ཚིག་རྩུབ་པོ་དང་མི་སྙེན་པ་སྨྲས་ཀྱང་སྔར་ལན་ཚིག་རྩུབ་པོ་དང་བརླང་
เล่ม ๑๒๕ · หน้า 228a
པོས་ལན་མི་ལྡོན་པས་ན་འཇམ་པ་ཞེས་བྱའོ། །གྲུབ་པ་དང་བསྟོད་པའི་ཚེ་རྒྱགས་པ་ལ་མི་གནས་པས་ན། རྒྱགས་པ་དང་བྲལ་བའོ་ཞེས་བྱ་བ་ལ། ཆོས་ཀྱི་དོན་དཀའ་བ་དག་ཁོང་དུ་ཆུད་ཅིང་ཇི་ལྟར་ཁོང་དུ་ཆུད་པ་དེ་གཞན་ལ་སྟོན་ཅིང་སྒྲུབ་པ་ན། བདག་གི་ཕྱོགས་
གྲུབ་པར་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་ཁོང་དུ་ཆུད་པར་དཀའ་བའི་དོན་དག་བསྒྲུབས་སོ་སྙམ་དུ་མི་བྱེད་སེམས་ཀྱིས་རྒྱགས་པ་དང་། ང་རྒྱལ་མི་བྱེད་པ་དང་། གང་གི་ཚེ་གཞན་དག་ལ་ཆོས་ཟབ་མོ་བཤད་ནས་གཞན་དག་དགའ་བར་འགྱུར་ཏེ་ཁྱོད་ནི་མཁས་
པའོ་ཤིན་ཏུ་གསལ་ཞིང་ལེགས་པར་སྨྲ་བའོ་ཞེས་བསྟོད་པ་དང་། སེམས་ཁེངས་ཤིང་ང་རྒྱལ་མི་སྐྱེ་བས་ན་རྒྱགས་པ་དང་བྲལ་བ་ཞེས་བྱའོ། །ངལ་བ་མེད་པའི་ཕྱིར་མི་སྐྱོ་བའོ་ཞེས་བྱ་བ་ལ། ངལ་བ་ནི་སེམས་ཞུམ་ཞིང་ཡི་ཆད་པ་དང་། ཆོས་འཆད་པའི་ཚེ་ལུས་ན་ཞིང་མི་
བདེ་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ན། དེ་ལྟ་བུ་མེད་པས་ན་མི་སྐྱོ་བ་ཞེས་བྱའོ། །སློབ་དཔོན་གྱིས་འཆབ་པ་མེད་པར་ཤིན་ཏུ་སྟོན་པའི་ཕྱིར་གསལ་བའོ་ཞེས་བྱ་བ་ལ། ཁ་ཅིག་འཆད། ཁ་ཅིག་མི་འཆད་པ་དང་། ཕྱེད་ཙམ་འཆད་ཀྱི་རྫོགས་པར་མི་འཆད་པ་
དང་། ཚིག་ཙམ་འཆད་ཀྱི་དོན་མི་འཆད་པ་ནི་སློབ་དཔོན་ལ་འཆབ་པའོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་ཀུན་འཆད་པ་དང་། ཚིག་འབའ་ཞིག་འཆད་པར་མ་ཟད་ཀྱི་དོན་ཀྱང་འཆད་དེ་སློབ་དཔོན་འཆབ་པ་མེད་པར་སྟོན་པས་ན་གསལ་བ་ཞེས་བྱའོ། །ཡང་དང་
ཡང་དུ་ཟློས་པ་མེད་པའི་ཕྱིར་ན་སྣ་ཚོགས་སོ་ཞེས་བྱ་བ་ལ། ཆོས་འཆད་པའི་དུས་ན་ཡང་སྔར་འདས་པའི་ཚིག་སྔར་མི་ཟློས་པ་དང་། ཆོས་འགའ་ཞིག་གཞན་ལ་བསྟན་པ་བརྩམས་ཏེ། ཚིག་གཅིག་སྨྲས་ནས་ཚིག་དེས་གཞན་དག་གིས་ཆོས་ཀྱི་དོན་གོ་བར་མ་གྱུར་ན། ཚིག་དེ་ཉིད་སླར་
མི་ཟློས་ཀྱི་ཚིག་གི་རྣམ་གྲངས་གཞན་དང་། གཞན་དག་གིས་སྟོན་པར་བྱེད་པས་ན་སྣ་ཚོགས་ཞེས་བྱའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ་ཞེས་བྱ་བ་ལ། ཆོས་འཆད་པའི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དང་མི་འགལ་བར་འཆད་པས་ན་རིགས་པ་ཞེས་
เล่ม ๑๒๕ · หน้า 228b
བྱའོ། །ཚིག་དང་ཡི་གེ་གྲགས་པའི་ཕྱིར་གོ་བར་བྱེད་པའོ་ཞེས་བྱ་བ་ལ། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང་ཡི་གེ་དག་སྨྲས་པ་ནི་འཇིག་རྟེན་པས་གོ་བར་མི་འགྱུར་ན་ཆོས་འཆད་པའི་ཚེའང་འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་དག་སྨྲས་པ་ནི་འཇིག་རྟེན་པས་གོ་བར་འགྱུར་ན་ཆོས་
འཆད་པའི་ཚེའང་འཇིག་རྟེན་ན་གྲགས་པའི་ཚིག་དང་ཡི་གེ་སྟོན་པས་ན་གོ་བར་བྱེད་པ་ཞེས་བྱའོ། །དད་པའི་མཆོད་པ་མི་འདོད་པའི་ཟང་ཟིང་མེད་པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ནི་འདི་སྙམ་དུ་བདག་གིས་ཆོས་བཤད་པ་དང་། འཇིག་རྟེན་པ་རྣམས་བདག་ལ་དང་བ་
དང་དད་པ་སྐྱེས་ནས་རྙེད་པ་དང་བཀུར་སྟིས་མཆོད་པར་འགྱུར་རོ་སྙམ་དུ་བསམས་ནས་ཆོས་འཆད་པ་མ་ཡིན་གྱི། རྙེད་པ་དང་བཀུར་སྟི་ལ་རེ་བ་མེད་པ་བྱས་ནས་སྙིང་རྗེའི་སེམས་ཀྱིས་ཆོས་འཆད་པར་བྱེད་པ་ནི་ཟང་ཟིང་མེད་པ་ཞེས་བྱའོ། །ཐེག་པ་གསུམ་དུ་འགྲོ་བའི་ཕྱིར་ཐམས་ཅད་དུ་
འགྲོ་བའོ་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ཆེན་པོ་གསུམ་ཆར་ལ་ཞུགས་ནས་ཐེག་པ་གསུམ་ཆར་འཆད་པར་བྱེད་པས་ན་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ། །ཚིག་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་བཤད་པ་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་
ཚིག་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་ཚིག་ཅེས་བྱ་བ་ནི་འདུས་བྱས་མི་རྟག་ཅེས་སམ། ཆོས་ཐམས་ཅད་བདག་མེད་ཅེས་སྟོན་པ་ལ་ཚིག་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔས་ཚིག་ཀྱང་ཡན་ལག་བརྒྱད་དང་ལྡན་པས་ན་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་
མོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་པ་གང་ཞེ་ན། དེའི་ཕྱིར། རྒྱལ་སྲས་ཚིག་གི་གྲགས་པ་སྟེ། །མི་དམའ་འཇམ་པར་མཛེས་གསུངས་པ། །ཇི་ལྟར་རིགས་དང་ཟང་ཟིང་མེད། །དེ་བཞིན་རན་ཅིང་ཡངས་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །
དེའི་སྲས་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་དང་ནི་ཡན་ལག་བརྒྱད་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་ནི་མི་དམའ་བ་དང་། འཇམ་པ་དང་མཛེས་པར་གསུངས་པ་དང་། གྲགས་པ་དང་ཇི་ལྟར་
เล่ม ๑๒๕ · หน้า 229a
རིགས་པ་དང་། ཟང་ཟིང་མེད་པ་དེ་བཞིན་དུ་རན་པ་དང་ཡངས་པའོ། །དེའང་མདོ་སྡེ་ལས་ཚིག་གི་ཡོན་ཏན་བརྒྱད་བཤད་པ་དང་རིམ་བཞིན་དུ་སྦྱར་བར་བྱ་སྟེ། རིམ་བཞིན་དུ་ཇི་ལྟར་སྦྱར་བ་ནི་འགྲེལ་པའི་ནང་ནས་སྦྱར་བ་བཞིན་དུ་རིག་པར་བྱའོ། །མདོ་སྡེ་ལས་བྱུང་བ་ནི་
ཁྱབ་པ་དང་བཟང་བ་དང་། གསལ་བ་དང་ཤེས་པར་བྱེད་པ་དང་རྣར་འོང་བ་དང་མི་བརྟེན་པ་དང་། མཐུན་པ་དང་མི་ཟད་པའོ། །འཁོར་རྣམས་ལ་ཡོངས་སུ་ཁྱབ་པའི་ཕྱིར་མི་དམའ་བའོ་ཞེས་བྱ་བ་ལ་ཁྱབ་པ་དང་། མི་དམའ་བ་དོན་གཅིག་པར་སྟོན་ཏེ། ཇི་ལྟར་ན་མི་དམའ་བ་ཞེས་བྱ་ཞེ་ན།
བྱང་ཆུབ་སེམས་དཔའི་ཚིག་དེ་འཁོར་གཅིག་གིས་ཐོས་ཀྱི། འཁོར་གཅིག་གིས་མི་ཐོས་པ་མ་ཡིན་གྱི། འཁོར་ཇི་སྙེད་ཅིག་ཚོགས་པ་ཐམས་ཅད་ཀྱིས་ཐོས་ཏེ། འཁོར་ཀུན་ལ་ཁྱབ་པས་ན་མི་དམའ་བ་ཞེས་བྱའོ། །འཇམ་པ་ནི་བཟང་པོའོ་ཞེས་བྱ་བ་ལ། འཇམ་པ་དང་བཟང་པོ་དོན་གཅིག་
ཏུ་སྟོན་ཏེ། ཚིག་གང་རྣར་འོང་བ་དང་། ཡིད་དུ་འོང་བའི་ཚིག་དེ་ནི་བཟང་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ན་ཚིག་རྣར་འོང་བ་དང་ཡིད་དུ་འོང་བ་དང་འབྱུང་བས་བཟང་བ་སྟེ། དེ་ལྟར་བཟང་བས་ན་འཇམ་པ་ཞེས་བྱའོ། །གསལ་ཞིང་ངེས་པའི་ཡི་གེའི་ཕྱིར། །མཛེས་
པར་གསུངས་པའོ་ཞེས་བྱ་བ་ལ། གསལ་བ་དང་མཛེས་པར་གསུངས་པ་གཉིས་དོན་གཅིག་པར་འཆད་དེ། གང་གི་ཕྱིར་ཚིག་གསལ་བས་ན་དེའི་ཕྱིར་མཛེས་པར་གསུངས་པ་ཞེས་བྱའོ། །ཇི་ལྟར་གསལ་ཞེ་ན། འདི་ལྟར་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་མྱོང་བར་བྱེད་པའི་
ཕྱིར་ཚོར་བ་ཞེས་པའི་ཡི་གེ་སྟོན་པའི་ཕྱིར་གསལ་བ་སྟེ། དེའི་ཕྱིར་ན་མཛེས་པར་གསུངས་པའོ། །གྲགས་པ་བརྗོད་པའི་ཕྱིར་གྲགས་པ་ཡིན་པས་ཤེས་པར་བྱེད་པའོ་ཞེས་བྱ་བ་ལ་གྲགས་པ་དང་ཤེས་པར་བྱེད་པ་གཉིས་དོན་གཅིག་ཏུ་སྟོན་ཏེ། འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་
སྟོན་པས་ན་ཤེས་པར་བྱེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་དུ་མ་གྲགས་པའི་ཚིག་དག་སྨྲས་པ་ན་འཇིག་རྟེན་པ་དག་གིས་དོན་ཤེས་པར་མི་བྱེད་ཀྱིས་འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་སྨྲས་པས་འཇིག་རྟེན་པ་རྣམས་ཀྱིས་དོན་ཤེས་པར་བྱེད་དེ། དེ་བས་ན་གྲགས་པས་ནི་
เล่ม ๑๒๕ · หน้า 229b
ཤེས་པར་བྱེད་པར་འགྱུར་རོ། །ཇི་ལྟར་རིགས་པ་ནི་འདུལ་བ་དང་མཐུན་པའི་ཕྱིར་རྣར་འོང་བ་ཞེས་བྱ་བ་ལ། ཇི་ལྟར་རིགས་པ་དང་རྣར་འོང་བ་དོན་གཅིག་པར་སྟོན་ཏོ། །འདུལ་བའི་སེམས་ཅན་འདི་ལ་ཆོས་འདི་བསྟན་པའི་རིགས་ཞེས་འདུལ་བའི་སེམས་ཅན་གང་ལ་ཆོས་གང་བསྟན་པར་
རིགས་པའི་ཆོས་དེ་སྟོན་པ་ནི་ཇི་ལྟར་རིགས་པ་ཞེས་བྱའོ། །དེ་ལ་འདུལ་བ་དང་མཐུན་པར་འདོད་ཆགས་ཅན་ལ་མི་གཙང་བ་དང་། ཞེ་སྡང་ཅན་ལ་བྱམས་པ་དང་། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པ་དང་། འདུལ་བ་སོ་སོའི་སེམས་དང་མཐུན་པས་ན་ཚིག་དེ་ནི་དེ་དག་
གི་རྣར་འོང་སྟེ། རྣར་འོང་བའི་ཚིག་ལ་ཇི་ལྟར་རིགས་པ་ཞེས་བྱའོ། །ཟང་ཟིང་མེད་པ་དང་རྙེད་པ་དང་བཀུར་སྟི་དང་། བསྟོད་པ་ལ་མི་བརྟེན་པའོ་ཞེས་བྱ་བ་ལ། ཟང་ཟིང་མེད་པ་དང་མི་བརྟེན་པ་དོན་གཅིག་པར་སྟོན་ཏེ། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ནི་རྙེད་པ་ཞེས་བྱ་སྟེ།
ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་པ་ནི་བཀུར་སྟི་ཞེས་བྱའོ། །ཚིག་གིས་སྙན་པར་བརྗོད་པ་ནི་བསྟོད་པ་ཞེས་བྱ་སྟེ། དེ་དག་ལ་མི་བརྟེན་ཅིང་མ་ཆགས་པས་ན་ཟང་ཟིང་མེད་པ་ཡིན་ནོ། །རན་པ་ནི་མཐུན་པ་སྟེ་རན་པ་ལ་མི་སྐྱོ་བའི་ཕྱིར་རོ་ཞེས་བྱ་བ་ལ། རན་པ་དང་མཐུན་པ་གཉིས་
དོན་གཅིག་པར་སྟོན་ཏེ། ཚིག་ཅལ་ཅོལ་མང་དུ་སྨྲས་ན་ནི་འཇིག་རྟེན་པ་དང་མི་མཐུན་པར་འགྱུར་རོ། །མི་མཐུན་པར་གྱུར་ན་སྐྱོ་བ་སྐྱེའོ། །དེ་བས་ན་རན་པ་ལ་མི་སྐྱོ་བའི་ཕྱིར་ཞེས་སྨོས་ཏེ། ཡི་གེ་ཉུང་ངུའི་བཤད་པ་ལས་ནི་འཇིག་རྟེན་པ་དག་དགའ་བར་བྱེད་པས་ན་སྐྱོ་བ་མི་སྐྱེ་སྟེ།
འཇིག་རྟེན་པ་དང་མཐུན་པའི་ཉུང་ངུ་སྨྲས་པ་ལ་རན་པ་ཞེས་བྱའོ། །ཡངས་པ་ནི་མི་ཟད་པའོ་ཞེས་བྱ་བ་ལ། ཡངས་པ་དང་མི་ཟད་པ་དོན་གཅིག་པར་སྟོན་ཏེ། བསྐལ་པའམ་བསྐལ་པའི་མཐའི་སྟན་གཅིག་ལ་འདུག་ནས་ཆོས་བཤད་ན་ཡང་བྱང་ཆུབ་སེམས་དཔའི་ཚིག་ལ་ཟད་པ་མེད་དེ་དེ་
ལྟར་མི་ཟད་པས་ན་ཡངས་པ་ཞེས་བྱའོ། །ཡི་གེ་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཚིག་ཕུན་སུམ་ཚོགས་པ་བཤད་ནས། ཡི་གེ་ཕུན་སུམ་ཚོགས་པ་བཤད་དེ། ཡི་གེ་ནི་ཨ་དང་ཀ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་ཡི་གེ་ཐམས་ཅད་ཡན་
เล่ม ๑๒๕ · หน้า 230a
ལག་བརྒྱད་དང་ལྡན་པ་ཤ་སྟག་འབྱུང་བས་ན་ཡི་གེ་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བརྒྱད་པོ་གང་ཞེ་ན། དེའི་ཕྱིར། བསྟན་དང་བཤད་པས་དེ་བཞིན་དུ། །ཐེག་དང་མཐུན་ཞིང་བཤད་པ་ལས། །
གྲགས་དང་ཇི་ལྟར་རིགས་པ་ལས། །འབྱུང་དང་རྗེས་སུ་མཐུན་པའོ། །ཞེས་བྱ་བ་སྨོས་ཏེ། ཡན་ལག་བརྒྱད་ནི་བསྟན་པ་དང་བཤད་པ་དང་། དེ་བཞིན་དུ་ཐེག་པ་དང་མཐུན་པ་དང་། འཇམ་པ་དང་། གྲགས་པ་དང་། ཇི་ལྟར་རིགས་པ་དང་། འབྱུང་བ་དང་། རྗེས་སུ་མཐུན་པའོ། །དེ་ལ་
ཆོས་སྟོན་པ་ནི་དང་པོར་བཅུའམ་ལྔའམ་གསུམ་ཞེས་མདོར་བསྡུས་ཏེ་སྟོན་པ་ལས་བསྟན་པ་ཞེས་བྱའོ། །དེ་ནས་མདོར་བསྡུས་ཏེ་བསྟན་པ་དེ་ཉིད་ཀྱི་ཕྱིར་ཞིབ་ཏུ་རྒྱས་པར་བཤད་པ་ལས་བཤད་པ་ཞེས་བྱའོ། །ཉན་ཐོས་ཀྱི་ཐེག་པས་འདུལ་བ་རྣམས་ལ་ཉན་ཐོས་ཀྱི་ཐེག་པ་འཆད་པ་
དང་། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བ་རྣམས་ལ་རང་སངས་རྒྱས་ཀྱི་ཐེག་པ་འཆད་པ་དང་། ཐེག་པ་ཆེན་པོས་འདུལ་བ་རྣམས་ལ་ཐེག་པ་ཆེན་པོ་འཆད་པ་ནི་ཐེག་པ་དང་མཐུན་པ་ཞེས་བྱའོ། །ཡི་གེ་རྣམས་མི་སྙན་པ་རྣ་བ་ལ་གནོད་ཅིང་། སེམས་ལ་གནོད་པ་མ་ཡིན་གྱི་
རྣར་འོང་ཞིང་སེམས་ལ་ཕན་པར་འཆད་པ་ནི་འཇམ་པ་ཞེས་བྱའོ། །འཇིག་རྟེན་དུ་གྲགས་པའི་ཡི་གེ་སྟོན་པ་ནི་གྲགས་པ་ཞེས་བྱའོ། །འདུལ་བ་གང་ལ་ཆོས་གང་བསྟན་པའི་རིགས་པས་འདུལ་བ་དེ་ལ། ཆོས་དེ་སྟོན་པ་ནི་ཇི་ལྟར་རིགས་པ་ཞེས་བྱའོ། །ཁམས་གསུམ་ལས་འབྱུང་
བར་འགྱུར་བའི་རྒྱུ་འཕགས་པའི་ལམ་སྟོན་པ་ནི་འབྱུང་བ་ཞེས་བྱའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་མཐུན་པའི་ཆོས་སྟོན་པ་ནི། རྗེས་སུ་མཐུན་པ་ཞེས་བྱའོ། །ཡི་གེའི་ཡན་ལག་བརྒྱད་པོ་དེ་དག་ཀྱང་མདོ་སྡེ་ལས་ཡི་གེའི་ཡོན་ཏན་བརྒྱད་བཤད་པ་དང་རིམ་བཞིན་དུ་
སྦྱར་ཏེ། བརྒྱད་པོ་གང་ཞེ་ན། རིགས་པའི་ཚིག་དང་ཡི་གེ་དང་ལྡན་པ་དང་། རྗེས་སུ་འབྲང་བ་དང་། རྗེས་སུ་མཐུན་པ་དང་། ཁས་ལེན་པ་དང་། མཐུན་པ་དང་། རྗེས་སུ་མཐུན་པ་དང་། མཁས་པར་སྦྱོར་བའི་ཚིག་རྫོགས་པ་སྟེ། དེ་དག་རིམ་བཞིན་དུ་སྦྱར་བ་ནི་འགྲེལ་པ་ལས་ཇི་
เล่ม ๑๒๕ · หน้า 230b
ལྟར་སྦྱར་བ་བཞིན་དུ་རིག་པར་བྱའོ། །ཚད་མ་དང་མི་འགལ་བར་རིགས་པའི་ཚིག་དང་ཡི་གེས་སྟོན་པས་སོ་ཞེས་བྱ་བ་ལ། བསྟན་པ་ཞེས་བྱ་བ་དང་། རིགས་པ་ནི་ཚིག་དང་ཡི་གེ་ཞེས་བྱ་བར་དོན་གཅིག་པར་སྡུད་དེ། དེ་ལ་བྱང་ཆུབ་སེམས་དཔའ་དང་པོ་ཆོས་རྣམས་མདོར་བསྡུས་ནས། བཅུ་ཞེའམ།
ལྔ་ཞེའམ། གསུམ་ཞེས་སྟོན་པ་ན་མངོན་སུམ་ལ་སོགས་པའི་ཚད་མ་གསུམ་དང་མི་འགལ་བར་རིགས་པའི་ཚིག་དང་། ཡི་གེས་མདོར་བསྡུས་ནས་སྟོན་པར་བྱེད་པས་ན་དེ་ལ་བསྟན་པ་ཞེས་བྱའོ། །བསྟན་པ་དང་མི་འགལ་བར་བཤད་པས་ན་ལྡན་པའོ་ཞེས་བྱ་བ་ལ། བཤད་པ་དང་ལྡན་
པ་གཉིས་དོན་གཅིག་ཏུ་སྡུད་དེ། དང་པོར་མདོར་བསྡུས་ཏེ་བཤད་ནས། མདོར་བསྡུས་ཏེ་བསྟན་པ་དེ་ཕྱིས་རྒྱས་པར་འཆད་ནས་ཡང་སྔར་མདོར་བསྡུས་ཏེ་བསྟན་པ་དེ་དང་། ཕྱིས་རྒྱས་པར་འཆད་པ་དོན་མི་འགལ་བར་འཆད་པས་ན་ལྡན་ཞེས་བྱ་བ་སྟེ། སྔར་མདོར་བསྡུས་ཏེ་
བསྟན་པ་དང་། ཕྱིས་རྒྱས་པར་འཆད་པ་གཉིས་མཐུན་པར་འཆད་ཅེས་བྱ་བའི་དོན་ཏོ། །དེའང་དཔེར་ན་སྔར་ཕུང་པོ་ལྔ་ཞེས་མདོར་བསྡུས་ཏེ་བསྟན་པ་ལ། ཕྱིས་ཞིབ་ཏུ་འཆད་པའི་ཚེ་ཕུང་པོ་དྲུག་ཏུ་མི་འཆད་ཀྱི་ལྔ་ཉིད་དུ་འཆད་པ་ལྟ་བུའོ། །ཐེག་པའི་རྗེས་སུ་འབྲང་བའི་ཕྱིར་རྗེས་སུ་
འབྲངས་ཏེ། ཐེག་པ་གསུམ་དང་མི་འགལ་བས་སོ་ཞེས་བྱ་བ་ལ། ཐེག་པའི་རྗེས་སུ་འབྲང་བ་དང་། རྗེས་སུ་འབྲངས་པ་གཉིས་དོན་གཅིག་ཏུ་སྡུད་དེ། ཐེག་པ་གསུམ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་སོ་སོ་དང་མཐུན་པར་ཐེག་པ་གསུམ་འཆད་པས་ན་རྗེས་སུ་འབྲངས་པ་ཞེས་
བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར་ནི་ཐེག་པ་གསུམ་དང་མི་འགལ་བའི་ཚིག་སྨོས་ཏེ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་ལ་དེ་དང་མི་འགལ་བར་ཉན་ཐོས་ཀྱི་ཐེག་པ་ཉིད་སྟོན་གྱི། ཐེག་པ་ཆེན་པོ་མི་སྟོན་པ་དང་རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་ལ། རང་སངས་
རྒྱས་ཀྱི་ཐེག་པ་ཉིད་སྟོན་གྱི་ཐེག་པ་ཆེན་པོ་མི་སྟོན་པ་དང་། ཐེག་པ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་མི་འགལ་བར་ཐེག་པ་ཆེན་པོ་ཉིད་སྟོན་གྱི། ཉན་ཐོས་ཀྱི་ཐེག་པ་མི་སྟོན་པས་ན་ཐེག་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །མི་དགའ་བའི་ཕྱིར་རྗེས་སུ་མཐུན་པ་སྟེ། འཇམ་
เล่ม ๑๒๕ · หน้า 231a
པའོ་ཞེས་བྱ་བ་ལ། རྗེས་སུ་མཐུན་པ་དང་། འཇམ་པ་གཉིས་དོན་གཅིག་ཏུ་སྡུད་དེ། དེ་ལ་ཆོས་འཆད་པའི་དུས་ན་ཡི་གེ་རྣ་བ་ལ་གཟན་ཅིང་སེམས་ལ་གནོད་པ་གཟུང་དཀའ་ཞིང་ཁྲོག་ཁྲོག་པོ་མི་སྟོན་པའི་ཕྱིར། རྗེས་སུ་མཐུན་པ་ཞེས་བྱའོ། །དེ་ལྟར་རྣ་བ་དང་སེམས་
ལ་མི་གནོད་པའི་ཡི་གེ་གཟུང་སླ་བ་སྟོན་པས་འཇམ་པ་ཞེས་བྱའོ། །གྲགས་པའི་ཕྱིར་ཁས་ལེན་པ་ནི་དོན་གྲགས་པས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ། གྲགས་པ་དང་ཁས་ལེན་པ་དོན་གཅིག་ཏུ་སྡུད་དེ། འཇིག་རྟེན་དུ་གྲགས་པའི་ཚིག་དང་། ཡི་གེ་སྨྲ་བར་བྱེད་པས་ན་ཁས་ལེན་
པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང་། ཡི་གེ་དག་སྨྲས་ན་ནི་འཇིག་རྟེན་པས་དོན་རྟོགས་པར་མི་ནུས་ཤིང་དེ་དེ་བཞིན་དུ་ཡིན་ནོ་ཞེས་ཁས་ལེན་དུ་མི་བཏུབ་ཀྱི། འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་སྨྲས་ན་འཇིག་རྟེན་པ་དག་གིས་མྱུར་དུ་ཚིག་དང་དོན་ཁོང་དུ་
ཆུད་ཅིང་དེ་དེ་བཞིན་དུ་བདེན་ནོ་ཞེས་ཁས་ལེན་པར་བྱེད་པས་ན་གྲགས་པས་ནི་ཁས་ལེན་པར་འགྱུར་རོ། །ཇི་ལྟར་རིགས་པའི་ཕྱིར་མཐུན་པ་སྟེ། འདུལ་བ་ལ་འོས་པའོ་ཞེས་བྱ་བ་ལ། ཇི་ལྟར་རིགས་པ་དང་མཐུན་པ་གཉིས་དོན་གཅིག་ཏུ་སྡུད་དེ། འདུལ་བའི་སྣོད་གང་ལ་ཆོས་གང་
བཤད་པ་རིགས་པ་ཅི་རིགས་སུ་ཆོས་སྟོན་པར་བྱེད་པ་ནི་མཐུན་པ་ཞེས་བྱའོ། །དེ་ལ་འདོད་ཆགས་ཅན་ལ་མི་གཙང་བ་བསྟན་པར་འོས་ཞེ་སྡང་ཅན་ལ་བྱམས་པ་བསྟན་པར་འོས། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་འོས། ང་རྒྱལ་ཅན་ལ་ཕུང་པོའི་རབ་ཏུ་
དབྱེ་བ་བསྟན་པར་འོས། རྣམ་པར་རྟོག་པ་ཅན་ལ་དབུགས་ཕྱི་ནང་དུ་རྒྱུ་བ་བསྟན་པར་འོས་ཏེ། ཅི་རིགས་སུ་སྟོན་པ་ནི་མཐུན་པ་ཞེས་བྱའོ། །འབྱུང་བའི་ཕྱིར་རྗེས་སུ་མཐུན་པ་སྟེ། མྱ་ངན་ལས་འདས་པའི་ཕྱེད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ། འབྱུང་བ་དང་རྗེས་སུ་མཐུན་པ་དོན་
གཅིག་ཏུ་སྡུད་དེ། ཁམས་གསུམ་ལས་འབྱུང་བར་བྱེད་པ་ནི་འཕགས་པའི་ལམ་སྟོན་པས་ན་རྗེས་སུ་མཐུན་པ་ཞེས་བྱ་སྟེ། ལམ་དེ་གང་དང་རྗེས་སུ་མཐུན་ཞེ་ན། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ནོ། །ཇི་ལྟར་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ཞེ་ན། །ཁམས་
เล่ม ๑๒๕ · หน้า 231b
གསུམ་ལས་འབྱུང་བར་བྱ་བའི་ལམ་དེ། དེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་བཤད་པར་བྱ་བས་ན་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ནོ། །རྗེས་སུ་མཐུན་པ་དང་། མཁས་པ་སྦྱོར་བའི་ཚོགས་རྫོགས་པ་སྟེ། སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་
མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ། རྗེས་སུ་མཐུན་པ་དང་། མཁས་པ་སྦྱོར་བའི་ཚོགས་རྫོགས་པ་གཉིས་དོན་གཅིག་ཏུ་སྡུད་དེ། དེ་ལ་མཁས་པ་སྦྱོར་བ་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ་སློབ་པའི་གང་ཟག་བདུན་ལ་བྱ་སྟེ། དེ་དག་གིས་མཐོང་བ་དང་། བསྒོམ་
པའི་ལམ་ལ་ཚོགས་རྫོགས་པ་ཞེས་བྱའོ། །ཚོགས་རྫོགས་པ་དེ་ལ་རྗེས་སུ་མུཐུན་པ་ཞེས་བྱ་སྟེ། ལམ་དེ་དག་གང་དང་རྗེས་སུ་མཐུན་ཞེ་ན། མཐོང་བ་དང་བསྒོམ་པའི་ལམ་དེ་དག་ནི་སློབ་པའི་གང་ཟག་བདུན་གྱི་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྗེས་སུ་མཐུན་ཏེ། དེ་བས་
ན་མཁས་པ་སྦྱོར་བའི་ཚོགས་རྫོགས་པ་ལ་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་བཤད་ནས། མཇུག་བསྡུ་བའི་ཕྱིར། མདོར་ན་སེམས་ཅན་མཆོག་རྣམས་ཀྱི། །དེ་ལྟར་ཡི་གེ་ཕུན་སུམ་ཚོགས། །ཞེས་སྨོས་ཏེ། དེ་ལྟར་
ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ནའོ། །སེམས་ཅན་མཆོག་ནི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གོང་དུ་བཤད་པ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ནི་ཡན་ལག་བརྒྱད་དང་ལྡན་པས་ན་ཡི་གེ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་
ཡི་གེ་དང་ཚིག་ཕུན་སུམ་ཚོགས་པའི་ཡི་གེ་དང་། ཚིག་གྲངས་ནི་དུ་ཞིག་ཡོད། སྤྱིར་ནི་ཅི་འདྲ་སྙམ་པ་ལ། དེའི་ཕྱིར། བདེ་གཤེགས་དབྱངས་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དབྱངས་ནི་མཐའ་ཡས་སོ། །དེ་ལྟར་
མཐའ་ཡས་མོད་ཀྱི་མདོར་བསྡུ་ན་དུ་ཞིག་ཡོད་ཅེ་ན། དེ་ནི་དྲུག་ཅུ་ཡོད་དེ། ཇི་ལྟར་མཐའ་ཡས་ཤེ་ན། ཡན་ལག་དྲུག་ཅུ་པོ་དེ་རེ་རེ་ཞིང་ཡང་གསུང་དབྱངས་བསམ་གྱིས་མི་ཁྱབ་པ་འབྱུང་བས་ན་མཐའ་ཡས་སོ། །ཡན་ལག་དྲུག་ཅུ་པོ་དེ་མདོ་གང་ལས་འབྱུང་ཞེ་ན། དེའི་ཕྱིར། གང་
เล่ม ๑๒๕ · หน้า 232a
གསང་བའི་བདག་པོས་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གསང་བའི་བདག་པོ་ནི་འཕགས་པ་ལག་ན་རྡོ་རྗེའོ། །དེས་བསྟན་པ་ནི་དེས་བཤད་པའི་མདོ་སྡེ་གསང་བ་གསུམ་བསྟན་པའི་མདོའོ། །དེ་ལ་སྣུམ་པ་ནི་སེམས་ཅན་གྱི་ཁམས་དགེ་བའི་རྩ་བར་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་ལ་
དཔེར་ན་ཆུ་རབ་ཏུ་སྣུམ་པས་ཤིང་དང་རྩྭ་དང་། སྨན་དང་ནགས་ཚལ་སྟུག་པོ་ལ་སོགས་པ་བརླན་པར་བྱས་ནས། སྔོན་མ་སྐྱེས་པ་རྣམས་ནི་སྐྱེ་བར་བྱེད། སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་བ་དང་རྒྱས་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གིས་ཀྱང་སེམས་ཅན་གྱི་སེམས་ཀྱི་ཁམས་ལ་
སྔོན་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་ནི་སྐྱེ་བར་བྱེད། སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་བ་དང་རྒྱས་པར་བྱེད་པས་ན་སྤྱིར་སྣུམ་བ་ཞེས་བྱའོ། །འཇམ་པ་ནི་ཚེ་འདི་ཉིད་ལ་བདེ་བར་རེག་པའི་ཕྱིར་རོ་ཞེས་བྱ་བ་ལ། དཔེར་ན་ལྷའི་གོས་ཀ་ཙ་ལི་དང་། དར་དང་སྲིན་བལ་ལ་སོགས་པ་འཇམ་པ་ལ་ལུས་ཀྱིས་
རེག་ན་ལུས་ཀྱི་དབང་པོ་བདེ་བར་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་འཇམ་ཞིང་མཉེན་པས་ན་ཐོས་པའི་དུས་ནའམ། ཚེ་འདི་ལ་ཡིད་ཀྱི་དབང་པོ་བདེ་བར་བྱེད་པས་ན་འཇམ་པ་ཞེས་བྱའོ། །དོན་བཟང་པོའི་ཕྱིར་ཡིད་དུ་འོང་བའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་ནི་
སེམས་ཅན་དང་བདག་ཡོད་པར་མི་རྟོག་གི་བདེན་པ་གཉིས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པའི་དོན་འཆད་དེ། དོན་བཟང་བས་ན་ཡིད་དུ་འོང་བ་ཞེས་བྱའོ། །ཡིད་སྨོས་པས་ནི་གང་གི་ཕྱིར་དོན་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་ནུས་ཀྱི་རྣ་བའི་
རྣམ་པར་ཤེས་པས་ནི་དོན་དཔྱོད་པར་མི་ནུས་པས་ཡིད་སྨོས་སོ། །ཡི་གེ་བཟང་པོའི་ཕྱིར་ཡིད་དགའ་བའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་ནི་བ་ལང་རྫི་དང་། ཕྱུགས་རྫི་ལ་སོགས་པའི་ཚིག་དང་། ཡི་གེ་ལྟ་བུ་ཅལ་ཅོལ་མི་གསུང་གི་ལྷ་དང་འཕགས་པའི་ཚིག་དང་། ཡི་གེ་གསུངས་
ཏེ། ཡི་གེ་བཟང་བའི་ཕྱིར་ཡིད་དགའ་བ་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པ་ཕྱི་ནས་ཐོབ་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེ་
เล่ม ๑๒๕ · หน้า 232b
དག་འཇིག་རྟེན་ལས་འདས་པ་ཡིན་ཡང་། བླ་ན་མེད་པ་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་སྤངས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། ཉན་
ཐོས་ལས་གོང་དུ་གྱུར་པས་ན་བླ་ན་མེད་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་དེ་ལས་གསུང་དེ་འབྱུང་བས་ན་རྣམ་པར་དག་པ་ཞེས་བྱའོ། །ཉོན་མོངས་པའི་བག་ཆགས་བག་ལ་ཉལ་དང་བྲལ་བའི་ཕྱིར་
དྲི་མ་དང་བྲལ་བའོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་གི་ས་བོན་ལ་ནི་ཉོན་མོངས་པའི་བག་ཆགས་ཞེས་བྱའོ། །ཉེ་བའི་ཉོན་མོངས་པའི་ས་བོན་ལ་ནི་བག་ལ་ཉལ་ཞེས་བྱ་སྟེ། དྲི་མ་དེ་དག་སྤངས་ནས་གསུངས་པའི་ཕྱིར་དྲི་མ་དང་བྲལ་བ་ཞེས་བྱའོ། །གྲགས་པའི་ཚིག་
དང་ཡི་གེའི་ཕྱིར། །རབ་ཏུ་གསལ་བའོ་ཞེས་བྱ་བ་ལ། འཇིག་རྟེན་དུ་མ་གྲགས་པའི་ཚིག་དང་ཡི་གེ་མི་གསུང་གི །འཇིག་རྟེན་དུ་གྲགས་པའི་ཚིག་དང་ཡི་གེ་གསུངས་པའི་ཕྱིར་རབ་ཏུ་གསལ་བ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་ངན་པའི་བློ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་
པའི་ཕྱིར་སྟོབས་དང་ལྡན་པའོ་ཞེས་བྱ་བ་ལ། གསུང་དེ་ནི་མུ་སྟེགས་པ་བདག་དང་སེམས་ཅན་ལ་སོགས་པ་ཡོད་པར་ལྟ་བའི་ལྟ་བ་ངན་པའི་བློ་ཅན་རྣམས་འཇོམས་ཤིང་མེད་པར་བྱེད་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པས་ན་སྟོབས་དང་ལྡན་པ་ཞེས་བྱའོ། །བསྒྲུབས་ན་འབྱུང་བའི་ཉན་འདོད་
པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་མཉན་ནས་བསྒྲུབས་ན་ཁམས་གསུམ་ལས་འབྱུང་བར་འགྱུར་ཏེ། དེ་བས་ན་ཉན་འདོད་པ་ཞེས་བྱ་སྟེ་ཉན་པར་འོས་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཆོམས་པའི་ཕྱིར་མི་ཚུགས་པའོ་ཞེས་བྱ་བ་ལ། དེ་བཞིན་
གཤེགས་པ་ཆོས་འཆད་པ་ནི་མུ་སྟེགས་པ་ལ་སོགས་པ་ཕ་རོལ་རྒོལ་བ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ལ་ཟིལ་གྱིས་མི་ནོན་ཅིང་སུན་མི་ཕྱིན་པས་ན་མི་ཚུགས་པ་ཞེས་བྱའོ། །འདོད་ཆགས་ལ་སོགས་པ་གཉེན་པོའི་ཕྱིར་འདུལ་བའོ་ཞེས་བྱ་བ་ལ། གསུང་དེ་འདོད་ཆགས་ཀྱི་གཉེན་
เล่ม ๑๒๕ · หน้า 233a
པོར་འགྱུར་བས་ན། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ཀུན་གྱི་གཉེན་པོར་འགྱུར་བས་ན་ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བ་ཞེས་བྱའོ། །བསླབ་པ་བཅས་པའི་བདེ་བའི་ཐབས་ཀྱི་ཕྱིར་མི་རྩུབ་པའོ་ཞེས་བྱ་བ་ལ། མུ་སྟེགས་པ་རྣམས་ཀྱི་བསླབ་པ་བཅས་པ་ནི་མེ་ལྔས་མཐའ་བསྐོར་
བ་དང་། སྐྲ་འཐོག་པ་དང་། རི་ཀ་ནས་མཆོང་བ་དང་། ཐལ་བར་འགྲེ་བ་ལ་སོགས་པ་ཚེ་འདི་དང་། ཚེ་རབས་གཞན་དུ་གནོད་པ་བསླབ་པ་འཆའ་བས་ན་རྩུབ་པོ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་འདུལ་བ་བཅས་པ་ནི་ཚེ་འདིར་ཡང་མི་གྲང་མི་བཀྲེས་པའི་བཟའ་བ་དང་། བགོ་བ་སྤྱོད་དུ་
གནང་ལ། ཚེ་རབས་གཞན་དུའང་དོན་ཁོང་དུ་ཆུད་པར་འགྱུར་བའི་ཐབས་སླ་བ་ཡིན་པས་ན་མི་རྩུབ་པ་ཞེས་བྱའོ། །ཡང་ན་དང་པོའི་ཚིག་གིས་བསླབ་པ་འཆའ་བས་ན་དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ནོ་ཞེས་གསུངས་པས་ན་མི་རྩུབ་པའོ། །དེ་ལས་འདས་ནས་
ཡང་དག་པར་འབྱུང་བས་ཐབས་སྟོན་པའི་ཕྱིར་མི་བརླང་བའོ་ཞེས་བྱ་བ་ལ། གལ་ཏེ་བསླབ་པ་ལས་འདས་ན་ཡང་དེ་ལས་འདས་ཕན་ཆད་སྒོ་གཞན་ལ་འཇུག་ཅིང་འབྱུང་བར་བྱ་བའི་ཐབས་ཡེ་མེད་པ་མ་ཡིན་གྱི། བསླབ་ཚིག་ལས་འདས་ཏེ་བསླབ་པ་ཉམས་ན་ཡང་བཤགས་པ་དང་ཕྱིས་
མི་བྱ་བར་བསྡམས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ལ་སོགས་པ་རྣམ་གྲངས་ཀྱི་སྒོ་གཞན་ལ་འཇུག་ཅིང་ཁམས་གསུམ་ལས་འབྱུང་བར་བྱ་བའི་ཐབས་སྟོན་པས་ན་མི་བརླང་བ་ཞེས་བྱའོ། །ཐེག་པ་གསུམ་སྟོན་པའི་ཕྱིར་ཤིན་ཏུ་འདུལ་བའོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པས་
འདུལ་བ་རྣམས་ལ་ཉན་ཐོས་ཀྱི་ཐེག་པ་སྟོན། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བ་རྣམས་ལ་རང་སངས་རྒྱས་ཀྱི་ཐེག་པ་སྟོན། ཐེག་པ་ཆེན་པོས་འདུལ་བ་རྣམས་ལ་ཐེག་པ་ཆེན་པོ་སྟོན་པས་ན་ཤིན་ཏུ་འདུལ་བ་ཞེས་བྱའོ། །གཡེང་བའི་གཉེན་པོའི་ཕྱིར་རྣར་སྙན་པའོ་ཞེས་བྱ་བ་ལ། དེ་བཞིན་
གཤེགས་པའི་གསུང་ནི་ཤིན་ཏུ་འཇམ་ཞིང་སྙན་པ་ཡིན་པས་ཉན་པའི་སེམས་གཡེང་བ་མེད་པ་དང་། རྣ་བླགས་ཏེ་ཉན་པར་བྱེད་པས་ན་རྣ་བར་སྙན་པ་ཞེས་བྱའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་སིམ་པར་བྱེད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་དེ་ཐོས་ན་སེམས་མཉམ་
เล่ม ๑๒๕ · หน้า 233b
པར་འཇོག་པ་འབྱུང་ངོ་། །སེམས་མཉམ་པར་གཞག་པ་ལས་ཞི་གནས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེའོ། །ཏིང་ངེ་འཛིན་སྐྱེས་ན་ལུས་ལ་བདེ་བ་སྐྱེ་བར་བྱེད་དོ། །དེ་བས་ན་ལུས་སིམ་པར་བྱེད་པ་ཞེས་བྱའོ། །ལྷག་མཐོང་གི་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་སེམས་དགའ་བར་བྱེད་པའོ་ཞེས་
བྱ་བ་ལ། གསུང་དེས་ཤེས་རབ་ཀྱི་མཚན་ཉིད་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་ཤིང་མི་ཤེས་པའི་མུན་པ་དང་བྲལ་བའི་ལྷག་མཐོང་གི་དགའ་བ་སྐྱེད་པར་བྱེད་པའི་ཕྱིར། སེམས་དགའ་བར་བྱེད་པ་ཞེས་བྱའོ། །ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་སེམས་དགའ་བར་བྱེད་
པའོ་ཞེས་བྱ་བ་ལ། ཇི་ཙམ་དུ་ཐེ་ཚོམ་གྱི་ཟུག་རྔུ་ཟུག་པ་དེ་ཙམ་དུ་ཡིད་མི་བདེ་བ་ཡིན་པ་ལས་དེ་བཞིན་གཤེགས་པའི་གསུང་གིས་ནི་དེ་བཞིན་དུ་ཐེ་ཚོམ་གྱི་ཟུག་རྔུ་འབྱིན་པར་བྱེད་པས་ན་སྙིང་དགའ་བར་བྱེད་པ་ཞེས་བྱའོ། །ལོག་པར་འཛིན་པ་སྤོང་བའི་ཕྱིར་དགའ་བ་དང་བདེ་བ་སྐྱེད་པའོ་
ཞེས་བྱ་བ་ལ་ལོག་པར་འཛིན་པ་རྣམ་པ་གཉིས་ཏེ། མི་ཤེས་པ་དང་ལོག་པར་ཤེས་པའོ། །དེ་ལ་མི་ཤེས་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་ནས་ཐམས་ཅད་དུ་ཁོང་དུ་མ་ཆུད་པ་སྟེ། དེ་དག་གི་མི་ཤེས་པ་སྤོང་ཞིང་ཤེས་པ་ལ་འཇོག་པར་མཛད་པས་ན་དགའ་བ་སྐྱེད་
པ་ཞེས་བྱའོ། །ལོག་པར་ཤེས་པས་ནི་བདག་དང་རྟག་པ་དང་བདེ་བ་ལ་སོགས་པ་ཡོད་པར་ཤེས་པ་སྟེ། དེ་དག་གི་ལོག་པའི་ཤེས་པ་སྤོང་ཞིང་ཡང་དག་པའི་ཤེས་པ་ལ་འགོད་པས་ནི་བདེ་བ་སྐྱེད་པ་ཞེས་བྱའོ། །སྒྲུབ་པ་འགྱོད་པ་མེད་པའི་ཕྱིར་མི་འགྱོད་པའོ་ཞེས་བྱ་བ་ལ། དེ་བཞིན་
གཤེགས་པའི་གསུང་ཐོས་ནས་མཉན་པ་དང་བསམས་པ་ལ་སོགས་པའི་སྒོ་ནས་བསྒྲུབས་ན། མཐར་འབྲས་བུ་འཐོབ་ཅིང་དེ་ཁོ་ན་མངོན་སུམ་དུ་རྟོགས་པར་གྱུར་པས་བདག་གིས་གསུང་དེ་མཉན་པ་ནི་དོན་མེད་པར་བྱས་སོ་སྙམ་པའི་མི་དགའ་བ་དང་། འགྱོད་པ་མེད་པའི་ཕྱིར་མི་འགྱོད་
པ་ཞེས་བྱའོ། །ཐོས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་ཀྱི་ཕྱིར་ཀུན་ཤེས་པར་བྱའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་དེ་མཉན་ཅིང་ཐོས་ན་ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་ཏེ། ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་དང་གནས་སུ་གྱུར་པའི་
เล่ม ๑๒๕ · หน้า 234a
ཕྱིར་ཀུན་ཤེས་པར་བྱ་བ་ཞེས་བྱའོ། །བསམ་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་ཀྱི་ཕྱིར་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ། ཇི་ལྟར་མཉན་པའི་ཆོས་དེ་རིག་པའི་སྒོ་ནས་བསམས་པས་ན་བསམ་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་སྟེ། བསམ་པའི་ཤེས་རབ་ཕུན་སུམ་
ཚོགས་པ་སྐྱེ་བའི་རྒྱུ་དང་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་འཆབ་པ་མེད་པའི་ཆོས་སྟོན་པའི་ཕྱིར་རྣམ་པར་གསལ་བའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་ཆོས་ཁ་ཅིག་འཆད་ཁ་ཅིག་མི་འཆད་ཅེས་བྱ་བ་མ་ཡིན་གྱི། ཆོས་ཐམས་ཅད་འཆད་པ་དང་། ཚིག་
འཆད་དོན་མི་འཆད་པ་མ་ཡིན་གྱི། ཚིག་དང་དོན་དུ་བཅས་ཏེ་འཆད་པས་སློབ་དཔོན་འཆབ་པ་མེད་པར་སྟོན་པའི་ཕྱིར་རྣམ་པར་གསལ་བ་ཞེས་བྱའོ། །བདག་གི་དོན་རྗེས་སུ་ཐོབ་པ་དག་དགའ་བར་བྱེད་པའི་ཕྱིར་དགའ་བའོ་ཞེས་བྱ་བ་ལ། འཕགས་པ་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པ་མན་ཆད་
གང་ཟག་བརྒྱད་དང་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་དག་ནི་བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བརྒྱད་ཀྱིས་ཀྱང་ཉོན་མོངས་པའི་ཉོན་མོངས་པ་དང་། ལས་ཀྱི་ཉོན་མོངས་པ་དང་། ཚེའི་ཉོན་མོངས་པ་སྤངས་
པའི་མཚན་ཉིད་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ན་ནི་བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱའོ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྙེད་པས་ན་བདག་གི་དོན་རྗེས་སུ་
ཐོབ་པ་ཞེས་བྱ་སྟེ། བདག་དེ་བཞིན་གཤེགས་པའི་གསུང་གི་སྒོ་ནས་འབྲས་བུ་ཐོབ་པར་མཐོང་སྟེ། དགའ་བ་སྐྱེད་པར་བྱེད་པས་ན་དགའ་བ་ཞེས་བྱའོ། །བདག་གི་དོན་མ་ཐོབ་པ་རྣམས་སྲེད་པའི་ཕྱིར་མངོན་པར་འདོད་པའོ་ཞེས་བྱ་བ་ལ། བདག་གི་དོན་མ་ཐོབ་པས་ནི་སོ་སོའི་སྐྱེ་བོ་ཡན་ཆད་མོས་པ་
སྤྱོད་པའི་ས་ཡན་ཆད་འཇིག་རྟེན་གྱི་ཆོས་མཆོག་མ་ཐོབ་པ་མན་ཆད་པ་ནི་བདག་གི་དོན་མ་ཐོབ་པ་ཞེས་བྱ་སྟེ། དེ་དག་ཀྱང་བདག་གི་དོན་རྗེས་སུ་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་གསུང་ལ་འཇུག་པར་འདོད་པ་སྐྱེད་པར་བྱེད་པས་ན་མངོན་པར་འདོད་པ་ཞེས་བྱའོ། །བསམ་དུ་མེད་
เล่ม ๑๒๕ · หน้า 234b
པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ་ཞེས་བྱ་བ་ལ། སོ་སོ་རང་གིས་རིག་པར་བྱ་བ་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་བསམ་དུ་མེད་པའི་ཆོས་ཞེས་བྱ་སྟེ། ཆོས་དེ་དག་ཡང་དག་པར་སྟོན་པར་བྱེད་པས་ན་ཀུན་ཤེས་པར་བྱེད་པ་
ཞེས་བྱའོ། །ཡང་ན་ཆོས་གང་བསམས་ན་ཁྲག་ཏུ་སྐྱུག་ཅིང་སྨྱོ་བར་འགྱུར་བའི་ཆོས་དེ་དག་ནི་བསམ་དུ་མེད་པའི་ཆོས་ཞེས་བྱ་སྟེ། དེ་ཡང་གང་ཞེ་ན། ཕྱིའི་དངོས་པོ་རྣམ་པ་སྣ་ཚོགས་པ་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་
ཁྱབ་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ། ཆོས་དེ་དག་ཡང་དག་པར་བསྟན་པས་ཉན་པ་པོ་རྣམས་གནས་དེ་དག་སྤོང་བར་བྱེད་པས་ན། ཀུན་ཤེས་པར་བྱེད་པ་ཞེས་བྱའོ། །བསམ་པའི་ཆོས་ཡང་
དག་པར་སྟོན་པའི་ཕྱིར་རྣམ་པར་ཤེས་པར་བྱེད་པའོ་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་བསམ་པའི་ཆོས་ཞེས་བྱ་སྟེ། ཆོས་དེ་དག་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་ཞེས་བྱའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ་
ཞེས་བྱ་བ་ལ། གསུང་དེ་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་གི་ཚད་མ་གསུམ་དང་ཡང་མི་འགལ་བར་གསུངས་པས་ན་རིགས་པ་ཞེས་བྱའོ། །འདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་མཐུན་པའོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པ་རྣམས་ལ་ཐེག་པ་ཆེན་པོ་མི་སྟོན། ཐེག་པ་ཆེན་པོ་རྣམས་
ལ་ཉན་ཐོས་ཀྱི་ཐེག་པ་མི་སྟོན་ཏེ། སྣོད་དང་ཆོས་སུ་མི་འཚམ་པ་མི་སྟོན་གྱི་སེམས་ཅན་གང་ལ་ཆོས་གང་བསྟན་པར་རིགས་པའི་སེམས་ཅན་དེ་ལ་ཆོས་དེ་སྟོན་ཏེ། སྣོད་དང་ཆོས་སུ་འཚམ་པར་སྟོན་པས་ན་མཐུན་པ་ཞེས་བྱའོ། །དགོས་པ་དང་བཅས་པའི་ཕྱིར་ཟློག་པའི་ཉེས་པ་སྤངས་པའོ་ཞེས་བྱ་བ་ལ། མ་
རིག་པ་དང་མུན་པ་དང་མུན་ནག་དང་། གཏི་མུག་ཅེས་བྱ་བ་ལ་སོགས་པ་རྣམ་གྲངས་ཀྱི་ཚིག་སྨོས་པ་རྣམས་ལ་ཟློས་པའི་ཉེས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དགོས་པ་དང་བཅས་དོན་དང་བཅས་པའི་ཕྱིར་རོ། །ཅི་དགོས་ཤེ་ན། ཆོས་འཆད་པའི་འཁོར་དུ་འགྲོ་བ་མང་པོ་ཚོགས་པ་ལ། ལ་ལ་ལ་ནི་ཚིག་
เล่ม ๑๒๕ · หน้า 235a
གི་རྣམ་གྲངས་གང་གིས་གོ། །ལ་ལ་ལ་གང་གིས་གོ་བ་དེ་ཀུན་གྱིས་གོ་བའི་ཕྱིར་དང་། གཞན་དག་སོ་སོ་ཡང་དག་པར་རིག་པའི་ས་བོན་བསྐྱེད་པར་བྱ་བའི་ཕྱིར་ཏེ། རྣམ་གྲངས་ཀྱི་ཚིགས་བཅད་དགོས་པ་ནི་རྒྱས་པར་བཤད་པར་རིགས་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་
བལྟ་བར་བྱའོ། །མུ་སྟེགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་སེང་གེའི་སྒྲའི་ཤུགས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་སེང་གེའི་སྒྲའི་དབྱངས་ཀྱི་ཤུགས་ཀྱིས་རི་དྭགས་ཕྲ་མོ་རྣམས་སྐྲག་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྟོབས་དང་བདག་མེད་པར་གསུངས་པའི་གསུང་དབྱངས་
ཀྱི་སྒྲ་བསྒྲགས་པས་མུ་སྟེགས་རི་དྭགས་རྣམས་དང་འདྲ་བ་རྣམས་སྐྲག་པར་བྱེད་པས་ན་སེང་གེའི་སྒྲའི་ཤུགས་ལྟ་བུ་ཞེས་བྱའོ། །སྤངས་པའི་ཕྱིར་གླང་པོ་ཆེའི་སྒྲ་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། གླང་པོ་ཆེ་ནི་མིའི་ཡུལ་ན་གནས་པའི་གླང་པོ་ཆེ་ལ་མི་བྱའི། ལྷའི་གླང་པོ་ཆེ་ཨེའི་བ་ར་ན་ལ་སོགས་པ་ལ་
བྱའོ། །གླང་པོ་ཆེའི་སྒྲ་དབྱངས་ནི་སུབ་སུབ་པོ་དང་འཛེར་འཛེར་པོ་མ་ཡིན་པས་སྤངས་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་དབྱངས་ཀྱང་། འཛེར་འཛེར་པོ་དང་སུབ་སུབ་པོ་མེད་པས་ན་སྤངས་པ་ཞེས་བྱའོ། །ཟབ་པའི་ཕྱིར་སྤྲིན་གྱི་སྒྲ་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། སྤྲིན་ནི་
འབྲུག་ལ་བྱ་སྟེ། དཔེར་ན་འབྲུག་གི་སྒྲ་དྲུང་ནས་ཉན་ན་ཡང་ལྷག་པར་དྲག་ཏུ་ཐོས་པ་མེད་ཐག་རིང་པོ་ནས་མཉན་ན་ཡང་ལྷག་པར་སྒྲ་ཆུང་བར་གྲགས་པ་མེད་དེ། ཉེ་རིང་ཀུན་འདྲ་བར་སྙོམས་པ་ཁོ་ནར་ཐོས་པས་ཟབ་པ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་ཉེ་རིང་དུ་ཀུན་ལ་དྲག་དལ་
མེད་པར་གྲགས་པས་ན་སྤྲིན་གྱི་སྒྲ་དབྱངས་ལྟ་བུ་ཞེས་བྱའོ། །འཇེབས་པའི་ཕྱིར་ཀླུའི་དབང་པོའི་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་ཀླུའི་གནས་ན་ཀླུའི་དབང་པོ་ཚིག་འཇེབས་ཤིང་ཚིག་བཙུན་ལ་ཀླུ་ཀུན་ཉན་དུ་བཏུབ་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་བཀའ་ཡང་འཇེབས་ཤིང་བཙུན་
ལ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་བཀའ་ཉན་པར་བྱེད་པས་ན་ཀླུའི་དབང་པོའི་དབྱངས་ལྟ་བུའོ་ཞེས་བྱའོ། །སྙན་པའི་ཕྱིར་མིའམ་ཅིའི་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་སེམས་ཅན་གྱི་སྒྲ་སྐད་ཀྱི་ནང་ན་མིའམ་ཅིའི་སྐད་ལས་མཆོག་མེད་དེ་སྙན་ཅིང་
เล่ม ๑๒๕ · หน้า 235b
འཇམ་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སྙན་ཅིང་འཇམ་པས་ན་མིའམ་ཅིའི་དབྱངས་ལྟ་བུའོ་ཞེས་བྱའོ། །ཕྱིར་ཞིང་མི་གཅོད་པའི་ཕྱིར་ཀ་ལ་པིང་ཀའི་སྒྲ་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་ཀ་ལ་པིང་ཀའི་སྒྲ་ཕྱིར་ཞིང་གཞན་ནས་གཞན་དུ་གྱུར་ལ་རྗེས་ཀྱང་མི་གཅོད་དེ་དཔེར་ན་འཕན་
རིངས་རླུང་གིས་བཏབ་པ་ན་འཆད་པ་ཡང་མེད་ཅིང་གཞན་ནས་གཞན་དུ་ལྡོག་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཆོས་འཆད་པ་ན་ཡང་གསུང་དབྱངས་ཀྱི་རྒྱུན་མི་གཅོད་ལ། དབྱངས་སྙན་པ་ཡང་སྔ་མ་དང་མི་འདྲ་བར་ཕྱི་མ་སྙན་པ་གཞན་དང་གཞན་དག་འབྱུང་བས་ན་ཀ་ལ་པིང་ཀའི་སྒྲ་ལྟ་
བུའོ། །ཁ་ཅིག་ལས་ཕྱིར་ཞིང་གཅོད་ཅེས་འབྱུང་སྟེ། དེའི་དོན་ཀྱང་དཔེར་ན་བྱ་ཀ་ལ་པིང་ཀའི་སྒྲ་ཕྱུང་བ་ན་སེམས་ཅན་གྱི་སེམས་སུ་ཞུགས་ནས་སྒྲ་དེའི་རྒྱུན་གཅོད་པར་བྱེད་དོ། །སྒྲའི་རྒྱུན་འཆད་ན་ཡང་དེ་སྙན་པས་ན་ཡང་ཉན་པར་འདོད་པའི་སེམས་སྐྱེ་བར་བྱེད་པ་དེ་བཞིན་དུ་སངས་རྒྱས་
བཅོམ་ལྡན་འདས་ཀྱི་གསུང་ཡང་ཉན་པ་པོའི་སེམས་ཀྱི་རྒྱུད་ལ་འཇུག་པར་བྱེད་ཅིང་གསུང་རྒྱུན་བཅད་ན་ཡང་ཉན་པར་འདོད་པའི་བསམ་པ་སྐྱེ་བས་ན་ཀ་ལ་པིང་ཀའི་སྒྲ་ལྟ་བུའོ། །རིང་དུ་སོང་བའི་ཕྱིར་ཚངས་པའི་སྒྲ་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་ཚངས་པའི་དབྱངས་ནི་མཉེན་པས་
ན་རིང་དུ་སོང་བ་སྟེ། རིང་དུ་ཆད་དུམ་དུམ་པོར་ཆད་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་རིང་དུ་འདྲེན་ཏེ། རྔུབ་རྔུབ་པོར་ཆད་པ་མ་ཡིན་པས་ན་ཚངས་པའི་སྒྲ་དབྱངས་ལྟ་བུའོ་ཞེས་བྱའོ། །འགྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་བཀྲ་ཤིས་པའི་ཕྱིར་ཛི་
བ་ཛི་བ་ཀའི་སྒྲ་འབྱིན་པ་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་སེམས་ཅན་དག་དོན་གཉེར་དུ་འགྲོ་བ་ལ། བྱ་ཛི་བ་ཛི་བ་ཀའི་སྐད་ཐོས་ན་དོན་ཐམས་ཅད་གདོན་མི་ཟ་བར་འགྲུབ་པའི་ཕྱིར་རོ། །དེའི་སྐད་ནི་དོན་འགྲུབ་པའི་བཀྲ་ཤིས་ཀྱི་སྔོན་དུ་འགྲོ་བ་ལྟར་དེ་བཞིན་གཤེགས་
པའི་གསུང་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པའི་བཀྲ་ཤིས་པའི་སྔ་ལྟས་ཡིན་པས་ན། ཛི་བ་ཛི་བ་ཀའི་སྒྲ་འབྱིན་པ་ལྟ་བུའོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་གསུང་སྔར་ཐོས་པ་ལས་ཕྱིས་འཇིག་རྟེན་པ་དང་འཇིག་
เล่ม ๑๒๕ · หน้า 236a
རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །མི་འདའ་བར་བྱ་བའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་བརྒྱ་བྱིན་ལྷའི་དབང་པོའི་དབྱངས་དང་ཚིག་ལྷ་གཞན་གྱིས་ཅུང་ཟད་ཀྱང་འདའ་བར་བྱ་ཞིང་བཀག་པར་
བྱ་བར་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བཀའ་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་འདའ་བར་བྱ་ཞིང་བཀའ་བཅག་པར་མི་ནུས་པས་ན་ལྷའི་དབང་པོའི་དབྱངས་སྙན་པ་ལྟ་བུ་ཞེས་བྱ་སྟེ། དཔེར་ན་ཚེ་དང་ལྡན་པ་དགའ་བོ་ལྟ་བུ་རབ་ཏུ་འབྱུང་བར་མ་དད་ཀྱང་རབ་
ཏུ་མི་འབྱུང་ངམ་ཞེས་བཀའ་སྩལ་པ་ལས། བཀའ་ལས་འདའ་བར་བྱ་བ་མ་ནུས་ནས་རབ་ཏུ་འབྱུང་བར་འཚལ་ལོ་ཞེས་ཁས་བླངས་པ་ལྟ་བུའོ། །བདུད་ཐམས་ཅད་ཀྱིས་ཕྱིར་རྒོལ་བ་ལས་ཀྱང་རྒོལ་ཞིང་སྔོན་དུ་འགྲོ་བའི་ཕྱིར་རྔའི་དབྱངས་ལྟ་བུའོ་ཞེས་བྱ་བ་ལ། དཔེར་ན་གཡུལ་
ངོར་འཐབ་མོ་བཀྱེ་བ་ལས་གཞན་དག་ཕམ་ནས་རྒྱལ་བར་འགྱུར་ན་རྒྱལ་བའི་མཚན་མར་དང་པོར་རྔའི་སྒྲ་འབྱིན་པ་ལྟ་བུར་དེ་བཞིན་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བར་བྱས་ནས་དང་པོ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཕྱུང་བས་ན་རྔ་སྒྲའི་དབྱངས་
སྙན་ལྟ་བུ་ཞེས་བྱའོ། །བསྟོད་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་མི་བགྱིད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ན་གཞན་དག་གིས་བདེ་བར་གཤེགས་པ་ཆོས་བསྟན་པ་ནི་དགེ་བར་གསུངས་པའོ། །ལེགས་པར་བཤད་པའོ་ཞེས་བསྟོད་དུ་ཟིན་ཀྱང་མཐོས་
སོ་སྙམ་དུ་དགོངས་པའི་ང་རྒྱལ་གྱི་ཉོན་མོངས་པ་མེད་པས་ན་མི་བགྱིད་པ་ཞེས་བྱའོ། །སྨད་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་མ་ཞུམ་པའོ་ཞེས་བྱ་བ་ལ། ཁྱོད་ཀྱིས་ཆོས་བསྟན་པ་དེ་ནི་ཉེས་སོ་ཞེས་གཞན་དག་གིས་སྨད་ཀྱང་དམས་སོ་སྙམ་པའི་ཉོན་མོངས་པ་མེད་པས་མ་ཞུམ་པ་
ཞེས་བྱའོ། །བརྡ་སྤྲད་པ་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་ཕྱིར་སྒྲ་ཐམས་ཅད་ལ་རབ་ཏུ་ཞུགས་པའོ་ཞེས་བྱ་བ་ལ། བརྡ་སྤྲད་པ་ནི་ལུང་བསྟན་པ་སྟེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། རྒྱལ་པོ་ཆེན་པོ་དག་མ་འོངས་པ་ན་འདི་ལྟར་འབྱུང་བར་
เล่ม ๑๒๕ · หน้า 236b
འགྱུར་རོ་ཞེས་ལུང་སྟོན་པ་ན་བརྡ་སྤྲད་པ་ཞེས་བྱའོ། །དུས་གསུམ་དུ་ཉན་ཐོས་ལ་སོགས་པ་ཇི་ལྟར་འབྱུང་བ་ཐམས་ཅད་ལུང་སྟོན་པ་ན་བརྡ་སྤྲད་པ་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་རབ་ཏུ་ཞུགས་པ་ཞེས་བྱ་སྟེ་དེ་ལྟར་དུས་གསུམ་གྱི་དངོས་པོ་ཐམས་ཅད་ལུང་སྟོན་པས་ན་སྒྲ་
ཐམས་ཅད་ལ་རབ་ཏུ་ཞུགས་པ་ཞེས་བྱའོ། །ཡང་ན་རིག་པའི་གནས་ལྔ་ལ་སྒྲ་རིག་པའི་རིག་པ་ཐམས་ཅད་ལ་མཁས་པ་ནི་བརྡ་སྤྲད་པ་ཐམས་ཅད་ཀྱི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པ་ཞེས་བྱ་སྟེ། དེ་བས་ན་སྒྲ་ཐམས་ཅད་ལ་རབ་ཏུ་ཞུགས་པ་ཞེས་བྱའོ། །བརྗོད་དེ་མི་སྨྲ་བ་མེད་
པའི་ཕྱིར་དང་། ཟུར་ཆག་པ་མེད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་དགོངས་པ་རྩེ་གཅིག་ཏུ་འཇོག་པ་ཡིན་པས། ཆོས་འདི་འདྲ་བ་ཞིག་བརྗོད་པས་བཤད་དུ་མེད་དོ་བསྙེལ་བ་མེད་པས་ན་ཟུར་ཆག་པ་མེད་པ་ཞེས་བྱའོ། །ཡང་ན་ཆོས་འདི་འདྲ་བ་ཞིག་བཤད་
པར་བྱའོ་ཞེས་དགོངས་པ་ལ་བཤད་པའི་དུས་ན་བསྙེལ་ནས་མ་བཤད་པ་མི་མངའ་བས་ན་ཟུར་ཆག་པ་མེད་པ་ཞེས་བྱའོ། །འདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་གནས་པའི་ཕྱིར་ཚང་བའོ་ཞེས་བྱ་བ་ལ། འདུལ་བའི་བྱ་བ་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པ་
དང་། བསྐྱེད་པ་རྣམས་འཕེལ་ཞིང་བརྟས་པར་བྱ་བ་དང་། འཕེལ་ཞིང་བརྟས་པ་རྣམས་རྣམ་པར་གྲོལ་བར་བྱ་བ་ནི་འདུལ་བའི་བྱ་བ་ཞེས་བྱ་སྟེ། འདུལ་བའི་བྱ་བ་རྣམས་ལ་སྐད་ཅིག་ཀྱང་མི་ཡོལ་བར་དེ་དག་གི་དོན་ཇི་ལྟར་བྱ་ཞེས་དུས་ཐམས་ཅད་དུ་དགོངས་པ་ཉེ་བར་གཞག་པས་ན་
ཚང་བ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་མ་ཆགས་པའོ་ཞེས་བྱ་བ་ལ། རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་བསྟོད་པ་དང་ཕྱག་བྱ་བ་ལ་སོགས་པ་སྟེ། དེ་དག་ལ་མ་ཆགས་མ་ཞེན་པས་ན་མ་ཆགས་པ་ཞེས་བྱའོ། །འཇིགས་པ་མེད་པའི་ཕྱིར་མ་ཞུམ་
པའོ་ཞེས་བྱ་བ་ལ། ཆོས་འཆད་པའི་དུས་ན་མུ་སྟེགས་པས་བརྒལ་ན་མི་ཐུབ་པའོ་སྙམ་པའི་འཇིགས་པ་མི་མངའ་བས་ན་མི་ཞུམ་པ་ཞེས་བྱའོ། །མི་སྐྱོ་བའི་ཕྱིར་དགའ་བའོ་ཞེས་བྱ་བ་ལ། ཆོས་འཆད་པ་མཛད་ཀྱང་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བ་མི་མངའ་བས་ན་དགའ་བ་ཞེས་བྱའོ། །
เล่ม ๑๒๕ · หน้า 237a
རིག་པའི་གནས་ཐམས་ཅད་ལ་མཁས་པར་ཞུགས་པའི་ཕྱིར་རྒྱས་པའོ་ཞེས་བྱ་བ་ལ། རིག་པའི་གནས་ལྔ་ཐམས་ཅད་ལ་མཁས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ཆོས་འཆད་པ་མཛད་པས་ན་རྒྱས་པ་ཞེས་བྱའོ། །སེམས་ཅན་ལ་དོན་དེ་ཐམས་ཅད་བསྒྲུབས་པའི་ཕྱིར་
ཐ་བ་དང་བཅས་པའོ་ཞེས་བྱ་བ་ལ། སེམས་ཅན་གང་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ནི་ཐ་བ་མེད་པ་ཞེས་བྱ་སྟེ། བཅས་པའི་སྒྲས་ནི་ཐ་བ་མེད་པ་ཡང་བསྡུའོ། །སེམས་ཅན་ཐ་བ་དང་བཅས་པ་རྣམས་ལ་ནི་དགེ་བའི་རྩ་བ་བསྐྱེད་པའི་དོན་སྒྲུབ་པར་བྱེད་དོ། །དགེ་བའི་རྩ་བ་བསྐྱེད་པ་
རྣམས་ལ་ནི་དགེ་བའི་རྩ་བ་བརྟས་པ་དང་། འཕེལ་བར་བྱེད་དེ། དེ་བས་ན་ཐ་བ་དང་བཅས་པ་ཞེས་བྱའོ། །རྒྱུན་མ་ཆད་པའི་ཕྱིར་ཞུགས་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ན་བར་འགའ་ནི་སེམས་ཅན་ལ་ཆོས་བཤད་པར་བྱའོ། །བར་འགའ་ནི་མི་བཤད་དོ་སྙམ་དུ་དགོངས་
པ་མེད་པར་རྒྱུན་དུ་འཆད་པར་མཛད་པས་ན་ཞུགས་པ་ཞེས་བྱའོ། །ཡང་ན་ཆོས་འཆད་པའི་ཚེ་ལན་ཅིག་བཤད་ནས་རྒྱུན་བཅད་དེ་ཐག་གི་ཙམ་གཞེས་ནས་ཡང་འཆད་པར་མཛད་པ་མེད་ཀྱི་ཚིག་དང་གསུང་གི་རྒྱུན་མ་འཆད་པར་མཛད་པས་ཞུགས་པ་ཞེས་བྱའོ། །རྣམ་པ་སྣ་ཚོགས་ལ་ཉེ་བར་སྦྱོར་
བའི་ཕྱིར་རོལ་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་ཚིག་དང་ཡི་གེ་དང་མིང་གཅིག་གི་སྒོ་ནས་འཆད་པར་མཛད་པ་མ་ཡིན་གྱི། ཚིག་དང་མིང་དང་ཡི་གེ་སྣ་ཚོགས་མང་པོའི་སྒོ་ནས་འཆད་པར་མཛད་པས་ན་རོལ་པ་ཞེས་བྱའོ། །གསུང་གཅིག་ལ་སྒྲ་མང་པོའི་རིག་པ་
ཉེ་བར་གནས་པའི་ཕྱིར་དབྱངས་ཐམས་ཅད་རྫོགས་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་གསུང་གཅིག་ཕྱུང་སྟེ་གསུང་གི་རང་བཞིན་གཅིག་ཁོ་ནར་ཟད་མོད་ཀྱི་གཅིག་པོ་དེ་ལས་ལྷ་དང་ཀླུ་དང་གནོད་སྦྱིན་དང་། མི་དང་བྱོལ་སོང་དང་། ཡི་དྭགས་ལ་སོགས་པ་སོ་སོའི་སྒྲ་དང་
སྐད་གང་ཡིན་པ་དེ་དང་མཐུན་མཐུན་དུ་སོ་སོར་ཐོས་པས་ན། དབྱངས་ཐམས་ཅད་རྫོགས་པ་ཞེས་བྱའོ། །གཅིག་གིས་དོན་མང་པོ་ཆུད་པ་ཉེ་བར་གནས་པའི་ཕྱིར། དབང་པོ་ཐམས་ཅད་མགུ་བའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་མི་རྟག་པ་ལ་སོགས་པའི་ཆོས་ཀྱི་དོན་གཅིག་བསྟན་
เล่ม ๑๒๕ · หน้า 237b
ན་སེམས་ཅན་རྣམས་ཀྱིས་ནི་སོ་སོའི་སེམས་ཀྱི་ཆོས་ཀྱི་དོན་གང་དང་གང་ལ་དད་པ་དེ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་བས་ན་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་ཚིམ་པར་བྱེད་པའི་ཕྱིར་དབང་པོ་ཐམས་ཅད་མགུ་བ་ཞེས་བྱའོ། །ཇི་ལྟར་དམ་བཅས་པའི་ཕྱིར་མི་སྨད་པའོ་ཞེས་བྱ་བ་ལ། དེ་བཞིན་
གཤེགས་པ་ནི་དང་པོ་ཇི་ལྟར་དམ་བཅས་པ་ལས་གཞན་དུ་འགྱུར་བ་མི་མཛད་པས་ན་དམ་པ་ལས་ཉམས་སོ་ཞེས་གཞན་གྱིས་སྨད་དུ་མེད་པས་ན་མི་སྨད་པ་ཞེས་བྱའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་ངའི་ཆོས་མཉན་ཏེ་བསྒྲུབས་ན་དེ་བཞིན་དུ་འབྲས་བུ་འགྲུབ་པར་འགྱུར་རོ་ཞེས་དམ་བཅས་པ་ལ་སེམས་
ཅན་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་མཉན་ཏེ་བསྒྲུབས་ན་དམ་བཅས་པ་བཞིན་དུ་འབྲས་བུ་འགྱུར་བས་ན་མི་སྨད་པ་ཞེས་བྱའོ། །ཐོབ་པའི་དུས་ལ་བབ་པ་དང་ལྡན་པའི་ཕྱིར་མི་གཡོ་བ་ཞེས་བྱ་བ་ལ། གནས་གང་དུ་དུས་གང་གི་ཚེ་སེམས་ཅན་གང་ཡོངས་སུ་སྨིན་པར་བྱ་བའི་དུས་ལ་བབ་
ན་རྒྱ་མཚོའི་རླབས་བཞིན་དུ་སྐད་ཅིག་ཀྱང་མི་གཡོ་བར་སྨིན་པར་མཛད་པས་ན་མི་གཡོ་བ་ཞེས་བྱ་སྟེ། དེ་བས་ན་མདོ་གཞན་དག་ལས་ཀྱང་དྲིས་ཀྱང་ཁ་ཅིག་མ་བཤད་པ་ལས་མ་དྲིས་ཀྱང་ཁ་ཅིག་ཆེད་དུ་གསུངས་ཞེས་བཤད་པ་ལྟ་བུའོ། །མི་རིགས་པར་སྟོན་པའི་ཕྱིར་བརྟན་པའོ་ཞེས་བྱ་བ་ལ།
དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་རིངས་པ་དང་། རྟབ་པོར་འཆད་པ་མི་མངའ་བས་ན་བརྟན་པ་ཞེས་བྱའོ། །རིང་བ་དང་ཉེ་བའི་འཁོར་ཐམས་ཅད་ཀྱིས་མཚུངས་པར་ཐོས་པའི་ཕྱིར་འཁོར་ཐམས་ཅད་ལ་གསུངས་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཆོས་འཆད་པའི་
གསུང་ཕྱུང་བ་ན་འཁོར་ཉེ་བ་འབའ་ཞིག་གིས་ཐོས་ཀྱང་འཁོར་ཐག་རིང་པོ་ན་གནས་པས་མི་ཐོས་པ་མ་ཡིན་གྱི་དེ་ཇི་ལྟར་དྲུང་ན་གནས་པ་རྣམས་ཀྱིས་ཐོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དུ་མའི་ཕ་རོལ་ན་གནས་པ་ཐམས་ཅད་ཀྱིས་ཀྱང་འདི་དང་འདྲ་བར་ཐོས་པས་ན་འཁོར་ཐམས་ཅད་ལ་གསུངས་
པ་ཞེས་བྱའོ། །འཇིག་རྟེན་གྱི་དོན་ཐམས་ཅད་དཔེའི་སྒོ་ནས་བསྔོས་པའི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པའོ་ཞེས་བྱ་བ་ལ། དམ་པའི་ཆོས་འཆད་པའི་དུས་ན་ཡང་ཆོས་ཀྱི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཆོས་རྒྱ་མཚོ་དང་རི་རབ་དང་ཉི་མ་དང་ཟླ་བ་ལ་སོགས་པ་དཔེར་བཞག་ནས་དེ་དང་སྦྱོར་ཞིང་འཆད་
เล่ม ๑๒๕ · หน้า 238a
པའི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །བཤད་པའི་བདག་ཉིད་ཆེ་བ་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་འབྲས་བུ་ཆེ་ཡོན་ཏན་ཆེ་བར་ཚིགས་སུ་བཅད་པ་བཞིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཚིག་དང་རྩ་བ་རབ་ལྡན་བསྟན་པ་དང་། །
རྣམ་དབྱེ་ཐེ་ཚོམ་གཅོད་པས་སོ། །རྣམ་པ་མང་པོའི་རྗེས་འགྲོ་བ། །བརྗོད་པ་སྤྲོས་པས་ཤེས་པ་ལའོ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ནི་རྣམ་པ་བརྒྱད་ལྟར་ཆོས་འཆད་དེ། ཚིག་གིས་འཆད་པ་དང་། རྩ་བ་དང་རབ་ཏུ་ལྡན་པས་འཆད་པ་དང་། བསྟན་པས་འཆད་པ་དང་། རྣམ་པར་དབྱེ་བས་འཆད་པ་
དང་། ཐེ་ཚོམ་གཅོད་པ་དང་། རྣམ་པ་མང་པོའི་རྗེས་སུ་འགྲོ་བ་དང་། བརྗོད་པ་ཤེས་པ་ལ་འཆད་པ་དང་། སྤྲོས་པས་ཤེས་པ་ལ་འཆད་པ་སྟེ། དེ་ཡང་མདོ་སྡེ་དག་ལས་འཆད་པར་བྱེད་དོ། །བཅས་པར་བྱེད་པའོ། །རྣམ་པར་འཇོག་གོ་རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ། །བཤད་དོ། །རབ་
ཏུ་གྲགས་སོ་ཞེས་འབྱུང་བ་དང་རིམ་བཞིན་དུ་སྦྱར་ཏེ། དེ་ནི་འགྲེལ་བ་ལས་ཇི་ལྟར་སྦྱར་བ་བཞིན་དུ་རིག་པར་བྱའོ། །ཚིག་ནི་བརྗོད་པའོ་ཞེས་བྱ་བ་ལ། དད་པའི་རྗེས་སུ་འབྲང་བའི་གང་ཟག་ལ་རིགས་པ་དང་མ་སྦྱར་བ་ཚིག་དང་ཡི་གེས་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ལ། འཆད་པ་ནི་
བརྗོད་པ་ཞེས་བྱའོ། །རྩ་བ་རབ་ཏུ་ལྡན་པ་ནི་བཅས་པ་བྱེད་པའོ་ཞེས་བྱ་བ་ལ། རབ་ཏུ་ལྡན་པའི་སྒྲ་ནི་རིགས་པ་ལ་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་རྣམས་ལ་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་རིགས་པ་དང་ལྡན་པའི་རྩ་བ་སྟོན་ཅིང་འཆད་པར་བྱེད་པ་ནི་བཅས་པ་བྱེད་པ་ཞེས་
བྱའོ། །རབ་ཏུ་འཇོག་པ་དང་རྣམ་པར་དབྱེ་བ་དང་། འགྲོལ་བ་ནི་བསྟན་པ་དང་། རྣམ་པར་དབྱེ་བ་དང་། ཐེ་ཚོམ་བཅད་པ་དང་རིམ་བཞིན་ནོ་ཞེས་བྱ་བ་ལ། དང་པོ་ཉིད་དུ་མདོ་ཙམ་དུ་དགོད་ཅིང་མདོར་བསྡུས་ནས་བསྟན་པ་ནི་རབ་ཏུ་འཇོག་པ་ཞེས་བྱའོ། །དེ་ནས་ཞིབ་ཏུ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་ནི་རྣམ་
པར་དབྱེ་བ་ཞེས་བྱའོ། །ཆོས་གང་དང་གང་ལ་ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་ཐེ་ཚོམ་བཅད་ཅིང་གསལ་བ་ལ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །གསལ་བར་བྱེད་པ་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་འཆད་པ་ན་དོན་དང་ཚིག་གསལ་བར་འཆད་པར་མཛད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་གསལ་བར་
เล่ม ๑๒๕ · หน้า 238b
མཛད་ཅེ་ན། དེའི་ཕྱིར་གསལ་བར་བྱེད་དེ། ངེས་པའི་མཐུའི་དོན་གྱི་ཕྱིར་རྣམ་པ་མང་པོ་དང་ལྡན་པས་སྟོན་པའོ་ཞེས་བྱ་བ་སྨོས་ཏེ། ངེས་པའི་མཐུ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ལ་བྱ་སྟེ། ཆོས་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱ་བའི་ཕྱིར་ཆོས་འཆད་པ་རྣམ་གྲངས་དུ་མར་སྤྲོས་ཏེ། ཡང་ནས་ཡང་དུ་བསྣན་
ཅིང་སྟོན་པ་ནི་གསལ་བར་བྱེད་པ་ཞེས་བྱའོ། །བཤད་པ་ནི་བརྗོད་པ་ཤེས་པ་ལའོ་ཞེས་བྱ་བ་ལ། བརྗོད་པ་ཤེས་པ་ནི་གླེངས་བ་ཤེས་པའི་གང་ཟག་ལ་བྱ་སྟེ། གླེངས་པ་ཤེས་པའི་གང་ཟག་རྣམས་ལ་ཆོས་ཀྱི་དོན་མདོར་བསྡུས་ནས་སྟོན་པར་བྱེད་པ་ནི་བཤད་པ་ཞེས་བྱའོ། །རབ་ཏུ་བསྒྲགས་པ་ནི་སྤྲོས་པས་ཤེས་པ་
ལའོ་ཞེས་བྱ་བ་ལ། རྣམ་གྲངས་དུ་མར་རྒྱས་པར་བཤད་ན་ཁོང་དུ་ཆུད་པར་འགྱུར་བའི་གང་ཟག་རྣམས་ལ་ནི་སྤྲོས་པས་ཤེས་པ་ཞེས་བྱ་སྟེ། དེ་དག་ལ་ཞིབ་ཏུ་སྤྲོས་ཏེ་བཤད་པ་ནི་རབ་ཏུ་བསྒྲགས་པ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱིས་བཤད་པ་འདི། །གང་ཕྱིར་འཁོར་གསུམ་དག་པས་སོ། །ཞེས་
བྱ་བ་ལ། གོང་དུ་བཤད་པའི་བཤད་པ་བརྒྱད་པོ་འདི་དག་ནི་སངས་རྒྱས་རྣམས་ཀྱིས་བཤད་པ་ཞེས་བྱ་སྟེ། བཤད་པ་དེ་དག་ཀྱང་རྣམ་པར་དག་པར་འདོད་དོ། །ཇི་ལྟར་རྣམ་པར་དག་ཅེ་ན། འཁོར་གསུམ་ཡོངས་སུ་དག་པས་རྣམ་པར་དག་པའོ། །འཁོར་གསུམ་ནི་གང་གིས་སྟོན་པ་དང་། ཇི་
ལྟར་སྟོན་པ་དང་། གང་ལ་སྟོན་པའོ། །ཉེས་པ་དག་དང་བྲལ་བ་ནི་རྣམ་པ་བརྒྱད་ཉིད་དུ་ཤེས་པར་བྱ་ཞེས་བྱ་བ་ལ། འཁོར་གསུམ་ཡོངས་སུ་དག་པ་ལ་ཡང་ཉེས་པ་དང་བྲལ་ཞིང་སྤངས་པས་ན་འཁོར་གསུམ་ཡོངས་སུ་དག་པར་ཤེས་པར་བྱའོ། །ཉེས་པ་ཡང་རྣམ་པ་བརྒྱད་ཡོད་པར་རིག་པར་བྱའོ། །
གང་གིས་སྟོན་ཅེ་ན། ཚིག་དང་རྩ་བ་དང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གང་གིས་ཆོས་སྟོན་པར་མཛད་ཅེ་ན། ཚིག་དང་རྩ་བས་ཆོས་སྟོན་པར་མཛད་དེ། དེ་ཡང་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། བསྟན་པ་ལ་སོགས་པའི་རྣམ་པ་དང་ཞེས་བྱ་བ་ལ། ཇི་
ལྟར་སྟོན་ཅེ་ན། བསྟན་པ་དང་རྣམ་པར་དབྱེ་བ་དང་། ཐེ་ཚོམ་གཅོད་པ་དང་རྣམ་པ་མང་པོའི་རྗེས་སུ་འགྲོ་བ་སྟེ། དེའང་རྣམ་པར་དག་གོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཞེ་ན། བརྗོད་པ་དང་། རྣམ་པར་སྤྲོས་པས་ཤེས་པ་ལའོ་ཞེས་བྱ་བ་ལ། གང་དག་ལ་སྟོན་ཅེ་ན། མདོ་ཙམ་དུ་གླེངས་པས་ཤེས་པའི་
เล่ม ๑๒๕ · หน้า 239a
གང་ཟག་དང་། ཞིབ་ཏུ་སྤྲོས་པས་ཤེས་པའི་གང་ཟག་གཉིས་ལ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེའང་རྣམ་པར་དག་གོ་ཞེས་བྱ་བའི་ཐ་ཚིག་གོ། །བཤད་པ་དེ་ཉིད་ཀྱང་ཞེས་བྱ་བ་ལ། གང་གིས་བཤད་པ་དང་། ཇི་ལྟར་བཤད་པ་དང་། གང་ལ་བཤད་པ་གསུམ་ཡང་ཉེས་པ་
བརྒྱད་སྤངས་པས་འཁོར་གསུམ་ཡོངས་སུ་དག་གོ་ཞེས་བྱ་བའི་དོན་ཏོ། །ལེ་ལོ་དང་ནི་ཞེས་བྱ་བ་ལ། ཉལ་བ་དང་འཁྲེས་པ་ལ་སོགས་པ་ལ་དགའ་བས་ཆོས་འཆད་པར་མི་སྤྲོ་བ་ནི་ལེ་ལོའོ། །དེ་ནི་ཉེས་པ་གཅིག་སྟེ། དེ་བཞིན་གཤེགས་པ་ལ་མི་མངའ་བའོ་ཞེས་བྱ་བའི་དོན་ཏོ། །མི་རྟོགས་
པ་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་པ་ནི་མི་རྟོགས་པ་ཞེས་བྱའོ། །དེ་ནི་ཉེས་པ་གཉིས་པ་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །སྐབས་མི་འབྱེད་ཅེས་བྱ་བ་ལ། ལེ་ལོ་དང་མི་རྟོགས་པ་མེད་ཀྱང་སློབ་མ་ལ་ཆོས་འཆད་དུ་མི་
བཏུབ་ཅིང་གཞན་ལ་ཆོས་འཆད་པར་མི་བྱ་མི་ཚོལ་བ་ནི་སྐབས་མི་འབྱེད་པ་ཞེས་བྱའོ། །འདི་ནི་ཉེས་པ་གསུམ་པ་སྟེ། དེ་དེ་བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །དེས་དོན་མིན་ཞེས་བྱ་བ་ལ། བཀྲི་བའི་དོན་གྱི་མདོ་སྡེ་ནི་འཆད་ཀྱི། ངེས་པའི་དོན་གྱི་མདོ་སྡེ་མི་འཆད་ཀྱི།
ངེས་པའི་དོན་གྱི་མདོ་སྡེ་མི་འཆད་པ་ནི་ཉེས་པ་བཞི་པ་སྟེ། དེ་བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་དག་ནི་མི་གཅོད་ཅིང་། །ཞེས་བྱ་བ་ལ། ཆོས་འཆད་པ་ན་ཆོས་རྣམས་ཀྱི་མཚན་ཉིད་ལས་འཁོར་རྣམས་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་མི་གཅོད་པ་ནི་ཉེས་པ་ལྔ་པ་སྟེ།
དེ་དེ་བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །དེ་བྲལ་ན་ཡང་བསྟན་མི་བྱེད། །ཅེས་བྱ་བ་ལ། ཐེ་ཚོམ་དང་བྲལ་བར་བྱས་ཀྱང་སློབ་མ་རྣམས་ལ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ལ་རྟོག་པ་རྒྱ་ཆེན་པོ་ལ་འཇོག་པར་མི་བྱེད་པ་ཞེས་བྱ་སྟེ། དེ་ནི་ཉེས་པ་དྲུག་པ་སྟེ། དེ་དེ་
བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །ངེས་པར་མི་བྱེད་པའི་དོན་ཏོ་ཞེས་བྱ་བ་ལ། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོག་པ་ལ་འཇོག་པར་མི་བྱེད་པ་ནི་ངེས་པར་མི་བྱེད་པ་ཞེས་བྱ་སྟེ། དེ་ཉིད་ལ་བསྟེན་པར་མི་བྱེད་པ་ཞེས་བྱའོ། །སྐྱོ་དང་སེར་སྣ་ངེས་པ་སྟེ། །
เล่ม ๑๒๕ · หน้า 239b
དེ་དག་གཏམ་ལ་ཉེས་པ་དགོངས། །ཞེས་བྱ་བ་ལ། བར་འགའ་འཆད། བར་འགའ་མི་འཆད་པ་ནི་སྐྱོ་བ་ཞེས་བྱའོ། །དེ་ནི་ཉེས་པ་བདུན་པ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་རྒྱུན་དུ་འཆད་པར་མཛད་པས་ན་ཉེས་པ་དེ་དེ་བཞིན་གཤེགས་པ་ལ་མི་མངའོ། །ཁ་ཅིག་ལ་འཆད་ཁ་ཅིག་ལ་མི་
འཆད་པ་ནི་སེར་སྣ་ཞེས་བྱའོ། །དེ་ནི་ཉེས་པ་བརྒྱད་པ་སྟེ། །དེ་བཞིན་གཤེགས་པ་ནི་ཆོས་ཀུན་ལ་འཆད་ལ། སེམས་ཅན་ཀུན་ལ་མི་འཆད་པ་དེ་དེ་བཞིན་གཤེགས་པ་ལ་མི་མངའོ་ཞེས་བྱ་བའི་དོན་ཏོ། །བརྒྱད་པོ་དེ་དག་ནི་ཆོས་འཆད་པའི་གཏམ་གྱི་སྐབས་སུ་སྐྱོན་དང་བར་དུ་གཅོད་པ་དང་།
ཉེས་པ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེད་ན་སངས་རྒྱས་ཀྱིས་བཤད་པ་བླ་ན་མེད་པར་འགྱུར་ཞེས་བྱ་བ་ལ། གོང་དུ་བཤད་པའི་ཉེས་པ་བརྒྱད་མེད་པར་ཆོས་བཤད་ན། སངས་རྒྱས་ཀྱིས་བཤད་པའི་ཆོས་ཐམས་ཅད་བླ་ན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཕུན་སུམ་
ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱིས་བཤད་པ་རྣམས་ལ། ཚིག་ཕུན་སུམ་ཚོགས་པ་དང་། ཡི་གེ་ཕུན་སུམ་ཚོགས་པར་མ་ཟད་ཀྱི་དོན་ཡང་ཕུན་སུམ་ཚོགས་སོ་ཞེས་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་
དོན་ཏོ། །དད་དང་དགའ་དང་བློ་རྒྱུ་བས། །དེ་ནི་དགེ་བའི་ཆོས་ཡིན་ནོ། །ཞེས་བྱ་བ་ལ། ཆོས་རྣམ་པ་གཉིས་ཏེ། བཤད་པར་བྱ་བའི་ཆོས་དང་། ཁོང་དུ་ཆུད་པར་བྱ་བའི་ཆོས་སོ། །དེ་དག་མདོ་ལས་ཀྱང་ཆོས་དེ་གཉིས་ཀྱི་དབང་དུ་བྱས་ནས། ཐོག་མར་ཡང་དགེ །བར་དུ་ཡང་དགེ །ཐ་མར་ཡང་དགེ །དོན་
བཟང་ཡི་གེ་བཟང་། གཅིག་ཏུ་ཡོངས་སུ་རྫོགས་པ། རྣམ་པར་དག་པ་ཡོངས་སུ་དག་པ་ཚངས་པར་སྤྱོད་པ་ཡང་དག་པར་སྟོན་ཏོ་ཞེས་འབྱུང་བ་དེ་དག་གི་དོན་བཤད་པ་དེ། དེ་ལ་ཉན་པའི་དུས་ན་དད་པ་བསྐྱེད་པའི་རྒྱུ་བྱེད་པས་ན་ཐོག་མར་ཡང་དགེ་བ་ཞེས་བྱའོ། །བསམ་པའི་དུས་ན་དགའ་བ་སྐྱེ་བའི་
རྒྱུ་བྱེད་པས་ན་བར་དུ་དགེ་བ་ཞེས་བྱའོ། །བསྒོམ་པའི་དུས་ན་བློ་དང་ཤེས་རབ་སྐྱེ་བའི་རྒྱུ་བྱེད་པས་ན་ཐ་མར་དགེ་བ་ཞེས་བྱ་སྟེ། དེ་ལྟར་དུས་གསུམ་དུ་ཡང་དགེ་བས་ན་ཆོས་འདི་ནི་དགེ་བའི་ཆོས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གཉིས་དང་ནི་རབ་གཟུང་བ། །ཞེས་བྱ་བ་ལ། ཀུན་རྫོབ་ཀྱི་དོན་
เล่ม ๑๒๕ · หน้า 240a
དང་དོན་དམ་པ་གཉིས་སྟོན་པས་ན་དོན་བཟང་པོ་ཞེས་བྱའོ། །རབ་གཟུང་བ་ནི་གཟུང་སླ་བ་ལ་བྱ་སྟེ། ཚིག་དང་ཡི་གེ་རྣམས་ཀྱང་གཟུང་སླ་བ་དང་འཇིག་རྟེན་དུ་གྲགས་པའི་ཚིག་དང་། ཡི་གེ་སྟོན་པས་ན་ཡི་གེ་བཟང་པོ་ཞེས་བྱ་སྟེ། འདིས་ནི་བཤད་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །ཚངས་
སྤྱོད་ཡོན་ཏན་བཞི་སྨྲའོ། །ཞེས་བྱ་བ་ལ། ཚངས་པ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། མདོ་དག་ལས་ཀྱང་ཚངས་པར་གྱུར་བསིལ་བར་གྱུར། མྱ་ངན་ལས་འདས་པར་གྱུར་ཅེས་གསུངས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཕགས་པའི་ལམ་ལ་ཚངས་པར་སྤྱོད་པ་ཞེས་བྱའོ། །
འཕགས་པའི་ལམ་དེ་ཡང་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་སྟེ། ཆོས་འདི་ཚངས་པར་སྤྱོད་པའི་ཡོན་ཏན་བཞི་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་མི་མཚུངས་པར་གཅིག་པུ་སྟེ་ཞེས་བྱ་བ་ལ། གཞན་དང་མི་མཚུངས་བྱ་བའི་དོན་ནི་གཞན་དང་ཐུན་མོང་དུ་མ་གྱུར་ཅིག་ཅེས་བྱ་
བའི་དོན་ཏོ། །འཕགས་པའི་ལམ་དེའང་ཆོས་འདི་འབའ་ཞིག་ལས་ཡོད་ཀྱི། འདི་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་པ་རྣམས་ལ་མེད་པས་ན་གཅིག་པུ་ཞེས་བྱའོ། །ཁམས་གསུམ་ཉོན་མོངས་སྤོང་བས་རྫོགས། །ཞེས་བྱ་བ་ལ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤོང་ཡང་སྲིད་པའི་
རྩེ་མོའི་ཉོན་མོངས་པ་སྤོང་བར་མི་ནུས་པས་ན་རྫོགས་པ་ཞེས་མི་བྱའོ། །འཕགས་པའི་ལམ་འདིས་ནི་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤོང་བར་བྱེད་པས་ན་ཡོངས་སུ་རྫོགས་པ་ཞེས་བྱའོ། །རང་བཞིན་རྣམ་དག་ཅེས་བྱ་བ་ལ། འཕགས་པའི་
ལམ་དེ་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཤེལ་དང་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་ཅིང་ཟག་པ་མེད་པའི་རང་བཞིན་ཡིན་པས་ན་རྣམ་པར་དག་པ་ཞེས་བྱའོ། །དྲི་མ་དག་ཅེས་བྱ་བ་ལ། འཕགས་པའི་ལམ་དེས་སེམས་ཀྱི་རྒྱུད་ལ་གློ་བུར་གྱི་དྲི་མ་ཡོད་པ་བསལ་ནས་སེམས་དྲི་མ་མེད་པར་
བྱེད་ཅིང་ཟག་པ་སེམས་ཀྱི་རྒྱུད་ལ་ནི་མི་སྐྱེའི་ཟག་པ་མེད་པའི་སེམས་ཀྱི་རྒྱུད་ལ་སྐྱེ་བས་ན་ཡོངས་སུ་དག་པ་ཞེས་བྱའོ། །ཚངས་སྤྱོད་ཡོན་ཏན་རྣམ་བཞི་འདོད། །ཅེས་བྱ་བ་ལ། འཕགས་པའི་ལམ་དེ་ནི་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་འདོད་དེ། ཡོན་ཏན་རྣམ་པ་བཞི་ནི་གཅིག་པུ་དང་ཡོངས་
เล่ม ๑๒๕ · หน้า 240b
སུ་རྫོགས་པ་དང་། རྣམ་པར་དག་པ་དང་། ཡོངས་སུ་དག་པའོ། །དེ་ལ་དད་པ་ནི་མོས་པ་ཡིད་ཆེས་པའོ་ཞེས་བྱ་བ་ལ། ལས་དང་བདེན་པ་ལ་སོགས་པ་ལ་མོས་ཤིང་ཡིད་ཆེས་པ་ལ་ནི་དད་པ་ཞེས་བྱ་སྟེ། ཉན་པའི་ཚེ་དད་པ་སྐྱེད་པའི་རྒྱུ་བྱེད་པས་ན་ཐོག་མར་དགེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
མགུ་བ་ནི་དགའ་བ་སྟེ། །ཐོས་པར་ནུས་ཤིང་རིག་པའོ་ཞེས་བྱ་བ་ལ་ཆོས་ཀྱི་དོན་མཐོང་ནས་སེམས་ལ་མགུ་བ་སྐྱེས་པ་ལ་ནི་དགའ་བ་ཞེས་བྱའོ། །འདི་ལྟར་སེམས་པའི་ཤེས་རབ་ཀྱིས་ནི་བླ་ན་མེད་པའི་འབྲས་བུ་ཐོབ་ཅིང་ཆོས་ཀྱི་དོན་མཐོང་བར་ནུས་ཏེ། སེམས་པའི་དུས་ན་ཆོས་ཀྱི་དོན་མཐོང་
ནས་དགའ་བ་སྐྱེ་བའི་རྒྱུ་བྱེད་པས་ན་བར་དུ་དགེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་ནི་མཉམ་པར་གཞག་པའི་སེམས་ཀྱིས་ནི་ཇི་ལྟ་བུར་ཤེས་པའོ་ཞེས་བྱ་བ་ལ། བསྒོམ་པའི་དུས་ན་བློ་དང་ཤེས་རབ་སྐྱེ་བའི་རྒྱུ་བྱེད་པས་ན་ཐ་མར་དགེ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་རྩེ་གཅིག་ཏུ་མཉམ་
པར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདེན་པ་བཞི་ཤེས་པའི་ཤེས་པ་སྐྱེ་བའི་ཕྱིར་རོ། །དགོངས་པ་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་དགོངས་པ་དང་ལྡེམ་པོ་དག་ལ་ཕྱི་ནང་དུ་ཡོད་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་
མོ་ཞེས་བྱ་བའི་དོན་ཏོ། །མི་སྐྲག་པར་བསྟན་པས་འཇུག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པར་བཤད་པའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་གང་ཟག་ཀྱང་མེད་གཟུགས་ལ་སོགས་པའི་ཆོས་ཀྱང་མེད་དོ་ཞེས་བཤད་ན་ནི་འཕགས་པ་ཉན་ཐོས་དག་སྐྲག་པར་འགྱུར་རོ། །སྐྲག་
པར་གྱུར་ན་དེ་བཞིན་གཤེགས་པའི་བསྟན་པ་ལ་མི་འཇུག་སྟེ། དེ་བས་ན་ཉན་ཐོས་དག་མི་སྐྲག་ཅིང་བསྟན་པ་ལ་གཟུད་པ་དང་། ཆོས་ཡོད་པར་བཤད་པའི་སྒོ་ནས་གང་ཟག་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཡོད་དོ་ཞེས་བཤད་པས་ནི་རྗེས་སུ་
འཇུག་པའི་དགོངས་པ་ཞེས་བྱའོ། །ཀུན་བརྟགས་ལ་སོགས་པའི་རང་བཞིན་གསུམ་ལ་རིག་པར་བྱ་སྟེ། ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པར་ཆོས་ཐམས་ཅད་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་རང་བཞིན་དང་གཞན་དབང་གི་རང་བཞིན་དང་། ཡོངས་སུ་གྲུབ་
เล่ม ๑๒๕ · หน้า 241a
པའི་རང་བཞིན་གསུམ་ལ་དགོངས་ནས་མཚན་ཉིད་ལ་བཤད་དེ། དེ་ལ་ཀུན་བརྟགས་ཀྱི་རང་བཞིན་ལ་དགོངས་ནས་ངོ་བོ་ཉིད་མེད་དོ་ཞེས་གསུངས་ཏེ། ཀུན་བརྟགས་ཀྱི་ཆོས་རྣམས་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་མེད་པའི་རང་བཞིན་
ཡིན་པའི་ཕྱིར་རོ། །གཞན་དབང་གི་རང་བཞིན་ལ་དགོངས་ནས་མ་སྐྱེས་པ་དང་མ་འགགས་པ་ཞེས་གསུངས་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་དབང་རྣམས་ནི་རྒྱུ་དང་རྐྱེན་གཞན་གྱི་མཐུ་ལས་སྐྱེ་ཞིང་འགག་པར་ཟད་ཀྱི། རང་ཉིད་ཀྱིས་སྐྱ་ཞིང་རང་ཉིད་ཀྱིས་འགག་པ་མེད་པས་
ན་མི་སྐྱེ་མི་འགག་པ་ཞེས་གསུངས་སོ། །ཡོངས་སུ་གྲུབ་པའི་རང་བཞིན་ནི་ནམ་མཁའ་ལྟ་བུ་ཡིན་པས་ཡོངས་སུ་གྲུབ་པའི་རང་བཞིན་ལ་དགོངས་ནས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །ཡང་ན་གང་དུ་མེད་པ་དང་སྟོང་པ་ཞེས་བཤད་པ་དེ་དག་ནི་ཀུན་
བརྟགས་ཀྱི་རང་བཞིན་ལ་དགོངས་པའོ། །གང་དུ་སྒྱུ་མ་དང་། སྨིག་སྒྱུ་དང་། གཟུགས་བརྙན་ལྟ་བུའོ་ཞེས་བཤད་པ་དེ་དག་ཀུན་ནི་གཞན་དབང་གི་རང་བཞིན་ལ་དགོངས་པ་ཏེ། སྒྱུ་མ་ལ་སོགས་པ་རང་བཞིན་དུ་འཁྲུལ་པ་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་རོ། །གང་དུ་ས་དང་ཕ་རོལ་དུ་ཕྱིན་པ་དང་།
བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་བཤད་པ་དེ་དག་ནི་ཡོངས་སུ་གྲུབ་པའི་རང་བཞིན་ལ་དགོངས་པའོ་གཉེན་པོ་ལ་དགོངས་པ་ནི་ཉེས་པ་འདུལ་བའི་ཕྱིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། མི་གཙང་བ་བསྒོམ་པ་བཤད་པ་ནི་འདོད་ཆགས་ཀྱི་ཉེས་པ་འདུལ་བའི་ཕྱིར་
གསུངས་པ་དང་། བྱམས་པ་བསྒོམ་པ་བཤད་པ་ནི་ཞེ་སྡང་གི་ཉེས་པ་འདུལ་བར་བྱ་བ་ལ་དགོངས་ཏེ་གསུངས་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བར་གསུངས་པ་ནི་གཏི་མུག་གི་ཉེས་པ་འདུལ་བར་བྱ་བ་ལ་དགོངས་ནས་གསུངས་པ་སྟེ། འདི་དག་ཉེས་པ་འདུལ་བ་ལ་དགོངས་
ཞེས་བྱའོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར་ཇི་ལྟར་སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་མཆོག་གི་ཐེག་པ་རྣམས་གསུངས་པ་ནི་འོག་ནས་འཆད་དེ། བསྔགས་པ་དང་བཅས་པའི་ཚིགས་སུ་བཅད་པ་རྣམས་པ་གཉིས་འཆད་པའོ་ཞེས་བྱ་བ་ལ། དཔེར་ན་སྒྲིབས་པ་རྣམ་པ་བརྒྱད་ཀྱི་
เล่ม ๑๒๕ · หน้า 241b
གཉེན་པོར་ཐེག་པ་ཆེན་པོ་བཤད་པ་ལྟ་བུའི་གཉེན་པོ་ལ་དགོངས་པ་ཞེས་བྱ་སྟེ། སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་གསུངས་པ་ནི་ཕྱིས་འོག་ནས་འཆད་དེ། དེ་ཡང་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་མདོ་ལས་བསྔགས་པ་དང་བཅས་པའི་ཚིགས་སུ་བཅད་པ་
གཉིས་ཤིག་འབྱུང་བའོ། །བསྔོ་བ་ལ་དགོངས་པ་ནི་ཟབ་མོར་བརྗོད་པ་ལས་རིག་པར་བྱ་སྟེ་ཞེས་བྱ་བ་ལ་ཚིག་ཟབ་སྟེ། ཚིག་ཀྱང་གཞན་དུ་འབྱུང་དོན་ཀྱང་གཞན་དུ་སྟོན་པ་ལ་ནི་བསྔོ་བ་ལ་དགོངས་པ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར། སྙིང་པོ་མེད་ལ་སྙིང་པོར་རྟོག །ཕྱིན་ཅི་
ལོག་ལ་རབ་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་སྨོས་ཏེ། ཚིག་དེའི་ཐད་ཀར་ནི་ཕུང་པོ་ལྔ་དང་། འདོད་པ་ལྔའི་ཡོན་ཏན་ནི་སྙིང་པོ་ཞེས་བྱ་སྟེ། དེ་ལ་དམ་པ་དང་གཙོ་བོར་འཛིན་པ་ནི་སྙིང་པོ་མེད་པ་ལ་སྙིང་པོར་རྟོག་པ་ཞེས་བྱའོ། །
རྟག་པ་དང་བདེ་བ་དང་། གཙང་བ་དང་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་པ་ཞེས་བྱའོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་ཉོན་མོངས་པ་ཞེས་བྱ་སྟེ། ཉོན་མོངས་པ་དེ་དག་ལ་རྟག་ཏུ་སྤྱོད་པས་སེམས་དྲི་མ་ཅན་དུ་བྱས་པ་ནི་ཉོན་མོངས་པས་ནི་ཉོན་མོངས་པ་ཞེས་བྱ་སྟེ།
དེ་ལྟར་བྱས་ན་བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་དམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ལྟར་དགོངས་པའོ་ཞེས་བྱ་བ་ནི་ཚིགས་བཅད་དེ་དེ་སྙེད་འབྱུང་མོད་ཀྱི་དེ་ནི་དོན་གཞན་དུ་དགོངས་ཤིང་འཆད་པ་སྟེ། དེའང་ཅི་དགོངས་ཤེ་ན། དེ་ནི་འདི་ལྟར་
དགོངས་སོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མེད་པ་ལ་སྙིང་པོར་རྟོག་པ་ནི་གང་གིས་མི་གཡེང་བ་ལ་གཙོ་བོའི་བློ་དང་མཆོག་གི་བློ་ཞེས་བྱ་བ་ལ། སྙིང་པོ་མེད་པ་ལ་རྒྱ་གར་སྐད་དུ་ཨ་ས་ར་ཞེས་འབྱུང་སྟེ། ས་ར་ནི་སེམས་ཡུལ་ལ་འཇུག་ཅིང་། ཕྱིར་གཡེངས་པ་ལ་བྱའོ། །ཨ་ས་ར་ནི་སེམས་མི་
གཡེངས་ཤིང་རྩེ་གཅིག་ཏུ་གནས་པ་ལ་བྱ་སྟེ། གང་ཟག་གང་གིས་མོས་པ་སྤྱོད་པའི་ཏིང་ངེ་འཛིན་དྲོད་དང་སྤྱི་བོ་དང་བཟོད་པ་དང་། འཇིག་རྟེན་ཆོས་མཆོག་ལ་འདི་དག་ནི་ས་དང་པོ་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་མཆོག་དང་དམ་པ་དང་གཙོ་བོ་ཡིན་ནོ་སྙམ་དུ་བློ་འཇོག་པ་ནི་སྙིང་པོ་མེད་ལ་སྙིང་
เล่ม ๑๒๕ · หน้า 242a
པོར་རྟོག་པ་ཞེས་བྱ་སྟེ། འདིས་ནི་མོས་པ་སྤྱོད་པའི་ས་བཞི་བསྟན་ཏོ། །གཡེང་བ་ནི་འབྱུང་བའི་སེམས་སོ་ཞེས་བྱ་བ་ལ། སེམས་གཟུགས་ལ་སོགས་པའི་ཡུལ་ལ་ཕྱིར་འབྱུང་ཞིང་ཞུགས་པར་འགྱུར་བ་ལ་གཡེང་བ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱིན་ཅི་ལོག་ལ་རབ་ཏུ་
གནས་པ་ནི་རྟག་པ་དང་བདེ་བ་དང་། གཙང་བ་དང་བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་པ་སྟེ། མི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་པ་ལ་རབ་ཏུ་གནས་པ་སྟེ། མི་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ལ། རྟག་པ་ལས་ཕྱིན་ཅི་ལོག་པ་ནི་མི་རྟག་པའོ། །བདེ་བ་ལས་ཕྱིན་ཅི་ལོག་པ་ནི་སྡུག་བསྔལ་
བའོ། །གཙང་བ་ལས་ཕྱིན་ཅི་ལོག་པ་ནི་མི་གཙང་བའོ། །བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་པ་ནི་བདག་མེད་པ་སྟེ། རྟག་པ་ལ་སོགས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ། མི་རྟག་པ་ལ་སོགས་པའི་དོན་རྟོགས་པ་ནི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་པ་ཞེས་བྱ་སྟེ། དེ་ལྟར་ཡང་ས་དང་པོ་མཐོང་བའི་
ལམ་ནི་རྟོགས་པས་འདི་ནི་མཐོང་བའི་ལམ་བསྟན་ཏོ། །རབ་ཏུ་གནས་པ་ཞེས་བྱ་བ་ནི་དེ་ལྟར་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པ་མཐོང་ནས་སླར་རྟག་པ་ལ་བློ་ལྡོག་ཅིང་ཉམས་པ་མེད་པས་ན་རབ་ཏུ་གནས་པ་ཞེས་བྱ་སྟེ། ས་དང་པོར་མི་རྟག་པ་ལ་སོགས་པ་མཐོང་ནས་དེ་ལས་ཉམས་
པའི་སེམས་མི་འབྱུང་བའི་ཕྱིར་རོ། །ཉོན་མོངས་པས་རབ་ཏུ་ཉོན་མོངས་པ་ནི་ཡུན་རིང་པོར་དཀའ་བ་སྤྱོད་པ་དང་། བརྩོན་འགྲུས་དང་འབད་པས་ཉོན་མོངས་པའོ་ཞེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་བསྒོམ་པའི་ལམ་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་
བྱ་བའི་ཕྱིར་འབད་པ་དང་བརྩལ་བ་དང་། དཀའ་བ་སྤྱོད་པ་དུ་མས་བདག་ཉིད་ཤ་ཐང་བར་བྱས་པ་ནི་ཉོན་མོངས་པས་ཉོན་མོངས་པ་ཞེས་བྱ་སྟེ། འདིས་ནི་བསྒོམ་པའི་ལམ་བསྟན་ཏོ། །དེ་ལྟར་མོས་པར་སྤྱོད་པའི་ཏིང་ངེ་འཛིན་ལ་མཆོག་དང་དམ་པའི་བློ་ཡང་བསྐྱེད། མཐོང་བའི་ལམ་དུ་རྟག་པ་ལ་
སོགས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་མི་རྟག་པ་ལ་སོགས་པའི་དོན་ཡང་རྟོགས། བསྒོམ་པའི་ལམ་དུ་དཀའ་བ་སྤྱོད་པ་དུ་མས་ཉོན་མོངས་ན་ཡང་སངས་རྒྱས་ཀྱི་སར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྡེམ་པོར་ངག་རྣམ་པར་དབྱེ་བ་ཞེས་བྱ་བའི་ཚིགས་སུ་
เล่ม ๑๒๕ · หน้า 242b
བཅད་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་སེམས་ཅན་ལ་ཆོས་འཆད་པ་ན་ལྡེམ་པོ་ངག་ཏུ་ཆོས་འཆད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མཉམ་པ་ཉིད་ཀྱི་ལྡེམ་པོ་ངག་ནི་སངས་རྒྱས་ཤཱཀྱ་ཐུབ་པས་འཁོར་གྱི་ནང་
དུ་ང་ཉིད་དེའི་ཚེ་ལྷག་མཐོང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེའམ། ང་ཉིད་དེ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེའང་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་མ་ཡིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཅུང་ཟད་ཀྱང་ཁྱད་པར་དང་བྱེ་བྲག་མེད་དོ། །ཆོས་ཀྱི་སྐུ་འདྲ་བ་ལ་དགོངས་ནས་ང་
ཉིད་དེ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དོན་གཞན་གྱི་ལྡེམ་པོའི་ངག་གི་གང་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་མ་སྐྱེས་པའོ་ཞེས་གསུངས་པ་ལ་སོགས་པ་སྟེ། སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དོན་གཞན་གྱི་ལྡེམ་པོ་ངག་ནི་མདོ་དག་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་
དང་། མ་འགགས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ཡང་ཐམས་ཅད་ནས་ཐམས་ཅད་དུ་མེད་པའི་དོན་དུ་ལྟ་བ་མ་ཡིན་གྱི་ཀུན་བརྟགས་ཀྱི་རང་བཞིན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བཤད། གཞན་དབང་ལ་དགོངས་ནས་ནི་མ་སྐྱེས་པ་དང་མ་
འགགས་པ་ཞེས་བཤད། ཡོངས་སུ་གྲུབ་པ་ལ་དགོངས་ནས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བཤད་དོ། །དུས་གཞན་གྱི་ལྡེམ་པོ་ངག་ནི་ཞེས་བྱ་བ་ལ་སེམས་ཅན་གང་དག་ལེ་ལོ་ཅན་དགེ་བ་ཅུང་ཟད་ཀྱང་མེད་དུ་མི་བཏུབ་པ་དེ་དག་དགེ་བའི་རྩ་བ་ཅུང་ཟད་བསྐྱེད་པའི་ཕྱིར་
དུས་གཞན་ལ་དགོངས་ནས་སེམས་ཅན་གང་གིས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་དེ་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ། སྨོན་ལམ་བཏབ་མ་ཐག་ཏུ་ཚེ་འདི་ཉིད་ལ་དེར་སྐྱེ་བར་འགྱུར་བའམ། ཚེ་བརྗེས་མ་ཐག་ཏུ་སྐྱེ་བར་འགྱུར་པ་
མ་ཡིན་གྱི། དེ་ལྟར་སྨོན་ལམ་བཏབ་པ་དང་། དེའི་རྒྱུས་ནམ་ཞིག་ན་སྐྱེ་བར་འགྱུར་བ་ལ་དགོངས་ནས་དེ་སྐད་དུ་བཀའ་སྩལ་བའོ། །གང་ཟག་གི་བསམ་པ་ལ་ལྡེམ་པོ་ངག་ནི་གང་དགེ་བའི་རྩ་བ་དེ་ཉིད་ཁ་ཅིག་ལ་བསྟོད་ཉུང་ངུས་མགུ་བ་ཁ་ཅིག་ལ་ནི་སྨོད་པའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཆོས་
เล่ม ๑๒๕ · หน้า 243a
སྟོན་པ་ནི་སེམས་ཅན་གྱི་སྣོད་དུ་སྦྱར་ཞིང་སྟོན་པ་སྟེ། དེ་ལ་གང་ཟག་ཁ་ཅིག་དགེ་བའི་རྩ་བ་རླབས་པོ་ཆེ་ལ་དད་པ་ཞིག་ན། དེ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་ཆེར་བསྟོད་དེ་བཤད་དོ། །གང་ཟག་ལ་ལ་སྤྱོད་པ་ཞན་པ་ཞིག་སྟེ། དགེ་བའི་རྩ་བ་
ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་པ་ལ་ནི་སྦྱིན་པ་ལ་སོགས་པའི་ཡོན་ཏན་སྨད་ནས་བསྟན་པ་སྟེ། དེ་ལྟར་དགེ་བའི་རྩ་བ་ལ་ཆེར་དད་པ་ལ་ནི་ཆེར་བསྟོད་དེ་བསྟན་པར་འགྱུར། དགེ་བའི་རྩ་བ་ཆུང་ངུ་ལ་མོས་པ་རྣམས་ལ་ནི་ཆུང་ངུ་བསྔགས་ཤིང་བསྟན་པ་སྟེ། འདི་ནི་གང་ཟག་གི་སེམས་ལ་དགོངས་པའི་ལྡེམ་
པོའི་ངག་གོ། །རྒྱས་པར་བསྡུས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཤེས་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་གཉེན་པོའི་ལྡེམ་པོའི་ངག་གི་སྐབས་སུ་ཉེས་པའི་གཉེན་པོར་གང་བཤད་པ་ནི་གཉེན་པོའི་ལྡེམ་པོའི་ངག་གོ་ཞེས་བཤད་པ་ལ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་བཤད་པ་ཡང་
གཉེན་པོའི་ལྡེམ་པོ་གང་ཡིན་པའོ་ཞེས་གླེངས་པ་ལ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་བཤད་པ་གང་ཞེ་ན། རྒྱས་པར་བསྡུས་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྔགས་པ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་ཤིག་གླེངས་པ་སྟེ། དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་
སྒྲིབ་པ་བརྒྱད་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་གྱིས་ནི་དེའི་བསྔགས་པ་བསྟན་པ་ཡིན་ཏེ། སྤྱིར་ནི་ཚིགས་སུ་བཅད་པ་ལྔ་ཞིག་འབྱུང་ངོ་། །སངས་རྒྱས་ཆོས་ལ་སྨོད་པ་དང་། །ལེ་ལོ་ཉུང་ངུས་དགའ་བ་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་འབྱེད་པའོ། །ཞེས་བྱ་བ་ལ། སྒྲིབ་པ་
བརྒྱད་ནི་སངས་རྒྱས་ལ་སྨོད་པ་དང་། ཆོས་ལ་སྨོད་པ་དང་། ལེ་ལོ་དང་ཉུང་ངུས་དགའ་བ་དང་། ང་རྒྱལ་ལ་སྤྱོད་པ་དང་། འདོད་ཆགས་ལ་སྤྱོད་པ་དང་། འགྱོད་པ་དང་། མ་ངེས་པ་འབྱེད་པའོ། །སེམས་ཅན་རྣམས་ཀྱི་སྒྲིབ་པ་དེའི་གཉེན་པོར་མཆོག་གི་ཐེག་པ་གསུངས་ཞེས་བྱ་བ་ལ། བརྒྱད་པོ་དེ་དག་ནི་
སེམས་ཅན་གྱི་སྒྲིབ་པ་ཡིན་ཏེ། སྒྲིབ་པ་དེའི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གང་གིས་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་ལ། གང་ཟག་གང་གིས་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་ཉེས་པ་
เล่ม ๑๒๕ · หน้า 243b
སྤང་བར་བྱ་བའི་ཕྱིར་ཐེག་པ་མཆོག་བཤད་དོ་ཞེས་བྱ་བར་སྦྱར་རོ། །ཚིགས་བཅད་གཉིས་བསྔགས་པ་དང་བཅས་པར་བསྟན་ཏོ་ཞེས་གླེངས་པ་ལས་ཚིགས་བཅད་ཀྱི་བསྔགས་པ་ཚིགས་བཅད་གསུམ་གྱིས་བསྟན་ཏོ། །དེའི་ཕྱིར། གང་གིས་ཚིགས་བཅད་གཉིས་པོ་འདི། །དོན་དང་ཚིག་དང་འཛིན་
ཞུགས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་དོན་ནི་གང་ཟག་གང་གིས་སངས་རྒྱས་ཆོས་ལ་སྨོད་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་རྟོགས་པར་བྱ་བ་ལ་ཞུགས་པ་དང་། ཚིག་དང་དོན་བླངས་ཤིང་མི་བརྗེད་པར་བྱ་བ་ལ་ཞུགས་ན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་མཆོག་གི་བློ་ལྡན་ཞིང་། །
བསྔགས་པ་རྣམ་བཅུ་ཐོབ་པ་སྟེ། །ཞེས་བྱ་བ་ལ། དེ་ལྟར་དོན་དང་ཚིག་འཛིན་པ་ལ་ཞུགས་ནས་བསྔགས་པ་རྣམ་པ་བཅུ་འཐོབ་པ་སྟེ་བསྔགས་པ་རྣམ་པ་བཅུ་ནི་སེམས་ཅན་གྱི་མཆོག་ཏུ་འགྱུར་ཞིང་བློ་དང་ལྡན་པར་འགྱུར་ཏེ། འདི་ནི་བསྔགས་རྣམ་པ་གཅིག་གོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་དགོངས་པ་དང་
ལྡེམ་པོ་ངག་ལ་མཁས་པའི་ཤེས་རབ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁམས་རྣམས་རབ་ཏུ་རྒྱས་པ་དང་། །ཞེས་བྱ་བ་ལ། ཁམས་འདིའི་སྐབས་སུ་རིགས་དང་ས་བོན་ལ་བྱ་སྟེ། ཐེག་པ་ཆེན་པོའི་རིགས་སྨིན་ཅིང་བརྟས་པར་འགྱུར་ཏེ་འདི་ནི་རྗེས་སུ་བསྔགས་པ་གཉིས་པའོ། །འཆི་བའི་ཚེ་ནི་
དགའ་མཆོག་སྐྱེ། །ཞེས་བྱ་བ་ལ། འཆི་བའི་ཚེ་ཡང་ལུས་སྡུག་བསྔལ་བ་དང་། །སེམས་འཁྲུགས་བཞིན་པས་འཆི་བར་མི་འགྱུར་གྱི་ལུས་བདེ་བ་དང་སེམས་དགའ་བཞིན་དུ་འཆི་བར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་གསུམ་པའོ། །ཇི་ལྟར་འདོད་པའི་ཚེ་དང་ནི། །ཞེས་བྱ་བ་ལ། ཚེ་རབས་གཞན་
དུ་ཡང་ལྷ་དང་མི་ལ་སོགས་པའི་གནས་གང་དང་གང་དུ་ཡང་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་ཏེ། དེ་ནི་རྗེས་སུ་བསྔགས་པ་རྣམ་པ་བཞི་པའོ། །སྐྱེ་བ་ཐམས་ཅད་དྲན་པ་དང་། །ཞེས་བྱ་བ་ལ། ཚེ་རབས་དེ་དང་དེ་དག་ཏུ་སྐྱེས་ནས་ཀྱང་ཚེ་རབས་སྔ་མ་ལ་ཅི་དང་ཅི་བྱས་ཐམས་ཅད་ཀྱང་དྲན་པར་
བྱས་ཏེ། འདི་ནི་རྗེས་སུ་བསྔགས་པ་ལྔ་པའོ། །སངས་རྒྱས་དང་ནི་ལྷན་ཅིག་ཅིང་། །ཞེས་བྱ་བ་ལ། དེ་ཡང་མ་ཟད་ཀྱི་ཚེ་རབས་དེ་དང་དེ་དག་ཏུ་མི་དགེ་བའི་བཤེས་གཉེན་དང་ཕྲད་པར་ནི་མི་འགྱུར་གྱི་རྟག་ཏུ་ཡང་སངས་རྒྱས་དང་འགྲོགས་ཤིང་ཕྲད་པར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་དྲུག་པའོ། །
เล่ม ๑๒๕ · หน้า 244a
ཐེག་པ་མཆོག་དག་དེ་ལས་ཉན། །ཞེས་བྱ་བ་ལ། སངས་རྒྱས་དང་ཕྲད་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་དག་དེ་བཞིན་གཤེགས་པ་ལས་ཉན་པར་བྱེད་དེ། འདི་ནི་རྗེས་སུ་བསྔགས་པ་བདུན་པའོ། །བློ་དང་ལྡན་པས་མོས་པ་དང་། །ཞེས་བྱ་བ་ལ། དེ་ལྟར་སྒྲིབ་པ་དང་བྲལ་ཏེ་བློ་དང་
ལྡན་པར་གྱུར་ནས། ཐེག་པ་ཆེན་པོའི་ཆོས་ལ་དགའ་བ་དང་། དད་པ་དང་མོས་པ་མང་བར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་བརྒྱད་པའོ། །སྒོ་གཉིས་མྱུར་དུ་བྱང་ཆུབ་འཐོབ། །ཞེས་བྱ་བ་ལ། གཞན་ཡང་ཏིང་ངེ་འཛིན་གྱི་སྒོ་དང་གཟུངས་ཀྱི་སྒོ་གཉིས་འཐོབ་པར་འགྱུར་ཏེ། འདི་ནི་རྗེས་སུ་
བསྔགས་པ་དགུ་པའོ། །དེ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ནི་མི་ཐོགས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ། འདི་ནི་རྗེས་སུ་བསྔགས་པ་བཅུ་པའོ། །དེ་ལ་མ་ངེས་པ་དབྱེ་བ་ནི་བྱང་ཆུབ་སེམས་དཔའ་མ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་འབྱེད་པའོ། །ཞེས་བྱ་བ་ལ།
སྒྲིབ་པ་བརྒྱད་ལས། གང་དཀའ་བ་དེ་བཤད་དོ། །མ་ངེས་པར་དབྱེ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་ཕྱིས་ཉན་ཐོས་ལ་སོགས་པའི་བཤེས་གཉེན་དང་ཕྲད་ནས་བླ་ན་མེད་པའི་བྱང་ཆུབ་ནི་བསྐལ་པ་གྲངས་མེད་
པ་གསུམ་དུ་བསྒྲུབ་དགོས་པས། དུས་རང་གི་ཚེ་གསུམ་ཙམ་གྱིས་སྒྲུབ་ལ། ཉན་ཐོས་ཀྱི་འབྲས་བུ་བླང་ངོ་སྙམ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་སྟེ། ཉན་ཐོས་ཀྱི་སྤྱོད་པ་ལ་ཞུགས་པ་ནི་མ་ངེས་པ་ཞེས་བྱ་སྟེ། མ་ངེས་པའི་རིགས་ཅན་དག་ཐེག་པ་ཆེན་པོ་སྤྱོད་པ་དང་དབྱེ་བར་
འགྱུར་ཞེས་བྱ་བའི་དོན་ཏོ། །ཐེག་པའི་མཆོག་བཤད་པ་ནི་ཐེག་པ་ཆེན་པོ་བསྟན་པའོ་ཞེས་བྱ་བ་ལ། དེ་ལྟར་སྒྲིབ་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བཤད་པ་ནི་མ་ཡིན་གྱི་ཐེག་པ་ཆེན་པོ་བཤད་པས་ན་ཐེག་པ་མཆོག་བཤད་པ་ཞེས་བྱའོ། །སངས་རྒྱས་
ལ་སྨོད་པའི་སྒྲིབ་པའི་གཉེན་པོར་རང་ཉིད་དེའི་ཚེ་དེའི་དུས་ན་ལྷག་མཐོང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ལ། སེམས་ཅན་ཁ་ཅིག་འདི་སྙམ་དུ་སྔོན་གྱི་དེ་བཞིན་གཤེགས་པ་ལྷག་མཐོང་ལ་སོགས་པའི་བསྐལ་པ་བཟང་པོ་དང་དུས་བཟང་པོའི་ཚེ་བྱུང་བ་དང་
เล่ม ๑๒๕ · หน้า 244b
སངས་རྒྱས་ཀྱི་ཞིང་ཤེལ་གྱི་ཁ་དོག་ལ་སོགས་པ་རྣམ་པར་དག་པ་སེམས་ཅན་ལ་རྟོག་པ་མེད་པ་དེ་བཞིན་གཤེགས་པའི་སྐུ་ཚེ་ཡང་རིང་ལ་སྐུ་ལུས་ཀྱི་ཚད་ཀྱང་ཆེ་བ་ཡིན་ན། དེ་བཞིན་གཤེགས་པ་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ནི་སྐུ་སྐལ་ཆུང་བ་སྟེ། སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་
རྟེན་ཡང་མ་དག་པའོ། །ཇི་ལྟ་ཞེ་ན། སྣོད་ཀྱི་འཇིག་རྟེན་ཡང་རྡོ་དང་ཚེར་མ་དག་དང་ངམ་གྲོགས་ལ་སོགས་པས་གང་བ། སེམས་ཅན་ཡང་མ་དག་པ་སྟེ་སྙིགས་མ་ལྔའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་སྐུ་ཚེ་ཐུང་ཞིང་སྐུ་ཚད་ཆུང་བ་ཡིན་ནོ་ཞེས་སྨད་ཅིང་བརྙས་པར་བྱེད་དེ། དེ་ལྟར་བརྙས་
པ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཞིང་སེམས་ཅན་ཐམས་ཅད་ཀྱི་མཆོག་གནས་ལ་བརྙས་པ་ནི་ངན་སོང་དུ་ལྷུང་བའི་རྒྱུར་འགྱུར་ཞིང་ཐར་པ་དང་མཐོ་རིས་ཐོབ་པ་ལ་བར་དུ་གཅོད་པས་ན་སྒྲིབ་པ་ཡིན་ནོ། །སྒྲིབ་པ་དེའི་གཉེན་པོར་དེ་ཉིད་དེའི་ཚེ་དེའི་དུས་ན་ལྷག་མཐོང་ཡང་དག་པར་རྫོགས་པའི་
སངས་རྒྱས་སུ་གྱུར་ཏོ་ཞེས་བྱ་བ་གསུངས་ཏེ། དེ་སྐད་དུ་བཀའ་སྩལ་པ་དང་། སྔོན་གྱི་དེ་བཞིན་གཤེགས་པ་སྐུ་སྐལ་ཆེན་པོར་གྱུར་པ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ནོ་སྙམ་ནས་དེ་བཞིན་གཤེགས་པ་ལ་དགའ་བ་དང་མགུ་བའི་སེམས་སྐྱེ་བར་འགྱུར་གྱི་བརྙས་པའི་སེམས་ལྡོག་པར་
འགྱུར་རོ། །ཆོས་ལ་སྨོད་པ་སྒྲིབ་པར་འགྱུར་བའི་གཉེན་པོར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ནས་གཟོད་ཐེག་པ་ཆེན་པོའི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སེམས་ཅན་ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་ཆོས་འདི་དག་ནི་མ་རབས་གདོལ་པ་
དང་གདོལ་བུ་དང་བུད་མེད་དང་བྱིས་པ་དང་། ཕྱུགས་རྫི་ལ་སོགས་པས་ཀྱང་སྤྱོད་དུ་རུང་གི་ཞིང་ཀུན་གྱིས་ཀྱང་བརྡ་སྤྲད་པར་ནུས་པས་རུང་བ་མ་ཡིན་ཞིང་སླ་བ་ཡིན་ནོ་སྙམ་ནས་ཆོས་ལ་སྨོད་པར་བྱེད་དེ། དེ་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་སྨན་དུ་གྱུར་པ། བླ་ན་མེད་པའི་བྱང་ཆུབ་ལམ་སྟོན་པར་བྱེད་པ་
ལ་སྨད་ན་ངན་སོང་དུ་ལྟུང་བའི་རྒྱུར་འགྱུར་ཞིང་ཐར་པ་དང་མཐོ་རིས་ཐོབ་པ་ལ་བར་དུ་གཅོད་པས་ན་སྒྲིབ་པ་ཞེས་བྱའོ། །དེའི་གཉེན་པོར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ནས་གཟོད་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་ཏེ། གང་
เล่ม ๑๒๕ · หน้า 245a
གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་ན་ནི་རྒྱལ་རིགས་ལ་སོགས་པས་ཀྱང་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་འགྱུར་གྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོའི་དོན་རྟོགས་པར་བཤད་དེ།
དེ་ལྟར་བཤད་པ་དང་ཆོས་འདི་དཀའ་བ་མང་པོས་རྟོགས་པར་འགྱུར་བས་བརྙས་པའི་གནས་མ་ཡིན་ནོ་སྙམ་ནས་བརྙས་པའི་སེམས་ལྡོག་ཅིང་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་ནི་གང་བདེ་བ་ཅན་དུ་སྨོན་ལམ་བཏབ་ན་དེ་ཉིད་དུ་སྐྱེ་བར་འགྱུར་ཞིང་དྲི་མ་མེད་པའི་ཟླ་བ་དེ་
བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་པའོ་ཞེས་བྱ་བ་ལ། སེམས་ཅན་ལེ་ལོ་ཅན་ལ་ལ་དག་གླེགས་བམ་བཀླག་པ་དང་བསྒོམ་པ་ལ་སོགས་པའི་དགེ་བ་ལྟ་ག་ལ་བྱེད་ཀྱི་སྨོན་ལམ་ཙམ་ཡང་མི་འདེབས་དེ་
བཞིན་གཤེགས་པའི་མཚན་ཙམ་ཡང་མི་བརྗོད་དེ། དེ་ཡང་དགེ་བའི་རྩ་བ་ཆེན་པོ་སྐྱེ་བར་བྱ་བ་དང་། ཐར་པ་དང་མཐོ་རིས་ཐོབ་པར་བྱ་བ་དང་། བར་དུ་གཅོད་པས་ན་སྒྲིབ་པའོ། །དེའི་གཉེན་པོར་གང་གིས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་སྨོན་
ལམ་བཏབ་པ་སྟེ། དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་གང་གིས་དྲི་མ་མེད་པའི་ཟླ་བ་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་གང་གིས་གཟུངས་འདི་
བཀླགས་ན་མཚམས་མེད་པ་ལ་སོགས་པའི་ལས་བྱེད་པ་ཡང་དག་པར་འགྱུར་རོ་ཞེས་གསུངས་ཏེ་དེ་སྐད་དུ་བཤད་པ་དང་ལེ་ལོ་ཅན་དག་སྨོན་ལམ་འདེབས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་མཚན་འཛིན་པ་དང་། གཟུངས་དག་ཀློག་པར་བྱེད་དེ། དེའི་སྒོ་ནས་དགེ་བའི་རྩ་བ་
སོགས་པའོ། །དགེ་བའི་རྩ་བ་ལ་གནས་ན་ནམ་ཞིག་ན་འཚང་རྒྱ་བར་འགྱུར་བ་དང་གཞན་ཡང་འདི་སྙམ་དུ་སྨོན་ལམ་བཏབ་ཅིང་མཚན་བཟུང་བ་ཙམ་གྱིས་ཀྱང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་ཞིང་འཚང་རྒྱ་ན་ཉན་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་དགེ་བ་རྒྱ་ཆེན་པོ་སྤྱད་ན་ལྟ་གདོན་མི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด