ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๘ · หน้า 1b

༄༅༅། །རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་ས་ཐམས་ཅད་ཀྱི་བསྡུས་པའི་

སྡོམ་གྱི་ཚིགས་སུ་བཅད་པ་ནི། རིགས་དང་གང་ཟག་རྣམས་དང་ནི། །ངེས་པར་སྦྱོར་དང་འཇིག་རྟེན་པ། །འཇིག་རྟེན་འདས་པ་འདི་ལ་ནི། །མདོར་ན་ས་ནི་འདི་དག་གོ། །སྡོམ་ནི།

རིགས་དང་འཇུག་དང་ངེས་འབྱུང་བའི། །མིང་དུ་བྱས་པའི་ས་གསུམ་མོ། །དེ་དག་རྣམས་ནི་མདོར་བསྡུ་ན། །ཉན་ཐོས་ཀྱི་ནི་ས་ཞེས་བྱ། །རིགས་ཀྱི་ས་གང་ཞེ་ན། སྨྲས་པ། རིགས་

གང་ཡིན་པ་དང་། རིགས་ཀྱི་རྣམ་པར་གཞག་པ་གང་ཡིན་པ་དང་། རིགས་ལ་གནས་པའི་གང་ཟག་རྣམས་ཀྱི་རྟགས་གང་ཡིན་པ་དང་། རིགས་ལ་གནས་པའི་གང་ཟག་གང་དག་

ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རིགས་ཀྱི་ས་ཞེས་བྱའོ། །དེ་ལ་རིགས་གང་ཞེ་ན། སྨྲས་པ། རིགས་ལ་གནས་པའི་གང་ཟག་གི་ས་བོན་གྱི་ཆོས་གང་ཡིན་པ་སྟེ། གང་

เล่ม ๑๒๘ · หน้า 2a

ཡོད་ཅིང་མེད་པ་མ་ཡིན་ལ་རིགས་ལ་གནས་པའི་གང་ཟག་རྣམས་ཀྱི་རྐྱེན་ཡང་རྙེད་ན། མྱ་ངན་ལས་འདས་པ་ཐོབ་པ་དང་། རེག་པར་ནུས་ཤིང་མཐུ་ཡོད་པར་འགྱུར་བའོ། །རིགས་དེའི་

མིང་གི་རྣམ་གྲངས་དག་གང་ཞེ་ན། ས་བོན་དང་། ཁམས་དང་། རང་བཞིན་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་དག་ཡིན་ནོ། །འོ་ན་རིགས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་

དང་། སྐྱེ་མཆེད་དྲུག་གིས་ཟིན་པ་དང་། ཆོས་ཉིད་ཀྱིས་འཐོབ་པ་དང་། ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དེ་ལྟ་བུ་ཡིན་ཏེ། གང་ལ་འདི་ལྟ་སྟེ། རིགས་དང་། ས་བོན་དང་། ཁམས་དང་། རང་

བཞིན་ཞེས་བྱ་བའི་མིང་གི་རྣམ་གྲངས་འདི་དག་ཡོད་པ་དེ་ནི་རིགས་ཞེས་བྱའོ། །རིགས་ཀྱི་རྣམ་པར་གཞག་པ་ནི་གང་། རིགས་དེ་ཕྲ་བའམ། རིགས་པ་ཞེས་བརྗོད་པར་བྱ་ཞེ་ན། སྨྲས་པ། ཕྲ་བ་ཞེས་བརྗོད་

པར་བྱའོ། །ཅིའི་ཕྱིར་ཞེ་ན། ས་བོན་དེས་འབྲས་བུ་མ་བསྐྱེད་ཅིང་འབྲས་བུ་མ་གྲུབ་ན་ནི་དེས་ན་དེ་ཕྲ་བ་ཞེས་བྱའོ། །གང་གི་ཚེ་འབྲས་བུ་བསྐྱེད་ཅིང་འབྲས་བུ་གྲུབ་པར་གྱུར་པ་དེའི་ཚེ་ན་ནི་ས་བོན་གང་ཡིན་པ་དེ་

เล่ม ๑๒๘ · หน้า 2b

དང་འབྲས་བུ་གང་ཡིན་པ་དེ་གཅིག་ཏུ་བསྡུས་ནས་དེའི་ཕྱིར་རིགས་དེ་རགས་པ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །འོ་ན་ཅི་རིགས་དེ་རྒྱུད་གཅིག་ཏུ་གཏོགས་པ་ཞིག་གམ། འོན་ཏེ་རྒྱུད་དུ་མར་གཏོགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུད་གཅིག་ཏུ་གཏོགས་པར་བརྗོད་པར་བྱའོ། །

ཅིའི་ཕྱིར་ཞེ་ན། སྨྲས་པ། ཆོས་གང་དག་མཚན་ཉིད་ཐ་དད་པ་དང་དངོས་པོ་ཐ་དད་པར་འཇུག་པ་དེ་དག་ནི་སོ་སོ་རང་གི་རྒྱུད་སྣ་ཚོགས་དང་འཇུག་པ་སྣ་ཚོགས་སུ་སྟོན་པར་འགྱུར་གྱི། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ་ཐོག་མ་མེད་པའི་

དུས་ནས་བརྒྱུད་དེ་འོངས་པ་དང་། ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་པོ་དེ་ལྟ་བུར་གྱུར་པའི་གནས་སྐབས་དེ་ལ་རིགས་དང་། ས་བོན་དང་། ཁམས་དང་། རང་བཞིན་ཞེས་བྱ་བའི་མིང་དང་། ཐ་སྙད་དེ་དག་བཏགས་པར་ཟད་པས། དེའི་ཕྱིར་དེ་ནི་རྒྱུད་གཅིག་ཏུ་གཏོགས་པ་ཞེས་

བྱའོ། །སྨྲས་པ། གལ་ཏེ་རིགས་ལ་གནས་པའི་གང་ཟག་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ལ། རིགས་ལ་གནས་པ་མ་ཡིན་པ་རྣམས་ནི། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པར་ལྟ་ན། འོ་ན་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་

རྣམས་སྔོན་གྱི་མཐའ་ནས་ཡུན་རིང་པོར་འཁོར་བར་གྱུར་ཅིང་། ཡོངས་སུ་མྱ་ངན་ལས་མ་འདས་ཤེ་ན། སྨྲས་པ། རྒྱུ་བཞིས་ཡོངས་སུ་མྱ་ངན་ལས་མ་འདས་ཏེ། བཞི་གང་ཞེ་ན། མི་ཁོམ་པར་སྐྱེས་པ་དང་། བག་མེད་པའི་ཉེས་པ་དང་། ལོག་པར་ཞུགས་པ་དང་། སྒྲིབ་པའི་ཉེས་པས་

སོ། །དེ་ལ་མི་ཁོམ་པར་སྐྱེས་པ་གང་ཞེ་ན། སྨྲས་པ། གང་དུ་འཁོར་བཞི་པོ་རྣམས་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་མི་འགྲོ་བའི་མཐའ་འཁོབ་ཀྱི་མི་རྐུན་མ་རྣམས་དང་། ཀླ་ཀློ་རྣམས་སུ་སྐྱེས་པ་ཡིན་ཏེ། དེ་མི་ཁོམ་

པར་སྐྱེས་པ་ཞེས་བྱའོ། །བག་མེད་པ་གང་ཞེ་ན། སྨྲས་པ། དེ་གང་དུ་འཁོར་བཞི་པོ་རྣམས་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་འགྲོ་བ་འདི་དུས་ཀྱི་མི་རྐུན་མ་མ་ཡིན་པ་རྣམས་དང་། ཀླ་ཀློ་མ་ཡིན་པ་རྣམས་

เล่ม ๑๒๘ · หน้า 3a

སུ་སྐྱེས་ཤིང་། རིགས་མཐོན་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ཏུ་སྐྱེས་སུ་ཟིན་ཀྱང་། འདོད་པ་དག་ལ་ལྷག་པར་ཆགས་ཤིང་ཡོངས་སུ་ལོངས་སྤྱོད་པར་བྱེད་དེ། ཉེས་དམིགས་སུ་མི་ལྟ་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡིན་ཏེ། དེ་ནི་བག་མེད་པ་

ཞེས་བྱའོ། །ལོག་པར་ཞུགས་པ་གང་ཞེ་ན། སྨྲས་པ། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས་པའི་བར་དུ་རྒྱས་པར་གྱུར་ཀྱང་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པར་གྱུར་ནས་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་མེད་དོ་ཞེས་བྱ་བའི་བར་

དུ་རྒྱས་པར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ཡིན་ཏེ། མུ་སྟེགས་ཅན་གྱི་ལྟ་བ་དེ་ཡང་དེས་སངས་རྒྱས་རྣམས་འབྱུང་བ་མེད་པ་དང་། དམ་པའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་མེད་པའི་ཚེ་ན་རྙེད་པར་འགྱུར་ཏེ། དེ་ནི་ལོག་པར་ཞུགས་པ་ཞེས་བྱའོ། །སྒྲིབ་པ་གང་ཞེ་ན། སྨྲས་

པ། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས་པའི་བར་དུ་རྒྱས་པར་སྔ་མ་བཞིན་དུ་གྱུར་ཅིང་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་། དམ་པའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དག་རྙེད་པར་གྱུར་ཀྱང་། དེ་གླེན་པ་དང་། དིག་པ་དང་། ལྐུགས་པ་དང་། ལག་པས་བརྡ་བྱེད་པར་འགྱུར་

ཞིང་ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་དང་། མཚམས་མེད་པའི་ལས་རྣམས་བྱེད་པར་འགྱུར་བ་དང་། ཉོན་མོངས་པ་ཡུན་རིང་བ་ཡིན་ཏེ་དེ་ནི་སྒྲིབ་པ་ཞེས་བྱའོ། །རྒྱུ་གང་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་

ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་པའི་རྒྱུ་ནི་བཞི་པོ་དེ་དག་ཡིན་ནོ། །དེ་དག་ཀྱང་གང་གི་ཚེ་སངས་རྒྱས་འབྱུང་བ་དང་། དམ་པའི་ཆོས་ཉན་པ་དང་རྗེས་སུ་མཐུན་པའི་གདམས་ངག་རྗེས་སུ་བསྟན་པ་རྙེད་ཅིང་། རྒྱུ་དེ་དག་ཀྱང་མེད་པར་གྱུར་པ་དེའི་ཚེ་ན་དགེ་བའི་རྩ་བ་དག་ཡོངས་སུ་

སྨིན་ཅིང་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ནི་ངེས་པའི་ཚོགས་ལ་གནས་པ་ཡིན་པས། དེ་དག་ནི་རྐྱེན་རྙེད་ཀྱང་རུང་མ་རྙེད་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་

เล่ม ๑๒๘ · หน้า 3b

སྐལ་བ་མེད་པ་ཁོ་ན་ཡིན་ནོ། །དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་རྣམས་ཀྱི་གང་དག་མ་ཚང་ཞིང་མེད་ལ་ཉེ་བར་མ་གྱུར་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རྐྱེན་རྣམས་གང་ཞེ་ན། སྨྲས་པ། རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཙོ་བོ་དང་། དམན་པའོ། །

རྐྱེན་གཙོ་བོ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། དམ་པའི་ཆོས་ཀྱི་དབང་དུ་བྱས་པའི་གཞན་གྱི་སྒྲ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ། །རྐྱེན་དམན་པ་གང་ཞེ་ན། སྨྲས་པ། རྐྱེན་དམན་པ་ནི་མང་སྟེ། འདི་ལྟ་སྟེ། བདག་གི་འབྱོར་པ་དང་། གཞན་གྱི་འབྱོར་པ་དང་།

དགེ་བའི་ཆོས་ལ་འདུན་པ་དང་། རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོ་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་དོ། །རབ་ཏུ་དབེན་པར་གནས་པ་

དང་། སྒྲིབ་པ་རྣམ་པར་དག་པ་དང་། ཏིང་ངེ་འཛིན་ལ་ཡང་དག་པར་གནས་པའོ། །དེ་ལ་བདག་གི་འབྱོར་པ་གང་ཞེ་ན། མིར་གྱུར་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། གནས་ལ་དད་པར་གྱུར་པ་དང་། ལས་ཀྱི་མཐའ་མ་ལོག་པ་གང་ཡིན་པའོ། །

དེ་ལ་མིར་གྱུར་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ། སྐྱེས་པའི་དབང་པོ་དང་ལྡན་པའམ། བུད་མེད་དུ་སྐྱེས་པ་ཡིན་ཏེ། དེ་ནི་མིར་གྱུར་པ་ཞེས་བྱའོ། །ཡུལ་དབུས་སུ་སྐྱེས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔ་མ་བཞིན་དུ་གོང་དུ་སྐྱེས་བུ་དམ་

པའི་བར་དག་འགྲོ་བའི་ཡུལ་དབུས་ཀྱི་མི་རྣམས་སུ་སྐྱེས་པ་ཡིན་ཏེ། དེ་ནི་ཡུལ་དབུས་སུ་སྐྱེས་པ་ཞེས་བྱའོ། །དབང་པོ་མ་ཚང་བ་མེད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གླེན་པ་མ་ཡིན་ཞིང་དིག་པ་དང་ལྐུགས་པ་མ་ཡིན་པའི་བར་དུ་རྒྱས་པར་གྱུར་པ་དང་། ཡན་ལག་དང་ཉིང་ལག་མ་ཚང་བ་

མེད་པར་གྱུར་ཅིང་རྣ་བ་མ་ཚང་བ་མེད་པ་ལ་སོགས་པ་ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པ་གང་གིས་དགེ་བའི་ཕྱོགས་ཡང་དག་པར་བསྒྲུབ་པའི་སྐལ་པ་ཡོད་པ་ཡིན་ཏེ། དེ་ནི་དབང་པོ་མ་ཚང་བ་མེད་པ་ཞེས་བྱའོ། །གནས་ལ་དད་པར་གྱུར་པ་གང་ཞེ་ན། །འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་

เล่ม ๑๒๘ · หน้า 4a

པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང་། སེམས་དང་བ་ཐོབ་པར་གྱུར་པ་ཡིན་ཏེ། དེ་ནི་གནས་ལ་དད་པར་གྱུར་པ་ཞེས་བྱའོ། །དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་

པའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེས་སྔོན་དུ་དྲངས་པའི་དབང་གིས་དེ་ལ་དད་པ་གང་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ལས་ཀྱི་མཐའ་མ་ལོག་པ་གང་ཞེ་ན། གང་གི་ཚེ་

འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་འདི་ལྟ་སྟེ། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་ལས་མཚམས་མེད་པའི་ལས་གང་ཡང་རུང་བ་མ་བྱས་ཤིང་

བྱེད་དུ་མ་བཅུག་པ་ཡིན་ཏེ། དེ་ནི་ལས་ཀྱི་མཐའ་མ་ལོག་པ་ཞེས་བྱའོ། །ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་དེ་དག་བྱས་ཤིང་བསགས་ལ་ཡོངས་སུ་མ་སྤངས་ན་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཕགས་པའི་ལམ་སྐྱེད་པའི་སྐལ་བ་མེད་པས་ན་དེའི་ཕྱིར་དེ་དག་ནི་ལས་ཀྱི་

མཐའ་ལོག་པ་ཞེས་བྱའོ། །དེས་བདག་ཉིད་ཀྱི་ལུས་ཡིན་ཏེ་ཡན་ལག་ལྔ་པོ་དེ་དག་གིས་འབྱོར་པར་བྱེད་པས་ན་དེའི་ཕྱིར་བདག་གི་འབྱོར་པ་ཞེས་བྱའོ། །གཞན་གྱི་འབྱོར་པ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་། ཆོས་བསྟན་པ་རྣམས་

གནས་པ་དང་། ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པའོ། །དེ་ལ་སངས་རྒྱས་རྣམས་འབྱུང་བ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སེམས་ཅན་ཐམས་ཅད་ལ་དགེ་ལེགས་དང་ཕན་པའི་བསམ་པ་བསྐྱེད་ནས། དཀའ་བ་སྟོང་ཕྲག་མང་པོ་དང་།

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐ་མའི་ལུས་ཕྱི་མ་ཐོབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། སྒྲིབ་པ་ལྔ་སྤངས་ནས། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་

เล่ม ๑๒๘ · หน้า 4b

བསྒོམས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། དེས་ནི་སངས་རྒྱས་རྣམས་འབྱུང་བ་ཞེས་བྱའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དེ་ཁོ་ན་

བཞིན་དུ་འབྱུང་བ་ཡིན་ནོ། །དམ་པའི་ཆོས་སྟོན་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་དང་། དེ་དག་ཉིད་ཀྱིས་ཉན་ཐོས་རྣམས་འཇིག་རྟེན་དུ་བྱུང་ནས། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བའི་ཕྱིར། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་

འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ལས་བརྩམས་ནས་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོག་པ་བརྗོད་པའི་སྡེ་དང་། དེ་ལྟ་བུའི་བྱུང་

བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་ཆོས་སྟོན་པར་མཛད་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །ཆོས་འདི་ནི་དམ་པ་ཡང་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་

ཐོས་རྣམས་ཀྱིས་བརྟགས་ཤིང་བསྟན་པའམ་བསྔགས་པ་ཡིན་པས་དེའི་ཕྱིར་དམ་པའི་ཆོས་ཏེ། དེ་བཤད་པ་གང་ཡིན་པ་དེ་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །ཆོས་བསྟན་པ་རྣམས་གནས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཚོ་ཞིང་གཞེས་ལ། ཆོས་

ཀྱི་འཁོར་ལོ་བསྐོར་ཏེ་དམ་པའི་ཆོས་བསྟན་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དུས་ཇི་སྲིད་པར་སྒྲུབ་པ་མི་ཉམས་པ་དང་། དམ་པའི་ཆོས་མི་ནུབ་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་གནས་པ་ཞེས་བྱའོ། །གནས་པ་དེ་ཡང་དོན་དམ་པའི་ཆོས་

(མངན་‚མངོན་)སུམ་དུ་བྱ་བའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ། །ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་གང་ཞེ་ན། དམ་པའི་ཆོས་རྟོགས་པ་གང་ཡིན་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་སྐལ་བ་དང་མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ཁོ་ན་དང་རྗེས་སུ་མཐུན་

เล่ม ๑๒๘ · หน้า 5a

པས་གདམས་ཤིང་རྗེས་སུ་བསྟན་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཡིན་ཏེ། དེ་ནི་ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་ཞེས་བྱའོ། །གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་གང་ཞེ་ན། གཞན་ཞེས་བྱ་བ་ནི་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཏེ། དེ་དག་གིས་

འཚོ་བའི་ཡོ་བྱད་རྐྱེན་དུ་བབས་པ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་གང་ཡང་རུང་བ་དེ་དག་གི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཡིན་ཏེ། དེ་ནི་གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཞེས་བྱའོ། །དགེ་

བའི་ཆོས་ལ་འདུན་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དག་ལས་ཆོས་ཐོས་ཤིང་དད་པ་ཐོབ་པར་གྱུར་ལ་དེས་དེ་ཐོས་ནས་འདི་ལྟར་ཁྱིམ་ན་གནས་པ་ནི་གནོད་པ་དང་ཉོན་མོངས་པའི་གནས་ཡིན་གྱི། རབ་ཏུ་བྱུང་བ་ནི་མངོན་པར་

སྐབས་ཡོད་པ་ཡིན་པས། འདི་ལྟར་བདག་གིས་བུད་མེད་ཀྱི་ཚོགས་དང་ནོར་དང་འབྲུ་དང་དབྱིག་ཐམས་ཅད་སྤངས་ལ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བར་བྱ་ཞིང་། རབ་ཏུ་བྱུང་ནས་ཀྱང་ནན་ཏན་གྱིས་བསྒྲུབ་པར་བྱའོ་

ཞེས་དེ་ལྟར་ཡང་དག་པར་སློབ་པར་བྱེད་པ་ཡིན་ཏེ། དེ་ལྟར་དགེ་བའི་ཆོས་རྣམས་ལ་འདུན་པ་སྐྱེས་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་ལ་འདུན་པ་ཞེས་བྱའོ། །རབ་ཏུ་བྱུང་བ་གང་ཞེ་ན། དགེ་བའི་ཆོས་ལ་འདུན་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་

རྫོགས་པར་བྱས་པ་དང་། དགེ་སློང་གི་ཚུལ་ཁྲིམས་ཡང་དག་པར་བླངས་པ་གང་ཡིན་པ་སྟེ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གང་ཞེ་ན། དེ་ལྟར་རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་

ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སླབ་པར་བྱེད་པ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱའོ། །དབང་པོ་སྡོམ་པ་གང་ཞེ་ན། དེ་ཚུལ་ཁྲིམས་ཀྱི་

เล่ม ๑๒๘ · หน้า 5b

སྡོམ་པ་དེ་ཉིད་ལ་བརྟེན་ནས། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང་དེས་མིག་གིས་གཟུགས་རྣམས་མཐོང་བ་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་

མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་གྱུར་པ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་། མིག་གི་དབང་པོ་ཡང་སྲུང་བར་བྱེད་ལ། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང་། དེ་རྣ་བས་སྒྲ་དག་དང་།

སྣས་དྲི་དག་དང་། ལྕེས་རོ་དག་དང་། ལུས་ཀྱིས་རེག་བྱ་དག་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ན་ཡང་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་

བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་། ཡིད་ཀྱི་དབང་པོ་ཡང་སྲུང་བར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ནི་དབང་པོ་སྡོམ་པ་ཞེས་བྱའོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། དེ་ལྟར་དབང་པོ་བསྡམས་པ་དེ་སོ་སོར་བརྟགས་ཤིང་། ཟས་ཟ་བར་

བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། འདི་ལྟ་སྟེ། ལུས་འདི་ནི་གནས་པར་བྱ་བ་དང་། འཚོ་བར་བྱ་བ་དང་། བཀྲེས་པ་བསལ་བར་བྱ་བ་དང་། ཚངས་པར་སྤྱད་པ་ལ་ཕན་བར་བྱ་བ་དང་།

ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང་། གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ། དེ་ནི་ཟས་ཀྱི་ཚོད་རིག་པ་ཉིད་ཅེས་བྱའོ། །ནམ་གྱི་

ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཞེ་ན། དེ་ལྟར་ཟས་ཀྱི་ཚོད་རིག་པར་གྱུར་པ་དེ་ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་

เล่ม ๑๒๘ · หน้า 6a

འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། དེ་ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ།

གློ་གཡས་པ་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང་། དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས། འཆག་པ་དང་། འདུག་

པ་དག་གིས་སྒྲིབ་པར་གྱུར་པའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ། དེ་ནི་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ཅེས་བྱའོ། །ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གྱུར་པ་

དེ་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་། ཅུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅང་བ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་།

སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་སྙོམ་པ་བསང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །རབ་ཏུ་དབེན་པར་གནས་པ་གང་ཞེ་ན། དེ་ཆོས་

དེ་དག་གིས་ཡོངས་སུ་སྦྱོང་བར་བྱ་བའི་ས་སྦྱངས་ནས་གནས་མལ་དབེན་པ་དགོན་པ་དག་གམ། ཤིང་དྲུང་དག་གམ། ཁང་སྟོང་དག་གམ། རི་ཁྲོད་དམ། རི་ཕུག་གམ། རྩྭ་ཁང་ངམ། བླ་གབ་མེད་པའམ། དུར་ཁྲོད་དམ། ནགས་འདབ་བམ། བས་མཐའི་གནས་མལ་

དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ནི་རབ་ཏུ་དབེན་པར་གནས་པ་ཞེས་བྱའོ། །སྒྲིབ་པ་རྣམ་པར་དག་པ་གང་ཞེ་ན། དེ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་

เล่ม ๑๒๘ · หน้า 6b

པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་ཅིང་། དེ་སྒྲིབ་པ་དེ་དག་ལས་སེམས་རྣམ་པར་སྦྱངས་ན། སྒྲིབ་པ་མེད་པས་ཏིང་ངེ་འཛིན་གྱི་ཉམས་བདེ་བ་ལ་ཉེ་བར་གནས་པ་ཡིན་ཏེ། དེ་ནི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱའོ། །

ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་གང་ཞེ་ན། དེ་སྒྲིབ་པ་ལྔ་པོས་སེམས་ཉེ་བར་ཉོན་མོངས་པར་བྱེད་ལ། ཤེས་རབ་ཉམ་ཆུང་བར་བྱེད་པ་རྒུད་པའི་ཕྱོགས་སུ་གྱུར་ལ་ཀུན་ནས་ཉོན་མོངས་པ་འཕེལ་བར་གྱུར་པ་དག་སྤངས་ནས། འདོད་པ་དག་ལ་དབེན་པ། སྡིག་པ་མི་དགེ་བའི་ཆོས་

རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་

མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་

དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་(ཡིང་‚ཡང་)མ་

ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་ཡིན་ཏེ། དེ་ནི་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་ཞེས་བྱའོ། །དེ་རིམ་པ་འདིས་དང་པོ་བདག་གི་འབྱོར་པ་ནས་ཐ་མ་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པའི་

མཐར་ཐུག་པའི་བར་གྱི་རྐྱེན་ཁྱད་པར་ཅན་དང་། ཤིན་ཏུ་ཁྱད་པར་ཅན་དང་། མཆོག་ཏུ་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡང་དག་པར་བསྒྲུབ་པར་བྱེད་དོ། །དེ་དེ་ལྟར་སེམས་ཡོངས་སུ་དག་པ་ཡོངས་སུ་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་

เล่ม ๑๒๘ · หน้า 7a

གྱུར་པ། ལས་སུ་རུང་བ། མི་གཡོ་བར་གྱུར་པ་ལ་གནས་ན། གལ་ཏེ་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ། དེ་དག་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བའི་ཕྱིར་གཞན་ལས་གདམས་ཤིང་

རྗེས་སུ་བསྟན་པའི་སྒྲ་ཐོས་པར་གྱུར་ནས། དེ་ལྟ་ན་དེ་ནི་རིགས་པས་བསྐྱེད་པའི་ཡིད་ལ་བྱེད་པ་དང་། དེ་སྔོན་དུ་བཏང་བའི་ཡང་དག་པའི་ལྟ་བ་བསྐྱེད་པར་བྱ་བའི་སྐལ་བ་དང་མཐུ་ཡོད་པ་ཡིན་ཏེ། དེས་འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པར་བྱེད་ཅིང་། རྣམ་པར་གྲོལ་

བ་ཡང་ཡོངས་སུ་རྫོགས་པར་བྱེད་ལ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་ལ་བརྟེན་ནས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་

ནི་རིགས་ཡང་དག་པར་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་བདག་གི་འབྱོར་པ་ནས་བཟུང་སྟེ། ཏིང་ངེ་འཛིན་ལ་ཡང་དག་པར་གནས་པའི་བར་གང་ཡིན་པ་དེ་ནི་ཡང་དག་པར་འགྲུབ་པའི་རྐྱེན་དམན་པ་ཡིན་པར་རིག་པར་བྱའོ། །དེ་ལ་འཕགས་པའི་བདེན་པ་བཞི་སྟོན་པའི་གདམས་ངག་གི་

དབང་དུ་བྱས་པའི་གཞན་གྱི་སྒྲ་གང་ཡིན་པ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་འགྲུབ་པའི་རྐྱེན་གཙོ་བོ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རིགས་ཀྱི་རྣམ་པར་གཞག་པ་ཞེས་བྱའོ། །རིགས་ལ་གནས་པའི་གང་ཟག་གི་རྟགས་རྣམས་གང་ཞེ་ན། སྨྲས་པ།

ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རྟགས་གང་ཡིན་པ་དེ་དག་ལས་བཟློག་པ་ནི་རིགས་ལ་གནས་པའི་གང་ཟག་གི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །གང་དག་དང་ལྡན་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་གང་ཟག་ལ། འདི་ནི་ཡོངས་སུ་མྱ་ངན་ལས་མི་འདའ་

བའི་ཆོས་ཅན་ཡིན་ནོ་ཞེས་ཤེས་པར་འགྱུར་བའི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རྟགས་རྣམས་གང་ཞེ་ན། སྨྲས་པ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རྟགས་ནི་མང་དུ་ཡོད་མོད་ཀྱི། ཕྱོགས་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་ཡོངས་སུ་མྱ་ངན་ལས་མི་

เล่ม ๑๒๘ · หน้า 7b

འདའ་བའི་ཆོས་ཅན་གྱི་གང་ཟག་གི་ལུས་ལ་གཞིའི་སྲེད་པའི་དང་པོ་ཉིད་ནས་ཀུན་ཏུ་ཞེན་པ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་མི་སྤྱོད་པའི་ཆོས་ཅན་མ་བཤིག་པ། རིང་དུ་སོང་བ་རབ་ཏུ་དམ་པོར་ཀུན་ཏུ་ཞེན་པ་

ཡོད་པ། དེ་ནི་རིགས་མེད་པ་ལ་གནས་པའི་གང་ཟག་གི་རྟགས་དང་པོ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་འཁོར་བའི་སྐྱོན་སྣ་ཚོགས་དང་། རབ་ཏུ་མང་པོ་དག་རྣམ་གྲངས་དུ་མར་ཐོས་ཀྱང་དེས་འདས་པའི་དུས་ལ་བརྟེན་ཏེ། འཁོར་བའི་སྤྲོས་པ་ལས་

སྐྱོན་དུ་ལྟ་བ་དང་། ཉེས་དམིགས་སུ་ལྟ་བ་དང་། སྐྱོ་བ་ཅུང་ཟད་ཙམ་ཡང་མ་བསྐྱེད་ཅིང་། མ་འོངས་པའི་དུས་ལ་བརྟེན་ཏེ་སྐྱེད་པར་ཡང་མི་འགྱུར། ད་ལྟར་གྱི་དུས་ལ་བརྟེན་ཏེ་སྐྱེད་པར་ཡང་མི་བྱེད་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་ལ་བརྟེན་པ། མྱ་ངན་

ལས་འདས་པ་སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་ཡོན་ཏན་དུ་ལྟ་བ་དང་། ཕན་ཡོན་དུ་ལྟ་བ་དང་། དད་པ་ཅུང་ཟད་ཙམ་དང་། ཆ་ཅུང་ཟད་ཙམ་དང་། ངན་ངོན་ཙམ་ཡང་མ་བསྐྱེད་བསྐྱེད་པར་མི་འགྱུར། སྐྱེད་པར་མི་བྱེད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་

རྟག་གཉིས་པ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་དང་པོ་ཉིད་ནས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེས་དེ་སྙིང་རྗེ་མེད་པ་དང་། བག་ཚ་བ་མེད་པའི་སེམས་དང་། རབ་ཏུ་རངས་པའི་སེམས་ཀྱིས་སྡིག་པ་ཐམས་ཅད་ལ་ལྷག་པར་སྤྱོད་

པར་བྱེད་ཅིང་། གཞི་དེས་ལན་འགའ་འང་འགྱོད་པར་མི་བྱེད་ལ། གཞི་དེས་ཚེ་འདིའི་ཟང་ཟིང་དང་བཅས་པའི་བདག་ཉིད་ཉམས་པ་ཁོ་ན་ཙམ་དུ་མཐོང་བར་ཟད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་རྟགས་གསུམ་པ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་

སྡུག་བསྔལ་ལམ། ཀུན་འབྱུང་བའམ། འགོག་པའམ། ལམ་ལས་བརྩམས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བ་རིགས་པ་སྣ་ཚོགས་པ་གོ་སླ་བའི་དམ་པའི་ཆོས་སྟོན་ཅིང་ཡང་དག་པར་སྟོན་པ་ན། ཅུང་ཟད་སེམས་གཏོད་པ་ཙམ་དང་། མོས་པ་ཙམ་ཡང་མ་ཐོབ་ན།

เล่ม ๑๒๘ · หน้า 8a

འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་ལ་བརྟེན་ཏེ་སྤུ་ཟིང་ཞེས་བྱེད་པའམ། མཆི་མ་དཀྲུག་ཅེས་བྱེད་པ་ཐོབ་པར་གྱུར་པ་ལྟ་ཅི་སྨོས་ཏེ། དེ་ནི་རིགས་མེད་པ་ལ་གནས་པའི་རྟགས་བཞི་པ་ཡིན་ནོ། །གཞན་ཡང་རིགས་མེད་པ་ལ་གནས་

པའི་གང་ཟག་ནི་གལ་ཏེ་བརྒྱ་ལ་བརྒྱ་ལམ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཡང་དེང་རྒྱལ་པོས་གཙེས་པའམ། ཆོམ་རྐུན་པས་གཙེས་པའམ། བུ་ལོན་གྱིས་ཉམ་ཐག་པའམ། འཇིགས་པས་ཉམ་ཐག་པའམ། མི་འཚོ་བས་འཇིགས་ཤིང་སྐྲག་པའི་ཕྱིར་

ཡིན་གྱི་བདག་ཉིད་དུལ་བར་བྱ་བའི་ཕྱིར་མ་ཡིན་ནོ། །བདག་ཉིད་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། བྲམ་ཟེའི་ཕྱིར་མ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་

དག་དང་འདྲེན་མར་གནས་ཤིང་། ལྷའམ་ལྷ་གང་ཡང་རུང་བ་དག་ཏུ་སྨོན་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་དང་། བསླབ་པ་ཕུལ་ནས་སྤངས་པ་ལ་འཇུག་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པ་དང་། ནང་མྱགས་པ་དང་། ཉེས་འཛག་ཏུ་གྱུར་པ་དང་། ཤིང་རུལ་པ་ལྟ་བུར་

གྱུར་པ་དང་། ལུང་བོང་ལྟར་ཀུན་ཏུ་སྤྱོད་ཅིང་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡིན་ཏེ། རིགས་མེད་པ་ལ་གནས་པའི་གང་ཟག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་དེ་ཁོ་ན་

བཞིན་དུ་རབ་ཏུ་བྱུང་བ་ཡིན་པར་རིག་པར་བྱའོ། །བསླབ་པ་འདོད་པ་མ་ཡིན་པའི་གང་ཟག་གི་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་རྣམ་གྲངས་དེ་དང་བསམ་པ་དེས་ན་དེའི་དེ་ནི་དོན་གྱི་སྒོ་ནས་རབ་ཏུ་བྱུང་བ་མ་ཡིན་གྱི། རབ་ཏུ་བྱུང་བའི་

རྟགས་དང་ཆ་ལུགས་འཛིན་པ་ཙམ་གྱིས་རབ་ཏུ་བྱུང་བ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཁོ་ནར་ཟད་དེ། དེ་ནི་རིགས་མེད་པ་ལ་གནས་པའི་གང་ཟག་གི་རྟགས་ལྔ་པ་ཡིན་ཏེ། གཞན་ཡང་རིགས་མེད་པ་ལ་གནས་པའི་གང་ཟག་ནི་ལུས་སམ་ངག་གམ་ཡིད་ཀྱི་དགེ་བའི་ལས་གང་ཅུང་ཟད་ཅི་

เล่ม ๑๒๘ · หน้า 8b

བྱེད་ཀྱང་རུང་སྟེ། དེ་ཐམས་ཅད་སྲིད་པའི་བསམ་པའི་ཕྱིར་ཏེ་ཕྱི་མ་ལ་ཡང་འབྱུང་བའི་སྲིད་པ་ཁྱད་པར་དུ་འཕགས་པ་དག་འདོད་པའི་ཕྱིར་རམ། ལོངས་སྤྱོད་ཀྱི་བསམ་པའི་ཕྱིར་ཏེ། ལོངས་སྤྱོད་ཁྱད་པར་དུ་འཕགས་པ་དག་འདོད་པའི་ཕྱིར་བྱེད་པ་ཡིན་ཏེ། དེ་ནི་རིགས་མེད་པ་ལ་གནས་

པའི་གང་ཟག་གི་རྟགས་དྲུག་པ་ཡིན་ནོ། །གང་དག་དང་ལྡན་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་གང་ཟག་ལ་འདི་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་གང་ཟག་ཡིན་ནོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེའི་རྟགས་ནི་དེ་ལྟ་བུ་དང་མཐུན་པ་མང་དུ་ཡོད་དོ། །

དེ་ལ་རིགས་ལ་གནས་པའི་གང་ཟག་རྣམས་གང་ཞེ་ན། སྨྲས་པ། རིགས་ལ་གནས་པའི་གང་ཟག་ནི་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡང་ཡོད་དོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡང་ཡོད་དོ། །རིགས་ལ་གནས་ལ་

ཞུགས་ཤིང་ངེས་པར་འབྱུང་བ་ཡང་ཡོད་དོ། །དབང་པོ་རྟུལ་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྣོན་པོ་དང་། འདོད་ཆགས་སྤྱད་པ་དང་། ཞེ་སྡང་སྤྱད་པ་དང་། གཏི་མུག་སྤྱད་པ་དང་། མི་ཁོམ་པར་སྐྱེས་པ་དང་། ཁོམ་པར་སྐྱེས་པ་དང་། བག་མེད་པ་དང་

ལྡན་པ་དང་། བག་ཡོད་པ་དང་ལྡན་པ་དང་། ལོག་པར་ཞུགས་པ་དང་། ལོག་པ་མ་ཡིན་པར་ཞུགས་པ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། ཡུན་རིང་བ་དང་། ཐག་ཉེ་བ་དང་། ཡོངས་སུ་མ་སྨིན་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་མ་དག་པ་དང་། རྣམ་པར་དག་པ་དག་

ཀྱང་ཡོད་དོ། །དེ་ལ་རིགས་ལ་གནས་པའི་གང་ཟག་རིགས་ལ་གནས་པ་ཁོ་ན་ཡིན་ན། མ་ཞུགས་ཤིང་ངེས་པར་མ་བྱུང་བ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་དང་ལྡན་པ་ཁོ་ན་ཡིན་ན། ད་དུང་སྐྱེས་བུ་དམ་པ་ལ་ལེགས་པར་བརྟེན་

པའམ། བརྟེན་ནས་དམ་པའི་ཆོས་ཉན་པའམ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་ཐོབ་པ་མ་ཡིན་ཞིང་། ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་བྱེད། ཐོས་པ་འཛིན་པར་མི་བྱེད། གཏོང་བ་སྤེལ་བར་མི་བྱེད། ལྟ་བ་སྦྱོར་བར་མི་བྱེད་པ་ཡིན་

เล่ม ๑๒๘ · หน้า 9a

ཏེ། དེ་ནི་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་ཤིང་ངེས་པར་མ་བྱུང་བ་ཡིན་ནོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་མ་བྱུང་བ་གང་ཞེ་ན། སྔར་བཤད་པའི་ནག་པོའི་ཕྱོགས་ལས་བཟློག་པ་དཀར་པོའི་ཕྱོགས་ལ་རིགས་ལ་གནས་ལ་ཞུགས་

ཤིང་ངེས་པར་མ་བྱུང་བ་ཡིན་པར་རིག་པར་བྱ་སྟེ། བྱེ་བྲག་ནི་འཕགས་པའི་ལམ་དང་དེའི་འབྲས་བུ་ཉོན་མོངས་པ་དང་བྲལ་བ་མ་ཐོབ་པ་ཡོད་དོ། །རིགས་ལ་གནས་ལ་ཞུགས་ཤིང་ངེས་པར་བྱུང་བ་གང་ཞེ་ན། དེ་དག་གཉིས་བརྗོད་ནས། བྱེ་བྲག་ནི་འཕགས་པའི་ལམ་དང་། དེའི་

འབྲས་བུ་ཉོན་མོངས་པ་དང་བྲལ་བ་ཐོབ་པར་བྱ་བ་དེ་ཡོད་དོ། །དེ་ལ་དབང་པོ་རྟུལ་པོ་གང་ཞེ་ན། གང་ཟག་ཅེས་བྱ་བའི་དངོས་པོ་དམིགས་པ་ལ་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་

དབང་པོ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་ཤིན་ཏུ་བུལ་བར་འཇུག་ཅིང་དལ་བར་འཇུག་ལ། ཆོས་དང་དོན་རབ་ཏུ་འབྱེད་པ་དང་། མྱུར་བ་དང་། དེ་ཁོ་ན་རབ་ཏུ་འབྱེད་པར་ཡང་མི་ནུས་ཤིང་མཐུ་མེད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་

དབང་པོ་རྟུལ་པོ་ཞེས་བྱའོ། །དེ་ལ་དབང་པོ་འབྲིང་གང་ཞེ་ན། ཤེས་བྱའི་དངོས་པོ་དམིགས་པ་ལ་དབང་པོ་རྣམས་ཤིན་ཏུ་བུལ་ཤིང་དལ་བར་འཇུག་པ་མ་ཡིན་པར་ཐམས་ཅད་སྔ་མ་བཞིན་དུ་རྒྱས་པར་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་དབང་པོ་འབྲིང་ཞེས་བྱའོ། །གང་

ཟག་དབང་པོ་རྣོན་པོ་གང་ཞེ་ན། གང་ཟག་ཤེས་བྱའི་དངོས་པོ་དམིགས་པ་ལ་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དབང་པོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་།

ཏིང་ངེ་འཛིན་དང་། ཤེས་རབ་དག་བུལ་བ་མ་ཡིན་པར་འཇུག་ཅིང་དལ་བ་མ་ཡིན་པར་འཇུག་ལ། ཆོས་དང་དོན་རབ་ཏུ་འབྱེད་པ་དང་། མྱུར་བ་དང་། དེ་ཁོ་ན་རབ་ཏུ་འབྱེད་པར་ཡང་ནུས་ཤིང་མཐུ་ཡོད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དབང་པོ་རྣོན་པོ་ཞེས་བྱའོ། །གང་ཟག་

เล่ม ๑๒๘ · หน้า 9b

འདོད་ཆགས་སྤྱད་པ་གང་ཞེ་ན། ཆགས་པར་འགྱུར་བའི་དམིགས་པ་ལ་འདོད་ཆགས་དྲག་པོ་དང་འདོད་ཆགས་ཡུན་རིང་པོར་འབྱུང་བར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་འདོད་ཆགས་སྤྱད་པ་ཞེས་བྱའོ། །གང་ཟག་ཞེ་སྡང་སྤྱད་པ་གང་ཞེ་ན། ཞེ་སྡང་བར་འགྱུར་བ་ཁོང་ཁྲོ་བ་

དང་མཐུན་པའི་དམིགས་པ་ལ་ཞེ་སྡང་དྲག་པོ་དང་ཞེ་སྡང་ཡུན་རིང་པོ་འབྱུང་བར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཞེ་སྡང་སྤྱད་པ་ཞེས་བྱའོ། །གང་ཟག་གཏི་མུག་སྤྱད་པ་གང་ཞེ་ན། ཤེས་བྱའི་དངོས་པོ་ལ་གཏི་མུག་དྲག་པོ་དང་གཏི་མུག་ཡུན་རིང་པོ་འབྱུང་བར་འགྱུར་བ་གང་ཡིན་

པ་སྟེ། དེ་ནི་གང་ཟག་གཏི་མུག་སྤྱད་པ་ཞེས་བྱའོ། །གང་ཟག་མི་ཁོམ་བར་སྐྱེས་པ་དང་། བག་མེད་པ་དང་ལྡན་པ་དང་། ལོག་པར་ཞུགས་པ་དང་། བསྒྲིབས་པ་རྣམས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་དག་ལས་བཟློག་པ་ནི་ཁོམ་པར་སྐྱེས་པ་དང་། བག་ཡོད་པ་དང་ལྡན་

པ་དང་། ལོག་པ་མ་ཡིན་པར་ཞུགས་པ་དང་། མ་བསྒྲིབས་པ་དག་ཡིན་པར་རིག་པར་བྱའོ། །གང་ཟག་ཡུན་རིང་བ་གང་ཞེ་ན། གང་ཟག་དུས་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་ཡང་ཡོད་དོ། །སྦྱོར་བ་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་ཡང་ཡོད་དོ། །དེ་ལ་

དུས་ཡུན་རིང་བས་མྱ་ངན་ལས་འདའ་བ་ཡུན་རིང་བ་གང་ཞེ་ན། ཚེ་རབས་བརྒྱ་ཕྲག་དུ་མ་དག་དང་། ཚེ་རབས་སྟོང་ཕྲག་དུ་མ་དག་དང་། ཚེ་རབས་འབུམ་ཕྲག་དུ་མ་དག་གི་འོག་ཏུ་འདོད་རྐྱེན་རྙེད་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་ཡོད་པར་འགྱུར་རོ། །སྦྱོར་བ་ཡུན་རིང་

པས་མྱ་ངན་ལས་འདའ་བ་ཡུན་རིང་བ་གང་ཞེ་ན། གང་ཟག་རིགས་ལ་གནས་པ་ཁོ་ན་ཡིན་ལ། མ་ཞུགས་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་མྱུར་དུ་འཐོབ་པའི་སྐལ་པ་ཡོད་པ་ཡིན་ནོ། །དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སྦྱོར་བ་མ་

བརྩམས་པ་ཙམ་དུ་ཟད་པས་སྦྱོར་བ་ཡུན་རིང་བའི་ཕྱིར་མྱ་ངན་ལས་འདའ་བ་ཡུན་རིང་བ་ཡིན་གྱི། དུས་ཡུན་རིང་བས་ནི་མ་ཡིན་ཏེ། དེ་དག་ནི་གང་ཟག་ཡུན་རིང་བ་ཞེས་བྱའོ། །གང་ཟག་ཐག་ཉེ་བ་གང་ཞེ་ན། གང་ཟག་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་ཡང་ཡོད་དོ། །སྦྱོར་

เล่ม ๑๒๘ · หน้า 10a

བ་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་ཡང་ཡོད་དོ། །དེ་ལ་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་གང་ཞེ་ན། ལུས་དང་གནས་ཀྱི་དངོས་པོ་ཐ་མལ་ལ་གནས་ཤིང་དེ་ལུས་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། སྐད་ཅིག་དེ་ལ་བར་

ཆད་མེད་པར་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པ་གང་ཡིན་པ་སྟེ། དེ་ནི་དུས་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་ཡིན་ནོ། །སྦྱོར་བ་ཐག་ཉེ་བས་མྱ་ངན་ལས་འདའ་བ་ཐག་ཉེ་བ་གང་ཞེ་ན། དེ་ནི་རིགས་ལ་གནས་ཤིང་ཞུགས་པ་གང་ཡིན་པ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་གང་

ཟག་ཐག་ཉེ་བ་ཞེས་བྱའོ། །གང་ཟག་ཡོངས་སུ་མ་སྨིན་པ་གང་ཞེ་ན། གང་ཟག་གང་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །

གང་ཟག་ཡོངས་སུ་སྨིན་པ་གང་ཞེ་ན། གང་ཟག་གང་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཡོངས་སུ་སྨིན་པ་ཞེས་བྱའོ། །གང་ཟག་རྣམ་པར་མ་དག་པ་གང་

ཞེ་ན། གང་ཟག་འཕགས་པའི་ལམ་མ་བསྐྱེད་ཅིང་། དེའི་འབྲས་བུ་ཉོན་མོངས་པ་དང་བྲལ་བ་མངོན་སུམ་དུ་མ་བྱས་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་རྣམ་པར་མ་དག་པ་ཞེས་བྱའོ། །གང་ཟག་རྣམ་པར་དག་པ་གང་ཞེ་ན། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་དག་

ནི་རིགས་ལ་གནས་པའི་གང་ཟག་རྣམས་ཞེས་བྱ་སྟེ། འདི་ལྟ་སྟེ། མ་ཞུགས་པ་རྣམས་གཞུག་པར་བྱ་བ་དང་། ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་མ་དག་པ་རྣམས་རྣམ་པར་དག་པར་བྱ་བ་གང་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་

འཇིག་རྟེན་དུ་འབྱུང་ཞིང་། ཆོས་ཀྱི་འཁོར་ལོ་དག་བསྐོར་བར་མཛད་པ་དང་། བསླབ་པའི་གཞི་རྣམས་འཆའ་བར་མཛད་པ་དག་ཡིན་ནོ། །བར་གྱི་སྡོམ་ནི། རང་བཞིན་དང་ནི་དེ་རྣམས་གཞག །རྟགས་རྣམས་དང་ནི་གང་ཟག་དག །དེ་དག་ཐམས་ཅད་མདོར་བསྡུས་ཏེ། རིགས་

เล่ม ๑๒๘ · หน้า 10b

ཀྱི་སར་ནི་ཤེས་པར་བྱ། །ཉན་ཐོས་ཀྱི་ས་ལས་རིགས་ཀྱི་ས་རྫོགས་སོ།། །།དེ་ལ་འཇུག་པའི་ས་གང་ཞེ་ན། སྨྲས་པ། འཇུག་པའི་རང་བཞིན་གང་ཡིན་པ་དང་། རྣམ་པར་གཞག་པ་གང་ཡིན་པ་དང་། ཞུགས་པའི་གང་ཟག་གི་རྟགས་གང་དག་ཡིན་པ་དང་། ཞུགས་

པའི་གང་ཟག་གང་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་འཇུག་པའི་ས་ཞེས་བྱའོ། །དེ་ལ་འཇུག་པའི་རང་བཞིན་གང་ཞེ་ན། འདི་ལ་རིགས་ལ་གནས་པའི་གང་ཟག་མྱ་ངན་ལས་འདའ་བའི་ས་བོན་གྱི་ཆོས་དང་ལྡན་པ་དེ་ནི། གང་གི་ཚེ་སངས་རྒྱས་འབྱུང་བ་ཡོད་ཅིང་།

ཡུལ་དབུས་ཀྱི་མི་རྐུན་མ་མ་ཡིན་པ་དག་དང་། ཀླ་ཀློ་མ་ཡིན་པ་རྣམས་སུ་རྒྱས་པར་སྔ་མ་བཞིན་དུ་སྐྱེས་པར་གྱུར་ན་དང་པོ་ཁོ་ནར་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་ལྟ་བ་དང་། དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱ་བ་རྙེད་པར་འགྱུར་ཞིང་། དེ་དག་ལས་ཆོས་

ཐོས་ནས་དང་པོར་དད་པ་ཐོབ་པ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ཐོས་པ་འཛིན་པ་དང་། གཏོང་བ་སྤེལ་བ་དང་། ལྟ་བ་སྦྱོང་བར་བྱེད་དོ། །དེའི་འོག་ཏུ་ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ཅིང་ཚེ་དེ་ཡང་དག་པར་འདས་ནས་ཀྱང་། རྣམ་པར་

སྨིན་པའི་སྐྱེ་མཆེད་དྲུག་གིས་ཟིན་པའི་དབང་པོ་ཁྱད་པར་དུ་འཕགས་པ་དག་འཐོབ་པར་འགྱུར་ཞིང་། དེའི་དེ་དག་ཀྱང་དད་པ་ཤིན་ཏུ་མཆོག་རྣམས་དང་། ཤིན་ཏུ་གཙོ་བོ་དག་སྐྱེ་བའི་རྟེན་དུ་འགྱུར་བ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་དང་། ཐོས་པ་གཟུང་བ་དང་། གཏོང་བ་

སྤེལ་བ་དང་། ལྟ་བ་སྦྱངས་པ་ཤིན་ཏུ་མཆོག་དང་། གཙོ་བོ་དང་། དམ་པར་གྱུར་པ་དག་གི་རྟེན་དུ་གྱུར་པར་ཡང་འགྱུར་རོ། །དད་པ་ལ་སོགས་པའི་ཆོས་ཤིན་ཏུ་མཆོག་དང་། གཙོ་བོ་དང་། དམ་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་ཡང་རྣམ་པར་སྨིན་པ་གཞན་གྱི་རྟེན་དུ་

འགྱུར་ཞིང་། རྣམ་པར་སྨིན་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་དང་རྗེས་སུ་མཐུན་པའི་དགེ་བ་གཞན་དག་གི་རྟེན་དུ་འགྱུར་ཏེ། དེ་ལྟར་གཅིག་གི་རྒྱུ་དང་རྟེན་དུ་གཅིག་གྱུར་པའི་སྦྱིན་པའི་སྟོབས་བསྐྱེད་པས། གོང་ནས་གོང་དུ་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་།

เล่ม ๑๒๘ · หน้า 11a

ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པའི་བར་གྱི་སྐྱེ་བ་ཁྱད་པར་ཅན་དུ་འགྲོ་བ་གང་ཡིན་པ་དེ་ནི་འཇུག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དེའི་ཚེ་ན་མྱ་ངན་ལས་འདའ་བ་ཐོབ་པར་བྱ་བ་དང་། མྱ་ངན་ལས་འདའ་བར་འགྲོ་བར་བྱ་

བ་དང་། རིམ་གྱིས་འགྲོ་བར་བྱ་བ་དང་། ཤིན་ཏུ་མཐར་ཐུག་པར་བྱ་བའི་ཕྱིར། ལམ་གང་ཡིན་པ་དང་། ལམ་སྲང་གང་ཡིན་པ་དང་། སྒྲུབ་པ་གང་ཡིན་པ་དེར་ཞུགས་པ་དང་། ཡང་དག་པར་ཞུགས་པ་དང་རབ་ཏུ་ཞུགས་པ་ཡིན་པས་ན་དེའི་ཕྱིར་ཞུགས་པ་ཞེས་བྱ་སྟེ། དེ་ནི་འཇུག་

པའི་རང་བཞིན་ཞེས་བྱའོ། །འཇུག་པའི་རྣམ་པར་གཞག་པ་གང་ཞེ་ན། རིགས་ཡོད་པ་དང་། འཇུག་པ་ཡོད་པ་དང་། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཡོད་པ་དང་། ཡོངས་སུ་སྨིན་པ་ཡོད་པ་སྟེ། ཞུགས་པ་ཁོ་ན་ཡིན་ལ་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན་ཡོངས་སུ་སྨིན་

པ་ཡང་མ་ཡིན་པ་ཡང་ཡོད་དོ། །ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ། ཡོངས་སུ་སྨིན་པ་མ་ཡིན་པ་ཡང་ཡོད་དོ། །ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་ཡང་ཡོད་དོ། །ཞུགས་པ་

ཡང་མ་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་ཡང་ཡོད་དོ། །དེ་ལ་རིགས་གང་ཞེ་ན། སྨྲས་པ། སྔ་མ་བཞིན་ནོ། །དེ་ལ་ཞུགས་པ་གང་ཞེ་ན། རིགས་ལ་གནས་པའི་གང་ཟག་གིས་སྔོན་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་

དད་པ་མ་ཐོབ་པ་ལས་དང་པོར་ཐོབ་པར་གྱུར་ཅིང་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ཐོས་པ་འཛིན་པ་དང་། གཏོང་བ་སྤེལ་བ་དང་། ལྟ་བ་སྦྱོང་བར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཞེས་བྱའོ། །ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཞེ་ན། དེ་ལྟར་ཞུགས་པའི་གང་ཟག་དེ་ཉིད་

གང་ལ་གནས་ན། ཡོངས་སུ་མྱ་ངན་ལས་འདས་པ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ལུས་ཐ་མའི་ལུས་ཕྱི་མ་ཐོབ་པ་མ་གཏོགས་པ། ཞུགས་པའི་གོང་ཡན་ཆད་ནས་སྐྱེ་བ་གོང་ནས་གོང་མ་དག་ཏུ་དབང་པོ་ཤིན་ཏུ་མཆོག་དང་། གཙོ་བོ་དང་། དམ་པ་དང་།

เล่ม ๑๒๘ · หน้า 11b

ཤིན་ཏུ་ཁྱད་པར་དུ་འཕགས་པ་དག་ཡང་དག་པར་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཅེས་བྱའོ། །དེ་ལ་ཡོངས་སུ་སྨིན་པ་གང་ཞེ་ན། དེས་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་

བའི་ཐ་མའི་ལུས་ཕྱི་མ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན་ལ། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་གང་ཞེ་ན། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་

པོར་དད་པ་དང་། ལྟ་བ་སྦྱོང་བར་བྱེད་པའི་བར་ནི་ཐོབ་པར་གྱུར་ལ། དེའི་གོང་དུ་ནི་སྐྱེ་བ་གཅིག་ཙམ་ཡང་མངོན་པར་སྒྲུབ་པར་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་

པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ་ཡོངས་སུ་སྨིན་པ་མ་ཡིན་པ་གང་ཞེ་ན། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོ་དད་པ་དང་། ལྟ་བ་སྦྱོང་བར་བྱེད་པའི་བར་ཡོངས་སུ་ཐོབ་པར་གྱུར་ལ། དེའི་གོང་དུ་ནི་སྐྱེ་བ་གཅིག་གམ། གཉིས་སམ།

རབ་ཏུ་མང་པོ་དག་ཀྱང་མངོན་པར་སྒྲུབ་པར་བྱེད་མོད་ཀྱི། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་མ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པར་བྱེད་པ་ཉིད་ཀྱང་ཡིན་ལ།

ཡོངས་སུ་སྨིན་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དེ་ལྟར་ཞུགས་པའི་གང་ཟག་དེ་ཉིད་ཀྱིས། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་

པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་ཅིང་རྙེད་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་ཞུགས་པ་ཡང་ཡིན། ཡོངས་སུ་སྨིན་པ་ཡང་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཉིད་མ་ཡིན་པ་ཞེས་བྱའོ། །དེ་ལ་ཞུགས་པ་ཡང་མ་ཡིན། ཡོངས་སུ་སྨིན་པར་བྱེད་

เล่ม ๑๒๘ · หน้า 12a

པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་གྱི་གང་ཟག་རིགས་ཁོ་ན་ལ་གནས་ལ། མ་ཞུགས་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་ཞུགས་པ་ཡང་མ་ཡིན། ཡོངས་

སུ་སྨིན་པར་བྱེད་པ་ཉིད་ཀྱང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། འོན་ཀྱང་དེ་ནི་འཇུག་པ་དང་། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཟག་གང་འཇུག་པ་དང་། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་བ་མེད་པ་ཁོ་ན་ཡིན་པ་ཡང་

ཡོད་དེ། འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་གང་ཟག་རིགས་མེད་པ་གང་ཡིན་པ་སྟེ། དེ་ནི་འཇུག་པ་དང་། ཡོངས་སུ་སྨིན་པར་འགྱུར་བའི་སྐལ་བ་ཡང་གཏན་མེད་པ་ཁོ་ན་ཡིན་ལ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་སྐལ་བ་ལྟ་ཡོད་པ་

ཡིན་རེ་སྐན།། །།ཉན་ཐོས་ཀྱི་ས། བམ་པོ་གཉིས་པ། །དེ་ལ་གང་ཟག་དེ་དག་ཐམས་ཅད་ནི། གནས་དྲུག་གིས་བསྡུས་པ་ཡིན་ཏེ། དྲུག་གང་ཞེ་ན། སྐལ་བ་དང་ལྡན་པ་དང་། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་དང་། དགེ་བའི་རྩ་བ་འབྲིང་དང་ལྡན་པ་དང་། དགེ་བའི་རྩ་བ་ཆེན་པོ་དང་

ལྡན་པ་དང་། མཐར་ཐུག་པའི་སྦྱོར་བ་ལ་གནས་པ་དང་། མཐར་ཐུག་པར་གྱུར་པས་སོ། །དེ་ལ་གང་ཟག་སྐལ་བ་དང་ལྡན་པ་གང་ཞེ་ན། རིགས་ལ་གནས་པ་ནི་ཡིན་ལ། ད་དུང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང་། ལྟ་བ་སྦྱོང་བར་བྱེད་པའི་བར་དག་མ་ཐོབ་པ་གང་

ཡིན་པ་སྟེ། དེ་ནི་གང་ཟག་སྐལ་བ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་གང་ཞེ་ན། རིགས་ལ་གནས་པ་དེས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང་། ལྟ་བ་སྦྱོང་བའི་བར་དག་ཐོབ་པར་གྱུར་པ་གང་ཡིན་པ་སྟེ།

དེ་ནི་གང་ཟག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ་འབྲིང་དང་ལྡན་པ་གང་ཞེ་ན། གང་ཟག་རིགས་ལ་གནས་པས་དེས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ། དང་པོར་དད་པ་ཐོབ་ཅིང་ལྟ་བ་སྦྱངས་པའི་བར་དུ་ཡང་བྱས་ལ། དེའི་

เล่ม ๑๒๘ · หน้า 12b

འོག་ཏུ་སྐྱེ་བ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དག་མངོན་པར་སྒྲུབ་པར་བྱེད་ཅིང་། ཁྱད་པར་དུ་འགྲོ་བར་ཡང་བྱེད་ལ། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ནི་མ་ཐོབ་པ་

གང་ཡིན་པ་སྟེ། དེ་ནི་གང་ཟག་དགེ་བའི་རྩ་བ་འབྲིང་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་གང་ཞེ་ན། གང་ཟག་ཁྱད་པར་དུ་འགྲོ་བ་དེ་ཉིད་ཀྱིས། གང་གི་ཚེ་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་དུ་ངེས་པ་

ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་ལ་གང་ཟག་མཐར་ཐུག་པའི་སྦྱོར་བ་ལ་གནས་པ་གང་ཞེ་ན། གང་ཟག་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡང་དག་པ་ཉིད་

དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་ཅིང་། ཟག་པ་ཟད་པར་བྱ་བའི་ཕྱིར། ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པའི་དམ་པའི་ཆོས་མཉན་པ་ཡང་ཐོབ་ནས། ཡང་དག་པ་ཉིད་དུ་བརྩོན་པར་བྱེད་ལ། ད་དུང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་

པ་ཟད་པ་ནི་མ་ཐོབ་ཅིང་། མཐར་ཐུག་པར་ཡང་མི་འགྲོ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མཐར་ཐུག་པའི་སྦྱོར་བ་ལ་གནས་པ་ཞེས་བྱའོ། །དེ་ལ་གང་ཟག་མཐར་ཐུག་པར་གྱུར་པ་གང་ཞེ་ན། འདི་ལྟ་སྟེ། ཟག་པ་ཟད་པར་བྱ་བའི་ཕྱིར། ཇི་ལྟ་ཇི་ལྟར་ཡང་དག་པར་གདམས་ཤིང་

རྗེས་སུ་བསྟན་པ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་ཅིང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་ཐོབ་ལ། བྱ་བ་བྱས་ཤིང་མཆོག་ཏུ་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་མཐར་ཐུག་པར་གྱུར་པ་ཞེས་བྱའོ། །དེ་ལ་གང་ཟག་སྐལ་བ་དང་ལྡན་

པའི་རང་བཞིན་ཅན་ནི་རིགས་ལ་བརྟེན་ཅིང་གནས་ནས། དགེ་བའི་རྩ་བ་ཆུང་ངུ་དག་ཐོབ་ཅིང་ཞུགས་པར་ཡང་འགྱུར་རོ། །དེ་ལ་ཞུགས་པར་གྱུར་ནས། དགེ་བའི་རྩ་བ་ཆུང་ངུ་དག་ལ་བརྟེན་ཅིང་གནས་ནས། དགེ་བའི་རྩ་བ་འབྲིང་དག་ཐོབ་ཅིང་དེ་དག་གིས་ཀྱང་བདག་ཉིད་ཡོངས་སུ་སྨིན་

เล่ม ๑๒๘ · หน้า 13a

པར་བྱེད་དོ། །དེ་དེ་ལྟར་ཡོངས་སུ་སྨིན་པར་བྱེད་པ་ན། དགེ་བའི་རྩ་བ་འབྲིང་དག་ལ་བརྟེན་ཅིང་གནས་ནས། དགེ་བའི་རྩ་བ་ཆེན་པོ་དག་འཐོབ་ཅིང་ཡོངས་སུ་སྨིན་པར་ཡང་འགྱུར་རོ། །དེ་དགེ་བའི་རྩ་བ་ཆེན་པོ་དག་གི་རྒྱུས་ཡང་དག་པར་བསྒྲུབས་པའི་ལུས་ཐོབ་པ་ནས།

གང་གི་ཚེ་ཚོགས་ཡང་དག་པར་སྒྲུབ་པར་བྱེད་ཅིང་། སེམས་རྩེ་གཅིག་པ་ཉིད་ལ་ཡང་རེག་པར་བྱེད་ལ། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་བྱེད་དེ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་ལ།

འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ནི་མངོན་སུམ་དུ་མི་བྱེད་པ་དེའི་ཚེ་ན་ནི། མཐར་ཐུག་པའི་སྦྱོར་བ་ལ་གནས་པ་ཞེས་བྱའོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པ་དེའི་ཚེ་ན་ནི་མཐར་ཐུག་པར་གྱུར་པ་ཡིན་ནོ། །གང་ཟག་རྣམ་པར་གཞག་པ་

དྲུག་པོ་དེ་དག་གིས་ནི་ཉན་ཐོས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དང་པོ་དང་། དབུས་དང་། མཐའ་དག་བསྟན་ཏེ། དེ་ལ་རིགས་ཀྱིས་ནི་ཉན་ཐོས་ཀྱི་སྤྱོད་པ་དང་པོ་བསྟན་ཏོ། །མཐར་ཐུག་པར་གྱུར་པས་ནི་མཐའ་བསྟན་ཏོ། །དེ་ལས་གཞན་པ་དག་གིས་ནི་དབུས་བསྟན་ཏོ། །དེ་ལ་ཅི་ཞུགས་

པའི་གང་ཟག་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་དུས་ཀྱི་ཚད་ངེས་ཤིང་མཉམ་པ་ཡིན་ནམ། འོན་ཏེ་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚད་མ་ངེས་ཤིང་མི་མཉམ་པ་ཡིན་ཞེ་ན། སྨྲས་པ། དེ་དག་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚད་

ངེས་པ་ཡང་མ་ཡིན་ལ་མཉམ་པ་ཡང་མ་ཡིན་ནོ། །འོན་ཀྱང་དེ་དག་ནི་ཇི་ལྟར་རིགས་པ་དང་། རྐྱེན་ཇི་ལྟར་རྙེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་རིག་པར་བྱ་སྟེ། ཁ་ཅིག་ནི་ཡུན་རིང་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཁ་ཅིག་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པས་སོ། །

ཁ་ཅིག་ནི་མྱུར་བ་ཁོ་ནས་སོ། །དེ་ལྟ་མོད་ཀྱི་རིགས་ལ་གནས་པའི་གང་ཟག་ཐམས་ཅད་པས། མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་གང་ཡིན་པ་དེ་ཡང་། གདོན་མི་ཟ་བར་སྐྱེ་བ་གསུམ་མངོན་པར་སྒྲུབ་པར་བྱེད་དེ། སྐྱེ་བ་གཅིག་ལ་ནི་འཇུག་པར་བྱེད་དོ། །གཅིག་

เล่ม ๑๒๘ · หน้า 13b

ལ་ནི་ཡོངས་སུ་སྨིན་པར་བྱེད་དོ། །གཅིག་ལ་ནི་ཡོངས་སུ་སྨིན་པར་གྱུར་པ་ཡིན་ཏེ། དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་མི་འདའ་ན་ནི། དེ་གདོན་མི་ཟ་བར་སློབ་པས་འཆི་བའི་དུས་བྱེད་པར་འགྱུར་ཞིང་། རེ་ལྟར་ཐོགས་ན་ཡང་སྲིད་པ་བདུན་

ལས་ལྷག་པར་མངོན་པར་སྒྲུབ་པར་མི་བྱེད་དེ། དེ་ནི་འཇུག་པའི་རྣམ་པར་གཞག་པ་ཞེས་བྱའོ། །ཞུགས་པའི་གང་ཟག་གི་རྟགས་རྣམས་གང་ཞེ་ན། འདི་ལ་རིགས་ལ་གནས་པའི་གང་ཟག་ནི་ཞུགས་པ་ཁོ་ན་ཙམ་གྱིས་གང་གི་ཚེ། ཚེ་གཞན་དུ་འཕོས་ཤིང་རང་གི་སྟོན་པ་དང་། ཆོས་འདུལ་

བ་དག་བརྗེད་པར་གྱུར་ཀྱང་། ཉེས་པར་བཤད་པ་དང་། ལེགས་པར་གསུངས་པའི་ཆོས་འདུལ་བ་དག་ཡོད་ཅིང་མེད་པ་མ་ཡིན་ལ། ཉེས་པར་བཤད་པའི་ཆོས་འདུལ་བའི་བསྔགས་པ་དང་། བསྟོད་པ་དང་། ཕན་ཡོན་དག་རྣམ་གྲངས་དུ་མར་ཐོས་ཀྱང་། དེ་ལ་འཇུག་པར་མི་བྱེད་ཅིང་རབ་

ཏུ་འབྱུང་བར་མི་བྱེད་དོ། །ཞུགས་ཤིང་རབ་ཏུ་བྱུང་ན་ཡང་། དཔེར་ན་སྦྲང་རྩི་ལས་སྐྱེས་པའི་སྲོག་ཆགས་ཚར་བཅུག་པའམ། འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་ལྗན་ལྗིན་གྱི་རྫབ་ཏུ་བཅུག་པ་བཞིན་དུ། དེ་ཡང་འདི་ལྟ་སྟེ། སྔོན་གྱི་རྒྱུའི་སྟོབས་བསྐྱེད་པ་ཁོ་ནས་དེ་ལ་རང་བཞིན་གྱིས་

མི་དགའ་བཞིན་དུ་གནས་ཤིང་མྱུར་བ་མྱུར་བ་ཁོ་ནར་ཕྱིར་ལྡོག་པར་འགྱུར་རོ། །ལེགས་པར་གསུངས་པའི་ཆོས་འདུལ་བའི་བསྔགས་པ་དང་། བསྟོད་པ་དང་། ཕན་ཡོན་ཅུང་ཟད་ཙམ་དང་ངན་ངོན་ཙམ་དག་མཉན་ཀྱང་རུང་མ་མཉན་ཀྱང་རུང་། ཐོས་ཀྱང་རུང་མ་ཐོས་ཀྱང་རུང་སྟེ། མྱུར་བ་

མྱུར་བ་ཁོ་ནར་དེ་ལ་འཇུག་ཅིང་། རབ་ཏུ་འབྱུང་ལ། དེ་ལྟར་ཞུགས་ཤིང་རབ་ཏུ་བྱུང་ནས་ཀྱང་། དཔེར་ན་སྦྲང་རྩི་ལས་སྐྱེས་པའི་སྲོག་ཆགས་སྦྲང་རྩིར་བཅུག་པའམ། འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་འདོད་པའི་སྤྱོད་པ་གྱ་ནོམ་པ་དག་ལ་བཀོད་པ་བཞིན་དུ། དེ་ཡང་འདི་ལྟ་སྟེ། སྔོན་གྱི་

རྒྱུའི་སྟོབས་བསྐྱེད་པ་ཁོ་ནས། དེ་ལ་རང་བཞིན་གྱིས་དགའ་བ་བཞིན་དུ་གནས་ཤིང་། ཕྱིར་ལྡོག་པར་མི་འགྱུར་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་དང་པོ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། རེ་ཞིག་ངན་སོང་དང་། མི་ཁོམ་པར་འགྲོ་བར་འགྱུར་བའི་ཉོན་མོངས་པ་

เล่ม ๑๒๘ · หน้า 14a

རྣམས་དང་བྲལ་བ་མ་ཡིན་ན་ཡང་། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཞུགས་པའི་གང་ཟག་ལ་དགོངས་ནས། །གང་ལ་འཇིག་རྟེན་ཡང་དག་ལྟ། །ཆེན་པོ་ཡོད་པར་གྱུར་པ་དེ། །ཚེ་རབས་སྟོང་ཕྲག་རྣམས་སུ་ཡང་། །

ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་གང་གི་ཚེ་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་ཆོས་ཆེན་པོ་དག་ལ་རིམ་གྱིས་ཞུགས་པར་གྱུར་པ་དེའི་ཚེ། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར་བ་ལ་བྱའི། །གཞན་དག་ལ་ཞུགས་པ་ནི་མ་ཡིན་ཏེ། དེ་

ནི་ཞུགས་པའི་གང་ཟག་གི་རྟགས་གཉིས་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་སངས་རྒྱས་སམ། ཆོས་སམ། དགེ་འདུན་གྱི་ཡོན་ཏན་དག་ཐོས་སམ། དྲན་ནས་དགེ་བ་ངེས་པར་འབྱུང་བ་དང་ལྡན་པའི་དད་པ་རྒྱ་ཆེན་པོའི་སེམས་ཐོབ་པར་འགྱུར་ཞིང་། དམིགས་པ་དེས་

ཡང་དང་ཡང་དུ་དད་པས་བརླན་པའི་སེམས་ཀྱིས་མཆི་མ་ཁྲུག་ཅེས་བྱེད་པ་དང་། སྤུ་ཟིང་ཞེས་བྱེད་པ་འཐོབ་པར་འགྱུར་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་གསུམ་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། འདི་ལྟ་སྟེ། ཁ་ན་མ་ཐོ་བ་ཀུན་འབྱུང་བའི་གནས་ཐམས་ཅད་

ལ། རང་བཞིན་གྱིས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤས་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་བཞི་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི། ལུང་ནོད་པ་དང་། ཁ་ཏོན་བྱ་བ་དང་། ཡོངས་སུ་ཞུ་བ་དང་། རྣལ་འབྱོར་དུ་བྱ་བ་དང་།

ཡིད་ལ་བྱ་བ་དག་ལ་འདུན་ཅིང་འདུན་པ་དྲག་པོ་དང་ལྡན་ལ། དགེ་བ་གང་ཡིན་ཞེས་ཚོལ་བར་བྱེད་དེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་ལྔ་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་འདི་ལྟ་སྟེ། ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར། ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་

ཐམས་ཅད་དང་། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཡང་དག་པར་བླངས་པ་ཐམས་ཅད་ལ། དམ་དུ་རྩོམ་པ་དང་། བརྟན་པར་རྩོམ་པ་དང་། ཤིན་ཏུ་ངེས་པར་རྩོམ་པ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་དྲུག་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་རང་བཞིན་གྱིས་འདོད་

เล่ม ๑๒๘ · หน้า 14b

ཆགས་ཆུང་བ་ཡིན་ཏེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་ཆུང་ངུ་(ངག་‚དག་)འབྱུང་བར་འགྱུར་ཞིང་། རྒྱུན་གནས་པར་མི་བྱེད་ལ། གཡོ་མེད་པ་དང་། སྒྱུ་མེད་པ་དང་། རྒྱགས་པ་དང་། ང་རྒྱལ་དང་། ངར་འཛིན་པ་ངེས་པར་བཅོམ་པ་དང་། ཡོན་ཏན་ལ་མངོན་པར་ཞུགས་པ་

དང་། སྐྱོན་ལ་སྡང་བ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་བདུན་པ་ཡིན་ནོ། །གཞན་ཡང་ཞུགས་པའི་གང་ཟག་ནི་རྟོགས་པར་བྱ་བའི་གནས་རྒྱ་ཆེན་པོ་དག་ལ་སེམས་ཀུན་ཏུ་ཞུམ་པར་མི་འགྱུར་ཞིང་། བདག་ཉིད་དཔའ་འགོང་བར་མི་བྱེད་ལ། མཐུ་མེད་པ་ལ་

གནས་པར་མི་བྱེད་ཅིང་མོས་པ་མང་བ་ཡིན་ཏེ། དེ་ནི་ཞུགས་པའི་གང་ཟག་གི་རྟགས་རྣམས་བརྒྱད་པ་ཡིན་ནོ། །ཞུགས་པའི་གང་ཟག་རྣམས་ཀྱི་རྟགས་ནི་དེ་ལྟ་བུ་དང་མཐུན་པ་མང་དུ་ཡོད་པར་རིག་པར་བྱ་སྟེ། །དེ་དག་ལས་འདི་ནི་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ནོ། །རྟགས་དེ་དག་

ཀྱང་ཞུགས་པའི་གང་ཟག་དགེ་བའི་རྩ་བ་ཆུང་ངུ་ལ་གནས་པ་དག་གིས་ནི་བར་དུ་འཆད་པ་དང་། རྒྱུན་ཆགས་པ་མ་ཡིན་པ་དང་། རྣམ་པར་མ་དག་པ་སྟེ་ཆུང་བ་ཡིན་ནོ། །དགེ་བའི་རྩ་བ་འབྲིང་ལ་གནས་པ་དག་ནི་འབྲིང་ཡིན་ནོ། །དགེ་བའི་རྩ་བ་ཆེན་པོ་ལ་གནས་པ་དག་གི་ནི་བར་དུ་ཆད་

པ་མེད་པ་དང་། རྒྱུན་ཆགས་པ་དང་། རྣམ་པར་དག་པ་དང་། ཆེ་བ་ཡིན་ནོ། །དེ་དག་ནི་ཞུགས་པའི་གང་ཟག་གི་རྟགས་རྣམས་ཡིན་ནོ། །ཞུགས་པའི་རྟགས་དེ་དག་དང་ལྡན་ན་ཞུགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །རིགས་ལ་གནས་པ་དང་ཞུགས་པའི་གང་ཟག་རྣམས་ཀྱི་

རྟགས་དེ་དག་ནི་རྗེས་སུ་དཔག་པར་བྱ་བ་ཡིན་པར་རིག་པར་བྱའོ། །སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་ནི་དེ་དག་ལ་ཡེ་ཤེས་དང་གཟིགས་པ་རྣམ་པར་དག་པས་འདི་ལྟ་སྟེ། རིགས་དང་ཞུགས་པ་དག །མངོན་སུམ་

དུ་གཟིགས་པའོ། །ཞུགས་པའི་གང་ཟག་རྣམས་གང་ཞེ་ན། ཞུགས་པའི་གང་ཟག་ཞུགས་པ་ཁོ་ན་ཡིན་ལ། ཡོངས་སུ་སྨིན་པར་བྱེད་པ་ཡང་མ་ཡིན། ཡོངས་སུ་སྨིན་པ་ཡང་མ་ཡིན། ངེས་པར་འབྱུང་བ་མ་ཡིན་པ་ཡང་ཡོད་དོ། །ཡོངས་སུ་སྨིན་པར་བྱེད་པ་ཡིན་ལ། ཡོངས་

เล่ม ๑๒๘ · หน้า 15a

སུ་སྨིན་པ་ཡང་མ་ཡིན། ངེས་པར་འབྱུང་བ་མ་ཡིན་པ་ཡང་ཡོད་དོ། །ཡོངས་སུ་སྨིན་པ་ཡིན་ལ། ངེས་པར་འབྱུང་བ་མ་ཡིན་པ་ཡང་ཡོད་དོ། །ངེས་པར་བྱུང་བ་ཡང་ཡོད་དེ། དེ་དག་གི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གང་དག་དེ་དག་ལས་

གཞན་པ་གང་ཟག་དབང་པོ་རྟུལ་པོ་ལ་སོགས་པའི་དབྱེ་བ་རིགས་ཀྱི་སའི་སྐབས་སུ་བསྟན་པ་དེ་དག་ཀྱང་འདིར་ཅི་རིགས་སུ་རིག་པར་བྱའོ། །དེ་ལ་འཇུག་པའི་རང་བཞིན་གང་ཡིན་པ་དེ་དང་། རྣམ་པར་གཞག་པ་གང་ཡིན་པ་དེ་དང་། ཞུགས་པའི་གང་ཟག་གི་རྟགས་གང་དག་ཡིན་

པ་དེ་དག་དང་། ཞུགས་པའི་གང་ཟག་གང་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་འཇུག་པའི་ས་ཞེས་བྱའོ། །བར་གྱི་སྡོམ་ནི། །རང་བཞིན་དག་ནི་དེ་དག་གཞག །རྟགས་རྣམས་དང་ནི་གང་ཟག་དག །དེ་དག་ཐམས་ཅད་མདོར་བསྡུས་ཏེ། །འཇུག་པའི་སར་ནི་

ཤེས་པར་བྱ། །ཉན་ཐོས་ཀྱི་ས་ལས་འཇུག་པའི་ས་རྫོགས་སོ།། །།དེ་ལ་ངེས་པར་འབྱུང་བའི་ས་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་

བར་འགྱུར་བ་གང་ཡིན་པ་དང་། དེ་དག་ཉིད་ཀྱི་ཚོགས་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་ངེས་པར་འབྱུང་བའི་ས་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་ཁམས་ལ་རགས་པར་ལྟ་ཞིང་

སྙོམས་པར་འཇུག་པ་དང་སྐྱེ་བ་ཡོད་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་གྱི་བསམ་གཏན་དང་པོ་ལ་ནི་ཞི་བར་ལྟའོ། །དེ་དེ་ལྟར་ལྟ་ཞིང་དེ་ལ་ལན་མང་དུ་གནས་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་ཅིང་། བསམ་གཏན་དང་པོ་ལ་ཡང་སྙོམས་པར་

འཇུག་གོ། །དེ་བཞིན་དུ་བསམ་གཏན་དང་པོའི་གོང་མ་དག་ནས་ཀྱང་། ས་འོག་མ་ཐམས་ཅད་ལ་རགས་པར་ལྟ་ཞིང་ས་གོང་མ་ཐམས་ཅད་ལ་ནི་ཞི་བར་ལྟའོ། །དེ་དེ་ལྟར་ལྟ་ཞིང་དེ་དག་ལ་ལན་མང་དུ་གནས་པ་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བ་ཐོབ་

เล่ม ๑๒๘ · หน้า 15b

ཅིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་པ་སྟེ། དེ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཞེས་བྱའོ། །དེ་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་

འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཞེ་ན། འདི་ལྟར་འདི་ན་སྐྱེས་བུ་དམ་པ་རྣམས་མཐོང་བ། འཕགས་པའི་ཆོས་རྣམས་ལ་མཁས་པ། འཕགས་པའི་ཆོས་རྣམས་ལ་བཟོ་བ་ལ་ལ། སྡུག་བསྔལ་ལ་སྡུག་བསྔལ་བ་དང་། ཀུན་འབྱུང་ལ་ཀུན་འབྱུང་བ་དང་། འགོག་པ་ལ་འགོག་

པ་དང་། ལམ་ལ་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་སློབ་པའི་ཡེ་ཤེས་དང་མཐོང་བ་དང་ལྡན་པར་གྱུར་ན། དེའི་གོང་དུ་ལམ་སྒོམ་པར་བྱེད་པ་ན། ཁམས་གསུམ་པའི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ལ་བདག་ཉིད་འབྲལ་བར་བྱེད། རྣམ་

པར་གྲོལ་བར་བྱེད་ཅིང་། དེ་ལྟར་དེ་ཁམས་གསུམ་པ་ལས་ཡང་དག་པར་འདའ་བར་འགྱུར་བ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ཞེས་བྱའོ། །དེ་དག་ཉིད་ཀྱི་ཚོགས་གང་ཞེ་ན། འདི་ལྟ་སྟེ། བདག་གི་འབྱོར་པ་དང་། གཞན་

གྱི་འབྱོར་པ་དང་། དགེ་བའི་ཆོས་ལ་འདུན་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོ་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྦྱོར་བ་ཉིད་དང་། དགེ་བའི་བཤེས་

གཉེན་དང་། དམ་པའི་ཆོས་ཉན་པ་དང་། སེམས་པ་དང་བར་ཆད་མེད་པ་དང་། གཏོང་བ་སྤེལ་བ་དང་། དགེ་སྦྱོང་གི་རྒྱན་གང་ཡིན་པ་སྟེ། ཆོས་དེ་དག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཚོགས་ཞེས་བྱའོ། །

དེ་ལ་བདག་གི་འབྱོར་པ་དང་། གཞན་གྱི་འབྱོར་པ་དང་། དགེ་བའི་ཆོས་ལ་འདུན་པ་གང་ཡིན་པ་དེ་དག་གི་རྣམ་པར་དབྱེ་བ་ནི་སྔར་ས་བོན་ཡང་དག་པར་འགྲུབ་པའི་རྐྱེན་སྨན་པ་བཤད་པའི་སྐབས་ཀྱིས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་གང་

เล่ม ๑๒๘ · หน้า 16a

ཞེ་ན། འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་

བ་དང་། བསླབ་པའི་གཞི་རྣམས་ཡང་དག་པས་བླངས་ཤིང་སློབ་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཡིན་ཞེ་ན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་དག་ལ། ལུས་ཀྱི་ལས་ཀྱི་མཐའ་མ་ལོག་པ་དང་། ངག་གི་ལས་ཀྱི་མཐའ་མ་

ལོག་པར་གྱུར་ཅིང་། མ་ཉམས་པར་བྱེད་པ་དང་། སྐྱོན་མེད་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཡིན་ནོ། །ཇི་ལྟར་ན་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། སྡེ་ཚན་བདུན་པོ་དག་གི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ།

སྡེ་ཚན་དེ་དག་གི་བྱེ་བྲག་ལས་སྡོམ་པ་ཡང་མང་པོར་གྱུར་པ་ཡིན་ནོ། །སྐབས་འདིར་ནི་དགེ་སློང་གི་སྡོམ་པ་ལ་བརྟེན་ནས། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱའོ། །ཇི་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལྟ་སྟེ་སྤྱོད་ལམ་མམ། འཕྲལ་གྱི་བྱ་བ་

འམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས། འཇིག་རྟེན་དང་རྗེས་སུ་མཐུན་ཞིང་འཇིག་རྟེན་དང་མི་འགལ་བ་དང་། འདུལ་བ་དང་རྗེས་སུ་མཐུན་ཞིང་འདུལ་བ་དང་མི་འགལ་བའི་ཆོ་ག་དང་ལྡན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་སྤྱོད་ལམ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་

མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ཞེ་ན། འདི་ལྟ་སྟེ་གང་དུ་བཅག་པར་བྱ་བ་དང་། ཇི་ལྟར་བཅག་པར་བྱ་བ་དེར། གང་གིས་འཇིག་རྟེན་གྱི་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དང་། ཆོས་

མཐུན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་དང་འདུལ་བ་ལ་སློབ་པ་རྣམས་ཀྱིས་སྨད་ཅིང་བཤུང་བར་མི་འགྱུར་བ་དེ་ལྟར་འཆག་པར་བྱེད་པ་སྟེ། འཆག་པ་ཇི་ལྟ་བ་བཞིན་དུ་འགྲེང་བ་དང་། འདུག་པ་དང་། ཉལ་བ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ཇི་ལྟར་

เล่ม ๑๒๘ · หน้า 16b

ན་འཕྲལ་གྱི་བྱ་བ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ཞེ་ན། འཕྲལ་གྱི་བྱ་བ་ཞེས་བྱ་བ་ནི་ཆོས་གོས་བགོ་བ་དང་། བཤང་བ་དང་། གཅི་བ་དང་། ཆུ་འཐུང་བ་དང་། སོ་ཤིང་ཟ་བ་དང་། གྲོང་དུ་འཇུག་པ་དང་།

བསོད་སྙོམས་བསྒྲུབ་པ་དང་། བཟའ་བ་དང་། ལྷུང་བཟེད་བཀྲུ་ཞིང་གཞག་པ་དང་། རྐང་པ་བཀྲུ་བ་དང་། མལ་དང་། སྟན་བཤམས་པ་དང་། དེ་དག་ཉིད་བསྡུ་བ་དང་། ལྷུང་བཟེད་ཀྱི་ལས་དང་། ཆོས་གོས་ཀྱི་ལས་དང་། ཆུང་ཟད་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་རྣམས་

ནི་འཕྲལ་གྱི་བྱ་བ་ཞེས་བྱ་བ་སྟེ། དེ་དག་ཀྱང་ཇི་ལྟར་རིགས་པ་དང་། གང་དུ་བྱ་བ་དང་། ཇི་ལྟར་བྱ་བ་དེར། གང་གིས་འཇིག་རྟེན་པ་རྣམས་དང་རྩོད་པར་མི་འགྱུར་ཞིང་སྨད་པར་མི་འགྱུར་བ་དང་། འདུལ་བ་འཛིན་པ་རྣམས་དང་འདུལ་བ་ལ་བསླབ་པ་རྣམས་ཀྱིས་སྨད་པར་མི་

འགྱུར་བ་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། ཆོས་མཐུན་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པ་སྟེ། དེ་ལྟར་ནས་འཕྲལ་གྱི་བྱ་བ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ནོ། །དེ་ལ་ཇི་ལྟར་ན་

དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་འདུལ་བ་དང་མི་འགལ་བ་ཡིན་ཞེ་ན། དགེ་བའི་ཕྱོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཁ་ཏོན་བྱ་བ་དང་། བླ་མ་རྣམས་ལ་འདུད་པ་དང་། ལྡང་བའི་ལས་བྱ་བ་དང་། དེ་བཞིན་དུ་གཅིག་ལ་གཅིག་

རྗེས་སུ་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ། ནད་གཡོག་བྱ་བ་དང་། འདུན་པ་སྦྱིན་པ་དང་། ལུང་འབོགས་པ་དང་། རབ་ཏུ་སྦྱོར་བ་དང་། ཡོངས་སུ་ཞུགས་པ་དང་། ཆོས་མཉན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལས་མཁས་ཤིང་

ལེ་ལོ་མེད་པ་རྣམས་ལ་ལུས་ཀྱི་ཞལ་ཏ་བྱ་བ་དང་། གཞན་དག་ཀྱང་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་འཇུག་པ་དང་། ཆོས་བསྟན་པ་དང་། ནང་དུ་ཡང་དག་འཇོག་པ་དང་། འཇུག་པ་དང་སྐྱིལ་མོ་ཀྲུང་བཅའ་བ་དང་། འདུག་པ་དང་གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ཆོས་

เล่ม ๑๒๘ · หน้า 17a

གང་ཡིན་པ་དེ་ནི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཞེས་བྱ་བ་སྟེ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཇི་སྐད་སྨོས་པ་དེ་དག་ཅི་རིགས་པར་གང་དུ་བྱ་བ་དང་། ཇི་ལྟར་བྱ་བ་དེར་གང་གིས་འཇིག་རྟེན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་དང་། འདུལ་བ་ལ་བསླབ་

པ་རྣམས་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་དང་ཆོས་མཐུན་པ་རྣམས་དང་། མི་རྩོད་ཅིང་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པ་སྟེ། དེ་ནི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་པའི་ཆོ་ག་འཇིག་རྟེན་དང་མི་འགལ་ཞིང་

འདུལ་བ་དང་མི་འགལ་བ་ཞེས་བྱའོ། །ཆོ་གའི་རྣམ་པ་དེ་ལྟ་བུ་དག་དང་ལྡན་པ་གང་ཡིན་པ་དེ་ནི་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། དེ་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དགེ་སྦྱོང་གི་སྤྱོད་ཡུལ་མ་ཡིན་པ་

ནི་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཤན་པའི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་ཚོང་གི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། ལྔ་པ་གདོལ་པའི་ཁྱིམ་ཁོ་ན་སྟེ། དེ་བཞིན་གཤེགས་པས་སྨད་པ་སྤྱོད་ཡུལ་མ་ཡིན་པ་དེ་དག་སྤངས་ནས།

སྤྱོད་ཡུལ་ཁ་ན་མ་ཐོ་བ་མེད་པ་གཞན་དག་ཏུ་སྤྱོད་པར་བྱེད་ཅིང་། དེ་ཡང་དུས་སུ་སྤྱོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་

ཅེས་བྱ་བ་ནི། བསླབ་པའི་གཞི་ཕྲ་བ་དང་ཤིན་ཏུ་ཕྲ་བ་གང་དག་ལ་ལྟུང་བ་བྱུང་བ་དང་། བསླང་བར་བྱ་བ་ཡོད་པ་དེ་དག་གི་ལྟུང་བ་འབྱུང་བ་གང་ཡིན་པ་དེ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ཅེས་བྱའོ། །ཡང་འདི་ལྟར་ལྟུང་བ་འབྱུང་བ་དེ་ལས་ཚེགས་ཆུང་ངུས་ལྡང་བར་འགྱུར་

བས། དེའི་ཕྱིར་ཡང་དེ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་འཇིགས་པར་ལྟ་བ་ཡིན་ཞེ་ན། བདག་ལྟུང་བ་འབྱུང་བ་འདིའི་རྒྱུས་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་མེད་

เล่ม ๑๒๘ · หน้า 17b

པར་འགྱུར་བའམ། ངན་སོང་དུ་ཉེ་བར་འགྲོ་བར་བྱ་བའི་ངན་སོང་དུ་འགྲོ་བར་འགྱུར་བའམ། བདག་ལ་བདག་ཉིད་དམ། སྟོན་པ་འམ། ལྷ་རྣམས་ཀྱིས་སྨད་པར་འགྱུར་བའམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་སྨད་པར་འགྱུར་

བའམ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བདག་གི་སྡིག་པ་ཅན་གྱི་སྙན་པ་བསྔགས་པ་མ་ཡིན་པའི་སྒྲའི་ཚོགས་གྲགས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་དེའི་རྒྱུར་གྱུར་པ་ཚེ་འདི་དང་ཚེ་ཕྱི་མ་ལ་མི་འདོད་པར་འགྱུར་བའི་ཆོས་དེ་དག་ལ་འཇིགས་པར་ལྟ་ཞིང་དེས་ན་སྲོག་

གི་ཕྱིར་ཡང་བསླབ་པའི་གཞི་ཕྲ་བ་དང་ཤིན་ཏུ་ཕྲ་བ་དེ་དག་ལ་བསམས་བཞིན་དུ་ལྟུང་བ་འབྱིན་པར་ཡང་མི་བྱེད་དོ། །བརྒྱ་ལ་བརྒྱ་ལམ་ན། བརྗེད་ངས་པས་ལྟུང་བ་འབྱུང་བར་གྱུར་ན་ཡང་། མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་བྱེད་ཅིང་སློང་བར་བྱེད་དེ། དེ་ལྟར་ན་ཁ་ན་མ་ཐོ་བ་ཕྲ་རབ་

ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཡིན་ནོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། དེས་སྔོན་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ན། བསླབ་

པའི་གཞི་ཁ་ཅིག་གི་རང་བཞིན་ཐོས་ཤིང་། དེ་ལས་གཞན་པ་བསླབ་པའི་གཞི་ལྷག་མ་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཉིས་བརྒྱ་ལྔ་བཅུ་པོ་དག་ཀྱང་། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། མཁན་པོ་འམ། སློབ་དཔོན་ནམ། གཏམ་འདྲེས་པ་འམ།

ཕེབས་པར་སྨྲ་བ་དང་། སྨོས་འདྲིན་ནམ། གྲོགས་བཤེས་པོ་དག་ལས་ཐོས་ནས། ཐམས་ཅད་ལ་བསླབ་པར་བྱའོ་ཞེས་དམ་བཅའ་བ་ཁོ་ནར་ཁས་བླངས་པས་དེའི་ཕྱིར། དེས་བསླབ་པའི་གཞི་ཐམས་ཅད་ཡང་དག་པར་བླངས་པའི་རྒྱུས་སོ་སོར་ཐར་པའི་སྡོམ་པ་ཐོབ་པོ། །དུས་

དེ་ཕྱིན་ཆད་ནི་བསླབ་པའི་གཞི་གང་དག་ལ་མཁས་པར་གྱུར་པ། དེ་དག་ལ་ནི་རེ་ཞིག་(ལྷུང་‚ལྟུང་)བ་མི་འབྱུང་སྟེ། །ལྟུང་བ་ན་ཆོས་བཞིན་དུ་ཕྱིར་བྱེད་དོ། །སྔོན་དམ་བཅས་པ་ཡང་དག་པར་བླངས་པས་ཡང་དག་པར་བླངས་པའི་བསླབ་པའི་གཞི་གང་དག་ལ་མི་མཁས་ཤིང་བློ་བྱང་བར་མ་གྱུར་པ་དེ་དག་

เล่ม ๑๒๘ · หน้า 18a

ནི། ད་ལྟར་མཁན་པོའམ། སློབ་དཔོན་ནམ། སྔ་མ་བཞིན་དུ་སྔར་ཇི་སྐད་བསྟན་པའི་གནས་དེ་ལས་བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་ལེན་པར་བྱེད་དོ། །བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་བླངས་ནས་ཀྱང་། ཇི་ལྟར་རྗེས་

སུ་བསྟན་པ་བཞིན་དུ་ལྷག་ཆད་མེད་པར་སློབ་པར་བྱེད་ཅིང་། བླ་མ་དང་བླ་མ་ལྟ་བུ་དག་གིས་བསྟན་པའི་བསླབ་པའི་གཞི་དེ་དག་ལ་དོན་དང་ཚིག་འབྲུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཡིན་ཏེ།

དེ་ནི་རེ་ཞིག་ཚུལ་ཁྲིམས་ཀྱི་སྡོམ་པའི་རྣམ་པར་དབྱེ་བ་རྒྱ་ཆེར་བྱས་པ་ཡིན་ནོ། །དེ་ལ་དོན་མདོར་བསྡུ་བ་གང་ཞེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོའི་མཚན་ཉིད་གསུམ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་དོན་མདོར་བསྡུ་བ་ཡིན་ཏེ། འདི་ལྟ་སྟེ། ཆུད་མི་ཟ་བའི་

མཚན་ཉིད་དང་། །རང་བཞིན་གྱི་མཚན་ཉིད་དང་། རང་བཞིན་གྱི་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ཡང་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་གང་གསུངས་པ་དེ་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་ཆུད་མི་ཟ་བའི་མཚན་ཉིད་བསྟན་ཏོ། །སོ་སོར་ཐར་པའི་སྡོམ་པས་

བསྡམས་པ་ཞེས་གང་གསུངས་པ་དེས་ནི་རང་བཞིན་གྱི་མཚན་ཉིད་བསྟན་ཏོ། །ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་གང་གསུངས་པ་དེས་ནི། ཕ་རོལ་ལ་བརྟེན་ནས་དེ་ལྟར་ཡང་དག་པར་བླངས་པའི་སོ་སོར་ཐར་པའི་སྡོམ་པའི་ཡོན་ཏན་གྱི་མཚན་

ཉིད་བསྟན་ཏེ། འདི་ལྟར་གཞན་གྱིས་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དེ་དག་མཐོང་ན། མ་དད་པ་རྣམས་ཀྱང་དད་པར་འགྱུར་ལ། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་འགྱུར་བ་དང་། དད་པ་རྣམས་ལྷག་པར་དད་པར་བྱ་བ་དང་། ཡིད་ལ་འཁྲུག་པར་མི་བྱེད་ཅིང་མི་

སྙན་པ་བརྗོད་པར་མི་བྱེད་དོ། །གཞན་དུ་ན་ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་མ་ཡིན་ན། དེ་ལ་ནི་གཞན་གྱི་དབང་གིས་བྱུང་བའི་ཡོན་ཏན་དང་། རྗེས་སུ་བསྔགས་པ་དག་འབྱུང་བར་མི་འགྱུར་ཞིང་། དེ་ལ་དེ་ལས་བཟློག་པའི་སྐྱོན་

เล่ม ๑๒๘ · หน้า 18b

འབའ་ཞིག་འབྱུང་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི། བདག་གི་དབང་གིས་བྱུང་བ་ཁོ་ནའི་ཡོན་ཏན་དང་། རྗེས་སུ་བསྔགས་པའི་མཚན་

ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་ཤིང་གཞན་གྱི་དབང་གིས་བྱུང་བའི་ཡོན་ཏན་དང་། རྗེས་སུ་བསྔགས་པ་ཐོབ་ཏུ་ཟིན་ཀྱང་། ཚུལ་ཁྲིམས་ཉམས་པར་བྱས་ནས། རྒྱུ་དེ་དང་རྐྱེན་དེས་ངན་སོང་རྣམས་སུ་ཡང་སྐྱེ་བར་འགྱུར་

ན། སྔ་མ་བཞིན་དུ་མ་ཐོབ་པ་ཐོབ་པར་བྱ་བའི་སྐལ་བ་མེད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། གང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་ཆེན་པོ་དག་ཡང་དག་པར་བླངས་ཤིང་། སློབ་པར་བྱེད་པ་ནི། དེའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ངན་སོང་རྣམས་

སུ་སྐྱེ་བར་མི་འགྱུར་ཞིང་བདེ་འགྲོ་ལྷ་དང་མི་རྣམས་སྐྱེ་བར་འགྱུར་བ་དང་། སྔ་མ་བཞིན་དུ་མ་ཐོབ་པ་ཐོབ་པར་བྱ་བའི་སྐལ་བ་ཡོད་པར་འགྱུར་བའི་ཕྱིར་ཏེ། རྒྱུ་དེས་ན་བདག་གི་དབང་གིས་བྱུང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་ཡོན་ཏན་དང་། རྗེས་སུ་བསྔགས་པ་ཞེས་བྱའོ། །རྣམ་གྲངས་

གཞན་ཡང་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཡང་དག་པར་བླངས་པ་དང་། ངེས་པར་འབྱིན་པའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་བསྒོམས་པ་ཞེས་གསུངས་པ་ཡིན་ཏེ། དེ་ལ་རེ་ཞིག་ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་གང་གསུངས་པ་དེས་ནི། ཚུལ་ཁྲིམས་

ཡང་དག་པར་བླངས་པ་བསྟན་ཏོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་གང་གསུངས་པ་དེས་ནི། ངེས་པར་འབྱིན་པའི་ཚུལ་ཁྲིམས་བསྟན་ཏེ། འདི་ལྟར་སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡུས་པའི་ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །

ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྒོམ་པར་བྱེད་དོ། །དེ་ལྟར་ན་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་སྔོན་དུ་བཏང་ནས་ངེས་པར་འབྱུང་བར་

เล่ม ๑๒๘ · หน้า 19a

འགྱུར་བའི་ཕྱིར་ཏེ། དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པས་ནི་ངེས་པར་འབྱིན་པའི་ཚུལ་ཁྲིམས་ཞེས་བྱའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་

པར་བླངས་ཤིང་སློབ་པར་བྱེད་པ་ཞེས་གང་གསུངས་པ་དེས་ནི། ཚུལ་ཁྲིམས་བསྒོམས་པ་བསྟན་ཏེ། རྣམ་པ་དེ་དག་གིས་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་དེ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་ལེགས་པར་བསྒོམས་པའི་ཕྱིར་ཏེ། །ཚུལ་ཁྲིམས་ཀྱི་སྡོམ་པ་གཅིག་པུ་ལ་ཡང་

བཤད་པ་སོ་སོར་གནས་པ་རྣམ་པ་དྲུག་ཡོད་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་རྒྱུ་རྣམ་པ་བཅུས་ཉམས་པ་ཡིན་ལ། དེ་ལས་བཟློག་པ་རྣམ་པ་བཅུས་ནི་ཕུན་ཚོགས་པ་ཡིན་པར་རིག་པར་བྱའོ། །ཉམས་པར་འགྱུར་བའི་རྒྱུ་རྣམ་པ་བཅུ་གང་ཞེ་ན། དང་པོ་ཉིད་ནས་ཉེས་པར་

བླངས་པ་དང་། ཧ་ཅང་ཞུམ་པ་དང་། ཐལ་ཆེས་པ་དང་། བག་མེད་པ་དང་། ལེ་ལོས་ཡོངས་སུ་ཟིན་པ་དང་། ལོག་པར་སྨོན་པ་དང་། ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་དང་། འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་དང་། མཐའ་གཉིས་སུ་ལྷུང་བ་དང་། ངེས་པར་

འབྱུང་བ་མ་ཡིན་པ་དང་། ཡང་དག་པར་བླངས་པ་ཡོངས་སུ་ཉམས་པར་གྱུར་པའོ། །དེ་ལ་ཇི་ལྟར་ན་དང་པོ་ཉིད་ནས་ཚུལ་ཁྲིམས་ཉེས་པར་བླངས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་རྒྱལ་པོས་གཙེས་པའམ། ཆོམ་རྐུན་ལས་གཙེས་སམ། བུ་ལོན་གྱིས་ཉམ་ཐག་པ་

འམ། འཇིགས་པས་ཉམ་ཐག་པའམ། མི་འཚོ་བས་འཇིག་ཤིང་སྐྲག་པའི་ཕྱིར་རབ་ཏུ་བྱུང་གི །དགེ་སྦྱོང་གི་ཕྱིར་མ་ཡིན། བྲམ་ཟེའི་ཕྱིར་མ་ཡིན། བདག་གདུལ་བར་བྱ་བའི་ཕྱིར་མ་ཡིན། བདག་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་

བའི་ཕྱིར་མ་ཡིན་པ་སྟེ། དེ་ལྟར་ན་དང་པོ་ཉིད་ནས་ཉེས་པར་བླངས་པ་ཡིན་ནོ། །ཇི་ལྟར་ན་ཧ་ཅང་ཞུམ་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་བསླབ་པའི་གཞི་རྣམས་ལ་ངོ་ཚ་མེད་པ་དང་། འགྱོད་པ་ཆུང་བ་དང་ལྷོད་ཅིང་གཡེལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཧ་ཅང་ཡང་ཞུམ་པ་མ་ཡིན་ནོ། །

เล่ม ๑๒๘ · หน้า 19b

ཇི་ལྟར་ན་ཐལ་ཆེས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་ཉེས་པར་གཟུང་བ་འཛིན་ཅིང་གནས་མ་ཡིན་པ་འགྱོད་པར་བྱེད་དེ། དེ་འགྱོད་པར་བྱེད་པའི་གནས་མ་ཡིན་པ་དག་ལ་འགྱོད་པར་བྱེད་པ་ན་གནས་མ་ཡིན་པ་གཞན་དག་ལ་མནར་བའི་སེམས་སམ། ཀུན་ནས་མནར་སེམས་ཀྱི་

སེམས་སྐྱེད་པར་བྱེད་པ་དང་། གོ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཐལ་ཆེས་པ་ཡིན་ནོ། །ཇི་ལྟར་ན་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདས་པའི་དུས་ལ་བརྟེན་ནས། ལྟུང་བ་འབྱུང་བ་གང་ཡིན་པ་དེ་ཡང་། དེ་བརྗེད་ངས་པར་གྱུར་པས་

འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང་། འདས་པའི་དུས་ལ་བརྟེན་ནས་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་གྱི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་བརྗེད་ངས་པར་གྱུར་པས། འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང་། ལྟུང་བ་མ་བྱུང་བའི་སྔ་

རོལ་ནས་ཀྱང་ཕྱིས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར། བདག་གིས་ཇི་ལྟ་ཇི་ལྟར་སྤྱད་ཅིང་། ཇི་ལྟ་ཇི་ལྟར་གནས་ན། ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱད་ཅིང་དེ་ལྟར་གནས་པར་བྱའོ་ཞེས་སྤྲོ་བ་ཤས་ཆེ་བ་སྐྱེ་བར་མི་འགྱུར་བ་དང་། ཅི་ནས་ཀྱང་ལྟུང་བ་འབྱུང་བར་འགྱུར་བ། དེ་

ལྟར་སྤྱོད་ཅིང་གནས་པར་བྱེད་ཅིང་། དེ་སྔོན་གྱི་མཐའ་དང་ལྡན་པ་དང་། ཕྱི་མའི་མཐའ་དང་ལྡན་པ་དང་། དབུས་ཀྱི་མཐའ་དང་ལྡན་པ་དང་། སྔོན་གྱི་དུས་སུ་བྱ་བ་དང་། རྗེས་སུ་འཇུག་པ་དེས་བག་མེད་པ་དང་ལྡན་པ་ཡིན་ཞིང་། གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་འབེབས་

པའི་བདེ་བ་བདག་གིར་བྱེད་པ་དང་། མི་མཁས་པ་དང་ལེ་ལོ་ཅན་དང་། སྒྲུབ་མི་ཕོད་པ་ཡིན་ཞིང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ། ལུས་ཀྱི་ཞལ་ཏ་བྱ་བའི་བྱེད་པ་ལོ་མ་ཡིན་པ་སྟེ། དེ་ལྟ་དེ་ལྟར་ན་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ནོ། །ཇི་ལྟར་

ན་ལོག་པར་སྨོན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་དང་། དཀའ་ཐུབ་དང་། ཚངས་པར་སྤྱོད་པ་ལ་གནས་པ་འདིས་ལྷའམ། ལྷ་གང་ཡང་རུང་བ་དག་ཏུ་གྱུར་ཅིག་ཅེས་སྨོན་ནས། ཚངས་པར་སྤྱོད་པ་སྤྱོད་པར་བྱེད་པ་དང་། རྙེད་

เล่ม ๑๒๘ · หน้า 20a

པ་དང་བསྐུར་སྟི་འདོད་དེ། གཞན་དག་ལས་རྙེད་པ་དང་བསྐུར་སྟི་སྒྲུབ་པར་བྱེད་ཅིང་། རྙེད་པ་དང་བཀུར་སྟི་ལ་དགའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ལོག་པར་སྨོན་པ་ཡིན་ནོ། །ཇི་ལྟར་ན་ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་

སྤྱོད་ལམ་མམ། འཕྲལ་གྱི་བྱ་བའམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས། འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བའི་ཆོ་ག་སྔར་བཤད་པ་ལྟ་བུ་དང་ལྡན་པ་སྟེ། དེ་ལྟར་ན་ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། །ཇི་ལྟར་ན་འཚོ་བ་ཉམས་པས་ཡོངས་

སུ་ཟིན་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་ཆེན་ཆེ་བ་དང་། ཆོ་ག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བའི་རང་བཞིན་ཅན་ཡིན་ལ། དེ་ལ་ཆོས་མ་ཡིན་པས་ཆོས་གོས་ཡོངས་སུ་ཚོལ་བར་བྱེད་ཅིང་། ཆོས་ཀྱི་མ་ཡིན་པ་དང་། ཆོས་མ་ཡིན་པས་

བསོད་སྙོམས་དང་མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཡོངས་སུ་ཚོལ་བར་བྱེད་ཅིང་། ཆོས་ཀྱི་མ་ཡིན་པ་སྟེ། དེ་ཆོས་གོས་དང་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཀྱི་ཆེད་དུ་བདག་ཉིད་ལ་ཡོན་ཏན་

ཡོད་པར་བསྟན་པའི་ཕྱིར། སྤྱོད་ལམ་རང་བཞིན་མ་ཡིན་པར། གཞན་དུ་བསྒྱུར་བ་དང་གཞན་དག་ལ་དབང་པོ་རྒོད་པ་མ་ཡིན་པ་ཉིད་དང་། དབང་པོ་གཡོ་བ་མ་ཡིན་པ་ཉིད་དང་། དབང་པོ་ཞི་བ་ཉིད་དུ་སྟོན་པར་བྱེད་དེ། དེས་དེ་ལ་ཡོན་ཏན་ཡོད་པར་ཤེས་ནས་གཞན་དག་ཀྱང་འདི་ལྟ་སྟེ།

ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་ཡོ་བྱད་དག་སྦྱིན་ཞིང་བྱའོ་སྙམ་དུ་སེམས་པ་དང་། གཙེར་བ་དང་། མུ་ཅོར་སྨྲ་བ་དང་། སྤྱི་བརྟོལ་ཆེ་བ་དང་། ཁ་འཇམ་ཟེར་བ་དང་། མིང་རུས་སྒྲོག་པར་བྱེད་པ་དང་། ཡང་ན་མང་དུ་

ཐོས་ཤིང་ཆོས་འཛིན་པ་ཞིག་ཡིན་པར་གྱུར་ན། རྙེད་པའི་ཕྱིར་ཁོ་ནར་གཞན་དག་ལ་ཉན་ཐོས་ཀྱིས་བཤད་པའམ། སངས་རྒྱས་ཀྱིས་གསུངས་པའི་ཆོས་དག་ཀུན་ཏུ་རྗོད་པར་བྱེད་པ་དང་། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པའམ། ཅུང་ཟད་ཙམ་སྒྲོ་བཏགས་ཏེ་བདག་ཉིད་ཀྱིས་རྗོད་

เล่ม ๑๒๘ · หน้า 20b

པར་བྱེད་པའམ། གཞན་དག་སྒྲོགས་སུ་འཇུག་པ་དང་། མཚན་མ་གཞན་དག་གིས་སྟོན་པར་བྱེད་པ་དང་། ཆོས་གོས་འདོད་པ་འམ། དགེ་སྦྱོང་གི་ཡོ་བྱད་མང་པོ་དང་། བཟང་པོ་གང་ཡང་རུང་བ་དག་འདོད་པ་དང་། ཕོངས་པ་མེད་བཞིན་དུ་ཡང་འདི་ལྟར་བྲམ་ཟེ་དང་། ཁྱིམ་

བདག་དད་པ་ཅན་གྱིས། བདག་ཆོས་གོས་ཀྱིས་ཕོངས་པར་ཤེས་ནས། ཆོས་གོས་མང་པོ་དང་། བཟང་པོ་དག་སྦྱིན་པའམ། བྱ་བར་སེམས་པར་བྱ་བའི་ཕྱིར། ཆོས་གོས་ངན་པ་སྟོན་པར་བྱེད་པ་དང་། ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་

རུང་བ་དག་ལ་ཡང་དེ་བཞིན་ནོ། །བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་ལས་ཇི་ལྟར་འདོད་པ་བཞིན་མ་ཐོབ་པ་དང་། ལོངས་སྤྱོད་མེད་ཅིང་མི་བདོག་པ་ལས་ཇི་ལྟར་འདོད་པ་བཞིན་མ་ཐོབ་པ་ན་ཡང་འདི་ལྟར་ནན་གྱིས་ཐོབ་ཀྱིས་འཇལ་ཞིང་། དེ་དག་གཤེ་བཞིན་དུ་སློང་བར་བྱེད་པ་དང་།

ལོངས་སྤྱོད་ཡོད་ཅིང་བདོག་པ་དག་ལས་ངན་པ་ཞིག་ཐོབ་ན་ཡང་རྙེད་པ་དེ་ལ་མི་སྟོད་ཅིང་སྨོད་པར་བྱེད་ལ། སྦྱིན་པ་པོ་དང་། སྦྱིན་བདག་གི་མངོན་སུམ་དུ་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་གང་དག་ཁྱོད་པས་ཤིན་ཏུ་རིགས་དམན་ཞིང་། ཤིན་ཏུ་དབུལ་བས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་

མོ་ཁ་ཅིག་ཀྱང་ཡོད་དེ། དེ་དག་ཀྱང་འདི་དང་འདི་ལྟ་བུའི་གྱ་ནོམ་པ་སྦྱིན་པར་བྱེད་པ་དང་། ཡིད་དུ་འོང་བ་སྦྱིན་པར་བྱེད་པ་ཡིན་ན། ཁྱོད་དེ་དག་བས་ཤིན་ཏུ་རིགས་མཐོ་ཞིང་ཤིན་ཏུ་ཕྱུག་པ་ཡིན་ན། ཅིའི་ཕྱིར་འདི་ལྟར་ཡིད་དུ་མི་འོང་བ་སྦྱིན་པར་བྱེད་ཅིང་། ངན་པ་དང་ཆུང་ངུ་སྦྱིན་པར་བྱེད་

ཅེས་ཀྱང་ཟེར་ཏེ། རྣམ་པ་དེ་དག་གིས་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་ལ་བརྟེན་ནས། གཞན་དག་ལས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་ནད་ཀྱི་གསོས་

སྨན་དང་ཡོ་བྱད་དག་ཡོངས་སུ་ཚོལ་བར་བྱེད་པ་གང་ཡིན་པ་དེ་ནི། ཆོས་མ་ཡིན་པས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ཏེ། ཆོས་ཀྱིས་ནི་མ་ཡིན་ནོ། །གང་ཆོས་ཀྱིས་མ་ཡིན་པ་དེ་ནི་དེའི་ལོག་པས་ཚོལ་བ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དེ་ནི་འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། །

เล่ม ๑๒๘ · หน้า 21a

ཇི་ལྟར་ན་མཐའ་གཉིས་སུ་ལྟུང་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་བསོད་སྙོམས་ལ་རྗེས་སུ་བརྩོན་པར་བྱེད་དེ། ཆོས་སམ་ཆོས་མ་ཡིན་པས་གཞན་དག་ལས་ཐོབ་པའི་ཆོས་གོས་དང་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་།

ནད་ཀྱི་གསོས་སྨན་དང་། ཡོ་བྱད་དེ་དག་ལ་ལྷག་པར་ཆགས་པ་ཡོངས་སུ་སྤྱོད་པར་བྱེད་ཅིང་། ཉེས་དམིགས་སུ་མི་ལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡིན་ཏེ། དེ་ནི་མཐའ་གཅིག་ཅེས་བྱའོ། །གཞན་ཡང་འདི་ན་ལ་ལ་བདག་ཉིད་ངལ་བ་ལ་རྗེས་སུ་བརྩོན་པར་བྱེད་དེ།

རྣམ་གྲངས་དུ་མར་བདག་ཉིད་ཀུན་ཏུ་གདུང་བར་བྱེད་ཅིང་ཡོངས་སུ་གདུང་བར་བྱེད་ལ། དཀའ་ཐུབ་དྲག་པོ་དག་ཀྱང་ཡང་དག་པར་ལེན་པར་བྱེད་དེ། འདི་ལྟ་སྟེ་ཚེར་མའི་ནང་ན་ཉལ་བའམ། ཐལ་བའི་ནང་ན་ཉལ་བའམ། གཏུན་བུ་ལ་སྙེས་པའམ། སྤང་ལེབ་ཀྱི་

སྟེངས་སུ་ཉལ་བའམ། ཙོག་པུར་འདུག་ཅིང་ཙོག་བུ་ནི་སྤོང་བའི་སྦྱོར་བ་ཡིན་ནོ་ཞེས་རྗེས་སུ་བརྩོན་པར་བྱེད་པའམ། མེ་ལ་ཡོངས་སུ་སྤྱོད་པར་བྱེད་དེ། ལན་གསུམ་གྱི་བར་དུ་ཡང་མེ་ལ་ཡོངས་སུ་སྤྱོད་པར་བྱེད་པའམ། ཆུར་ལྷག་པར་འཇུག་པར་བྱེད་དེ། ལན་གསུམ་གྱི་བར་

དུ་ཡང་ཆུར་ལྷག་པར་འཇུག་པར་བྱེད་པའམ། རྐང་པ་ཡ་གཅིག་གིས་འགྲེང་ཞིང་ཉི་མ་གང་ན་བ་དེ་ལོགས་སུ་ཡོངས་སུ་འགྱུར་བར་བྱེད་པའམ། གང་དེ་ལྟ་བུ་ལ་སོགས་པས་བདག་ཉིད་ངལ་བ་ལ་རྗེས་སུ་བརྩོན་པར་བྱེད་པ་དེ་ནི་མཐའ་གཉིས་པ་ཞེས་བྱ་སྟེ། འདི་ལྟར་

ན་མཐའ་གཉིས་སུ་ལྟུང་བ་ཡིན་ནོ། །ཇི་ལྟར་ན་ངེས་པར་འབྱུང་བ་མ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་དག་ཚུལ་ཁྲིམས་སམ། བརྟུལ་ཞུགས་འདི་ཁོ་ནས་དག་པ་དང་གྲོལ་བ་དང་། ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་སམ།

བརྟུལ་ཞུགས་ཀྱི་ལྟ་བ་མཆོག་ཏུ་འཛིན་པར་བྱེད་དེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་ཐམས་ཅད་ནི་དེ་ལྟ་བུའི་རྣམ་པར་དག་པས་ཤིན་ཏུ་བསྲུངས་ཤིང་། ཤིན་ཏུ་རྣམ་པར་དག་ཀྱང་ངེས་པར་འབྱུང་བ་མ་ཡིན་པ་ཞེས་བྱ་སྟེ། དེ་ལྟར་ན་ངེས་པར་འབྱུང་བ་མ་ཡིན་པ་ཡིན་

เล่ม ๑๒๘ · หน้า 21b

ནོ། །ཇི་ལྟར་ན་ཡང་དག་པར་བླངས་པ་ཡོངས་སུ་ཉམས་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ངོ་ཚ་མེད་ཅིང་དགེ་སྦྱོང་ལ་མི་ལྟ་བ་ཡིན་ཏེ། དེ་ཡང་ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་དང་། ནང་མྱགས་པ་དང་། ཉེས་འཛག་དུ་གྱུར་པ་དང་།

ཤིང་རུལ་པ་ལྟ་བུར་གྱུར་པ་དང་། ལུང་བོང་ལྟ་བུར་ཀུན་ཏུ་སྤྱོད་པ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཡིན་ཏེ། དེ་ལྟར་ཡང་དག་པར་བླངས་པ་ཡོངས་སུ་ཉམས་པ་ཡིན་ནོ། །རྒྱུ་བཅུ་པོ་དེ་

དག་གིས་ཚུལ་ཁྲིམས་ཉམས་པ་ནི། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཉམས་པ་ཡིན་ནོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྒུད་པ་ཡིན་ནོ་ཞེས་ཀྱང་གསུངས་སོ། །དེ་ཡང་རྒྱུ་དེ་དག་ལ་ངེས་པར་འབྱུང་བ་མ་ཡིན་པ་གང་ཡིན་པ་དང་། ཡང་དག་པར་

བླངས་པ་ཡོངས་སུ་མ་ཉམས་པ་གང་ཡིན་པའི་རྒྱུ་གཉིས་ཀྱིས་རིག་པར་བྱའོ། །དེ་ལས་གཞན་པའི་རྒྱུ་རྣམས་ཀྱིས་ནི་ཚུལ་ཁྲིམས་ཉམས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ནག་པོའི་ཕྱོགས་ཀྱི་རྒྱུ་རྣམ་པར་གཞག་པ་དེ་དག་ཉིད་ལས་བཟློག་པར་དཀར་པོའི་ཕྱོགས་ཀྱི་རྒྱུ་

རྣམས་ཀྱི་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ལ་ལར་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་ཏེ། རྩ་བ་ཤིན་ཏུ་བརྟན་པ་དང་། །ཞི་བའི་སེམས་ལ་དགའ་བ་དང་། །འཕགས་པའི་ལྟ་དང་སྡིག་པའི་

ལྟ། །ལྡན་པར་བྱ་ཞིང་འབྲལ་བར་བྱ། །ཞེས་ཚིགས་སུ་བཅད་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ལ་ལར་ནི་རྒྱན་གྱི་སྒྲར་ཡང་གསུངས་ཏེ། ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པའི་དགེ་སློང་དང་། དགེ་སློང་མ་ནི་སྡིག་པ་སྤོང་བར་བྱེད་ཅིང་། དགེ་བ་སྒོམ་པར་བྱེད་དོ་ཞེས་ཇི་

སྐད་གསུངས་པ་ལྟ་བུའོ། །ལ་ལར་ནི་བྱུག་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ཚུལ་ཁྲིམས་ཀྱི་བྱུག་པ་དང་ལྡན་པའི་དགེ་སློང་དང་། དགེ་སློང་མ་ནི་སྔ་མ་བཞིན་ནོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་སྤོས་ཀྱི་རྣམ་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ཀུན་དགའ་བོ་སྤོས་ཀྱི་

เล่ม ๑๒๘ · หน้า 22a

རྣམ་པ་དེ་ཡོད་ན་དེའི་དྲི་ནི་རྫི་ཕྱོགས་སུ་ཡང་ངད་ལྡང་བའོ། །དེའི་དྲི་ནི་རྫི་ཕྱོགས་མ་ཡིན་པ་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་ངད་ལྡང་ངོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་ལེགས་པར་སྤྱད་པའི་སྒྲར་ཡང་གསུངས་ཏེ། དེ་ལས་ལུས་

ཀྱིས་ལེགས་པར་སྤྱད་པ་ནི། ཚེ་འདི་དང་ཕྱི་མ་ལ་རྣམ་པར་སྨིན་པ་འདོད་པ་ཡིན་ཏེ། ངག་གིས་ལེགས་པར་སྤྱད་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལྟ་བུའོ། །ལ་ལར་ནི་སྡོམ་པའི་སྒྲར་ཡང་གསུངས་ཏེ། དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་ནི་ཚུལ་ཁྲིམས་དང་ལྡན་ཞིང་སྡོམ་པ་ལ་

གནས་པ་དང་། མ་འོངས་པ་ལ་ལྟ་བ་དང་། ལུང་ལས་གསུངས་པའི་འབྲས་བུ་མཐོང་ཞིང་ཐོས་པར་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་ཚུལ་ཁྲིམས་དང་ལྡན་པར་གནས་པ་ནི། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ལ་

ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་ཤེ་ན། རྩ་བའི་དོན་ནི་གཞིའི་དོན་དང་རྟེན་གྱི་དོན་ཡིན་ཏེ། དེ་ཡང་ཚུལ་ཁྲིམས་དེ་ནི་འཇིག་རྟེན་དང་འཇིག་རྟེན་འདས་པའི་ཡོན་ཏན་ཁ་ན་མ་ཐོ་བ་མེད་པ། མཆོག་གཙོ་བོ་དམ་པ་བདེ་བར་འདྲེན་པར་བྱེད་པ། ཐམས་

ཅད་སྐྱེ་བ་དང་འཐོབ་པར་འགྱུར་བའི་གཞི་དེ་ལྟ་བུ་དང་རྟེན་དེ་ལྟ་བུ་ཡིན་པས། དེའི་ཕྱིར་རྩ་བའི་སྒྲར་ཡང་གསུངས་ཏེ། འདི་ལྟ་སྟེ་དཔེར་ན་ས་གཞི་ནི་རྩྭ་དང་གེལ་བ་དང་། སྨན་དང་ནགས་ཚལ་རྣམས་སྐྱེ་བའི་གཞི་དང་རྟེན་དུ་གྱུར་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་སྔར་བཤད་པ་བཞིན་དུ་རྒྱ་

ཆེར་བརྗོད་པར་བྱའོ། །ཅིའི་ཕྱིར་ཚུལ་ཁྲིམས་རྒྱན་གྱི་སྒྲར་གསུངས་ཤེ་ན། སྨྲས་པ་གང་དག་དེ་ལས་གཞན་པའི་རྒྱན་འདི་ལྟ་སྟེ། མགུལ་རྒྱན་ནམ། གདུ་བུ་རྒྱན་ཅན་ནམ། དཔུང་རྒྱན་ནམ། སོར་གདུབ་རྒྱན་ནམ། གསེར་དངུལ་གྱི་ཕྲེང་བའི་རྒྱན་དེ་དག་ནི་ཇི་ཙམ་དུ་བྱིས་པ་

གཞོན་ནུ་སྐྲ་གནག་པ་ལང་ཚོ་ལ་གསར་དུ་བབ་པ་དང་ལྡན་པ་དེ་ལ་བཏགས་ན། རེ་ཞིག་མཛེས་པར་འགྱུར་བ་ཙམ་དུ་ཟད་ཀྱི། ལོ་བརྒྱད་ཅུ་ལོན་པའམ། ལོ་དགུ་བཅུ་ལོན་པའི་རྒན་པོ་རྙིས་པ་འཁོགས་པ་སོ་ལྷུང་བ་མགོ་སྐྱ་བ་ལ་རྒྱན་དེ་དག་བཏགས་ན་ནི། དེ་ལྟ་མ་ཡིན་ཞིང་

เล่ม ๑๒๘ · หน้า 22b

དེ་ལ་ཅོ་འདྲི་བ་ཁོ་ན་ལྟ་བུར་ཡང་འགྱུར་བ་དང་། ནད་ཀྱིས་རྒུད་པ་དང་། ལོངས་སྤྱོད་ཀྱིས་རྒུད་པ་དང་། ཉེ་དུས་རྒུད་པར་གྱུར་པ་དག་ལ་ཡང་མཛེས་པ་མ་ཡིན་གྱི། ཚུལ་ཁྲིམས་ནི་ཐམས་ཅད་དུ་མཛེས་པར་བྱེད་པ་ཡིན་པས་དེའི་ཕྱིར་རྒྱན་གྱི་སྒྲར་ཡང་གསུངས་སོ། །ཅིའི་

ཕྱིར་ཚུལ་ཁྲིམས་བྱུག་པའི་སྒྲར་གསུངས་ཤེ་ན། དགེ་བ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དེ་ཡང་དག་པར་བླངས་ནས། དཔྱིད་ཀ་ཤིན་ཏུ་ཚ་བའི་དུས་ལ་བབ་པའི་ཚེ། ཚ་བས་མངོན་པར་གདུངས་པ་ལ་ཙནྡན་གྱི་བྱུག་པའམ་ག་བུར་གྱི་བྱུག་པས་བྱུགས་པ་བཞིན་དུ།

ཚུལ་ཁྲིམས་འཆལ་པ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བའི་ལུས་ཀྱི་ཡོངས་སུ་གདུང་བ་དང་། སེམས་ཀྱི་ཡོངས་སུ་གདུང་བ་ཐམས་ཅད་ཡོངས་སུ་སེལ་བར་བྱེད་པས་ན། དེའི་ཕྱིར་ཚུལ་ཁྲིམས་བྱུག་པའི་སྒྲར་གསུངས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་སྤོས་ཀྱི་རྣམ་

པའི་སྒྲར་གསུངས་ཤེ་ན། ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ནི། རྩ་བའི་སྤོས་སམ། སྙིང་པོའི་སྤོས་སམ། མེ་ཏོག་གི་སྤོས་ཀྱི་རྣམ་པ་སྣ་ཚོགས་རླུང་གིས་བསྐྱོད་པ་ལས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྤོས་ཀྱི་ངད་ཡིད་དུ་འོང་བ་དག་ལྡང་བ་བཞིན་དུ།

ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་སྙན་པ་བསྔགས་པ་གྲགས་པའི་སྒྲ་སྣ་ཚོགས་གྲགས་པར་འགྱུར་བས་ན་དེའི་ཕྱིར་ཚུལ་ཁྲིམས་ནི་སྤོས་ཀྱི་རྣམ་པའི་སྒྲར་ཡང་གསུངས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་ལེགས་པར་སྤྱད་པའི་སྒྲར་གསུངས་ཤེ་ན། སྤྱད་པ་དེ་ནི་བདེ་

བར་འགྲོ་བ་ཡིན་པ་དང་། སྤྱད་པ་དེ་ནི་མཐོ་རིས་སུ་འགྲོ་བ་ཡིན་པ་དང་། བདེ་འགྲོར་འགྲོ་བ་ཡིན་པས་ན། དེའི་ཕྱིར་ལེགས་པར་སྤྱད་པ་ཞེས་བྱའོ། །ཅིའི་ཕྱིར་ཚུལ་ཁྲིམས་སྡོམ་པའི་སྒྲར་གསུངས་ཤེ་ན། ཆོས་དེ་ནི་ལྡོག་པའི་རང་བཞིན་པ་དང་། ལྡོག་པའི་མཚན་ཉིད་

ཡིན་པ་དང་། སྤོང་བའི་རང་བཞིན་ཡིན་པས་ན་དེའི་ཕྱིར་སྡོམ་པའི་སྒྲར་ཡང་གསུངས་སོ།། །།ཉན་ཐོས་ཀྱི་ས་བམ་པོ་གསུམ་པ། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་ཡོངས་སུ་དག་པར་བྱ་བའི་ཕྱིར། རྣམ་པ་གསུམ་ལ་སོ་སོར་རྟོག་པར་བྱེད་དོ། རྣམ་པ་གསུམ་གང་

เล่ม ๑๒๘ · หน้า 23a

ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་ལ་སོ་སོར་རྟོག་པ་དང་། ངག་གི་ལས་ལ་སོ་སོར་རྟོག་པ་དང་། ཡིད་ཀྱི་ལས་ལ་སོ་སོར་རྟོག་པའོ། །ཇི་ལྟར་ན་ལས་དེ་དག་ལ་སོ་སོར་རྟོག་པ་ན། ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་སྦྱོང་བར་བྱེད་ཅེ་ན། ལས་

གང་བསམས་ནས་ལུས་ཀྱི་བྱ་བར་འདོད་པ་དེ་ཉིད་ལ་འདི་ལྟར་ཅི་བདག་གི་ལུས་ཀྱི་ལས་འདི་བདག་དང་། གཞན་དག་ལ་གནོད་པར་འགྱུར་ཞིང་མི་དགེ་བས། སྡུག་བསྔལ་འབྱུང་བ་རྣམ་པར་དག་པ་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་བདག་གི་ལུས་ཀྱི་ལས་འདི་བདག་དང་

གཞན་དག་ལ་གནོད་པར་མི་འགྱུར་ཞིང་། དགེ་བས་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཞིག་ཡིན་ཞེས་སོ་སོར་རྟོག་པར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ལུས་ཀྱི་ལས་དེ་བདག་དང་གཞན་དག་ལ་གནོད་པར་འགྱུར་ཞིང་། མི་དགེ་བ་སྡུག་བསྔལ་

འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན། དེ་ལས་དེ་ཕྱིར་ལྡོག་ཅིང་མི་བྱེད་ལ་རྗེས་སུ་འཇུག་པར་མི་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད་པར་མི་འགྱུར་ཞིང་དགེ་བ་ཡིན་པར་སྔ་མ་བཞིན་དུ་ཤེས་པར་གྱུར་ན། དེ་ལས་དེ་ལུས་ཀྱིས་བྱེད་ཅིང་

ཕྱིར་མི་ལྡོག་ལ་རྗེས་སུ་འཇུག་པར་བྱེད་དོ། །དེས་འདས་པའི་དུས་ལ་བརྟེན་ཏེ་ལུས་ཀྱི་ལས་གང་བྱས་པར་གྱུར་པ་དེ་ལས་ཡང་འདི་ལྟར་ཅི་བདག་གིས་ལུས་ཀྱི་ལས་ཀྱི་དེ་གནོད་པར་འགྱུར་བ་ཞིག་གམ་ཞེས་སྔ་མ་བཞིན་དུ་ཡང་དང་ཡང་དུ་སོ་སོར་རྟོག་པར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་

ན་གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད་པར་གྱུར་པའོ་ཞེས་སྔ་མ་བཞིན་དུ་ཤེས་ན་དེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གི་མདུན་དུ་སོ་སོར་འཆགས་ཤིང་། ཆོས་བཞིན་དུ་ཕྱིར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ལུས་ཀྱི་ལས་དེ་གནོད་པར་གྱུར་པ་

མ་ཡིན་ནོ་ཞེས་སྔ་མ་བཞིན་དུ་ཤེས་ན། དེ་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་པར་བྱེད་དེ། དེ་ལྟར་ན་དེ་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ལུས་ཀྱི་ལས་དེ་ལ་སོ་སོར་རྟོག་

เล่ม ๑๒๘ · หน้า 23b

ཅིང་ཤིན་ཏུ་སྦྱོང་བར་བྱེད་པ་ཡིན་ནོ། །ལུས་ཀྱི་ལས་ཇི་ལྟ་བ་བཞིན་དུ་ངག་གི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཡིད་ནི་འདས་པའི་འདུ་བྱེད་ལ་བརྟེན་ཏེ། སྐྱེ་ཞིང་ཡིད་ནི་མ་འོངས་པ་དང་། ད་ལྟར་བྱུང་བའི་འདུ་བྱེད་ལ་བརྟེན་ཏེ། སྐྱེ་བས་ཡིད་དེ་ལ་ཡང་འདི་ལྟར་ཅི་བདག་གི་ཡིད་འདི་གནོད་པར་

འགྱུར་བ་ཞིག་ཡིན་ནམ་ཞེས་སྔ་མ་བཞིན་དུ་ཡང་དང་ཡང་དུ་སོ་སོར་རྟོག་པར་བྱེད་པ་ནས་ཡིད་ཀྱི་ལས་དེ་སྐྱེད་པར་མི་བྱེད་ཅིང་ཕྱིར་ལྡོག་པར་བྱེད་ལ་རྗེས་སུ་འཇུག་པར་མི་བྱེད་པ་དང་། དཀར་པོའི་ཕྱོགས་ཀྱི་ཡིད་ཀྱི་ལས་དེ་ནི་སྐྱེད་པར་བྱེད་ཅིང་ཕྱིར་ལྡོག་པར་མི་བྱེད་ལ་རྗེས་སུ་འཇུག་པའི་བར་དུ་

བྱེད་དེ། དེ་ལྟར་ན་དེ་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་ཡིད་ཀྱི་ལས་དེ་ལ་སོ་སོར་རྟོག་ཅིང་། ཤིན་ཏུ་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་དགེ་སྦྱོང་ངམ་བྲམ་ཟེ་གང་

ལ་ལས། ལུས་ཀྱི་ལས་དང་། ངག་གི་ལས་དང་ཡིད་ཀྱི་ལས་ལ་སོ་སོར་བརྟགས་ཤིང་ཡིད་ལ་ཡོངས་སུ་སྦྱངས་ལ། ཡོངས་སུ་སྦྱངས་ནས་ལན་མང་དུ་གནས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་སོ་སོར་བརྟགས་ཤིང་ཡོངས་སུ་སྦྱངས་པའི་ཕྱིར་རོ། །བཅོམ་ལྡན་

འདས་ཀྱིས་ཀྱང་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལས་བརྩམས་ཏེ། སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ལས་དེ་བཞིན་ངག་ལས་དང་། །ཡིད་ཀྱི་ལས་ལ་ཡང་ཡང་དུ། །སོ་སོར་རྟོགས་ཤིག་སྒྲ་གཅན་ཟིན། །དེ་ལ་ཁྱོད་ནི་སློབ་བྱེད་ན། །ལེགས་པ་སྡིག་མེད་ཁོ་ན་སྟེ། །དེ་ནི་དགེ་སྦྱོང་

ལས་ཡིན་ཏེ། འདི་ལ་སློབས་ཤིག་སྒྲ་གཅན་ཟིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་དེ་ལྟར་ཅི་བདག་གི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་འདི་གནོད་པར་འགྱུར་བ་ཞིག་ཡིན་ནམ་ཞེས་སྔ་མ་བཞིན་དུ་རྒྱས་པར་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་

སོ་སོར་རྟོག་པ་ཡིན་ནོ། །ལ་ལ་ལས་ཕྱིར་ལྡོག་ཅིང་སོ་སོར་འཆགས་པར་བྱེད་པ་དང་། ལ་ལའི་རྗེས་སུ་འཇུག་ཅིང་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་། ལན་མང་དུ་གནས་པར་བྱེད་པ་གང་ཡིན་པ་དེ་ནི་ཡོངས་སུ་སྦྱོང་བ་ཞེས་བྱའོ། །

เล่ม ๑๒๘ · หน้า 24a

དེ་ལ་དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པ་ལ་ཕན་ཡོན་བཅུ་ཡོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལ་སྐྱེས་བུ་གང་དག་ཚུལ་ཁྲིམས་དང་ལྡན་པ་ནི། བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོ་སོར་རྟོག་པ་ན་འགྱོད་པ་མེད་པ་ཐོབ་

པར་འགྱུར་རོ། །འགྱོད་པ་མེད་ན་མཆོག་ཏུ་དགའ་བར་འགྱུར་རོ། །སེམས་མཆོག་ཏུ་དགའ་བ་ལ་དགའ་བ་སྐྱེའོ། །ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་བྱེད་དོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། །

སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ་། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོང་ན་སྐྱོ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །

འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་དང་། མཐོང་བ་འབྱུང་བ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་འགྱུར་ཏེ། སྐྱེས་བུ་

གང་ཟག་ཚུལ་ཁྲིམས་དང་ལྡན་པ། ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་བྱུང་ལ། འགྱོད་པ་མེད་པའི་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་བའི་བར་དག་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་

ཁྲིམས་དང་ལྡན་པ་ནི། འཆི་བའི་དུས་ལ་བབ་པར་གྱུར་པ་དེའི་ཚེ། ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ནི་བྱས་སོ། །ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པར་ནི་མ་བྱས་ཏེ། དེའི་ཕྱིར་བདག་ཤི་འཕོས་ནས་ཀྱང་། བསོད་ནམས་བྱས་

པ་རྣམས་དང་། དགེ་བ་བྱས་པ་རྣམས་དང་། འཇིགས་ཤིང་སྐྲག་པར་འགྱུར་བའི་སྐྱབས་བྱས་པ་རྣམས་ཀྱང་། འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ་སྙམ་ནས། བདེ་འགྲོར་འགྲོ་བའི་ཕྱིར་འགྱོད་པ་མེད་པ་གཉིས་པ་ཡང་ཐོབ་པར་འགྱུར་རོ། །སྐྱེས་བུ་གང་

เล่ม ๑๒๘ · หน้า 24b

ཟག་འགྱོད་པ་མེད་པར་འགྱུར་བའི་འཆི་བ་ནི་བཟང་བ་ཡིན། དུས་བྱེད་པ་ཡང་བཟང་བ་ཡིན། ཚེ་ཕྱི་མ་ཡང་བཟང་བ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གཉིས་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་

སུ་དགེ་བ་བསྔགས་པ་སྙན་པ་གྲགས་པའི་སྒྲའི་ཚོགས་གྲགས་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གསུམ་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་ཡོངས་སུ་གདུང་བ་མེད་པའི་ལུས་དང་སེམས་ཀྱིས་བདེ་བར་གཉིད་ཀྱིས་ལོག་ཅིང་། བདེ་

བར་སད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བཞི་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་ཀྱི་ཕན་ཡོན་དང་ལྡན་པ་ནི། །གཉིད་ལོག་པ་ན་ཡང་ལྷ་རྣམས་སྲུང་བར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་ལྔ་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་

ཚུལ་ཁྲིམས་དང་ལྡན་པ་ནི། གཞན་ཡང་སྡིག་པའི་བག་ཚ་བ་མེད་ཅིང་། འཇིགས་པ་ཡང་མེད། ཡིད་ཀུན་ཏུ་དངང་བ་ཡང་མེད་དེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དྲུག་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གསོད་པ་རྣམས་དང་ཕྱིར་རྒོལ་བ་

རྣམས་དང་། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་པར་གྱུར་ན་ཡང་། ཀྱེ་མ་སྐྱེས་བུ་གང་ཟག་འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་དུ་རིག་ནས་སྲུང་བར་བྱེད་ཅིང་། མཛའ་བཤེས་ཉིད་དང་། ཐ་མལ་པར་གནས་པ་ཉིད་དུ་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བདུན་

པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་རྙེད་ཅིང་སྐབས་ཤིག་རྙེད་པར་གྱུར་ན་ཡང་། འདི་ལྟ་སྟེ། ཚུལ་ཁྲིམས་དེ་ཉིད་ཀྱི་དབང་དུ་བྱས་ནས་བསྲུང་བར་འགྱུར་

ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བརྒྱད་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཞིའི་རྒྱུས་གཞན་དག་ལས་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་

เล่ม ๑๒๘ · หน้า 25a

སྨན་དང་། ཡོ་བྱད་ཀྱི་རྙེད་པ་དག་ཆོས་ཀྱི་ཚེགས་ཆུང་ངུས་འཐོབ་པར་འགྱུར་ཞིང་། རྒྱལ་པོ་རྣམས་དང་། བློན་པོ་རྣམས་དང་། གྲོང་མི་རྣམས་དང་། ལྗོངས་ཀྱི་མི་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་ཀྱང་བཀུར་

སྟིར་བྱེད། བླ་མར་བྱེད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དགུ་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་དག་འདི་ལྟ་སྟེ། ཚུལ་ཁྲིམས་དག་རྣམ་པར་དག་པར་གྱུར་པའི་ཕྱིར། སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་ཏེ། གལ་ཏེ་

འདོད་པའི་ཁམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་པ་རྣམས་སམ། འཐབ་

བྲལ་བ་རྣམས་སམ། དགའ་ལྡན་པ་རྣམས་སམ། འཕྲུལ་དགའ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་འདོད་ན་ཡང་། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་སྐྱེ་བར་འགྱུར་རོ། །གལ་ཏེ་ཨེ་མ་ཧོ། །ཀྱེ་མ་བདག་

བསམ་གཏན་རྣམས་ལ་སྙོམས་པར་ཞུགས་ཏེ། ཚེ་འདི་ལ་བདེ་བར་གནས་པར་བྱ་ཞིང་གཟུགས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་གནས་ཤིང་སྐྱེ་བར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་འདོད་ཆགས་དང་བྲལ་བའི་

སྨོན་ལམ་ནི་ཡང་དག་པར་འགྲུབ་པོ། །གལ་ཏེ་གཟུགས་ལས་ཡང་དག་པར་འདས་ཏེ། གཟུགས་མེད་པའི་ཞི་བའི་རྣམ་པར་ཐར་པ་གང་ཡིན་པ་སྟེ་གནས་པར་བྱ་ཞིང་གཟུགས་མེད་པར་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་

གནས་ཤིང་སྐྱེ་བར་འགྱུར་རོ། །གལ་ཏེ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པར་གྱུར་ཅིག་ཅེས་འདོད་པར་གྱུར་ན་ཡང་རྟོགས་པར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་སྟེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་

เล่ม ๑๒๘ · หน้า 25b

བཅུ་པ་ཡིན་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕུང་པོའི་རྣམ་པར་དབྱེ་བ་བསྟན་པ་དང་། ཉམས་པ་དང་། ཕུན་སུམ་ཚོགས་པ་བསྟན་པ་དང་། མིང་གི་རྣམས་གྲངས་དག་བསྟན་པ་དང་། ཡོངས་སུ་དག་པ་དང་། སོ་སོར་རྟོག་པ་བསྟན་པ་དང་། ཕན་ཡོན་བསྟན་པ་དེ་ནི་རྣམ་པ་ཐམས་

ཅད་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཚོགས་སུ་གཏོགས་པ་ཡིན་པར་བསྟན་ཏེ། གསལ་བར་བྱས། རྣམ་པར་ཕྱེ། རབ་ཏུ་བཤད་པ་ཡིན་ཏེ། རིགས་ཀྱི་བུ་བདག་ལ་ཕན་པར་འདོད་པ་དང་། དགེ་སྦྱོང་གི་ལམ་དང་། བྲམ་ཟེའི་ལམ་འདོད་པ་རྣམས་ཀྱིས་དེ་ལ་

བསླབ་པར་བྱའོ། །བར་གྱི་སྡོམ་ནི། རྣམ་དབྱེ་རྣམ་གསུམ་ཤེས་པར་བྱ། །ཕུན་སུམ་ཚོགས་པ་རྣམ་བཅུར་འགྱུར། །རྣམ་གྲངས་རྣམ་པ་དྲུག་ཡིན་ཏེ། །རྣམ་དག་རྣམ་པ་གསུམ་དུ་འདོད། །ཕན་ཡོན་རྣམ་པ་བཅུ་ཡིན་ཏེ། །དེ་ནི་ཚུལ་ཁྲིམས་སྡོམ་པ་ཡིན། །དབང་པོའི་སྡོམ་

པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང་གནས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་

རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ཇི་ལྟར་ན་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཡིན་ཞེ་ན། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་ནས་ཡིད་ཀྱི་དབང་པོ་ཡང་སྲུང་བར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ་ཞེས་བྱ་བའི་བར་དུ་རྒྱས་

པར་བྱ་སྟེ། དེ་ལྟར་ན་དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ་གནས་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་དྲན་པ་ཀུན་ཏུ་བསྲུང་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཐོས་པ་བཟུང་བ་དང་། བསམས་པ་དང་། ཡང་དང་ཡང་དུ་

བསྒོམས་པར་གྱུར་ནས། དེ་ཐོས་པ་དང་བསམས་པ་དང་བསྒོམས་པའི་དབང་གིས་དྲན་པ་ཐོབ་པར་གྱུར་ཅིང་། དྲན་པ་ཐོབ་པ་དེ་ཉིད་མི་བརྗེད་པར་བྱ་བ་དང་། མི་ཉམས་པར་བྱ་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར། ཐོས་པ་དེ་ཉིད་ལ་དུས་དུས་སུ་སྦྱོར་བར་བྱེད་དེ། གོམས་པར་བྱེད་ཅིང་།

เล่ม ๑๒๘ · หน้า 26a

བསམས་པ་དང་བསྒོམས་པ་ལ་ཡང་སྦྱོར་བར་བྱེད་དེ། གོམས་པར་བྱེད། སྦྱོར་བ་ལྷོད་པ་དང་སྦྱོར་བ་གཏོང་བར་ཡང་མི་འགྱུར་རོ། །དེ་ལྟར་དེས་ཐོས་པས་ཡང་དག་པར་བསྒྲུབ་པའི་དྲན་པ་སྟེ། ཐོས་པ་དང་བསམས་པ་དང་། བསྒོམས་པ་ལ་སྦྱོར་བའི་བྱ་

བས། དུས་དུས་སུ་ཀུན་ཏུ་བསྲུངས་པ་ཡིན་ཏེ། དེ་ལྟར་ན་དྲན་པ་དང་ཀུན་ཏུ་བསྲུངས་པ་ཡིན་ནོ། །ཇི་ལྟར་ན་དྲན་པ་ལ་རྟག་འགྲུས་བྱེད་པ་ཡིན་ཞེ་ན། དེ་དྲན་པ་དེ་ཉིད་ལ་རྟག་ཏུ་བྱེད་པ་དང་འགྲུས་པར་བྱེད་པ་ཡིན་ཏེ། དེ་ལ་རྟག་ཏུ་བྱེད་པ་གང་ཡིན་པ་དེ་ནི་རྒྱུན་དུ་བྱེད་པ་ཞེས་

བྱའོ། །དེ་ལ་འགྲུས་པར་བྱེད་པ་གང་ཡིན་པ་དེ་ནི་འགྲུས་པར་བྱེད་པ་ཞེས་བྱ་སྟེ། དེ་ལྟར་རྒྱུན་དུ་བྱེད་པ་དང་གུས་པར་བྱེད་པ་དེ་ནི་དྲན་པ་ལ་རྟག་འགྲུས་བྱེད་པ་ཞེས་བྱའོ། །དེས་ཇི་ཙམ་དུ་དྲན་པ་ཀུན་ཏུ་བསྲུངས་པ་དེ་ཙམ་དུ་དྲན་པ་དེ་བརྗེད་པར་མི་འགྱུར་ལ། དེ་ཇི་ཙམ་དུ་དྲན་པ་ལ་

རྟག་འགྲུས་བྱེད་པ་དེ་ཙམ་དུ་དྲན་པ་མ་བརྗེད་པ་དེ་ཉིད་ལ་སྟོབས་སྐྱེད་པ་ཐོབ་པར་འགྱུར་ཞིང་། དེས་གཟུགས་རྣམས་ཟིལ་གྱིས་གནོན་པ་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་ཟིལ་གྱིས་གནོན་པར་ནུས་ཤིང་མཐུ་ཡོད་པར་

ཡང་འགྱུར་རོ། །ཇི་ལྟར་ན་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན་ཞེ་ན། མིག་དང་གཟུགས་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་ལ། མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པར་འབྱུང་སྟེ། ཡིད་ཀྱི་རྣམ་པར་

ཤེས་པ་དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་རྣམ་པར་རྟོག་པ་དང་ལྡན་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡོད་དེ། རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དེས་གཟུགས་ཀྱི་རང་བཞིན་སྡུག་གུ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། གཟུགས་ཀྱི་རང་བཞིན་མི་

སྡུག་པ་དག་ལ་ནི་ཁོང་ཁྲོ་བར་བྱེད་པས་ན་དེས་དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ལས། ཡིད་དེ་ཀུན་ཏུ་སྲུང་བར་བྱེད་དོ། །དེ་

เล่ม ๑๒๘ · หน้า 26b

བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་ཆོས་རྣམས་ལ་བརྟེན་ནས། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་ལྡན་པ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡོད་དེ། དེས་

ཆོས་ཀྱི་རང་བཞིན་སྡུག་གུ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། ཆོས་ཀྱི་རང་བཞིན་མི་སྡུག་པ་དག་ལ་ནི་ཁོང་ཁྲོ་བར་བྱེད་པས་ན། དེས་དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ཇི་ནས་ཀྱང་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་

མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་ཏུ་སྲུང་བར་བྱེད་དེ། དེ་ལྟར་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན་ནོ། །ཇི་ལྟར་ན་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཡིན་ཞེ་ན། གནས་སྐབས་མཉམ་པ་ཞེས་བྱ་བ་ནི་དགེ་བའམ་ལུང་དུ་མ་བསྟན་པའི་བཏང་

སྙོམས་ལ་བྱ་སྟེ། དེས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་ཀུན་ཏུ་བསྲུངས་ནས་དགེ་བའམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པས་ན། དེའི་ཕྱིར་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་

ཞེས་བྱ་སྟེ། དེ་ལྟར་ན་གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་ཀུན་ཏུ་སྲུང་བར་བྱེད་པ་ཡིན་ཞེ་ན། བཞི་གང་ཁོ་ན་ལས་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་རྣམ་

པར་རྟོག་པ་ཟག་པར་འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དེ་དག་ལ་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་དང་། གལ་ཏེ་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་རྣམ་པར་སྤངས་སུ་ཟིན་ཀྱང་བརྗེད་ངས་པ་དང་། ཀུན་ནས་

ཉོན་མོངས་པ་མང་བས། སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་ཟག་པར་འགྱུར་བ་དག་འབྱུང་བར་འགྱུར་ན་དེ་དག་བསྡམས་པའི་ཕྱིར་ཡང་སྒྲུབ་པར་བྱད་དེ། རྣམ་པ་དེ་གཉིས་ཀྱིས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་

เล่ม ๑๒๘ · หน้า 27a

ཡིད་དེ་ཀུན་ཏུ་སྲུང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཡིད་དེ་རྣམ་པ་གཉིས་ཀྱིས་ཀུན་ཏུ་བསྲུངས་ནས་དགེ་བའམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པ་ཡིན་ཏེ། རྣམ་པ་གཉིས་ཁོ་ན་སྟེ། གཉིས་གང་ཞེ་ན། མིག་གི་དབང་པོ་ཡང་སྲུང་བར་བྱེད་

ལ། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང་། མིག་གི་དབང་པོས་ཇི་ལྟ་བ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་ཡང་སྲུང་བར་བྱེད་ལ། ཡིད་ཀྱི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གང་གསུངས་པ་སྟེ། རྣམ་པ་དེ་གཉིས་ཀྱིས་ཡིད་དེ་དགེ་

བའམ། ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མཚན་མར་མི་འཛིན་པ་ཡིན་ཞེ་ན། མཚན་མར་འཛིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའི་སྤྱོད་ཡུལ་

དེ་ལ། མིག་གི་རྣམ་པར་ཤེས་པས་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟ་བུའི་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མཚན་མར་འཛིན་པ་ཡིན་ནོ། །གལ་ཏེ་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ། ཡོངས་སུ་སྤོང་བར་བྱེད་ན། དེ་ནི་མིག་གི་རྣམ་པར་ཤེས་པར་བྱ་བའི་

སྤྱོད་ཡུལ་ལ་མཚན་མར་མི་འཛིན་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཇི་ལྟ་བ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ། མཚན་མར་མི་འཛིན་པ་ཡང་དེ་བཞིན་ནོ། །ཇི་ལྟར་ན་

མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ་མངོན་རྟགས་སུ་མི་འཛིན་པ་ཞེས་བྱ། མངོན་རྟགས་སུ་འཛིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ལ། མིག་གི་རྣམ་པར་ཤེས་

པ་ཁོ་ནའི་རྗེས་ལ་མཇུག་ཐོགས་སུ་བྱུང་བ་རྣམ་པར་རྟོག་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པར་ཀུན་ཏུ་ཆགས་པར་འགྱུར་བ་དང་། ཀུན་ཏུ་ཞེ་སྡང་བར་འགྱུར་བ་དང་། ཀུན་ཏུ་གཏི་མུག་པར་འགྱུར་བའི་སྤྱོད་ཡུལ་གང་ཡིན་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་པར་བྱེད་པ་ཡིན་ཏེ། སྤྱོད་

เล่ม ๑๒๘ · หน้า 27b

ཡུལ་དེ་ཡོངས་སུ་སྤོང་བར་བྱེད་ཅིང་། དམིགས་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དེ་སྐྱེད་པར་མི་བྱེད་ན། དེ་ནི་འདི་ལྟ་སྟེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་

རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་དེ་བཞིན་ནོ། །མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པའི་རྣམ་གྲངས་གཞན་ཡང་ཡོད་དོ། །དེ་ལ་མཚན་མར་འཛིན་པ་ནི་མིག་གིས་གཟུགས་སྣང་བར་གྱུར་པ་རྣམ་པ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་

ནས་མཐོང་བ་གང་ཡིན་པའོ། །དེ་ལ་མངོན་རྟགས་སུ་འཛིན་པ་ནི་མིག་གིས་གཟུགས་དེ་དག་ཉིད་སྣང་བར་མ་གྱུར་ཅིང་། དེ་དང་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས། མཐོང་བ་མ་ཡིན་མོད་ཀྱི་འོན་ཀྱང་གཞན་ལས་རྗེས་སུ་མཉམ་པ་སྔོན་དུ་བཏང་ནས། མིག་གི་རྣམ་པར་

ཤེས་པར་བྱ་བའི་གཟུགས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཡོད་དོ་ཞེས་ཐོས་ཤིང་། དེ་དང་རྗེས་སུ་འབྲེལ་པའི་མིང་དང་ཚིག་དང་མངོན་རྟགས་གང་དང་གང་དག་ཡིན་པ་དེ་དང་དེ་དག་གི་དབང་དུ་བྱས་ཏེ། དེ་དག་ལ་བརྟེན་ཅིང་དེ་དག་ལ་གནས་ནས། སྐྱེས་བུ་གང་ཟག་དེ་མིག་གིས་རྣམ་

པར་ཤེས་པར་བྱ་བའི་གཟུགས་ཇི་ལྟ་བ་ཐོས་པ་དག་ལ་རྣམ་པར་རྟོག་པར་བྱེད་པ་སྟེ། དེ་ནི་མངོན་རྟགས་སུ་འཛིན་པ་ཞེས་བྱའོ། །མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཇི་ལྟ་བ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་རྣམ་པར་

ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་དེ་ཡང་། རྒྱུ་དེ་དང་། གཞི་དེ་དང་། དབང་དེས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་ཡང་ཡོད་དོ། །རྒྱུ་དེ་མེད་པ་དང་།

གཞི་དེ་མེད་པ་དང་། དབང་དེ་མེད་པས། དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་མི་འགྱུར་བ་ཡང་ཡོད་དོ། །དེ་ལ་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་གང་ཡིན་པ་དེ་ནི་ཚུལ་བཞིན་མ་ཡིན་པ་སྟེ། རྒྱུ་དེ་དང་། གཞི་དེ་དང་། དབང་

เล่ม ๑๒๘ · หน้า 28a

དེས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བས་ན། དེས་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པའི་རང་བཞིན་དེ་ཡོངས་སུ་སྤོང་བར་བྱེད་དེ། སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན།

འདོད་ཆགས་དང་འདོད་ཆགས་ཀྱིས་ཀུན་ནས་བསླང་བ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་། ཞེ་སྡང་བ་དང་། གཏི་མུག་པ་དང་། གཏི་མུག་གིས་ཀུན་ནས་བསླང་བ། ལུས་ཀྱིས་ཉེས་པར་སྤྱད་པ་དང་།

ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་རྣམས་ཏེ། དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཇི་ལྟར་ན་དེ་དག་སེམས་ཀྱི་རྗེས་སུ་ཟག་པར་འགྱུར་ཞེ་ན། དམིགས་པ་གང་དང་གང་དག་ལ། སེམས་དང་ཡིད་རྣམ་པར་ཤེས་པ་སྐྱེ་ཞིང་འགྲོ་ལ་

འབྲང་བར་འགྱུར་བའི་དམིགས་པ་དེ་དང་དེ་དག་ལ་སེམས་དང་ཡིད་རྣམ་པར་ཤེས་པ་དེ་དང་མཚུངས་པར་ལྡན་པ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་ཀུན་ནས་སློང་བར་བྱེད་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ཀྱང་སྐྱེ་ཞིང་འགྲོ་ལ་འབྲང་བར་འགྱུར་བས་ན།

དེའི་ཕྱིར་སེམས་ཀྱི་རྗེས་སུ་ཟག་པར་འགྱུར་བར་ཞེས་བྱའོ། །མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་ཡོངས་སུ་སྤོང་བར་བྱེད་པ་དེ་ལ་ནི། དེ་ལྟར་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ།

མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་དག་འབྱུང་བར་མི་འགྱུར་རོ། །གལ་ཏེ་བརྗེད་ངས་པའམ། ཉོན་མོངས་པ་མང་བས། གཅིག་པུར་གནས་པ་ན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་

སྔོན་མཐོང་བ་རྣམས་ཀྱི་དབང་དུ་བྱས་ཤིང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་སྔོན་ཉམས་སུ་མྱོང་བ་རྣམས་ཀྱི་དབང་དུ་བྱས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་ན། དེ་དག་བྱུང་ཡང་དང་དུ་མི་ལེན་ཅིང་

เล่ม ๑๒๘ · หน้า 28b

སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པས་ན་དེའི་ཕྱིར་དེ་དག་བསྡམ་པར་བྱ་བའི་ཕྱིར་དེ་སྒྲུབ་པར་བྱེད་པ་ཞེས་བྱའོ། །དེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་དག་ལ་མིག་གཏད་པར་བྱ་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་

ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་གང་དག་ལ་ཡིད་གཏད་པར་བྱ་བ་དེ་དག་ལ་ཡང་གཏོད་པར་བྱེད་ཅིང་། ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་གཏོད་པར་བྱེད་དེ། དེ་ལྟར་ན་དེས་ཉོན་མོངས་པ་དེ་དག་ལས་དབང་པོ་ཀུན་ཏུ་བསྲུངས་པ་ཡིན་པས་ན། དེའི་

ཕྱིར་མིག་གི་དབང་པོ་ཡང་སྲུང་བར་བྱེད་ལ་ཡིད་ཀྱི་དབང་པོའི་བར་དུ་སྲུང་བར་བྱེད་པ་ཞེས་བྱའོ། །དེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་དག་ལ་མིག་གི་དབང་པོ་གཏད་པར་བྱ་བ་མ་ཡིན་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་

རྣམ་པར་ཤེས་པར་བྱ་བའི་ཆོས་གང་དག་ལ། ཡིད་ཀྱི་དབང་པོ་གཏད་པར་བྱ་བ་མ་ཡིན་པ་དེ་དག་ལ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གཏོད་པར་མི་བྱེད་པས་ན། དེའི་ཕྱིར། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང་། ཡིད་ཀྱི་དབང་པོའི་བར་གྱིས་ཀྱང་སྡོམ་པ་སྒྲུབ་

པར་བྱེད་པ་ཞེས་བྱ་སྟེ། དེ་ནི་རེ་ཞིག་དབང་པོ་སྡོམ་པའི་རྣམ་པར་དབྱེ་བ་རྒྱས་པ་ཡིན་པར་ཤེས་པར་བྱའོ། །དོན་མདོར་བསྡུ་བ་གང་ཞེ་ན། དེ་ལ་དོན་མདོར་བསྡུ་བ་ནི་འདི་ཡིན་ཏེ། གང་གིས་སྡོམ་པར་བྱེད་པ་དང་། གང་ཞིག་སྡོམ་པར་བྱེད་པ་དང་། གང་ལས་སྡོམ་པར་བྱེད་པ་དང་།

ཇི་ལྟར་སྡོམ་པར་བྱེད་པ་དང་། སྡོམ་པ་དེ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དབང་པོ་སྡོམ་པ་ཞེས་བྱའོ། །དེ་ལ་གང་གིས་སྡོམ་པར་བྱེད་ཅེ་ན། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་བསྒོམས་པ་གང་ཡིན་པ་སྟེ། དེས་སྡོམ་པར་བྱེད་དོ། །

གང་ཞིག་སྡོམ་པར་བྱེད་ཅེ་ན། མིག་གི་དབང་པོ་སྡོམ་པར་བྱེད་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་སྡོམ་པ་སྟེ་དེ་སྡོམ་པར་བྱེད་དོ། །གང་ལས་སྡོམ་པར་བྱེད་ཅེ་ན། གཟུགས་དང་། སྒྲ་དང་། ཆོས་ཀྱི་རང་བཞིན་སྡུག་པ་དང་མི་སྡུག་

เล่ม ๑๒๘ · หน้า 29a

པའི་བར་དག་ལས་ཏེ། དེ་ལས་སྡོམ་པར་བྱེད་དོ། །ཇི་ལྟར་སྡོམ་པར་བྱེད་ཅེ་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་དང་། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་

བསྡམ་པའི་ཕྱིར་སྒྲུབ་པར་བྱེད་པ་དང་། དབང་པོ་ཡང་སྲུང་བར་བྱེད་པ་དང་། དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་སྡོམ་པར་བྱེད་དོ། །སྡོམ་པ་དེ་གང་ཡིན་ཞེ་ན། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་མཉམ་པ་ལས་འཇོག་པར་བྱེད་པ་གང་

ཡིན་པ་སྟེ། དེ་ནི་སྡོམ་པ་ཞེས་བྱའོ། །དོན་མདོར་བསྡུས་པ་གཞན་ཡང་སྡོམ་པའི་ཐབས་གང་ཡིན་པ་དང་། བསྡམ་པར་བྱ་བའི་གཞི་གང་ཡིན་པ་དང་། སྡོམ་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི། དབང་པོ་སྡོམ་པ་ཞེས་བྱའོ། །དེ་ལ་སྡོམ་པའི་ཐབས་གང་ཞེ་

ན། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། མིག་གིས་གཟུགས་རྣམས་མཐོང་བ་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་

པའི་བར་དང་། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསྡམ་པའི་ཕྱིར། སྒྲུབ་པར་བྱེད་པ་དང་། དབང་པོ་ཡང་སྲུང་བར་བྱེད་ལ། དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་དོ་ཞེས་གང་གསུངས་པ་སྟེ། དེ་ནི་སྡོམ་པའི་

ཐབས་ཞེས་བྱའོ། །བསྡམ་པར་བྱ་བའི་གཞི་གང་ཞེ་ན། མིག་དང་གཟུགས་རྣམས་དང་། དེ་བཞིན་དུ་ཡིད་དང་། ཆོས་རྣམས་ཀྱི་བར་དག་སྟེ། དེ་ནི་བསྡམ་པར་བྱ་བའི་གཞི་ཞེས་བྱའོ། །དེ་ལ་སྡོམ་པ་གང་ཞེ་ན། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་

མཉམ་པ་ལ་འཇོག་པར་བྱེད་པ་ཞེས་གང་གསུངས་པ་སྟེ། དེ་ནི་སྡོམ་པ་ཞེས་བྱའོ། །དབང་པོ་སྡོམ་པ་འདི་ཡང་མདོར་བསྡུ་ན། རྣམ་པ་གཉིས་ཏེ། སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པ་དང་། བསྒོམས་པའི་སྟོབས་ཀྱིས་ཟིན་པའོ། །དེ་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་

เล่ม ๑๒๘ · หน้า 29b

ཟིན་པ་ནི། གང་གིས་ཡུལ་རྣམས་ལ་ཉེས་དམིགས་སུ་མཐོང་བ་ཉེས་དམིགས་དེ་ཡང་སེལ་བ་དང་། སྤོང་བར་ནི་མི་བྱེད་པའོ། །དེ་ལ་བསྒོམས་པའི་སྟོབས་ཀྱིས་ཟིན་པ་ནི། གང་གི་ཡུལ་རྣམས་ལ་ཉེས་དམིགས་སུ་མཐོང་ལ་ཉེས་དམིགས་དེ་ཡང་སེལ་བ་དང་། སྤང་བར་བྱ་

བ་ནི། དེ་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པས་ནི། ཡུལ་ལ་དམིགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་སྐྱེད་པར་མི་བྱེད་ཅིང་། མངོན་སུམ་དུ་མི་བྱེད་པར་ཟད་ཀྱི་ལུས་ལ་ཞེན་པའི་བག་ལ་ཉལ་སྤོང་བ་དང་། འཇོམས་པར་ནི་མི་བྱེད་དོ། །དེ་ལ་

བསྒོམས་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པས་ནི། ཡུལ་ལ་དམིགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཡང་སྐྱེད་པར་མི་བྱེད་ཅིང་། མངོན་སུམ་དུ་མི་བྱེད་ལ་ལུས་ལ་ཞེན་པའི་བག་ལ་ཉལ་ཡང་དུས་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ཞིང་འཇོམས་པར་བྱེད་དེ། སོ་སོར་

རྟོག་པའི་སྟོབས་ཀྱིས་ཟིན་པ་དང་། བསྒོམས་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པའི་བྱེ་བྲག་ནི་དེ་ཡིན། བསམ་པ་ནི་དེ་ཡིན། ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ། །དེ་ལས་སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པ་གང་ཡིན་པ་དང་། ལམ་གྱི་ཚོགས་སུ་གཏོགས་པ་

ཡིན་ནོ། །བསྒོམས་པའི་སྟོབས་ཀྱིས་ཟིན་པའི་དབང་པོ་སྡོམ་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའི་སར་གཏོགས་པ་ཡིན་པར་རིག་པར་བྱའོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། བསྒོམ་པར་

རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འདི་ལྟ་སྟེ་ལུས་འདི་གནས་པར་བྱ་བ་དང་། འཚོ་བར་བྱ་བ་དང་། བཀྲེས་པ་བསལ་བར་བྱ་བ་དང་། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བ་དང་། ཚོར་བ་རྙིང་པ་རྣམས་

སྤང་བར་བྱ་བ་དང་། གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལ་ཇི་ལྟར་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་པ་ཡིན་ཞེ་ན།

เล่ม ๑๒๘ · หน้า 30a

སོ་སོར་རྟོག་པ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཤེས་རབ་ཀྱིས་ཁམ་གྱི་ཟས་ཀྱི་ཉེས་དམིགས་ཡང་དག་པར་རྗེས་སུ་མཐོང་ཞིང་། ཉེས་དམིགས་སུ་མཐོང་བས་སུན་ཕྱུང་སྟེ་ཟས་ཟ་བར་བྱེད་པའོ། །ཉེས་དམིགས་སུ་མཐོང་བ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ།

ཁམ་གྱི་ཟས་དེ་ཉིད་ལ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའོ། །དེ་ལ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟར་ན་ལ་ལ་གང་གི་ཚེ་ཟས་ཁ་དོག་ཕུན་

སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་། ཤིན་ཏུ་བསོད་པ་དག་ཟ་བར་བྱེད་ཅིང་། གང་གི་ཚེ་ཁམ་གྱི་ཟས་དེ་དེའི་ཁར་བཅུག་མ་ཐག་ཁོ་ནར་སོའི་འཁྲུལ་འཁོར་གྱིས་བལྡད་ཅིང་། མཆིལ་མའི་ཚོགས་ཀྱིས་བརླན་ལ། བད་ཀན་གྱིས་ཡོངས་

སུ་དཀྲིས་ཤིང་། དེ་མིད་པའི་སྦུབས་སུ་ཞུགས་པར་གྱུར་ལ། དེ་སྔོན་གྱི་ཡིད་དུ་འོང་བ་གང་ཞེ་ན། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་ཤིང་ལྷག་པར་མི་སྡུག་པར་འགྱུར་ལ། དེ་མི་སྡུག་པར་གྱུར་པ་ན། སྐྱུགས་པ་ལྟ་བུར་གྱུར་པའི་གནས་སྐབས་སུ་གྱུར་པའི་ཚེ། ཟ་བ་པོའི་

སྐྱེས་བུ་གང་ཟག་དེས་གལ་ཏེ་དེའི་རྣམ་པའི་སྒོ་ནས་ཡིད་ལ་བྱས་ཤིང་རྗེས་སུ་དྲན་པར་བྱས་ནས། དེ་རེ་ཞིག་ཟས་ཡོངས་སུ་མ་གྱུར་པ་བཟང་པོ་གཞན་དག་ལ་ཡང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟ་བར་མི་འདོད་ཅིང་། འདུག་པར་གྱུར་ན་དེ་ལྟ་བུའི་གནས་སྐབས་སུ་གྱུར་པ་དེ་ལ་ལྟ་

སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྣམ་པ་དུ་མའི་རིམ་པ་དེས། ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་དབང་དུ་བྱས་ཏེ། ཁ་དོག་བཟང་པོའི་མདོག་གང་ཡིན་པ་དེ་ནུབ་ཅིང་མི་གཙང་བས་ཟིན་པའི་ཉེས་དམིགས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། ཟས་ལ་ཡོངས་སུ་ལོངས་

སྤྱོད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ་ལ་ཟས་ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། དེས་ཟས་དེ་ཟོས་ཤིང་མིད་པར་གྱུར་ནས། གང་གི་ཚེ་མཚན་མོ་ཐུན་བར་མའམ། ཐུན་ཐ་མ་ལ་ཡོངས་སུ་འཇུ་བར་འགྱུར་བའི་ཚེ། དེས་དེའི་ལུས་དེ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด