ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๘ · หน้า 30b
ལ་ཤ་དང་ཁྲག་དང་། ཆུ་རྒྱུས་དང་། རུས་པ་དང་། པགས་པ་ལ་སོགས་པ་མི་གཙང་བའི་རྫས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དུ་མ་དག་རྣམ་པར་འཕེལ་ཞིང་སྐྱེ་ལ་བརྟ་བར་འགྱུར་བ་དང་། དེ་དག་ལས་ལ་ལ་ནི་བཤང་བ་དང་། གཅི་བའི་དངོས་པོར་ཡོངས་སུ་འཇུ་བར་འགྱུར་
ཞིང་། ཡོངས་སུ་ཞུ་ནས་ཀྱང་སྨད་ཀྱི་ཆ་ལོགས་སུ་གནས་པར་འགྱུར་ལ། དེ་ཡང་དེས་ཉིན་གཅིག་མི་ཆད་པར་བསལ་བར་བྱ་དགོས་པར་འགྱུར་བ་དང་། དེས་ལག་པའམ། རྐང་པའམ། ཡན་ལག་དང་། ཉིང་ལག་གང་ཡང་རུང་བ་ལ་རེག་པར་གྱུར་པ་གང་ཡིན་པ་དེ་ཡང་བདག་
དང་གཞན་དག་གིས་ཤིན་ཏུ་སྨད་པར་འོས་པར་འགྱུར་བ་དང་། གཞི་དེ་ལས་དེའི་ལུས་ལ་ལུས་ཀྱི་ནད་རྣམ་པ་མང་པོ་འདི་ལྟ་སྟེ། འབྲས་དང་། ཕོལ་མིག་དང་། ཤུ་བ་དང་། རྐོང་ཤུ་དང་། གཡའ་བ་དང་། མཛེ་དང་། འབྲུམ་བུ་ཕྲ་མོ་དང་། ཤ་བཀྲ་དང་། རིམས་དང་།
ལུད་པ་དང་། སྐྲང་བ་དང་། སྐེམ་པ་དང་། སློང་བ་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། ཁྲག་ནད་དང་། མཁྲིས་ནད་དང་། མཚན་པར་རྡོལ་བ་དག་འབྱུང་བར་འགྱུར་ཞིང་། དེ་དག་དང་གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ལུས་ཀྱི་ནད་མང་པོ་དག་ལུས་ལ་འབྱུང་བར་
འགྱུར་བ་དང་། དེས་ཟོས་ནས་མི་འཇུ་ཞིང་། དེས་དེའི་ལུས་ལ་གསུད་པར་འགྱུར་བ་སྟེ། དེ་ནི་འདི་ལྟ་སྟེ། ཟས་ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ་ལ་ཟས་ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། ཡོངས་སུ་ཚོལ་
བའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ནི་རྣམ་པ་མང་སྟེ། བསྒྲུབས་པ་ལས་བྱུང་བ་དང་། ཀུན་ཏུ་བསྲུངས་པ་ལས་བྱུང་བ་དང་། མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བ་དང་། ངོམས་མི་ཤེས་པ་ལས་བྱུང་བ་དང་། རང་དབང་མེད་པ་ལས་བྱུང་བ་དང་། ཉེས་པར་སྤྱད་པ་ལས་བྱུང་
བའོ། །དེ་ལ་ཟས་བསྒྲུབས་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ཟས་ཀྱི་རྒྱུ་དང་། ཟས་ཀྱི་གཞིའི་ཕྱིར་གྲང་བའི་ཚེ་ཡང་གྲང་བས་ཉེན་བཞིན། ཚ་བའི་ཚེ་ཡང་ཚ་བས་གདུངས་བཞིན་དུ་ཞིང་ལས་སམ། ཕྱུགས་བཙལ་བའམ། ཚོང་བྱ་བའམ།
เล่ม ๑๒๘ · หน้า 31a
ཡི་གེ་དང་། བགྲང་བ་དང་། ཤོད་དགོད་པ་དང་། བརྩི་བ་དང་། ལག་རྩིས་བྱ་བ་དང་། གཟོའི་གནས་དང་། ལས་ཀྱི་གནས་རྣམ་པ་སྣ་ཚོགས་དང་དེ་དང་དེ་དག་གི་ཕྱིར་རམ། ཟས་མ་ཐོབ་པ་ཐོབ་པར་བྱ་བ་དང་། བསགས་པར་བྱ་བའི་ཕྱིར་བརྩོན་པར་བྱེད།
འབད་པར་བྱེད། རྩོལ་བར་བྱེད་ཅིང་ཟས་ཀྱི་ཕྱིར་ཇི་ལྟ་བ་བཞིན་དུ་ཟས་ཀྱི་རྒྱུའི་ཕྱིར་ཡང་དེ་བཞིན་ཏེ། དེ་དེ་ལྟར་བརྩོན་པ་དང་། འབད་པ་དང་། རྩོལ་བར་བྱེད་ན། གལ་ཏེ་ལས་ཀྱི་མཐའ་དེ་དག་རྒུད་པར་གྱུར་ན། དེ་གཞི་དེ་ལས་ཀྱེ་མ་བདག་གི་འབད་པ་ནི་དོན་མེད་ཅིང་འབྲས་བུ་མེད་དོ། །
ཞེས་མྱ་ངན་བྱེད། གདུང་བར་བྱེད། སྨྲེ་སྔགས་འདོན་པར་བྱེད། བྲང་རྡུང་བར་བྱེད། ཆོ་ངེས་འདེབས་པར་བྱེད་ཅིང་། ཀུན་ཏུ་རྨོངས་པར་འགྱུར་བ་ཡིན་ཏེ། དེ་ནི་འདི་ལྟ་སྟེ། ཟས་སྒྲུབ་པའི་མདོ་ལས་སྐྱེས་པའི་ཉེས་དམིགས་ཡིན་ནོ། །གལ་ཏེ་འབྱོར་ན་ཡང་དེ་འདི་སྙམ་དུ་མ་
ལ་བདག་གི་ལོངས་སྤྱོད་རྒྱལ་པོའམ། ཆོམ་རྐུན་གྱིས་ཕྲོགས་པའམ། མེས་ཚིག་པའམ། ཆུས་ཁྱེར་བའམ། གཏེར་ངན་པ་དག་ཏུ་སྦས་པ་ཆུད་ཟ་བའམ། ལས་ཀྱི་མཐའ་ལེགས་པར་མ་བྱས་པས་ཉམས་པའམ། རིགས་བརྒྱུད་སྡང་བ་དག་གིས་དབང་དུ་བྱས་པའམ།
རིགས་ཀྱི་ནང་ན་ཕ་ཚན་གྱི་དཀྲུགས་མ་བྱེད་པ་གང་ཡིན་པ་དག་གིས་ལོངས་སྤྱོད་འདི་དག་ཚུལ་བཞིན་མ་ཡིན་པས་ཕུང་བར་བྱེད་པའམ་གཅིག་ཏུ་མི་འགྱུར་གྲངས་སྙམ་ན། དེ་ཀུན་བསྲུང་བའི་གཞི་ལས་རྩོལ་བ་དྲག་པོ་འབྱུང་བར་འགྱུར་ཏེ། དེ་ནི་འདི་ལྟ་སྟེ། ཟས་ཀུན་ཏུ་བསྲུང་བའི་
མདོ་ལས་སྐྱེས་པའི་ཉེས་དམིགས་ཡིན་ནོ། །མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་སྟེ་ཟས་ཀྱི་རྒྱུ་དང་། ཟས་ཀྱི་གཞི་ལས། མ་ནི་བུ་ལ་བུ་ཡང་མ་ལ། ཕ་ཡང་བུ་ལ་བུ་ཡང་ཕ་ལ། མིང་པོ་ཡང་སྲིང་མོ་ལ་སྲིང་མོ་ཡང་མིང་པོ་ལ། གྲོགས་ཀྱང་
གྲོགས་ལ་མི་སྙན་པར་རྗོད་པར་བྱེད་ན། སྐྱེ་བོ་སྐྱེ་བོ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ཕན་ཚུན་འཐབ་ཅིང་རྩོད་པར་གྱུར་པ་དང་། དེ་བཞིན་དུ་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྒྱ་ཆེ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཀྱང་ཟས་ཀྱི་གཞིའི་ཕྱིར་ཁོ་ནར། ཕན་ཚུན་འཐབ་ཅིང་རྩོད་
เล่ม ๑๒๘ · หน้า 31b
པར་བྱེད། ལག་པས་ཀྱང་རྡེག་པར་བྱེད། བོང་བ་དང་། དབྱུག་པ་དང་། མཚོན་གྱིས་ཀྱང་འདེབས་པར་བྱེད་པ་ལྟ་བུ་སྟེ། དེ་ནི་འདི་ལྟ་སྟེ། ཟས་ལ་མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བའི་ཉེས་དམིགས་ཤེས་པར་བྱའོ། །དེ་ལ་ངོམས་མི་ཤེས་པ་ལས་བྱུང་བའི་ཉེས་
དམིགས་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་རང་རང་གི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དག་ལ། ཆོག་མི་ཤེས་པར་གནས་པ་ན་ཕན་ཚུན་ནས་གཡུལ་གྱི་བཀོད་པ་དག་བཤམས་ཏེ། དུང་
དག་འབུད། རྔ་པ་ཊ་ཧ་དག་བརྡུང་། མདའ་སྣ་ཚོགས་དག་འཕེན་བཞིན་དུ་ཆས་ཤིང་དེ་དག་དང་རྟ་རྒྱགས་པ་དང་ལྷན་ཅིག་ཏུ་འདུ་བར་བྱེད། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་རྒྱགས་པ་དག་དང་ལྷན་ཅིག་འདུ་བར་བྱེད་པའི་ཚེ་མདའ་དག་དང་། མདུང་ཐུང་རྣམས་
ཀྱིས་ལུས་དག་གཙགས་ཤིང་འཆི་བའམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་འཐོབ་པར་འགྱུར་བ་ལྟ་བུ་དང་། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་དེ་ནི་ངོམས་མི་ཤེས་པའི་ཉེས་དམིགས་ཞེས་བྱའོ། །དེ་ལ་རང་དབང་མེད་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་
ལྟ་སྟེ། རྒྱལ་པོ་ལ་ཞོ་ཤས་འཚོ་བའི་མི་དག་གྲོང་ཁྱེར་བསྲུངས་པ་དག་ཏུ་འཇུག་པ་ན། འབྲུ་མར་བསྐོལ་བའམ། ཞག་བསྐོལ་བ་དང་། བ་ལང་གི་ལྕི་བའི་ཐུག་བ་བསྐོལ་བ་དང་། ཟངས་ཁུ་བསྐོལ་བ་དང་། ཁྲོ་ཆུ་བསྐོལ་བ་དག་གིས་གཏོར་ཅིང་། མདའ་དག་དང་མདུང་ཐུང་
དག་གིས་ལུས་གཙགས་ཏེ་འཆི་བའམ། འཆི་བ་ལ་ཐུག་པའི་སྡུག་བསྔལ་འཐོབ་པར་འགྱུར་བ་ལྟ་བུ་དང་། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་ནི་རང་དབང་མེད་པ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ་ལ་ཉེས་པར་སྤྱད་པ་ལས་བྱུང་བའི་ཉེས་དམིགས་གང་ཞེ་ན། འདི་ལྟ་
སྟེ། ལ་ལས་ཟས་ཀྱི་རྒྱུ་དང་ཟས་ཀྱི་ཕྱིར་ལུས་ཀྱིས་ཉེས་པར་སྤྱད་པ་མང་པོ་བྱས་ཤིང་བསྩགས་པ་དང་། ལུས་ཀྱིས་ཇི་ལྟ་བ་བཞིན་དུ་ངག་དང་ཡིད་ཀྱིས་ཀྱང་དེ་བཞིན་ནོ། །དེ་གང་གི་ཚེ་ནད་ཀྱིས་བཏབ་ཅིང་སྡུག་བསྔལ་བར་གྱུར་ཅིང་ནད་ཚབས་ཆེ་བའི་ཚེ་ན། སྔོན་ལུས་ཀྱིས་ཉེས་པར་
เล่ม ๑๒๘ · หน้า 32a
སྤྱོད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དེ་དག་དེ་ལ་ཕྱེ་མ་རེད་ཀྱི་རིའི་རྩེ་མོའི་གྲིབ་མ་བཞིན་དུ་གཞོལ་བ་དང་། རབ་ཏུ་གཞོལ་བ་དང་། མངོན་པར་རབ་ཏུ་གཞོལ་བར་གྱུར་པ་ན། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་ལུས་དང་ངག་དང་།
ཡིད་ཀྱིས་སྡིག་པ་ནི་བྱས་ལ། ཀྱེ་མ་བདག་གིས་བསོད་ནམས་ནི་མ་བྱས་པས། བདག་ཤི་འཕོས་ནས་ཀྱང་། སྡིག་པ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པ་དེར་འགྲོ་བར་འགྱུར་རོ་སྙམ་ནས། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། ཤི་བའི་དུས་བྱས་ནས་ཀྱང་། ངན་སོང་འདི་
ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ནི་ཉེས་པར་སྤྱད་པ་ལས་བྱུང་བའི་ཉེས་དམིགས་ཞེས་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་ཟས་འདི་ནི་ཡོངས་སུ་ཚོལ་བ་ན་ཡང་ཉེས་དམིགས་དང་བཅས་པ་
ཡིན་ཏེ། ཡོངས་སུ་སྤྱོད་པ་ན་ཡང་ཉེས་དམིགས་དང་བཅས་པ་ཡིན། ཡོངས་སུ་ལོངས་སྤྱད་པ་དང་། ཡོངས་སུ་འཇུ་བ་ན་ཡང་ཉེས་དམིགས་པ་དང་བཅས་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་ཟས་འདི་ལ་ཕན་ཡོན་འགའ་ཙམ་ཡང་ཡོད་དེ། དེ་འང་གང་ཞེ་ན། ལུས་འདི་ནི་ཟས་ཀྱིས་
གནས་པ་ཡིན་ཏེ། ཟས་ལ་བརྟེན་ནས་གནས་པར་འགྱུར་གྱི། ཟས་མེད་ན་ནི་མ་ཡིན་ཏེ་དེ་ནི་ཕན་ཡོན་ཡིན་ནོ། །དེ་ལྟར་ཟས་ཀྱིས་གནས་པའི་ལུས་འདི་ཡང་། ཤིན་ཏུ་ཡུན་རིང་བར་གནས་པ་ཡང་། ལོ་བརྒྱའམ། ལེགས་པར་ཡོངས་སུ་སྲུང་ན། དེ་བས་ཅུང་ཟད་རིང་དུ་གནས་པར་ཟད་
དེ། འདི་ལ་སྔར་འཆི་བ་ཡང་ཡོད་དོ། །དེ་ལ་གང་དག་ལུས་གནས་པ་ཙམ་ལ་ཞུགས་པ་དེ་དག་ནི་ལེགས་པར་ཞུགས་པ་མ་ཡིན་ལ། གང་དག་ལུས་གནས་པ་ཙམ་གྱིས་ཆོག་པར་འཛིན་པ་དག་ཀྱང་ལེགས་པར་ཆོག་ཤེས་པ་མ་ཡིན་ཏེ། དེ་དག་གི་ནི་ཟས་ལས་བྱུང་བའི་
ཕན་ཡོན་ཁ་ན་མ་ཐོ་བ་མེད་པ་དག་ཡོངས་སུ་རྫོགས་པར་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་དག་ལུས་གནས་པ་ཙམ་གྱིས་ཆོག་པར་མི་འཛིན་ཅིང་ལུས་གནས་པ་ཙམ་ལ་ཞུགས་པ་ཡང་མ་ཡིན་ལ། ལྷག་པར་ཡང་ལུས་གནས་པར་གྱུར་པ་དེ་ཉིད་ལ་བརྟེན་ནས། ཚངས་པར་སྤྱོད་པ་ཡང་དག་
เล่ม ๑๒๘ · หน้า 32b
པར་སྒྲུབ་པའི་ཕྱིར་ཞུགས་པ་དེ་དག་ནི་ལེགས་པར་ཞུགས་པ་ཡིན་ནོ། །དེ་དག་ཉིད་ཀྱི་ཟས་ལས་བྱུང་བའི་ཕན་ཡོན་ཁ་ན་མ་ཐོ་བ་མེད་པ་དག་ཡོངས་སུ་རྫོགས་པར་ཉམས་སུ་མྱོང་བར་འགྱུར་བས་ན། དེའི་ཕྱིར་བདག་ཟས་ཀྱི་ཕན་ཡོན་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་གནས་པ་དེ་ནི་
བདག་གི་ཚུལ་དང་མཐུན་པ་མ་ཡིན་ཞིང་། བདག་བྱིས་པ་དང་སྐལ་བ་མཉམ་པ་རྣམས་ཀྱི་བྱིས་པའི་ཆོས་དང་མཐུན་པར་བྱེད་པ་དེ་ཡང་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་དུ་སེམས་ཤིང་། དེ་ལྟར་ཟས་ཀྱི་ཉེས་དམིགས་རྣམ་པ་ཐམས་ཅད་དུ་རྫོགས་པར་ཤེས་ནས། དེ་དེ་ལས་སོ་
སོར་བརྟགས་ཏེ། ཉེས་དམིགས་སུ་ལྟ་ཞིང་། ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལ། ཟས་ལས་ངེས་པར་འབྱུང་བར་བྱ་བ་ཁོ་ནའི་དོན་དུ། བུའི་ཤ་ལྟ་བུའི་ཟས་དག་ཟ་བར་བྱེད་དོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། དེ་ལྟར་སྦྱིན་པ་པོ་དང་སྦྱིན་བདག་དེ་དག་གིས་ལོངས་སྤྱོད་དག་དཀའ་
བས་ཡང་དག་པར་བསྒྲུབས་ཤིང་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཉེས་དམིགས་མང་པོ་དག་ཉམས་སུ་མྱོང་བར་འགྱུར་ཏེ། པགས་པ་དང་། ཤ་དང་། ཁྲག་རབ་ཏུ་བཙིར་ཞིང་། འདི་ལྟ་སྟེ། འབྲས་བུ་ཁྱད་པར་ཅན་འདོད་པས། རྗེས་སུ་སྙིང་བརྩེ་བའི་ཕྱིར་སྦྱིན་པར་བྱེད་པས་ན།
བདག་གིས་ཀྱང་དེ་ལྟར་ཐོབ་པའི་བསོད་ནམས་དེ་ལས་ཅི་ནས་ཀྱང་དེ་དག་གི་བྱ་བ་བྱས་པ་དེ་དག་ཤིན་ཏུ་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། སྣང་བ་ཆེ་བ་དང་། རྒྱ་ཆེ་བར་འགྱུར་བ་དང་། ཟླ་བ་ལྟར་ཁྱིམ་རྣམས་སུ་རྒྱུ་ཞིང་ལུས་དབེན་པ་དང་། སེམས་དབེན་པ་དང་། ངོ་ཚ་དང་ལྡན་པ་
དང་། སྤྱི་བརྟོལ་མེད་པ་དང་། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པ་དང་། ཇི་ལྟར་རང་གི་ས་ཐོབ་ན་དགའ་ཞིང་ཡིད་བདེ་བར་གྱུར་པ་དེ་བཞིན་དུ་གཞན་གྱིས་ཐོབ་ན་ཡང་དགའ་ཞིང་ཡིད་བདེ་བར་འགྱུར་བ་དང་། རབ་ཏུ་བྱུང་ནས་གཞན་གྱི་ཁྱིམ་དག་ཏུ་བདག་ལ་གཞན་གྱིས་
སྟེར་བར་འགྱུར་གྱི། མི་སྟེར་བར་མི་འགྱུར་བ་དང་། བསྙེན་བཀུར་བྱེད་པར་འགྱུར་གྱི། བསྙེན་བཀུར་མི་བྱེད་པར་མི་འགྱུར་བ་དང་། མང་པོ་སྟེར་གྱི་ཉུང་ངུ་མ་ཡིན་པ་དང་། བཟང་པོ་སྟེར་གྱི་ངན་པ་མ་ཡིན་པ་དང་། མྱུར་བར་སྟེར་གྱི་འགྱངས་ཏེ་མ་ཡིན་པ་དེ་ལྟ་བུ་ལྟ་ག་ལ་རྙེད་སྙམ་པ་
เล่ม ๑๒๘ · หน้า 33a
དེ་ལྟ་བུའི་སེམས་ཀྱིས་ཀྱང་། ཁྱིམ་རྣམས་སུ་རྒྱུ་བར་འགྱུར་ཞིང་། བདག་དེ་ལྟ་བུའི་སེམས་ཀྱིས་ཁྱིམ་རྣམས་སུ་རྒྱུ་བ་ན། གལ་ཏེ་གཞན་དག་གིས་མ་བྱིན་ན་ཡང་། དེས་བདག་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོ་བའི་སེམས་ཀྱིས་
རྣམ་པར་འབྱེད་པར་མི་འགྱུར་ཞིང་། འདི་ལྟ་སྟེ་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོ་བའི་སེམས་དེ་ཉིད་ཀྱི་དབང་དུ་བྱས་ནས་གཞི་དེས་ལུས་ཞིག་སྟེ། ངན་སོང་དུ་སྐྱེས་པས་ཉམ་ཐག་པར་མི་འགྱུར་བ་དང་། གལ་ཏེ་བསྙེན་བཀུར་མ་ཡིན་པ་བྱས་ལ། བསྙེན་བཀུར་མ་བྱས་པ་
དང་། གལ་ཏེ་ཉུང་ངུ་སྟེར་གྱི་མང་པོ་མ་ཡིན་པ་དང་། གལ་ཏེ་ངན་པ་སྟེར་གྱི་བཟང་པོ་མ་ཡིན་པ་དང་། གལ་ཏེ་འགྱངས་ཏེ་སྟེར་གྱི་མྱུར་བ་མ་ཡིན་པར་སྦྱིན་པར་འགྱུར་ན་ཡང་། དེས་བདག་དེ་དག་ལ་སྔ་མ་བཞིན་དུ་རྒྱས་པར་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོ་བའི་སེམས་
ཀྱིས་རྣམ་པར་འབྱེད་པར་མི་འགྱུར་བ་དེ་ལྟར་བདག་ཉིད་བཞག་སྟེ། ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ལྟར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་ནི། བདག་གི་ཚུལ་དང་མཐུན་པ་ཡིན་ཏེ། བདག་གིས་ཁམ་གྱི་ཟས་འདི་ལ་བརྟེན་ནས་བདག་གི་སྲོག་གི་དབང་པོ་འགག་པར་
ཡང་མི་འགྱུར་ལ། ཟས་ཀྱིས་རྨྱ་བར་མི་འགྱུར་ཞིང་། བདག་གིས་ཚངས་པར་སྤྱོད་པ་ལ་ཡང་ཕན་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་གི་ཚོད་རིག་པ་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་དགེ་སྦྱོང་གི་དངོས་པོ་དང་། རབ་ཏུ་བྱུང་བའི་དངོས་པོ་ལ་གནས་པ། བདག་གིས་བསོད་
སྙོམས་ཡོངས་སུ་ལོངས་སྤྱོད་པ་འདི་ནི་ཚུལ་དང་མཐུན་པ་དང་ཡོངས་སུ་དག་པ་དང་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་རྣམ་པ་དེ་དག་གིས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་དོ།། །།ཉན་ཐོས་ཀྱི་ས། བམ་པོ་བཞི་པ། དེ་ལ་ཟས་གང་ཞེ་ན། ཟས་ནི་བཞི་
སྟེ། ཁམ་གྱི་ཟས་དང་། རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་སོ། །དོན་གྱི་སྐབས་འདིར་ནི། ཁམ་གྱི་ཟས་ལ་ཟས་སུ་དགོངས་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ལྡེ་གུ་དང་། སྣུམ་ཁུར་དང་། འབྲས་ཆན་དང་། ཟན་དྲོན་དང་། ཞུན་མར་
เล่ม ๑๒๘ · หน้า 33b
དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཤ་དང་། ཤ་སྐམ་དང་། ཉ་ཤ་དང་། ལན་ཚྭ་དང་། འོ་མ་དང་། ཞོ་དང་། མར་དང་གཞན་ཡང་དེ་ལྟ་བུའི་ཡོ་བྱད་གང་དག་ཁམ་དུ་བྱས་ཏེ། བཟར་རུང་བ་དག་སྟེ། དེའི་ཕྱིར་ཁམ་གྱི་ཟས་ཞེས་
བྱའོ། །ཟ་བར་བྱེད་ལ་ཞེས་བྱ་བ་ནི། ཟ་བར་བྱེད་པ་དང་། སོ་སོར་སྟེན་པར་བྱེད་པ་དང་། ལྡད་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། མུར་བར་བྱེད་པ་དང་། མྱོང་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། འཇིབ་པར་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །རྣམ་
པར་རྟོག་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི། ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པར་བྱེད་པ་དག་འདི་ལྟར་བདག་ཅག་ཟས་ཀྱིས་ལུས་དག་བརྟས་ཤིང་ཚིམ་པར་བྱས་ལ། ཕྱེམ་རེད་ཀྱི་དུས་ཚོད་ལ་བབ་ཅིང་ནམ་སྲོས་པའི་ཚེ། བུད་མེད་ཅོད་པན་ཅན་ལག་ངར་ཀུ་བའི་སྤུ་འདྲ་ལ། ནུ་མ་ཕོ་ལོང་འདྲ་
བ་འཁོར་དང་བཅས་པ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན། དགོད་པ་དང་། རྣམ་པར་རྟོག་པར་བྱའོ་སྙམ་ནས་དེའི་དོན་དུ་ཟས་ཟ་བར་བྱེད་དེ། འཕགས་པའི་ཆོས་འདུལ་བའི་སྐབས་སུ་འདི་ལྟ་སྟེ། འདོད་པའི་འདོད་ཆགས་དང་ལྡན་པ་དང་།
འཁྲིག་པ་དང་ལྡན་པ། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དེ་དག་ནི་རྣམ་པར་རྟོག་པ་ཞེས་བྱའོ། །དེ་དག་གིས་དེ་ཟ་བར་བྱེད་ཅིང་གནོད་པར་བྱེད་པ་ན། དབང་པོ་རྒོད་པ་དང་། དབང་པོ་འདོམ་བུ་ལྟར་མཐོ་བ་དང་། ཡིད་གཡེང་བ་དང་། ཡིད་འཕྱར་བ་དང་། ཡིད་མི་གནས་པ་དང་།
ཡིད་ཉེ་བར་མ་ཞི་བར་འགྱུར་ཏེ། དེ་དག་དེའི་དོན་དུ་ཟས་ཟ་བར་བྱེད་པ་ནི། རྣམ་པར་རྟོག་པའི་ཕྱིར་ཟས་ཟ་བར་བྱེད་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ཉེས་དམིགས་སུ་ལྟ་བ། ངེས་པར་འབྱུང་བ་རབ་ཏུ་ཤེས་པ་ནི་ཡོངས་སུ་
ལོངས་སྤྱོད་པར་བྱེད་ཀྱང་། ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པ་དེ་དག་ལོངས་སྤྱོད་པར་བྱེད་པ་དེ་ལྟ་མ་ཡིན་པས། དེའི་ཕྱིར་རྣམ་པར་རྟོག་པའི་ཕྱིར་མ་ཡིན་ཞེས་གསུངས་སོ། །རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ནི་འདི་ལྟ་སྟེ།
เล่ม ๑๒๘ · หน้า 34a
འདོད་པ་ལ་ལོངས་སྤྱོད་པར་བྱེད་ལ། དེ་དག་ཉིད་ལྟར་བདག་ཅག་དེང་འདི་ལྟ་སྟེ། ཟས་སྣུམ་པ་འདོད་པའི་འདོད་ཆགས་སྐྱེད་པ། འཕེལ་བར་བྱེད་པ། བསོད་པ། ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་མང་པོ་དག་
གཡོས་དྲོད་ཀྱིས་ཅི་ནུས་སུ་ཟོས་ཏེ། ཚིམ་པར་བྱས་ན་སང་ནམ་ལངས་པར་གྱུར་པ་ན་མཐུ་དང་ལྡན་པར་འགྱུར་ཞིང་འདི་ལྟ་སྟེ། གཞུ་དགང་བའམ། ལུས་མཉེ་བའམ། རྡོ་གདེག་པའམ། དྲིལ་བའམ། ས་བརྐོ་བའམ། སྟོབས་བརྒལ་བའམ། རྐང་འཁྱོག་བྱ་བའམ། རྒྱུག་པའམ། རྐྱལ་
བའམ། མཆོང་བའམ། འཁོར་ལོ་འཕང་བའི་བརྩལ་བ་བྱེད་ནུས་པར་འགྱུར་ཏེ། བརྩལ་བ་དེ་ལ་བརྟེན་ནས་མཐུ་དང་ལྡན་པ་དང་། ལུས་ཤིན་ཏུ་བཅགས་པ་དང་། ཡུན་རིང་དུ་ནད་རྣམས་མེད་པར་འགྱུར་བ་དང་། བདག་ཅག་གི་ལང་ཚོ་ཡུན་རིང་དུ་རྗེས་སུ་འཇུག་པར་འགྱུར་བ་
དང་། མི་སྡུག་པར་བྱེད་པའི་རྒ་བས་ལུས་མྱུར་དུ་ཟིལ་གྱིས་མི་ནོན་པར་འགྱུར་བ་དང་། ཤིན་ཏུ་ཡུན་རིང་དུ་འཚོ་བར་འགྱུར་བ་དང་། མང་དུ་ཟོས་ན་ཡང་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་བ་དང་། ཟོས་སོ་ཅོག་ཀྱང་ལེགས་པར་ཡོངས་སུ་འཇུ་བར་འགྱུར་བ་དང་། སྐྱོན་རྣམས་ཀྱང་
སེལ་བར་བྱེད་པར་འགྱུར་རོ་ཞེས་དེའི་དོན་དུ་ཟས་ཟ་བར་བྱེད་པ་དེ་ནི། ནད་མེད་པས་རྒྱགས་པ་དང་། ལང་ཚོས་རྒྱགས་པ་དང་། གསོན་པས་རྒྱགས་པའི་དོན་དུ་ཟ་བ་ཡིན་ནོ། །དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བརྩལ་བར་བྱས་ཟིན་པས། ཁྲུས་ཀྱི་ཆོ་ག་དག་
བྱས་ཏེ། འདི་ལྟ་སྟེ། ཆུ་གཙང་མས་ལག་པ་དག་བཀྲུ་བར་བྱ་ཞིང་། ལུས་དག་བཀྲུས་ནས་སྐྲ་དག་ཀྱང་བཅོས་པར་བྱ། བྱུག་པ་སྣ་ཚོགས་ཀྱིས་ལུས་དག་བྱུགས་ལ། གོས་སྣ་ཚོགས་དང་། མེ་ཏོག་ཕྲེང་བ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དག་གིས་ལུས་བརྒྱན་པར་
བྱའོ་སྙམ་དུ་སེམས་ཏེ། དེ་ལ་ཁྲུས་དང་། བཅོས་པ་དང་། བྱུག་པ་གང་ཡིན་པ་དེ་ནི་དེ་དག་གི་སྒེག་པ་ཡིན་ནོ། །དེ་ལྟར་སྒེག་པར་གྱུར་པ་དག་གོས་དང་། མེ་ཏོག་ཕྲེང་དང་། རྒྱན་དག་ཐོགས་པ་གང་ཡིན་པ་དེ་ནི་བརྒྱན་པ་ཞེས་བྱ་སྟེ། དེ་ལྟར་ན་སྒེག་པའི་དོན་དང་བརྒྱན་པའི་དོན་
เล่ม ๑๒๘ · หน้า 34b
དུ་ཟ་བར་བྱེད་པ་ཡིན་ཏེ། དེ་དག་དེ་ལྟར་རྒྱགས་པས་རྒྱགས་ཤིང་སྒེག་པར་གྱུར་ལ། ལུས་དག་བརྒྱན་ནས་དྲོ་བའི་དུས་སམ། དགོངས་ཀྱི་དུས་སུ་ཟས་ཀྱི་དུས་ལ་བབ་པར་གྱུར་པ་དེའི་ཚེ། སྐོམ་པ་དང་། བཀྲེས་པར་གྱུར་ནས། ཤིན་ཏུ་རངས་པ་དང་། ཤིན་ཏུ་འདུན་པ་དང་།
ཤིན་ཏུ་དགའ་བས་ཉེས་དམིགས་སུ་མི་ལྟ་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་བཞིན་དུ། འདི་ལྟ་སྟེ། ཡང་དང་ཡང་དུ་རྣམ་པར་རྟོག་པའི་དོན་དང་། རྒྱགས་པའི་དོན་དང་། སྒེག་པའི་དོན། བརྒྱན་པའི་དོན་དུ་ཟས་ཅི་འབྱོར་པ་དག་ཟ་བར་བྱེད་དོ། །འཕགས་པ་ཉན་ཐོས་ཐོས་
པ་དང་ལྡན་པ། སོ་སོར་རྟོགས་པའི་སྟོབས་དང་ལྡན་པ། ཉེས་དམིགས་སུ་ལྟ་བ་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་ནི། ཡོངས་སུ་ལོངས་སྤྱོད་པར་བྱེད་ཀྱང་། ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པ་དེ་དག་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་ལྟ་མ་ཡིན་གྱི། ཟས་འདི་ནི་བདག་གིས་
བསྟེན་པས་སྤང་བར་བྱ་བ་ཡིན་ཏེ། བསྟེན་པ་ཁོ་ནས་སྤོང་བར་འགྱུར་རོ་སྙམ་དུ་སེམས་སོ། །འདི་ལྟར་ལུས་འདི་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟོས་ན་འཚོ་བར་འགྱུར་གྱི། མ་ཟོས་ན་མ་ཡིན་ལ། འཚོ་བ་གང་ཡིན་པ་དེ་ནི་དེའི་ལུས་གནས་པ་ཞེས་བྱའོ། །བདག་གིས་ཟས་འདི་
ཟོས་ན་འཚོ་བར་འགྱུར་ཞིང་འཆི་བར་མི་འགྱུར་རོ་སྙམ་ནས་ཟས་ཟ་བར་བྱེད་པ་སྟེ། དེའི་ཕྱིར་འདི་ལྟར་ལུས་འདི་གནས་པར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཇི་ལྟར་ན་འཚོ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། འཚོ་བ་ནི་རྣམ་པ་གཉིས་ཏེ། དཀའ་བས་འཚོ་བ་ཡང་ཡོད། དཀའ་
བ་མ་ཡིན་པས་འཚོ་བ་ཡང་ཡོད་དོ། །དེ་ལ་དཀའ་བས་འཚོ་བ་གང་ཞེ་ན། ཟས་ཅི་ལྟ་བུ་ཟོས་ན་བཀྲེས་པའམ། ཉམ་ཆུང་བའམ། གནོད་པར་འགྱུར་བའམ། སྡུག་བསྔལ་བའམ། ནད་ཚབས་ཆེ་བར་འགྱུར་བའམ། ཆོས་མ་ཡིན་པས་བསོད་སྙོམས་ཡོངས་སུ་སློང་ཞིང་།
ཆོས་ཀྱིས་མ་ཡིན་པའམ། ཆགས་པའམ། ཞེན་པའམ། ཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་པར་གྱུར་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པའམ། དེའི་ལུས་ལྕི་ཞིང་ལས་སུ་མི་རུང་བའམ། སྤོང་
เล่ม ๑๒๘ · หน้า 35a
མི་བཟོད་པར་འགྱུར་ཞིང་དེས་དེའི་སེམས་བུལ་བར་མཉམ་པར་འཇོག་པའམ། ཚེགས་ཆེན་པས་དབུགས་རྔུབ་པ་དང་། དབུགས་འབྱུང་བར་འགྱུར་བའམ། རྨུགས་པ་དང་གཉིད་ཀྱིས་སེམས་ཀུན་ནས་དཀྲིས་པར་འགྱུར་ཏེ། དེ་ནི་དཀའ་བས་འཚོ་བ་ཞེས་
བྱའོ། །དཀའ་བ་མ་ཡིན་པས་འཚོ་བ་གང་ཞེ་ན། འདི་ལྟ་སྟེ། ཟས་ཅི་ལྟ་བུ་ཟོས་ན་བཀྲེས་པའམ། ཉམ་ཆུང་བར་མི་འགྱུར་བའམ། གནོད་པའམ། སྡུག་བསྔལ་བའམ། ནད་ཚབས་ཆེ་བར་མི་འགྱུར་བ་དང་། ཆོས་ཀྱིས་བསོད་སྙོམས་ཡོངས་སུ་ཚོལ་ཞིང་། ཆོས་མ་ཡིན་
པས་མ་ཡིན་པའམ། ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། ཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པའམ། དེའི་ལུས་
མི་ལྕི་ཞིང་ལས་སུ་རུང་བའམ། སྤོང་བཟོད་པར་འགྱུར་ཞིང་། དེས་དེའི་སེམས་མྱུར་དུ་མཉམ་པར་འཇོག་པའམ། ཚེགས་ཆུང་ངུས་དབུགས་རྔུབ་པའམ། དབུགས་འབྱུང་བར་འགྱུར་བའམ། རྨུགས་པ་དང་གཉིད་ཀྱིས་སེམས་ཀུན་ནས་དཀྲིས་པར་མི་འགྱུར་བ་སྟེ། དེ་ནི་དཀའ་
བ་མ་ཡིན་པས་འཚོ་བ་ཞེས་བྱའོ། །དེ་ལ་དཀའ་བས་འཚོ་བ་གང་ཡིན་པ་དེས་ནི་ལུས་ཀྱི་སྲོག་གནས་པར་བྱེད་ལ། དེ་ཡང་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །དེ་ལ་དཀའ་བ་མ་ཡིན་པས་འཚོ་བ་གང་ཡིན་པ་དེས་ནི། ལུས་ཀྱི་སྲོག་ཀྱང་གནས་པར་
བྱེད་ལ། དེ་ཡང་ཁ་ན་མ་ཐོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཡིན་ནོ། །དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱིས་འཚོ་བ་ཡོངས་སུ་སྤོང་ཞིང་། ཁ་ན་མ་ཐོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་
པ་མེད་པའི་འཚོ་བ་ལེན་ཅིང་སོ་སོར་སྟེན་པར་བྱེད་པས་ན། དེའི་ཕྱིར་འཚོ་བར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཁ་ན་མ་ཐོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་འཚོ་བར་སྔར་སྨོས་པ་དེ་ཡང་ཇི་ལྟར་བྱེད་ཅེ་ན། སྨྲས་པ། བཀྲེས་པ་བསལ་བར་བྱ་བ་དང་། ཚངས་པར་སྤྱོད་པ་
เล่ม ๑๒๘ · หน้า 35b
ལ་ཕན་པར་བྱ་བ་དང་། ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང་། གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཞེས་གསུངས་པ་སྟེ།
དེ་ལྟར་སོ་སོར་སྟེན་པར་བྱེད་པ་ན། འཚོ་བ་ཁ་ན་མ་ཐོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་བཀྲེས་པ་བསལ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། གང་གི་ཚེ་ཟས་ཀྱི་དུས་ལ་བབ་ཅིང་བཀྲེས་པར་གྱུར་པའི་ཚེ། བཀྲེས་པའི་ཀུན་ནས་
དཀྲིས་པ་བྲུ་བ་ཚ་ཞིང་། ཉམ་ཆུང་བ་དེ་ཉིད་བསལ་བའི་ཕྱིར་ཟ་བར་བྱེད་པ་དང་། དེ་ཡང་ཇི་ལྟར་ཟོས་ན་འདི་ལྟ་སྟེ། ཕྱེམ་རེད་ཀྱི་དུས་སམ། ནམ་སྲོས་པར་གྱུར་པའམ། སང་གི་ཟས་ཀྱི་དུས་ལ་མ་བབ་པའི་བར་དུ། དུས་མ་ཡིན་པར་བཀྲེས་ཤིང་ཉམ་ཆུང་བས་དེ་ལ་གནོད་པར་མི་འགྱུར་
བའི་ཚོད་ཙམ་དུ་ཟ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བཀྲེས་པ་བསལ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། ཟས་དེ་ལྟ་བུ་ཟ་ཞིང་ཚོད་རན་པར་ཟ་བ་སྟེ། དེས་དགེ་བའི་ཕྱོགས་ལ་བརྩོན་པ་སྟེ། ཟོས་མ་
ཐག་པ་དེ་ཁོ་ནའི་ཚེའམ། དེ་ཉིད་ཀྱི་ཉིན་མོ་ལུས་མི་ལྕི་ཞིང་། ལས་སུ་རུང་བ་དང་སྤོང་བཟོད་པར་འགྱུར་ཏེ། དེས་ན་དེའི་སེམས་མྱུར་དུ་མཉམ་པར་འཇོག་པ་དང་། ཚེགས་ཆུང་ངུས་དབུགས་རྔུབ་པ་དང་། དབུགས་དབྱུང་བར་འགྱུར་བ་དང་། གཉིད་དང་རྨུགས་པས་སེམས་
ཀུན་ནས་དཀྲིས་པར་མི་འགྱུར་ཞིང་། དེས་ན་དེ་མྱུར་བ་ཁོ་ནར་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་ཡོད་ཅིང་མཐུ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ན་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཟས་ཟ་
བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚོར་བ་རྙིང་རྣམས་སྤང་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། དེས་འདས་པའི་དུས་སུ་ཟས་ཀྱི་ཚོད་མ་རན་པའམ། མི་འཕྲོད་པའམ། མ་ཞུ་བར་ཟོས་པས། དེས་དེའི་ལུས་ལ་ལུས་ཀྱི་ནད་རྣམ་པ་སྣ་ཚོགས་འདི་ལྟ་སྟེ།
เล่ม ๑๒๘ · หน้า 36a
གཡའ་བ་དང་། མཛེ་དང་། ཕོལ་མིག་དང་། ཤ་བཀྲ་ལ་སོགས་པ་རྒྱས་པར་སྔར་བསྟན་པ་ལྟ་བུ་དག་དང་། ནད་དེའི་རྒྱུ་ལས་བྱུང་བའི་ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་དག་བྱུང་བར་གྱུར་ན། དེས་ནད་
དེ་དག་ཞི་བར་བྱ་བ་དང་། དེ་དག་གི་རྒྱུ་ལས་བྱུང་བ་སྡུག་བསྔལ་གྱི་ཚོར་བ་དག་ཞི་བར་བྱ་བའི་ཕྱིར། སྨན་པས་བསྟན་པའི་སྨན་ཕན་པ་མཐུན་པ་འཕྲོད་པ་དང་། རྗེས་སུ་མཐུན་པ་སྣ་ཚོགས་དག་ལ་སོ་སོར་བསྟེན་ཅིང་། ཟས་འཕྲོད་པ་དག་ཀྱང་ཟ་བར་བྱེད་དོ། །དེས་ན་དེའི་ནད་དང་།
དེའི་རྒྱུ་ལས་བྱུང་བ་སྡུག་བསྔལ་གྱི་ཚོར་བ་སྐྱེས་པ་དེ་དག་སྤང་བར་འགྱུར་ཏེ། དེ་ལྟར་ན་ཚོར་བ་རྙིང་རྣམས་སྤང་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། དེ་ད་ལྟར་བྱུང་བའི་དུས་ན་བདེ་ཞིང་ནད་མེད་ལ་སྟོབས་
དང་ལྡན་པའི་ཚེ། ཟས་ཀྱི་ཚོད་མ་རིག་པ་དང་། མི་འཕྲོད་པ་དང་། མ་ཞུ་བར་མི་ཟ་བས་དེས་དེ་ལ་མ་འོངས་པའི་དུས་སང་ངམ། གནངས་དག་ཏུ་དེའི་ལུས་ལ་གསུད་པའམ། ལུས་ཀྱི་ནད་གང་ཡང་རུང་བ་འདི་ལྟ་སྟེ། གཡའ་བ་དང་། ཕོལ་མིག་དང་། མཛེ་དང་། ཤ་
བཀྲ་ལ་སོགས་ཏེ། རྒྱས་པར་སྔར་བསྟན་པ་ལྟ་བུ་དག་དང་། ནད་དེའི་རྒྱུ་ལས་བྱུང་བ་ལུས་ཀྱི་ཚོར་བ་སྔ་མ་ལྟ་བུ་དག་ལུས་ལ་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཟས་ཟ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བདག་འཚོ་ཞིང་། སྟོབས་དང་། བདེ་བ་
དང་། གཞན་ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་ནས་ཟས་ཟ་བར་བྱེད་པ་ཡིན་ཞེ་ན། རེ་ཞིག་ཟོས་ན་འཚོ་བར་འགྱུར་བ་གང་ཡིན་པ་དེ་འཚོ་བ་ཡིན་ནོ། །བཀྲེས་པ་དང་ཉམ་ཆུང་བ་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་སྟོབས་ཡིན་ནོ། །ཚོར་བ་
རྙིང་རྣམས་སྤོང་བ་དང་། གསར་རྣམས་མི་སྐྱེ་བར་ཕྱེད་པ་གང་ཡིན་པ་དེ་ནི་དེའི་བདེ་བ་ཡིན་ནོ། །ཆོས་ཀྱིས་བསོད་སྙོམས་ཡོངས་སུ་བླངས་ནས། རྒྱས་པར་སྔ་མ་བཞིན་དུ་ཆགས་པ་མེད་པ་དང་། ཞེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཁ་ན་མ་ཐོ་བ་
เล่ม ๑๒๘ · หน้า 36b
མེད་པ་ཡིན་ནོ། །ཟོས་ནས་རྒྱས་པར་སྔ་མ་བཞིན་དུ་ལུས་ལྕི་བར་མི་འགྱུར་ཞིང་། ལས་སུ་རུང་བ་དང་། སྤོང་བཟོད་པར་འགྱུར་བ་གང་ཡིན་པ་དེ་ནི་དེའི་བདེ་བ་ལ་རེག་པར་གནས་པ་ཡིན་ནོ། །དེའི་ཕྱིར་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་
ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་དུ་གསུངས་ཏེ། དེ་ནི་རེ་ཞིག་ཟས་ཀྱི་ཚོད་རིག་པ་ཉིད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། སྨྲས་པ། གང་ལ་
ཡོངས་སུ་ལོངས་སྤྱོད་པ་དང་། ཇི་ལྟར་ཡོངས་སུ་ལོངས་སྤྱོད་པ་དེ་ནི་དོན་མདོར་བསྡུ་བ་ཡིན་ནོ། །དེ་ལ་གང་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཁམ་གྱི་ཟས་ལྡེ་གུ་དང་། སྣུམ་ཁུར་དང་། འབྲས་ཆན་དང་། ཟན་དྲོན་དག་ལ་སོགས་པ་རྒྱས་པར་སྔར་བསྟན་
པ་དག་ལའོ། །ཇི་ལྟར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅེ་ན། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔར་བསྟན་པ་ལྟར་རོ། །
དོན་མདོར་བསྡུ་བ་གཞན་ཡང་གཉེན་པོས་ཡོངས་སུ་ཟིན་པ་དང་། འདོད་པའི་བསོད་སྙོམས་ཀྱི་མཐའ་རྣམ་པར་སྤངས་པ་དང་། བདག་ཉིད་དུབ་པའི་མཐའ་རྣམ་པར་སྤངས་པ་དང་། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །ཇི་ལྟ་ཇི་
ལྟར་ན་གཉེན་པོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ་ཞེས་གང་གསུངས་པའོ། །ཇི་ལྟར་ན་འདོད་པའི་བསོད་སྙོམས་ཀྱི་མཐའ་རྣམ་པར་སྤངས་པ་ཡིན་ཞེ་ན། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན།
བརྒྱན་པའི་ཕྱིར་མ་ཡིན་ཞེས་གང་གསུངས་པའོ། །ཇི་ལྟར་ན་བདག་ཉིད་ངལ་བའི་མཐའ་རྣམ་པར་སྤངས་པ་ཡིན་ཞེ་ན། བཀྲེས་པས་བསལ་བར་བྱ་བ་དང་། ཚོར་བ་རྙིང་རྣམས་སྤང་བར་བྱ་བའི་ཕྱིར་དང་། ཚོར་བ་གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་།
เล่ม ๑๒๘ · หน้า 37a
བདེ་བར་ཡང་འགྱུར་རོ་ཞེས་གསུངས་པའོ། །ཇི་ལྟར་ན་ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་ཞེ་ན། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་དང་། བདག་ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་
འགྱུར་རོ་ཞེས་གང་གསུངས་པའོ། །དོན་མདོར་བསྡུ་བ་གཞན་ཡང་། འདི་ནི་གཉིས་ཏེ་ཟས་མེད་པ་དང་། ཟས་ཡོད་པའོ། །དེ་ལ་ཟས་མེད་པ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུང་ཟད་ཀྱང་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པ་དང་། ཡོངས་སུ་ལོངས་མ་སྤྱད་ན་འཆི་བར་འགྱུར་
བའོ། །དེ་ལ་ཟས་ཡོད་པ་ནི་རྣམ་པ་གཉིས་ཏེ། ཟས་རན་པ་དང་། ཟས་རན་པ་མ་ཡིན་པའོ། །དེ་ལ་ཟས་རན་པ་ནི་ཧ་ཅང་ཉུང་བ་མ་ཡིན་པ་དང་། ཧ་ཅང་མང་བ་མ་ཡིན་པ་དང་། ཡོངས་སུ་མ་ཞུ་བ་མ་ཡིན་པ་དང་། མི་འཕྲོད་པ་མ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་
གང་ཡིན་པའོ། །དེ་ལ་ཟས་རན་པ་མ་ཡིན་པ་ནི་ཧ་ཅང་ཉུང་བ་དང་། ཧ་ཅང་མང་བ་དང་། ཡོངས་སུ་མ་ཞུ་བ་དང་། མི་འཕྲོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ལ་ཡོངས་སུ་ལོངས་སྤྱོད་པ་གང་ཡིན་པའོ། །དེ་ལ་ཟས་ཧ་ཅང་ཉུང་བ་མ་ཡིན་པའི་ཟས་རན་པས་ནི། བཀྲེས་པ་དང་
ཉམ་ཆུང་བ་མ་སྐྱེས་པ་མི་སྐྱེད་ཅིང་། སྐྱེས་པ་སྤོང་བར་བྱེད་པའོ། །དེ་ལ་ཟས་ཧ་ཅང་མང་བ་མ་ཡིན་པའི་ཟས་རན་པས་ནི་རྒྱས་པར་སྔ་མ་བཞིན་དུ། ལུས་ལྕི་བ་དང་ལས་སུ་མི་རུང་བ་དང་། སྤོང་མི་བཟོད་པར་མི་འགྱུར་རོ། །དེ་ལ་ཟས་ཡོངས་སུ་ཞུ་བ་དང་། ཟས་འཕྲོད་པའི་ཟས་
རན་པས་ནི། ཚོར་བ་རྙིང་རྣམས་སྤོང་བ་དང་། གསར་རྣམས་མི་སྐྱེ་བར་བྱེད་དེ། དེ་ལྟར་ན་དེ་འཚོ་ཞིང་སྟོབས་དང་བདེ་བར་འགྱུར་རོ། །དེ་ལ་ཟས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཟས་རན་བས་ནི། ཁ་ན་མ་ཐོ་བ་མེད་པ་ཉིད་དང་། བདེ་བ་ལ་རེག་པར་གནས་པ་ཉིད་དུ་འགྱུར་རོ། །
དེ་ལ་ཟས་ཧ་ཅང་ཉུང་བའི་ཟས་རན་པ་མ་ཡིན་པ་དེས་ནི། འཚོ་བར་བྱེད་ཅིང་བཀྲེས་པ་དང་། ཉམ་ཆུང་བ་དང་ལྡན་པར་ཡང་འགྱུར་རོ། །དེ་ལ་ཟས་ཧ་ཅང་མང་བའི་ཟས་རན་པ་མ་ཡིན་པ་དེས་ནི། དེའི་ལུས་ཁུར་ཐོགས་པ་ལྟ་བུར་འགྱུར་ཞིང་། ཟས་དུས་སུ་ཡོངས་སུ་འཇུ་བར་ཡང་
เล่ม ๑๒๘ · หน้า 37b
མི་བྱེད་དོ། །དེ་ལ་ཟས་ཡོངས་སུ་མ་ཞུ་བའི་ཟས་རན་པ་མ་ཡིན་པས་ནི་དེའི་ལུས་གསུད་པར་འགྱུར་ཞིང་། ལུས་ལ་ལུས་ཀྱི་ནད་གང་ཡང་རུང་བ་དག་འབྱུང་བར་ཡང་འགྱུར་རོ། །ཟས་ཡོངས་སུ་མ་ཞུ་བའི་ཟས་རན་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ། ཟས་མི་འཕྲོད་པའི་ཟས་རན་
པ་མ་ཡིན་པ་ཡང་དེ་དང་འདྲ་སྟེ། དེ་ལ་ཁྱད་པར་དུ་ན་ཟས་ནི་འཕྲོད་པའི་ཟས་རན་པ་མ་ཡིན་པས་ནི། ཉེས་པ་རྣམས་འཕེལ་བར་འགྱུར་བ་དང་། ནད་དྲག་པོས་འདེབས་པར་འགྱུར་རོ། །དེ་ལ་ཟས་ཀུན་ནས་ཉོན་མོངས་པ་ཅན་གྱིས་ཟས་རན་པ་མ་ཡིན་པས་ནི་རྒྱས་པར་སྔ་མ་བཞིན་དུ་
ཆོས་མ་ཡིན་པས་བསོད་སྙོམས་བླངས་ནས། ཆགས་པ་དང་ཞེན་པ་དང་། འཆུམས་པ་དང་མདུད་པ་བོར་བས་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། །དེ་ལ་ཟས་རན་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་། ཟས་རན་པ་མ་ཡིན་པས་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པས་ན། དེའི་
ཕྱིར་ཟས་ལ་རན་པར་བྱེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྒྱས་པར་སྔ་མ་བཞིན་དུ་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དེ་དག་
གིས་ནི། ཟས་ལ་རན་པར་བྱེད་པ་དེ་བསྟན་ཅིང་། གསལ་བར་བྱས། རྣམ་པར་ཕྱེ། རབ་ཏུ་བཤད་པ་ཡིན་ནོ། །དེ་ལ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་
ཡིན་གྱི། འདི་ལྟ་སྟེ། ལུས་འདི་གནས་པར་བྱ་བ་དང་། འཚོ་བར་བྱ་བའི་ཕྱིར་ཞེས་གསུངས་པ་དེས་ནི། རེ་ཞིག་ཟས་མེད་པ་སྤོང་བར་བྱེད་དོ། །བཀྲེས་པ་བསྩལ་བར་བྱ་བ་དང་། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། བདེ་བ་ལ་རེག་པར་གནས་
པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱས་པར་གང་གསུངས་པ་དེས་ནི། ཟས་རན་པ་མ་ཡིན་པ་སྤོང་བར་བྱེད་དེ། ཇི་ལྟར་ན་ཟས་རན་པ་མ་ཡིན་པ་དེ་སྤོང་བར་བྱེད་པ་ཡིན་ཞེ་ན། བཀྲེས་པ་བསྩལ་བར་བྱ་བའི་ཕྱིར་ཞེས་གང་གསུངས་པ་དེས་ནི། རེ་ཞིག་
เล่ม ๑๒๘ · หน้า 38a
ཟས་ཧ་ཅང་ཆུང་བའི་ཟས་རན་པ་མ་ཡིན་པ་སྤོང་བར་བྱེད་དོ། །ཚངས་པར་སྤྱད་པ་ལ་ཕན་པའི་ཕྱིར་ཞེས་གང་གསུངས་པ་དེས་ནི། ཟས་ཧ་ཅང་མང་བའི་ཟས་རན་པ་མ་ཡིན་པ་སྤོང་བར་བྱེད་དོ། །ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང་། གསར་རྣམས་
མི་སྐྱེ་བར་བྱ་བའི་ཕྱིར་ཞེས་གང་གསུངས་པ་དེས་ནི། ཟས་ཡོངས་སུ་མ་ཞུ་བ་དང་། མི་འཕྲོད་པའི་ཟས་རན་པ་མ་ཡིན་པ་སྤོང་བར་བྱེད་དོ། །བདག་འཚོ་ཞིང་སྟོབས་དང་ལྡན་པར་འགྱུར་ཞེས་གང་གསུངས་པ་དེས་ནི། ཟས་ཧ་ཅང་ཉུང་བ་མ་ཡིན་པ་དང་། ཟས་ཧ་ཅང་མང་བ་མ་
ཡིན་པ་ཉིད་སྟོན་ཏོ། །བདག་བདེ་བར་འགྱུར་རོ་ཞེས་གང་གསུངས་པ་དེས་ནི། ཟས་ཡོངས་སུ་ཞུ་བ་ཉིད་དང་། ཟས་འཕྲོད་པ་ཉིད་སྟོན་ཏོ། །བདག་ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ཏེ་ཞེས་གང་གསུངས་
པ་དེས་ནི། ཟས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་སྟོན་ཏེ། འདི་ལྟར་གང་ཆོས་མ་ཡིན་པས་བསོད་སྙོམས་ཡོངས་སུ་བླངས་ཏེ། རྒྱས་པར་སྔ་མ་བཞིན་དུ་ཆགས་པ་དང་། ཞེན་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པས་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པ་དང་།
ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཡིན་པས་ནང་དུ་ཡང་དག་འཇོག་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ལུང་ནོད་པ་དང་། ཁ་ཏོན་དང་། དོན་སེམས་པའི་དགེ་བའི་ཕྱོགས་ལ་བརྩོན་པ་དེ་ཉིད་ཀྱིས་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་
རྣམ་པར་རྟོག་པ་དེ་དག་ཉིད་ཟག་པར་འགྱུར་ཞིང་། དེ་དག་དེ་ལ་གཞོལ་བ་དང་། དེ་ལ་བབ་པ་དང་། དེ་ལ་འབབ་པ་དེའི་སེམས་ཀྱི་རྒྱུད་ལ་འཇུག་པར་བྱེད་དེ། དེས་ན་དེས་བདེ་བ་ལ་རེག་པར་གནས་པར་མི་འགྱུར་བའི་ཕྱིར་རོ། །བདེ་བ་ལ་རེག་པར་གནས་པ་དེ་ཡང་རྣམ་པ་གཉིས་
ཏེ། ཟས་ཧ་ཅང་མང་བ་ཡོངས་སུ་སྤངས་པའི་ཕྱིར། དེས་རྒྱས་པར་སྔ་མ་བཞིན་དུ་དེའི་ལུས་ལྕི་བ་དང་། ལས་སུ་མི་རུང་བ་དང་། སྤོང་མི་བཟོད་པར་མི་འགྱུར་བ་དང་། ཟས་ལ་རོ་མྱོང་བར་མི་བྱེད་པའི་ཕྱིར། དེས་དེ་རྣམ་པར་རྟོག་པས་ཀུན་ནས་དཀྲུགས་པ་ལས་བྱུང་བའི་
เล่ม ๑๒๘ · หน้า 38b
བདེ་བ་ལ་རེག་པར་གནས་པ་མ་ཡིན་པར་མི་འགྱུར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཚིག་དེ་དག་ཐམས་ཅད་ཀྱིས་ནི་ཟས་ལ་རན་པར་བྱེད་པ་ཉིད་བསྟན་པ་ཡིན་ནོ། །དེ་ནི་ཟས་ཀྱི་ཚོད་རིག་པ་ཉིད་ཀྱི་རྒྱས་པ་དང་མདོར་བསྡུས་པ་ཞེས་བྱའོ། །ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་
སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཞེ་ན། དེ་ལ་ནམ་གྱི་ཆ་སྟོད་ནི་གང་། ནམ་གྱི་ཆ་སྨད་ནི་གང་། མི་ཉལ་བར་སྦྱོར་བ་ནི་གང་། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ནི་གང་ཞེ་ན། དེ་ལ་ནམ་གྱི་ཆ་སྟོད་ནི་འདི་ཡིན་ཏེ། ཕྱེམ་རེད་ཉི་མ་ནུབ་པའི་དུས་ནས་བཟུང་སྟེ། ནམ་གྱི་སྲོད་
ཀྱི་ཆ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་བར་གང་ཡིན་པའོ། །དེ་ལ་ནམ་གྱི་ཆ་སྨད་ནི་འདི་ཡིན་ཏེ། ནམ་གྱི་ཐོ་རངས་ཀྱི་ཆ་ལ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གང་ཡིན་པའོ། །དེ་ལ་མི་ཉལ་བར་སྦྱོར་བ་ནི་འདི་ཡིན་ཏེ། ཉིན་མོ་འཆགས་པ་དང་། འདུག་པ་དག་གིས་སྒྲིབ་པར་
འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་
ཕྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པ་ཕབ་ནས། རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་
བར་བྱེད་པ་དང་། དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ་ཞེས་གང་གསུངས་པའོ། །དེ་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་
ནི་འདི་ཡིན་ཏེ། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་མི་ཉལ་བར་སྦྱོར་བ་ཐོས་ནས། དེ་ལ་སློབ་པར་འདོད་ཅིང་། དེ་དེ་ལྟར་གྱུར་ནས། མི་ཉལ་བ་དེ་ཉིད་ལས་བརྩམས་ཏེ། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་མི་ཉལ་བར་སྦྱོར་བ་བསྒྲུབ་པར་བྱའོ་
เล่ม ๑๒๘ · หน้า 39a
ཞེས་དེའི་རྗེས་སུ་འདུན་པ་དང་། བརྩོན་པ་དང་། འབད་པ་དང་། རྩོལ་བ་དང་། སྒྲིམ་པ་དང་། མཐུ་སྐྱེད་པ་དང་། རྩོམ་པ་དང་། དགའ་བ་དང་། སྤྲོ་བ་དང་། ཕྱིར་མི་ལྡོག་པ་དང་སེམས་རབ་ཏུ་འཛིན་ཅིང་། རྒྱུན་དུ་ཆུད་པར་བྱེད་པ་གང་ཡིན་
པའོ། །དེ་ལ་ཇི་ལྟར་ན་ཉིན་མོ་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། ཉིན་མོ་ཞེས་བྱ་བ་ནི་ཉི་མ་འཆར་ཀའི་དུས་ནས་བཟུང་སྟེ། ཉི་མ་ནུབ་ཀའི་བར་གྱི་དུས་གང་ཡིན་པའོ། །འཆག་
པ་ཞེས་བྱ་བ་ནི་འཆག་ས་དཀྱུས་རིང་ཞིང་། ཞེང་ཧ་ཅང་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་འགྲོ་བ་དང་། ལྡོག་པ་དང་ལྡན་པའི་ལུས་ཀྱི་ལས་གང་ཡིན་པའོ། །འདུག་པ་ཞེས་བྱ་བ་ནི་འདི་ལྟར་འདི་ན་ལ་ལ་ཁྲིའམ་ཁྲིའུའམ། རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ།
ལུས་དྲང་པོར་བསྲངས་ནས། དྲན་པ་ཕྱོགས་པར་གཞག་སྟེ། འདུག་པ་གང་ཡིན་པའོ། །སྒྲིབ་པ་རྣམས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། །སྒྲིབ་པར་འགྱུར་བའི་ཆོས་རྣམས་ཞེས་བྱ་བ་ནི། སྒྲིབ་པ་དང་མཐུན་པའི་ཆོས་རྣམས་ཏེ། སྒྲིབ་པ་འདྲེན་པར་བྱེད་པ་གང་ཡིན་པའོ། །
དེ་དག་ཀྱང་གང་ཞེ་ན། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་། འགྱོད་པ་དང་། རྒོད་པ་དང་། ཐེ་ཚོམ་དང་། སྡུག་པ་ཉིད་དང་། ཁོང་ཁྲོ་བའི་རྒྱུ་དང་། མུན་པ་དང་། ཉེ་དུ་དང་། ལྗོངས་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་།
སྔོན་བགད་པ་དང་། རྩེས་པ་དང་། དགའ་བ་དང་། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་དང་། དུས་གསུམ་དང་། དུས་གསུམ་དུ་གཏོགས་པའི་ཚུལ་བཞིན་མ་ཡིན་པའི་ཆོས་རྣམས་ལ་སེམས་པ་གང་ཡིན་པའོ། །ཇི་ལྟར་ན་འཆགས་པས་དེ་དག་ལ་སེམས་ཡོངས་སུ་སྦྱོང་
བར་བྱེད་ཅིང་། ཇི་སྙེད་ཅིག་ལས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། རྨུགས་པ་དང་། གཉིད་དང་། རྨུགས་པ་དང་གཉིད་འདྲེན་པར་བྱེད་པའི་སྒྲིབ་པ་ལས་ཡོངས་སུ་སྦྱོང་བར་བྱེད་དོ། །དེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་ཞིང་། ལེགས་པར་
เล่ม ๑๒๘ · หน้า 39b
ཡིད་ལ་བྱས། ལེགས་པར་བསྟེན། ལེགས་པར་སོ་སོར་བརྟགས་ཏེ། དེ་སྣང་བ་དང་ལྡན་པ་དང་། དེ་འོད་དང་ལྡན་པའི་སེམས་ཀྱིས་གཡོགས་པའམ། བླ་གབ་མེད་པའི་འཆགས་ན་འཆགས་པའི་ཚེ་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པའམ། ཆོས་སམ། དགེ་
འདུན་ནམ། ཚུལ་ཁྲིམས་སམ། གཏོང་བའམ། ལྷ་རྗེས་སུ་དྲན་པར་གྱུར་ནས། དང་བར་གྱུར་པའི་དམིགས་པ་གང་ཡང་རུང་བས་སེམས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་གཞུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་པའམ།
དེས་གཉིད་དང་རྨུགས་པར་འགྱུར་བའི་ཉེས་དམིགས་སྟོན་པའི་ཆོས་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་
སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེ་གང་དག་ཐོས་ཤིང་བཟུང་ལ་བསྟན་པར་བྱས་པ་ལ་དེ་དག་ལས་རྣམ་གྲངས་དུ་མར་རྨུགས་པ་དང་། གཉིད་རྣམ་
པར་སྨད་ཅིང་། རྣམ་པར་སྐྱོན་དུ་བགྲང་བ་དང་། རྨུགས་པ་དང་གཉིད་སྤོང་བ་བསྟོད་ཅིང་བསྔགས་པ་དེ་དག་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པའམ། གཞན་དག་ལ་ཡང་དག་པར་སྟོན་ཏམ། དོན་སེམས་ཤིང་འཇལ་ལ་རྣམ་པར་རྟོག་པར་བྱེད་པའམ། ཕྱོགས་སུ་རྣམ་པར་
ལྟ་བའམ། ཟླ་བ་དང་། རྒྱུ་སྐར་དང་། གཟའ་དང་། སྐར་མ་དག་ལ་ལྟ་བ་གཏོད་པར་བྱེད་པའམ། ཆུས་གདོང་འཁྲུ་བར་བྱེད་ན། དེས་དེའི་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པ་མ་སྐྱེས་པ་དེ་ནི་མི་སྐྱེད་ལ། སྐྱེས་པ་ནི་སངས་པར་འགྱུར་ཏེ། དེ་ལྟར་ན་
དེས་སྒྲིབ་པར་འགྱུར་བའི་ཆོས་དེ་ལས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལ་སྡུག་པས་སྒྲིབ་པར་འགྱུར་བའི་ཆོས་གང་དག་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། ཇི་ལྟར་ཡོངས་སུ་སྦྱོང་བར་བྱེད་ཅེ་ན། སྨྲས་པ་སྒྲིབ་པར་འགྱུར་བའི་ཆོས་བཞི་པོ་འདོད་པ་ལ་འདུན་པ་དང་།
เล่ม ๑๒๘ · หน้า 40a
གནོད་སེམས་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དག་དང་དེ་དག་འདྲེན་པར་བྱེད་པའི་ཆོས་རྣམས་ལས་ཡོངས་སུ་སྦྱོང་བར་བྱེད་དོ། །འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ་སྐྱེས་པ་གསལ་བར་བྱ་བ་དང་། མ་སྐྱེས་པ་ཐག་རིང་དུ་བྱས་
པའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་སྟེ། འདུག་ནས་རྣམ་པར་བསྔོས་པའམ། རྣམ་པར་རྣགས་པ་འམ། རྣམ་པར་འབུས་གཞིགས་པའམ། རྣམ་པར་བམ་པ་འམ། རྣམ་པར་ཟོས་པའམ། རྣམ་པར་དམར་བ་འམ།
རྣམ་པར་འཐོར་བའམ། རུས་གོང་ངམ། ཀེང་རུས་སམ། རུས་པའི་ཀེང་རུས་སམ། ཏིང་ངེ་འཛིན་བཟང་པོའི་མཚན་མ་གང་ཡང་རུང་བ་དག་ཡིད་ལ་བྱེད་པའམ། དེས་འདོད་པ་ལ་འདོད་ཆགས་སྤང་བའམ། འདོད་པ་ལ་འདུན་པ་སྤང་བར་བྱ་བའི་ཕྱིར། འདི་ལྟ་སྟེ།
མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། རྒྱས་པར་སྔ་མ་བཞིན་དུ་ཆོས་གང་དག་ཐོས་ཤིང་བཟུང་ལ་བསྟན་པར་བྱས་པའམ། ཁ་ཏོན་བྱ་བའམ། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱེད་པ་དེ་དག་ལས་
རྣམ་གྲངས་དུ་མར་འདོད་པ་ལ་འདོད་ཆགས་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ལ་རྣམ་པར་སྨད་པ་དང་། རྣམ་པར་མི་སྙན་པར་བརྗོད་པ་དང་། རྣམ་པར་སྐྱོན་དུ་བགྲང་བ་དང་། འདོད་པ་
ལ་འདོད་ཆགས་དང་། འདོད་པ་ལ་འདུན་པ་སྤོང་བ་རྣམ་གྲངས་དུ་མར་བསྟོད་པ་དང་། བསྔགས་པ་དང་རབ་ཏུ་བསྔགས་པའི་ཆོས་དེ་དག་དེ་ལྟར་འདུག་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་ན་དེ་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ་མ་སྐྱེས་པ་མི་སྐྱེད་ཅིང་། འདོད་པ་
ལ་འདུན་པའི་ཀུན་ནས་དཀྲིས་པ་སྐྱེས་པ་དང་བྲལ་བར་འགྱུར་རོ། །དེ་ལ་གནོད་སེམས་ལ་ཁྱད་པར་འདི་ཡོད་དེ། དེ་ལྟར་འདུག་ནས་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་ལ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་
เล่ม ๑๒๘ · หน้า 40b
མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་སུ་མོས་ཏེ། ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་མཐའ་ཡས་པའི་འཇིག་རྟེན་ཐམས་ཅད་
ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་རྒོད་པ་དང་འགྱོད་པ་ལ་ནི་ཁྱད་པར་འདི་ཡོད་དེ། དེ་ལྟར་འདུག་ནས་སེམས་ནང་ཁོ་ནར་ཡང་དག་པར་འཇོག་པར་བྱེད་ཅིང་། སྒྲུབ་པར་བྱེད་ལ་རྒྱུད་གཅིག་ཏུ་བྱེད་ཅིང་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཏེ།
ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་ཐེ་ཚོམ་གྱི་སྒྲིབ་པ་ལ་ནི་ཁྱད་པར་འདི་ཡོད་དེ། དེ་ལྟར་འདུག་ནས་ཅི་བདག་འདས་པའི་དུས་སུ་བྱུང་བར་གྱུར་ཏམ། འོན་ཏེ་བདག་འདས་པའི་དུས་སུ་མ་བྱུང་བར་གྱུར་པ་ཞིག་ཡིན། བདག་འདས་པའི་དུས་སུ་ཅི་འདྲ་བར་འགྱུར། ཇི་ལྟ་བུར་གྱུར་
པ་ཞིག་ཡིན། བདག་མ་འོངས་པའི་དུས་ན། ཅི་ཞིག་ཏུ་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར། ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་ག་ལས་འོངས། འདི་ནས་ཤི་འཕོས་ནས་ནི་གང་དུ་འགྲོ་བར་འགྱུར་ཞེས། འདས་པའི་དུས་ལ་ཚུལ་བཞིན་མ་
ཡིན་པ་ཡིད་ལ་བྱེད་ཅིང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་དེ། དེ་དེ་ལྟར་འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་བྱུང་བའི་དུས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤངས་ཤིང་ཚུལ་བཞིན་ཡིད་ལ་བྱེད་དོ། །
དེས་ཆོས་ཙམ་དང་། དངོས་པོ་ཙམ་དང་། རྒྱུ་ཙམ་དང་། འབྲས་བུ་ཙམ་དང་། ཡོད་པའང་ཡོད་པར། མེད་པ་ཡང་མེད་པར་མཐོང་ཞིང་། དངོས་པོ་མེད་པ་ལ་ཡང་སྒྲོ་འདོགས་པར་མི་བྱེད་ལ། དངོས་པོ་ཡོད་པ་ལ་ཡང་སྐུར་པ་འདེབས་པར་མི་བྱེད་ཅིང་།
འཇིགས་པར་མི་བྱེད་དེ། འདི་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ཆོས་ཡང་དག་པ་དག་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཡང་དག་པའི་སྒོ་ནས་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཚུལ་
เล่ม ๑๒๘ · หน้า 41a
བཞིན་ཡིད་ལ་བྱེད་པ་ན། སངས་རྒྱས་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། རྒྱུ་དང་། རྒྱུས་བསྐྱེད་པའི་ཆོས་རྣམས་ལ་ཡང་ནེམ་ནུར་
མེད་ཅིང་། ཐེ་ཚོམ་མེད་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་གནོད་སེམས་ལ་ཡང་དེས་ཁོང་ཁྲོ་བ་དང་། ཁོང་ཁྲོ་བའི་རྒྱུ་ལས་བརྩམས་ཏེ། དེ་དག་སྤང་བར་བྱ་བའི་ཕྱིར། ཆོས་གང་དག་ཐོས་ཤིང་བཟུང་ལ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྒོད་
པ་དང་། འགྱོད་པ་ལ་ཡང་དེས་རྒོད་པ་དང་། འགྱོད་པ་ལས་བརྩམས་ཏེ། དེ་སྤང་བར་བྱ་བའི་ཕྱིར་ཆོས་གང་དག་ཐོས་ཤིང་བཟུང་ལ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཐེ་ཚོམ་ལ་ཡང་དེས་ཐེ་ཚོམ་ལས་བརྩམས་ཏེ། དེ་སྤང་བར་བྱ་བའི་ཕྱིར་ཆོས་གང་དག་ཐོས་ཤིང་
བཟུང་ལ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་བརྗོད་པར་བྱ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་དེས་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་སྒྲིབ་པ་རྣམས་དང་། དེ་དག་འདྲེན་པར་
བྱེད་པའི་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཆགས་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་ཞེས་བྱ་བ་གསུངས་སོ། །དེ་ཡང་ཆོས་ཀྱི་དབང་
དུ་བྱས་ཏེ་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་དེ་བསྟན་པ་ཡིན་ནོ། །བདག་གི་དབང་དུ་བྱས་པ་དང་། འཇིག་རྟེན་གྱི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡང་ཡོད་དོ། །དེ་ལ་
བདག་གི་དབང་དུ་བྱས་པ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་གང་ཡང་རུང་བ་ཞིག་སྐྱེས་པར་གྱུར་ན། སྐྱེས་མ་ཐག་ཏུ་སྒྲིབ་པ་དེ་སྐྱེས་པ་དེས། སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། དགེ་བའི་ཕྱོགས་ལ་གནོད་པར་བྱེད་
เล่ม ๑๒๘ · หน้า 41b
པས་བདག་གིས་ཚུལ་དང་མཐུན་པ་མ་ཡིན་པར་རིག་ནས། ངོ་ཚ་བར་བྱེད་ཅིང་སྒྲིབ་པ་སྐྱེས་པ་དེ་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་སྟེ། དེ་ལྟར་ན་དེ་བདག་གི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་
སྦྱོང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་འཇིག་རྟེན་གྱི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཞེ་ན། འདི་ལ་དེའི་སྒྲིབ་པ་སྐྱེས་པའམ། སྐྱེ་བའི་དུས་ཉེ་བར་གནས་པར་གྱུར་པ་ན། འདི་སྙམ་དུ་སེམས་ཏེ། གལ་
ཏེ་བདག་གི་སྒྲིབ་པ་མ་སྐྱེས་པ་སྐྱེས་པར་གྱུར་ན། བདག་སྟོན་པས་སྨད་པར་འགྱུར་ཞིང་ལྷ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨད་པར་འགྱུར་རོ་སྙམ་ནས། འཇིག་རྟེན་ཁོ་ནའི་དབང་དུ་བྱས་ནས། སྒྲིབ་པ་མ་སྐྱེས་པ་མི་སྐྱེད་
ཅིང་སྐྱེས་པ་སྤོང་བར་བྱེད་པ་སྟེ། དེ་ལྟར་ན་འཇིག་རྟེན་གྱི་དབང་དུ་བྱས་ནས། སྒྲིབ་པར་འགྱུར་བའི་ཆོས་རྣམས་པས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་མཚན་མོའི་ཐུན་དང་པོ་ལ་ཡང་འཆགས་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་
སེམས་ཡོངས་སུ་སྦྱོང་བའི་བར་དུ་བྱེད་ཅིང་། སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱངས་ནས། གནས་མལ་རིམ་གྲོ་བྱ་བ་དང་། འཇིག་རྟེན་གྱི་ཆོ་ག་རྗེས་སུ་མཐུན་པར་བྱ་བའི་ཕྱིར། དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་ཕྱུང་སྟེ། གཙུག་ལག་ཁང་
གི་ཕྱི་རོལ་དུ་རྐང་པ་འཁྲུ་ཞིང་། བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། འདི་ལྟར་གཉིད་ཀྱིས་བརྟ་བར་བྱ་བའི་འབྱུང་བ་ཆེན་པོ་རྣམས་བརྟ་བར་བྱ་བའི་ཕྱིར་ཉལ་བར་བྱེད་དོ། །ལུས་དེ་བརྟས་ན་དགེ་བའི་ཕྱོགས་ཀྱི་སྦྱོར་བ་རྒྱུན་ཏུ་ཆུད་པར་བྱ་བ་དང་། རྟག་འགྲུས་སུ་བྱས་ལ་ཤིན་ཏུ་ལས་
སུ་རུང་ཞིང་། ཤིན་ཏུ་ཕན་པར་ཡང་འགྱུར་རོ། །ཅིའི་ཕྱིར་གློ་གཡས་པས་ཕབ་སྟེ་ཉལ་བར་བྱེད་ཅེ་ན། སྲོག་ཆགས་སེང་གེ་དང་ཆོས་མཐུན་པར་བྱ་བའི་ཕྱིར་ཏེ། འདིར་ནི་ཇི་(སྟར་‚ལྟར་)ཆོས་མཐུན་པ་ཡིན་ཞེ་ན། སྲོག་ཆགས་སེང་གེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཐམས་ཅད་ཀྱི་ནང་ན་
เล่ม ๑๒๘ · หน้า 42a
རྩལ་ཆེ་བ་དང་། གཟེངས་མཐོ་བ་དང་། བརྟན་པས་ཕ་རོལ་གནོན་པ་བཞིན་དུ། དགེ་སློང་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་བརྩོན་འགྲུས་བརྩམས་ཤིང་གནས་པ་ཡང་། རྩལ་ཆེ་བ་དང་། གཟེངས་མཐོ་བ་དང་། བརྟན་པས་ཕ་རོལ་གནོན་པ་
ཡིན་པས། དེའི་ཕྱིར་སེང་གེ་བཞིན་དུ་ཉལ་བ་ནི་དེའི་ཚུལ་དང་མཐུན་པ་ཡིན་གྱི། ཡི་དགས་ཀྱི་ཉལ་སྟངས་དང་། ལྷའི་ཉལ་སྟངས་དང་། འདོད་པ་ལ་ལོངས་སྤྱོད་པ་དག་གི་ཉལ་སྟངས་ནི་དེ་ལྟ་མ་ཡིན་གྱི། འདི་ལྟར་དེ་དག་ཐམས་ཅད་ནི་ལེ་ལོ་ཅན་དང་། བརྩོན་འགྲུས་ཞན་
པ། སྟོབས་དང་། ཕ་རོལ་གནོན་པ་ཆུང་བ་མ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ན་གློ་གཡས་པས་སེང་གེ་བཞིན་དུ་ཉལ་བ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱིས་འདི་ལྟར་ལུས་དག་ལྷོད་པར་མི་འགྱུར་ཞིང་གཉིད་ལོག་ནས་ཡང་དྲན་པ་བརྗེད་པར་མི་འགྱུར་བ་དང་། གཉིད་སྟུག་པོར་མི་འགྱུར་བ་
དང་། རྨི་ལམ་ན་སྡིག་པ་རྨི་བར་མི་འགྱུར་བ་ཡིན་གྱི། དེ་ལྟ་མ་ཡིན་པར་ཉལ་ན་ནི་དེ་ལས་བཟློག་པའི་ཉེས་པ་ཐམས་ཅད་འབྱུང་བར་རིག་པར་བྱ་སྟེ། དེའི་ཕྱིར་གློ་གཡས་པས་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། ཉལ་བར་བྱེད་དོ་ཞེས་གསུངས་སོ། །ཇི་ལྟར་ན་སྣང་བའི་
འདུ་ཤེས་ཀྱིས་ཉལ་བར་བྱེད་པ་ཡིན་ཞེ་ན། དེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ་བཟུང་ཞིང་ལེགས་པར་ཡིད་ལ་བྱས། ལེགས་པར་བསྟེན། ལེགས་པར་སོ་སོར་བརྟགས་ཏེ། དེ་དེ་ཉིད་ཡིད་ལ་བྱེད་བཞིན་དུ་དེ་འོད་དང་ལྡན་པའི་སེམས་ཀྱིས་ཉལ་བར་བྱེད་ཅིང་། དེས་
ན་དེ་གཉིད་ལོག་ན་ཡང་སེམས་ལ་མུན་པ་ཉིད་དུ་མི་འགྱུར་སྟེ། དེ་ལྟར་ན་སྣང་བའི་འདུ་ཤེས་ཀྱིས་ཉལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དྲན་པས་ཉལ་བར་བྱེད་པ་ཡིན་ཞེ་ན། དེས་ཆོས་དགེ་བ་དོན་དང་ལྡན་པ་གང་དག་མཉན་པ་དང་བསམས་པ་དང་། བསྒོམས་པའི་རྒྱུ་ལས་བྱུང་བའི་
དྲན་པ་ཉལ་ཀའི་བར་དུ་རྗེས་སུ་འབྲང་བར་འགྱུར་ཞིང་། དེས་ན་དེ་གཉིད་ཀྱིས་ལོག་ན་ཡང་ཆོས་དེ་དག་གཉིད་མ་ལོག་པ་བཞིན་དུ་མངོན་པར་རྗོད་པར་བྱེད་ལ། ཆོས་དེ་དག་ཉིད་ལ་སེམས་དེ་ལན་མང་དུ་རྗེས་སུ་འཇུག་པར་བྱེད་དེ། དེ་ལྟར་ན་ཇི་ལྟར་དྲན་པས་དགེ་བའི་སེམས་སམ།
เล่ม ๑๒๘ · หน้า 42b
ལུང་དུ་མ་བསྟན་པའི་སེམས་དྲན་པ་དེ་བཞིན་དུ་ཉལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དྲན་པས་ཉལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཤེས་བཞིན་གྱིས་ཉལ་བར་བྱེད་པ་ཡིན་ཞེ་ན། དེ་ལྟར་ན་དྲན་པར་གྱུར་པ་སྟེ། གང་གི་ཚེ་ཉལ་བ་ན། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་
ཀུན་ནས་ཉོན་མོངས་པར་གྱུར་ན། དེས་ཀུན་ནས་ཉོན་མོངས་པ་སྐྱེས་པ་དེ་ཉིད་ལེགས་པ་ཁོ་ནར་རབ་ཏུ་ཤེས་ཤིང་། ད་དུང་མི་ལེན་པ་སྟོང་པར་བྱེད། རྟོག་པར་བྱེད། སེམས་ཕྱིར་ཟློག་པར་བྱེད་དེ། དེའི་ཕྱིར་ཤེས་བཞིན་དུ་ཉལ་བར་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་ལྡང་བ་ཁོ་ནའི་
འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་མི་བྱེད་ཅིང་། དེ་བརྩོན་འགྲུས་ཀྱིས་ཡང་དག་པར་རབ་ཏུ་ཟིན་པའི་སེམས་སུ་བྱས་ནས། མྱུར་བ་མྱུར་བ་ཐུམས་ཕྲས་ཀྱིས་ཉལ་བར་བྱེད་དེ། འདི་ལྟ་སྟེ་དཔེར་ན་དགོན་པའི་རི་དགས་བཞིན་དུ་རྣམ་པ་ཐམས་ཅད་(གྱི་‚ཀྱི་)ཐམས་ཅད་དུ་གཉིད་ཀྱིས་
ནོན་པ་ལ་སེམས་གཞོལ་བར་མི་བྱེད་ཅིང་། དེ་ལ་འབབ་པར་མི་བྱེད། བབ་པར་མི་བྱེད་པ་དང་། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཨེ་མ་ཧོ་ཀྱེ་མ་བདག་གིས་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་མི་ཉལ་བ་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་བསྒྲུབ་པར་བྱའོ་སྙམ་ནས།
དེས་དེ་བསྒྲུབ་པའི་ཕྱིར་ཤིན་ཏུ་འབད་པ་ཆེན་པོ་དང་། མངོན་པར་བརྩོན་པའི་སྦྱོར་བས་མཐུན་པ་སྐྱེད་དེ། གནས་པར་བྱེད་པ་དང་། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་གིས་དེང་མི་ཉལ་བ་དང་དགེ་བའི་ཆོས་རྣམས་བསྒོམ་པའི་ཕྱིར། མཁས་ཤིང་ལེ་
ལོ་མེད་ལ། སྒྲུབ་ཕོད་པས་བརྩོན་འགྲུས་བརྩམས་ཏེ། གནས་བཞིན་དུ་སང་ནམ་ལངས་པའི་ནང་པར་ཡང་སྒྲུབ་ཕོད་པས། རྒྱ་ཆེར་བརྩོན་འགྲུས་བརྩམས་ཏེ་གནས་པར་བྱའོ་སྙམ་དུ་སེམས་པའོ། །དེ་ལ་ལྡང་བའི་འདུ་ཤེས་གཅིག་གིས་ནི་གཉིད་སྟུག་པོར་མི་བྱེད་དེ།
དེས་ནི་དེ་ལྡང་བའི་དུས་སུ་མྱུར་བ་མྱུར་བ་ཁོ་ནར་ལྡང་ཞིང་དུས་ལས་མི་ཡོལ་བར་སད་པར་ནུས་སོ། །ལྡང་བའི་འདུ་ཤེས་གཉིས་པས་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་སེང་གེའི་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་བར་བྱེད་དོ། །ལྡང་བའི་འདུ་ཤེས་གསུམ་པས་ནི་འདུན་
เล่ม ๑๒๘ · หน้า 43a
པ་རྒྱུན་མི་ཆད་པར་བྱེད་དོ། །བརྗེད་ངས་ན་ཡང་གོང་ནས་གོང་དུ་ཡང་དག་པར་བསྒྲུབ་པའི་ཕྱིར་རབ་ཏུ་བརྩོན་པར་བྱེད་དོ། །དེ་ལྟར་ན་ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་ཡིན་ནོ། །དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་
ནར་སད་པར་བྱས་ནས། འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས། སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ། མཚན་མོའི་ཐུན་ཐ་མ་ཞེས་བྱ་བ་ནི། ནམ་གྱི་ཐོ་རངས་ཀྱི་ཆ་ལས་མེལ་ཚེ་ཐུན་གཅིག་ལྷག་ཙམ་གང་ཡིན་པའོ། །
དེ་ཡང་སྣང་བའི་འདུ་ཤེས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་མཚན་མོའི་གུང་ཚིགས་ཀྱི་ཐུན་ལ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གཉིད་བསང་བར་བྱས་ནས་གང་གི་ཚེ་ལྡང་བ་དེའི་རྨུགས་པ་དང་གཉིད་ཀྱི་ཀུན་ནས་བཀྲིས་པ་ཆེན་པོས་ཟིལ་གྱིས་ནོན་ཅིང་།
དེས་ལྡང་བ་ན་བུལ་བ་ཉིད་དམ། ཞེན་པ་ཉིད་དང་། ལེ་ལོ་དང་སྙོམ་པར་འགྱུར་བ་མེད་ཅིང་ལྡང་བ་ལ་ལུས་ལས་སུ་རུང་བར་འགྱུར་རོ། །བུལ་བ་ཉིད་དང་། ཞན་པ་ཉིད་དང་། ལེ་ལོ་དང་། སྙོམ་པ་དེ་དག་མེད་ན་བརྩལ་བ་ཙམ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ལྡང་བར་འགྱུར་རོ། །
འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་རེ་ཞིག་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་
ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། འདི་ལ་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པའི་སྐྱེས་བུ་གང་ཟག་གིས་ཡང་དག་པར་བྱ་བ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་མི་སྤོང་
ཞིང་། དགེ་བའི་ཆོས་བསྒོམ་པ་ལ་བརྩོན་པ་དང་། རྒྱུན་དུ་ཆུད་པ་དང་། རྟག་འགྲུས་སུ་བྱེད་པ་དང་། དུས་སུ་ཉལ་བར་བྱེད་ཅིང་དུས་མ་ཡིན་པར་མི་ཉལ་བ་དང་། ཉལ་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་གཉིད་འདའ་བར་བྱེད་ཅིང་། སེམས་ཀུན་ནས་
เล่ม ๑๒๘ · หน้า 43b
ཉོན་མོངས་པར་མི་འགྱུར་བ་དང་། དུས་སུ་སད་པར་འགྱུར་ཞིང་། ལྡང་བའི་དུས་ལས་མི་ཡོལ་བ་སྟེ། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པའི་སྐྱེས་བུ་གང་ཟག་གིས་ཡང་དག་པར་བྱ་བ་ནི་བཞི་པོ་དེ་དག་ཡིན་ནོ། །བཅོམ་ལྡན་འདས་
ཀྱིས་ཀྱང་ཡང་དག་པར་བྱ་བ་བཞི་པོ་དེ་དག་ལས་བརྩམས་ནས། ཉན་ཐོས་རྣམས་ལས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་བསྟན་ཏོ། །ཇི་ལྟར་ན་བསྟན་ཞེ་ན། ཉིན་མོ་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་
རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཞེས་གང་གསུངས་པ་དེས་ནི། རེ་ཞིག་འདི་ལྟ་སྟེ། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ་དགེ་
བའི་ཕྱོགས་མི་སྤོང་ཞིང་། དགེ་བའི་ཆོས་བསྒོམ་པ་ལ་བརྩོན་ཞིང་རྒྱུན་དུ་ཆུད་པ་པ་དང་། རྟག་འགྲུས་སུ་བྱེད་པ་ཞེས་བྱ་བ་ཡང་དག་པར་བྱ་བ་དང་པོ་བསྟན་ཏོ། །ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་
ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པས་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་བཞག་སྟེ་ཉལ་བར་བྱེད་དོ་ཞེས་གང་གསུངས་པ་དེས་ནི་འདི་ལྟ་སྟེ། དུས་སུ་ཉལ་བར་བྱེད་ཅིང་དུས་སུ་མ་ཡིན་པར་མི་ཉལ་བ་ཞེས་བྱ་བ་ཡང་དག་པར་བྱ་བ་གཉིས་པ་བསྟན་ཏོ། །སྣང་བའི་
འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང་ཞེས་གང་གསུངས་པ་དེས་ནི་འདི་ལྟ་སྟེ། ཉལ་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་གཉིད་འདའ་བར་བྱེད་ཅིང་། སེམས་ཀུན་ནས་ཉོན་
མོངས་པར་མི་འགྱུར་བ་ཞེས་བྱ་བ་ཡང་དག་པར་བྱ་བ་གསུམ་པ་བསྟན་ཏོ། །དེ་མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས། འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ཏེ་ཞེས་གང་
เล่ม ๑๒๘ · หน้า 44a
གསུངས་པ་དེས་ནི། འདི་ལྟ་སྟེ། དུས་སུ་སད་པར་འགྱུར་ཞིང་། ལྡང་བའི་དུས་ལས་མི་ཡོལ་བ་སྟེ་ཞེས་ཡང་དག་པར་བྱ་བ་བཞི་པ་བསྟན་ཏོ། །དེ་ལ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་
བཞིན་དུ་ཉལ་བར་བྱེད་པ་དང་ཞེས་གང་གསུངས་པ་དེས་ནི། རྒྱུ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་གཉིད་འདའ་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། དྲན་པ་དང་ཤེས་བཞིན་གྱིས་སོ། །ཡང་རྒྱུ་གཉིས་ཀྱིས་ནི་དུས་སུ་དེ་སད་པར་འགྱུར་ཞིང་། ལྡང་བའི་
དུས་ལས་མི་ཡོལ་བར་འགྱུར་ཏེ། འདི་ལྟ་སྟེ། སྣང་བའི་འདུ་ཤེས་དང་། ལྡང་བའི་འདུ་ཤེས་ཀྱིས་སོ། །ཇི་ལྟ་ཞེ་ན། དེ་ལ་དྲན་པས་ནི་དགེ་བའི་དམིགས་པ་ཡོངས་སུ་བཟུང་སྟེ་ཉལ་བར་བྱེད་ལ་ཤེས་བཞིན་གྱིས་ནི་དགེ་བའི་དམིགས་པ་དེ་ལས་ཉམས་ཤིང་། སེམས་ཀུན་
ནས་ཉོན་མོངས་པར་གྱུར་པ་ན། མྱུར་བ་མྱུར་བ་ཁོ་ནར་ཡང་དག་པར་རབ་ཏུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟར་ན་རྒྱུ་དེ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་སེམས་ཀྱིས་ཉལ་བར་བྱེད་པ་ཡིན་ནོ། །དེ་ལ་སྣང་བའི་འདུ་ཤེས་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཀྱིས་ནི་གཉིད་སྟུག་
པོར་མི་ཉལ་བ་དང་། དེའི་གཉིད་ཀྱིས་ཀུན་ནས་དཀྲིས་པ་དེ་ཡུན་རིང་དུ་འགྲོ་བར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་རྒྱུ་དེ་གཉིས་ཀྱིས་ནི་དེ་དུས་སུ་སད་པར་འགྱུར་ཞིང་ལྡང་བའི་དུས་ལས་མི་ཡོལ་བར་འགྱུར་རོ། །དེ་ནི་ནམ་གྱི་ཆ་སྟོད་དང་། །ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་
པའི་དོན་མདོར་བསྡུས་པ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས་པར་སྔ་མ་གང་ཡིན་པ་དང་། དོན་མདོར་བསྡུས་པ་འདི་གང་ཡིན་པ་དེ་ནི་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་ཅེས་བྱའོ།། །།ཉན་ཐོས་ཀྱི་ས་བམ་པོ་ལྔ་པ། ཤེས་
བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འགྲོ་བ་དང་། ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་། ཆུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་དང་།
เล่ม ๑๒๘ · หน้า 44b
ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་། སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་སྙོམ་པ་བསང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །དེ་ལ་འགྲོ་བ་ནི་གང་།
ལྡོག་པ་ནི་གང་། འགྲོ་བ་དང་། ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། དེ་ལ་འགྲོ་བ་ནི་འདི་ལྟར་འདི་ན་ལ་ལ་གྲོང་ངམ། གྲོང་གཞན་ནམ། ཁྱིམ་མམ། ཁྱིམ་གཞན་ནམ། གཙུག་ལག་ཁང་ངམ། གཙུག་ལག་ཁང་གཞན་དུ་ཕར་འགྲོ་བའོ། །དེ་ལ་ལྡོག་པ་ནི་
འདི་ལྟར་འདི་ན་ལ་ལ་གྲོང་ངམ། གྲོང་གཞན་ནམ། ཁྱིམ་མམ། ཁྱིམ་གཞན་ནམ། གཙུག་ལག་ཁང་ངམ། གཙུག་ལག་ཁང་གཞན་ནས་ཕྱིར་ལྡོག་པའོ། །དེ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་གིས་འགྲོ་བ་ན་ཡང་འགྲོའོ་སྙམ་དུ་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་།
ལྡོག་པ་ན་ཡང་ལྡོག་གོ་སྙམ་དུ་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། འདིར་ནི་བདག་འགྲོ་བར་བྱ་བ་ཡིན་ནོ། །འདིར་ནི་འགྲོ་བར་བྱ་བ་མ་ཡིན་ནོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། འདིར་ནི་བདག་གི་འགྲོ་བར་བྱ་བའི་དུས་ཡིན་ནོ། །འདི་ནི་འགྲོ་བར་བྱ་བའི་དུས་མ་ཡིན་ནོ་ཞེས་
ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། བདག་འགྲོ་བ་ན་འདི་དང་འདི་ལྟར་ནི་འགྲོ་བར་བྱའོ། །འདི་དང་འདི་ལྟར་ནི་འགྲོ་བར་མི་བྱའོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི། དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས་གལ་ཏེ་འགྲོ་བ་ན་འགྲོའོ་
ཞེས་བྱ་བར་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། དེ་གང་དུ་འགྲོ་བར་བྱ་བ་དེར་འགྲོ་བ་དང་། དུས་སུ་འགྲོ་ཞིང་དུས་མ་ཡིན་པར་མི་འགྲོ་བ་དང་། ཇི་ལྟར་འགྲོ་བར་བྱ་བའི་སྤྱོད་ཡུལ་དང་། སྤྱོད་པ་དང་། ཆོ་ག་དང་། སྤྱོད་ལམ་བརྟགས་པས་དེ་ལྟ་བུས་དེ་ལྟར་འགྲོ་བར་བྱེད་པ་གང་
ཡིན་པ་དེ་ནི་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་སྔར་ཡོངས་སུ་བསྟན་པའི་གནས་རྣམས་སུ་འགྲོ་བ་དང་ལྡོག་པ་དང་། བློ་སྔོན་དུ་མ་བཏང་བ་དང་། བརྩལ་བ་སྔོན་དུ་མ་བཏང་བ་དང་། འདུན་པ་སྔོན་དུ་མ་བཏང་བར་བར་མ་དོར་མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པ་
เล่ม ๑๒๘ · หน้า 45a
དེ་ནི་ཆུང་ཟད་བལྟས་པ་ཞེས་བྱའོ། །དེ་དག་ཏུ་འགྲོ་བ་དང་། ལྡོག་པ་ན་བློ་སྔོན་དུ་བཏང་བ་དང་། བརྩལ་བ་སྔོན་དུ་བཏང་བ་དང་། འདུན་པ་སྔོན་དུ་བཏང་སྟེ། མིག་གིས་འདི་ལྟ་སྟེ། རྒྱལ་པོ་དག་གམ། བློན་པོ་ཆེན་པོ་དག་གམ། གྲོང་རྡལ་གྱི་མི་དག་གམ།
ལྗོངས་ཀྱི་མི་དག་གམ། བྲམ་ཟེ་དག་གམ། ཁྱིམ་བདག་དག་གམ། ཕྱུག་པོ་དག་གམ། ཚོང་དཔོན་དག་གམ། དེད་དཔོན་དག་གམ། དེ་ལས་གཞན་པའི་ཕྱི་རོལ་གྱི་ཁང་ཁྱིམ་དག་གམ། ཡང་ཏོག་དག་གམ། གནས་ཁང་དག་གམ། ཁང་བཟངས་དག་གམ། བུ་ཤུའི་
སྟེང་དག་གམ་གཞན་ཡང་འཇིག་རྟེན་གྱི་སྣ་ཚོགས་ཀྱི་གཟུགས་དག་མཐོང་བ་གང་ཡིན་པ་དེ་ནི་རྣམ་པར་བལྟས་པ་ཞེས་བྱའོ། །ཅུང་ཟད་བལྟས་པའམ། རྣམ་པར་བལྟས་པ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། ཅུང་ཟད་བལྟ་བར་བྱ་བ་གང་ཡིན་པ་དང་
རྣམ་པར་བལྟ་བར་བྱ་བ་གང་ཡིན་པ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། གང་གི་ཚེ་ཅུང་ཟད་བལྟ་བར་བྱ་བ་དང་། གང་གི་ཚེ་རྣམ་པར་བལྟ་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། ཇི་ལྟར་ཅུང་ཟད་བལྟ་བར་བྱ་བ་དང་། ཇི་ལྟར་རྣམ་པར་བལྟ་བར་བྱ་བ་དེ་ཡང་།
ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། ཅུང་ཟད་ལྟ་བར་བྱེད་པ་དང་། རྣམ་པར་ལྟ་བར་བྱེད་པ་ན། གལ་ཏེ་ཅུང་ཟད་ལྟ་བར་བྱེད་པ་དང་། རྣམ་པར་ལྟ་བར་བྱེད་དོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་།
ཅུང་ཟད་བལྟ་བར་བྱ་བ་གང་ཡིན་པ་དང་། རྣམ་པར་བལྟ་བར་བྱ་བ་གང་ཡིན་པ་དེ་ལ་ཅུང་ཟད་ལྟ་བར་བྱེད་ཅིང་། རྣམ་པར་ལྟ་བར་བྱེད་པ་དང་། གང་གི་ཚེ་ཅུང་ཟད་བལྟ་བར་བྱ་བ་དང་། རྣམ་པར་བལྟ་བར་བྱ་བ་དེའི་ཚེ་ཅུང་ཟད་ལྟ་བར་བྱེད་ཅིང་། རྣམ་པར་ལྟ་བར་བྱེད་པ་དང་། ཇི་ལྟར་
ཅུང་ཟད་བལྟ་བར་བྱ་བ་དང་། རྣམ་པར་བལྟ་བར་བྱ་བ་དེ་ལྟར་ཅུང་ཟད་ལྟ་བར་བྱེད་ཅིང་། རྣམ་པར་ལྟ་བར་བྱེད་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཅུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་བསྐུམ་པ་ནི་གང་། བརྐྱང་བ་ནི་གང་།
เล่ม ๑๒๘ · หน้า 45b
བསྐུམ་པ་དང་། བརྐྱང་བ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། དེ་དེ་ལྟར་འགྲོ་བ་སྔོན་དུ་བཏང་བ་དང་། ལྡོག་པ་སྔོན་དུ་བཏང་སྟེ། ཅུང་ཟད་བལྟ་བ་དང་། རྣམ་པར་བལྟ་བའི་ཚེ། རྐང་པ་དག་སྐུམ་པར་བྱེད་པའམ། རྐྱོང་བར་བྱེད་པའམ། ལག་ངར་དག་སྐུམ་པར་བྱེད་པའམ།
རྐྱོང་བར་བྱེད་པའམ། ལག་པ་དག་སྐུམ་པར་བྱེད་པའམ། རྐྱོང་བར་བྱེད་པའམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་དག་སྐུམ་པར་བྱེད་པའམ། རྐྱོང་བར་བྱེད་པ་གང་ཡིན་པ་དེ་ནི་བསྐུམ་པ་དང་། བརྐྱང་བ་ཞེས་བྱའོ། །གལ་ཏེ་བསྐུམ་པ་དང་བརྐྱང་བ་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་
ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། བསྐུམ་པར་བྱ་བ་གང་ཡིན་པ་དང་། བརྐྱང་བར་བྱ་བ་གང་ཡིན་པ་དེ་ཡང་། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། གང་གི་ཚེ་བསྐུམ་པར་བྱ་བ་དང་། གང་གི་ཚེ་བརྐྱང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། ཇི་ལྟར་བསྐུམ་
པར་བྱ་བ་དང་། ཇི་ལྟར་བརྐྱང་བར་བྱ་བ་དེ་ཡང་། ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །ཤེས་བཞིན་དེ་དང་ལྡན་པས་སྐུམ་པར་བྱེད་པ་དང་། རྐྱོང་བར་བྱེད་པའི་ཚེ། གལ་ཏེ་སྐུམ་པར་བྱེད་དོ། །རྐྱོང་བར་བྱེད་དོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་
ཤེས་ཤིང་། གང་བསྐུམ་པར་བྱ་བ་དང་། བརྐྱང་བར་བྱ་བ་དེ་སྐུམ་པར་བྱེད་ཅིང་རྐྱོང་བར་བྱེད་པ་དང་། གང་གི་ཚེ་བསྐུམ་པར་བྱ་བ་དང་། བརྐྱང་བར་བྱ་བ་དེའི་ཚེ། སྐུམ་པར་བྱེད་ཅིང་། རྐྱོང་བར་བྱེད་པ་དང་། ཇི་ལྟར་བསྐུམ་པར་བྱ་བ་དང་། བརྐྱང་བར་བྱ་བ་དེ་ལྟར་སྐུམ་པར་བྱེད་ཅིང་།
རྐྱོང་བར་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བསྐུམ་པ་དང་། བརྐྱང་བ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་སྣམ་སྦྱར་འཆང་བ་ནི་གང་། ཆོས་གོས་འཆང་བ་ནི་གང་། ལྷུང་བཟེད་འཆང་བ་ནི་གང་། སྣམ་སྦྱར་དང་ཆོས་གོས་དང་། ལྷུང་བཟེད་འཆང་བ་ལ་ཤེས་
བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། དེའི་ཆོས་གོས་ཆེན་པོ་དུམ་བུ་བདུན་པ་དང་། དུམ་བུ་དགུ་པ་ཉིས་སྦྱར་དུ་བཙེམས་པ་གང་ཡིན་པ་དེ་ནི། སྣམ་སྦྱར་ཞེས་བྱའོ། །དེ་བགོ་ཞིང་ཡོངས་སུ་ལོངས་སྤྱོད་པ་དང་། ལེགས་པ་ཁོ་ནར་སྦ་བ་ནི་བཅང་བ་ཞེས་བྱའོ། །དེའི་ཆོས་གོས་བྱིན་གྱིས་
เล่ม ๑๒๘ · หน้า 46a
བརླབས་པ་འབྲིང་ངམ། ཆུང་ངུའམ། གོས་ལྷག་བརྟག་པར་འོས་པའམ། བརྟགས་ཟིན་པ་གང་ཡིན་པ་དེ་ནི་ཆོས་གོས་ཞེས་བྱའོ། །དེ་བགོ་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། ལེགས་པ་ཁོ་ནར་སྦ་བ་ནི་འཆང་བ་ཞེས་བྱའོ། །དེའི་ཟས་ཀྱི་སྣོད་བྱིན་གྱིས་བརླབས་
པ་ལྕགས་ལས་བྱས་པའམ། ས་ལས་བྱས་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ཅེས་བྱའོ། །དེ་ཡོངས་སུ་ལོངས་སྤྱོད་པ་དང་། ལེགས་པ་ཁོ་ནར་སྦ་བ་ནི་འཆང་བ་ཞེས་བྱའོ། །གལ་ཏེ་སྣམ་སྦྱར་དང་ཆོས་གོས་དང་། ལྷུང་བཟེད་འཆང་བ་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནས་རབ་
ཏུ་ཤེས་ཤིང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་རུང་བ་དང་། རུང་བ་མ་ཡིན་པ་གང་ཡིན་པ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་གང་གི་ཚེ་བཅང་བར་བྱ་བ་དེའི་དུས་ཀྱང་ཡང་དག་པ་ཁོ་ནར་རབ་ཏུ་
ཤེས་པ་དང་། ཇི་ལྟར་བཅང་བར་བྱ་བ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི། དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་ན། གལ་ཏེ་འཆང་ངོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་
ཤིང་། གང་བཅང་བར་བྱ་བ་དེ་འཆང་བར་བྱེད་པ་དང་། གང་གི་ཚེ་བཅང་བར་བྱ་བ་དེའི་ཚེ་འཆང་བར་བྱེད་པ་དང་། ཇི་ལྟར་བཅང་བར་བྱ་བ་དེ་ལྟར་འཆང་བར་བྱེད་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་
ཅེས་བྱའོ། །དེ་ལ་ཟོས་པ་ནི་གང་། འཐུངས་པ་ནི་གང་། འཆོས་པ་དང་མྱངས་པ་ནི་གང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། ཟས་ཀྱི་ཡོངས་སུ་ལོངས་སྤྱོད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཟོས་པ་ཞེས་
བྱའོ། །དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། འཆོས་པ་དང་། མྱངས་པའོ། །དེ་ལ་འཆོས་པ་གང་ཞེ་ན། འདི་ལྟ་སྟེ། ལྡེ་གུ་དང་། སྣུམ་ཁུར་དང་། འབྲས་ཆན་དང་། ཟན་དྲོན་དང་། གཞན་ཡང་གང་གཡོས་སུ་བྱས་ཤིང་། ཟས་ཀྱི་རྣམ་པར་གྱུར་པའི་བཟའ་བ་སྲོག་འཛིན་
เล่ม ๑๒๘ · หน้า 46b
པར་བྱེད་པ་གང་ཡིན་པ་དེ་ནི་འཆོས་པ་ཞེས་བྱ་སྟེ། ཟོས་པ་ཡང་དེ་ཉིད་ཡིན་ནོ། །མྱངས་པ་ཡང་གང་ཞེ་ན། འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཤ་དང་། ཉ་ཤ་དང་། ཤ་སྐམ་དང་། ལན་
ཚྭ་དང་། ནགས་ཚལ་གྱི་ཤིང་ཏོག་དང་། བཟའ་བའི་རྣམ་པ་གང་ཡིན་པ་དེ་ནི་མྱངས་པ་ཞེས་བྱ་སྟེ། ཟོས་པ་དེ་ཡང་དེ་ཉིད་ཡིན་ནོ། །ཧྭགས་ཀྱི་རོ་དང་། ཤ་ཁ་རའི་རོ་དང་། རྩ་བ་མོ་དང་། ཞོ་ག་ཆུ་དང་། ཚྭ་དང་། དར་བ་དང་། ཐ་ན་ཆུ་ཡང་རུང་སྟེ། བཏུང་བར་བྱ་བ་གང་
ཡིན་པ་དེ་ནི་འཐུངས་པ་ཞེས་བྱའོ། །གལ་ཏེ་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། ཇི་ལྟར་བཟའ་བར་བྱ་བ་དང་། བཏུང་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མྱང་བར་བྱ་བ་
གང་ཡིན་པ་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེས་ཤེས་བཞིན་དེ་དང་ལྡན་པས། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། འཆའ་བར་བྱེད་པ་དང་། མྱོང་བར་བྱེད་པ་ན། གལ་ཏེ་ཟ་བར་བྱེད་དོ། །འཐུང་བར་བྱེད་དོ། །འཆའ་
བར་བྱེད་དོ། །མྱོང་བར་བྱེད་དོ་ཞེས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། བཟའ་བར་བྱ་བ་དང་། བཏུང་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མྱང་བར་བྱ་བ་གང་ཡིན་པ་དེས་ཟ་བར་བྱེད་ཅིང་མྱོང་བའི་བར་དུ་བྱེད་པ་དང་། གང་གི་ཚེ་བཟའ་བར་བྱ་བ་དང་། མྱང་བའི་བར་དུ་བྱེད་པ་དེའི་
ཚེ་ཟ་བར་བྱེད་ཅིང་། མྱང་བའི་བར་དུ་བྱེད་པ་དང་། ཇི་ལྟར་བཟའ་བར་བྱ་བ་དང་། མྱང་བའི་བར་དུ་བྱ་བ་དེ་ལྟར་ཟ་བར་བྱེད་ཅིང་། མྱོང་བའི་བར་དུ་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་
བྱའོ། །དེ་ལ་སོང་བ་ནི་གང་། སྡོད་པ་ནི་གང་། འདུག་པ་ནི་གང་། ཉལ་བ་ནི་གང་། མི་ཉལ་བ་ནི་གང་། སྨྲ་བ་ནི་གང་། མི་སྨྲ་བ་ནི་གང་། གཉིད་ཀྱིས་སྙོམ་པ་བསང་བ་ནི་གང་། སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་
เล่ม ๑๒๘ · หน้า 47a
ཀྱིས་སྙོམ་པ་བསང་བ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འཆགས་ན་འཆག་པའམ་ཆོས་མཐུན་པ་རྣམས་ཀྱི་གན་དུ་འགྲོ་བའམ། ལམ་དུ་ཞུགས་པ་གང་ཡིན་པ་དེ་ནི་སོང་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་འཆག་ས་ན་སྡོད་
པའམ་ཆོས་མཐུན་པ་རྣམས་སམ། མཁན་པོ་རྣམས་དང་། སློབ་དཔོན་རྣམས་སམ། བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་ཀྱི་མདུན་ན་སྡོད་པ་གང་ཡིན་པ་དེ་ནི་སྡོད་པ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་ཁྲི་འམ། ཁྲིའུ་འམ། རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་
དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་སྟེ། འདུག་པའམ། འདུག་པར་བྱེད་པ་གང་ཡིན་པ་དེ་ནི་འདུག་པ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་སམ། དགོན་པའམ། ཤིང་དྲུང་ངམ།
ཁོང་སྟོང་དག་ཏུ་ཁྲི་འམ། ཁྲིའུ་འམ། རྩྭ་བཏིང་བའི་སྟེང་དུ་གློ་གཡས་པ་ཕབ་སྟེ། རྐང་པ་རྐང་པའི་སྟེང་དུ་བཞག་སྟེ། ཉལ་བར་བྱེད་པ་གང་ཡིན་པ་དེ་ནི་ཉལ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་
ཡོངས་སུ་སྦྱོང་བར་བྱེད་ཅིང་། མཚན་མོའི་ཐུན་དང་པོ་དང་ཐ་མ་ལ་ཡང་ཤེས་བཞིན་དུ་བྱེད་པ་གང་ཡིན་པ་དེ་ནི་མི་ཉལ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་ཞིང་། ལུང་མནོས་པའི་ཆོས་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་
སྡེ་དང་། ལུང་བསྟན་པའི་སྡེ་ལ་སོགས་པ་རྒྱས་པར་སྔར་སྨོས་པ་དག་གིས་ལུང་ནོད་ཅིང་། ཀུན་ཆུབ་པར་བྱེད་པ་དང་། རྒྱས་པར་ཁ་ཏོན་བྱེད་པའི་བྱ་བས། ཁ་ཏོན་བྱང་བར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང་། ཚངས་པ་མཚུངས་པར་
སྤྱོད་པ་མཁས་པ་རྣམས་སམ། དེ་ལས་གཞན་པ་ཁྱིམ་ན་གནས་པ་རྣམས་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། བརྩོན་འགྲུས་བསྐྱེད་པའི་ཡོ་བྱད་ཀྱི་དོན་དུ་དུས་དུས་སུ་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་སྨྲ་བ་ཞེས་བྱའོ། །འདི་ལྟར་འདི་ན་
เล่ม ๑๒๘ · หน้า 47b
ལ་ལ་གཅིག་པུ་དབེན་པར་སོང་སྟེ། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པ་དང་། ཁ་ཏོན་བྱང་བར་བྱས་པའི་ཆོས་རྣམས་ཀྱི་དོན་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཅིང་ནང་དུ་ཡང་དག་པར་འཇོག་པར་བྱེད་དེ། སེམས་ནང་དུ་ཁོ་ནར་འཇོག་
པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད་པའམ། ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་པ་གང་
ཡིན་པ་དེ་ནི་མི་སྨྲ་བ་ཞེས་བྱའོ། །འདི་ལྟར་འདི་ན་ལ་ལ་དཔྱིད་ཀའི་དུས་སུ་ཉེ་བར་གནས་པར་གྱུར་ཅིང་། དཔྱིད་ཀའི་མཆོག་ཏུ་ཡོངས་སུ་ཚ་བའི་དུས་ལ་བབ་པའི་ཚེ་ཚ་བས་གནོད་པ་དང་། ཆད་པ་དང་། ངལ་བ་སྐྱེ་ཞིང་། དུས་མ་ཡིན་པར་གཉིད་ཀྱིས་སྙོམ་ཞིང་། ཉལ་
འདོད་པ་ཉིད་གང་ཡིན་པ་དེ་ནི་གཉིད་ཀྱིས་སྙོམ་པ་ཞེས་བྱའོ། །གལ་ཏེ་སོང་བ་དང་། གཉིད་ཀྱིས་སྙོམ་པ་བསང་བའི་བར་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། གང་དུ་འགྲོ་བར་བྱ་བ་དང་། གང་དུ་གཉིད་ཀྱིས་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང་
ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། གང་གི་ཚེ་འགྲོ་བར་བྱ་བ་དང་། གང་གི་ཚེ་གཉིད་ཀྱིས་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་པ་དང་། ཇི་ལྟར་འགྲོ་བར་བྱ་བ་དང་། ཇི་ལྟར་གཉིད་ཀྱིས་སྙོམ་པ་བསང་བར་བྱ་བའི་བར་དེ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་
ཤེས་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ཤེས་བཞིན་དེ་དང་ལྡན་པས། སོང་བ་དང་གཉིད་ཀྱིས་སྙོམ་པ་བསང་བའི་བར་དུ་བྱེད་པ་ན། གལ་ཏེ་སོང་ངོ་ཞེས་བྱ་བ་དང་། གཉིད་ཀྱིས་སྙོམ་པ་བསང་ངོ་ཞེས་བྱ་བའི་བར་དུ་ཡང་ཡང་དག་པ་ཁོ་ནར་རབ་ཏུ་ཤེས་ཤིང་། གང་
དུ་འགྲོ་བར་བྱ་བ་དང་། གང་དུ་གཉིད་ཀྱིས་སྙོམ་པ་བསང་བར་བྱ་བའི་བར་དུ་དེར་འགྲོ་ཞིང་དེར་གཉིད་ཀྱིས་སྙོམ་པ་བསང་བའི་བར་དུ་བྱེད་པ་དང་། གང་གི་ཚེ་འགྲོ་བ་དང་། གང་གི་ཚེ་གཉིད་ཀྱིས་སྙོམ་པ་བསང་བའི་བར་དུ་བྱ་བ་དེའི་ཚེ་འགྲོ་ཞིང་དེའི་ཚེ་གཉིད་ཀྱིས་སྙོམ་པ་བསང་བའི་བར་
เล่ม ๑๒๘ · หน้า 48a
དུ་བྱེད་པ་དང་། ཇི་ལྟར་འགྲོ་བར་བྱ་བ་དང་། ཇི་ལྟར་གཉིད་ཀྱིས་སྙོམ་པ་བསང་བའི་བར་དུ་བྱ་བ་དེ་ལྟར་འགྲོ་ཞིང་། དེ་ལྟར་གཉིད་ཀྱིས་སྙོམ་པ་བསང་བའི་བར་དུ་བྱེད་པ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་
བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་སྙོམ་པ་བསང་བ་ལ་དེའི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །ཤེས་བཞིན་དུ་སྤྱོད་པ་དེའི་གོ་རིམས་ནི་གང་། གཞི་རྣམ་པར་དབྱེ་བ་ནི་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གྲོང་ངམ། གྲོང་རྡལ་གང་ཡང་རུང་བ་དག་ལ་
བརྟེན་ཏེ་སྤྱོད་པར་བྱེད་པ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་བསོད་སྙོམས་ཀྱི་ཕྱིར་གྲོང་ངམ། གྲོང་རྡལ་འདིར་འགྲོ་བར་བྱ་ཞིང་བསོད་སྙོམས་བརྒྱུས་ནས་ཀྱང་ཕྱིར་གཙུག་ལག་ཁང་དུ་ལྡོག་པར་བྱ་སྟེ། གྲོང་ངམ། གྲོང་རྡལ་འདི་ན་གང་དག་ཏུ་བདག་འགྲོ་བར་བྱ་བ་མ་ཡིན་པའི་
ཁྱིམ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཤན་པའི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་གི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་དང་། གཞན་ཡང་ཞེ་འགྲས་པར་འགྱུར་བ་དང་། ཕྱིར་བཟློག་ཏུ་མི་རུང་བའི་
ཁྱིམ་གང་ཡིན་པ་དག་གོ། །གང་དག་ཏུ་བདག་འགྲོ་བར་བྱ་བའི་ཁྱིམ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་དག་དང་། ཁྱིམ་བདག་གི་རིགས་
ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་དག་དང་། གྲོང་མི་རྣམས་ཀྱི་ཁྱིམ་དག་དང་། ལྗོངས་ཀྱི་མི་རྣམས་ཀྱི་ཁྱིམ་དག་དང་། ཕྱུག་པོ་རྣམས་ཀྱི་ཁྱིམ་དག་དང་། ཚོང་དཔོན་རྣམས་ཀྱི་ཁྱིམ་དག་དང་། དེད་དཔོན་རྣམས་ཀྱི་ཁྱིམ་དག་སྟེ། གང་དག་ཏུ་བདག་འགྲོ་བར་བྱ་བའི་ཁྱིམ་དེ་
དག་ཏུ་ཡང་ཧ་ཅང་ཕྱི་དྲོར་གྱུར་ན་མི་འགྲོ་བར་བྱའོ། །ཧ་ཅང་ནམ་སྲོས་ན་མ་ཡིན། སྦྱིན་པ་པོ་དང་། སྦྱིན་བདག་བྱ་བས་བྲེལ་བ་དག་ཏུ་མ་ཡིན། རྩེད་མོ་དང་དགའ་བ་དང་། རྒྱན་པོའི་སྦྱོར་བ་ལ་རྗེས་སུ་ཞུགས་པ་དག་ཏུ་མ་ཡིན། གྲོང་པའི་ཆོས་ཀྱི་ཕྱིར་ཞུགས་པ་དག་ཏུ་མ་ཡིན།
เล่ม ๑๒๘ · หน้า 48b
འཁྲུགས་པ་དག་ཏུ་མ་ཡིན་ཏེ། འགྲོ་བ་ན་ཅི་ནས་ཀྱང་བདག་གླང་པོ་ཆེ་འཁྲུལ་པ་དང་འཕྲད་པར་མི་འགྱུར་བ་དང་། ཤིང་རྟ་དང་འཁྲུལ་པ་མ་ཡིན་པ་དང་། རྟ་དམུ་རྒོད་དང་མ་ཡིན་པ་དང་། བ་བརྡུང་ཀུས་མ་དང་མ་ཡིན་པ་དང་། ཁྱི་ཟ་བ་དང་མ་ཡིན་པ་དང་། ཚེར་ཐགས་སྟུག་པོས་མི་
བཤུད་པ་དང་། ངམ་གྲོག་དང་། གཅོང་རོང་དང་། གཡང་སར་ཡང་གཡང་དུ་མི་ལྟུང་བ་དང་། ལྗན་ལྗིན་གྱི་ནང་དུ་མི་སོང་བ་དང་། མི་གཙང་བའི་ཁུང་དུ་མི་སོང་བ་དང་། ཟླ་བ་ལྟར་ཁྱིམ་རྣམས་སུ་འགྲོ་བར་བྱ་ཞིང་ངོ་ཚ་དང་ལྡན་པ་དང་། སྤྱི་རྟོལ་མེད་པ་དང་། ལུས་དབེན་པ་དང་།
སེམས་དབེན་པ་དང་། རྙེད་པ་འདོད་པ་མ་ཡིན་པ་དང་། བཀུར་སྟི་འདོད་པ་མ་ཡིན་པ་དང་། ཇི་ལྟར་རང་གིས་ཐོབ་ན་དགའ་ཞིང་ཡིད་བདེ་བར་འགྱུར་བ་དེ་བཞིན་དུ་གཞན་གྱིས་ཐོབ་ན་ཡང་དགའ་ཞིང་ཡིད་བདེ་བར་འགྱུར་བ་དང་། བདག་ལ་མི་བསྟོད་པ་དང་། གཞན་ལ་མི་སྨོད་པ་དང་།
སྙིང་རྗེའི་སེམས་དང་ལྡན་པ་དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དེ་ལྟར་འགྲོ་བར་བྱ་ཞིང་། རབ་ཏུ་བྱུང་བས་གཞན་གྱི་ཁྱིམ་དག་ཏུ་བདག་ལ་གཞན་གྱིས་སྟེར་བར་འགྱུར་གྱི། མི་སྟེར་བར་མི་འགྱུར་བ་དང་། རྒྱས་པར་སྔ་མ་བཞིན་དུ་མྱུར་བ་ཡིན་གྱི། འགྱངས་ཏེ་མ་ཡིན་པའི་བར་དེ་ལྟ་
བུ་ལྟ་ག་ལ་རྙེད་སྙམ་པ་དང་། སོང་ནས་ཀྱང་བདག་གིས་བླང་བའི་ཚོད་རན་པར་བྱ་ཞིང་། རྙེད་པའི་ཕྱིར་མ་ཡིན་པ་དང་། ཚུལ་འཆོས་པར་མི་བྱ་ཞིང་ཁ་གསག་དང་། གཞོག་སློངས་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པར་མི་བྱ་བ་དང་། རྙེད་པ་དེ་ཡང་ཆགས་
པ་མེད་པ་དང་། ཞེན་པ་མེད་པ་དང་། འཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་སྙམ་པ། དེ་ལྟ་བུའི་སེམས་ཀྱིས་ཀྱང་འགྲོ་
བར་བྱའོ་སྙམ་པ་དང་། དེར་འགྲོ་བ་དང་། ལྡོག་པའི་ཚེ་གཟུགས་གང་དག་བལྟ་བར་བྱ་བ་དེ་དག་ལས་ཀྱང་། ཁ་ཅིག་ལ་ནི་བལྟ་བར་བྱ། ཁ་ཅིག་ལ་ནི་བལྟ་བར་མི་བྱའོ། །དེ་ལ་གང་དག་ལ་བལྟ་བར་མི་བྱ་བ་དེ་དག་ལ་ནི་དབང་པོ་ལེགས་པར་བསྡམས་ཏེ། མིག་གིས་མི་
เล่ม ๑๒๘ · หน้า 49a
བརྟག་པར་བྱའོ། །གང་དག་ལ་བལྟ་བར་བྱ་བ་དེ་དག་ལ་ནི་དྲན་པ་ཉེ་བར་གཞག་སྟེ། མིག་གིས་བརྟག་པར་བྱ་བའོ། །དེ་དག་ལ་གཟུགས་ཇི་ལྟ་བུ་དག་བལྟ་བར་མི་བྱ་བ་ཡིན་ཞེ་ན་འདི་ལྟ་སྟེ། ཟློས་གར་མཁན་དང་། བྲོ་གར་མཁན་དང་། བཞད་གད་མཁན་དང་།
འཇོ་སྒེག་མཁན་དང་། གཞན་ཡང་རོལ་མོའི་རྣམ་པ་བྲོ་གར་གླུ་དང་རོལ་མོའི་སྒྲ་ལ་འཇུག་པ་གང་ཡིན་པ་དག་དང་། དེ་བཞིན་དུ་བུད་མེད་རྣམས་དང་། བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་ཁྱད་པར་ཅན་དག་དང་། གཟུགས་གང་དག་མཐོང་ན་ཚངས་པར་སྤྱོད་པ་ལ་
གནོད་པ་དང་། ཚངས་པར་སྤྱོད་པའི་བར་ཆད་དང་། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་ཀུན་འབྱུང་བར་འགྱུར་བ། དེ་ལྟ་བུའི་གཟུགས་དེ་དག་ནི་ཆུང་ཟད་བལྟ་བར་ཡང་མི་བྱ། རྣམ་པར་བལྟ་བར་ཡང་མི་བྱ་བ་ཡིན་ནོ། །གཟུགས་ཅི་ལྟ་བུ་དག་ལ་
བལྟ་བར་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། རྒས་པ་དང་། རྙིས་པ་དང་། འཁོགས་པ་དང་། ལུས་དབུགས་ངར་ངར་པོས་བརྫངས་པ་དང་། ལུས་མདུན་དུ་དབྱིབས་སྒུ་བ་དང་། ལུས་འཁར་བ་ལ་རྟེན་ཅིང་འདར་བ་དང་། ན་བ་དང་། སྡུག་བསྔལ་བ་དང་། ནད་
ཚབས་ཆེ་བ་དང་། རྐང་པ་སྐྲངས་པ་དང་། ལག་པ་སྐྲངས་པ་དང་། ལྟོ་བ་སྐྲངས་པ་དང་། གདོང་སྐྲངས་པ་དང་། པགས་པའི་མདོག་སྐྱ་བ་དང་། ཤུ་བ་ཅན་དང་། ཁྱི་རྔོ་ཅན་དང་། མཛེ་ཅན་དང་། སྣད་པ་དང་། ལུས་ལ་རྨ་ཡོད་པ་དང་། ལུས་སྨིན་པ་དང་། དབང་
པོ་ཉམས་པ་དང་། ཤི་བའི་དུས་བྱས་པ་དང་། ཤི་ནས་ཞག་གཅིག་ལོན་པ་དང་། ཤི་ནས་ཞག་གཉིས་ལོན་པ་དང་། ཤི་ནས་ཞག་བདུན་ལོན་པ་དང་། ཁྭ་ངག་དང་། ཆུན་ལག་རྣམས་ཀྱིས་བཏོགས་པ་དང་། བྱ་རྒོད་དག་དང་། ཁྱི་དག་དང་། ཝ་དག་དང་། དུད་
འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་སྣ་ཚོགས་དག་གིས་བཟའ་བ་དང་། ཁྲིའི་སྟེང་དུ་བཞག་སྟེ། སྟེང་དུ་བླ་རེ་བྲེས་ལ། མདུན་དང་རྒྱབ་ན་སྐྱེ་བོ་ཕལ་པོ་ཆེ་སྐྲ་བཤིག་ཅིང་ཐལ་བས་གཏོར་ལ་ངུ་བར་བྱེད། ཆོ་ངེས་འདེབས་པར་བྱེད་ཅིང་དེ་བཞིན་དུ་མྱ་ངན་སྐྱེས་པ་དང་། སྡུག་
เล่ม ๑๒๘ · หน้า 49b
བསྔལ་སྐྱེས་པ་དང་། སྨྲེ་སྔགས་འདོན་པ་སྐྱེས་པ་དང་། ཡིད་མི་བདེ་བ་སྐྱེས་པ་དང་། ལཁྲུག་པ་སྐྱེས་པ་དག་གིས་ཕྱིར་འབྱིན་པར་བྱེད་པ་དེ་ལྟ་བུ་དག་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་གཟུགས་གང་དག་ཚངས་པར་སྤྱོད་པ་ལ་ཕན་པ་དང་། ཚངས་པར་སྤྱོད་པ་ལ་
བར་ཆད་མེད་པ་དང་། དགེ་བའི་རྣམ་པར་རྟོག་པ་ཀུན་འབྱུང་བར་གྱུར་པ་དེ་དག་ནི་བདག་གིས་བལྟ་བར་བྱ་བ་ཡིན་ནོ་སྙམ་པ་དང་། ལུས་མི་བསྒྱུར་བ་དང་། ལག་པ་མི་ཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། རྟ་སྐད་མི་དབྱུང་བ་དང་། ལག་པ་མི་སྦྲེལ་བ་དང་། ལག་པ་མི་
སྤྲད་པར་འགྲོ་བར་བྱ་ཞིང་། མ་བསྒོ་བར་སྟན་ལ་འདུག་པར་མི་བྱ་བ་དང་། སྟན་ལ་མ་བརྟགས་པར་མ་ཡིན་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། རྐང་པ་ཧ་ཅང་མི་དགུག་པ་དང་། རྐང་པ་ཧ་ཅང་མི་
གདངས་པར་སྟན་ལ་འདུག་པར་བྱའོ་སྙམ་པ་དང་། མགོ་མི་གཡོགས་པ་དང་། ཕྲག་པ་ལ་མི་གཟར་བ་དང་། མདུན་མི་བརྫེ་བ་དང་། ཕྲག་པ་གཉི་ག་ལ་མི་གཟར་བར་ཆོས་གོས་ཟླུམ་པོར་བགོ་བར་བྱ་ཞིང་། ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་།
གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་བལྟབས་པ་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པར་ཆོས་གོས་བགོ་བར་བྱའོ་སྙམ་པ་དང་། བཟའ་བ་དང་། བཅའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་
བྱ་ཞིང་། བཟའ་བ་དང་བཅའ་བའི་སྟེང་དུ་གཟུང་བར་མི་བྱ་བ་དང་། འོག་གཞི་མེད་པའི་ས་ཕྱོགས་དང་། གད་ཀ་དང་གཡང་སར་ལྷུང་བཟེད་མི་གཞག་པར་བྱའོ་སྙམ་པ་དང་། བསོད་སྙོམས་མཐར་ཆགས་ཀྱིས་ཡོངས་སུ་ལོངས་སྤྱོད་པར་བྱ་ཞིང་། འབྲས་ཆན་གྱིས་ཚོད་མ་
མི་དགབ་པ་དང་། ཚོད་མས་འབྲས་ཆན་མི་དགབ་པར་བྱ་བ་དང་། འཕྱ་སྨོད་མེད་པ་དང་། འཕྱ་སྨོད་ལ་རྗེས་སུ་ཞུགས་པ་མེད་པས་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང་། ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན། ཧ་ཅང་ཆུང་བ་ཡང་མ་ཡིན་པར་ཁམ་རན་པར་བཟའ་བར་བྱ་བ་
เล่ม ๑๒๘ · หน้า 50a
དང་། ལག་པ་མི་བལྡགས་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་བསྐྱམ་པ་དང་། ཁམ་འཕྲོར་མི་བཅད་པར་བསོད་སྙོམས་ཡོངས་སུ་ལོངས་སྤྱད་པར་བྱའོ་སྙམ་པ་དང་། བདག་ཁྱིམ་དེ་དག་ནས་ལྡོག་
ཅིང་ཕྱིར་འོངས་ཏེ། གཙུག་ལག་ཁང་དུ་སོང་ནས་ཀྱང་ཉིན་མོ་དང་མཚན་མོ་ཡིད་མི་གཅུགས་པ་དང་། སྐབས་མ་ཕྱེ་བ་དང་། མ་བསྐོས་པ་གཞན་དག་གི་མ་ཡིན་པ། གང་ཟག་སོ་སོའི་འཆགས་སར་ལུས་མི་ངལ་བ་དང་། ལུས་མི་དུབ་པ་དང་། གཡེང་བ་ཚར་གཅོད་པ་
དང་། དགེ་བའི་ཕྱོགས་ལ་བརྩོན་པ་དང་། མི་དགེ་བ་ཡིད་ལ་བྱེད་པ་དང་མི་ལྡན་པས་སེམས་ཀྱི་དབང་པོ་རྣམས་ནང་དུ་བསྡུས་པ་དང་། ཡིད་ཕྱི་རོལ་དུ་མ་སོང་བ་དང་། ཧ་ཅང་རིང་བ་མ་ཡིན་པ་དང་། ཧ་ཅང་བརྟད་པ་མ་ཡིན་པ་དང་། གཅིག་ཏུ་འགྲོ་བ་དང་། ལྡོག་པ་ལ་
སྦྱོར་བ་ཡིན་པར་སྐབས་སྐབས་སུ་འགྲོ་བ་དང་། སྐབས་སྐབས་སུ་སྡོད་ཅིང་བཅག་པར་བྱའོ་སྙམ་པ་དང་། དེ་བཞིན་དུ་ཡིད་མི་གཅུགས་པ་དང་། སྐབས་མ་ཕྱེ་བ་དང་། མ་བསྐོས་པ་གཞན་དག་གིས་མ་ཡིན་པར་རང་གི་གཙུག་ལག་ཁང་ངམ། རང་གི་ཁང་ཁྱིམ་མམ།
རང་གི་སྐབ་མོའམ། གང་ཟག་སོ་སོའི་གནས་སུ་བསྐོས་པའམ། དེ་བཞིན་དུ་དགོན་པའམ། ཤིང་དྲུང་ངམ། ཁང་སྟོང་དུ་ཁྲིའམ། ཁྲིའུའམ། རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས། དྲན་པ་ཕྱོགས་པར་བཞག་སྟེ་འདུག་པར་བྱའོ་
སྙམ་པ་དང་། མཚན་མོའི་ཐུན་བར་མ་ལ་ཉལ་བར་བྱ་ཞིང་། ཉལ་བ་ཡང་འདི་ལྟར་སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱའོ་སྙམ་པ་དང་། ཉིན་མོ་དང་། མཚན་མོའི་ཐུན་དང་པོ་ལ་མི་ཉལ་
བར་དགེ་བའི་ཕྱོགས་ཀྱིས་འདའ་བར་བྱའོ་སྙམ་པ་དང་། མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས། སྨྲ་བ་ཁ་ཏོན་གྱི་ལས་སམ། སྤོང་བ་ལ་ནང་དུ་ཡང་དག་པར་འཇོག་གམ། ཆོས་བསམ་པ་ལ་བརྩོན་པར་བྱས་ཏེ། གང་དག་མངོན་པར་ཤེས་པའི་
เล่ม ๑๒๘ · หน้า 50b
ཕྱིར་འཇུག་པ་མ་ཡིན་པ་དང་། རྫོགས་པར་བྱང་ཆུབ་པའི་ཕྱིར་མ་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་པ་དང་། འཇིག་རྟེན་པ་ལ་གྲགས་པའི་གསང་ཚིག་དང་། ཡིག་འབྲུ་སྣ་ཚོགས་དང་། ཚིག་སྣ་ཚོགས་དང་། ཡི་གེ་སྣ་ཚོགས་དང་། དོན་དང་མི་
ལྡན་པ་དག་རྣམ་པར་སྤང་བར་བྱ་ཞིང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཟབ་པ་ཟབ་པར་སྣང་བ་དང་། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་པ་ཉིད་དེའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པ་གང་ཡིན་པ་དེ་དག་གུས་པར་བྱས་ཏེ། གཟུང་བར་བྱ་ཞིང་། དམ་པོ་དང་།
བརྟན་པར་ཡང་བྱའོ། །ལེགས་པར་བཟུང་ནས་ཀྱང་རྙེད་པ་དང་། བཀུར་སྟིའི་ཕྱིར་མ་ཡིན་གྱི། ནན་ཏན་གྱིས་བསྒྲུབས་པས་ཆུད་མི་ཟ་བར་བྱ་ཞིང་ཆོས་དེ་དག་ཀྱང་ཁ་ཏོན་ཤིན་ཏུ་བྱང་བར་བྱ་བ་དང་། འདུ་འཛིའི་གཏམ་དང་ལས་ལ་དགའ་བ་དང་། སྨྲ་བ་ལ་དགའ་བས་འདའ་བར་མི་
བྱ་བར་དུས་དུས་སུ་དྲན་པ་ཉེ་བར་གཞག་སྟེ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱ། སོ་སོར་ཀུན་དགའ་བར་བྱ་ཞིང་སྐྱོན་འདོགས་པ་མེད་པའི་སེམས་ཀྱིས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དང་། དགེ་བ་གང་ཡིན་ཞེས་
བཙལ་བ་དང་། གཞན་དག་དང་ཆོས་ཀྱི་གཏམ་སྨྲ་བར་འདོད་པས་རན་པར་སྨྲ་བ་དང་། རིགས་པར་སྨྲ་བ་དང་། གནས་པར་སྨྲ་བ་དང་། ཞི་བར་སྨྲ་བས་གཞན་དག་ལས་ཆོས་ཀྱི་གཏམ་སྨྲ་བས་འདོད་པར་བྱའོ་སྙམ་པ་དང་། བདག་གིས་མི་སྨྲ་བས་སྡིག་པ་མི་དགེ་བའི་རྣམ་པར་
རྟོག་པ་དག་རྣམ་པར་བརྟག་པར་མི་བྱ་ཞིང་། ཚུལ་བཞིན་མ་ཡིན་པའི་ཆོས་སེམས་པ་ལ་མི་སྦྱོར་བར་བྱ་བ་དང་། མངོན་པའི་ང་རྒྱལ་ཅན་དུ་མི་བྱ་བ་དང་། ཁྱད་པར་རྟོགས་པ་ཅུང་ཟད་ཙམ་དང་། ངན་ངོན་ཙམ་གྱིས་བར་མ་དོར་སྒྱིད་ལུག་པར་མི་བྱ་བ་དང་། བསམ་པར་མི་བྱ་བའི་གནས་
རྣམས་ཡོངས་སུ་སྤང་བར་བྱ་བ་དང་། དུས་དུས་སུ་ཞི་གནས་དང་། ལྷག་མཐོང་ལ་བརྩོན་པར་བྱ་བ་དང་། སྤོང་བ་ལ་དགའ་བ་དང་། རྒྱུན་དུ་ཆུད་པར་བྱ་བ་ལ་བརྩོན་པ་དང་། གུས་པར་བྱ་བ་ལ་བརྩོན་པར་བྱའོ་སྙམ་པ་དང་། བདག་དཔྱིད་ཀའི་ཚ་བས་གདུངས་པ་དང་། དེ་
เล่ม ๑๒๘ · หน้า 51a
ལྟར་བརྩོན་པ་དང་། འབད་པ་དང་། རྩོལ་བའམ། རུང་བའི་བྱ་བ་ཅུང་ཟད་བྱེད་པས་ཡོངས་སུ་ངལ་བའི་རྒྱུ་དང་། ཡོངས་སུ་ངལ་བའི་གཞི་ལས་དུས་མ་ཡིན་པར་གཉིད་ཀྱིས་སྙོམ་པ་སྐྱེ་བར་གྱུར་ན། དེའི་དོན་དུ་ཅི་ནས་ཀྱང་མྱུར་བ་མྱུར་བ་ཁོ་ནར་དེ་མེད་
པར་འགྱུར་ཞིང་དུས་ཡུན་རིང་པོར་དགེ་བའི་ཕྱོགས་ཉམས་པར་མི་བྱ་བ་དང་། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་མི་འགྱུར་བར་བྱ་བའི་ཕྱིར། ཡུད་ཙམ་ཞིག་གཉིད་བསང་བར་བྱ་སྟེ། དེར་ཡང་བདག་གིས་སྒོ་བཅད་པའམ། དགེ་སློང་ཡོད་ན་ལྟར་གཞུག་པའམ། འདུལ་བའི་བསྲུང་བ་དང་། འདུལ་
བའི་ཆོ་གས་ཆོས་གོས་ཀྱིས་བཅིངས་ལ། གནས་དབེན་པར་འདུག་སྟེ། གཉིད་བསང་བར་བྱའོ་སྙམ་དུ་སེམས་པ་ཡིན་ཏེ། དེས་ན་དེའི་གཉིད་ཀྱིས་སྙོམ་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེས་ནི་འདི་ལྟ་སྟེ། རྒྱུ་བ་དང་སྤྱོད་ལམ་ལས་བརྩམས་ནས། ཤེས་
བཞིན་དུ་སྤྱོད་པ་ཉིད་ཀྱི་གོ་རིམས་ཡིན་ཏེ། དེ་ཁྱིམ་དུ་འགྲོ་བ་ན་དང་པོ་ཁོ་ནར་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཤེས་རབ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དེའི་ཤེས་བཞིན་ཞེས་བྱའོ། །དེ་ལྟར་ཤེས་བཞིན་དང་ལྡན་པས་རྒྱུ་བ་དང་། སྤྱོད་པ་
ཐམས་ཅད་མི་ཉུང་བར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་འགྲོ་བ་དང་། ལྡོག་པ་དང་། ཆུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅད་
བ་གང་ཡིན་པ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་གང་ཡིན་པ་དེ་ལ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི། གྲོང་དུ་རྒྱུ་བ་དང་ལྡན་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་
བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་གང་ཡིན་པ་དང་། གཉིད་ཀྱིས་སྙོམ་པ་བསང་བ་གང་ཡིན་པ་དེ་ལ་ཤེས་བཞིན་དུ་སྤྱོད་པ་གང་ཡིན་པ་དེ་ནི་གཙུག་ལག་ཁང་ན་སྤྱོད་པ་དང་ལྡན་པ་ལ་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱ་སྟེ། དེ་ནི་རེ་ཞིག་ཤེས་བཞིན་དུ་སྤྱོད་པ་ཉིད་ཀྱི་
เล่ม ๑๒๘ · หน้า 51b
རྣམ་པར་དབྱེ་བ་རྒྱས་པ་ཡིན་པར་རིག་པར་བྱའོ། །དོན་མདོར་བསྡུ་བ་གང་ཞེ་ན། རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་དང་། སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་དང་། རྒྱུ་བ་དང་ལྡན་པ་དང་། སྤྱོད་པ་དང་ལྡན་པའི་ལས་ལ་ཤེས་བཞིན་དུ་སྤྱོད་པ་རྣམ་པ་བཞི་གང་ཡིན་པ་
དེ་ནི་དོན་མདོར་བསྡུ་བ་ཞེས་བྱའོ། །དེ་ལ་རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་དང་། མིག་གི་ལས་དང་། ཡན་ལག་དང་། ཉིང་ལག་ཐམས་ཅད་ཀྱི་ལས་དང་། ཆོས་གོས་དང་། ལྷུང་བཟེད་ཀྱི་ལས་དང་། བསོད་སྙོམས་ཀྱི་ལས་ཏེ།
དེ་ནི་རྒྱུ་བ་དང་ལྡན་པའི་ལས་རྣམ་པ་ལྔ་ཞེས་བྱའོ། །དེ་ལ་རེ་ཞིག་ལྡོག་པ་དང་འགྲོ་བ་ཞེས་བྱ་བ་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་ལུས་ཀྱི་ལས་བསྟན་ཏོ། །ཆུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་མིག་གི་ལས་བསྟན་ཏོ། །བསྐུམ་པ་
དང་། བརྐྱང་བ་ཞེས་བྱ་བ་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ལས་བསྟན་ཏོ། །སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅང་བ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་ཆོས་གོས་དང་། ལྷུང་བཟེད་ཀྱི་ལས་བསྟན་ཏོ། །
ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་ཞེས་གང་གསུངས་པ་དེས་ནི་རྒྱུ་བ་དང་ལྡན་པའི་བསོད་སྙོམས་ཀྱི་ལས་བསྟན་ཏོ། །སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། ཉིན་
མོའི་ལས་དང་། མཚན་མོའི་ལས་ཏེ། དེ་ནི་སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་ཞེས་བྱའོ། །དེ་ལ་རེ་ཞིག་སོང་བ་དང་། སྡོད་པ་དང་། འདུག་པ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ལུས་ཀྱི་ལས་བསྟན་ཏོ། །སྨྲ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་
པའི་ངག་གི་ལས་བསྟན་ཏོ། །ཉལ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་སྙོམ་པ་བསང་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཡིད་ཀྱི་ལས་བསྟན་ཏོ། །མི་ཉལ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཉིན་མོའི་ལས་དང་། མཚན་མོའི་ལས་དང་།
เล่ม ๑๒๘ · หน้า 52a
ལུས་ཀྱི་ལས་དང་། ངག་གི་ལས་ཀྱང་བསྟན་ཏོ། །ཉལ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་མཚན་མོའི་ལས་དང་ཡིད་ཀྱི་ལས་ཁོ་ན་ཡང་བསྟན་ཏེ། དེ་ནི་སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་ཡིན་པར་རིག་པར་བྱའོ། །དེ་ལ་རྒྱུ་བ་དང་
ལྡན་པ་དང་། སྤྱོད་པ་དང་ལྡན་པའི་ལས་ལ་ཤེས་བཞིན་དུ་སྤྱོད་པ་རྣམ་པ་བཞི་གང་ཞེ་ན། དང་པོ་ཁོ་ནར་ལས་འདི་ལྟ་བུ་ཞིག་བརྩམ་མོ་ཞེས་རྒྱུ་བའི་ལས་སམ། སྤྱོད་པའི་ལས་ཤིག་རྩོམ་པར་བྱེད་པ་ན། ལས་དེ་ཉིད་ལ་དྲན་པ་ཉེ་བར་གཞག་ཅིང་། བག་ཡོད་པར་སྤྱོད་ལ།
ལས་དེ་དྲན་པས་ཡོངས་སུ་ཟིན་ཅིང་བག་ཡོད་པས་ཀྱང་ཡོངས་སུ་ཟིན་པས། གཞི་གང་ལ། ཕྱོགས་གང་དུ། དུས་གང་གི་ཚེ། ཇི་སྙེད་ཅིག །རྣམ་པ་གང་གིས། ཇི་ལྟར་བརྟག་པར་བྱ་བའི་གཞི་དེ་ལ། ཕྱོགས་དེར་དུས་དེའི་ཚེ། དེ་
སྙེད་ཅིག །རྣམ་པ་དེས། དེ་ལྟར་རྟོག་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པ་སྟེ། དེ་ལྟར་རྟོག་པར་བྱེད་ཅིང་། རབ་ཏུ་ཤེས་པར་བྱེད་པ་ན་ཚེ་འདི་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་དང་། ལྟུང་བ་མེད་པ་དང་། འགྱོད་པ་མེད་པ་དང་། ཡིད་ལ་གཅགས་པ་མེད་པ་
དང་། རྗེས་སུ་གདུང་བ་མེད་པར་འགྱུར་བ་དང་། ཚེ་ཕྱི་མ་ལ་ཡང་ཁ་ན་མ་ཐོ་བ་མེད་ཅིང་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མ་ཐོབ་པ་ཐོབ་པར་བྱ་བའི་ཚོགས་ཀྱི་རྒྱུ་བྱས་པར་འགྱུར་བ་ཡིན་ནོ། །
དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཀྱི་དོན་མདོར་བསྡུས་པ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས་པར་སྔ་མ་གང་ཡིན་པ་དང་། དོན་མདོར་བསྡུ་བ་གང་ཡིན་པ་དེ་ནི་ཤེས་བཞིན་དུ་སྤྱོད་པ་ཉིད་ཅེས་བྱའོ། །དེ་ལ་དགེ་བའི་བཤེས་གཉེན་གང་ཞེ་ན། རྒྱུ་རྣམ་པ་བརྒྱད་ཀྱིས་རྣམ་པ་ཐམས་ཅད་
ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱའོ། །བརྒྱད་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དང་པོ་ཁོ་ནར་ཚུལ་ཁྲིམས་ལ་གནས་པ་ཡིན་པ་དང་། མང་དུ་ཐོས་པ་ཡིན་པ་དང་། རྟོག་པ་དང་ལྡན་པ་ཡིན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་པ་
เล่ม ๑๒๘ · หน้า 52b
དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང་། བཟོད་པ་དང་ལྡན་པ་ཡིན་པ་དང་། མི་འཇིགས་པ་དང་ལྡན་པ་ཡིན་པ་དང་། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་ལ་གནས་པ་ཡིན་ཞེ་ན། རྒྱས་པར་སྔ་མ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པར་
གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། དགེ་སྦྱོང་གི་ལམ་འདོད་པ་དང་། བྲམ་ཟེའི་ལམ་འདོད་པ་དང་། བདག་དུལ་བར་བྱ་བ་དང་། བདག་ཞི་བར་བྱ་བ་དང་། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་ལྟར་ན་ཚུལ་
ཁྲིམས་ལ་གནས་པ་ཡིན་ནོ། །ཇི་ལྟར་ན་མང་དུ་ཐོས་པ་ཡིན་ཞེ་ན། དེས་ཆོས་ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།
ཡོངས་སུ་བྱང་བ་གང་དག་ཡིན་པ་དེ་དག་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་དང་། དེ་ལྟ་བུའི་ཆོས་ཆོས་མང་པོ་དག་ལེགས་པར་བཟུང་ཞིང་བསྟན་པར་བྱས་པ་དང་། ཁ་ཏོན་བྱས་པ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་ཡིན་ཏེ།
དེ་ལྟར་ན་མང་དུ་ཐོས་པ་ཡིན་ནོ། །ཇི་ལྟར་ན་རྟོག་པ་དང་ལྡན་པ་ཡིན་ཞེ་ན། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་
ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྡོས་
པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་
เล่ม ๑๒๘ · หน้า 53a
གོང་གི་འདུ་ཤེས་དང་། སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པར་གྱུར་ཅིང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་
དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་།
རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་རྣ་བ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། རྣམ་པར་ཐར་པ་བརྒྱད་བསྒོམ་པའི་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་འགྱུར་ལ། གཞན་དག་ལ་ཡང་
ཆོ་འཕྲུལ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དག་གིས་འདོམས་པའི་མཐུ་ཡོད་ཅིང་ནུས་པ་ཡིན་ཏེ། དེ་ལྟར་ན་རྟོག་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ཞེ་ན། གཞན་དག་
ལ་སྙིང་རྗེ་བ་དང་ལྡན་ཞིང་། སྙིང་བརྩེ་བར་ཞུགས་པ་དང་། དོན་དུ་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། བདེ་བ་ལ་རེག་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་ཡིན་ཏེ། དེ་ལྟར་ན་རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་
ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ཞེ་ན། ཡང་དག་པར་སྟོན་པར་བྱེད་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་དང་། ཡང་དག་པར་གཟེངས་སྟོད་པར་བྱེད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། འཁོར་བཞི་པོ་དག་ལ་ཆོས་སྟོན་པས་ངལ་བ་མེད་པ་དང་།
མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་དང་། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །ཇི་ལྟར་ན་བཟོད་པ་དང་ལྡན་པ་ཡིན་ཞེ་ན། གཤེ་ཡང་ཕྱིར་མི་གཤེ་བ་དང་། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང་།
เล่ม ๑๒๘ · หน้า 53b
བརྡེགས་ཀྱང་ཕྱིར་མི་བརྡེག་པ་དང་། (མཚུང་‚མཚང་)བྲུས་ཀྱང་ཕྱིར་མཚང་མི་འདྲུ་བ་དང་། བརྡུང་བ་དང་། ཡང་དང་ཡང་དུ་བརྡུང་བ་དང་། བཟོད་པ་དང་། བཅིངས་པ་དང་། གོ་རར་བཅུག་པ་དང་། བཙོག་པ་དང་། སྨད་པ་དང་། བསྡིགས་པ་དང་། བཅད་པ་རབ་ཏུ་
དམ་པོ་དག་ལ་ཡང་བདག་ཉིད་ཀྱི་ཉེས་པ་ཡིན་པར་སེམས་ཤིང་། ལས་ཀྱི་རྣམ་པར་སྨིན་པའི་རྗེས་སུ་འཇུག་པར་བྱེད་ལ། གཞན་དག་ལ་འཁྲུག་པར་མི་བྱེད་ཅིང་། ཁོན་དུ་འཛིན་པར་མི་བྱེད་པ་དང་། བརྙས་པ་དང་། མི་སྙན་པར་བརྗོད་པ་དང་། རྣམ་པར་སྨད་ན་ཡང་།
རྣམ་པར་འགྱུར་བ་མེད་ཅིང་། ཕན་པ་འབའ་ཞིག་ཏུ་སེམས་པ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་རྣམས་དང་། གཞན་དག་ལས་ངན་དུ་བརྗོད་
པ་དང་། ངན་པ་མ་འོངས་པའི་ཚིག་གི་ལམ་དག་བཟོད་པ་དང་། ལུས་ལས་ཚོར་བ་སྡུག་བསྔལ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་སྐྱེས་པ་དག་ཀྱང་བཟོད་ཅིང་། དང་དུ་ལེན་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ལྡན་པ་
ཡིན་ནོ། །ཇི་ལྟར་ན་མི་འཇིགས་པ་དང་ལྡན་པ་ཡིན་ཞེ་ན། སེམས་ཀུན་ཏུ་ཞུམ་པ་མེད་པ་དང་། སྐད་འདར་འདར་པོ་མེད་པ་དང་། བརྗེད་པ་མེད་པའི་སྤོབས་པས་འཁོར་རྣམས་ལ་ཆོས་སྟོན་པར་བྱེད་པ་དང་། འཇིགས་པའི་རྒྱུ་དང་། འཇིགས་པའི་གཞི་དེ་ལ་སྐྲག་པ་མི་
འབྱུང་མི་སྐྱེ་ཞིང་། མཆན་ཁུང་དང་། སྤུའི་ཁུང་བུ་དག་ནས་ཀྱང་རྔུལ་འབྱུང་བར་མི་འགྱུར་བ་ཡིན་ཏེ། དེ་ལྟར་ན་མི་འཇིགས་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཚིག་གི་བྱ་བ་དང་ལྡན་པ་ཡིན་ཞེ་ན། འཁོར་དུ་གྲགས་པ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་
དང་། རྣམ་པར་རིག་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། རྟེན་པ་མེད་པ་དང་། ཕྱིར་མི་ཟློགས་པའི་ཚིག་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་ཚིག་གི་བྱ་བ་དང་ལྡན་ཞིང་ཚིག་དགེ་བ་ཡིན་ནོ། །དེ་རྒྱུ་བརྒྱད་པོ་དེ་དག་དང་ལྡན་པས་ན་སྐུལ་བར་བྱེད་པ་དང་།
เล่ม ๑๒๘ · หน้า 54a
དྲན་པར་བྱེད་པ་དང་། འདོམས་པར་བྱེད་པ་དང་། རྗེས་སུ་སྟོན་པར་བྱེད་པ་དང་། ཆོས་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་སྐུལ་བར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ཉམས་པ་དང་། ལྷག་པའི་ཆོ་ག་ལ་ཆོ་ག་
ཉམས་པས་མཐོང་བ་དང་། ཐོས་པ་དང་། དོགས་པའི་སྒོ་ནས་བདེན་པས་ཡིན་གྱི་མི་བདེན་པས་མ་ཡིན་པ་དང་། དུས་སུ་ཡིན་གྱི་དུས་སུ་མ་ཡིན་པར་མ་ཡིན་པ་དང་། དོན་དང་ལྡན་པས་ཡིན་གྱི་དོན་དང་མི་ལྡན་པས་མ་ཡིན་པ་དང་། ཚིག་འཇམ་པོས་ཡིན་གྱི་རྩུབ་མོས་མ་ཡིན་
པ་དང་། མཛའ་བཤེས་ཀྱི་དངོས་པོས་ཡིན་གྱི་ཞེ་སྡང་གི་སྐབས་ཀྱིས་མ་ཡིན་པར་སྐུལ་བར་བྱེད་པ་ཡིན་གྱི། དེ་ལྟར་ན་སྐུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དྲན་པར་བྱེད་པ་ཡིན་ཞེ་ན། ལྟུང་བ་དང་། ཆོས་དང་། དོན་དྲན་པར་བྱ་བ་ཡིན་ཏེ། ཇི་ལྟར་ན་ལྟུང་བ་དྲན་པར་བྱེད་པ་
ཡིན་ཞེ་ན། འདི་ལྟ་སྟེ། ལྟུང་བ་བྱུང་བ་མི་དྲན་ན། དེ་ལ་ཚེ་དང་ལྡན་པ་ལ་ཡུལ་ཆེ་གེ་མོ་ཞིག་ཏུ་གཞི་མང་གེ་མོ་ཞིག་ལ། དུས་ག་གེ་མོ་ཞིག་གི་ཚེ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་བྱུང་ངོ་ཞེས་དྲན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ལྟུང་བ་དྲན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཆོས་དྲན་པར་བྱེད་
པ་ཡིན་ཞེ་ན། འདི་ལྟར་རྒྱས་པར་སྔ་མ་བཞིན་དུ། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེའི་ཆོས་ཉན་ཅིང་རྗེས་སུ་བཟུང་བ་རྣམས་གཅིག་པུས་མི་དྲན་ནམ། དྲན་པར་འདོད་པ་ལས་མི་དྲན་ན་དེ་ལ་དྲན་པར་བྱེད་པའམ།
དྲན་པ་བརྗེད་པ་ཕྱིར་དྲན་པར་བྱ་བ་དང་། ཀུན་དྲི་བ་དང་། ཡོངས་སུ་དྲི་བ་རྗེས་སུ་སྦྱིན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཆོས་དྲན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དོན་དྲན་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། དོན་ཐོས་པ་བརྗེད་ན། དེ་ལ་དྲན་པར་བྱེད་ཅིང་། ཡང་དང་ཡང་དུ་སད་པར་
བྱེད། གསལ་བར་བྱེད། སྟོན་པར་བྱེད། ཡང་དག་པར་སྟོན་པར་བྱེད་པ་དང་། དགེ་བ་དོན་དང་ལྡན་པ་ཚངས་པར་སྤྱོད་པ་དང་ལྡན་པ་བྱས་ནས་ཡུན་རིང་དུ་ལོན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་གང་ཡིན་པ་དེ་དག་ཀྱང་དྲན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དྲན་པར་བྱེད་པ་ཡིན་
เล่ม ๑๒๘ · หน้า 54b
ནོ། །ཇི་ལྟར་ན་འདོམས་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་དབེན་པ་དང་། ནང་དུ་ཡང་དག་འཇོག་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ཞི་གནས་དང་། ལྷག་མཐོང་ལ་དུས་དུས་སུ་རྗེས་སུ་མཐུན་པའི་གདམས་ངག་སྦྱིན་པར་བྱེད་པ་དང་། དུས་དུས་སུ་དེ་དང་ལྡན་
པའི་གཏམ་ཟེར་ཏེ། འདི་ལྟ་སྟེ། སེམས་ཀྱི་སྒྲིབ་པ་སྤོང་བ་དང་མཐུན་པར་འགྱུར་བའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། ཏིང་ངེ་འཛིན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། རྣམ་པར་གྲོལ་བའི་གཏམ་མམ། ཡེ་ཤེས་མཐོང་བའི་གཏམ་མམ།
འདོད་པ་ཆུང་བའི་གཏམ་མམ། ཆོག་ཤེས་པའི་གཏམ་མམ། སྤོང་བའི་གཏམ་མམ། འདོད་ཆགས་དང་བྲལ་བའི་གཏམ་མམ། འགོག་པའི་གཏམ་མམ། མི་སྩོགས་པའི་གཏམ་མམ། འདུ་འཛི་མེད་པའི་གཏམ་མམ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་
བ་དང་རྗེས་སུ་མཐུན་པའི་གཏམ་ཟེར་བ་ཡིན་ཏེ། དེ་ལྟར་ན་འདོམས་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་རྗེས་སུ་སྟོན་པར་བྱེད་པ་ཡིན་ཞེ་ན། སྟོན་པའི་བསྟན་པའི་ཆོས་འདུལ་བས་ཡང་དག་པར་རྗེས་སུ་སྟོན་པར་བྱེད་པ་དང་། མཁན་པོའམ། སློབ་དཔོན་ནམ། ཆོས་མཐུན་པའི་བླ་
མའམ། བླ་མ་ལྟ་བུར་གྱུར་པས་རྩོད་པ་གང་ཡང་རུང་བ་ཞིག་བྱུང་ཞིང་འདས་པར་རིག་ནས། དེ་ལ་དུས་དུས་སུ་སྨོད་པར་བྱེད། ཆད་པས་གཅོད་པར་བྱེད། སྤོང་བར་བྱེད་པ་དང་། ཡང་ཆོས་དང་མཐུན་པས་ལོངས་སྤྱོད་མཉམ་པར་བློན་གདབ་པ་འཛིན་དུ་འཇུག་ཅིང་སྡུད་པར་
བྱེད་པ་དང་། བྱ་བ་དང་བྱ་བ་མ་ཡིན་པ་ལྷག་པར་སྤྱད་པར་བྱ་བ་དང་། ལྷག་པར་སྤྱད་པར་མི་བྱ་བའི་ཕྱིར། ལྷག་པར་སྤྱད་པ་དང་། ལྷག་པར་མ་སྤྱད་པ་ཡང་སྟོན་ཅིང་། རྗེས་སུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྗེས་སུ་སྟོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཆོས་སྟོན་
པར་བྱེད་པ་ཡིན་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་རྣམ་པར་བྱང་བར་བྱ་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དུས་དུས་སུ་སྔོན་གྱི་དུས་སུ་བརྗོད་པར་བྱ་བའི་གཏམ་འདི་ལྟ་སྟེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་
เล่ม ๑๒๘ · หน้า 55a
གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་དག་གི་རོ་མྱོང་བའི་ཉེས་དམིགས་ལས། ངེས་པར་འབྱུང་བར་འགྱུར་བ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དང་། དུས་དུས་སུ་སྡུག་བསྔལ་ལམ། ཀུན་
འབྱུང་བའམ། འགོག་པའམ། ལམ་ལས་བརྩམས་ཏེ། ཡང་དག་པར་འདྲེན་པར་བྱེད་པ་འཕགས་པའི་བདེན་པ་བཞི་དང་ལྡན་པའི་གཏམ་ཚིག་འབྲུ་འབྱོར་པ་དང་། འབྲེལ་པ་དང་། རྗེས་སུ་མཐུན་པ་དང་། རྗེས་སུ་འཕྲོད་པ་དང་། ཐབས་དང་ལྡན་པ་དང་། འཚམ་
པ་དང་། མཐུན་པ་དང་། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དང་ལྡན་པ་དག་ཟེར་ཞིང་གཏམ་དེ་ཡང་དུས་ལ་བབས་པ་དང་། གུས་པར་བྱས་པ་དང་། སྔ་ཕྱི་འཚམ་པ་དང་། མཚམས་སྦྱོར་བ་དང་། རྗེས་སུ་འབྲེལ་པ་དང་། རངས་པར་འགྱུར་བ་དང་། དགའ་བར་འགྱུར་བ་
དང་། མགུ་བར་འགྱུར་བ་དང་། སྤྲོ་བར་འགྱུར་བ་དང་། སྒྱིད་ལུག་པར་མི་འགྱུར་བ་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། རྗེས་སུ་སྙིང་བརྩེ་བའི་སེམས་དང་། རྙེད་པ་དང་། བཀུར་སྟི་དང་། གྲགས་པ་ལ་མི་བརྟེན་པ་དང་། བདག་ལ་མི་
བསྟོད་པ་དང་། གཞན་ལ་མི་སྨོད་པས་རིགས་པ་དང་། འབྲེལ་བ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་རྣམས་ལ་མཐུན་པར་ཟེར་བ་ཡིན་ཏེ། དེ་ལྟར་ན་ཆོས་སྟོན་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པོ་དེ་དག་དང་ལྡན་པ་གང་ཡིན་པ་དེ་ནི་དེ་ལྟར་དུས་
དུས་སུ་སྐུལ་བར་བྱེད་པ་དང་། དྲན་པར་བྱེད་པ་དང་། འདོམས་པར་བྱེད་པ་དང་། རྗེས་སུ་སྟོན་པར་བྱེད་པ་དང་། ཆོས་སྟོན་པར་བྱེད་པ་ཡིན་པས་ན་དེའི་ཕྱིར་དགེ་བའི་བཤེས་གཉེན་ཞེས་བྱ་སྟེ། དེ་ནི་རེ་ཞིག་དགེ་བའི་བཤེས་གཉེན་གྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་
བསྡུས་པ་གང་ཞེ་ན། གལ་ཏེ་མཛའ་བཤེས་དང་། མཛའ་བོ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ལ། དང་པོ་ཁོ་ནར་ཕན་པར་འདོད་པ་དང་། བདེ་བར་འདོད་པ་ཡིན་པ་དང་། ཕན་པ་དང་བདེ་བ་དེ་ཡང་ཕྱིན་ཅི་མ་ལོག་ཅིང་ལྟ་བ་མ་ལོག་པར་ཡང་དག་པ་ཇི་ལྟ་བ་བཞིན་
เล่ม ๑๒๘ · หน้า 55b
དུ་རབ་ཏུ་ཤེས་པ་ཡིན་པ་དང་། འདི་ལྟ་སྟེ་ཕན་པ་དང་། བདེ་བ་དེ་ཉིད་ཡང་དག་པར་སྒྲུབ་པ་དང་། ཉེ་བར་བསྡུ་བའི་མཐུ་ཡོད་ཅིང་ཐབས་ལ་མཁས་པ་ཡིན་པ་དང་། འདི་ལྟ་སྟེ་ཕན་པ་དང་བདེ་བ་ཉིད་ཉེ་བར་བསྡུ་བ་ལས་བརྩམས་ཏེ། མཁས་པ་དང་ལེ་ལོ་མེད་པ་དང་། སྒྲུབ་
ཕོད་པ་དང་། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་པར་གྱུར་ན། རྒྱུ་བཞི་པོ་དེ་དག་གིས་མདོར་བསྡུ་ན། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱའོ། །དེ་ནི་དགེ་བའི་བཤེས་གཉེན་གྱི་དོན་མདོར་བསྡུས་པ་ཡིན་ཏེ།
རྣམ་པར་དབྱེ་བ་རྒྱས་པ་སྔ་མ་གང་ཡིན་པ་དང་། དོན་མདོར་བསྡུ་བ་འདི་གང་ཡིན་པ་དེ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ།། །།ཉན་ཐོས་ཀྱི་ས་བམ་པོ་དྲུག་པ། དམ་པའི་ཆོས་ཉན་པ་དང་། སེམས་པ་གང་ཞེ་ན། དམ་པའི་ཆོས་ཞེས་བྱ་བ་ནི་སངས་རྒྱས་དང་།
སངས་རྒྱས་ཀྱི་ཉན་ཐོས་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་། བཤད་པ་དང་། གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་། ཡང་དག་པར་བཤད་པ་ཡིན་ཏེ། དེ་ཡང་གང་ཞེ་ན། གསུང་རབ་ཡན་ལག་བཅུ་
གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་།
ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་ཆོས་ཀྱི་སྡེ་དག་སྟེ། དེ་དམ་པའི་ཆོས་ཞེས་བྱའོ། །དེ་ལ་མདོའི་སྡེ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་གདུལ་བ་དེ་དང་དེ་དག་དང་གདུལ་བའི་སྤྱོད་པ་རྣམས་ལས་བརྩམས་
ནས་ཕུང་པོ་དང་ལྡན་པའི་གཏམ་དང་། སྐྱེ་མཆེད་དང་ལྡན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་དང་། ཟས་དང་། བདེན་པ་དང་། ཁམས་དང་ལྡན་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་དང་།
เล่ม ๑๒๘ · หน้า 56a
ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དང་ལྡན་པ་དང་། མི་སྡུག་པ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དང་། བསླབ་པ་དང་། ཤེས་
ནས་དད་པ་དང་ལྡན་པའི་གཏམ་གསུངས་པ་གང་ཡིན་པ་དག་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་འདི་ལྟ་སྟེ། དགེ་བ་དོན་དང་ལྡན་པ། ཚངས་པར་སྤྱོད་པ་དང་ལྡན་པ་དེ་དང་དེ་དག་བསྟན་པར་བྱ་བའི་ཕྱིར།
མིང་གི་ཚོགས་དང་། ཚིག་གི་ཚོག་དང་། ཡི་གེའི་ཚོགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་བཀོད་ཅིང་། རིམ་གྱིས་སྦྱོར་བ་གང་ཡིན་པ་དེ་ནི་མདོའི་སྡེ་ཞེས་བྱའོ། །དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང་།
བཀྲི་བའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ལུང་བསྟན་པའི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་ཤི་འཕོས་པ་དང་། དུས་བྱས་པ་དང་། སྐྱེ་བ་ལུང་སྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་ལུང་བསྟན་པའི་སྡེ་ཞེས་བྱའོ། །ཚིགས་སུ་
བཅད་པའི་སྡེ་གང་ཞེ་ན། རྐྱང་པས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་རྩ་བ་གཉིས་པའམ། རྩ་བ་གསུམ་པའམ། རྩ་བ་བཞི་པའམ། རྩ་བ་ལྔ་པའམ། རྩ་བ་དྲུག་པར་རྩ་བ་བསྡེབས་ཏེ་བཤད་པ་གང་ཡིན་པ་དེ་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་པའི་སྡེ་གང་ཞེ་
ན། གང་ཟག་གི་མིང་དང་རིས་ཡོངས་སུ་མ་བརྗོད་མ་བསྟན་པར། ཕྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པ་དེ་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླེང་གཞིའི་སྡེ་གང་ཞེ་ན། གང་ཟག་གི་མིང་དང་རིགས་
ཡོངས་སུ་བརྗོད་ཅིང་བསྟན་ཏེ། བཤད་པ་དང་། ཆུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་པ་སོ་སོར་ཐར་པའི་མདོ་སྡེ་གང་ཡིན་པ་དེ་ནི་གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དཔེ་དང་བཅས་པར་བསྟན་པ་སྟེ། དཔེ་དེས་དོན་གྱི་
เล่ม ๑๒๘ · หน้า 56b
རང་བཞིན་དེ་རྣམ་པར་གསལ་བར་འགྱུར་བ་གང་ཡིན་པ་དེ་ནི་རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །དེ་ལྟ་བུ་བྱུང་བའི་སྡེ་གང་ཞེ་ན། ཆུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་པའི་རབས་ཀྱི་སྡེ་གང་ཞེ་ན། འདས་པའི་དུས་ལ་བརྟེན་ཏེ། བཅོམ་
ལྡན་འདས་ཀྱིས་འཆི་འཕོ་དང་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དཀའ་བ་སྤྱད་པ་བསྟན་པ་གང་ཡིན་པ་དེ་ནི་སྐྱེས་པའི་རབས་ཀྱི་སྡེ་ཞེས་བྱའོ། །ཤིན་ཏུ་རྒྱས་པའི་མདོ་གང་ཞེ་ན། གང་ལས་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སྟོབས་བཅུ་དང་། སྒྲིབ་
པ་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྟན་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་གང་ཞེ་ན། གང་ལས་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དགེ་སློང་རྣམས་དང་།
དགེ་སློང་མ་རྣམས་དང་། དགེ་སློབ་མ་རྣམས་དང་། དགེ་ཚུལ་རྣམས་དང་། དགེ་ཚུལ་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། དེ་ལས་གཞན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་
བར་གྲགས་པ་དག་བསྟན་པ་གང་ཡིན་པ་དེ་ནི་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་ཞེས་བྱའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་གང་ཞེ་ན། མདོ་སྡེ་དྲན་པར་བྱེད་ཅིང་། མདོ་སྡེ་རྣམ་པར་འཆད་པར་བྱེད་པ་མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ནི་གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་
བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་དག་ལ་མདོ་སྡེ་ཡང་ཡོད། འདུལ་བ་ཡང་ཡོད། ཆོས་མངོན་པ་ཡང་ཡོད་དེ། དེ་ལ་རེ་ཞིག་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་།
རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་གང་གསུངས་པ་དེ་ནི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་ཞེས་གང་གསུངས་པ་དེ་ནི་འདུལ་བ་ཞེས་བྱའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་
เล่ม ๑๒๘ · หน้า 57a
ཞེས་གང་གསུངས་པ་དེ་ནི་ཆོས་མངོན་པ་ཞེས་བྱ་སྟེ། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་ཀྱིས་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དེ་དག་ནི་དམ་པའི་ཆོས་ཞེས་བྱའོ། །དེ་ཉན་པ་ནི་དམ་པའི་ཆོས་ཉན་པ་སྟེ། དེ་
ཡང་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མདོ་སྡེ་འཛིན་པའམ། འདུལ་བ་འཛིན་པའམ། མ་མོ་འཛིན་པའམ། མདོ་སྡེ་དང་འདུལ་བ་འཛིན་པའམ། མདོ་སྡེ་དང་མ་མོ་འཛིན་པའམ། འདུལ་བ་དང་མ་མོ་འཛིན་པའམ། མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཡིན་ཏེ། དེ་ནི་དམ་པའི་
ཆོས་ཉན་པ་ཞེས་བྱའོ། །ཉན་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་འབྲུ་ཉན་པ་དང་། དོན་ཉན་པའོ། །སེམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གཅིག་པུ་དབེན་པར་སོང་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དྲུག་པོ་འདི་ལྟ་སྟེ། བདག་ལ་སེམས་པ་དང་། སེམས་ཅན་ལ་
སེམས་པ་དང་། འཇིག་རྟེན་པ་ལ་སེམས་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་རྣམ་པར་སྦྱངས་ནས། ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་གི་
མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་ཡིན་ནོ། །སེམས་པ་དེ་ཡང་རྣམ་པ་གཉིས་ཏེ། བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང་། གཞལ་བའི་རྣམ་པས་རིག་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་པར་བྱེད་
པ་ཡིན་ནོ། །གལ་ཏེ་ཕུང་པོ་དང་ལྡན་པ་བསྟན་པ་ལ་སེམས་པར་བྱེད་དམ། གལ་ཏེ་དེ་ལས་གཞན་པ་སྔར་བསྟན་པ་གང་ཡང་རུང་བ་བསྟན་པ་ལ་སེམས་པར་བྱེད་ན་ཡང་རྣམ་པ་དེ་གཉིས་ཀྱིས་སེམས་པར་བྱེད་པ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། གཟུགས་ཞེས་བྱ་བ་ནི་སྐྱེ་མཆེད་གཟུགས་ཅན་
བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་གང་ཡིན་པ་སྟེ། དེ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཚོར་བ་རྣམ་པ་གསུམ་ནི་ཚོར་བའི་ཕུང་པོ་ཡིན་ནོ། །འདུ་ཤེས་ཀྱི་ཚོགས་དྲུག་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན། འདུ་བྱེད་ཀྱི་ཚོགས་དྲུག་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན། རྣམ་
เล่ม ๑๒๘ · หน้า 57b
པར་ཤེས་པའི་ཚོགས་དྲུག་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། དེ་ལྟར་ན་བགྲང་བ་དང་། གྲངས་ཀྱི་རྣམ་པར་ཕུང་པོ་བསྟན་པ་ལ་སེམས་པར་བྱེད་པ་དང་། གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་གྲངས་དང་། བགྲང་བའི་རྣམ་པ་སེམས་པ་དེ་ལ་ཚད་མེད་པའི་སྒོ་ནས་འཇུག་
པའི་ཚུལ་དུ་རིག་པར་བྱའོ། །ཇི་ལྟར་ན་རིགས་པས་ཉེ་བར་བརྟགས་པའི་སེམས་པས་ཕུང་པོ་བསྟན་པ་ལ་སེམས་པར་བྱེད་པ་ཡིན་ཞེ་ན། རིགས་པ་བཞིས་ཉེ་བར་རྟོག་པར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་
སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པས་སོ། །དེ་ལ་ལྟོས་པའི་རིགས་པ་གང་ཞེ་ན། ལྟོས་པ་ནི་རྣམ་པ་གཉིས་ཏེ། སྐྱེ་བའི་ལྟོས་པ་དང་། གདགས་པའི་ལྟོས་པའོ། །དེ་ལ་སྐྱེ་བའི་ལྟོས་པ་ནི་རྒྱུ་གང་དག་དང་། རྐྱེན་གང་དག་གིས་ཕུང་པོ་རྣམས་སྐྱེ་བར་འགྱུར་བའི་
ཕུང་པོའི་སྐྱེ་བ་དེ་ནི་རྒྱུ་དེ་དག་དང་། རྐྱེན་དེ་དག་ལས་ལྟོས་པ་ཡིན་ནོ། །མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་གང་དག་གི་ཕུང་པོ་རྣམས་གདགས་པར་འགྱུར་བའི་ཕུང་པོ་གདགས་པ་དེ་ནི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དེ་དག་
ལ་ལྟོས་པ་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་སྐྱེ་བའི་ལྟོས་པ་དང་། གདགས་པའི་ལྟོས་པ་ཞེས་བྱའོ། །སྐྱེ་བའི་ལྟོས་པ་གང་ཡིན་པ་དང་། གདགས་པའི་ལྟོས་པ་གང་ཡིན་པ་དེ་ནི་ཕུང་པོ་སྐྱེ་བ་དང་། ཕུང་པོར་གདགས་པའི་རིགས་པ་དང་། སྦྱོར་བ་དང་ཐབས་ཡིན་པས་ན་དེའི་
ཕྱིར་ལྟོས་པའི་རིགས་པ་ཞེས་བྱའོ། །བྱ་བ་བྱེད་པའི་རིགས་པ་གང་ཞེ་ན། ཕུང་པོ་རང་གི་རྒྱུ་དང་། རང་གི་རྐྱེན་གྱིས་བསྐྱེད་པ་གང་ཡིན་པ་རྣམས་ནི་རང་གི་བྱ་བ་བྱེད་པ་དེ་དང་དེ་དག་ལ་སྦྱོར་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་མིག་གིས་གཟུགས་རྣམས་ལ་ལྟ་བར་བྱེད་པ་དང་། རྣ་
བས་སྒྲ་རྣམས་ཉན་པར་བྱེད་པ་དང་། ཡིད་ཀྱིས་ཆོས་རྣམས་ཤེས་པར་བྱེད་པའི་བར་ལྟ་བུ་དང་། གཟུགས་ཀྱིས་མིག་གི་སྤྱོད་ཡུལ་དུ་གནས་པར་བྱེད་པ་དང་། སྒྲས་རྣ་བའི་སྤྱོད་ཡུལ་དུ་གནས་པར་བྱེད་པ་དང་། དེ་བཞིན་དུ་ཆོས་རྣམས་ཀྱིས་ཡིད་ཀྱི་སྤྱོད་ཡུལ་དུ་གནས་པར་བྱེད་པའི་བར་
เล่ม ๑๒๘ · หน้า 58a
དག་ལྟ་བུ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་དེ་དང་དེ་དག་གཅིག་ལ་གཅིག་བྱ་བ་བྱེད་པའི་རིགས་པ་དང་། སྦྱོར་བ་དང་། ཐབས་སུ་འགྱུར་བ་གང་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །འཐད་པ་སྒྲུབ་པའི་རིགས་པ་གང་ཞེ་ན། ཕུང་
པོ་རྣམས་མི་རྟག་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། སྡུག་བསྔལ་བའམ། སྟོང་པའམ། བདག་མེད་པའོ་ཞེས་ཚད་མ་གསུམ་པོ་འདི་ལྟ་སྟེ། ཡིད་ཆེས་པའི་ལུང་དང་། མངོན་སུམ་དུ་རྗེས་སུ་དཔག་པ་དག་གིས་ཉེ་བར་རྟོག་པར་བྱེད་ཅིང་འཐད་པའི་རིགས་པ་དམ་
པ་རྣམས་ཀྱི་སྙིང་འཕྲོག་པར་བྱེད་པའི་ཚད་མ་གསུམ་པོ་དེ་དག་གིས་འདི་ལྟ་སྟེ། ཕུང་པོ་རྣམས་མི་རྟག་པ་ཉིད་དམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དམ། སྡུག་བསྔལ་བ་ཉིད་དམ། སྟོང་པ་ཉིད་དམ། བདག་མེད་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་ཅིང་། སྒྲུབ་པར་བྱེད་པ་ཡིན་
ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱ་བའོ། །ཆོས་ཉིད་ཀྱི་རིགས་པ་གང་ཞེ་ན། ཅིའི་ཕྱིར་ཕུང་པོ་རྣམས་དེ་ལྟ་བུར་གྱུར་པ་ཡིན། འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ་ཡིན། ཆུའི་མཚན་ཉིད་གཤེར་བ་ཡིན། མེའི་མཚན་ཉིད་ཚ་བ་
ཡིན། རླུང་གི་མཚན་ཉིད་གཡོ་བ་ཡིན། ཅིའི་ཕྱིར་ཕུང་པོ་རྣམས་མི་རྟག་པ་ཡིན། ཅིའི་ཕྱིར་མྱ་ངན་ལས་འདས་པ་ཞི་བ་ཡིན། དེ་བཞིན་དུ་ཅིའི་ཕྱིར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཡིན། ཚོར་བའི་མཚན་ཉིད་མྱོང་བ་ཡིན། འདུ་ཤེས་ཀྱི་མཚན་ཉིད་ཀུན་ཤེས་
པར་བྱེད་པ་ཡིན། འདུ་བྱེད་རྣམས་ཀྱི་མཚན་ཉིད་མངོན་པར་འདུ་བྱེད་པ་ཡིན། རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་ཤེས་པར་བྱེད་པ་ཡིན་ཞེ་ན། དེ་ནི་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་དེ་ཡིན་ཞིང་། དེ་དག་གི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས་ཆོས་ཉིད་དེ་གང་ཁོ་ན་
ཡིན་པ་དེ་ཉིད་འདིར་རིགས་པ་དང་། སྦྱོར་བ་དང་། ཐབས་ཡིན་ནོ། །དེ་བཞིན་དུ་དེ་ལྟ་བུའམ། གཞན་ནམ། གཞན་དུ་མི་འགྱུར་བ་ནི་སེམས་ལ་གཞག་པར་བྱ་བ་དང་། སེམས་ལ་གོ་བར་བྱ་བའི་ཕྱིར་ཐམས་ཅད་དུ་ཡང་ཆོས་ཉིད་ཁོ་ན་ལ་བརྟེན་པ་དང་། ཆོས་ཉིད་ཁོ་ནའི་རིགས་པ་ཡིན་
เล่ม ๑๒๘ · หน้า 58b
ཏེ། དེ་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །དེ་ལྟར་ན་རིགས་པ་བཞིས་ཕུང་པོ་བསྟན་པ་དང་། གཞན་གང་ཡང་རུང་བ་བསྟན་པ་ལ་ངེས་པར་རྟོགས་པར་བྱེད་པ་ཡིན་ཏེ། དེ་ལྟར་རྣམ་པ་གཉིས་པོ་བགྲང་བ་དང་། གྲངས་ཀྱི་རྣམ་པ་དང་། རིགས་པས་ཉེ་བར་རྟོག་པའི་རྣམ་པ་དེ་
དག་གིས་བསྟན་པ་དེ་དང་། དེ་དག་ལ་ཡང་དག་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་སེམས་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་ཉན་པ་དང་སེམས་པ་ཞེས་བྱའོ། །བར་ཆད་མེད་པ་གང་ཞེ་ན། བར་ཆད་ནི་རྣམ་པ་གཉིས་ཏེ། ནང་ལ་བརྟེན་པ་དང་། ཕྱི་རོལ་ལ་བརྟེན་པའོ། །དེ་ལ་
ནང་ལ་བརྟེན་པ་དང་། ཕྱི་རོལ་ལ་བརྟེན་པའི་བར་ཆད་བཤད་པར་བྱ་སྟེ། དེ་ལས་བཟློག་པ་ནི་བར་ཆད་མེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ནང་ལ་བརྟེན་པའི་བར་ཆད་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་བསོད་ནམས་མ་བྱས་པས་དེས་བསོད་ནམས་མ་བྱས་པའི་ཕྱིར། འཚོ་
བའི་ཡོ་བྱད་རྐྱེན་དུ་བབ་པ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་དུས་དུས་སུ་རྙེད་པར་མི་འགྱུར་བ་དང་། འདོད་ཆགས་ཤས་ཆེ་བ་དང་། འདོད་ཆགས་ཡུན་རིང་བ་དང་། ཞེ་སྡང་ཤས་ཆེ་བ་དང་། ཞེ་སྡང་
ཡུན་རིང་བ་དང་། གཏི་མུག་ཤས་ཆེ་བ་དང་། གཏི་མུག་ཡུན་རིང་བར་འགྱུར་བ་དང་། དེས་སྔོན་ནད་མང་བར་འགྱུར་བའི་ལས་དག་བྱས་པས་དེའི་རྒྱུས་ནད་མང་བ་དང་། ཚེ་འདི་ཉིད་ལ་མི་མཐུན་པར་སྤྱད་པས་དེའི་ལུས་ལ་ཡང་དང་ཡང་དུ་རླུང་དང་། མཁྲིས་པ་དང་། བད་ཀན་འཁྲུག་ཅིང་
གསུད་པ་དང་། ཟས་ལ་གདུ་བ་དང་། དོན་མང་བ་དང་། བྱ་བ་མང་བ་དང་། ཚོགས་འདུ་བ་མང་བ་དང་། ལས་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། བྲེ་མོའི་གཏམ་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། བདག་ཉིད་ཀུན་ཏུ་
འཛིན་པ་དང་། མི་བརྟན་པ་དང་། བག་མེད་པ་དང་། ཡུལ་ངན་པ་ལ་གནས་པའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ནང་ལ་བརྟེན་པའི་བར་ཆད་ཡིན་པར་རིག་པར་བྱའོ། །ཕྱི་རོལ་ལ་བརྟེན་པའི་བར་ཆད་རྣམས་གང་ཞེ་ན། འདི་ལྟ་སྟེ་སྐྱེས་བུ་དམ་པ་མ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด