ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๘ · หน้า 59a
ཡིན་པ་ལ་བརྟེན་ཅིང་དེ་ལ་རྗེས་སུ་མཐུན་པའི་གདམས་ངག་དང་། རྗེས་སུ་བསྟན་པ་དུས་དུས་སུ་མི་ཐོབ་པ་དང་། ཡུལ་ངན་པར་གནས་ཤིང་དེ་དེ་ན་གནས་པས་ཉིན་མོ་འཁྲུག་ལོང་མང་བ་དང་། མཚན་མོ་སྐྱེ་བོ་མང་པོ་རྟག་ཏུ་སྒྲ་འབྱིན་ཅིང་ཅ་ཅོ་མང་ལ། ཀླག་
ཅོར་ཆེ་བ་དང་། རླུང་དང་ཉི་མའི་རེག་པ་གྲང་ཞིང་ཚ་བ་དང་། མིས་འཇིགས་པ་དང་། མི་མ་ཡིན་པས་འཇིགས་པའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི། ཕྱི་རོལ་ལ་བརྟེན་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་ནི་རེ་ཞིག་བར་ཆད་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་
ནོ། །དོན་མདོར་བསྡུ་བ་གང་ཞེ་ན། བར་ཆད་ནི་མདོར་ན་རྣམ་པ་གསུམ་སྟེ། སྦྱོར་བའི་བར་ཆད་དང་། རབ་ཏུ་དབེན་པའི་བར་ཆད་དང་། ནང་དུ་ཡང་དག་འཇོག་པའི་བར་ཆད་དོ། །དེ་ལ་སྦྱོར་བའི་བར་ཆད་གང་ཞེ་ན། བར་ཆད་གང་དང་ཕྲད་ཅིང་མངོན་སུམ་དུ་གྱུར་ན་རྣམ་པ་ཐམས་ཅད་
ཀྱི་ཐམས་ཅད་དུ་དགེ་བའི་ཕྱོགས་ལ་སྦྱོར་བའི་མཐུ་མེད་ཅིང་མི་ནུས་པ་ཡིན་ནོ། །དེ་ཡང་གང་ཞེ་ན། ནད་ཀྱིས་བཏབ་པ་དང་། སྡུག་བསྔལ་བ་དང་། ནད་ཚབས་ཆེ་བ་དང་། དེའི་ལུས་ལ་ཡང་དང་ཡང་དུ་རླུང་དང་། མཁྲིས་པ་དང་། བད་ཀན་འཁྲུག་ཅིང་གསུད་པ་དང་། དེ་ལ་སྦྲུལ་
ལམ། སྡིག་པའམ། སྲིན་གྱི་མེད་ཀྱིས་ཟིན་པ་དང་། དེ་མིའམ་མི་མ་ཡིན་པས་གཙེས་པ་དང་། དེས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་མ་རྙེད་པའམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་སྦྱོར་བའི་
བར་ཆད་ཡིན་པར་རིག་པར་བྱའོ། །རབ་ཏུ་དབེན་པའི་བར་ཆད་གང་ཞེ་ན། ཟས་ལ་གདུ་བ་དང་། དོན་མང་བ་དང་། བྱ་བ་མང་བ་དང་། བྱེད་པ་མང་བ་དང་། ལས་ལ་དགའ་བའི་དགའ་བ་ལ་དགའ་སྟེ། འཕྲལ་གྱི་བྱ་བ་མང་བ་དེ་དང་དེ་དག་ལ་ཡིད་གཞུངས་པར་གྱུར་པ་དང་། སྨྲ་བ་ལ་
དགའ་བ་སྟེ། རབ་ཏུ་དབེན་པ་དང་། སྤོང་བ་དང་། ནང་དུ་ཡང་དག་འཇོག་ལ་སྒོམ་པའི་མཐུ་ཡོད་ཅིང་ནུས་ཀྱང་ལུང་ནོད་པ་དང་། ཁ་ཏོན་ཙམ་གྱིས་ཆོག་པར་འཛིན་པ་དང་། གཉིད་ལ་དགའ་བ་སྟེ། རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་ཤིང་ལེ་ལོའི་རང་བཞིན་ཅན་དུ་གྱུར་ལ་
เล่ม ๑๒๘ · หน้า 59b
གཉིད་ཀྱི་བདེ་བ་དང་། གྲོས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་བདག་གིར་བྱེད་པ་དང་། བྲེ་མོའི་གཏམ་ལ་དགའ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་ལྷན་ཅིག་ཏུ་རྒྱལ་པོའི་གཏམ་མམ། རྐུན་པོའི་གཏམ་མམ། ཟས་ཀྱི་གཏམ་མམ། སྐོམ་གྱི་གཏམ་མམ། གོས་
ཀྱི་གཏམ་མམ། སྨད་འཚོང་མའི་གཏམ་མམ། ལམ་སྲང་གི་གཏམ་མམ། ལྗོངས་ཀྱི་མི་དང་ཆགས་འོག་གི་རྒྱལ་ཕྲན་གྱི་གཏམ་རྒྱུད་ཀྱི་གཏམ་མམ། འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་མམ། རྒྱ་མཚོའི་གཏམ་རྒྱུད་ཀྱི་གཏམ་ཟེར་བའམ། དེ་ལྟ་བུ་དང་མཐུན་པའི་གཏམ་དོན་མེད་པས་
དུས་ཡོལ་བར་བྱེད་ཅིང་། དེ་ལ་དགའ་བ་དང་། ཡང་དང་ཡང་དུ་ཚོགས་འདུ་བ་མང་སྟེ། རྩོད་པ་དེ་དང་དེ་དག་ལ་ཡིད་རྣམ་པར་གཡེངས་ཤིང་། ཡིད་གཡེན་སྤྱོ་བར་འགྱུར་བ་དང་། འདུ་འཛི་ལ་དགའ་སྟེ། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་མ་ཕྲད་པ་རྣམས་མཐོང་བར་འདོད་ཅིང་། ཕྲད་པ་
རྣམས་དང་འབྲལ་བར་མི་འདོད་པ་དང་། སྤྲོས་པ་ལ་དགའ་སྟེ། སྤྲོས་པ་ལ་དགའ་ཞིང་། བགྲོད་པར་བྱ་བ་ལ་དང་པོར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་དང་། དེ་ལྟ་བུ་དང་མཐུན་པའི་ཆོས་གང་དག་ཡིན་པ་དེ་དག་ནི་རབ་ཏུ་དབེན་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་དག་དང་ཕྲད་ཅིང་
མངོན་སུམ་དུ་གྱུར་ནས། དགོན་པ་དག་གམ། ཤིང་དྲུང་དག་གམ། ཁང་སྟོང་གི་གནས་མལ་དགོན་པའམ་ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་སླ་བ་མ་ཡིན་ནོ། །ནང་དུ་ཡང་དག་འཇོག་གི་བར་ཆད་གང་ཞེ་ན། འདི་ལྟ་སྟེ། ནང་དུ་ཡང་དག་འཇོག་ཅེས་བྱ་བ་ནི་ཞི་
གནས་དང་ལྷག་མཐོང་ངོ་། །དེ་ལ་ཞི་གནས་ཀྱི་བར་ཆད་ཀྱང་ཡོད་དོ། །ལྷག་མཐོང་གི་བར་ཆད་ཀྱང་ཡོད་དོ། །དེ་ལ་ཞི་གནས་ཀྱི་བར་ཆད་གང་ཞེ་ན། བག་མེད་པ་དང་། ཡུལ་ངན་པར་གནས་པའོ། །དེ་ལ་བག་མེད་པ་ནི་འདི་ལྟ་སྟེ། བག་མེད་པར་གྱུར་པ་དེ་རྨུགས་པ་དང་གཉིད་
ཀྱིས་སེམས་ཀུན་ནས་འཁྲི་བར་བྱེད་པ་དང་། ཞི་གནས་ཙམ་གྱི་རོ་མྱོང་བར་བྱེད་པ་དང་། ཞུམ་པ་ཉིད་ཀྱི་ཕྱིར་སེམས་གཏོད་པར་བྱེད་པ་དང་། སེམས་མུན་པ་ཉིད་དུ་གྱུར་པའོ། །ཡུལ་ངན་པར་གནས་པ་ནི་ཡུལ་ཇི་ལྟ་བུར་གནས་ན་མིའམ་མི་མ་ཡིན་པ་གཞན་གྱིས་གནོད་པར་བྱེད་ཅིང་།
เล่ม ๑๒๘ · หน้า 60a
དེས་དེའི་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བ་སྟེ། དེ་ནི་ཞི་གནས་ཀྱི་བར་ཆད་དེ་ནང་དུ་ཡང་དག་འཇོག་གི་བར་ཆད་ཡིན་པར་རིག་པར་བྱའོ། །ལྷག་མཐོང་གི་བར་ཆད་གང་ཞེ་ན། འདི་ལྟ་སྟེ་བདག་ཉིད་རབ་ཏུ་འཛིན་པ་དང་། མི་བརྟན་པའོ། །དེ་ལ་བདག་
ཉིད་རབ་ཏུ་འཛིན་པ་ནི་འདི་ལྟ་སྟེ། བདག་ནི་རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་དང་། ཞུམ་པ་མ་ཡིན་གྱི། དགེ་སློང་གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བདག་ལ་སྟོད་པར་བྱེད། རབ་ཏུ་འཛིན་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་དང་། དེ་བཞིན་དུ་བདག་ནི་ཕྱུག་པོ་ལས་རབ་ཏུ་བྱུང་བ་
སྟེ། ཞན་པ་མ་ཡིན་ནོ་སྙམ་པ་དང་། དེ་བཞིན་དུ་བདག་ནི་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ་ཡིན་ནོ་སྙམ་པ་དང་། དེ་བཞིན་དུ་བདག་ནི་མང་དུ་ཐོས་པ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསྩགས་པ་ཡིན་ནོ་སྙམ་པ་དང་། དེ་བཞིན་དུ་བདག་ནི་ཚིག་དགེ་
ཞིང་། ཚིག་གི་བྱ་བ་དང་ལྡན་པ་ཡིན་གྱི་དགེ་སློང་གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བདག་ལ་སྟོད་པར་བྱེད་པ་དང་། རབ་ཏུ་འཛིན་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་ལ་དེ་བདག་ཉིད་རབ་ཏུ་འཛིན་པར་བྱེད་པ་ན། དགེ་སློང་གནས་བརྟན་རྒྱལ་ཚབས་ལྟ་བུ། ཚངས་པར་སྤྱོད་པ་སྤྱད་པ་གང་དག་
འཁོད་པ་དེ་དག་ལ། དུས་དུས་སུ་ཡོངས་སུ་འདྲི་བར་མི་བྱེད་ཡོངས་སུ་ཞུམ་པར་མི་བྱེད་པས་དེ་དག་ཀྱང་དེ་ལ་དུས་དུས་སུ་རྣམ་པར་མ་ཕྱེ་བའི་གནས་རྣམས་ནི་རྣམ་པར་འབྱེད་པར་མི་བྱེད་ལ། རྣམ་པར་ཕྱེ་བའི་གནས་རྣམས་ཀྱང་གསལ་བར་མི་བྱེད་ཅིང་། འདི་ལྟ་སྟེ། ཡེ་ཤེས་དང་མཐོང་
བ་རྣམ་པར་དག་པར་བྱ་བའི་ཕྱིར། ཟབ་མོའི་དོན་དང་ཚིག་ཤེས་རབ་ཀྱིས་ལེགས་པར་རབ་ཏུ་རྟོགས་པར་བྱས་ནས། ཡང་དག་པར་སྟོན་པར་ཡང་མི་བྱེད་དེ། དེ་ལྟར་ན་དེ་འདི་ལྟ་སྟེ། ལྷག་མཐོང་གི་བར་ཆད་བདག་ཉིད་རབ་ཏུ་འཛིན་པ་དང་ལྡན་པ་ཡིན་ནོ། །གཞན་ཡང་དེ་ཡེ་ཤེས་
དང་། མཐོང་བ་དང་། བདེ་བ་ལ་རེག་པར་གནས་པ་ཅུང་ཟད་ཙམ་དང་ངན་ངོན་ཙམ་ཞིག་ཐོབ་པར་གྱུར་ཅིང་། དེ་ཡེ་ཤེས་ཙམ་དང་། མཐོང་བ་ཙམ་དང་། བདེ་བ་ལ་རེག་པར་གནས་པ་ཙམ་དེས་བདག་ལ་སྟོད་པར་བྱེད་ཅིང་རབ་ཏུ་འཛིན་པར་བྱེད་ལ། དེ་བདག་ཉིད་རབ་ཏུ་འཛིན་
เล่ม ๑๒๘ · หน้า 60b
པར་བྱེད་པ་ན་དེ་ཙམ་གྱིས་ཆོག་པར་འཛིན་ཅིང་། གོང་དུ་རྩོལ་བར་མི་བྱེད་དེ། དེ་ལྟར་ན་བདག་ཉིད་རབ་ཏུ་འཛིན་པས་འདི་ལྟ་སྟེ། དེའི་ལྷག་མཐོང་གི་བར་ཆད་བྱས་པ་ཡིན་ནོ། །མི་བརྟན་པ་གང་ཞེ་ན། དེ་དབང་པོ་མ་ཞི་ཞིང་། དབང་པོ་རྒོད་པ་དང་། དབང་པོ་འདམ་བུ་ལྟར་མཐོ་བར་
གྱུར་པས། ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་ཅིང་། ཆོས་བརྟན་པར་སེམས་པར་མི་བྱེད། དམ་པོར་སེམས་པར་མི་བྱེད་པས། དེས་ན་ལྷག་མཐོང་ཡོངས་སུ་འཛིན་པར་མི་འགྱུར་ཞིང་། རྣམ་པར་དག་པར་མི་འགྱུར་ཏེ།
དེ་ལྟར་ན་མི་བརྟན་པ་ནི་འདི་ལྟ་སྟེ། དེའི་ལྷག་མཐོང་གི་བར་ཆད་ཡིན་ནོ། །ཞི་གནས་ཀྱི་བར་ཆད་ཀྱི་ཆོས་ནི་གཉིས་ཏེ། འདི་ལྟ་སྟེ་བག་མེད་པ་དང་། ཡུལ་ངན་པར་གནས་པའོ། །ལྷག་མཐོང་གི་བར་ཆད་ཀྱི་ཆོས་ཀྱང་གཉིས་ཏེ། འདི་ལྟ་སྟེ་བདག་ཉིད་རབ་ཏུ་འཛིན་པ་དང་། མི་
བརྟན་པའོ། །ཞི་གནས་ཀྱི་བར་ཆད་གང་ཡིན་པ་དང་། ལྷག་མཐོང་གི་བར་ཆད་གང་ཡིན་པ་དེ་ནི་ནང་དུ་ཡང་དག་འཇོག་གི་བར་ཆད་ཅེས་བྱའོ། །དེ་ནི་བར་ཆད་ཀྱི་དོན་མདོར་བསྡུ་བ་ཡིན་ཏེ། རྣམ་པར་དབྱེ་བ་རྒྱས་པ་སྔ་མ་གང་ཡིན་པ་དང་། དོན་མདོར་བསྡུ་བ་ནི་གང་ཡིན་པ་དེ་དག་
གཅིག་ཏུ་བསྡུས་པ་ནི་བར་ཆད་ཅེས་བྱའོ། །བར་ཆད་དེ་ལས་བཟློག་པ་བར་ཆད་དེ་དག་མེད་པ་དང་། བྲལ་བ་དང་མི་ལྡན་པ་དང་། མི་འགྲོགས་པ་གང་ཡིན་པ་ནི་བར་ཆད་མེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་བར་ཆད་མེད་པ་ཞེས་བྱའོ། །གཏོང་བ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་
དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པའོ། །དེ་ལ་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅིས་སྦྱིན་པར་བྱེད། ཇི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་
སྦྱིན་པར་བྱེད་ཅིང་། གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། སྨྲས་པ། སྦྱིན་པ་པོ་དང་། སྦྱིན་བདག་གིས་སྦྱིན་པར་བྱེད་དེ། དེ་ལ་སྦྱིན་པ་པོ་ནི་གང་། སྦྱིན་བདག་ནི་གང་ཞེ་ན། རང་ཁོ་ནའི་ལག་ནས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པ་པོ་ཞེས་བྱའོ། །
เล่ม ๑๒๘ · หน้า 61a
གང་གིས་རང་གིས་སྦྱིན་པར་བྱེད་ཅིང་དེ་ཡང་སྦྱིན་པར་འདོད་པ་ཡིན་གྱི། སྦྱིན་པར་མི་འདོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་སྦྱིན་བདག་ཅེས་བྱའོ། །དེ་ལ་སུ་ལ་སྦྱིན་པ་བྱེད་ཅེ་ན། སྨྲས་པ། གཞི་ལ་སྟེ། སྡུག་བསྔལ་བ་དང་། ཕན་འདོགས་པ་དང་། སྡུག་
པ་དང་། ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །དེ་ལ་སྡུག་བསྔལ་བ་རྣམས་གང་ཞེ་ན། ཡོ་བྱད་མེད་པ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། ལམ་དུ་ཞུགས་པ་རྣམས་དང་། སློང་མོ་པ་རྣམས་དང་། ལོང་བ་རྣམས་དང་། འོན་པ་རྣམས་དང་། མགོན་
མེད་པ་རྣམས་དང་། རྟེན་མེད་པ་རྣམས་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་ནི་སྡུག་བསྔལ་བ་རྣམས་ཞེས་བྱའོ། །ཕན་འདོགས་པ་རྣམས་གང་ཞེ་ན། འདི་ལྟ་སྟེ། ཕ་དང་། མ་དང་། སྣུན་པར་བྱེད་པ་དང་། གསོ་བར་བྱེད་པ་དང་། སྐྱེད་པར་
བྱེད་པ་དང་། འབྲོག་དགོན་པ་དང་། མུ་གེ་དང་། ཕ་རོལ་གྱི་དམག་ཚོགས་དང་། བཅིངས་པ་དང་། ནད་ཀྱི་འཇིགས་པ་ལས་སྒྲོལ་བར་བྱེད་པ་རྣམས་དང་། དེ་ལ་ཕན་པ་སྟོན་པ་རྣམས་དང་། བདེ་བ་སྟོན་པ་རྣམས་དང་། ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པ་རྣམས་དང་།
རྩོད་པ་བྱུང་ངོ་ཅོག་ལ་གྲོགས་བྱེད་པ་རྣམས་དང་། ལྷན་ཅིག་དགའ་བ་རྣམས་དང་། ལྷན་ཅིག་མྱ་ངན་བྱེད་པ་རྣམས་དང་། དེ་ཉམ་ཐག་པར་གྱུར་པའི་ཚེ་ཡོངས་སུ་མི་གཏོང་བ་རྣམས་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ཕན་འདོགས་པ་རྣམས་ཞེས་བྱའོ། །སྡུག་པ་རྣམས་
གང་ཞེ་ན། སྨོས་འདྲིན་གང་དག་དེ་ལ་བྱམས་པའམ། བྱམས་ཤིང་གུས་པའམ། གཅུགས་པ་སྨྲ་བ་རྣམས་དང་། གཏམ་འདྲེས་པ་རྣམས་དང་། ཕེབས་པར་སྨྲ་བ་རྣམས་དང་། གྲོགས་བཤེས་རྣམས་སམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་སྡུག་པ་རྣམས་
ཞེས་བྱའོ། །ཁྱད་པར་ཅན་རྣམས་གང་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་རང་བཞིན་དགེ་བར་གྲགས་པ་གནོད་སེམས་མེད་པ་དང་། གནོད་སེམས་མེད་པ་ལ་དགའ་བ་རྣམས་དང་། འདོད་ཆགས་དང་བྲལ་བ་རྣམས་དང་། འདོད་ཆགས་འདུལ་བའི་ཕྱིར་ཞུགས་པ་རྣམས་དང་། ཞེ་སྡང་དང་བྲལ་
เล่ม ๑๒๘ · หน้า 61b
བ་རྣམས་དང་། ཞེ་སྡང་འདུལ་བའི་ཕྱིར་ཞུགས་པ་རྣམས་དང་། གཏི་མུག་དང་བྲལ་བ་རྣམས་དང་། གཏི་མུག་འདུལ་བའི་ཕྱིར་ཞུགས་པ་རྣམས་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ཁྱད་པར་ཅན་རྣམས་ཞེས་བྱའོ། །དེ་ལ་ཅི་ཞིག་སྦྱིན་པར་བྱེད་ཅེ་ན། སྨྲས་པ།
མདོར་བསྡུ་ན། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་སྦྱིན་པར་བྱེད་དེ། དེ་ལ་སེམས་ཅན་དུ་བགྲང་བའི་དངོས་པོ་གང་ཞེ་ན་འདི་ལྟ་སྟེ། བུ་དང་ཆུང་མ་དང་བྲན་དང་། བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དང་། གླང་པོ་ཆེ་དང་། རྟ་དང་།
བ་ལང་དང་། ལུག་དང་། བྱ་གག་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དངོས་པོ་རྣམས་དང་། ནང་ལ་བརྟེན་ཏེ། ལག་པ་དང་། རྐང་པ་དང་། མགོ་དང་། ཤ་དང་། ཁྲག་དང་། ཞག་ལ་སོགས་པ་གང་ལ་
བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སྣང་བ་སྦྱིན་པར་བྱེད་པ་དེ་ཡང་། སེམས་ཅན་དུ་བགྲང་བའི་སྦྱིན་པ་ཡིན་ཏེ། དོན་གྱི་སྐབས་འདིར་ནི་སྦྱིན་པ་དེ་དག་ལས་དགོངས་པ་མ་ཡིན་ནོ། །སེམས་ཅན་དེ་དག་ལ། དེ་དབང་ཕྱུག་དང་། དབང་དང་། སྐྱོང་བར་བྱེད་པ་ཡིན་ན། སེམས་
ཅན་དེ་དག་གཞན་དག་ལ་སྦྱིན་པར་ཡང་རིགས་ལ། བྱིན་ན་ཡང་བདག་ཉིད་ཁ་ན་མ་ཐོ་བར་མི་བྱེད་ཅིང་། རྒྱུ་དེ་དང་། རྐྱེན་དེས་གཞན་དག་གི་ཡིད་རབ་ཏུ་འཁྲུག་པར་ཡང་མི་འགྱུར་ལ། སེམས་ཅན་གང་དག་གཞན་དག་ལ་བྱིན་པ་དེ་དག་ལ་ཡང་གནོད་པར་མི་འགྱུར་བ་དེ་ནི་སེམས་ཅན་དུ་བགྲང་བའི་དངོས་
པོ་སྦྱིན་པ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། །སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། ནོར་གྱི་དངོས་པོ་དང་། འབྲུའི་དངོས་པོ་དང་། ཡུལ་གྱི་དངོས་པོའོ། །དེ་ལ་ནོར་གྱི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། རིན་པོ་ཆེ་
ཤང་ཀ་ཤི་ལ་དང་། བྱི་རུ་དང་། རྡོའི་སྙིང་པོ་དང་། སྤུག་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དམར་པོ་དང་། གཡས་སུ་འཁྱིལ་ཏམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་རིན་པོ་ཆེའམ། དབྱིག་གམ། སྟང་ཟིལ་ལམ། གོས་སམ། སྣོད་སྤྱད་དམ།
เล่ม ๑๒๘ · หน้า 62a
སྤོས་ཀྱི་རྣམ་པའམ། མེ་ཏོག་ཕྲེང་གི་རྣམ་པ་གང་ཡིན་པ་དེ་ནི་ནོར་གྱི་དངོས་པོ་ཞེས་བྱའོ། །འབྲུའི་དངོས་པོ་གང་ཞེ་ན། གང་ཆུང་ཟད་བཟའ་བ་དང་། བཏུང་བར་བྱ་བ་འདི་ལྟ་སྟེ། ནས་དང་། གྲོ་དང་། འབྲས་སཱ་ལུ་དང་། མོན་སྲན་དང་། རྒྱ་སྲན་དང་། ཏིལ་
དང་། མོན་སྲན་གྲེའུ་དང་། བུ་རམ་ཤིང་གི་རོ་དང་། དར་བ་དང་། རྒུན་ཆང་གི་རོ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་འབྲུའི་དངོས་པོ་ཞེས་བྱའོ། །ཡུལ་གྱི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། ཞིང་གི་གཞི་དང་། ཁང་ཁྱིམ་གྱི་གཞི་དང་། །ཚོང་ཁང་གི་གཞི་དང་།
བསོད་ནམས་ཀྱི་གནས་དང་། གཙུག་ལག་ཁང་གི་གཞིའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་ཡུལ་གྱི་དངོས་པོ་ཞེས་བྱ་སྟེ། དེ་ལྟར་ན་སེམས་ཅན་དུ་བགྲང་བའི་དངོས་པོ་གང་ཡིན་པ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་སྦྱིན་པར་བྱེད་
དོ། །དེ་ལ་ཅིས་སྦྱིན་པར་བྱེད་ཅེ་ན། སྨྲས་པ། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་ལྡན་པའི་སེམས་གང་ཡིན་པ་དང་། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་བྱ་བའི་ཕྱིར། རང་གི་རྒྱུད་དང་། གཞན་གྱི་རྒྱུད་ལ་དེས་ཀུན་ནས་བསླང་བའི་ལུས་
ཀྱི་ལས་དང་། ངག་གི་ལས་གང་ཡིན་པ་དེས་ནི་སྦྱིན་པར་བྱེད་དོ། །དེ་ལ་ཇི་ལྟར་སྦྱིན་པར་བྱེད་ཅེ་ན། སྨྲས་པ། མ་འོངས་པ་ལ་ལྟ་བ་དང་། འབྲས་བུ་མཐོང་བའི་དད་པས་སྦྱིན་པར་བྱེད་པ་དང་། འདོད་པའི་སེམས་ཀྱིས་གུས་པར་སྦྱིན་པར་བྱེད་པ་དང་། བརྙས་པ་མེད་པར་རང་གི་ལག་
ནས་སྦྱིན་པར་བྱེད་པ་དང་། ཅི་ནས་ཀྱང་དེ་གཞན་དག་ལ་མཁོ་བར་འགྱུར་བའི་དུས་སུ་སྦྱིན་པར་བྱེད་པ་དང་། ཆོས་དང་མཐུན་པ་དང་། གཟུ་ལུམས་མ་ཡིན་པས་ལེགས་པར་བསྒྲུབས་ཏེ། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པ་དང་། གཙང་བ་སྦྱིན་པར་བྱེད་པ་དང་། བཟང་པོ་སྦྱིན་པར་
བྱེད་པ་དང་། གདམས་ཏེ་སྦྱིན་པར་བྱེད་པ་དང་། གང་གི་བདག་དང་གཞན་ལ་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་བའི་རུང་བ་སྦྱིན་པར་བྱེད་པ་དང་། ཡང་དང་ཡང་དུ་སྦྱིན་པར་བྱེད་པ་དང་། སེར་སྣའི་དྲི་མ་དང་། གསོག་འཇོག་གི་དྲི་མ་བསྩལ་ཏེ་སྦྱིན་པ་སྦྱིན་པར་བྱེད་ཅིང་། སྦྱིན་པའི་སྔ་
เล่ม ๑๒๘ · หน้า 62b
རོལ་དུ་ཡང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་རབ་ཏུ་དང་བར་བྱེད་ཅིང་། བྱིན་ནས་ཀྱང་འགྱོད་པ་མེད་པར་འགྱུར་བ་དེ་ལྟར་སྦྱིན་པར་བྱེད་དོ། །དེ་ལ་ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། སྨྲས་པ། འདི་ལྟ་སྟེ། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་ཕྱིར་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་ཕན་འདོགས་
པ་རྣམས་ལ་བྱས་པ་གཟོ་བའི་ཕྱིར་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སྡུག་པ་རྣམས་ལ་བྱམས་པ་དང་། གུས་པ་དང་། གཅུགས་པའི་ཕྱིར་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། ཁྱད་པར་ཅན་རྣམས་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཁྱད་པར་འདོད་པའི་ཕྱིར་སྦྱིན་པར་
བྱེད་དེ། དེའི་ཕྱིར་སྦྱིན་པར་བྱེད་པ་ཞེས་བྱའོ། །དེ་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར། རྣམ་པ་དེ་དག་གིས་ཁྱིམ་པའམ། རབ་ཏུ་བྱུང་བ་དག་ལ་སྦྱིན་པར་བྱེད་པ་ནས། སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ།
དེ་ནི་གཏོང་བ་སྤེལ་བ་ཞེས་བྱའོ། །དགེ་སྦྱོང་གི་རྒྱན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དད་པ་དང་ལྡན་པ་དང་། གཡོ་མེད་པ་དང་། ནད་ཉུང་བ་དང་། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་དང་། ཤེས་རབ་རྣོ་བ་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་
དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མཛེས་པ་དང་། དྲོད་རིགས་པ་དང་། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང་། མཁས་པའི་རྟགས་དང་ལྡན་པ་དང་། བཟོད་པ་ཆེ་བ་དང་། དེས་པ་དང་། གྱ་ནོམ་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་དད་པ་དང་ལྡན་པ་ཡིན་ཞེ་ན། དད་པ་མང་བ་དང་།
ངེས་པར་རྟོགས་པ་མང་བ་དང་། མོས་པ་མང་བ་དང་། དགེ་བའི་ཆོས་རྣམས་ལ་འདུན་པ་ཡིན་ཞིང་། དེ་སྟོན་པ་ལ་དང་བར་བྱེད་ཅིང་། ཡིད་གཉིས་མི་བྱེད། ཐེ་ཚོམ་མི་ཟ་ལ། སྟོན་པ་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། བསྙེན་བསྐུར་བྱས།
བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་བརྟེན་ཏེ་གནས་པ་དང་། སྟོན་པ་ལ་ཇི་ལྟ་བ་བཞིན་དུ། ཆོས་དང་། ཚངས་པ་མཚུངས་པར་སྤྱོད་པ་དང་། བསླབ་པ་དང་གདམས་ཤིང་རྗེས་སུ་བསྟན་པ་དང་། བགོ་བཤའ་དང་། བག་ཡོད་པ་དང་། ཏིང་ངེ་འཛིན་ལ་ཡང་དེ་
เล่ม ๑๒๘ · หน้า 63a
བཞིན་ཏེ། དེ་ལྟར་ན་དད་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་གཡོ་མེད་པ་ཡིན་ཞེ་ན། དྲང་པོ་དང་། དྲང་པོའི་རང་བཞིན་ཅན་ཡིན་ཞིང་། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ། བདག་ཉིད་ཇི་ལྟ་བ་བཞིན་དུ་སྨྲ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་
གཡོ་མེད་པ་ཡིན་ནོ། །ཇི་ལྟར་ན་ནད་ཉུང་བ་ཡིན་ཞེ་ན། ནད་མེད་པའི་རང་བཞིན་ཅན་ཡིན་ཞིང་། ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་གྲང་བ་དང་། གནོད་པ་མེད་པ་དང་། དུས་ཚིགས་བདེ་བ་དང་ལྡན་ལ། དེས་ན་དེས་ཟོས་པ་དང་། འཐུངས་པ་དང་།
འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ན་ནད་ཉུང་བ་ཡིན་ནོ། །ཇི་ལྟར་ན་བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། ཕ་རོལ་
གནོན་པ་བརྟན་པ་དང་། བརྩོན་པ་མ་བཏང་བར་གནས་ཤིང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ལུས་ཀྱི་ཞལ་ཏ་བྱེད་པ་ལ་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་ཡིན་ཏེ། དེ་ལྟར་ན་བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་ནོ། །ཇི་ལྟར་ན་ཤེས་རབ་
རྣོ་བ་ཡིན་ཞེ་ན། ལོབ་སྐྱེན་པ་དང་། དྲན་པ་དང་། བློ་དང་ལྡན་ཞིང་། དབང་པོ་རྟུལ་བ་མ་ཡིན་ལ། དིག་པ་དང་། ལྐུགས་པ་མ་ཡིན་ཞིང་། ལག་པས་བརྡ་བྱེད་པ་མ་ཡིན་ལ། ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། ལྷན་
ཅིག་སྐྱེས་པའི་བློ་དང་ཡང་ལྡན་ལ། སྦྱོང་བ་ལས་བྱུང་བའི་བློ་དང་ལྡན་པ་ཡང་ཡིན་ཏེ། དེ་ལྟར་ན་ཤེས་རབ་རྣོ་བ་ཡིན་ནོ། །ཇི་ལྟར་ན་འདོད་པ་ཆུང་བ་ཡིན་ཞེ་ན། འདོད་པ་ཆུང་བ་ཉིད་ལ་སོགས་པའི་ཡོན་ཏན་ཇི་སྙེད་པ་དག་དང་ལྡན་ན་ཡང་། བདག་འདོད་པ་ཆུང་བའམ། ཡོན་ཏན་ཇི་ལྟ་བུ་དག་དང་
ལྡན་པར་གཞན་གྱིས་ཤེས་པར་བྱའོ་ཞེས་གཞན་ལས་ཤེས་པ་ཀུན་ཏུ་མི་ཚོལ་བ་ཡིན་ཏེ། དེ་ལྟར་ན་འདོད་པ་ཆུང་བ་ཡིན་ནོ། །ཇི་ལྟར་ཆོག་ཤེས་པ་ཡིན་ཞེ་ན། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་པ་དང་། དེ་ཆོས་གོས་
เล่ม ๑๒๘ · หน้า 63b
ངན་པའམ། བཟང་པོ་མ་རྙེད་ན་ཡང་འདོད་པར་མི་བྱེད་ཅིང་། གདུང་བར་མི་བྱེད་ལ། རྙེད་ན་ཡང་རྒྱས་པར་སྔ་མ་བཞིན་དུ་ཆགས་པ་མེད་པ་དང་། ཞེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང་། མལ་ཆ་དང་། སྟན་ལ་
ཡང་དེ་བཞིན་ཏེ། དེ་ལྟར་ན་ཆོག་ཤེས་པ་ཡིན་ནོ། །ཇི་ལྟར་ན་གསོ་སླ་བ་ཡིན་ཞེ་ན། དེ་བདག་གཅིག་པུ་གསོ་བར་བྱེད་ཀྱི། ཕ་རོལ་པོ་གང་དག་གི་དོན་དུ་དེས་རིམ་གྲོ་བྱ་དགོས་པ་འདི་ལྟ་སྟེ། ཁྱེའུ་འམ། མིའམ། གཞན་གང་ཡང་རུང་བ་དག་གསོ་བར་མི་བྱེད་པ་དང་། དེ་ལ་སྦྱིན་
པ་པོ་དང་། སྦྱིན་བདག་གཞན་དག་གསོ་དཀའོ་སྙམ་དུ་མི་སེམས་པ་ཡིན་ཏེ། དེ་ལྟར་ན་གསོ་སླ་བ་ཡིན་ནོ། །ཇི་ལྟར་ན་དགང་སླ་བ་ཡིན་ཞེ་ན། ཆུང་ངུས་ཀྱང་འཚོ་བར་འགྱུར་ལ། ངན་པས་ཀྱང་འཚོ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ན་དགང་སླ་བ་ཡིན་ནོ། །ཇི་ལྟར་ན་སྦྱངས་པའི་ཡོན་
ཏན་དང་ལྡན་པ་ཡིན་ཞེ་ན། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་པ་དང་། ཤིང་དྲུང་པ་དང་། བླ་གབ་
མེད་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པ་ཡིན་ཏེ། དེ་དག་ཀྱང་བསོད་སྙོམས་དང་། ཆོས་གོས་དང་། གནས་མལ་ལས་བརྩམས་ནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་སམ་བཅུ་གསུམ་དུ་འགྱུར་རོ། །དེ་ལ་བསོད་སྙོམས་པ་ལས་དབྱེ་ན་རྣམ་པ་
གཉིས་ཏེ། རྙེད་པས་ཆོག་ཤེས་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པའོ། །དེ་ལ་རྙེད་པས་ཆོག་ཤེས་པའི་བསོད་སྙོམས་པ་གང་ཞེ་ན། འདི་ལྟ་སྟེ། འདྲིས་པའི་ཁྱིམ་དག་ནས་ཅི་ཐོབ་པ་དང་། ཅི་རྙེད་ཙམ་བཟའ་བར་བྱེད་པའོ། །མཐར་གྱིས་
སློང་བའི་བསོད་སྙོམས་པ་གང་ཞེ་ན། ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང་ཁྱིམ་དུ་བསླངས་ཤིང་བརྒྱུས་ཏེ། བསོད་སྙོམས་ཇི་ཐོབ་པ་དང་། ཇི་སྙེད་པ་ཟ་བར་བྱེད་ཀྱི་བདག་གིས་འདི་ནས་བཟའ་བ་དང་། བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕང་བསྟོད་དེ།
เล่ม ๑๒๘ · หน้า 64a
ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ། །དེ་ལ་བསོད་སྙོམས་པ་ཉིད་བྱེ་བྲག་ཏུ་མ་ཕྱེ་བ་ལས་བརྩམས་ནས་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་སུ་འགྱུར་རོ། །བྱེ་བྲག་ཏུ་ཕྱེ་བ་ལས་བརྩམས་ན་ནི་བཅུ་གསུམ་མོ། །དེ་ལ་སྟན་གཅིག་པ་གང་ཞེ་ན། སྟན་གཅིག་
ལ་འདུག་ནས་ཅི་ཙམ་བཟའ་བར་བྱ་བ་དེ་ཙམ་དུ་བཟའ་བར་བྱེད་ཀྱི། སྟན་དེ་ལས་ལངས་ནས་བཟའ་བར་མི་བྱེད་པ་སྟེ། དེ་ནི་སྟན་གཅིག་པ་ཉིད་ཅེས་བྱའོ། །ཟས་ཕྱིས་མི་ལེན་པ་གང་ཞེ་ན། ཟས་ཀྱི་ཕྱིར་འདུག་ནས། ཇི་སྲིད་དུ་ཇི་ཙམ་གྱིས་བདག་འཚོ་བར་ཤེས་པའི་ཟས་ཐམས་ཅད་མ་མནོས་པ་དེ་སྲིད་
དུ་ཟ་བར་མི་བྱེད་ཅིང་། གང་ལས་བདག་གི་ཟས་ཀྱི་བྱ་བ་དེ་ལས་ལྷག་པ་མི་བླང་ངོ་སྙམ་དུ་ཤེས་པར་འགྱུར་བ་དེའི་འོག་ཏུ་ཐམས་ཅད་བླངས་ནས་ཟ་བར་རྩོམ་པ་སྟེ། དེ་ལྟར་ན་ཟས་ཕྱིས་མི་ལེན་པ་ཡིན་ནོ། །ཇི་ལྟར་ན་ཆོས་གོས་གསུམ་པ་ཡིན་ཞེ་ན། ཆོས་གོས་གསུམ་པོ་སྣམ་སྦྱར་དང་། བླ་གོས་
དང་། མཐང་གོས་ཀྱིས་འཚོ་བར་བྱེད་ཅིང་། ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ཏེ། དེ་ལྟར་ན་ཆོས་གོས་གསུམ་པ་ཡིན་ནོ། །ཇི་ལྟར་ན་ཕྱིང་པ་པ་ཡིན་ཞེ་ན། ཆོས་གོས་གསུམ་པའམ། གོས་ལྷག་གང་ཅུང་ཟད་ཅི་འཆང་བ་དེ་དག་ཐམས་ཅད་བལ་ལས་བྱས་
བ་ཤ་སྟག་འཆང་གི །གཞན་ནི་མ་ཡིན་པ་སྟེ། དེ་ལྟར་ན་ཕྱིང་པ་བ་ཡིན་ནོ། །ཇི་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ཞེ་ན། གཞན་དག་གིས་ལམ་པོ་ཆེའམ། ལམ་སྲང་ངམ། གཞི་མདོའམ། སུམ་མདོའམ། ལམ་ཀའམ། ལམ་གོལ་བར་བོར་བའམ། སྤངས་པ་དང་། བཏང་བའི་གོས་བཤང་
བས་རེག་པའམ། གཅི་བས་རེག་པའམ། བཤང་གཅི་དང་། རྣག་དང་ཁྲག་དང་། མཆིལ་མས་རེག་པ་གང་ཡིན་པ་དེ་ལས་མི་གཙང་བ་གང་ཡིན་པ་དེ་བོར་ལ། ཐ་གི་བླངས་ཏེ། བཀྲུས་ལ་དྲུབས་ཏེ། ཁ་དོག་བསྒྱུར་ཞིང་འཆང་བ་ཡིན་ཏེ། དེ་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་
དགོན་པ་པ་ཡིན་ཞེ་ན། གྲོང་དང་གྲོང་རྡལ་ལས་དབེན་པའི་གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་གང་དག་ཡིན་པ་དག་ཏུ་གནས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དགོན་པ་པ་ཡིན་ནོ། །ཇི་ལྟར་ན་ཤིང་དྲུང་པ་ཡིན་ཞེ་ན། ཤིང་དྲུང་དུ་གནས་འཆའ་ཞིང་། ཤིང་དྲུང་ལ་
เล่ม ๑๒๘ · หน้า 64b
བརྟེན་པ་ཡིན་ཏེ། དེ་ལྟར་ན་ཤིང་དྲུང་པ་ཡིན་ནོ། །ཇི་ལྟར་ན་བླ་གབ་མེད་པ་ཡིན་ཞེ་ན། མ་བཀབ་པ་དང་། མ་གཡོགས་པའི་ཕྱོགས་བླ་གབ་མེད་པར་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་བླ་གབ་མེད་པ་ཡིན་ནོ། །ཇི་ལྟར་ན་དུར་ཁྲོད་པ་ཡིན་ཞེ་ན། གང་དུ་སྐྱེ་བོའི་ཚོགས་ཤིའོ་
ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་ཅོག་པུ་པ་ཡིན་ཞེ་ན། ཁྲིའམ། ཁྲིའུའམ། རྩྭ་བཏིང་བའི་སྟེང་དུ་ཙོག་པུར་འདུག་སྟེ། དུས་ཡོལ་བར་བྱེད་ཅིང་། ཁྲིའམ། ཁྲིའུའམ། རྩིག་པའམ། ཤིང་ངམ། རྩྭ་བཏིང་བ་ལ་
རྒྱབ་བམ་གློས་མི་བརྟེན་པ་ཡིན་ཏེ། དེ་ལྟར་ན་ཅོག་པུ་པ་ཡིན་ནོ། །ཇི་ལྟར་ན་གཞི་ཇི་བཞིན་པ་ཡིན་ཞེ་ན། གང་དུ་རྩྭ་བཏིང་བའམ། ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང་། རྩྭ་བཏིང་བའམ། ལོ་མ་བཏིང་བ་དེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི་
ཡང་དང་ཡང་དུ་མི་བརྗེ་མི་འཆོས་པ་ཡིན་ཏེ། དེ་ལྟར་ན་གཞི་ཇི་བཞིན་པ་ཡིན་ནོ། །ཅིའི་ཕྱིར་དེ་དག་ལ་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན། བལ་ལམ། ཤིང་བལ་ནི་གང་གི་ཚེ་མ་བསྩལ། མ་བཤིག །མ་རྨེལ་བ་དེའི་ཚེ་ན། འཛིངས་ཤིང་མི་འཇམ་མི་ཡང་
ལ། འདི་ལྟ་སྟེ། སྐུད་པར་བཀལ་བའམ། འདའ་བར་བྱ་བའི་ལས་སུ་མི་རུང་ངོ་། །དེ་བཞིན་དུ་འདི་ན་ལ་ལ་བསོད་སྙོམས་ལ་ཆགས་པས་བསོད་སྙོམས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང་། ཆོས་གོས་ལ་ཆགས་པས་ཆོས་གོས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང་། གནས་
མལ་ལ་ཆགས་པས་གནས་མལ་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དེ་སྦྱངས་པའི་ཡོན་ཏན་དེ་དག་གིས་འདི་ལྟ་སྟེ། ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར། སེམས་རྣམ་པར་སྦྱོང་བར་བྱེད། དྲང་པོར་བྱེད། མཉེན་པར་བྱེད། ལས་སུ་རུང་བར་བྱེད། གནམ་པར་
བྱེད། བཏུབ་པར་བྱེད་པས་ན། དེའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བསོད་སྙོམས་ལ་ཆགས་པ་ནི། བར་ཆད་རྣམ་པ་གཉིས་ཡིན་ཏེ། ཟས་བཟང་པོ་ལ་ཆགས་པ་དང་། ཟས་མང་པོ་ལ་ཆགས་པའོ། །དེའི་ཕྱིར་ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར། བསོད་སྙོམས་
เล่ม ๑๒๘ · หน้า 65a
པ་ཡིན་ནོ། །ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་ཡིན་ནོ། །དེ་ལ་ཆོས་གོས་ལ་ཆགས་པ་ནི་བར་ཆད་རྣམ་པ་གསུམ་ཡིན་ཏེ། ཆོས་གོས་མང་པོ་ལ་ཆགས་པ་དང་། འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་
དང་། བཟང་པོ་ལ་ཆགས་པའོ། །དེ་ལ་ཆོས་གོས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར། ཆོས་གོས་གསུམ་པ་ཡིན་ནོ། །ཆོས་གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར། ཕྱིང་པ་པ་ཡིན་ནོ། །ཆོས་གོས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར། ཕྱག་དར་ཁྲོད་པ་ཡིན་
ནོ། །གནས་མལ་ལ་ཆགས་པ་ནི་བར་ཆད་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ། འདུ་འཛི་ལ་ཆགས་པ་དང་། གནས་ལ་ཆགས་པ་དང་། གློས་འབེབས་པའི་བདེ་བ་དང་ཉལ་བའི་བདེ་བ་ལ་ཆགས་པ་དང་། སྟན་དང་གདིང་བ་དང་། དགབ་པ་ལ་ཆགས་པའོ། །དེ་ལ་འདུ་འཛི་ལ་ཆགས་
པ་སྤང་བའི་ཕྱིར། དགོན་པ་པ་ཡིན་ནོ། །གནས་ལ་ཆགས་པ་སྤང་བའི་ཕྱིར། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་ཡིན་ནོ། །དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་བའི་ཕྱིར་ཡང་ཡིན་ནོ། །གློས་འབེབས་པའི་བདེ་བ་དང་ཉལ་བའི་བདེ་བ་སྤང་བའི་ཕྱིར། ཅོག་པུ་པ་
ཡིན་ནོ། །སྟན་དང་། གདིང་བ་དང་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར། གཞི་ཇི་བཞིན་པ་ཡིན་ཏེ། དེ་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་མཛེས་པ་ཡིན་ཞེ་ན། མཛེས་པར་འགྲོ་བ་དང་། ལྡོག་པ་དང་། ཅུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་
པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅང་བ་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་མཛེས་པ་ཡིན་ནོ། །ཇི་ལྟར་ན་དྲོད་རིགས་པ་ཡིན་ཞེ་ན། འདི་ན་བྲམ་ཟེ་དང་། ཁྱིམ་བདག་དད་པ་རྣམས་ཀྱིས་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་
ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་ལེགས་པར་མགྲོན་དུ་གཉེར་བ་ན། དེ་ལ་སློང་བའི་ཆོག་ཤེས་པ་ཡིན་ཏེ། དེ་ལྟར་ན་དྲོད་རིག་པ་ཡིན་ནོ། །ཇི་ལྟར་ན་སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ཡིན་ཞེ་ན། རིགས་མཐོན་པོ་ལས་རབ་ཏུ་བྱུང་བའམ། ཕྱུག་པོའི་
เล่ม ๑๒๘ · หน้า 65b
ཁྱིམ་ནས་རབ་ཏུ་བྱུང་བའམ། གཟུགས་བཟང་བའམ། བལྟ་ན་སྡུག་པའམ། མཛེས་པ་དང་། མང་དུ་ཐོས་པའམ། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནམ། ཡེ་ཤེས་ཙམ་མམ། མཐོང་བ་ཙམ་མམ། བདེ་བ་ལ་རེག་པར་གནས་པར་འགྱུར་བ་ཙམ་གང་ཡང་རུང་བ་ཞིག་ཐོབ་པར་གྱུར་པ་ཡིན་ན་
ཡང་། དེས་བདག་ལ་སྟོད་པར་མི་བྱེད་ཅིང་། གཞན་ལ་སྨོད་པར་མི་བྱེད་ལ། ཆོས་དང་རྗེས་སུ་མཐུན་པའི་ཆོས་འབའ་ཞིག་བསྒྲུབ་པར་བྱ་བ་ཁོ་ན་ཡིན་པར་རིག་ནས། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ན་སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་
མཁས་པའི་རྟགས་དང་ལྡན་པ་ཡིན་ཞེ་ན། ལས་ཀྱི་མཚན་ཉིད་ཀྱིས་བྱིས་པ་ཡིན་ལ། ལས་ཀྱི་མཚན་ཉིད་ཀྱིས་མཁས་པ་ཡིན་ཏེ། དེ་ཡང་ཇི་ལྟ་ཞེ་ན། བྱིས་པ་ནི་ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་ཡིན་གྱི། མཁས་པ་ནི་
ལེགས་པར་བསམ་པ་སེམས་པ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་ཡིན་ཏེ། དེ་ལྟར་ན་མཁས་པའི་རྟགས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་བཟོད་པ་ཆེ་བ་ཡིན་ཞེ་ན། གཤེ་ཡང་ཕྱིར་མི་གཤེ་བ་དང་། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང་། བརྡེགས་ཀྱང་ཕྱིར་
མི་བརྡེག་པ་དང་། མཚང་བྲུས་ཀྱང་ཕྱིར་མཚང་མི་འབྲུ་ཞིང་། ཚེ་དང་ལྡན་པ་དེ་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་རྣམས་དང་། གཞན་ལས་ངན་དུ་བརྗོད་པ་དང་། ངན་པ་འོངས་པའི་
ཚིག་གི་ལམ་དག་བཟོད་པ་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟོད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ། སྲོག་འཕྲོག་པར་བྱེད་པ་དག་ཀྱང་བཟོད་ཅིང་། དང་དུ་ལེན་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་བཟོད་པ་ཆེ་བ་ཡིན་ནོ། །ཇི་ལྟར་ན་དེས་པ་ཡིན་ཞེ་ན། འདི་ལྟ་སྟེ་སྟོན་པ་དང་།
ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང་། བྱམས་པའི་ངག་གི་ལས་དང་ལྡན་པ་དང་། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་དང་། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པའི་རྙེད་པ་ལྷུང་བཟེད་དུ་བླུགས་ཤིང་། ལྷུང་བཟེད་དུ་ཆུད་ཟིན་པ་རྣམས་
เล่ม ๑๒๘ · หน้า 66a
ཀྱང་། ཐུན་མོང་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་། ཟས་མི་བསྲི་བ་དང་། ཚུལ་ཁྲིམས་མཐུན་པར་ཞུགས་པ་དང་། ལྟ་བ་མཐུན་པར་ཞུགས་པ་ཡིན་ཏེ། དེ་ཡང་ཡང་དག་པར་དགའ་བར་འགྱུར་བ། སྡུག་པར་བྱེད་པ། བླ་མར་བྱེད་པ། རྩོད་པར་མི་བྱེད་
པའི་ཆོས་དྲུག་པོ་དེ་དག་དང་ལྡན་པས། འགྲོགས་ན་བདེ་ཞིང་རྣམ་པར་ཐོ་འཚམས་པ་མེད་པའི་རང་བཞིན་ཅན་ཡིན་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པར་དགའ་བ་ཡིན་ཏེ། དེ་ལྟར་ན་དེས་པ་ཡིན་ནོ། །ཇི་ལྟར་ན་གྱ་ནོམ་པ་ཡིན་ཞེ་ན། ཁྲོ་
གཉེར་མེད་པ་དང་། བཞིན་གྱི་མདོག་གསལ་བ་དང་། འཛུམ་པ་སྔར་གཏོང་བ་དང་། གསོང་པོར་སྨྲ་བ་དང་། དགའ་བར་སྨྲ་བ་དང་། སྡུད་པའི་ངང་ཚུལ་ཅན་དང་། རྒྱུད་རབ་ཏུ་དང་བ་ཡིན་ཏེ། དེ་ལྟར་ན་གྱ་ནོམ་པ་ཡིན་ནོ། །དེ་ཆོས་དེ་དག་དང་ལྡན་པས་ཆོས་འདོད་པ་དང་། ཡོན་ཏན་འདོད་པ་
དང་། རྙེད་པ་དང་། བཀུར་སྟི་དང་། སྙན་པའི་སྒྲའི་ཚོགས་མི་འདོད་པ་ཡིན་ཞིང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་མི་ལྡན་ལ། དེ་མེད་པའི་ཆོས་ལ་ཡང་སྒྲོ་འདོགས་པར་མི་བྱེད་ཅིང་། ཡོད་པའི་ཆོས་ལ་ཡང་སྐུར་པ་འདེབས་པར་མི་བྱེད་པ་དང་། དེ་འཇིག་
རྟེན་ལ་གྲགས་པ་དང་ལྡན་པའི་རང་བཟོ་དང་། སྙན་དངགས་སུ་བྱས་པ་ཡིག་འབྲུ་སྣ་ཚོགས་དང་། ཚིག་སྣ་ཚོགས་དང་། ཡི་གེ་སྣ་ཚོགས་གང་ཡིན་པ་དེ་དོན་མེད་པ་ཡིན་པར་རིག་ནས། ཐག་རིང་དུ་སྤོང་བར་བྱེད་ཅིང་། དེས་སྤྱོད་པར་མི་བྱེད། དེས་བདག་དགའ་བར་མི་བྱེད་པ་དང་།
ལྷུང་བཟེད་དང་ཆོས་གོས་ལྷག་པ་མི་འཆང་བ་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་འགྲོགས་པའི་འདུ་འཛི་ཉོན་མོངས་པ་འཕེལ་བར་འགྱུར་བ་ཡོངས་སུ་སྤོང་བར་བྱེད་པ་དང་། འཕགས་པ་རྣམས་དང་། ལྷན་ཅིག་འགྲོགས་པའི་ཚོགས་པ་ཡེ་ཤེས་རྣམ་
པར་སྦྱོང་བར་བྱེད་པ་དང་། གང་གི་གཞི་ལས་འཁྲུག་ལོང་དང་གནོད་སེམས་སྐྱེ་ཞིང་། དེ་དག་རྣམ་པར་གྱུར་ཅིང་། གཞན་དུ་གྱུར་པ་ལས། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་སྐྱེ་བར་འགྱུར་བ་མཛའ་སྡེ་དག་མི་བྱེད་པ་དང་།
เล่ม ๑๒๘ · หน้า 66b
ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྐྱེས་སོ་ཅོག་ལ་ཡང་། གཞི་འདིས་བདག་ལ་ཚེ་འདི་དང་ཕྱི་མར་སྡུག་བསྔལ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་དང་། དད་པས་བྱིན་པ་ཆུད་མི་གསོན་པ་དང་། ཚུལ་ཁྲིམས་མ་
ཉམས་པ་དང་། བརྟུལ་ཞུགས་མ་ཞིག་པས་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། དད་པས་བྱིན་པ་སྤོང་བར་མི་བྱེད་པ་དང་། བསླབ་པ་འབུལ་བར་མི་བྱེད་པ་དང་། བདག་ཉིད་ཀྱི་ཉེས་པའི་སྐབས་དང་། འཁྲུལ་པ་ཚོལ་ཞིང་དགེ་བ་མི་སྤྱོམས་ལ། སྡིག་པ་འཆགས་པར་
བྱེད་པ་དང་། གཞན་དག་གི་ཉེས་པའི་སྐབས་དང་། འཁྲུལ་པ་ལ་ལྷུག་པར་འཇོག་པ་དང་། བསམས་བཞིན་དུ་སྲོག་གི་ཕྱིར་ཡང་ལྟུང་བ་མི་འབྱིན་ཅིང་། བྱུང་ན་ཡང་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་བྱེད་པ་དང་། འཕྲལ་གྱི་བྱ་བ་དག་ལ་ཡང་མཁས་ཤིང་ལེ་ལོ་མེད་པ་དང་། རང་ཉིད་ཀྱིས་
བྱེད་ཅིང་གཞན་ལས་ལུས་ཀྱི་བསྙེན་བཀུར་ཡོངས་སུ་མི་ཚོལ་བ་དང་། སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། ཟབ་མོ་བསྟན་པ་དག་ལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་ཅིང་གཟིགས་པ་ཡིན་གྱི། བདག་གིས་ནི་མ་ཡིན་
ནོ་སྙམ་དུ་རིག་ནས། དེ་ལ་མོས་པ་སྤྱོད་ཅིང་སྤོང་བར་མི་བྱེད་པ་དང་། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པར་མི་བྱེད་ཅིང་། ཅལ་ཅོལ་དུ་འཛིན་པ་དང་། སྤང་དཀའ་བར་མི་སྨྲ་བ་ཡིན་ཏེ། དེ་ཡོན་ཏན་དེ་དག་དང་ལྡན་ཞིང་དེ་ལྟར་སྤྱོད་དོ། །དེ་ལྟར་བསླབ་པ་ན། དགེ་སྦྱོང་གི་རྒྱན་གྱིས་
བརྒྱན་ཅིང་མཛེས་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འདོད་པ་ལ་ལོངས་སྤྱོད་པའི་སྐྱེས་བུ་(ལོང་‚ལང་)ཚོ་ལ་བབ་པ། ཆ་བའི་རང་བཞིན་ཅན་ལ་ལ་ཞིག་ཁྲུས་བྱས་ཤིང་བྱུག་པས་བྱུགས་ཏེ། གོས་དཀར་པོ་བགོས་ལ། རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་།
དཔུང་རྒྱན་དག་དང་། སོར་གདུབ་དག་དང་། རྒྱན་དག་དང་། གསེར་དང་དངུལ་གྱི་ཕྲེང་བ་དག་གིས་བརྒྱན་ན་མཛེས་པ་དེ་བཞིན་དུ། དེ་ཡང་དགེ་སྦྱོང་གི་ཡོན་ཏན་གྱི་རྒྱན་སྣ་ཚོགས་དེ་དག་གིས་བརྒྱན་ན་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེར་འགྱུར་བས་ན། དེའི་ཕྱིར་དགེ་
เล่ม ๑๒๘ · หน้า 67a
སྦྱོང་གི་རྒྱན་ཞེས་བྱ་སྟེ། དེ་ནི་དགེ་སྦྱོང་གི་རྒྱན་ཞེས་བྱའོ།། །།བར་གྱི་སྡོམ་ནི། །དད་ལྡན་གཡོ་མེད་ནད་ཉུང་དང་། བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་། །ཆོག་ཤེས་གསོ་སླ་དགེང་སླ་དང་། །སྦྱངས་དང་མཛེས་དང་དྲོད་རིག་དང་། །སྐྱེས་བུ་
དམ་ཆོས་མཁས་རྟགས་དང་། །བཟོད་དང་དེས་དང་གྱ་ནོམ་ཡིན། །སྡོམ་ནི། བདག་དང་གཞན་གྱི་འབྱོར་པ་དང་། །མདུན་དང་ཚུལ་ཁྲིམས་དབང་པོ་དང་། །དེ་བཞིན་ཟས་དང་མི་ཉལ་དང་། །ཤེས་བཞིན་དུ་ནི་སྤྱོད་པ་དང་། །དེ་བཞིན་དགེ་བའི་བཤེས་གཉེན་དང་། །དམ་ཆོས་
ཉན་དང་སེམས་པ་དང་། །བར་ཆད་མེད་དང་གཏོང་བ་དང་། །དགེ་སྦྱོང་རྒྱན་ནི་ཐ་མ་ཡིན། །བསྡུས་པའི་སྡོམ་ནི། །འཇིག་རྟེན་པ་ཡི་ཆགས་བྲལ་དང་། །དེ་བཞིན་འཇིག་རྟེན་འདས་པ་དང་། །དེ་དག་ཉིད་ཚོགས་ངེས་འབྱུང་བའི། །ས་ཡི་མིང་དུ་བྱས་པ་ཡིན། །རྣལ་འབྱོར་སྤྱོད་པའི་
ས་ཉན་ཐོས་ཀྱི་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་དང་པོ་རྫོགས་སོ།། །།བམ་པོ་བདུན་པ། །འཇིག་རྟེན་པ་ཡི་ཆགས་བྲལ་དང་། །དེ་བཞིན་འཇིག་རྟེན་འདས་པ་དང་། །དེ་དག་ཉིད་ཚོགས་ངེས་འབྱུང་བའི། །ས་ཡི་མིང་དུ་བྱས་པ་ཡིན། །ཞེས་ངེས་པར་འབྱུང་བའི་ས་ཇི་
སྐད་བསྟན་ཅིང་། ཇི་སྐད་ཡོངས་སུ་བསྒྲགས་པ་དེ་ལ། གང་དག་ངེས་པར་འབྱུང་བའི་གང་ཟག་རྣམས་ནི་དུ། གང་ཟག་རྣམས་ཀྱི་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། དམིགས་པ་ནི་གང་། གདམས་ངག་ནི་གང་། བསླབ་པ་ནི་གང་། བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་ནི་གང་།
རྣལ་འབྱོར་ཉམས་པ་ནི་གང་། རྣལ་འབྱོར་རྣམས་ནི་གང་། ཡིད་ལ་བྱེད་པ་ནི་གང་། རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་དག་ནི་གང་། རྣལ་འབྱོར་སྤྱོད་པ་རྣམས་ནི་གང་། རྣལ་འབྱོར་བསྒོམ་པ་ནི་གང་། བསྒོམས་པའི་འབྲས་བུ་ནི་གང་། གང་ཟག་གི་རྣམས་གྲངས་དག་ནི་དུ། བདུད་དག་ནི་དུ།
བདུད་ཀྱི་ལས་དག་ནི་དུ། རྩོམ་པ་འབྲས་བུ་ཡོད་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། དེ་ལ་གང་ཟག་ནི་ཉི་ཤུ་རྩ་བརྒྱད་ཡོད་དེ། ཉི་ཤུ་རྩ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དང་། འདོད་ཆགས་ཤས་ཆེ་བ་དང་། ཞེ་སྡང་ཤས་ཆེ་བ་དང་། གཏི་
เล่ม ๑๒๘ · หน้า 67b
མུག་ཤས་ཆེ་བ་དང་། ང་རྒྱལ་ཤས་ཆེ་བ་དང་། རྣམ་པར་རྟོག་པ་ཤས་ཆེ་བ་དང་། ཆ་མཉམ་པར་གྱུར་པ་དང་། ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་དང་། ཞུགས་པ་དང་། འབྲས་བུ་ལ་གནས་པ་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་
པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱི་མངོན་དུ་བྱེད་པ་དང་། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་།
མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་པ་དང་། གོང་དུ་འཕོ་བ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དང་། མི་གཡོ་བའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་
གའི་ཆ་ལས་རྣམ་པར་གྲོལ་བའོ། །དེ་ལ་གང་ཟག་དབང་པོ་རྟུལ་པོ་གང་ཞེ་ན། གང་ཟག་དབང་པོ་རྟུལ་པོ་རྣམས་རྟུལ་ཞིང་སྔ་མ་བཞིན་དུ་ཤེས་བྱའི་དངོས་པོ་ལ་བུལ་བར་འཇུག་པ་དང་དལ་བུས་འཇུག་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དང་པོ་ཉིད་ནས་དབང་པོ་
རྟུལ་བའི་རིགས་ཡིན་པ་དང་། དབང་པོ་ཡོངས་སུ་མ་བསྒོམས་པའོ། །གང་ཟག་དབང་པོ་རྣོན་པོ་གང་ཞེ་ན། གང་ཟག་གང་དབང་པོ་རྣམས་རྣོ་ཞིང་སྔ་མ་བཞིན་དུ་ཤེས་བྱའི་དངོས་པོ་ལ་བུལ་བར་འཇུག་པ་མ་ཡིན་ཞིང་། དལ་བུས་འཇུག་པ་མ་ཡིན་པའོ། །ཡང་རྣམ་པ་གཉིས་སུ་རིག་པར་
བྱ་སྟེ། དང་པོ་ཉིད་ནས་དབང་པོ་རྣོན་པོའི་རིགས་གང་ཡིན་པ་དང་། དབང་པོ་ཡོངས་སུ་བསྒོམས་པའོ། །གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་ཀུན་དུ་བསྟེན་ཅིང་། གོམས་པར་བྱས་ལན་མང་དུ་བྱས་པས། དེ་
རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བའི་དངོས་པོ་ལ་འདོད་ཆགས་ཤས་ཆེན་པོ་དང་། འདོད་ཆགས་ཡུན་རིང་པོར་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་འདོད་ཆགས་ཤས་ཆེ་བ་ཞེས་བྱའོ། །གང་ཟག་ཞེ་སྡང་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་ཞེ་
เล่ม ๑๒๘ · หน้า 68a
སྡང་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཞེ་སྡང་ཤས་ཆེན་པོ་དང་། ཞེ་སྡང་ཡུན་རིང་པོར་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་ཞེ་སྡང་ཤས་ཆེ་བ་ཞེས་བྱའོ། །གང་ཟག་
གཏི་མུག་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་གཏི་མུག་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་རྨོངས་པར་འགྱུར་བའི་དངོས་པོ་ལ་གཏི་མུག་ཤས་ཆེན་པོ་དང་། གཏི་མུག་ཡུན་རིང་པོར་སྐྱེ་བར་
འགྱུར་བ་སྟེ། དེ་ནི་གང་ཟག་གཏི་མུག་ཤས་ཆེ་བ་ཞེས་བྱའོ། །གང་ཟག་ང་རྒྱལ་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་ང་རྒྱལ་ཀུན་དུ་བསྟེན་ཅིང་། གོམས་པར་བྱས་ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཁེངས་པར་འགྱུར་
བའི་དངོས་པོ་ལ། ང་རྒྱལ་ཤས་ཆེན་པོ་དང་། ང་རྒྱལ་ཡུན་རིང་པོར་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་ང་རྒྱལ་ཤས་ཆེ་བ་ཞེས་བྱའོ། །གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་རྣམ་པར་རྟོག་པ་ཀུན་དུ་བསྟེན་ཅིང་། གོམས་
པར་བྱས། ལན་མང་དུ་བྱས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ལ་རྣམ་པར་རྟོག་པ་ཤས་ཆེན་པོ་དང་། རྣམ་པར་རྟོག་པ་ཡུན་རིང་པོ་སྐྱེ་བར་འགྱུར་བ་སྟེ། དེ་ནི་གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ་ཞེས་བྱའོ། །གང་ཟག་ཆ་མཉམ་པར་འགྱུར་བ་
གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྣམ་པར་རྟོག་པ་ཀུན་དུ་མ་བསྟེན་ཅིང་། གོམས་པར་མ་བྱས་པས། ལན་མང་དུ་མ་བྱས་ཀྱང་། ཆོས་དེ་དག་ཉེས་དམིགས་སུ་མ་མཐོང་
ཞིང་། སུན་མ་ཕྱིན། ཡང་དག་པར་མ་རྟོགས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བ་དང་། རྨོངས་པར་འགྱུར་བ་དང་། ཁེངས་པར་འགྱུར་བ་དང་། རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ལ། འདོད་ཆགས་ཤས་ཆེན་
เล่ม ๑๒๘ · หน้า 68b
པོ་དང་། འདོད་ཆགས་ཡུན་རིང་པོ་སྐྱེ་བར་མི་འགྱུར་ཡང་། འདི་ལྟ་སྟེ། དངོས་པོ་དེས་དེ་ལ་འདོད་ཆགས་ཀུན་དུ་མི་འབྱུང་བ་མ་ཡིན་པ་དང་། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྣམ་པར་རྟོག་པ་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་གང་ཟག་ཆ་
མཉམ་པར་འགྱུར་བ་ཞེས་བྱའོ། །གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་གང་ཞེ་ན། གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་ཀུན་དུ་མ་བསྟེན་ཅིང་གོམས་པར་མ་བྱས། ལན་མང་དུ་མ་བྱས་ལ། ཉེས་དམིགས་སུ་ཡང་ལན་མང་དུ་མཐོང་ཞིང་སུན་ཡང་ཕྱིན།
ཡང་དག་པར་ཡང་རྟོགས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བའི་དངོས་པོ་ཆེན་པོ་དང་། མང་པོ་དང་། ལྷག་པ་དང་ཕྲད་ཅིང་མངོན་དུ་གྱུར་པ་ལ་ནི་འདོད་ཆགས་བུལ་བར་སྐྱེ་ལ། འབྲིང་དང་ཆུང་ངུ་ལ་ནི་གཏན་མི་སྐྱེ་བ་དང་། འདོད་ཆགས་ལ་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་།
གཏི་མུག་དང་། ང་རྒྱལ་དང་། རྣམ་པར་རྟོག་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་ཞེས་བྱའོ། །གང་ཟག་ཞུགས་པ་གང་ཞེ་ན། སྨྲས་པ། གང་ཟག་ཞུགས་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱུན་དུ་ཞུགས་
པའི་འབྲས་བུའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་ཕྱིར་ཞུགས་ཏེ། དེ་ནི་གང་ཟག་ཞུགས་པ་ཞེས་བྱའོ། །གང་ཟག་འབྲས་བུ་ལ་གནས་པ་གང་ཞེ་ན། སྨྲས་པ།
གང་ཟག་འབྲས་བུ་ལ་གནས་པ་ཡང་རྣམ་པ་བཞི་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པ་སྟེ། དེ་ནི་གང་ཟག་འབྲས་བུ་
ལ་གནས་པ་ཞེས་བྱའོ། །གང་ཟག་དད་པས་རྗེས་སུ་འབྲང་བ་གང་ཞེ་ན། སྨྲས་པ། གང་ཟག་གང་གཞན་ལས་གདམས་ཤིང་རྗེས་སུ་བསྟན་པ་ཡོངས་སུ་ཚོལ་ཞིང་། དེ་དེའི་སྟོབས་ཀྱིས་འདི་ལྟ་སྟེ། འབྲས་བུ་རྟོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་། གཟུང་བ་དང་། ཀུན་ཆུབ་
เล่ม ๑๒๘ · หน้า 69a
པར་བྱ་བ་དང་། བསམས་པ་དང་། གཞལ་བ་དང་། ཉེ་བར་བརྟགས་པའི་ཆོས་རྣམས་ལ་བདག་ཉིད་ཀྱིས་ཆོས་དེ་དག་བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པའི་མཐུ་མེད་ཅིང་མི་ནུས་ལ། གང་ཟག་གི་རྗེས་སུ་འབྲང་བའི་དད་པས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེ་
ནི་གང་ཟག་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་ཆོས་ཀྱིས་རྗེས་སུ་འབྲང་བ་གང་ཞེ་ན། སྨྲས་པ། གང་ཟག་གང་ཇི་ལྟར་ཐོས་པ་དང་། ཀུན་ཆུབ་པར་བྱས་པ་དང་། བསམས་པ་དང་། གཞལ་བ་དང་། ཉེ་བར་བརྟགས་པའི་ཆོས་རྣམས་ལ་བདག་ཉིད་ཀྱིས་ཆོས་དེ་དག་བསྒོམ་
པའི་རྣམ་པས་འདི་ལྟ་སྟེ། འབྲས་བུ་རྟོགས་པར་བྱ་བའི་ཕྱིར། རྗེས་སུ་འཇུག་པའི་མཐུ་ཡོད་ཅིང་ནུས་ལ། གཞན་གྱིས་གདམས་ཤིང་རྗེས་སུ་བསྟན་པ་ཡོངས་སུ་མི་ཚོལ་བ་ཡིན་ཏེ། དེ་ནི་གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་དད་པས་མོས་པ་གང་ཞེ་ན། སྨྲས་པ།
གང་ཟག་དད་པས་རྗེས་སུ་འབྲང་བ་དེ་ཉིད་གང་གི་ཚེ་གཞན་གྱིས་གདམས་ཤིང་རྗེས་སུ་བསྟན་པ་ལས་རྗེས་སུ་བསྟེན་ཏེ། དགེ་སྦྱོང་གི་འབྲས་བུ་རྟོགས་པར་བྱེད། རེག་པར་བྱེད། མངོན་སུམ་དུ་བྱེད་པ་དེའི་ཚེ་ན། དེ་ནི་གང་ཟག་དད་པས་མོས་པ་ཞེས་བྱའོ། །གང་ཟག་མཐོང་བས་ཐོབ་པ་གང་
ཞེ་ན། སྨྲས་པ། གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་དེ་ཉིད་གང་གི་ཚེ་གཞན་གྱིས་གདམས་ཤིང་རྗེས་སུ་བསྟན་པ་ལས་མ་བསྟེན་པར་དགེ་སྦྱོང་གི་འབྲས་བུ་རྟོགས་པར་བྱེད། རེག་པར་བྱེད། མངོན་སུམ་དུ་བྱེད་པ་དེའི་ཚེ་ན། དེ་ནི་གང་ཟག་མཐོང་བས་ཐོབ་པ་ཞེས་བྱའོ། །གང་ཟག་
ལུས་ཀྱིས་མངོན་སུམ་དུ་བྱེད་པ་གང་ཞེ་ན། སྨྲས་པ། གང་ཟག་གང་རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་མཐུན་པ་དང་། རྗེས་སུ་མཐུན་པ་མ་ཡིན་པར་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་པ་དང་། ལུས་ཀྱིས་མངོན་སུམ་དུ་བྱས་ནས། ལན་མང་དུ་གནས་པར་ཡང་བྱེད་ལ། ཐམས་
ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ནི་རྗེས་སུ་མ་ཐོབ་པ་སྟེ། དེ་ནི་གང་ཟག་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། སྨྲས་པ། གང་ཟག་གང་ཀུན་ཏུ་སྦྱོར་བ་གསུམ་པོ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་
เล่ม ๑๒๘ · หน้า 69b
ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་སྤངས་ནས། ལོག་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའི་རྒྱུན་ཏུ་ཞུགས་པར་གྱུར་ཅིང་། ལྷ་དང་མིར་ལན་བདུན་བདུན་མཚམས་སྦྱར་ཞིང་འཁོར་ནས་སྡུག་
བསྔལ་མཐར་བྱེད་པ་སྟེ། དེ་ནི་གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ། །གང་ཟག་རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། སྨྲས་པ། རིགས་ནས་རིགས་སུ་སྐྱེ་བ་ནི་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བའོ། །དེ་ལ་
ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། ལྷ་རྣམས་ཀྱི་རིགས་ནས་རིགས་སུ་མཚམས་སྦྱར་ཞིང་། འཁོར་ནས་སྡུག་བསྔལ་མཐར་བྱེད་པ་གང་ཡིན་པའོ། །དེ་ལ་མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། མི་རྣམས་ཀྱི་རིགས་ནས་རིགས་སུ་མཚམས་སྦྱར་ཞིང་། འཁོར་ནས་སྡུག་བསྔལ་མཐར་
བྱེད་པ་གང་ཡིན་པ་སྟེ། གཉི་ག་ཡང་གང་ཟག་རྒྱུན་དུ་ཞུགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་བར་ཆད་གཅིག་པ་གང་ཞེ་ན། སྨྲས་པ། གང་ཟག་ལན་ཅིག་ཕྱིར་འོང་བ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལས། ཉོན་མོངས་
པ་ཆེན་པོ་དང་འབྲིང་ནི་སྤངས་ལ། ལྷག་མ་ཆུང་ངུ་གཅིག་པུ་ལས་འདོད་པ་ན་སྤྱོད་པའི་ལྷའི་གནས་སུ་ལན་ཅིག་སྐྱེས་ནས་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་ཞིང་། འཇིག་རྟེན་འདིར་ལན་ཅིག་ཕྱིར་མི་འོང་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་བར་ཆད་གཅིག་པ་ཞེས་བྱའོ། །གང་ཟག་བར་
མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རྣམ་པ་གསུམ་སྟེ། དེ་ལ་གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གཅིག་ནི། ཤི་འཕོས་མ་ཐག་ཁོ་ནར་བར་མ་དོར་སྲིད་པ་མངོན་པར་གྲུབ་པའི་ཚེ། བར་མ་
དོར་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་མངོན་པར་འགྲུབ་པ་དང་དུས་མཉམ་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། འདི་ལྟ་སྟེ། དཔེར་ན་བུར་མའི་མེ་སྟག་བྱུང་མ་ཐག་ཁོ་ནར་འཆི་བ་ལྟ་བུའོ། །གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གཉིས་པ་ནི། བར་མ་དོའི་སྲིད་
เล่ม ๑๒๘ · หน้า 70a
པ་མངོན་པར་འགྲུབ་པར་བྱེད་ཅིང་། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་དེ་ལ་གནས་པའི་དུས་གཞན་གྱིས་ཡོངས་སུ་མྱ་ངན་ལས་འདའ་ཞིང་། སྐྱེ་བའི་སྲིད་པ་ག་ལ་བ་དེར་ནི་ད་དུང་མི་གཞོལ་བ་སྟེ། འདི་ལྟ་སྟེ། དཔེར་ན་ལྕགས་ཀྱི་ཐུ་ལུམ་མམ། ལྕགས་
གླེགས་པ་མེར་བསྲེགས་ཤིང་རབ་ཏུ་འབར་བ་དག་ལྕགས་ཀྱི་ཐོ་བ་དག་གིས་བརྡུངས་པ་ན། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་ཁོ་ནར་འཆི་བ་ལྟ་བུ་སྟེ། གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་པ་ནི། བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་། མངོན་པར་
གྲུབ་ནས་ཀྱང་། སྐྱེ་བའི་སྲིད་པ་ག་ལ་བ་དེར་གཞོལ་བར་བྱེད་ལ། གཞོལ་ནས་ཀྱང་མ་སྐྱེས་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་སྟེ། འདི་ལྟ་སྟེ་དཔེར་ན། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ཕྱིར་ལོག་སྟེ་ས་ལ་མ་ལྷུང་བ་ཁོ་ནར་འཆི་བ་ལྟ་བུའོ། །གང་ཟག་བར་མ་དོར་
ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་པོ་དེ་དག་གཅིག་ཏུ་བསྡུས་པ་ནི། གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། སྐྱེས་མ་ཐག་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་
སྟེ། དེ་ནི་གང་ཟག་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་མེད་པ་དང་། འབད་པ་མེད་པ་དང་ངལ་བ་མེད་པས་ལམ་མངོན་དུ་བྱས་ཤིང་དེར་སྐྱེས་ནས་
ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་དང་། འབད་པ་
དང་། ངལ་བས་ལམ་མངོན་དུ་བྱས་ཤིང་། དེར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། དེ་ནི་གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །གང་ཟག་གོང་དུ་འཕོ་བ་གང་ཞེ་ན། སྨྲས་པ། གང་ཟག་ཕྱིར་མི་འོང་བ་བསམ་
เล่ม ๑๒๘ · หน้า 70b
གཏན་དང་པོར་སྐྱེས་པ་ནི་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་དེས་ན་ཤི་འཕོས་ནས་གོང་ནས་གོང་དུ་འོག་མིན་གྱི་བར་གྱི་ལྷར་འགྲོ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་སྐྱེ་བའི་གནས་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་
གོང་དུ་འཕོ་བ་ཞེས་བྱའོ། །གང་ཟག་དུས་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་དབང་པོ་རྟུལ་པོའི་རིགས་ཅན་འཇིག་རྟེན་པའི་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། འཆི་བར་སེམས་པ་དང་། རྣམ་པར་གྲོལ་བ་རྗེས་སུ་སྲུང་བ་
དང་། འདི་ལྟ་སྟེ། དེ་ཉིད་ཡོངས་སུ་ཉམས་པར་མི་འགྱུར་བའི་དབང་དུ་བྱས་ནས། ཤིན་ཏུ་བག་ཡོད་པའི་སྤྱོད་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་བྱེད་པ་དང་། དེ་ཇི་སྲིད་དུ་ཤིན་ཏུ་མངོན་པར་བརྩོན་པར་མི་བྱེད་པ་དེ་སྲིད་དུ་དེ་ནི་དགེ་བའི་ཕྱོགས་དེ་ཙམ་ཞིག་བྱེད་ཀྱི། ཤིན་ཏུ་ཁྱད་པར་དུ་
འགྱུར་བར་བྱ་བའི་ཕྱིར་ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདའ་བར་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་གང་ཟག་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ཟག་མི་གཡོ་བའི་ཆོས་ཅན་གང་ཞེ་ན། སྨྲས་པ། དེ་ལས་བཟློག་པ་ནི་
གང་ཟག་མི་གཡོ་བའི་ཆོས་ཅན་ཡིན་པར་རིག་པར་བྱའོ། །གང་ཟག་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་རྗེས་སུ་ཐོབ་ཅིང་། རྣམ་པར་ཐར་པ་བརྒྱད་ཀྱང་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་ནི་
མ་ཡིན་པ་སྟེ། དེ་ནི་གང་ཟག་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ཟག་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། སྨྲས་པ། གང་ཟག་གང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་རྗེས་སུ་ཐོབ་ཅིང་། རྣམ་པར་ཐར་པ་བརྒྱད་ཀྱང་ལུས་ཀྱི་མངོན་སུམ་དུ་བྱས་
ནས་བསྒྲུབས་ཏེ་གནས་ལ། དེའི་སེམས་ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བ་སྟེ། དེ་ནི་གང་ཟག་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ཟག་རྣམས་ཀྱི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། རབ་ཏུ་དབྱེ་བ་བཅུ་
เล่ม ๑๒๘ · หน้า 71a
གཅིག་གང་ཟག་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། བཅུ་གཅིག་གང་ཞེ་ན། འདི་ལྟ་སྟེ། དབང་པོའི་རབ་ཏུ་དབྱེ་བ་དང་། སྡེ་བའི་རབ་ཏུ་དབྱེ་བ་དང་། སྤྱད་པའི་རབ་ཏུ་དབྱེ་བ་དང་། སྨོན་ལམ་གྱི་རབ་ཏུ་དབྱེ་བ་དང་། ལམ་གྱི་རབ་ཏུ་དབྱེ་བ་དང་།
ལམ་དང་འབྲས་བུའི་རབ་ཏུ་དབྱེ་བ་དང་། སྦྱོར་བའི་རབ་ཏུ་དབྱེ་བ་དང་། སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བ་དང་། སྐྱེ་བའི་རབ་ཏུ་དབྱེ་བ་དང་། ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བ་དང་། སྒྲིབ་པའི་རབ་ཏུ་དབྱེ་བས་སོ། །དེ་ལ་རེ་ཞིག་དབང་པོ་རབ་ཏུ་དབྱེ་བས་ནི། གང་ཟག་དབང་
པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དག་རྣམ་པར་གཞག་གོ། །དེ་ལ་སྡེ་པའི་རབ་ཏུ་དབྱེ་བ་ནི་གང་ཟག་རྣམ་པ་བདུན་རྣམ་པར་གཞག་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སོ། །དེ་
ལ་སྤྱོད་པའི་རབ་ཏུ་དབྱེ་བ་ནི་གང་ཟག་བདུན་རྣམ་པར་གཞག་སྟེ། གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཡིན་པ་དེ་ནི་འདོད་ཆགས་སྤྱད་པའོ། །ཞེ་སྡང་ཤས་ཆེ་བ་གང་ཡིན་པ་དེ་ནི་ཞེ་སྡང་སྤྱད་པའོ། །གཏི་མུག་ཤས་ཆེ་བ་གང་ཡིན་པ་དེ་ནི་གཏི་མུག་སྤྱད་པའོ། །ང་རྒྱལ་ཤས་ཆེ་བ་གང་ཡིན་པ་
དེ་ནི་ང་རྒྱལ་སྤྱད་པའོ། །རྣམ་པར་རྟོག་པ་ཤས་ཆེ་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་སྤྱད་པའོ། །ཆ་མཉམ་པར་གྱུར་པ་གང་ཡིན་པ་དེ་ནི་ཆ་མཉམ་པར་སྤྱད་པའོ། །ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་གང་ཡིན་པ་དེ་ནི། ཉོན་མོངས་པ་ཆུང་ངུ་སྤྱད་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་འདོད་
ཆགས་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་འདོད་ཆགས་སྤྱད་པ་ནི་ཆགས་པར་འགྱུར་བའི་དངོས་པོ་ཆུང་ངུ་དང་། ངན་པ་ཐམས་ཅད་ལ་ཡང་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་སྟུག་པོ་དང་ཆེན་པོ་སྐྱེད་པར་བྱེད་ན། འབྲིང་དང་བཟང་པོ་དག་ལ་ལྟ་སྨོས་ཀྱང་ཅི་
དགོས་ཏེ། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་དང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང་། དེ་ཆགས་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་ཆགས་པར་
เล่ม ๑๒๘ · หน้า 71b
འགྱུར་བའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་རིགས་པ་དང་། དབང་པོ་མཉེན་པ་དང་། དབང་པོ་འཇམ་པ་དང་། དབང་པོ་མི་རྩུབ་པ་དང་། དབང་པོ་མི་བརླང་བ་དང་། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་ཐོ་འཚམས་པའི་རང་བཞིན་ཅན་མ་ཡིན་པ་དང་།
འབྲལ་བར་དཀའ་བ་དང་། ཡིད་འབྱུང་བར་དཀའ་བ་དང་། དམན་པ་ལ་མོས་པ་དང་། ལས་ཀྱི་མཐའ་དམ་པ་དང་། ལས་ཀྱི་མཐའ་བརྟན་པ་དང་། བརྟུལ་ཞུགས་དམ་པ་དང་། བརྟུལ་ཞུགས་བརྟན་པ་དང་། སྤྲོ་རིང་བ་དང་། འཚོག་ཆས་དང་། ཡོ་བྱད་དག་ལ་བརྐམ་པའི་རང་བཞིན་
ཅན་ཡིན་ཞིང་། དེ་ལ་གདུ་བ་དང་། ཡིད་བདེ་བ་མང་བ་དང་། ཀུན་དགའ་བ་མང་བ་དང་། ཁྲོ་གཉེར་མེད་པ་དང་། བཞིན་གྱི་མདོག་གསལ་བ་དང་། འཛུམ་པ་སྔར་གཏོང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་འདོད་ཆགས་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །
དེ་ལ་གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ནི་གང་ཟག་ཞེ་སྡང་སྤྱད་པ་ནི། ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཁོང་ཁྲོ་བའི་རྒྱུ་མཚན་ཆུང་ངུས་ཀྱང་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་སྡུག་པ་དང་མང་པོ་སྐྱེ་བར་བྱེད་ན། འབྲིང་པོ་དང་ཆེན་པོ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ།
ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་དང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང་། དེ་ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་། ཁོང་ཁྲོ་བར་འགྱུར་བའི་ཆོས་
རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང་། དབང་པོ་མི་མཉེན་པ་དང་། དབང་པོ་མི་འཇམ་པ་དང་། དབང་པོ་རྩུབ་པ་དང་། དབང་པོ་བརླང་བ་དང་། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་མཐོ་བཙམས་པའི་རང་བཞིན་ཅན་ཡིན་པ་དང་། འབྲལ་བར་སླ་བ་དང་། ཡིད་
འབྱུང་བར་སླ་བ་དང་། གཅོར་བ་དང་། མུ་ཅོར་སྨྲ་བ་དང་། སྤྱི་རྟོལ་ཆེ་བ་དང་། མི་མོས་པ་མང་བ་དང་། ལས་ཀྱི་མཐའ་དམ་པ་དང་། ལས་ཀྱི་མཐའ་བརྟན་པ་དང་། བརྟུལ་ཞུགས་དམ་པ་དང་། བརྟུལ་ཞུགས་བརྟན་པ་དང་། ཡིད་མི་བདེ་བ་མང་བ་དང་། འཁྲུག་པ་མང་བ་དང་།
เล่ม ๑๒๘ · หน้า 72a
བཟོད་པ་མེད་པ་དང་། སྤྲོ་ཐུང་བ་དང་། མི་མཐུན་པའི་རང་བཞིན་ཅན་ཡིན་པ་དང་། མཐུན་པར་འཛིན་པ་མ་ཡིན་པ་དང་། ཁྲོ་བ་མང་བ་དང་། བཟློག་དཀའ་བའི་རང་བཞིན་ཅན་དང་། འཁྲུག་པ་མང་བ་དང་། བསམ་པ་ཁྲོ་ཞིང་གཏུམ་པ་དང་། འཚིག་ཅིང་
བརླང་པོར་སྨྲ་བ་དང་། དེ་ཆུང་ཟད་ཙམ་ཞིག་སྨྲས་ན་ཡང་ནོང་ཞིང་འཁྲུག་ལ་གནོད་སེམས་སྐྱེད་པ་དང་། གནོད་བཞིན་དུ་གནས་པ་དང་། འཁྲུག་པ་སྐྱེད་པ་དང་། ཁྲོ་གཉེར་དང་ལྡན་པ་དང་། བཞིན་གྱི་མདོག་མི་གསལ་བ་དང་། གཞན་གྱི་འབྱོར་པ་ལ་ཞེ་སྡང་ཞིང་ཕྲག་དོག་མང་བ་ཡིན་
ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་གཏི་མུག་སྤྱད་པ་རྣམས་ནི་རྨོངས་པར་འགྱུར་བའི་དངོས་པོ་ཆུང་ངུ་ལ་ཡང་གཏི་མུག་གི་ཀུན་ནས་དཀྲིས་པ་སྟུག་པོ་
དང་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གཏི་མུག་གི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། གཏི་མུག་གི་ཀུན་ནས་དཀྲིས་པ་དེ་དང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང་། དེ་རྨོངས་པར་འགྱུར་བའི་ཆོས་
རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་། རྨོངས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང་། དབང་པོ་བུལ་བ་དང་། དབང་པོ་བླུན་པ་དང་། དབང་པོ་ཞན་པ་དང་། ལུས་ཀྱི་ལས་ཀྱི་མཐའ་ལྷོད་པ་དང་། ངག་གི་ལས་ཀྱི་མཐའ་ལྷོད་པ་དང་། ཉེས་པར་
བསམས་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་དང་། ལེ་ལོ་ཆེ་བ་དང་། སྒྲུབ་མི་ཕོད་པ་དང་། སྨྲ་བ་ཞན་པ་དང་། ཡིད་མི་གཞུངས་པ་དང་། བརྗེད་ངས་པ་དང་། ཤེས་བཞིན་དུ་མི་སྤྱོད་པ་དང་། ལོག་པར་འཛིན་པ་དང་། འབྲལ་བར་
དཀའ་བ་དང་། ཡིད་འབྱུང་བར་དཀའ་བ་དང་། དམན་པ་ལ་མོས་པ་དང་། གླེན་པ་དང་། དིག་པ་དང་། ལྐུགས་པ་དང་། ལག་པས་བརྡ་བྱེད་པ་དང་། ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་དང་། རྐྱེན་གྱིས་ཕྲོགས་
เล่ม ๑๒๘ · หน้า 72b
པ་དང་། གཞན་གྱིས་ཕྲོགས་པ་དང་། གཞན་གྱི་དྲིང་འཇོག་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་སུ་རིག་པར་བྱའོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་ང་རྒྱལ་སྤྱད་པ་ནི་ཁེངས་པར་འགྱུར་བ་དང་།
མཐུན་པའི་དངོས་པོ་ཆུང་ངུ་ལ་ཡང་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་སྟུག་པོ་དང་། མང་པོ་སྐྱེད་པར་(བྱད་‚བྱེད་)ན། འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་རྒྱལ་གྱིས་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དེ་
ཡང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང་། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་། ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་གནོན་པར་མི་ནུས་པ་དང་། དབང་པོ་རྒོད་པ་དང་། དབང་པོ་འདམ་བུ་ལྟར་མཐོ་བ་དང་།
དབང་པོ་ཁེངས་པ་དང་། ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་། བཙན་ངག་ཏུ་སྨྲ་ཞིང་མི་འདུད་པ་དང་། ཕ་མ་དང་། ཉེ་དུ་དང་། བླ་མ་དང་། བླ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པ་མི་བྱེད་པ་དང་། ཁེངས་པ་དང་། ལུས་མི་འདུད་པ་དང་། གསོང་
པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང་། བདག་ཉིད་ཀུན་ཏུ་འཛིན་པ་དང་། བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་དང་། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གྲགས་
པའི་སྒྲའི་ཚོགས་འདོད་པ་དང་། ཐམ་ཐོམ་གྱི་སྣོད་དུ་གྱུར་པ་དང་། དབྲལ་བར་དཀའ་བ་དང་། ཡིད་འབྱུང་བར་དཀའ་བ་དང་། རྒྱ་ཆེན་པོ་ལ་མོས་པ་དང་། སྙིང་རྗེ་ཆུང་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་ཤས་ཆེ་བ་དང་།
ཁྲོ་གཏུམ་ཆེ་བ་དང་། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་ལྡན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་རྣམ་པར་རྟོག་པ་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་རྣམ་པར་རྟོག་པ་སྤྱོད་པ་ནི་རྣམ་པར་རྟོག་པ་དང་
เล่ม ๑๒๘ · หน้า 73a
མཐུན་པའི་དངོས་པོ་ཆུང་ངུ་ལ་ཡང་རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་།
རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དེ་དང་ཡུན་རིང་དུ་རྗེས་སུ་འབྲེལ་བར་འགྱུར་བ་དང་། དེ་རྣམ་པར་རྟོག་པ་དང་མཐུན་པའི་ཆོས་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཞིང་། རྣམ་པར་རྟོག་པ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང་། དབང་པོ་མི་བརྟན་པ་དང་། དབང་
པོ་གཡོ་བ་དང་། དབང་པོ་འགྱུར་བ་དང་། དབང་པོ་འཁྲུག་པ་དང་། ལུས་ཀྱི་ལས་ཀྱི་མཐའ་བརྟད་པ་དང་། ངག་གི་ལས་ཀྱི་མཐའ་བརྟད་པ་དང་། དབྲལ་བར་དཀའ་བ་དང་། ཡིད་འབྱུང་བར་དཀའ་བ་དང་། སྤྲོས་པ་འདོད་པ་དང་། སྤྲོས་པ་ལ་དགའ་བ་དང་། ནེམ་ནུར་མང་བ་དང་།
ཐེ་ཚོམ་མང་བ་དང་། འདུན་པ་དང་ལྡན་པ་དང་། བརྟུལ་ཞུགས་མི་བརྟན་པ་དང་། བརྟུལ་ཞུགས་མ་ངེས་པ་དང་། ལས་ཀྱི་མཐའ་མི་བརྟན་པ་དང་། ལས་ཀྱི་མཐའ་མ་ངེས་པ་དང་། དོགས་པ་མང་བ་དང་། བརྗེད་ངས་པ་དང་། དབེན་པ་ལ་མངོན་པར་མི་དགའ་བ་དང་། རྣམ་པར་གཡེང་བ་
མང་བ་དང་། འཇིག་རྟེན་གྱི་སྣ་ཚོགས་པ་དག་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག་པ་དང་། མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་ཡིན་ནོ། །དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་རྣམ་པར་རྟོག་པ་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་ནི་སྤྱད་པའི་
རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་སྨོན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད། རང་སངས་རྒྱས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་ཡང་ཡོད།
ཐེག་པ་ཆེན་པོར་སྨོན་ལམ་བཏབ་པ་ཡང་ཡོད་དོ། །དེ་ལ་གང་ཟག་གང་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་དེ་ནི་ཉན་ཐོས་ཀྱི་རིགས་སུ་འགྱུར་བའམ། རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བའམ། ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་གང་རང་སངས་
เล่ม ๑๒๘ · หน้า 73b
རྒྱས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་དེ་ཡང་ཉན་ཐོས་ཀྱི་རིགས་སུ་འགྱུར་བའམ། རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བའམ། ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་གང་ཐེག་པ་ཆེན་པོར་སྨོན་ལམ་བཏབ་པ་དེ་ཡང་། ཉན་ཐོས་ཀྱི་རིགས་སུ་འགྱུར་བའམ།
རང་སངས་རྒྱས་ཀྱི་རིགས་སུ་འགྱུར་བའམ། ཐེག་པ་ཆེན་པོའི་རིགས་སུ་འགྱུར་བ་ཡིན་ནོ། །དེ་ལ་གང་ཟག་ཉན་ཐོས་ཀྱི་རིགས་ཅན་གང་ཡིན་པ་དེ་ནི་རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཏུ་ཟིན་ཀྱང་། དེ་ཉན་ཐོས་ཀྱི་རིགས་ཅན་ཡིན་པའི་ཕྱིར་
དུས་ཀྱི་མཐར་གདོན་མི་ཟ་བར་སྨོན་ལམ་དེ་ལས་ཕྱིར་ལོག་སྟེ། ཉན་ཐོས་ཀྱི་ཐེག་པའི་སྨོན་ལམ་ཁོ་ན་ལ་གནས་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་དང་། ཐེག་པ་ཆེན་པོའི་རིགས་ཅན་དེ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གང་ཟག་དེ་དག་གི་སྨོན་ལམ་འཕོ་ཞིང་།
སྨོན་ལམ་འདྲེ་བར་འགྱུར་ཡང་རིགས་འཕོ་བ་དང་རིགས་འདྲེ་བ་ནི་མི་འགྱུར་རོ། །དོན་གྱི་སྐབས་འདིར་ནི་གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ་དང་། ཉན་ཐོས་ཀྱི་རིགས་ཅན་དེ་དག་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་སྨོན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་
ཡིན་ནོ། །དེ་ལ་ཇི་ལྟར་ན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། གང་ཟག་ཇི་སྐད་བསྟན་ཅིང་ཇི་སྐད་ཡོངས་སུ་བསྒྲགས་པ་དེ་དག་ནི། ལམ་བཞིས་ངེས་པར་འབྱུང་བ་ཡིན་ཏེ། བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ཡང་ཡོད།
མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་ཡང་ཡོད། །མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། །མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་དོ། །དེ་ལ་གང་ཟག་དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་
བུལ་བ་དཀའ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལམ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་མྱུར་བར་དཀའ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི། མངོན་པར་ཤེས་
เล่ม ๑๒๘ · หน้า 74a
པ་བུལ་བ་སླ་བ་ཞེས་བྱའོ། །དེ་ལ་གང་ཟག་དབང་པོ་རྣོན་པོ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་མྱུར་བ་སླ་བ་ཞེས་བྱ་སྟེ། དེ་ལྟར་ན་ལམ་གྱི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་
ལམ་དང་འབྲས་བུའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱ་ཞེ་ན། འདི་ལྟ་སྟེ། ཞུགས་པ་བཞི་པོ་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་།
དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་ཕྱིར་ཞུགས་པ་དང་། འབྲས་བུ་ལ་གནས་པ་བཞི་པོ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པ་དག་གི་
སྟེ། ཞུགས་པའི་ལམ་དུ་ཞུགས་པ་གང་དག་ཡིན་པའི་ཞུགས་པ་དེ་དག་ནི་དེ་དག་གི་ཞུགས་པའི་ལམ་གྱི་རྣམ་པར་གཞག་པ་ཡིན་ནོ། །དེ་དག་གི་འབྲས་བུའི་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་གང་དག་ཡིན་པ་དེ་དག་ནི་དེ་དག་གི་ལམ་གྱི་འབྲས་བུ་རྣམ་པར་གཞག་པ་ཡིན་ཏེ། དེ་ལྟར་ན་
ལམ་དང་འབྲས་བུའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་ན་སྦྱོར་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། གང་ཟག་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དག་གི་སྟེ། གང་ཟག་དད་པས་རྗེས་
སུ་འབྲང་བས་ཞུགས་པ་གང་ཡིན་པ་དེ་ནི་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཅིང་། རྣམ་པར་འབྱེད་པའི་རྗེས་སུ་འབྲང་བས་ཞུགས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལྟར་ན་སྦྱོར་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་
པར་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་སྙོམས་པར་འཇུག་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། གང་ཟག་ལུས་ཀྱིས་མངོན་དུ་བྱེད་པ་རྣམ་པར་ཐར་པ་བརྒྱད་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་
เล่ม ๑๒๘ · หน้า 74b
རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འདུ་
ཤེས་དང་ཚོར་བ་འགོག་པ་དག་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་། རྗེས་སུ་མཐུན་པ་དང་། རྗེས་སུ་མཐུན་པ་མ་ཡིན་པར་སྙོམས་པར་འཇུག་པ་དང་ལྡང་བར་མི་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་རྗེས་སུ་ཐོབ་པ་ནི་མ་ཡིན་པ་སྟེ། དེ་ལྟར་ན་སྙོམས་པར་
འཇུག་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་སྐྱེ་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་
སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དག་གི་སྐྱེ་བས་དེ་དག་ཉིད་རྣམ་པར་གཞག་
པ་ཡིན་ཏེ། དེ་ལྟར་ན་སྐྱེ་བའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཡོངས་སུ་ཉམས་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་
ཉམས་པའི་སྐལ་བ་ཅན་གྱི་གང་ཡིན་པ་དང་། ཡོངས་སུ་མི་ཉམས་པའི་རབ་ཏུ་དབྱེ་བས་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཚེ་འདི་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་བ་ཅན་དུ་རྣམ་པར་གཞག་པ་གང་ཡིན་པ་སྟེ། དེ་ལྟར་ན་ཡོངས་སུ་ཉམས་པའི་
རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་སྒྲིབ་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་གི་སྟེ། དེ་ལ་ཤེས་རབ་ཀྱིས་རྣམ་པར་
เล่ม ๑๒๘ · หน้า 75a
གྲོལ་བའི་དགྲ་བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བ་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་ལ། སྙོམས་པར་འཇུག་
པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་ཡིན་པས། དེའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལྟར་ན་སྒྲིབ་པའི་རབ་ཏུ་དབྱེ་བས་གང་ཟག་རྣམ་པར་གཞག་པ་ཡིན་ཏེ། ཇི་སྐད་བསྟན་པའི་རབ་ཏུ་དབྱེ་བ་དེ་དག་གིས་ཇི་སྐད་བསྟན་པའི་གང་ཟག་རྣམས་གོ་རིམས་བཞིན་དུ་རྣམ་པར་
གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་དམིགས་པ་གང་ཞེ་ན། སྨྲས་པ། དམིགས་པའི་དངོས་པོ་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་
དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་
པའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དམ་པའི་ཆོས་ཐོས་པའམ། གདམས་ཤིང་རྗེས་སུ་བསྟན་པ་ལ་བརྟེན་ནས། མཐོང་བའམ། ཐོས་པའམ། བྱེ་བྲག་ཕྱེད་པའམ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། ཤེས་
པར་བྱ་བའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ལ་མཉམ་པར་གཞག་པའི་ས་པའི་ལྷག་མཐོང་གི་རྣམ་པ་དག་གིས་རྣམ་པར་ལྟ་བར་བྱེད་ཅིང་། རྣམ་པར་འབྱེད་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ལ་ཤེས་བྱའི་
དངོས་པོ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པའམ། བྱམས་པའམ། རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའམ། ཁམས་རབ་ཏུ་དབྱེ་བའམ། དབུགས་རྔུབ་པའམ། དབུགས་འབྱུང་བ་དྲན་པའམ། ཕུང་པོ་ལ་མཁས་པའམ། ཁམས་ལ་མཁས་པའམ། སྐྱེ་མཆེད་ལ་
เล่ม ๑๒๘ · หน้า 75b
མཁས་པའམ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའམ། གནས་དང་གནས་མ་ཡིན་པ་ལ་མཁས་པའམ། ས་འོག་མ་དག་གི་རགས་པ་ཉིད་དམ། ས་གོང་མ་དག་གི་ཞི་བ་ཉིད་དམ། བདེན་པ་སྡུག་བསྔལ་བའམ། བདེན་པ་ཀུན་འབྱུང་བའམ། བདེན་པ་འགོག་པའམ།
བདེན་པ་ལམ་གང་ཡིན་པ་སྟེ། དེ་ནི་ཤེས་བྱའི་དངོས་པོ་ཞེས་བྱའོ། །ཤེས་བྱའི་དངོས་པོ་དེའི་གདམས་ཤིང་རྗེས་སུ་བསྟན་པའམ། དམ་པའི་ཆོས་ཐོས་པ་ལ་བརྟེན་ཅིང་། དེ་ལ་བརྟེན་ནས་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་མངོན་དུ་བྱས་ཏེ། ཆོས་དེ་དག་ཉིད་ལ་མོས་པར་
བྱེད་ཅིང་། ཤེས་བྱའི་དངོས་པོ་དེ་ཉིད་ལ་མོས་པར་བྱེད་དོ། །དེ་དེའི་ཚེ་ན་ཤེས་བྱའི་དངོས་པོ་ལ་མངོན་སུམ་དུ་མཐོང་བ་དང་འདྲ་བའི་མོས་པ་སྐྱེ་བར་འགྱུར་གྱི། ཤེས་བྱའི་དངོས་པོ་དེ་མངོན་སུམ་དུ་གྱུར་ཅིང་ཕྲད་པའམ། མངོན་སུམ་དུ་གྱུར་པ་ནི་མ་ཡིན་ནོ། །དེ་དང་འདྲ་བའི་རྫས་གཞན་ཡང་མ་
ཡིན་མོད་ཀྱི་འོན་ཀྱང་མོས་པའི་མཐུ་ཡིན་ཏེ། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པའི་མཐུས་ན་དེ་དེ་འདྲའོ། །དེས་དེ་ཤེས་བྱའི་དངོས་པོ་དེ་དག་དང་འདྲ་བར་སྣང་བས་དེའི་ཕྱིར་དེ་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ཞེས་བྱ་སྟེ། རྣལ་འབྱོར་པ་དེ་བརྟག་པར་བྱ་བ་ཤེས་
བྱའི་དངོས་པོའི་རང་བཞིན་དེ་ལ་ཡང་དག་པར་རྟོག་པར་བྱེད་པ་ན། ཡོན་ཏན་དང་སྐྱོན་ངེས་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་གང་ཞེ་ན། འདི་ནི་རྣལ་འབྱོར་པ་དེས་གཟུགས་བརྙན་གྱི་
མཚན་མ་བཟུང་ནས་རྣམ་པར་ལྟ་བར་མི་བྱེད་ཅིང་། རྣམ་པར་འབྱེད་པར་མི་བྱེད་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་མོད་ཀྱི། འོན་ཀྱང་དམིགས་པ་དེ་ཉིད་མ་བཏང་བའི་སེམས་དེ་ཞི་གནས་ཀྱི་རྣམ་པས་ཡང་དག་པར་ཞི་བར་བྱེད་དེ། འདི་
ལྟ་སྟེ། སེམས་གནས་པར་བྱེད་པ་རྣམ་པ་དགུས་སེམས་ནང་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་ངེ་འཛིན་དུ་བྱེད་དོ། །དེ་དེའི་ཚེ་ན་
เล่ม ๑๒๘ · หน้า 76a
རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་དེ་ལ་དམིགས་པར་མི་བྱེད་ཅིང་དེ་དམིགས་པ་དེ་ལ་ཕྱོགས་གཅིག་ཁོ་ནར་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་ཀྱི། རྣམ་པར་ལྟ་བར་མི་བྱེད་ཅིང་། རྣམ་པར་འབྱེད་པར་མི་བྱེད། རབ་ཏུ་རྣམ་པར་འབྱེད་པར་མི་བྱེད། ཡོངས་སུ་རྟོག་པར་
མི་བྱེད། ཡོངས་སུ་དཔྱོད་པར་མི་བྱེད་པ་ཡིན་ནོ། །གཟུགས་བརྙན་དེ་ཡང་གཟུགས་བརྙན་ཞེས་ཀྱང་བྱ། ཏིང་ངེ་འཛིན་གྱི་མཚན་མ་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དང་། ཏིང་ངེ་འཛིན་གྱི་ཐབས་དང་། ཏིང་ངེ་འཛིན་གྱི་སྒོ་དང་། ཡིད་ལ་བྱེད་པའི་རྟེན་དང་། ནང་དུ་རྣམ་པར་རྟོག་པའི་
ལུས་དང་། སྣང་བརྙན་ཞེས་ཀྱང་བྱ་སྟེ། དེ་དག་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དེའི་མིང་གི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །དངོས་པོའི་མཐའ་གང་ཞེ་ན། དམིགས་པའི་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པའོ། །དེ་ལ་ཇི་སྙེད་ཡོད་
པ་ཉིད་གང་ཞེ་ན། དེ་ཕན་ཆད་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་མེད་དོ་ཞེས་ཆོས་ལྔས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བསྡུས་པ་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱིས་ཆོས་
ཐམས་ཅད་བསྡུས་པ་དང་། འཕགས་པའི་བདེན་པ་རྣམས་ཀྱིས་ཤེས་བྱའི་དངོས་པོ་ཐམས་ཅད་བསྡུས་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཞེ་ན། དམིགས་པའི་ཡང་དག་པ་ཉིད་དང་། དེ་བཞིན་ཉིད་རིགས་པ་བཞི་པོ་འདི་ལྟ་སྟེ། ལྟོས་པའི་
རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའི་རིགས་པ་དང་ལྡན་པ་གང་ཡིན་པ་སྟེ། དེ་ལྟར་དམིགས་པའི་ཇི་སྙེད་ཡོད་པ་ཉིད་གང་ཡིན་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་དག་ཉག་གཅིག་ཏུ་བསྡུས་པ་གང་ཡིན་
པ་དེ་ནི་དངོས་པོའི་མཐའ་ཞེས་བྱའོ། །དེ་ལ་དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། རྣལ་འབྱོར་པ་དེའི་ཞི་གནས་དང་། ལྷག་མཐོང་གི་གཟུགས་བརྙན་ལ་དམིགས་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ཡོངས་སུ་རྫོགས་པར་གྱུར་
เล่ม ๑๒๘ · หน้า 76b
ཅིང་། དེ་ཡོངས་སུ་རྫོགས་པས་གནས་ངན་ལེན་ཐམས་ཅད་ཤིན་ཏུ་མ་བྱང་ཞིང་། གནས་ཡོངས་སུ་འགྱུར་ལ། གནས་ཡོངས་སུ་གྱུར་པས། གཟུགས་བརྙན་ལས་ཡང་དག་པར་འདས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ། བསམ་གཏན་དང་པོ་ཐོབ་པའི་བསམ་གཏན་
དང་པོའི་སྤྱོད་ཡུལ་ལམ། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་བསམ་གཏན་བཞི་པ་ཐོབ་པའི་བསམ་གཏན་བཞི་པའི་སྤྱོད་ཡུལ་ལམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་
དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ཐོབ་པའི་དེའི་སྤྱོད་ཡུལ་གྱི་ཤེས་བྱའི་དངོས་པོ་དེ་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་དང་། མཐོང་བ་མངོན་སུམ་དུ་འབྱུང་བར་འགྱུར་ཏེ། དེ་ནི་དོགས་པ་ཡོངས་སུ་གྲུབ་
པ་ཞེས་བྱའོ། །དམིགས་པའི་དངོས་པོ་བཞི་པོ་དེ་དག་ནི་ཐམས་ཅད་དུ་འགྲོ་ཞིང་། དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་པས་ན། དེའི་ཕྱིར་དེ་དག་
ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །གཞན་ཡང་དེ་དག་ནི་ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་དང་། དངོས་པོ་ཐམས་ཅད་དང་ལྡན་པ་དང་། ཡང་དག་པའི་དངོས་པོ་དང་ལྡན་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་པས་ན་དེའི་ཕྱིར་ཡང་
དེ་དག་ནི་ཁྱབ་པའི་དམིགས་པ་ཞེས་བྱ་སྟེ་དེ་ལ་རེ་ཞིག་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་གང་གསུངས་པ་དེ་ནི་འདིར་ལྷགས་ཐོང་གི་ཕྱོགས་ཀྱི་དམིགས་པ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞེས་གང་གསུངས་པ་དེ་ནི་འདིར་ཞི་གནས་ཀྱི་ཕྱོགས་ཀྱི་དམིགས་
པ་ཡིན་ནོ། །དངོས་པོའི་མཐའ་ཞེས་གང་གསུངས་པ་དེ་ནི་འདིར་དངོས་པོ་ཐམས་ཅད་དང་ལྡན་པ་དང་། ཡང་དག་པའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ། །དགོས་པ་ཡོངས་སུ་གྲུབ་པ་ཞེས་གང་གསུངས་པ་དེ་ནི་འདིར་རྒྱུ་དང་འབྲས་བུའི་དངོས་པོ་དང་ལྡན་པའི་དམིགས་པ་ཡིན་ནོ།། །།
เล่ม ๑๒๘ · หน้า 77a
ཉན་ཐོས་ཀྱི་ས། བམ་པོ་བརྒྱད་པ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ནམ་གྲུ་ལས་བརྩམས་ཏེ་དེ་སྐད་གསུངས་སོ་ཞེས་འདི་སྐད་ཀྱང་གྲག་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ནམ་གྲུས་ཞུ་བ་ཞུས་པ། བཙུན་པ་དགེ་སློང་རྣལ་འབྱོར་སྤྱོད་པ་དམིགས་པ་ཇི་སྙེད་
ཅིག་ལ་ནི་སེམས་ཉེ་བར་གཏོད་པར་བགྱིད་ལགས། དམིགས་པ་གང་ལ་ནི་སེམས་ཉེ་བར་གཏོད་པར་བགྱིད་པ་ལགས། ཇི་ལྟར་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བགྱིད་ན་ལེགས་པར་ཉེ་བར་གཏད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་གྲུ་ལེགས་སོ་ལེགས་
སོ། །ནམ་གྲུ་ཁྱོད་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ནི་ཡང་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །ནམ་གྲུ་འདི་ལ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་སྤྱད་པ་རྣམ་པར་བྱང་བར་འདོད་པའམ། མཁས་པར་བྱ་བར་འདོད་པའམ།
ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་འདོད་པ་ནི་རྗེས་སུ་མཐུན་པའི་དམིགས་པ་དང་། གཟུགས་བརྙན་གྱི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་ཅིང་ཡང་དག་པ་ཉིད་དུ་ཡང་ཉེ་བར་གཏོད་པར་བྱེད་ན། དེ་ལ་རྟག་འགྲུས་པའི་བསམ་གཏན་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་རྗེས་སུ་
མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི། དམིགས་པ་མི་སྡུག་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་
མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བྱའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི། ཁམས་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། དེ་ལྟར་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་གལ་ཏེ་དགེ་སློང་
རྣལ་འབྱོར་པ་རྣལ་འབྱོར་སྤྱད་པ་སྟེ། རྣམ་པར་རྟོག་པ་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། དེ་ལྟར་ན་དེ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་གལ་ཏེ་དགེ་སློང་
เล่ม ๑๒๘ · หน้า 77b
རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པའམ། བདག་དང་སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་པོ་དང་། གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། ཕུང་པོ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །
རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་
དང་གནས་མ་ཡིན་པ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། འདོད་པ་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བར་འདོད་
པ་ཞིག་ཡིན་ན་ནི། གཟུགས་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འཇིག་ཚོགས་ཐམས་ཅད་ལས་སྐྱོབ་པར་འདོད་ཅིང་། རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི། བདེན་པ་སྡུག་བསྔལ་དང་། བདེན་པ་ཀུན་འབྱུང་
བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ནམ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣམ་འབྱོར་སྤྱོད་
པ་གཟུགས་བརྙན་གྱི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ་ན། ནམ་གྲུ་འདི་ལ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་ཤེས་བྱའི་དངོས་པོ་དེ་དང་དེ་ཁོ་ན་དག་རྣམ་པར་འབྱེད་པར་འདོད། རབ་ཏུ་རྣམ་པར་འབྱེད་པར་འདོད། ཡོངས་སུ་རྟོག་པར་འདོད། ཡོངས་སུ་
དཔྱོད་པར་འདོད་ལ། དེས་དེ་དག་དང་པོ་ཉིད་ནས་མཐོང་བའམ། ཐོས་པའམ། བྱེ་བྲག་ཕྱེད་པའམ། རྣམ་པར་རིག་པར་ཡང་གྱུར་ན། དེ་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་སམ། ཐོས་པའམ་བྱེ་བྲག་ཕྱེད་པའམ། རྣམ་པར་རིག་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། མཉམ་པར་གཞག་
เล่ม ๑๒๘ · หน้า 78a
པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། རྣམ་པར་རྟོག་པར་བྱེད། མོས་པར་བྱེད་དོ། །དེས་ཤེས་བྱའི་དངོས་པོ་ཉེ་བར་གྱུར་ཅིང་། མངོན་དུ་གྱུར་པ་དེ་ཉིད་མི་མཐོང་མོད་ཀྱི། འོན་ཀྱང་དེ་ལ་དེའི་གཟུགས་བརྙན་དང་། དེའི་སྣང་བརྙན་ཡེ་ཤེས་ཙམ་མམ།
མཐོང་བ་ཙམ་མམ། རྗེས་སུ་དྲན་པ་ཙམ་འབྱུང་བར་འགྱུར་ཏེ། དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དུས་དུས་སུ་དམིགས་པ་དེ་དང་ལྡན་པའི་སེམས་ཡང་དག་པར་ཞི་བར་བྱེད་ཅིང་། དུས་དུས་སུ་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་ཡང་རྣལ་འབྱོར་དུ་བྱེད་དེ། ནམ་གྲུ་དེ་ལྟར་ན་
དགེ་སློང་རྣལ་འབྱོར་པ། རྣལ་འབྱོར་སྤྱོད་པ། གཟུགས་བརྙན་གྱི་དམིགས་པ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དམིགས་པ་ལ་སེམས་ཡང་དག་པ་ཉིད་དུ་ཉེ་བར་གཏོད་པར་བྱེད་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་
འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ན། དེས་ཤེས་བྱ་ཇི་སྙེད་ཤེས་པར་བྱ་བ་དེ་སྙེད་ཤེས་ཤིང་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་པར་གྱུར་ན། ནམ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དམིགས་པ་ལ་སེམས་ཡང་
དག་པ་ཉིད་དུ་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ནམ་གྲུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་རྟག་འགྲུས་པའི་བསམ་གཏན་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་དེ་ལྟར་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ན། རྟག་ཏུ་སྦྱོར་བ་དང་
གུས་པར་བྱས་ཏེ། སྦྱོར་བར་བྱེད་ཅིང་། དུས་དུས་སུ་ཞི་གནས་ཀྱི་མཚན་མ་སྒོམ་པར་བྱེད་པ་དང་། རབ་ཏུ་འཛིན་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་ཀུན་ཏུ་བསྟན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་གནས་ངན་ལེན་ཐམས་ཅད་ཤིན་ཏུ་སྦྱངས་པའི་ཕྱིར། གནས་
ཡོངས་སུ་དག་པ་རྗེས་སུ་ཐོབ་པར་རེག་པར་བྱེད། མངོན་སུམ་དུ་བྱེད་ཅིང་། ཤེས་བྱའི་དངོས་པོ་མངོན་སུམ་དུ་གྱུར་པས། དམིགས་པ་ཡོངས་སུ་དག་པ་དང་། འདོད་ཆགས་དང་བྲལ་བས་སེམས་ཡོངས་སུ་དག་པ་དང་། མ་རིག་པ་དང་བྲལ་བས་ཡེ་ཤེས་ཡོངས་སུ་དག་པ་རྟོག་
เล่ม ๑๒๘ · หน้า 78b
པར་བྱེད་རེག་པར་བྱེད། མངོན་སུམ་དུ་བྱེད་ན། ནམ་གྲུ་དེ་ལྟར་ན་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་རྟག་འགྲུས་པའི་བསམ་གཏན་པ་ཡིན་ནོ། །ནམ་གྲུ་གང་གི་ཕྱིར་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དམིགས་པ་དེ་ཉིད་ལ་སེམས་ཉེ་བར་གཏོད་པར་བྱེད་ཅིང་། དམིགས་པ་
ལ་དེ་ལྟར་སེམས་ཉེ་བར་གཏོད་པར་བྱེད་ན། དེ་ལྟར་ན་དེའི་སེམས་དེ་དམིགས་པ་ལ་ལེགས་པར་ཉེ་བར་གཏོད་པ་ཡིན་ཞེས་གསུངས་སོ་ཞེས་གྲག་གོ། །དེ་ལ། །མཚན་མ་སྤྱོད་པའི་རྣལ་འབྱོར་པ། །ཀུན་ཏུ་ཡང་དག་དོན་རྟོགས་ཤིང་། །རྟག་འགྲུས་གཟུགས་བརྙན་བསམ་གཏན་པ།
ཡོངས་སུ་དག་པ་རྟོག་པར་བྱེད། །ཅེས་ཚིགས་སུ་བཅད་པ་དེ་ཡང་ཡོད་དེ། དེ་ལ་རེ་ཞིག་མཚན་མ་སྤྱོད་པའི་རྣལ་འབྱོར་པ་ཞེས་གང་གསུངས་པ་དེས་ནི། ཞི་གནས་ཀྱི་མཚན་མ་དང་། རབ་ཏུ་འཛིན་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་དང་། རྟག་ཏུ་བྱེད་པ་ཉིད་དང་། གུས་
པར་བྱས་ཏེ་བྱེད་པ་ཉིད་བསྟན་ཏོ། །ཀུན་དང་ཡང་དག་དོན་རྟོགས་ཤིང་། །ཞེས་གང་གསུངས་པ་དེས་ནི། དངོས་པོའི་མཐའ་བསྟན་ཏོ། །རྟག་འགྲུས་གཟུགས་བརྙན་བསམ་གཏན་པ། །ཞེས་གང་གསུངས་པ་དེས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་
མེད་པའི་གཟུགས་བརྙན་བསྟན་ཏོ། །ཡོངས་སུ་དག་པ་རྟོག་པར་བྱེད། །ཅེས་གང་གསུངས་པ་དེས་ནི་དགོས་པ་ཡོངས་སུ་གྲུབ་པ་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས། སེམས་ཀྱི་མཚན་མ་མཁས་པ་དང་། །རབ་ཏུ་དབེན་པའི་ཉམས་ཐོབ་དང་། །རྟག་འགྲུས་དྲན་ལྡན་བསམ་
གཏན་པ། །དགའ་བདེ་ཟང་ཟིང་མེད་པར་སྤྱོད། །ཅེས་ཀྱང་གསུངས་ཏེ། དེ་ལ་རེ་ཞིག །སེམས་ཀྱི་མཚན་མ་མཁས་པ་དང་། །ཞེས་གང་གསུངས་པ་དེས་ནི་མཚན་མའི་སྒྲས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་བསྟན་ལ།
མཁས་པའི་སྒྲས་ནི་དངོས་པོའི་མཐའ་བསྟན་ཏོ། །རབ་ཏུ་དབེན་པའི་ཉམས་ཐོབ་དང་། །ཞེས་གང་གསུངས་པ་དེས་ནི་དམིགས་པ་ལ་ཡང་དག་པ་ཉིད་དུ་གཏོད་པར་བྱེད་པའི་སྤོང་བ་ལ་དགའ་བ་ཉིད་དང་། བསྒོམ་པ་ལ་དགའ་བ་ཉིད་བསྟན་ཏོ། །རྟག་འགྲུས་དྲན་ལྡན་བསམ་
เล่ม ๑๒๘ · หน้า 79a
གཏན་པ། ཞེས་གང་གསུངས་པ་དེས་ནི་ཞི་གནས་དང་། ལྷག་མཐོང་གི་བསྒོམ་པ་རྟག་ཏུ་བྱེད་པ་བསྟན་ཏོ། །དགའ་བདེ་ཟང་ཟིང་(མིད་‚མེད་)པ་སྤྱོད། །ཅེས་གང་གསུངས་པ་དེས་ནི་དགོས་པ་ཡོངས་སུ་གྲུབ་པ་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ན་ཁྱབ་པའི་
དམིགས་པ་དེ་ནི་ཡིད་ཆེས་པའི་ལུང་གི་དག་པ་དང་། རིགས་པ་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཁྱབ་པའི་དམིགས་པ་ཞེས་བྱའོ། །དེ་ལ་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པ་དང་། བྱམས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་
འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པའོ། །དེ་ལ་མི་སྡུག་པ་གང་ཞེ་ན། སྨྲས་པ། མི་སྡུག་པ་ནི་རྣམ་པ་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། མི་གཙང་པའི་མི་སྡུག་པ་ཉིད་དང་། སྡུག་བསྔལ་གྱི་མི་སྡུག་པ་ཉིད་དང་། ངན་པའི་
མི་སྡུག་པ་ཉིད་དང་། ལྟོས་པའི་མི་སྡུག་པ་ཉིད་དང་། ཉོན་མོངས་པའི་མི་སྡུག་པ་ཉིད་དང་། རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་དོ། །དེ་ལ་མི་གཙང་བའི་མི་སྡུག་པ་ཉིད་གང་ཞེ་ན། སྨྲས་པ། མི་གཙང་བའི་མི་སྡུག་པ་ཉིད་ཀྱང་རྣམ་པ་གཉིས་ཏེ། ནང་ལ་བརྟེན་པ་དང་། ཕྱི་རོལ་ལ་
བརྟེན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། གློག་པ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། ཆུ་རྒྱུས་དང་། རྩ་དང་། མཁལ་མ་དང་། སྙིང་
དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། མཆེར་བ་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་།
ཁྲག་དང་། གླད་སྤྲི་དང་། གླད་རྒྱས་དང་། གཅིན་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་
เล่ม ๑๒๘ · หน้า 79b
པ་དང་། རྣམ་པར་འབུས་གཞིགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་འཐོར་བ་དང་། རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་དང་། བཤང་བས་གོས་པ་དང་། གཅི་བས་གོས་པ་དང་། མཆིལ་མས་གོས་པ་
དང་། སྣབས་ཀྱིས་གོས་པ་དང་། ཁྲག་གིས་གོས་པ་དང་། རྣག་གིས་གོས་པ་དང་། ཆབ་ཁུང་དང་། ལྗན་ལྗིན་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ཡིན་པར་རིག་པར་བྱ་སྟེ། ནང་ལ་བརྟེན་པའི་མི་སྡུག་པ་ཉིད་གང་ཡིན་པ་དང་།
ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་ཉིད་གང་ཡིན་པ་དེ་ནི་མི་གཙང་བའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་སྡུག་བསྔལ་གྱི་མི་སྡུག་པ་ཉིད་གང་ཞེ་ན། སྡུག་བསྔལ་གྱི་ཚོར་བ་འབྱུང་བར་འགྱུར་བའི་རིག་པ་ལ་བརྟེན་ཏེ་བྱུང་བའི་ཚོར་བའི་རྣམ་པ་ལུས་དང་སེམས་ཀྱི་ཚོར་བས་སྡུག་བསྔལ་བ་གང་ཡིན་པ་སྟེ།
དེ་ནི་སྡུག་བསྔལ་གྱི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་ངན་པའི་མི་སྡུག་པ་ཉིད་གང་ཞེ་ན། ཐམས་ཅད་ཤིན་ཏུ་དམན་པའི་གཞི་དང་། ཐམས་ཅད་ཤིན་ཏུ་དམན་པའི་ཁམས་གང་ཡིན་པ་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་ལྟ་བུ་སྟེ། དེ་བས་ཀྱང་ཤིན་ཏུ་དམན་པ་དང་། ཤིན་ཏུ་
ངན་པ་དང་། ཤིན་ཏུ་ཐ་ཆད་ཡིན་པའི་ཁམས་གཞན་མེད་པས། དེ་ནི་ངན་པའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་ལ་ལྟོས་པའི་མི་སྡུག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དེའི་དངོས་པོ་འགའ་ཞིག་སྡུག་པ་ཡིན་ཡང་དེ་ལས་གཞན་པའི་ཤིན་ཏུ་སྡུག་པ་དག་ལ་ལྟོས་ན་མི་སྡུག་པ་ཉིད་དུ་སྣང་
སྟེ། འདི་ལྟར་གཟུགས་མེད་པ་དག་ལ་ལྟོས་ནས། གཟུགས་ཀྱི་ཁམས་མི་སྡུག་པ་ཉིད་དུ་སྣང་བ་དང་། འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་ལྟོས་ན་སྲིད་པའི་རྩེ་མོ་མན་ཆད་ཀྱང་མི་སྡུག་པ་ཉིད་ཀྱི་གྲངས་སུ་འགྲོ་བ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ལྟོས་པའི་མི་སྡུག་པ་
ཉིད་ཅེས་བྱའོ། །དེ་ལ་ཉོན་མོངས་པའི་མི་སྡུག་པ་ཉིད་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་དུ་འགྲོ་བ་དག་སྟེ། དེ་ནི་ཉོན་མོངས་པའི་མི་སྡུག་པ་ཉིད་ཅེས་བྱའོ། །དེ་
เล่ม ๑๒๘ · หน้า 80a
ལ་རབ་ཏུ་འཇིགས་པའི་མི་སྡུག་པ་ཉིད་གང་ཞེ་ན། (ཉ་‚ཉེ་)བར་ལེན་པའི་ཕུང་པོ་ལྔ་དག་གི་མི་རྟག་པ་ཉིད་དང་། མི་བརྟན་པ་ཉིད་དང་། ཡིད་བརྟན་དུ་མི་རུང་བ་ཉིད་དང་། རྣམ་པར་འགྱུར་བའི་ཆོས་ཉིད་གང་ཡིན་པ་དེ་ནི་རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་ཅེས་བྱ་སྟེ། མི་སྡུག་པ་དེ་
དག་ནི་འདོད་ཆགས་སྤྱད་པའི་རྣམ་པར་སྦྱོར་བའི་དམིགས་པ་ཡིན་ནོ། །དེ་ལ་འདོད་ཆགས་གང་ཞེ་ན། འདོད་ཆགས་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ནང་གི་འདོད་པ་རྣམས་ཀྱིས་འདོད་པ་ལ་འདུན་པ་འདོད་པའི་འདོད་ཆགས་དང་། ཕྱི་རོལ་གྱི་འདོད་པ་རྣམས་ཀྱིས་འཁྲིག་པ་ལ་འདུན་པ་
འཁྲིག་པའི་འདོད་ཆགས་དང་། ཡུལ་ལ་འདུན་པ་ཡུལ་གྱི་འདོད་ཆགས་དང་། གཟུགས་ལ་འདུན་པ་གཟུགས་ཀྱི་འདོད་ཆགས་དང་། འཇིག་ཚོགས་ལ་འདུན་པ་འཇིག་ཚོགས་ཀྱི་འདོད་ཆགས་སོ། །འདོད་ཆགས་རྣམ་པ་ལྔ་པོ་དེ་དག་སྤང་བ་དང་། བསལ་བ་དང་། ཀུན་མི་འབྱུང་
བར་བྱ་བའི་ཕྱིར། མི་སྡུག་པ་རྣམ་པ་དྲུག་པ་དམིགས་ཏེ། དེ་ལ་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། ནང་གི་འདོད་པ་རྣམས་ཀྱི་འདོད་པ་ལ་འདུན་པའི་འདོད་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་མི་
སྡུག་པ་ཉིད་ལ་དམིགས་པས་ནི། ཕྱི་རོལ་གྱི་འདོད་པ་རྣམས་ཀྱིས་འཁྲིག་པ་ལ་འདུན་པ། འཁྲིག་པའི་འདོད་ཆགས་རྣམ་པ་བཞི་དང་ལྡན་པ། ཁ་དོག་གི་འདོད་ཆགས་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་དང་ལྡན་པ་ལས་
སེམས་རྣམ་པར་སྦྱོང་བར་བྱེད་དེ། དེ་ལ་གང་གི་ཚེ་རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་འབུས་གཞིགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་ཟོས་པ་ཡིད་ལ་བྱེད་པ་དེའི་ཚེ་ནི། ཁ་དོག་གི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་
རྣམ་པར་དམར་བ་ཡིད་ལ་བྱེད་པ་དེའི་ཚེ་ན། དབྱིབས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་ཡིད་ལ་བྱེད་པ་དེའི་ཚེ་ན་རེག་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གང་གི་ཚེ་རྣམ་
เล่ม ๑๒๘ · หน้า 80b
པར་འཐོར་བ་ཡིད་ལ་བྱེད་པ་དེའི་ཚེ་ནི། ཉེ་བར་སྤྱོད་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དེ། དེ་ལྟར་ན་འཁྲིག་པའི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་། ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་མི་
སྡུག་པ་ཉིད་གང་ཡིན་པ་དེ་ནི། དུར་ཁྲོད་པ་རྣམ་པ་བཞིར་རྣམ་པར་གཞག་སྟེ། དེས་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པའམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བདུན་ལོན་པའི་བར་གྱི་དུར་ཁྲོད་གང་དག་བྱ་རོག་དང་། ཆུན་ལག་དང་།
བྱ་རྒོད་དང་། ཁྱི་དང་ཝ་དག་གིས་ཟོས་པ་དེ་མཐོང་ན། བདག་གི་ལུས་འདི་ཡང་འདི་ལྟ་བུར་འགྱུར་ཞིང་། འདི་ལྟ་བུར་གྱུར་པ་སྟེ། ཆོས་ཉིད་འདི་ལས་མ་འདས་པ་ཡིན་ནོ་སྙམ་དུ། དེ་དག་དང་ལུས་འདི་ཉིད་ཉེ་བར་སྦྱོར་བར་བྱེད་དོ་ཞེས་གསུངས་པ་དེ་ནི། རྣམ་པར་བསྔོས་པ་དང་།
རྣམ་པར་ཟོས་པའི་བར་དག་བསྟན་ཏོ། །དེས་པགས་པ་དང་། ཤ་དང་། ཁྲག་དང་། ཆུ་རྒྱུས་ཀྱི་ཟུངས་དང་བྲལ་བའི་དུར་ཁྲོད་གང་དག་མཐོང་ན་ཞེས་གང་གསུངས་པ་དེས་ནི་རྣམ་པར་དམར་བ་བསྟན་ཏོ། །དེས་དུར་ཁྲོད་ཀྱི་རུས་པ་གང་དག་མཐོང་ན་ཞེས་གང་གསུངས་པ་
དེས་ནི་རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་བསྟན་ཏོ། །དེས་ལག་པའི་རུས་པ་དག་ཀྱང་ལོགས་ཤིག །རྐང་པའི་རུས་པ་དག་ཀྱང་ལོགས་ཤིག །ལོང་བུའི་རུས་པ་དག་ཀྱང་ལོགས་ཤིག །པུས་མོའི་རུས་པ་དག་ཀྱང་ལོགས་ཤིག་ལ། རྩིབ་ལོགས་ཀྱི་རུས་པ་དག་དང་།
དཔུང་པའི་རུས་པ་དག་དང་། ལག་ངར་གྱི་རུས་པ་དག་དང་། སྒལ་ཚིགས་དང་། འགྲམ་སླང་དང་། སོ་རྒྱུན་དང་། མགོ་ཐོད་དག་ཀྱང་སོ་སོར་འཐོར་བའི་དུར་ཁྲོད་གང་དག་མཐོང་ཞིང་། དེ་བཞིན་དུ་ལོ་གཅིག་གམ། ལོ་གཉིས་སམ། ལོ་གསུམ་མམ། ལོ་བདུན་གྱི་བར་ཙམ་ལོན་
པའི་རུས་པ་དུང་ལྟར་དཀར་བའམ། ཐི་བའི་མདོག་འདྲ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་དག་མཐོང་ན་ཞེས་གང་གསུངས་པ་དེས་ནི་རྣམ་པར་འཐོར་བ་བསྟན་ཏེ། དེ་ལྟར་ན་ཕྱི་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། འཁྲིག་པའི་འདོད་ཆགས་ལས་སེམས་རྣམ་པར་
เล่ม ๑๒๘ · หน้า 81a
སྦྱོང་བར་བྱེད་དོ། །དེ་ལ་སྡུག་བསྔལ་གྱི་མི་སྡུག་པ་ཉིད་ལ་དམིགས་པ་དང་། ངན་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི་ཡུལ་ལ་འདུན་པ་ཡུལ་གྱི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལ་ལྟོས་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། གཟུགས་
ལ་འདུན་པ་གཟུགས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་གྲོལ་བར་བྱེད་དོ། །དེ་ལ་ཉོན་མོངས་པའི་མི་སྡུག་པ་ཉིད་ལ་དམིགས་པ་དང་། རབ་ཏུ་འཇིག་པའི་མི་སྡུག་པ་ཉིད་ལ་དམིགས་པས་ནི་སྲིད་པའི་རྩེ་མོ་མན་ཆད་ཀྱི་འཇིག་ཚོགས་ལ་འདུན་པའི་འཇིག་ཚོགས་ཀྱི་འདོད་ཆགས་ལས་
སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ནི་རེ་ཞིག་འདོད་ཆགས་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ནོ། །དམིགས་པ་མི་སྡུག་པ་སྲིད་དོ་ཅོག་གི་ཐམས་ཅད་རྣམ་པ་ཐམས་ཅད་བསྡུས་པའི་ཕྱིར་དེ་སྐད་བརྗོད་པར་ཟད་ཀྱི། དོན་གྱི་སྐབས་འདིར་ནི་མི་གཙང་བའི་མི་སྡུག་པ་དེ་
ཉིད་ལས་དགོངས་པ་ཡིན་ཏེ། དེ་ལས་གཞན་པའི་མི་སྡུག་པ་རྣམས་ནི། དེ་ལས་གཞན་པའི་སྤྱད་པ་དག་རྣམ་པར་སྦྱོང་བའི་དམིགས་པ་ཡང་ཡིན་པར་རིག་པར་བྱའོ། །དེ་ལ་བྱམས་པ་གང་ཞེ་ན། མཛའ་བཤེས་ཀྱི་ཕྱོགས་དང་། དགྲ་བོའི་ཕྱོགས་དང་། ཐ་མལ་པའི་ཕྱོགས་ལ་མཉམ་པར་
གཞག་པའི་ས་པའི་ཕན་པའི་བསམ་པ་ཉེ་བར་གཞག་སྟེ། བདེ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉེ་བར་བསྒྲུབ་པའི་ཕྱིར་མོས་པ་གང་ཡིན་པའོ། །དེ་ལ་མཛའ་བཤེས་ཀྱི་ཕྱོགས་དང་། དགྲ་བོའི་ཕྱོགས་དང་། ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་ནི་དམིགས་པ་ཡིན་ནོ། །དེ་ལ་
མཉམ་པར་གཞག་པའི་ས་པའི་ཕན་པའི་བསམ་པ་དང་། བདེ་བ་ཉེ་བར་བསྒྲུབ་བའི་ཕྱིར་མོས་པ་གང་ཡིན་པའོ། །དམིགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དམིགས་པ་གང་ཡིན་པ་དེ་དང་། དམིགས་པར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་བྱམས་པ་ཞེས་བྱའོ། །དེ་ལ་བྱམས་པ་དང་
ལྡན་པའི་སེམས་ཞེས་གང་གསུངས་པ་དེ་ནི། རེ་ཞིག་ཕྱོགས་གསུམ་པོ་མཛའ་བོའི་ཕྱོགས་དང་། དགྲ་བོའི་ཕྱོགས་དང་། ཐ་མལ་པའི་ཕྱོགས་དག་ལ་ཕན་པའི་ལྷག་པའི་བསམ་པ་བསྟན་ཏོ། །ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ་ཞེས་གང་གསུངས་པ་དེས་ན་ཕན་
เล่ม ๑๒๘ · หน้า 81b
པའི་ལྷག་པའི་བསམ་པ་དེ་ཉིད་ཀྱི་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། དེ་ལ་ཁོ་ན་མེད་པས་ནི་ཕན་པའི་ལྷག་པའི་བསམ་པ་ཡིན་ཏེ། དེ་ཡང་ཚིག་འོག་མ་གཉིས་པོ་འགྲན་ཟླ་མེད་པ་དང་། གནོད་པ་མེད་པ་ལ་ཞེས་བྱ་བ་དག་གིས་རྣམ་པར་བཤད་དོ། །དེ་ལ་ཕས་ཀྱི་དགྲའི་
དངོས་པོར་གནས་པ་མེད་པའི་དོན་གྱིས་ནི་འགྲན་ཟླ་མེད་པ་ཉིད་ཡིན་ནོ། །གནོད་པ་བྱེད་པ་རྣམ་པར་སྤྱོད་པ་མེད་པའི་དོན་གྱིས་ནི་གནོད་པ་མེད་པ་ཉིད་ཡིན་ནོ། །ཡངས་པ་དང་རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པ་ཞེས་གང་གསུངས་པ་དེས་ནི་འདོད་པ་ན་སྤྱོད་པ་དང་། བསམ་གཏན་
དང་པོ་དང་། གཉིས་པའི་ས་པ་དང་། བསམ་གཏན་གསུམ་པའི་ས་པའི་བདེ་བ་ཉེ་བར་བསྒྲུབ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་བསྟན་ཏོ། །མོས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་གང་གསུངས་པ་དེ་ས་ནི་མཉམ་པར་གཞག་པའི་ས་པའི་བདེ་བ་ཉེ་བར་བསྒྲུབ་
པའི་ཕྱིར་མོས་པ་བསྟན་ཏེ། བདེ་བ་ཉེ་བར་བསྒྲུབ་པ་དེ་ཡང་ཕན་པའི་ལྷག་པའི་བསམ་པས་ཡོངས་སུ་ཟིན་པ་དང་། མོས་པ་ཡིད་ལ་བྱེད་པ་དང་ལྡན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་མཛའ་བཤེས་ཀྱི་ཕྱོགས་དང་། དགྲ་བོའི་ཕྱོགས་དང་། ཐ་མལ་པའི་
ཕྱོགས་ལ་བདེ་བར་འདོད་པ་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་བ་དང་། བདེ་བར་གྱུར་པའི་མཛའ་བཤེས་ཀྱི་ཕྱོགས་དང་། དགྲ་བོའི་ཕྱོགས་དང་། ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་དག་ལས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་དེ་ནི། སྙིང་རྗེའི་དམིགས་པ་ཡིན་ནོ། །བདེ་
བར་གྱུར་བ་གང་ཡིན་པ་དེ་ནི་དགའ་བའི་དམིགས་པ་ཡིན་ཏེ། དེ་ནི་བསམས་པ་ཞེས་བྱའོ། །དེ་ནི་གང་ཟག་གནོད་སེམས་སྤྱད་པ། སེམས་ཅན་རྣམས་ལ་བྱམས་པ་སྒོམ་པར་བྱེད་ན། གནོད་སེམས་གང་ཡིན་པ་དེ་སྲབ་མོར་བྱེད་ཅིང་། གནོད་སེམས་སྤྱད་པ་ལས་སེམས་རྣམ་པར་
སྦྱོང་བར་བྱེད་དོ། །དེ་ལ་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། དུས་གསུམ་དུ་འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའི་རིགས་པ་དང་ལྡན་པའི་འདུ་བྱེད་ཙམ་དང་།
เล่ม ๑๒๘ · หน้า 82a
ཆོས་ཙམ་དང་། དངོས་པོ་ཙམ་དང་། རྒྱུ་ཙམ་དང་། འབྲས་བུ་ཙམ་གང་ཡིན་པ་སྟེ། ཆོས་རྣམས་ཁོ་ནས་ཆོས་རྣམས་འདྲེན་པར་བྱེད་པ་ཉིད་དུ་ཟད་ཀྱི། བྱེད་པ་པོ་དང་། ཚོར་བ་པོ་དེ་ཉིད་མེད་པ་དེ་ནི། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་
པ་ཞེས་བྱ་སྟེ། གང་ཟག་གཏི་མུག་སྤྱད་ཅིང་། གཏི་མུག་ཆེ་བ་དམིགས་པ་དེ་ཡིད་ལ་བྱེད་ན། གཏི་མུག་སྲ་བ་མོར་བྱེད་ཅིང་། གཏི་མུག་སྤྱད་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལ་ཁམས་རབ་ཏུ་དབྱེ་བ་གང་ཞེ་ན། ཁམས་དྲུག་པོ་དག་སྟེ། འདི་ལྟ་སྟེ། སའི་ཁམས་དང་།
ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་སའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་
ཟིན་པ་དང་། ཟིན་པར་གྱུར་པ་ལ་སྲ་བ་དང་། སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང་། མ་ཟིན་པར་གྱུར་པ་ལ་སྲ་བ་དང་། སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །དེ་ལ་ནང་གི་སའི་ཁམས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་
དང་། སྤུ་དང་། སེན་མོ་དང་། སོ་དང་། གློག་པ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། ཆུ་རྒྱུས་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། མཆེར་པ་དང་།
ཕྱི་ས་དག་སྟེ། དེ་ནི་ནང་གི་སའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་སའི་ཁམས་དེ་ཡང་གང་ཞེ་ན། །འདི་ལྟ་སྟེ། ཤིང་དང་། བོང་བ་དང་། གསེག་མ་དང་། གྱོ་མོ་དང་། ཤིང་ལྗོན་པ་དང་། རིའི་རྩེ་མོ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་སའི་
ཁམས་ཞེས་བྱའོ། །དེ་ལ་ཆུའི་ཁམས་གང་ཞེ་ན། ཆུའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་ཆུའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང་། ཟིན་པར་གྱུར་པ་འདི་ལ་གཤེར་བ་དང་། གཤེར་བར་གྱུར་པ་དང་། རླན་པ་དང་།
เล่ม ๑๒๘ · หน้า 82b
རླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མཆི་མ་དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། གླད་སྤྲི་དང་། གླད་རྒྱས་དང་། གཅིན་དག་སྟེ། དེ་
ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང་། མ་ཟིན་པར་གྱུར་པ་ལ་གཤེར་བ་དང་། གཤེར་བར་གྱུར་པ་དང་། རླན་པ་དང་། རླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། རྫིང་བུ་དང་། མཚོ་དང་། ལྟེང་ཀ་དང་། ཆུ་
ཀླུང་དང་། འབབ་ཆུ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དེ་ལ་མེའི་ཁམས་གང་ཞེ་ན། མེའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་མེའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ལ་ཟིན་པ་དང་།
ཟིན་པར་གྱུར་པ་ལ་ཚ་བ་དང་། ཚ་བར་གྱུར་པ་དང་། དྲོ་བ་དང་། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ལུས་འདི་ལ་མེ་ཡོད་ཅིང་། དེས་ལུས་འདི་གདུང་བར་བྱེད། ཀུན་དུ་གདུང་བར་བྱེད། ཡོངས་སུ་གདུང་བར་བྱེད་པ་དང་། གང་གིས་དེས་ཟོས་པ་དང་། འཐུངས་
པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་དང་། གང་གི་ཤས་ཆེ་བར་གྱུར་ན། རིམས་ཀྱིས་བཏབ་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་གང་ཡིན་པ་སྟེ། དེ་ནི་ནང་གི་མེའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང་།
མ་ཟིན་པར་གྱུར་པ་ལ་ཚ་བ་དང་། ཚ་བར་གྱུར་པ་དང་། དྲོ་བ་དང་། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མེ་གཙུབ་ཤིང་ཐོགས་པ་དག་ལས་ལྕི་བའི་ཕྱེ་མ་བརྩལ་ཏེ། གང་བྱུང་བ་ན་གྲོང་ཡང་སྲེག་པར་བྱེད། གྲོང་གི་ཉེན་ཀོར་དང་། གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཉེན་
ཀོར་དང་། ལྗོངས་དང་། ལྗོངས་ཀྱི་ཉེན་ཀོར་དང་། གླིང་དང་། ལྡམ་ལྡུམ་དང་། ནགས་ཚལ་དང་། ཤིང་དང་། རྩ་དང་། ལྕི་བ་དག་ཀྱང་སྲེག་པར་འགྱུར་བ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་རླུང་གི་ཁམས་གང་ཞེ་ན།
เล่ม ๑๒๘ · หน้า 83a
རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང་། ཟིན་པར་གྱུར་པ་ལ་རླུང་དང་། རླུང་དུ་གྱུར་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་
འདི་ལྟ་སྟེ། ལུས་འདི་ཉིད་ལ་གྱེན་དུ་འགྲོ་བའི་རླུང་དང་། ཐུར་དུ་འགྲོ་བའི་རླུང་དང་། ཐད་ཀར་འཕྲེས་པའི་རླུང་དང་། ལྟོར་འཁྱིལ་པའི་རླུང་དང་། རྒྱབ་ཏུ་འཁྱིལ་པའི་རླུང་དང་། རླུང་སྐྲན་སྲ་བའི་རླུང་དང་། རླུང་སྐྲན་གྱི་རླུང་དང་། སྤུ་གྲི་ལྟ་བུའི་རླུང་དང་། ཤིང་པིབ་པ་ལའི་ལོ་མ་ལྟ་བུའི་
རླུང་དང་། མཚོན་ཆ་ལྟ་བུའི་རླུང་དང་། གསུད་པར་བྱེད་པའི་རླུང་དང་། དབུགས་རྔུབ་པ་དང་། དབུགས་རྔུབ་པའི་རླུང་དང་། ཡན་ལག་དང་ཉིང་ལག་གི་ནང་དུ་འཇུག་པའི་རླུང་དག་ཡོད་པ་སྟེ། དེ་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། ཕྱི་རོལ་
རོལ་མ་ཟིན་པ་དང་། མ་ཟིན་པར་གྱུར་པ་ལ་རླུང་དང་། རླུང་གི་གྱུར་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ཕྱི་རོལ་ན་ཤར་གྱི་རླུང་དང་། ལྷོའི་རླུང་དང་། ནུབ་ཀྱི་རླུང་དང་། བྱང་གི་རླུང་དང་། རླུང་དམར་དང་། རླུང་དམར་མ་ཡིན་པ་དང་།
རླུང་ཆུང་ངུ་དང་། རླུང་ཆེན་པོ་དང་། ཁྱབ་པའི་རླུང་དང་། རྣམ་པར་འཐོར་བའི་རླུང་དང་། རླུང་གི་དཀྱིལ་འཁོར་དང་། རླུང་གི་ཚོགས་ཆེན་པོ་ལངས་པའི་དུས་དང་། ཤིང་ལྗོན་པའི་རྩེ་མོ་འདུད་པར་བྱེད་པ་དང་། རྩིག་པའི་རྩེ་མོ་འགུལ་བར་བྱེད་པ་དང་། རིའི་རྩེ་མོ་
འགུལ་བར་བྱེད་པ་དང་། འགུལ་བར་བྱས་ནས་ཀྱང་ཕྱིར་མི་འོང་བར་འགྲོ་བ་དག་དང་། སེམས་ཅན་དག་གི་གོས་དང་། ཏ་ལའི་ལོ་མ་དང་། རླུང་ཡབ་ཀྱི་གཡབ་མོས་བརྩལ་བར་བྱ་བའི་རླུང་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་རླུང་དང་ཡོད་པ་གང་ཡིན་པ་སྟེ། དེ་ནི་ཕྱི་རོལ་གྱི་
རླུང་གི་ཁམས་ཞེས་བྱའོ། །དེ་ལ་ནམ་མཁའི་ཁམས་གང་ཞེ་ན། མིག་སྦུབས་ཡོད་པ་དང་། རྣ་བའི་སྦུབས་ཡོད་པ་དང་། སྣ་སྦུབས་ཡོད་པ་དང་། ཁ་སྦུབས་ཡོད་པ་དང་། མགྲིན་པ་སྦུབས་ཡོད་པ་དང་། གང་གིས་མིད་པར་བྱེད་པ་དང་། གང་དུ་མིད་པར་བྱེད་པ་དང་། གང་
เล่ม ๑๒๘ · หน้า 83b
གིས་མིད་པ་ན་སྨད་ཀྱི་ཆར་འཛག་པར་བྱེད་པ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ནམ་མཁའི་ཁམས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་
ཤེས་པ་གང་ཡིན་པའོ། །དེ་ཡང་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པ་ཁམས་རབ་ཏུ་དགེ་བ་འདི་དག་ཡིད་ལ་བྱེད་ན། ལུས་ལ་རིལ་པོར་འདུ་ཤེས་པ་རྣམ་པར་འཇིག་པར་བྱེད་ཅིང་། མི་སྡུག་
པའི་འདུ་ཤེས་ཀྱང་འཐོབ་པར་འགྱུར་ལ། དེས་ཁེངས་པར་ཡང་མི་འགྱུར་ཞིང་། ང་རྒྱལ་ཡང་སྲབ་མོར་བྱེད་ལ། ང་རྒྱལ་སྤྱད་པ་དེ་ལས་ཀྱང་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ནི་ཁམས་རབ་ཏུ་དབྱེ་བ་ཞེས་བྱ་སྟེ། གང་ཟག་ང་རྒྱལ་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ནོ། །
དེ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གང་ཞེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་དྲན་པ་གང་ཡིན་པ་སྟེ། དེ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ཞེས་བྱའོ། །དེ་ལ་དབུགས་རྔུབ་པ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན།
དབུགས་རྔུབ་པ་དང་། བར་དུ་དབུགས་རྔུབ་པའོ། །དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་འབྱུང་བ་དང་། བར་དུ་དབུགས་འབྱུང་བའོ། །དེ་ལ་དབུགས་རྔུབ་པ་ནི། དབུགས་བྱུང་བའི་འཇུག་ཐོགས་སུ་ཁ་ནང་དུ་བལྟས་པའི་རླུང་ལྟེ་བའི་ཕྱོགས་
ཡན་ཆད་དུ་ནང་དུ་འཇུག་པ་གང་ཡིན་པ་སྟེ། དེ་ནི་དབུགས་རྔུབ་པ་ཞེས་བྱའོ། །དེ་ལ་བར་དུ་དབུགས་རྔུབ་པ་ནི། དབུགས་རྔུབ་པ་དེ་ཆད་ནས། རེ་ཞིག་དབུགས་འབྱུང་བམ་བྱུང་གི་བར་དུ། དུས་ཆུང་ངུ་ཞིག་ངལ་བསོ་བ་དང་ལྡན་པའི་གནས་སྐབས་ན་དེ་དང་འདྲ་བའི་རླུང་ནང་དུ་འཇུག་པ་གང་
ཡིན་པ་སྟེ། དེ་ནི་བར་དུ་དབུགས་རྔུབ་པ་ཞེས་བྱའོ། །དབུགས་རྔུབ་པ་དང་། བར་དུ་དབུགས་རྔུབ་པ་ཇི་ལྟ་བ་བཞིན་དུ། དབུགས་འབྱུང་བ་དང་། དེ་ནི་དབུགས་རྔུབ་པ་ཞེས་བྱའོ། །བར་དུ་དབུགས་འབྱུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཁ་ཕྱིར་བལྟས་
เล่ม ๑๒๘ · หน้า 84a
པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་ནས་ཁའམ། སྣའི་རྩེ་མོའམ། དེ་ལས་ཕྱི་རོལ་ཚུན་ཆད་ཀྱི་བར་དུ་ཕྱིར་འབྱུང་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་རྒྱུ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དེ་ལ་འཕེན་པར་བྱེད་
པའི་ལས་དང་། ལྟེ་བའི་ཕྱོགས་སྦུབས་ཡོད་པའམ། ལུས་ལ་བདེ་བས་ལྷག་པའི་སྦུབས་ཡོད་པའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་རྟེན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། ལུས་དང་། སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་ཡང་བརྟེན། སེམས་ལ་
ཡང་བརྟེན་ནས་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་འབྱུང་བའི་ཕྱིར་རོ། །དེ་ཡང་ཅི་རིགས་སུ་སྦྱར་རོ། །གལ་ཏེ་ལུས་ལ་བརྟེན་པ་ཁོ་ན་ལས་འབྱུང་བར་གྱུར་ན་ནི། འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི་
སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་སེམས་ཅན་ལ་བརྟེན་པ་ཁོ་ན་ལས་འབྱུང་བར་འགྱུར་ན་ནི་དེས་ན་གཟུགས་མེད་པ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པའི་སེམས་ཅན་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་ལུས་ལ་ཡང་
བརྟེན། སེམས་ལ་ཡང་བརྟེན་ནས་འབྱུང་བར་གྱུར་ན་ནི་དེ་ཡང་ཅི་རིགས་པ་མ་ཡིན་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པའི་སེམས་ཅན་དང་། མེར་མེར་པོར་གྱུར་པ་དང་། ནུར་ནུར་པོར་གྱུར་པ་དང་། ལྟར་ལྟར་པོར་གྱུར་པའི་སེམས་ཅན་རྣམས་ལ་ཡང་
འབྱུང་བར་འགྱུར་བ་ཞིག་ན། འབྱུང་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་ལུས་ལ་ཡང་བརྟེན། སེམས་ལ་ཡང་བརྟེན་ནས་འབྱུང་བར་འགྱུར་ཏེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་བགྲོད་པ་ནི་
རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་རྔུབ་པ་དག་གི་བགྲོད་པ་ནི་ཐུར་དུའོ། །དབུགས་འབྱུང་བ་དག་གི་བགྲོད་པ་ནི་གྱེན་དུའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་སེམས་ཅན་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦུབས་རགས་པ་ཡོད་པ་དང་། སྦུབས་
เล่ม ๑๒๘ · หน้า 84b
ཕྲ་བ་ཡོད་པའོ། །དེ་ལ་སྦུབས་རགས་པ་ཡོད་པ་གང་ཞེ་ན། ལྟེ་བའི་ཕྱོགས་ཡན་ཆད་ནས་ཁ་དང་སྣའི་བར་རམ། ཁ་དང་སྣ་མན་ཆད་ནས་ལྟེ་བའི་ཕྱོགས་ཀྱི་བར་ཡན་ཆད་སྦུབས་རགས་པ་ཡོད་པའོ། །སྦུབས་ཕྲ་བ་ཡོད་པ་གང་ཞེ་ན། ལུས་ཐམས་ཅད་དང་ལྡན་པའི་སྤུའི་ཁུང་བུ་རྣམས་སོ། །
དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་མིང་གི་རྣམ་གྲངས་འདི་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རླུང་དང་། དབུགས་འོང་བ་དང་། དབུགས་འགྲོ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དང་། ལུས་ཀྱི་འདུ་བྱེད་དག་གོ། །དེ་ལ་འདི་ལྟ་སྟེ། རླུང་ཞེས་བྱ་བ་ནི་
རླུང་གཞན་དག་དང་མིང་གི་རྣམ་གྲངས་གཅིག་སྟེ། ཐུན་མོང་པ་ཡིན་ནོ། །དེ་ལས་གཞན་པ་གསུམ་པོ་དག་གི་ཐུན་མོང་མ་ཡིན་པའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་བརྩོན་པའི་སྐྱོན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦྱོར་བ་ཧ་ཅང་ལྷོད་པ་དང་། སྦྱོར་བ་ཧ་ཅང་
དམ་པའོ། །དེ་ལ་སྦྱོར་བ་ཧ་ཅང་ལྷོད་པས་ནི་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པའམ། སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་དོ། །དེ་ལ་སྦྱོར་བ་ཧ་ཅང་དམ་པས་ནི་ལུས་ལ་གནོད་པའམ། སེམས་ལ་གནོད་པ་སྐྱེད་པར་བྱེད་དོ། །དེ་ལ་ཇི་
ལྟར་ན་ལུས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། མཐུ་ཀར་བོར་ཏེ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གིས་གནོད་པར་འགྱུར་བའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང་། དེ་དག་གིས་དང་པོ་ཁོ་ནར་དེའི་ཡན་ལག་དང་། ཉིང་ལག་དེ་དང་དེ་དག་ཁྱབ་པར་བྱེད་དེ།
དེ་དག་ནི་ཁྱབ་བྱེད་ཅེས་བྱའོ། །རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་བ་ན་ནད་བྱེད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་། དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ནད་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱའོ། །ཇི་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། དེའི་
སེམས་རྣམ་པར་གཡེང་བར་བྱེད་པའམ། ཡིད་མི་བདེ་བའམ། འཁྲུག་པ་རབ་ཏུ་མང་པོ་དག་གིས་ཟིལ་གྱིས་གནོན་པར་བྱེད་དེ། དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་འདི་ལ་ཡོངས་སུ་སྦྱང་བ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་
เล่ม ๑๒๘ · หน้า 85a
སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བགྲང་བས་ཡོངས་སུ་སྦྱང་བ་དང་། ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྣམ་པ་བཅུ་
དྲུག་གིས་ཡོངས་སུ་སྦྱང་བའོ། །དེ་ལ་བགྲང་བས་ཡོངས་སུ་སྦྱང་བ་གང་ཞེ་ན། བགྲང་བས་ཡོངས་སུ་སྦྱང་བ་ནི་རྣམ་པ་བཞི་སྟེ། མདོར་བསྡུ་ན་རྣམ་པ་བཞི་ནི་འདི་ལྟ་སྟེ། རེ་རེ་ནས་བགྲང་བ་དང་། ཟུང་དུ་བགྲང་བ་དང་། རྗེས་སུ་མཐུན་པར་བགྲང་བ་དང་། རྗེས་སུ་མི་མཐུན་པར་
བགྲང་བའོ། །དེ་ལ་རེ་རེ་ནས་བགྲང་བ་གང་ཞེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་དམིགས་པ་དང་ལྡན་པའི་དྲན་པས། གང་གི་ཚེ་དབུགས་རྔུབ་པ་བརྔུབས་པ་དེའི་ཚེ། གཅིག་ཅེས་བགྲང་བར་བྱེད་པ་དང་། གང་གི་དབུགས་རྔུབ་པ་འགགས་ཏེ། དབུགས་འབྱུང་བ་འཐོན་ཞིང་བྱུང་
བར་གྱུར་པ་དེའི་ཚེ་ན། གཉིས་ཞེས་བགྲང་བར་བྱེད་ཅིང་དེ་ལྟར་བགྲང་བའི་གྲངས་དེ་དག་ཧ་ཅང་ཡང་མི་ཉུང་། ཧ་ཅང་ཡང་མི་མང་བར་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི། རེ་རེ་ལས་བགྲང་བ་ཞེས་བྱའོ། །ཟུང་དུ་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་རྔུབ་པ་བརྔུབས་ཏེ་འགགས་པར་
གྱུར་ནས། དབུགས་འབྱུང་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ་ན། གཅིག་ཅེས་བགྲང་བར་བྱེད་ཅིང་བགྲང་བའི་ཚུལ་དེས་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི་ཟུང་དུ་བགྲང་བ་ཞེས་བྱ་སྟེ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་གཉིས་གཅིག་ཏུ་བསྡུས་ནས་གཅིག་ཅེས་བགྲང་བར་
བྱེད་པ་ནས། དེའི་ཕྱིར་ཟུང་དུ་བགྲང་བ་ཞེས་བྱའོ། །རྗེས་སུ་མཐུན་པར་བགྲང་བ་གང་ཞེ་ན། རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བ་འདིས་གཅིག་ནས་བཅུའི་བར་དུ་གྲངས་ཀྱི་ལུགས་བཞིན་དུ་བགྲང་བ་སྟེ། དེ་ནི་རྗེས་སུ་མཐུན་པར་བགྲང་བ་ཞེས་བྱའོ། །རྗེས་སུ་མི་མཐུན་པར་བགྲང་བ་
གང་ཞེ་ན། བཅུ་ནས་བཟུང་སྟེ་དགུ་དང་། བརྒྱད་དང་། བདུན་དང་། དྲུག་དང་། ལྔ་དང་། གཅིག་གི་བར་དུ་གྲངས་གཅིག་གི་ལུགས་དང་མི་མཐུན་པར་བགྲང་བ་སྟེ། དེ་ནི་རྗེས་སུ་མི་མཐུན་པར་བགྲང་བ་ཞེས་བྱའོ། །དེ་གང་གི་ཚེ་རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བ་ལ་བརྟེན་ནས་
เล่ม ๑๒๘ · หน้า 85b
རྗེས་སུ་མཐུན་པར་བགྲང་བ་དང་། རྗེས་སུ་མི་མཐུན་པར་བགྲང་བ་ལ་ཡོངས་སུ་སྦྱང་བར་གྱུར་ཅིང་། བར་དུ་དེའི་སེམས་རྣམ་པར་མི་གཡེང་ལ། སེམས་རྣམ་པར་གཡེང་བ་མེད་པས་བགྲང་བར་བྱེད་པ་དེའི་ཚེ་ན། དེ་ལ་གོང་དུ་བགྲང་བའི་ཁྱད་པར་བརྗོད་པར་བྱ་སྟེ། དེ་ལ་བགྲང་བའི་ཁྱད་
པར་གང་ཞེ་ན། རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ་བགྲང་བར་བྱེད་པའོ། །དེ་ལ་ཟུང་དུ་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ། བགྲང་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་བཞི་ལ་གཅིག་ཏུ་འགྱུར་རོ། །རེ་རེ་ནས་བགྲང་བས་གཉིས་གཅིག་ཏུ་བྱས་
ཏེ། བགྲང་ན་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གཉིས་ལ་གཅིག་ཏུ་འགྱུར་ཏེ། དེ་ལྟ་བུས་བཅུའི་བར་དུ་བགྲང་བར་བྱེད་དོ། །དེ་ལྟར་གོང་ནས་གོང་དུ་བསྐྱེད་ནས་བརྒྱའི་བར་དུ་ཡང་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་ཅིང་བརྒྱ་གཅིག་ཏུ་བགྲང་བ་དེས་རིམ་གྱིས་བཅུའི་བར་དུ་ཡང་
བགྲང་བར་བྱེད་དོ། །དེ་ལྟར་བགྲང་བ་ལ་བརྩོན་པ་བཅུ་བཅུའི་བར་དུ་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་པ་དེའི་བཅུ་ཚང་གི་བར་དུ་བཅུ་གཅིག་ཏུ་བགྲང་བ་དེས་དེའི་སེམས་བར་དུ་རྣམ་པར་གཡེང་བར་མི་འགྱུར་ན་དེ་ཙམ་གྱིས་ན་དེ་བགྲང་བས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །བགྲང་བ་ལ་བརྩོན་
པ་དེ་གལ་ཏེ་བར་དུ་སེམས་རྣམ་པར་གཡེངས་པར་གྱུར་ན། དེའི་ཚེ་ཕྱིར་ཡང་གཞི་ནས་བསླངས་ཏེ། རྗེས་སུ་མཐུན་པའམ། རྗེས་སུ་མི་མཐུན་པའི་དང་པོ་ནས་བཟུང་སྟེ། བགྲང་བ་རྩོམ་པར་བྱེད་དོ། །གང་གི་ཚེ་བགྲང་བ་ཡོངས་སུ་བྱང་བས་དེའི་སེམས་དེ་རང་གི་ངང་ཁོ་ནས་ཕྱི་རོལ་གྱི་ལམ་
དུ་མི་འཇུག་ཅིང་། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་དང་། འཕྲལ་ལ་བར་ཆད་མེད་པར་རྒྱུན་དུ་འཇུག་པར་འགྱུར་ཞིང་། དབུགས་རྔུབ་པ་དང་འཇུག་པར་ཡང་འཇུག་པར་འཛིན་ལ་དབུགས་རྔུབ་པ་ལྡོག་པ་ན་ཡང་ལྡོག་པར་འཛིན་ཅིང་། དབུགས་འབྱུང་བས་སྟོང་
པའི་གནས་སྐབས་སུ་འཛིན་པ་དང་། དབུགས་འབྱུང་བ་འཇུག་པ་ན་ཡང་འཇུག་པར་འཛིན་ཅིང་། ལྡོག་པ་ན་ཡང་ལྡོག་པར་འཛིན་ཅིང་། དབུགས་རྔུབ་པས་སྟོང་པའི་གནས་སྐབས་སུ་འཛིན་པ་མི་གཡོ་མི་འགྱུར་ཞིང་། རྣམ་པར་གཡེང་བ་མེད་པའི་རྣམ་པ་དང་། མངོན་པར་དགའ་
เล่ม ๑๒๘ · หน้า 86a
བ་དང་བཅས་པས་འཇུག་པར་གྱུར་ན། དེ་ཙམ་གྱིས་ན་བགྲང་བའི་ས་ལས་ཡང་དག་པར་འདས་པ་ཡིན་ཏེ། དེས་ཡང་བགྲང་བར་བྱ་བ་མེད་པ་ཡིན་པས། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་འབའ་ཞིག་བྱེད་དོ། །དབུགས་
རྔུབ་པ་དང་། དབུགས་འབྱུང་བའི་བར་སྐབས་སུ་དབུགས་འབྱུང་བ་དང་། དབུགས་རྔུབ་པ་འཇུག་པ་དང་། ལྡོག་པའི་གནས་སྐབས་དག་རྗེས་སུ་རྟོགས་པར་བྱ་ཞིང་། ཉེ་བར་ཤེས་པར་བྱ་བ་ཁོ་ནར་ཟད་དེ། དེ་ནི་བགྲང་བས་ཡོངས་སུ་སྦྱང་བ་ཞེས་བྱའོ། །བགྲང་བས་ཡོངས་སུ་སྦྱང་བ་དེ་
ཡང་དབང་པོ་རྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་སེམས་གནས་པར་བྱ་བ་དང་། སེམས་མངོན་པར་དགའ་བར་བྱ་བ་ལ་རྣམ་པར་མི་གཡེང་བའི་གནས་ཡིན་གྱི། གཞན་དུ་ན་བགྲང་བ་མེད་ན་དེ་དག་གི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པའམ། སེམས་
ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བས། བགྲང་བ་ལ་བརྩོན་པ་དེ་དག་ནི་དེ་མི་འབྱུང་ངོ་། །དབང་པོ་རྣོན་པོ་བློ་གསལ་བ་གང་ཡིན་པ་དེ་དག་ནི་བགྲང་བའི་སྦྱོར་བས་དགའ་ཞིང་འཇུག་པ་མ་ཡིན་ཏེ། བགྲང་བའི་སྦྱོར་བ་ལུང་ཕོག་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རྟོགས་པར་འགྱུར་བས་དེས་
མངོན་པར་དགའ་བར་མི་བྱེད་དོ། །དེ་དག་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་ལ་དྲན་པ་ཉེ་བར་གཏད་ནས། གང་དུ་འཇུག་པ་དང་། ཅི་ཙམ་དུ་འཇུག་པ་དང་། ཇི་ལྟར་འཇུག་པ་དང་། གང་གི་ཚེ་འཇུག་པ་དེ་དག་ཐམས་ཅད་དྲན་པ་ཉེ་བར་གཞག་པས་རྗེས་སུ་རྟོགས་
པར་བྱེད། ཉེ་བར་ཤེས་པར་བྱེད་དེ། དེ་ལྟ་བུ་དེ་ནི་དེ་དག་གི་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་ཞིང་རྩེ་གཅིག་པ་ཉིད་ལ་ཡང་རེག་པར་འགྱུར། དམིགས་
པར་མངོན་པར་དགའ་བ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་ལུས་ཡོངས་སུ་སྦྱང་བ་བྱས་པ་སྟེ། དེ་ནི་གཟུང་བ་དང་འཛིན་པའི་དངོས་པོ་ཡིད་ལ་བྱེད་པས་ཕུང་པོ་རྣམས་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བ་གང་དག་ཡིན་པ་དེ་དག་གི་རྟེན་གྱི་
เล่ม ๑๒๘ · หน้า 86b
ལུས་གང་ཡིན་པ་དེ་ཡིད་ལ་བྱེད་པ་ན། གཟུགས་ཀྱི་ཕུང་པོ་ལ་འཇུག་པ་ཡིན་ནོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་དག་ལ། དེར་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའི་རོ་མྱང་བ་གང་ཡིན་པ་དེ་ནི། ཚོར་བའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །ཀུན་ཤེས་པར་
བྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དྲན་པ་གང་ཡིན་པ་དེ་དང་། སེམས་པ་གང་ཡིན་པ་དེ་དང་། དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །སེམས་དང་། ཡིད་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་
པར་ཤེས་པའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དེ་ལྟར་ཕུང་པོ་རྣམས་ལ་ཞུགས་པ་དེ་ལ་ལན་མང་དུ་གནས་པ་གང་ཡིན་པ་དེ་ནི་ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །གང་གི་ཚེ་དེས་ཕུང་པོ་ཙམ་དང་། འདུ་བྱེད་ཙམ་དང་། དངོས་པོ་ཙམ་དུ་མཐོང་ཞིང་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ། འདུ་
བྱེད་དེ་དག་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དེ་འདི་ལྟར་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་དག་གི་རྟེན་ནི་གང་ཡིན། རྐྱེན་ནི་གང་ཡིན་ཞེས་ཡང་དག་པར་ཚོལ་ཞིང་ཡོངས་སུ་ཚོལ་བར་བྱེད་པ་ན། དེ་འདི་སྙམ་དུ་སེམས་ཏེ།
དབུགས་རྔུབ་པ་དང་། དབུགས་འབྱུང་བ་འདི་དག་ནི་ལུས་ལ་བརྟེན་ཞིང་ལུས་ཀྱི་རྐྱེན་དང་། སེམས་ལ་བརྟེན་ཞིང་སེམས་ཀྱིས་རྐྱེན་དུ་བྱས་པ་ཡིན་ནོ་སྙམ་དུ་སེམས་ཤིང་། དེ་ལུས་དང་སེམས་ཀྱི་རྐྱེན་ཡང་གང་ཡིན་ཞེ་ན། ལུས་དང་སེམས་ཀྱི་རྐྱེན་ནི་སྲོག་གི་དབང་པོ་ཡིན་ནོ་ཞེས་
འཇུག་པར་བྱེད་པ་དང་། དེ་སྲོག་གི་དབང་པོའི་རྐྱེན་གང་ཞེ་ན། སྲོག་གི་དབང་པོའི་རྐྱེན་ནི་སྔོན་གྱི་འདུ་བྱེད་ཡིན་ནོ་ཞེས་འཇུག་པར་བྱེད་པ་དང་། དེ་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གང་ཞེ་ན། སྔོན་གྱི་འདུ་བྱེད་ཀྱི་རྐྱེན་མ་རིག་པ་ཡིན་ནོ་ཞེས་འཇུག་པར་བྱེད་དེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་སྔོན་གྱི་
འདུ་བྱེད་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གྱིས་སྲོག་གི་དབང་པོ། །སྲོག་གི་དབང་པོའི་རྐྱེན་གྱིས་ལུས་དང་སེམས། ལུས་དང་སེམས་ཀྱི་རྐྱེན་གྱིས་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ཡོད་པས། དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་སྲོག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด