ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๒๘ · หน้า 115a

རབ་ཏུ་འཛིན་པའི་དུས་ན། སེམས་རྒོད་པའམ། རྒོད་པར་དོགས་པར་མཐོང་བ་དེའི་ཚེ་ན་ཡང་སེམས་ནང་དུ་མངོན་པར་སྡུད་པར་བྱེད་ཅིང་ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་པོ་དག་ཀྱང་ནག་པོའི་ཕྱོགས་ཀྱི་ཆོས་མ་སྐྱེས་

པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་སྟེ། དེ་དག་ཀྱང་ཡང་དག་པར་སྤོང་བ་གཉིས་ཡིན་ནོ། །དཀར་པོའི་ཕྱོགས་ཀྱི་ཆོས་མ་

སྐྱེས་པ་རྣམས་སྐྱེད་པ་དང་། རྒྱས་པར་ཇི་ལྟར་ན་ནག་པོའི་ཕྱོགས་རྣམས་ཅི་ལྟ་བུ་དེ་དག་ཀྱང་ཡང་དག་པར་སྤོང་བ་གཉིས་ཡིན་པར་རིག་པར་བྱའོ། །དེ་ལ་གཅིག་ནི་བསྡོམས་པས་སྤོང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་

ཅེས་རྒྱས་པར་བསྟན་པ་གང་ཡིན་པའོ། །གཉིས་པ་ནི་སྤང་བས་སྤོང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་ཅེས་རྒྱས་པར་བསྟན་པ་གང་ཡིན་པ་སྟེ། སྡིག་པའི་དངོས་པོ་སྐྱེས་པ་རྣམས་ནི་བསྡམ་པར་བྱ་ཞིང་དང་དུ་

མི་བླང་བར་བྱ་བ་ཡིན་ལ། མ་སྐྱེས་པ་གང་ཡིན་པ་དེ་ནི་ཀུན་དུ་མི་སྤྱད་པའི་སྒོ་ནས་སྤང་ཞིང་དེ་ནི་མངོན་དུ་མི་བྱ་བའི་སྒོ་ནས་སྤང་པར་བྱ་བ་ཡིན་པས། སྤང་བས་སྤོང་བ་ཞེས་བྱའོ། །དེ་ལ་བསྒོམས་པས་སྤོང་བ་ནི་གཅིག་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་ཞེས་བྱ་བ་

ནས། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་གང་གསུངས་པ་སྟེ། འདི་ལྟར་དགེ་བའི་ཆོས་རྣམས་ལ་ཀུན་དུ་སྟེན་པར་བྱེད་ཅིང་སྒོམ་པར་བྱེད་ན་མ་ཐོབ་པ་ཐོབ་པར་འགྱུར་ཞིང་། ཐོབ་པ་ཡང་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་

ལ་རྗེས་སུ་བསྲུང་བས་སྤོང་བ་ནི་གཅིག་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་གང་གསུངས་པ་སྟེ། འདི་ལྟར་དགེ་བའི་ཆོས་ཐོབ་ཅིང་མངོན་དུ་བྱས་པ་དག་ལ་བག་མེད་པ་སྤངས་

เล่ม ๑๒๘ · หน้า 115b

ཏེ། བག་ཡོད་པས་སྟེན་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་རྣམས་ལ་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བས། དེ་ལྟར་ན་དགེ་བའི་ཆོས་སྐྱེས་པ་རྣམས་རྗེས་སུ་བསྲུང་བ་ཡིན་པའི་ཕྱིར་ཏེ། དེ་ནི་རེ་ཞིག་ཡང་དག་པའི་སྤོང་

བའི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན། སྨྲས་པ། ནག་པོ་དང་དཀར་པོའི་ཕྱོགས་ཀྱི་དངོས་པོ་བཏང་བ་དང་བླང་བའི་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་

པ་ནི་འདུན་པ་སྐྱེད་པར་བྱེད་ཅེས་བྱ་བས་བསྟན་ཏོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་དག་གིས་བསྟན་ཏེ། རྣལ་འབྱོར་པས་བྱ་བ་ནི་འདི་ཙམ་དུ་ཟད་དེ། སྤང་བར་

བྱ་བའི་དངོས་པོ་གང་ཡིན་པ་སྤང་པར་བྱ་བ་དང་། ཐོབ་པར་བྱ་བའི་དངོས་པོ་གང་ཡིན་པ་ཐོབ་པར་བྱ་བའི་ཕྱིར་དང་པོ་ཁོ་ནར་སྤྲོ་བ་བསྐྱེད་པར་བྱ་བ་དང་། ཀུན་ནས་དཀྲིས་པ་སྤང་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ་པར་བྱ་བ་དང་། བག་ལ་ཉལ་སྤང་བར་བྱ་བའི་ཕྱིར་དུས་དུས་སུ་ཞི་

གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་དག་བསྒོམ་པར་བྱ་བ་དང་། ཀུན་ནས་དཀྲིས་པ་སྤང་བ་དང་། བག་ལ་ཉལ་བ་སྤང་བར་བྱ་བའི་ཕྱིར་གཉེན་པོའི་ཕྱོགས་ཀྱི་དགེ་བ་གང་ཡིན་པ་དེ་དག་ཡང་དག་པར་བསྒྲུབ་པར་བྱ་བ་སྟེ། དེ་དག་ཐམས་ཅད་ཡང་དག་པར་

སྤོང་བ་བཞི་པོ་དག་གིས་ཡོངས་སུ་བསྟན་པས་ན་དེ་ནི་དོན་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་ནི་བཞི་སྟེ། འདི་ལྟ་སྟེ། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་པའི་དབང་དུ་

བྱས་ནས། ཏིང་ངེ་འཛིན་ཐོབ་པ་གང་ཡིན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཡིན་ནོ། །བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་དབང་དུ་བྱས་ནས་ཏིང་ངེ་འཛིན་ཐོབ་པ་གང་ཡིན་པ་དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཏེ། གང་གི་ཚེ་དེ་རེ་ཞིག་འདུན་པ་ཁོ་ན་ཉི་ཚེ་སྐྱེད་པར་བྱེད་ཅིང་། འདུན་

เล่ม ๑๒๘ · หน้า 116a

པ་སྐྱེས་ནས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ལ་ངོ་བོ་ཉིད་དང་། གཞི་དང་། ཉེས་དམིགས་དང་། གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང་། དྲན་པ་རྩེ་གཅིག་ཏུ་འཇུག་པར་བྱེད་པ་དང་། དེ་བཞིན་དུ་དགེ་བའི་ཆོས་རྣམས་

ལ་ཡང་ངོ་བོ་ཉིད་དང་། གཞི་དང་། ཕན་ཡོན་དང་། ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང་། དྲན་པ་རྩེ་གཅིག་ཏུ་འཇུག་པར་བྱེད་པ་དང་། དེ་ལ་ལན་མང་དུ་བྱས་པས་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་རྩེ་གཅིག་པ་ཉིད་ལ་རེག་

པར་བྱེད་ཅིང་། ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་ནི་མི་བྱེད་པ་གང་ཡིན་པ་དེ་ནི། དེའི་འདུན་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཅེས་བྱའོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དམིགས་པ་སྡིག་པ་མི་དགེ་བའི་ཆོས་དང་མཐུན་

པ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་མཐུན་པ་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་སྤང་བའི་ཕྱིར་འབད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་པར་བྱེད་པའི་ཚེ། དམིགས་པ་དེ་ལ་སྤྱོད་པ་ན་དམིགས་པ་དེའི་ངོ་བོ་ཉིད་དང་། གཞི་དང་། ཉེས་དམིགས་དང་།

གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང་། དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པ་ན། ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་སེམས་རྩེ་གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང་། ད་དུང་སྡིག་པ་མི་དགེ་བའི་ཆོས་

རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པ་ནི་མེད་པ་གང་ཡིན་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སེམས་བྱིང་བ་རབ་ཏུ་འཛིན་པར་བྱེད་ཅིང་། སེམས་རབ་ཏུ་བཟུང་ནས་ཏིང་ངེ་འཛིན་དུ་བྱེད་པ་དང་། དུས་དུས་སུ་ལྷག་པར་བཏང་སྙོམས་སུ་བྱེད་པ་

དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མཐུན་པའི་ཆོས་དང་། དགེ་བ་དང་། མི་དགེ་བའི་ཆོས་དང་། དགེ་བ་དང་། མི་དགེ་བའི་ཆོས་དང་མཐུན་པའི་ཆོས་གང་དག་ཡིན་པ་དག་ལ་ངོ་བོ་ཉིད་དང་། གཞི་དང་། ཉེས་དམིགས་དང་། ཕན་ཡོན་དང་།

เล่ม ๑๒๘ · หน้า 116b

གཉེན་པོ་དང་། ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང་། དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པ་ལ་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་སེམས་རྩེ་གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང་། ད་

དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་ནི་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་སེམས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པའི་ཆོས་རྣམས་གང་དག་ཡིན་པ་དེ་

དག་ཉིད་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་དགེ་བའི་ཆོས་དང་མཐུན་པའི་ཆོས་རྣམས་ཡིན་པས་ན། དེ་ལྟར་དེའི་ཀུན་ནས་དཀྲིས་པ་ཐག་རིང་དུ་བྱས་པ་རྣམས་དང་། ཀུན་ནས་དཀྲིས་པའི་གཉེན་པོ་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་ཆོས་སྐྱེས་པ་རྣམས་ལ། སྡིག་པ་མི་དགེ་བའི་ཆོས་དེ་དག་

ཀུན་དུ་མི་འབྱུང་བ་ན། དེ་འདི་སྙམས་དུ་སེམས་ཏེ། ཅི་སྡིག་པ་མི་དགེ་བའི་ཆོས་རྣམས་ཡོད་ཅིང་མེད་པ་མ་ཡིན་པ་ལས་མྱོང་བར་མི་འགྱུར་རམ། འོན་ཏེ་མེད་ཅིང་ཡོད་པ་མ་ཡིན་ཏེ། མྱོང་བར་མི་འགྱུར་བ་བདག་གིས་ཡོངས་སུ་དཔྱད་པར་བྱའོ་སྙམ་ནས། དེ་དཔྱོད་པ་ཡིད་ལ་བྱེད་

པའི་དབང་དུ་བྱས་ཏེ། སྤངས་པ་དང་མ་སྤངས་པ་ལ་སྤྱོད་པར་བྱེད། ལེགས་པ་ཁོ་ནར་ངེས་པར་རྟོག་པར་བྱེད་ཅིང་། དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པས། སེམས་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་ཏེ། དེས་ན་བདག་གི་

སེམས་ནི་ཀུན་ནས་དཀྲིས་པ་ཙམ་ལས་རྣམ་པར་གྲོལ་བར་ཟད་ཀྱི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དང་། བདག་གིས་དེ་དག་གི་གཉེན་པོ་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་ཆོས་རྣམས་ཐོབ་ཅིང་བསྒོམ་པ་ཙམ་དུ་ཟད་ཀྱི། བག་ལ་ཉལ་གྱི་གཉེན་

པོ་རྣམས་ནི་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་མངོན་པའི་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི། དེའི་དཔྱོད་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ།། །།ཉན་ཐོས་ཀྱི་ས། བམ་པོ་བཅུ་གཉིས་པ། དེ་ཏིང་ངེ་འཛིན་རྣམ་པ་བཞི་པོ་དེ་དག་གི་དབང་

เล่ม ๑๒๘ · หน้า 117a

དུ་བྱས་ཏེ། ཀུན་ནས་དཀྲིས་པ་རྣམས་ཐག་རིང་དུ་བྱས་པ་ན། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་གཞོམ་པ་དང་། དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཡང་དག་པར་བསྒྲུབ་པའི་ཕྱིར་

ཡང་རྒྱ་ཆེར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད་ཅིང་། ཡང་དག་པའི་སྤོང་བ་བཞི་པོ་དག་གིས་རབ་ཏུ་བརྩོན་པར་བྱེད་དོ། །དེ་ལྟར་རབ་ཏུ་བརྩོན་ཞིང་དེ་ལྟར་གྱུར་པ་དེ་ལ་སྤང་བའི་འདུ་བྱེད་བརྒྱད་འབྱུང་བར་འགྱུར་རོ། །དེ་དག་གིས་དེའི་བག་ལ་

ཉལ་ཡང་དག་པར་འཇོམས་པ་དང་། ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟ་སྟེ། འདུན་པ་ནི་ནམ་ཞིག་ན་བདག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཞིང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཞིག་གུ་སྙམ་དུ་སེམས་པའོ། །རྩོལ་

བ་ནི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་མི་གཏོང་བ་ཉིད་གང་ཡིན་པའོ། །དད་པ་ནི་སྦྱོར་བ་མ་བཏང་བར་གནས་པའི་གོང་དུ་རྟོགས་པར་བྱ་བ་ལ་དད་ཅིང་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་སྦྱངས་པ་ནི། དད་པ་དང་དང་བ་སྔོན་དུ་བཏང་བའི་མཆོག་ཏུ་དགའ་བ་དང་དགའ་བ་སྟེ། ཡིད་

དགའ་བར་འགྱུར་བའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱངས་པ་གང་ཡིན་པའོ། །དེ་ལ་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཀྱི་སེམས་གནས་པ་དགུ་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་ཀྱི་ཤེས་

རབ་གང་ཡིན་པའོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་སྟེ། སྤངས་པ་དང་། མ་སྤངས་པ་ལ་དཔྱོད་པར་བྱེད་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྗེས་སུ་མཐུན་པའི་ལུས་ཀྱི་ལས་དང་ངག་གི་ལས་ཀུན་ནས་སློང་

བར་བྱེད་པ་གང་ཡིན་པའོ། །དེ་ལ་བཏང་སྙོམས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་སྤྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང་། སེམས་མཉམ་པ་ཉིད་དུ་བྱེད་པ་གང་ཡིན་པ་སྟེ། རྒྱུ་འདི་གཉིས་ཀྱིས་ན་

เล่ม ๑๒๘ · หน้า 117b

བག་ལ་ཉལ་སྤངས་པ་ཡོངས་སུ་གཅོད་པར་བྱེད་ཅིང་ཤེས་པར་བྱེད་དེ། འདི་ལྟ་སྟེ། ཡུལ་ལྐོག་ཏུ་གྱུར་པ་ལ་སེམས་པ་དང་། ཡུལ་ལྐོག་ཏུ་མ་གྱུར་པ་ལ་བཏང་སྙོམས་སུ་འཇོག་པ་སྟེ། དེ་དག་ནི་སྤང་བའི་འདུ་བྱེད་བརྒྱད་པོ་དག་ཡིན་ནོ། །སྤང་བའི་འདུ་བྱེད་བརྒྱད་པོ་དེ་དག་

ནི་བག་ལ་ཉལ་ཡང་དག་པར་འཇོམས་པའི་སྦྱོར་བ་ཡིན་ཏེ། དེ་ལ་འདུན་པ་ནི་འདུན་པ་ཁོ་ན་ཡིན་ནོ། རྩོལ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཡིན་ནོ། །དད་པ་གང་ཡིན་པ་དེ་ཡང་དད་པ་ཁོ་ན་ཡིན་ནོ། །ཤིན་ཏུ་སྦྱངས་པ་གང་ཡིན་པ་དང་། དྲན་པ་གང་ཡིན་པ་དང་། ཤེས་བཞིན་

གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། བཏང་སྙོམས་གང་ཡིན་པ་དེ་ནི་ཐབས་ཡིན་ཏེ། འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྔ་མ་གང་དག་ཡིན་པ་དང་། སྤང་བའི་འདུ་བྱེད་འདི་དག་གང་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བག་ལ་ཉལ་དག་སྤངས་

ཤིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་ནི། འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ཅིའི་ཕྱིར་རྫུ་

འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། སྨྲས་པ། འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་ཡོད་པ་དེས་འགྲོ་བ་དང་། ལྡོག་པ་དང་། ཕ་རོལ་གནོན་པར་ནུས་པ་དེ་བཞིན་དུ། གང་ལ་ཆོས་དེ་དག་ཀྱང་ཡོད་ལ། ཏིང་ངེ་འཛིན་དེ་དག་ཀྱང་ཡོངས་སུ་རྫོགས་པར་ཡོད་ཅིང་། དེ་དེ་ལྟར་

སེམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་དང་། ལས་སུ་རུང་བར་གནས་པ་དང་། མི་གཡོ་བ་ཐོབ་པར་གྱུར་ན། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་བྱ་བ་དང་། རིག་

པར་བྱ་བའི་ཕྱིར། འགྲོ་བ་དང་ལྡོག་པ་དང་། ཕ་རོལ་གནོན་པར་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ནི་རྫུ་འཕྲུལ་དམ་པ་དང་འབྱོར་པ་དམ་པ་ཡིན་པས་ན། དེའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་ལ་གནས་པ་དེ་

เล่ม ๑๒๘ · หน้า 118a

ཏིང་ངེ་འཛིན་ལ་གནས་ཤིང་། ཏིང་ངེ་འཛིན་ལ་བརྟེན་ནས། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་དེ་ལ་རྣལ་འབྱོར་དུ་བྱེད་པ་ན་སྟོན་པ་དང་། ཉན་ཐོས་གཞན་དག་གི་རྟོགས་པ་ལ་མངོན་པར་

ཡིད་ཆེས་པ་དང་། རབ་ཏུ་དང་བ་དང་། དད་པ་གང་ཡིན་པ་དེ་ནི་དབང་བྱེད་པའི་དོན་གྱིས་དད་པའི་དབང་པོ་ཞེས་བྱའོ། །གང་ལ་དབང་བྱེད་ཅེ་ན། སྨྲས་པ། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་

ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །བརྩོན་འགྲུས་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་འཇིག་རྟེན་ལས་འདས་པའི་ཆོས་དང་། གོང་མ་དག་སྐྱེ་བ་ལ་དབང་བྱེད་ཅིང་། བསྒྲུབ་པའི་བར་ལ་དབང་(བྱད་‚བྱེད་)པ་ཡིན་ནོ། །ཤེས་རབ་ཀྱི་བར་ནི་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་

ལ་དབང་བྱེད་པ་ཡིན་པས་ན། དེའི་ཕྱིར་དད་པ་ལ་སོགས་པ་དེ་དག་ནི་དབང་པོ་ལྔ་ཡིན་ནོ། །སྔ་མས་ཕྱི་མའི་ཁྱད་པར་རྟོགས་པ་ཤེས་ཤིང་། དེའི་རྗེས་སུ་འབྲང་བས་དེའི་གོང་དུ་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། མངོན་པར་ཡིད་ཆེས་པ་དང་། རབ་ཏུ་

དང་བ་དང་། དད་པ་གང་ཡིན་པ་དེ་ནི་མི་ཆོམས་པའི་དོན་གྱིས་དད་པའི་སྟོབས་ཞེས་བྱའོ། །ཅི་ཞིག་གིས་ཆོམས་པར་མི་ནུས་པ་ཡིན་ཞེ་ན། སྨྲས་པ། དད་པ་དེ་ནི་ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པས་མི་འཕྲོགས་པ་དང་། ཉོན་མོངས་

པའི་ཀུན་ནས་དཀྲིས་པས་མི་འཕྲོགས་པ་ན་དེའི་ཕྱིར་དེ་ནི་མི་ཆོམས་པ་ཞེས་བྱའོ། །དེས་ཐོག་དྲངས་ཤིང་མདུན་དུ་བཏང་བའི་བརྩོན་འགྲུས་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་སྟོབས་རྣམས་ཞེས་བྱ་སྟེ། དེ་སྟོབས་དེ་དག་གིས་སྟོབས་དང་ལྡན་པར་གྱུར་བས་བདུད་ཀྱི་སྟོབས་ཐམས་

ཅད་ལས་རྣམ་པར་རྒྱལ་བར་བྱས་ཏེ། ཟག་པ་རྣམས་ཟད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པས་ན་དེའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དེ་ལ་དད་པའི་དབང་པོ་གང་ཡིན་པ་དང་། དད་པའི་སྟོབས་གང་ཡིན་པ་དེ་ནི་ཤེས་ནས་དད་པ་བཞི་པོ་དག་ཏུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་

เล่ม ๑๒๘ · หน้า 118b

ན། ཡང་དག་པ་ཉིད་དུ་སྐྱོན་མེད་པར་ཞུགས་པ་ཤེས་ནས་དད་པ་གང་དག་ཡིན་པ་དེ་དག་ནི། དེའི་རྒྱུ་ལས་བྱུང་བ་དང་། དེའི་རྐྱེན་ལས་བྱུང་བ་དང་། དེའི་གཞི་ལས་བྱུང་བ་ཡིན་པས་ན་དེའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པས་དེ་དག་དེའི་བདག་པོའི་འབྲས་བུ་ཡིན་པའི་དབང་དུ་མཛད་ནས།

བཅོམ་ལྡན་འདས་ཀྱིས་ཀྱང་དེ་དེ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་ཀྱི། དེ་དག་གི་ལུས་དང་དེ་དག་གི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་ནི་ཡང་དག་པའི་སྤོང་བ་བཞི་པོ་དག་ཏུ་བལྟ་བར་བྱ་སྟེ། ཡང་དག་པའི་སྤོང་བ་དེ་དག་ཀྱང་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་

ཉོན་མོངས་པ་སྤང་བའི་ཕྱིར། སྦྱོར་བ་ལས་བྱུང་བའི་ཡང་དག་པའི་སྤོང་བ་གང་དག་ཡིན་པ་དེ་དག་ནི་འདིར། ཡང་དག་པའི་སྤང་བ་རྣམས་ཡིན་པར་དགོངས་ཏེ། འདི་ལྟར་དེ་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་གཏན་དུ་སྤོང་བའི་ཕྱིར་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ལ་དྲན་པའི་

དབང་པོ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་པ་ནི་ཕྱིན་ཅི་ལོག་མ་ལུས་པར་སྤང་བའི་ཕྱིར་འཇུག་པར་འགྱུར་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་གང་དག་ཡིན་པ་རྣམས་སོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་ནི་བསམ་གཏན་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་

པ་ནི། ཕྱིར་མི་འོང་བ་ཉིད་དུ་སྦྱོར་བ་ལས་བྱུང་བའི་བསམ་གཏན་གང་དག་ཡིན་པ་རྣམས་སོ། །དེ་ལ་ཤེས་རབ་ཀྱི་དབང་པོ་ནི་བདེན་པ་བཞི་པོ་དག་ཏུ་བལྟ་བར་བྱའོ་ཞེས་གསུངས་པ་ནི་བདེན་པ་ཤེས་པ་སྟེ། འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པར་བྱ་བ་དང་། དགེ་སྦྱོང་གི་འབྲས་

བུ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་གང་ཡིན་པའོ། །དབང་པོ་རྣམས་ཇི་ལྟ་བ་བཞིན་དུ། སྟོབས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་དབང་པོ་དེ་དག་དང་། སྟོབས་དེ་དག་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་

རྩ་བ་བཞི་པོ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དག་སྐྱེད་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན། མེས་མེའི་བྱ་བ་བྱེད་པར་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་

เล่ม ๑๒๘ · หน้า 119a

ལ་ཞིག་གིས་གཙུག་གཏན་གྱི་སྟེང་དུ་གཙུབ་ཤིང་གཙུབས་ཏེ། མངོན་པར་གཙུབས་ཤིང་འབད་པར་བྱེད། སྒྲིམ་པར་བྱེད། རྩོལ་བར་བྱེད་ན། དེའི་འབད་པ་དང་། སྒྲིམ་པ་དང་། རྩོལ་བའི་སྒོ་ནས་དང་པོ་ཁོ་ནར་གཙུབ་གཏན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོད་

དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོར་འབྱུང་ཞིང་། དུ་བ་འཐུལ་བར་འགྱུར་རོ། །རྒྱ་ཆེར་མངོན་པར་འཕེལ་བར་འགྱུར་བ་ན། མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་རོ། །མེ་འབྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་བྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཇི་

ལྟར་མངོན་པར་གཙུབས་ཤིང་འབད་པ་དང་། སྒྲིམ་པ་དང་། རྩོལ་བར་བྱེད་པ་དེ་ལྟར་ནི། དབང་པོ་ལྔ་པོ་དག་ལ་ཀུན་དུ་བསྟེན་ཅིང་གོམས་པར་བྱེད། ལན་མང་དུ་བྱེད་པ་ལྟ་བར་བྱའོ། །ཇི་ལྟར་དང་པོ་ཁོ་ནར་གཙུབ་གཏན་ལས་དྲོད་སྐྱེ་བར་འགྱུར་བ་དེ་ལྟར་ནི་མེ་ལྟ་བུའི་ཟག་པ་མེད་

པའི་ཆོས་ཉོན་མོངས་པ་ཡོངས་སུ་སྲེག་པར་བྱེད་པ་རྣམས་སྐྱེ་བའི་སྔོན་དུ་འགྲོ་ཞིང་རྒྱུར་གྱུར་པའི་དྲོ་བར་གྱུར་པ་དག་བལྟ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན། རྩེ་མོར་འབྱུང་བར་འགྱུར་བ་དེ་ལྟར་ནི་རྩེ་མོ་དག་བལྟ་བར་བྱའོ། །ཇི་ལྟར་དུ་བ་འཐུལ་བར་འགྱུར་བ་དེ་ལྟར་ནི་བདེན་

པ་དང་རྗེས་སུ་མཐུན་པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་གྱུར་པ་ན་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟར་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ། །ཇི་ལྟར་མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་བྱུང་ཞིང་

འབར་བ་དེས་མེའི་བྱ་བ་བྱེད་པ་དེ་ལྟར་ནི་གང་དག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ཡང་དག་པར་ཟིན་པའི་དབང་པོ་ལྔ་པོ་དག་གི་མཇུག་ཐོགས་སུ་བྱུང་བ། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཆོས་རྣམས་བལྟ་བར་བྱའོ། །དེ་དག་ཀྱང་གང་ཞེ་ན། སྨྲས་པ། བྱང་ཆུབ་ཀྱི་

ཡན་ལག་བདུན་པོ་དག་སྟེ། ཡང་དག་པ་ཉིད་དུ་སྐྱོན་མེད་པར་ཞུགས་པའི་གང་ཟག་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དེའི་ཡན་ལག་རྣམས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ཡང་(ལན་‚ཡན་)ལག་བདུན་པོ་ཞི་གནས་ཀྱི་ཕྱོགས་གསུམ་དང་། ལྷག་མཐོང་གི་

เล่ม ๑๒๘ · หน้า 119b

ཕྱོགས་གསུམ་དང་། གཉི་གའི་ཕྱོགས་གཅིག་གིས་ཡོངས་སུ་བསྡུས་པ་ཡིན་ཏེ། དེ་ལ་ཆོས་རྣམ་པར་འབྱེད་པ་གང་ཡིན་པ་དང་། བརྩོན་འགྲུས་གང་ཡིན་པ་དང་། དགའ་བ་གང་ཡིན་པ་གསུམ་པོ་དེ་དག་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་ཤིན་ཏུ་སྦྱངས་པ་གང་ཡིན་པ་དང་།

ཏིང་ངེ་འཛིན་གང་ཡིན་པ་དང་། བཏང་སྙོམས་གང་ཡིན་པ་གསུམ་པོ་དེ་དག་ནི་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དྲན་པ་ནི་གཉི་གའི་ཕྱོགས་ཡིན་ཏེ། ཀུན་དུ་འགྲོ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཐོབ་པའི་ཕྱིར། དེའི་ཚེ་ན་སློབ་པ་བཞི་མཐོང་བ་ཡིན་ཏེ། དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་

རྣམས་ནི་སྤངས་ཟིན་གྱི། བསྒོམ་པས་སྤང་པར་བྱ་བའི་ཉོན་མོངས་པ་རྣམས་ལུས་པ་ན། དེ་དག་སྤང་བར་བྱ་བའི་ཕྱིར་ཕུང་པོ་གསུམ་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པར་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཡིན་པ་དང་། ཡང་དག་པའི་རྟོག་པ་གང་ཡིན་པ་དང་། ཡང་

པའི་རྩོལ་བ་གང་དག་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕུང་པོ་ཡིན་ནོ། །དེ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གང་དག་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་ནོ། །དེ་ལ་ཡང་དག་པའི་དྲན་པ་གང་ཡིན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཏིང་ངེ་

འཛིན་གྱི་ཕུང་པོ་ཡིན་ནོ། །ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་ཞེ་ན། སྨྲས་པ། ཡན་ལག་བརྒྱད་ཀྱིས་ཡང་དག་པར་བསྡུས་པ་དེ་ནི་འཕགས་པའི་སློབ་པ་གཞི་མཐོང་བའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤང་པར་བྱ་བ་དང་། རྣམ་པར་གྲོལ་བ་མངོན་སུམ་

དུ་བྱ་བའི་ལམ་ཡིན་ཞིང་དེ་ནི་སྒྲུབ་པ་ཡིན་པས་ན། དེའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་གི་དུས་ན་དེ་ཁོ་ན་རྟོགས་ཤིང་ཐོབ་པ་གང་ཡིན་པ་དང་། ཐོབ་ནས་ཇི་ལྟར་རྟོགས་ཤིང་ཁོང་དུ་ཆུད་པ་དེ་ཉིད་ཤེས་རབ་ཀྱིས་རྣམ་པར་འཇོག་

པར་བྱེད་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། ངེས་པར་འབྱུང་བའི་རྟོག་པ་དང་། གནོད་སེམས་མེད་པའི་རྟོག་པ་དང་། རྣམ་པར་འཚེ་བ་མེད་པའི་རྟོག་པ་ལ་ཡང་དག་པར་རྟོག་པར་བྱེད་པ་

เล่ม ๑๒๘ · หน้า 120a

གང་ཡིན་པ་དེ་ནི་ཡང་དག་པའི་རྟོག་པ་ཡིན་ཏེ། གལ་ཏེ་རེ་ཞིག་རྣམ་པར་རྟོག་པ་དག་ལ་སེམས་འཇུག་པར་གྱུར་ན་ནི་དེ་ལྟ་བུའི་རྣམ་པར་རྟོག་པ་དག་ལ་རྟོག་པར་བྱེད་དོ། །གལ་ཏེ་གཏམ་ལ་སེམས་འཇུག་པར་འགྱུར་ན། དེ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། དགེ་

བའི་རྟོག་པ་དེ་དག་ཉིད་ཀྱིས་ཆོས་དང་ལྡན་པའི་གཏམ་ཟེར་བ་དེ་ནི་དེའི་ཡང་དག་པའི་ངག་ཡིན་ནོ། །དེ་གལ་ཏེ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་འདོད་ཅིང་། དེ་དག་ལ་ཡོངས་སུ་ཚོལ་བར་བྱེད་པ་དང་།

དེ་འགྲོ་བ་དང་ལྡོག་པ་དག་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་། ཆུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་པ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅངས་པ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་།

མྱངས་པ་དང་། གཙུག་ལག་ཁོང་དུ་འགྲོ་བའམ། ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བའམ། འགྲོ་བའམ། སྡོད་པ་དང་། འདུག་པ་དང་ཉལ་བ་དང་། གཉིད་ཀྱི་སྙོམ་པ་བསང་བའི་བར་དག་ལ་ཡང་ཤེས་བཞིན་དུ་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཡང་དག་པའི་ལས་

ཀྱི་མཐའ་ཞེས་བྱའོ། །དེ་ཆོས་གོས་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཀྱི་བར་དག་ཆོས་ཀྱིས་ཡོངས་སུ་ཚོལ་བར་བྱེད་པ་དེ་དང་། ལོག་པར་འཚོ་བར་བྱེད་པའི་ཆོས་རྣམས་རྣམ་པར་སྤངས་པའི་བར་གང་ཡིན་པ་དེ་ནི་དེའི་ཡང་དག་པའི་འཚོ་བ་ཞེས་བྱའོ། །སྤོང་བས་ཡང་དག་

པར་བསྡུས་པ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གང་དག་ཡིན་པ་དེ་ནི། དེས་དང་པོ་ཁོ་ནར་ཟག་པ་མེད་པའི་ཡིད་ལ་བྱེད་པ་ཐོབ་པ་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལྷན་ཅིག་ཁོ་ནར་ཐོབ་པ་ཡིན་ཏེ། དེ་དག་ནི་དེའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་

ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འཕགས་པ་དམ་པ་ཡང་དག་པར་སོང་བ་རྣམས་ཀྱིས་ཅི་ནས་ཀྱང་བདག་གི་ངག་གིས་ཉེས་པར་བྱས་པ་དང་། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ལོག་པའི་འཚོ་བ་དག་མི་བྱ་བས་བསྡམས་པ་དེ་ཐོབ་པར་བྱའོ་ཞེས་ཡུན་རིང་པོ་ནས་དགྱེས་པ་

เล่ม ๑๒๘ · หน้า 120b

དང་། སྡུག་པ་དང་། ཕངས་པ་དང་། ཐུགས་སུ་འཐད་པར་མཛད་པ་ཡིན་ཏེ། དེ་དག་གི་ཡུན་རིང་པོ་ནས་དགྱེས་པ་དང་། སྡུག་པ་དང་། ཕངས་པ་དང་། ཐུགས་སུ་འཐད་པར་མཛད་པ་གང་ཡིན་པ་དེས་དེའི་ཚེ་ན་ཐོབ་པས་ན། དེའི་ཕྱིར་འཕགས་པ་དགྱེས་པ་ཞེས་བྱའོ། །

འདི་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ཐོབ་ན། ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་བྱེད། བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། མ་བྱིན་པར་ལེན་པར་མི་བྱེད། འདོད་པས་ལོག་པར་གཡེམ་པར་མི་བྱེད་ཅིང་། ཆོས་མ་ཡིན་པས་ཆོས་གོས་

ལ་སོགས་པ་ཡོངས་སུ་ཚོལ་བར་ཡང་མི་བྱེད་པས་ན། དེ་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དེ་དག་ཉིད་ཀྱི་དབང་དུ་བྱས་ཏེ། ལམ་བསྒོམ་པའི་ཚེ་ན་ངག་འཇུག་པ་གང་ཡིན་པ་དང་། ལུས་ཀྱི་ལས་གང་ཡིན་པ་དང་། འཚོ་བ་གང་ཡིན་པ་དེ་དག་ཀྱང་ཡང་དག་པའི་ངག་དང་། ལས་

ཀྱི་མཐའ་དང་། འཚོ་བ་དག་ཅེས་བྱའོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ལ་བརྟེན་ཏེ། བསྒོམ་པ་ལ་ཞུགས་པ་དེའི་འདུན་པ་དང་། བརྩོན་འགྲུས་དང་། རྩོལ་བ་དང་། ངེས་པར་འབྱུང་

བར་བྱེད་པ་དང་། ཕ་རོལ་གནོན་པར་བྱེད་པ་དང་། མཐུ་དང་། རྩོལ་བ་དང་། སེམས་ཡང་དག་པར་རབ་ཏུ་འཛིན་པར་བྱེད་པ་དང་། རྟག་འགྲུས་གང་ཡིན་པ་དེ་ནི། དེའི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལྟར་ཡང་དག་པའི་རྩོལ་བ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བཞིའི་

དབང་དུ་བྱས་ནས། ཕྱིན་ཅི་མ་ལོག་པས་ཡང་དག་པར་བསྡུས་པའི་དྲན་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པ་དེ་དག་ནི་དེའི་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་

པོ་དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན། རྒྱུ་བའི་ཚེ་ན་བྱ་བ་དང་། གནས་པའི་ཚེ་ན་བྱ་བ་དག་ཡིན་ཏེ། དེ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ནི་རྒྱུ་བའི་ཚེ་ན་བྱ་བ་ཡིན་ནོ། །གནས་པའི་ཚེ་ན་བྱ་བ་ནི་རྣམ་པ་གཉིས་ཏེ། ཞི་གནས་དང་། ལྷག་

เล่ม ๑๒๘ · หน้า 121a

མཐོང་ངོ་། །དེ་ལ་ཡང་དག་པའི་ལྟ་བ་གང་ཡིན་པ་དང་། ཡང་དག་པའི་རྟོག་པ་གང་ཡིན་པ་དང་། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ནོ། །དེ་ལ་ཡང་དག་པའི་དྲན་པ་གང་ཡིན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཞི་

གནས་ཡིན་ནོ། །དེ་ལྟར་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ཡོངས་སུ་དག་པ་ལ་བརྟེན་ནས་དུས་དུས་སུ་ཞི་གནས་དང་། ལྷག་མཐོང་སྒོམ་པར་བྱེད་པ་ནི། ཀུན་དུ་སྦྱོར་བ་མ་ལུས་པར་སྤངས་པ་མངོན་སུམ་དུ་བྱེད་ཅིང་འབྲས་བུའི་མཆོག་དགྲ་བཅོམ་

པ་ཉིད་ཀྱང་ཐོབ་པར་འགྱུར་རོ། །བསྒོམ་པའི་ལམ་ནི་དུས་གཞན་ནས་ཀུན་དུ་བསྟེན་ནས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་ཡིན་པས་ན་ཡུན་རིང་བས་ཡིན་ནོ། །མཐོང་བའི་ལམ་ནི་ཤེས་པ་སྐྱེས་པ་ཙམ་གྱིས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་ཡིན་པས་ན་ཤེས་པ་ཙམ་ལ་རག་ལས་པ་ཡིན་

ཏེ། རྒྱུ་དེས་ན་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་བསྒོམ་པའི་ལམ་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དག་ལ་རིམ་པ་དེས་གོམས་པ་དང་། ཡོངས་སུ་བྱང་བར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་

ཕྱོགས་བསྒོམ་པ་ཞེས་བྱའོ། །དེ་ལ་བསྒོམས་པའི་འབྲས་བུ་གང་ཞེ་ན། སྨྲས་པ། དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་དོ། །

དེ་ལ་དགེ་སྦྱོང་ནི་གང་། འབྲས་བུ་ནི་གང་ཞེ་ན། སྨྲས་པ། ལམ་ནི་དགེ་སྦྱོང་ཡིན་ནོ། །ཉོན་མོངས་པ་སྤངས་པ་ནི་འབྲས་བུ་ཡིན་ནོ། །གཞན་ཡང་ལམ་སྔར་སྐྱེས་པའི་འོག་ཏུ་ལམ་འབྲིང་དང་ཁྱད་པར་དུ་འཕགས་པ་དང་འདྲ་བ་སྐྱེས་པ་ནི་འབྲས་བུ་ཡིན་ནོ། །དེ་ལ་ཅིའི་ཕྱིར་

འབྲས་བུ་བཞི་རྣམ་པར་གཞག་ཅེ་ན། སྨྲས་པ། ཉོན་མོངས་པ་སྤངས་པའི་གཉེན་པོ་རྣམ་པ་བཞིའི་ཕྱིར་ཏེ། འདི་ལྟ་སྟེ། ཉོན་མོངས་པ་དངོས་པོ་མེད་པ་ངན་སོང་དུ་འགྲོ་བར་འགྱུར་ལ། ངན་སོང་དུ་འགྲོ་བའི་རྒྱུར་གྱུར་པ་རྣམས་སྤངས་པ་དང་། གཉེན་པོ་བསྐྱེད་པའི་ཕྱིར་རྒྱུན་

เล่ม ๑๒๘ · หน้า 121b

དུ་ཞུགས་པའི་འབྲས་བུ་རྣམ་པར་གཞག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དུ་སྦྱོར་བ་གསུམ་ནི་ལམ་བསྐྱེད་པའི་བར་དུ་གཅོད་པར་བྱེད་པ་ཡིན་པའི་ཕྱིར། ཕྱོགས་གསུམ་པོ་ཁྱིམ་པའི་ཕྱོགས་དང་། ཉེས་པར་བཤད་པའི་ཆོས་འདུལ་བའི་ཕྱོགས་དང་། ལེགས་པར་

གསུངས་པའི་ཆོས་འདུལ་བའི་ཕྱོགས་ལ་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྣམ་པར་གཞག་སྟེ། དེ་ལ་ཁྱིམ་པའི་ཕྱོགས་ལ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། དེས་དེ་དང་པོ་ཉིད་ནས་བརྩོན་པར་མི་བྱེད་པས་འཇིག་ཚོགས་ལ་ལྟ་བས་ནི་དང་པོ་ཉིད་ནས་སྐྲག་པར་བྱེད་དོ། །

ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། བསྐྱོད་དུ་ཟིན་ཀྱང་ལོག་པར་བསྒྲུབ་པའི་ཕྱིར། དེས་ནི་འཕགས་པའི་ལམ་སྐྱེད་པར་མི་བྱེད་དོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་ཐེ་ཚོམ་སྟེ། དེ་ལས་གཡོ་བར་ཡང་

འགྱུར་ལ། ལོག་པར་ཞུགས་པ་མ་ཡིན་དུ་ཟིན་ཀྱང་། མ་གོམས་པའི་ཕྱིར། དེ་ཇི་སྲིད་དུ་ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ལམ་སྐྱེ་བ་ལ་ནེམ་ནུར་དང་ཡིད་གཉིས་དག་གིས་བར་དུ་གཅོད་པར་བྱེད་པས་ན། རྒྱུ་དེས་རེ་ཞིག་རྒྱུན་

དུ་ཞུགས་པའི་འབྲས་བུ་རྣམ་པར་གཞག་གོ། །རྒྱུན་དུ་ཞུགས་པ་དེ་ཡང་རེ་ལྟར་ཐོགས་པ་སྲིད་པའི་ལྷག་མ་བདུན་ཡོད་པ་ཡིན་ནོ། །དེ་སྐྱེ་བའི་རྒྱུན་ཡང་གང་གི་ཚེ། ལྷའི་སྲིད་པར་བསྡུས་པ་དང་། མིའི་སྲིད་པར་བསྡུས་པའི་སྐྱེ་བའི་རྒྱུན་གྱི་ཉོན་མོངས་པ་སྤོང་བར་བྱེད་ཅིང་། དེ་

དག་སྤངས་པའི་ཕྱིར་ལྷའི་སྲིད་པ་ལན་ཅིག་དང་། མིའི་སྲིད་པ་ལན་ཅིག་མངོན་པར་སྒྲུབ་པར་བྱེད་པ་དེའི་ཚེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུར་རྣམ་པར་གཞག་གོ། །གང་གི་ཚེ་འདིར་སྐྱེ་ཞིང་ཕྱིར་འོང་བའི་འབྲས་བུ་ཉོན་མོངས་པ་སྤངས་ནས་ལྷའི་སྲིད་པ་ཉི་ཚེ་ཁོ་ན་མངོན་པར་སྒྲུབ་

པར་བྱེད་པ་དེའི་ཚེ་ན། ཕྱིར་མི་འོང་བའི་འབྲས་བུར་རྣམ་པར་གཞག་གོ། །སྲིད་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་ཐམས་ཅད་སྤངས་ན་ནི། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་དུ་རྣམ་པར་གཞག་གོ། །བཅོམ་ལྡན་འདས་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དེ་ཡང་

เล่ม ๑๒๘ · หน้า 122a

ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར་རྣམ་པར་གཞག་གོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་རྣམ་པར་གཞག་གོ། །དགྲ་བཅོམ་

པ་ཉིད་ཀྱི་འབྲས་བུ་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏུགས་པར་སྤངས་པའི་ཕྱིར་རྣམ་པར་གཞག་སྟེ། དེ་ནི་བསྒོམས་པའི་འབྲས་བུ་ཞེས་བྱའོ། །དེ་ལ་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྣམ་པར་རྟོག་པ་སྤྱད་པ་དེ་དག་གིས་

ནི། རེ་ཞིག་དང་པོ་ཁོ་ནར་སྤྱད་པ་རྣམ་པར་སྦྱོར་བའི་དམིགས་པ་ལ་སྤྱད་པ་རྣམ་པར་སྦྱོང་བར་བྱ་སྟེ། དེའི་འོག་ཏུ་སེམས་གནས་པ་རྟོགས་པར་འགྱུར་ཞིང་། དེ་དག་གི་དམིགས་པ་དེ་ཡང་སོ་སོར་ངེས་པ་ཁོ་ནར་འགྱུར་བས་ན། དེ་དག་གིས་ནི་གདོན་མི་ཟ་བར་དམིགས་པ་དེས་

བརྩོན་པར་བྱའོ། །ཆ་མཉམ་པར་སྤྱད་པ་དེས་ནི་སེམས་གནས་པ་ཉི་ཚེ་ཙམ་གྱི་ཕྱིར་གང་ལ་དགའ་བར་འགྱུར་བ་དེ་ལ་བརྩོན་པར་བྱའི། སྤྱད་པ་རྣམ་པར་སྦྱང་བའི་ཕྱིར་ནི་མ་ཡིན་ནོ། །ཆ་མཉམ་པར་སྤྱད་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཆུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་དག་གི་

ཁྱད་པར་ནི་འདི་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྤྱད་པ་ནི་རབ་ཏུ་བརྩོན་པར་བྱེད་པ་ན། ཡུན་རིང་པོས་རྟོགས་པར་འགྱུར་རོ། །ཆ་མཉམ་པར་སྤྱད་པས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པས་སོ། །ཉོན་མོངས་པ་ཆུང་བས་ནི་དུས་ཉེ་བར་མྱུར་བ་མྱུར་བར་སེམས་གནས་པ་རྟོགས་པར་

འགྱུར་རོ། །དེ་ལ་གང་ཟག་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་རྣམས་ནི་སྔར་བསྟན་ཟིན་ན། གང་ཟག་ཆ་མཉམ་པར་སྤྱད་པ་དང་ཉོན་མོངས་པ་ཆུང་བ་དག་གི་རྟགས་རྣམས་གང་ཞེ་ན། སྨྲས་པ། གང་ཟག་ཆ་མཉམ་པར་སྤྱད་པ་ལ་ནི། འདོད་ཆགས་ལ་སོགས་པ་སྤྱད་པ་

དག་གི་རྟགས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོད་མོད་ཀྱིས། དེ་དག་ཇི་ལྟར་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་ལྟར་ཆེ་བ་དང་། བརྩན་པ་ནི་མ་ཡིན་ཏེ། དེ་དག་ཀྱང་རྐྱེན་དེ་དག་ཡོད་ན་ཆ་མཉམ་པར་གྱུར་པ་ཡིན་པར་མངོན་ནོ། །དེ་ལ་གང་ཟག་ཉོན་མོངས་པ་ཆུང་བའི་

เล่ม ๑๒๘ · หน้า 122b

རྟགས་རྣམས་ནི་མ་བསྒྲིབས་པ་དང་། དང་པོ་དག་པ་དང་། ཚོགས་བསགས་པ་དང་། དད་པ་ཆེ་བ་དང་། ཡིད་གཞུངས་པ་དང་། བསོད་ནམས་བྱས་པ་དང་། ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ལ་མ་བསྒྲིབས་པ་ནི་སྒྲིབ་པ་གསུམ་པོ་དག་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་

པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔའི་ལས་དག་དང་། གཞན་ཡང་བསམས་བཞིན་དུ་བྱས་པའི་ལས་ལྕི་བ། ལས་ཀྱི་རྣམ་པར་སྨིན་པ་མ་སྐྱེས་པ། ལམ་སྐྱེད་པའི་བར་ཆད་བྱེད་པ་གང་ཡིན་པའོ། །དེ་ལ་

ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་པ་ཤས་ཆེན་པོ་དང་། ཉོན་མོངས་པ་ཡུན་རིང་པོ་གང་དག་ཡིན་པ་སྟེ། ཚེ་འདི་ལ་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པས་རྣམ་པར་སྦྱང་བར་མི་ནུས་པ་གང་ཡིན་པའོ། །དེ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ནི་སྐྱེ་བའི་གནས་གང་དུ་འཕགས་པའི་ལམ་

མི་འཇུག་ཅིང་མི་རྒྱུ་བ་དང་། གང་དུ་འཕགས་པའི་ལམ་འཇུག་ཅིང་རྒྱུ་བ་དེར་རྣམ་པར་སྨིན་པ་མངོན་པར་གྲུབ་ན་ཡང་། དེར་སྐྱེས་པའི་ཚེ་གླེན་པ་དང་། དིག་པ་དང་། ལྐུགས་པ་དང་། ལག་པས་བརྡ་བྱེད་པར་འགྱུར་ཞིང་ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་

རྣམས་ཀྱི་དོན་ཀུན་དུ་ཤེས་པར་མི་ནུས་པར་འགྱུར་རོ། །དེ་ལ་དང་པོ་དག་པ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་། ལྟ་བ་དྲང་བའོ། །དེ་ལ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི། སྔ་མ་བཞིན་དུ་རྣམ་པ་བཅུར་རིག་པར་བྱའོ། །དེ་ལ་ལྟ་བ་དྲང་བ་ནི་དད་པ་དང་མཚུངས་པར་

ལྡན་པ་དང་། མོས་པ་དང་མཚུངས་པར་ལྡན་པ་དང་། སྒྱུ་དང་གཡོ་དང་བྲལ་བ་དང་། ལེགས་པར་བསམས་པའི་ཆོས་ཀྱི་དོན་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པའི་སྦྱོར་བ་དང་ལྡན་པའི་ཕྱིར་ཏེ། ལྟ་བ་དད་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་ནི་ཆོས་འདུལ་བ་འདི་ལས་མི་འཕྲོགས་

པར་འགྱུར་རོ། །མོས་པ་དང་མཚུངས་པར་ལྡན་པ་ནི། སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་བའི་གནས་བསམ་གྱིས་མི་ཁྱབ་པ་དག་དང་། ཟབ་མོ་བསྟན་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་མོས་ཤིང་མི་

เล่ม ๑๒๘ · หน้า 123a

སྐྲག་མི་དངང་བར་འགྱུར་རོ། །སྒྱུ་དང་གཡོ་དང་། བྲལ་བའི་ལྟ་བ་ནི་དེས་ན་དྲང་པོ་དང་དྲང་པོའི་རང་བཞིན་ཅན་དང་། ཇི་ལྟར་རྗེས་སུ་གཏམས་པ་བཞིན་སྒྲུབ་པར་བྱེད་པ་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ། །ཆོས་རྣམས་ལ་མི་རྟག་པ་དང་། སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལས་བརྩམས་ཏེ། དོན་ལེགས་པར་བསམས། ལེགས་པར་གཞལ། ལེགས་པར་ཉེ་བར་བརྟགས་པའི་རྒྱུ་དེས་ན། དེ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ། ལམ་གཉིས་དང་བྲལ་ཞིང་ཁྱད་པར་དུ་འགྲོ་བ་ཡིན་ཏེ། ཇི་སྐད་སྨོས་པའི་

ལྟ་བ་རྣམ་པ་བཞི་པོ་དེ་དག་ནི་ལྟ་བ་དྲང་བ་ཞེས་བྱའོ། །དེ་ལ་ཚོགས་བསགས་པ་ནི་རྒྱས་པར་སྔར་བསྟན་པ་ཁོ་ན་ལྟ་བུའི་ཚོགས་དང་ལྡན་པའོ། །ཡང་དོན་མདོར་བསྡུ་ན། རྣམ་པ་བཞི་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། སྔོན་གྱི་དང་། ཚེ་འདིའོ། །

དེ་ལ་བསོད་ནམས་ཀྱི་ཚོགས་ནི། གང་གིས་ད་ལྟར་དེ་ལ་ཡོ་བྱད་རྐྱེན་དུ་འབབ་ཅིང་མཐུན་པར་རབ་ཏུ་མང་པོ་དག་བགོས་པ་དང་། དགེ་བའི་བཤེས་གཉེན་དག་རྙེད་པ་དང་། རབ་ཏུ་བརྩོན་པ་ན་བར་ཆད་མེད་པ་གང་ཡིན་པའོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་གང་གིས་ཡིད་གཞུངས་

པར་འགྱུར་བ་དང་། ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། རྗེས་སུ་མཐུན་པའི་ཆོས་བསྟན་པ་དང་། དོན་བསྟན་པས་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པར་འགྱུར་བའོ། །དེ་ལ་སྔོན་གྱི་ནི་སྔོན་དགེ་བའི་རྩ་བ་ཉེ་བར་

བསགས་པས་དེས་དེ་ལྟར་དབང་པོ་ཡོངས་སུ་སྨིན་པ་དག་ཐོབ་པའོ། །དེ་ལ་ཚེ་འདིའི་ནི། འདི་ལྟ་སྟེ། དགེ་བའི་ཆོས་ལ་འདུན་པ་དང་། དེ་བཞིན་དུ་དབང་པོ་ཡོངས་སུ་སྨིན་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོ་སྡོམ་པ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་

དད་པ་ཆེ་བ་ནི་སྟོན་པ་ལ་ནེམ་ནུར་མེད་ཅིང་། ཐེ་ཚོམ་མེད་ལ། དད་པར་བྱེད་ཅིང་མོས་པར་བྱེད་པ་དང་། སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང་། བསླབ་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ཡིད་གཞུངས་པ་ནི། གང་གིས་ཆོས་རྣམས་མྱུར་དུ་

เล่ม ๑๒๘ · หน้า 123b

འཛིན་པར་བྱེད་པ་དང་། ཆོས་དང་དོན་རྣམས་ཡུན་རིང་པོར་ཡང་མི་བརྗེད་པར་བྱེད་པ་དང་། ཆོས་དང་དོན་རྣམས་མྱུར་དུ་རྟོགས་པར་བྱེད་པའོ། །དེ་ལ་བསོད་ནམས་བྱས་པ་ནི། གང་གིས་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་། ཚེ་རིང་བ་དང་། ཚིག་བཙུན་

པ་དང་། དབང་ཆེ་བར་གྲགས་པ་དང་། གྲགས་པ་དང་ལྡན་པ་དང་། བསོད་ནམས་ཆེ་བ་དང་། ཆོས་གོས་ལ་སོགས་པ་རྙེད་པ་དང་། རྒྱལ་པོ་ལ་སོགས་པས་བསྙེན་བསྐུར་བྱས། བླ་མར་བྱས་པའོ། །དེ་ལ་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་ཡོན་ཏན་ནི་འདོད་པ་ཆུང་བ་ལ་སོགས་

པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་རང་བཞིན་གྱིས་དགེ་སྦྱོང་གི་རྒྱན་ཇི་སྐད་བསྟན་པ་དེ་དག་དང་ལྡན་པ་དང་། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་གང་ཟག་འདོད་ཆགས་ཆུང་བའི་རྟགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་གི་རྣམ་གྲངས་དག་དུ་ཞེ་ན། དེ་ལ་གང་ཟག་གི་རྣམ་

གྲངས་ནི་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། དགེ་སྦྱོང་དང་། བྲམ་ཟེ་དང་། ཚངས་པར་སྤྱོད་པ་དང་། དགེ་སློང་དང་། སྡོམ་བརྩོན་དང་། རབ་ཏུ་བྱུང་བའོ། །དེ་ལ་དགེ་སྦྱོང་ནི་རྣམ་པ་བཞི་སྟེ། ལམ་རྒྱལ་བ་དང་། ལམ་སྟོན་པ་དང་། ལམ་གྱིས་འཚོ་བ་དང་།

ལམ་སུན་པར་བྱེད་པའོ། །དེ་ལ་བདེ་བར་གཤེགས་པ་གང་ཡིན་པ་དེ་ནི། ལམ་རྒྱལ་བའོ། །ཆོས་སྨྲས་པ་གང་ཡིན་པ་དེ་ནི་ལམ་སྟོན་པའོ། །ལེགས་པར་ཞུགས་པ་གང་ཡིན་པ་དེ་ནི་ལམ་གྱིས་འཚོ་བའོ། །ལོག་པར་ཞུགས་པ་གང་ཡིན་པ་དེ་ནི་ལམ་སུན་འབྱིན་པར་བྱེད་པའོ། །དེ་ལ་

བདེ་བར་གཤེགས་པ་ཞེས་བྱ་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར་ཟད་པ་རྗེས་སུ་བརྙེས་པ་གང་ཡིན་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འདུལ་བའི་ཕྱིར་ཆོས་སྟོན་པ་གང་ཡིན་པའོ། །ལེགས་པར་ཞུགས་པ་

ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་གང་ཡིན་པའོ། །ལོག་པར་ཞུགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་གང་ཡིན་པའོ། །གཞན་ཡང་སློབ་པ་དང་། མི་སློབ་པ་དག་ནི་མཐོང་བ་དང་། བསྒོམ་

เล่ม ๑๒๘ · หน้า 124a

པས་སྤང་པར་བྱ་བའི་ཉོན་མོངས་པ་དག་ལས་རྣམ་པར་རྒྱལ་བའི་ཕྱིར་ལམ་རྒྱལ་བ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཕྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པ་དང་། ཉན་ཐོས་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་

མོ་འཛིན་པ་རྣམས་དང་། གང་དག་བརྡར་བཏགས་པའི་ཆོས་འདུལ་བ་འཛིན་ཅིང་། ཆོས་ཀྱི་ཚུལ་ལ་འཇུག་པ་དེ་དག་ནི་ལམ་སྟོན་པ་ཞེས་བྱའོ། །དེ་ལ་སོ་སོའི་སྐྱེ་བོ་དགེ་བ་བདག་ལ་ཕན་པའི་ཕྱིར། ཞུགས་པ་ངོ་ཚ་དང་ལྡན་པ། འགྱོད་པ་དང་ལྡན་པ། བསླབ་པ་འདོད་པ། མ་ཐོབ་པ་

ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར། རབ་ཏུ་བརྩོན་པ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་གྱི་སྐལ་བ་དང་། མཐུ་ཡོད་པ་གང་དག་ཡོད་པ་དེ་དག་ནི་ལམ་གྱིས་འཚོ་བ་ཞེས་བྱ་བ་སྟེ།

དེ་དག་ལ་དྲོད་ཡོད་པའི་ཕྱིར་དེས་དེ་དག་འཕགས་པའི་ཤེས་རབ་ཀྱི་དབང་པོ་བསྐྱེད་པའི་ཕྱིར། མ་ཤི་ཞིང་གསོན་པ་ཞེས་བྱ་བ་སྟེ། དེའི་ཕྱིར་ལམ་གྱིས་འཚོ་བ་ཞེས་བྱའོ། །དེ་ལ་གང་ཟག་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་

པ་ཁས་འཆེ་བའི་བར་གང་ཡིན་པ་དེ་ནི། ལམ་སུན་པར་བྱེད་པ་ཞེས་བྱ་སྟེ། དེས་ནི་ལམ་བཞི་དང་པོ་ནས་སུན་པར་བྱས་པས། དེས་ན་དེ་ལམ་བསྐྱེད་པར་བྱ་བ་དང་། ལམ་བསྟན་པ་ཡོད་ཅིང་མེད་པ་མ་ཡིན་ལ་རྟོགས་པར་བྱ་བ་ཡོད་ཅིང་། མེད་པ་མ་ཡིན་ན་ཡང་། སྐལ་བ་དང་

མཐུ་མེད་ལ། སྣོད་དུ་གྱུར་པ་མ་ཡིན་པས་ན་དེའི་ཕྱིར་ལམ་སུན་པར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས། འདི་ལ་དགེ་སྦྱོང་གི་དང་པོ་དང་བཞི་པའི་བར་ཡང་ཡོད་ཀྱི། ཕས་ཀྱི་རྒོལ་བ་དག་ལ་ནི། དགེ་སྦྱོང་དང་། བྲམ་ཟེ་དག་གིས་སྟོང་ངོ་། །

གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དགེ་སྦྱོང་གི་དང་པོ་ཡང་ཡོད་ལ། དེ་ལ་ནི་བཞི་པའི་བར་ཡང་ཡོད་དོ་ཞེས་གསུངས་སོ། །དེ་ལ་བྲམ་ཟེ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། རིགས་བྲམ་ཟེ་དང་། མིང་བྲམ་ཟེ་དང་། སྒྲུབ་པ་བྲམ་ཟེའོ། །དེ་ལ་རིགས་

เล่ม ๑๒๘ · หน้า 124b

བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་སུ་སྐྱེས་པ། སྐྱེ་གནས་ནས་སྐྱེས་ཤིང་མ་ལས་བྱུང་ལ་ཕ་མ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མིང་བྲམ་ཟེ་ཞེས་བྱ་བ་ནི་འཇིག་རྟེན་ན་བྲམ་ཟེ་ཞེས་མིང་དང་འདུ་ཤེས་དང་། བརྡར་བཏགས་ཤིང་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །དེ་ལ་སྒྲུབ་པ་བྲམ་

ཟེ་ཞེས་བྱ་བ་ནི། ཤིན་ཏུ་མཐར་ཐུག་ཅིང་དོན་བྱས་པ་སྟེ། དེས་སྡིག་པ་མི་དགེ་བའི་ཆོས་རྣམས་བསལ་བ་གང་ཡིན་པ་སྟེ། ཇི་སྐད་དུ། །དོན་བྱས་བྲམ་ཟེར་འདོད་པའི་ཕྱིར། །བྲམ་ཟེ་ལ་ནི་བྱ་བ་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་ལ་ཚངས་པར་སྤྱོད་པ་ཡང་རྣམ་པ་གསུམ་

སྟེ། འདི་ལྟ་སྟེ། སྤངས་ཤིང་ཡང་དག་པར་བླངས་པ་དང་། དེ་ལ་བར་ཆད་མེད་པས་སྤངས་པ་དང་། དེ་གཏན་སྤངས་པའོ། །དེ་ལ་སྤངས་ཤིང་ཡང་དག་པར་བླངས་པ་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་ཤིང་། བསླབ་པ་ཡང་དག་པར་བླངས་པ་གང་ཡིན་

པའོ། །དེ་ལ་བར་ཆད་མེད་པར་སྤངས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པའོ། །དེ་ལ་དེ་གཏན་སྤངས་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བའམ། དགྲ་བཅོམ་པ་ཉིད་གང་ཡིན་པའོ། །དེ་ལ་དགེ་སློང་ནི་རྣམ་པ་ལྔ་སྟེ། འདི་

ལྟ་སྟེ། སློང་བའི་ཕྱིར་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། མིང་གི་དགེ་སློང་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ་། །དེ་ལ་སྡོམ་བརྩོན་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ།

ཚུལ་ཁྲིམས་འཆལ་པ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། ལུས་དང་ངག་གི་ལས་མི་དགེ་བ་སྤངས་པ་གང་ཡིན་པའོ། །ཡུལ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། དྲན་པ་ཀུན་དུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་

བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་ལྟ་བུ་གང་ཡིན་པའོ། །ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། གང་གིས་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་

เล่ม ๑๒๘ · หน้า 125a

ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་བྱུང་ངོ་ཅོག་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་ལ་སོགས་པ་ངན་སོང་དང་མཐུན་

པ་སེམས་ཅན་དམྱལ་བར་འགྲོ་བ། ངན་འགྲོར་འགྲོ་བ། དགེ་སྦྱོང་བྱེད་པ་མ་ཡིན་པ་བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་གང་ཡིན་པའོ། །ཉོན་མོངས་པ་ཡང་དག་པར་སྡོམ་པ་དེ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་ཡང་

དག་པར་སྡོམ་པ་དང་། བག་ལ་ཉལ་ཡང་དག་པར་སྡོམ་པའོ། །དེ་ལ་རབ་ཏུ་བྱུང་བ་ནི་རྣམ་པ་གཉིས་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་དང་ལྡན་པ་དང་། ཉེས་པར་བཤད་པའི་ཆོས་འདུལ་བ་དང་ལྡན་པའོ། །དེ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་ལྡན་

པ་ནི། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའོ། །གཞན་ཡང་བདག་ཉིད་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རབ་ཏུ་བྱུང་བར་བྱེད་པ་གང་ཡིན་པ་དེ་ནི་དོན་དམ་པའི་སྒོ་ནས་རབ་ཏུ་བྱུང་བ་ཞེས་བྱའོ། །དེ་ལ་ཉེས་པར་བཤད་པའི་ཆོས་འདུལ་བ་དང་

ལྡན་པ་ནི། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་པའམ། ཀུན་དུ་རྒྱུའམ། ཐལ་བ་ཅན་ནམ། དཀའ་ཐུབ་ཆེན་པོའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་རྣམས་སོ། །དེའི་ཕྱིར་དགེ་སྦྱོང་དང་། བྲམ་ཟེ་དང་། ཚངས་པར་སྤྱོད་པ་དང་། དགེ་སློང་

དང་། སྡོམ་བརྩོན་པ་དང་། རབ་ཏུ་བྱུང་བ་ཞེས་བྱ་བས་གང་ཟག་གི་རྣམ་གྲངས་དག་བསྟན་ཏོ། །དེ་ལ་གང་ཟག་བརྒྱད་རྣམ་པར་གཞག་པའི་རྒྱུ་ནི་གང་ཟག་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གང་ཟག་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནུས་པ་དང་། མི་ནུས་པ་དང་། ཐབས་ལ་

མཁས་པ་དང་། ཐབས་ལ་མི་མཁས་པ་དང་། རྒྱུན་དུ་བྱེད་པ་དང་། རྒྱུན་དུ་མི་བྱེད་པ་དང་ཡོངས་སུ་སྦྱང་བ་བྱས་པ་དང་། ཡོངས་སུ་སྦྱང་བ་མ་བྱས་པའོ། །དེ་ལ་གང་ཟག་རྣམ་པ་བཞི་རྣམ་པར་གཞག་པ་ནི་གང་ཟག་བརྒྱད་པོ་དེ་དག་ཉིད་རྣམ་པར་གཞག་པའི་རྒྱུ་ཡིན་ཏེ། རབ་ཏུ་དབྱེ་

เล่ม ๑๒๘ · หน้า 125b

བ་རྣམ་པ་བཞིས་རྒྱུར་འགྱུར་རོ། །འདི་ལྟ་སྟེ། དབང་པོའི་རབ་ཏུ་དབྱེ་བ་ནི་དབང་པོ་ཡོངས་སུ་སྨིན་པ་དང་། དབང་པོ་ཡོངས་སུ་མ་སྨིན་པའོ། །རྣལ་འབྱོར་གྱི་རབ་ཏུ་དབྱེ་བ་ནི་རྣལ་འབྱོར་ཤེས་པ་དང་། རྣལ་འབྱོར་མ་ཤེས་པའོ། །སྦྱོར་བ་རབ་ཏུ་དབྱེ་བ་ནི་རྟག་ཏུ་བྱེད་པ་དང་། རྟག་ཏུ་

མི་བྱེད་པ་དང་། གུས་པར་བྱེད་པ་དང་། གུས་པར་མི་བྱེད་པར་སྦྱོར་བའོ། །དུས་ཀྱི་རབ་ཏུ་དབྱེ་བ་ནི་ཡུན་རིང་པོ་ནས་ལམ་བསྒོམས་པ་དང་། ཡུན་རིང་པོ་ན་ལམ་མ་བསྒོམས་པའོ། །རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་ཇི་ལྟར་ན་གང་ཟག་བརྒྱད་རྣམ་པར་གཞག་པའི་རྒྱུར་གྱུར་པ་ཡིན་

ཞེ་ན། དེ་ལ་དབང་པོ་ཡོངས་སུ་སྨིན་པ་གང་ཡིན་པ་དེ་ནི་ནུས་པ་ཡིན་ནོ། །དབང་པོ་ཡོངས་སུ་མ་སྨིན་པ་ནི་མི་ནུས་པ་ཡིན་ནོ། །རྣལ་འབྱོར་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་ནོ། །རྣལ་འབྱོར་མི་ཤེས་པ་ནི་ཐབས་ལ་མི་མཁས་པ་ཡིན་ནོ། །རྟག་ཏུ་བྱེད་པ་དང་གུས་པར་བྱས་ཏེ་སྦྱོར་

བ་ནི་རྒྱུན་དུ་བྱེད་པ་སྟེ། རྟག་འགྲུས་ཞེས་བྱའོ། །རྟག་ཏུ་མི་བྱེད་པ་དང་། གུས་པར་མི་བྱེད་པར་སྦྱོར་བ་ནི་རྒྱུན་དུ་མི་བྱེད་པ་སྟེ། རྟག་འགྲུས་མེད་པ་ཞེས་བྱའོ། །ཡུན་རིང་པོ་ནས་ལམ་བསྒོམས་པ་ནི་ཡོངས་སུ་སྦྱོང་བ་བྱས་པ་ཡིན་ནོ། །ཡུན་རིང་པོ་ནས་ལམ་མ་བསྒོམས་པ་ནི་ཡོངས་

སུ་སྦྱོང་བ་མ་བྱས་པ་ཡིན་ཏེ། དེ་ལྟར་དབང་པོའི་རབ་ཏུ་དབྱེ་བ་དང་། རྣལ་འབྱོར་དང་། སྦྱོར་བ་དང་། དུས་ཀྱི་རབ་ཏུ་དབྱེ་བས་གང་ཟག་བརྒྱད་རྣམ་པར་གཞག་པ་ཡིན་ནོ། །གང་ཟག་གང་ཇི་སྲིད་དུ་དབང་པོ་ཡོངས་སུ་མ་སྨིན་པ་དེ་ནི། དེ་སྲིད་དུ་ཐབས་ལ་མཁས་པ་དང་། རྒྱུན་དུ་བྱེད་པ་དང་།

ཡོངས་སུ་སྦྱང་བ་བྱས་པ་ཡིན་ཡང་རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་རོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ཡིན་ཡང་། གལ་ཏེ་ཐབས་ལ་མི་མཁས་ན་ཐོབ་པར་མི་འགྱུར་རོ། །དབང་པོ་ཡོངས་སུ་སྨིན་པ་དང་། ཐབས་ལ་མཁས་པ་ཡིན་ཡང་། གལ་ཏེ་རྒྱུན་དུ་མི་བྱེད་ན།

མངོན་པར་ཤེས་པ་མྱུར་བར་མི་འགྱུར་རོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་དང་། ཐབས་ལ་མཁས་པ་དང་། རྒྱུན་དུ་བྱེད་པ་ཡིན་ཡང་། གལ་ཏེ་ཡོངས་སུ་སྦྱང་བ་མ་བྱས་ན། རང་གི་དོན་བྱས་པ་དང་། བྱ་བ་བྱས་པ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་དང་། ཐབས་

เล่ม ๑๒๘ · หน้า 126a

ལ་མཁས་པ་དང་། རྒྱུན་དུ་བྱེད་པ་དང་། ཡོངས་སུ་སྦྱང་བ་བྱས་པ་ཡིན་ན། དེ་ལྟར་ན་དེ་ནི་ཐོབ་པར་འགྱུར་བ་དང་། མངོན་པར་ཤེས་པ་མྱུར་བ་དང་། རང་གི་དོན་བྱས་པ་དང་། བྱ་བ་བྱས་པ་ཡིན་ནོ། །དེ་ལ་བདུད་དག་ནི་དུ། བདུད་ཀྱི་ལས་དག་ནི་དུ་ཞེ་ན།

རྣལ་འབྱོར་པ་རྣལ་འབྱོར་ལ་བརྩོན་པ་ལས་བདུད་བཞི་དང་བདུད་ཀྱི་ལས་རབ་ཏུ་མང་པོ་དག་ཡོད་པར་རིག་པར་བྱ་སྟེ། དེ་དག་ཀྱང་ཡོངས་སུ་ཤེས་ནས་ཡོངས་སུ་སྤང་བར་བྱའོ། །དེ་ལ་བདུད་བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བའི་བདུད་དང་།

ལྷའི་བུའི་བདུད་དོ། །དེ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་

བདུད་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བའི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་། རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་

ནི་ལྷའི་བུའི་བདུད་ཅེས་བྱའོ། །དེ་ལ་གང་དུ་འཆི་བ་དང་། གང་གིས་འཆི་བ་དང་། འཆི་བ་དེ་གང་ཡིན་པ་དང་། བར་ཆད་ཀྱི་དངོས་པོ་གང་གིས་འཆི་བ་ལས་ཡང་དག་པར་མི་འདའ་བར་བྱེད་པ་དེ་དག་གི་དབང་དུ་བྱས་ནས། བདུད་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་ཉེ་བར་ལེན་

པའི་ཕུང་པོ་ལྔ་སྐྱེས་ཤིང་བྱུང་མ་ཐག་ཏུ་འཆིའོ། །ཉོན་མོངས་པ་དག་གིས་ཕྱི་མར་སྐྱེ་བར་བྱེད་ཅིང་སྐྱེས་ནས་འཆིའོ། །འཆི་ཞིང་འཆི་འཕོ་བ་ན། སེམས་ཅན་རྣམས་ཀྱི་འཚོ་བའི་དབང་པོ་འགག་ཅིང་འཆི་བའི་དུས་བྱེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་འཆི་བ་ཡིན་ནོ། །ལྷའི་བུའི་བདུད་

ནི་འཆི་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། རབ་ཏུ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་འོང་ཞིང་དེས་ནི་འཆི་བའི་ཆོས་ཉིད་ལས་ཡང་དག་པར་འདའ་བར་མི་ནུས་པ་ཁོ་ནའམ། དུས་གཞན་གྱིས་ཡང་དག་པར་འདའ་བར་བྱེད་པ་ཡིན་ནོ། །དེ་ལ་ཅུང་ཟད་བདུད་ཀྱི་དབང་

เล่ม ๑๒๘ · หน้า 126b

དུ་སོང་བ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་འདི་ན་གནས་པའམ། དེར་སྐྱེས་པ་གང་ཡིན་པའོ། །དབང་དུ་སོང་བ་ཞེས་བྱ་བ་ནི། འདོད་ཆགས་དང་མ་བྲལ་བ་གང་ཡིན་པའོ། །དེ་ལ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི། ལག་

ཏུ་སོང་ཞིང་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་ཁོ་ན་ཡིན་ནོ། །འདོད་ཆགས་དང་བྲལ་བ་ནི་བདུད་ཀྱི་འཆིང་བ་དག་གིས་བཅིངས་པ་དང་། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཡིན་ཏེ། དེའི་ཕྱིར་དེ་ནི་ཁམས་འདིར་ཡང་ཕྱིར་འོང་བར་འགྱུར་བ་ཡིན་ནོ། །དེ་ལ་བདུད་ཀྱི་ལས་དག་

ནི་གང་ལ་ལ་ངེས་པར་འབྱུང་བ་དང་ལྡན་པ་དང་དགེ་བའི་ཆོས་ལ་འདུན་པ་སྐྱེས་ནས་འདོད་པ་ལ་ཞེན་པའི་དབང་དུ་བྱས་ནས། ཡང་ཕྱིར་ལྡོག་པར་བྱེད་ན། དེའི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དབང་པོའི་སྒོ་བསྡམས་ཏེ་གནས་པ་གང་ཡིན་པ་ཆགས་པར་འགྱུར་བའི་གཟུགས་དང་།

སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་དག་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་ལ་གནས་པ་ཞིག་འདུན་པའི་འདོད་ཆགས་ཀྱི་

རྗེས་སུ་ཆགས་པས་རོ་ཞིམ་པོ་མི་མཐུན་པ་དག་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ལ་གནས་པ་ཞིག་གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་

འབེབས་པའི་བདེ་བ་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་ཤེས་བཞིན་དུ་སྤྱོད་པ་ལ་གནས་པ་ཞིག་འགྲོ་བ་དང་། ལྡོག་པ་ལ་སོགས་པ་དག་གི་ཚེ། བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་དག་མཐོང་ན། ཚུལ་

བཞིན་མ་ཡིན་པ་མཚན་མར་འཛིན་པས་སེམས་འཇུག་པར་བྱེད་པ་དང་། འཇིག་རྟེན་གྱི་སྣ་ཚོགས་དག་མཐོང་ན། སེམས་འཇུག་པར་བྱེད་པ་དང་། དོན་མང་པོ་དང་། བྱ་བ་མང་པོ་དག་ལ་སེམས་འཇུག་པར་བྱེད་པ་དང་། དེ་བཞིན་དུ་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དག་

เล่ม ๑๒๘ · หน้า 127a

དང་། འདྲེ་བ་ལ་དགའ་བ་དང་། སྡིག་པའི་གྲོགས་པོ་དག་དང་ལྷན་ཅིག་གནས་ཤིང་ལྟ་བ་མཐུན་པར་བྱ་བའི་ཕྱིར། སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་།

སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ལ་ཡིད་གཉིས་དང་ནེམ་ནུར་དག་སྐྱེད་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་

རུང་སྟེ། ཁང་སྟོང་ན་འདུག་ཀྱང་རུང་། འཇིགས་པ་དང་། འཇིགས་སུ་རུང་བ་ཆེན་པོར་སྣང་བ། དངང་བར་བྱེད་པ། སྤུ་ཟིང་ཞེས་བྱེད་པ། བྲམ་ཟེའི་ཆ་ལུགས་སམ། མིའི་ཆ་ལུགས་སམ། མི་མ་ཡིན་པའི་ཆ་ལུགས་ཅན་ལ་ལ་ཞིག་ཉེ་བར་འོངས་ནས་ཚུལ་བཞིན་མ་ཡིན་པས།

དཀར་པོའི་ཕྱོགས་ལས་འདུན་པ་བཟློག་པར་བྱེད་ཅིང་ནག་པོའི་ཕྱོགས་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །གང་གི་ཚེ་རྙེད་པ་དང་། བཀུར་སྟི་དག་ལ་སེམས་འཇུག་པར་བྱེད་པ་དང་། སེར་སྣ་དང་། འདོད་ཆེན་ཆེ་བ་དང་། ཆོག་

མི་ཤེས་པ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། ཚུལ་འཆོས་པ་དང་། ཁ་གསག་ལ་སོགས་པ་དགེ་སྦྱོང་གི་རྒྱན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ལ་སེམས་འཇུག་པར་བྱེད་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ལྟ་བུ་དང་མཐུན་པ་དེ་དག་ནི་བདུད་ཀྱི་ལས་སུ་རིག་

པར་བྱ་སྟེ། དེ་དག་ཀྱང་བདུད་བཞི་པོ་དག་དང་ཅི་རིགས་སུ་སྦྱར་རོ། །དེ་ལ་རྩོམ་པ་འབྲས་བུ་ཡོད་པས་ཇི་ལྟ་བུ་ཡིན་ཞེ་ན། རྒྱུ་གསུམ་གྱིས་ན་ཡང་དག་པར་རབ་ཏུ་བརྩོན་པ་ཡང་རྩོམ་པ་འབྲས་བུ་མེད་པར་འགྱུར་ལ། དེ་ལས་བཟློག་པས་ནི་འབྲས་བུ་ཡོད་པར་འགྱུར་ལ། འདི་ལྟ་སྟེ། དབང་པོ་

ཡང་དག་པར་མི་འགྲུབ་པ་དང་། རྗེས་སུ་མཐུན་པའི་གདམས་ངག་མེད་པ་དང་། ཏིང་ངེ་འཛིན་མཐུ་ཆུང་བས་སོ། །དེ་ལ་གལ་ཏེ་དབང་པོ་རྣམས་ཡང་དག་པར་མི་འགྲུབ་ན། རྗེས་སུ་མཐུན་པའི་གདམས་ངག་ཡོད་ཅིང་ཏིང་ངེ་འཛིན་མཐུ་དང་ལྡན་དུ་ཟིན་ཀྱང་། དེ་ལྟ་ན་དེའི་རྩོམ་པ་འབྲས་བུ་མེད་པར་

เล่ม ๑๒๘ · หน้า 127b

འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཡང་དག་པར་འགྲུབ་ལ། རྗེས་སུ་མཐུན་པའི་གདམས་ངག་མེད་ན། ཏིང་ངེ་འཛིན་མཐུ་དང་ལྡན་དུ་ཟིན་ཀྱང་། དེ་ལྟར་ན་དེའི་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཡང་དག་པར་འགྲུབ་ཅིང་། རྗེས་སུ་མཐུན་པའི་

གདམས་ངག་ཡོད་དུ་ཟིན་ཀྱང་། ཏིང་ངེ་འཛིན་མཐུ་ཆུང་བར་གྱུར་ན། དེ་ལྟར་ན་དེའི་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་དབང་པོ་རྣམས་ཀྱང་ཡང་དག་པར་འགྲུབ་ལ། རྗེས་སུ་མཐུན་པའི་གདམས་ངག་ཀྱང་ཡོད། ཏིང་ངེ་འཛིན་ཀྱང་མཐུ་དང་ལྡན་པར་གྱུར་ན། དེ་ལྟ་

ན་དེའི་རྩོམ་པ་འབྲས་བུ་ཡོད་པར་འགྱུར་ཏེ། རྒྱུ་གསུམ་པོ་དེ་དག་གིས་ནི་འབྲས་བུ་མེད་པར་འགྱུར་གྱི། རྒྱུ་གསུམ་པོ་ཁོ་ནས་ནི་འབྲས་བུ་ཡོད་པར་འགྱུར་རོ། །སྡོམ་ནི། །གང་ཟག་རྣམས་དང་དེ་རྣམས་གཞག །དེ་བཞིན་དམིགས་པ་དག་དང་ནི། །གདམས་ངག་དང་ནི་བསླབ་

པ་དང་། །དེ་བཞིན་བསླབ་པའི་རྗེས་མཐུན་དང་། །རྣལ་འབྱོར་ཉམས་དང་རྣལ་འབྱོར་དང་། །ཡིད་ལ་བྱེད་དང་བྱ་བ་དང་། །རྣལ་འབྱོར་པ་དང་བསྒོམ་པ་དང་། །འབྲས་བུ་གང་ཟག་རྣམ་གྲངས་དང་། །བདུད་དང་བདུད་ཀྱི་ལས་རྣམས་དང་། །རྩོམ་པ་འབྲས་བུ་ཡོད་པ་ཡིན། །རྣལ་

འབྱོར་སྤྱོད་པའི་ཉན་ཐོས་ཀྱི་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་གཉིས་པ་རྫོགས་སོ།། །།ཉན་ཐོས་ཀྱི་ས། བམ་པོ་བཅུ་གསུམ་པ། དེ་ལྟར་གང་ཟག་རྣམ་པར་གཞག་པ་དང་། དམིགས་པ་རྣམ་པར་གཞག་པ་དང་། རྩོམ་པའི་འབྲས་བུ་རྣམ་པར་གཞག་

པའི་བར་དུ་བྱས་པ་ལ། གང་ཟག་ལས་དང་པོ་བ་ལས་ཐོག་མ་པ། བདག་ལ་ཕན་པར་འདོད་པ། བདག་གི་དོན་རྗེས་སུ་ཐོབ་པར་འདོད་པས། གནས་བཞི་པོ་ཀུན་ཤེས་པར་འདོད་ཅིང་། ཀླན་ཀའི་སེམས་མེད་པ་དང་། གུས་པ་དང་བཅས་ཤིང་ང་རྒྱལ་གྱི་ཁེངས་པ་མེད་པ་དང་།

དགེ་བ་གང་ཡིན་ཞེས་ཚོལ་ཞིང་བདག་ཉིད་སྒྲོགས་པའི་ཕྱིར་མ་ཡིན་པ་དང་། བདག་དང་གཞན་དག་དགེ་བའི་རྩ་བ་ལ་ངེས་པར་སྦྱར་བར་བྱ་ཞིང་། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་བ་མེད་པ་དག་ལ་དྲན་པ་ཉེ་བར་གཞག་ནས། མཁན་པོའམ། སློབ་དཔོན་ནམ། བླ་མའམ། བླ་མ་

เล่ม ๑๒๘ · หน้า 128a

ལྟ་བུ་རྣལ་འབྱོར་ཤེས་པ་གང་ཡིན་པའི་དྲུང་དུ་འགྲོ་བར་བྱའོ། །དེ་ལྟར་དུས་སུ་སོང་ནས་ཀྱང་སྐབས་སུ་བབ་པར་བྱས་ཏེ། སྟན་ཤིན་ཏུ་དམའ་བ་ལ་འདུག་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཞེ་ས་དང་

བཅས་པ། གུས་པ་དང་བཅས་པས། བཙུན་པ་བདག་ནི་རྣལ་འབྱོར་དོན་དུ་གཉེར་བ་ལགས་ན། བདག་ལ་རྗེས་སུ་ཐུགས་བརྩེ་བའི་སླད་དུ་རྣལ་འབྱོར་བསྟན་དུ་གསོལ། ཞེས་རྣལ་འབྱོར་གསོལ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་པའི་རྣལ་འབྱོར་པ། རྣལ་འབྱོར་ཤེས་པ་དེས་ཀྱང་།

གང་ཟག་ལས་དང་པོ་པ། ལས་ཐོག་མ་པ། རྣལ་འབྱོར་ཡིད་ལ་བྱ་བ་ལ་རབ་ཏུ་བརྩོན་པར་འདོད་པ་དེ་ལ། བཞིན་བཟངས་ཁྱོད་སྐྱེ་དགུ་བག་མེད་པ་དང་ལྡན་པ། ཡུལ་ལ་གཞོལ་བ། ཡུལ་ལ་ལྷག་པར་ཞེན་པར་གྱུར་པ། བག་ཡོད་པ་ལ་རབ་ཏུ་སྦྱོར་བར་འདོད་པ་དང་། ངན་སོང་གི་

བཙོན་ར་ནས་གདོན་པར་འདོད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ལྕགས་སྒྲོག་གིས་བཅིངས་པའི་འཆིང་བ་དག་གཅོད་པར་འདོད་པ་དང་། འཁོར་བའི་འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་དུ་ཞུགས་པ། འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་

ལས་ངེས་པར་བསྒྲལ་བར་འདོད་པ་དང་། ཉོན་མོངས་པ་དང་། མི་དགེ་བའི་རྩ་བའི་མུ་གེ་ཆེན་པོ་བྱུང་བ་ལ། དགེ་བའི་རྩ་བའི་ལོ་ལེགས་པར་འབྱུང་བར་འདོད་པ་དང་། ཉོན་མོངས་པའི་ཆོམ་རྐུན་གྱི་འཇིགས་པ་ཆེན་པོ་དང་ཕྲད་པས། མྱ་ངན་ལས་འདས་པའི་བདེ་བ་རྗེས་སུ་ཐོབ་པར་

འདོད་པ་དང་། ཉོན་མོངས་པའི་ནད་ཆེན་པོས་ཐེབས་པས། ཤིན་ཏུ་ནད་མེད་པའི་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འདོད་པ་དང་། ཆུ་བོ་བཞིས་རྒྱུན་ཕྱོགས་སུ་བདས་པ་ཆུ་བོ་ལས་བསྒྲལ་བར་འདོད་པ་དང་། མ་རིག་པའི་མུན་པ་ཆེན་པོར་ཞུགས་པས། ཡེ་ཤེས་ཀྱི་

སྣང་བ་ཆེན་པོ་རྗེས་སུ་ཐོབ་པར་འདོད་པ་ནི་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་དེ་ལྟར་ཡང་དག་པར་རབ་ཏུ་བརྩོན་པར་བྱེད་པ་ན། གདོན་མི་ཟ་བར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བ་དང་། སྟོན་པའི་བཀའ་ལུང་བཞིན་དུ་བྱེད་པ་དང་། རྟག་འགྲུས་པའི་བསམ་

เล่ม ๑๒๘ · หน้า 128b

གཏན་ལ་ལྷག་མཐོང་དང་ལྡན་པ་དང་། ཁྱིམ་སྟོང་པ་དག་རྒྱས་པར་བྱེད་ཅིང་། བདག་གི་དོན་གྱི་རྗེས་སུ་བརྩོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ། མཁས་པ་རྣམས་ཀྱིས་མ་སྨད་པ་དང་། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་

བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པར་འགྱུར་རོ་ཞེས་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེང་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་སྤོང་བའི་ཕན་ཡོན་ཡང་བརྗོད་

པར་བྱའོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པའི་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེང་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱས་ཤིང་སྤོང་བའི་ཕན་ཡོན་ཡང་དག་པར་བསྟན་ནས། ཡོངས་སུ་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱ་སྟེ།

ཅི་ཚེ་དང་ལྡན་པ་ཁྱོད་གཅིག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་ཞིང་། འདི་ལས་ཕྱི་རོལ་པའི་སྟོན་པའམ། སྦྱིན་གནས་གཞན་དག་ཡང་དག་པར་མི་འདོད་པ་ཡིན་ནམ། ཅི་ཁྱོད་ཚངས་པར་སྤྱོད་པ་བསྒོམ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་དང་པོར་ཡོངས་སུ་སྦྱོང་

བ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་། ལྟ་བ་དྲང་པོ་ཡིན་ནམ། ཅི་ཁྱོད་འཕགས་པའི་བདེན་པ་མདོ་དང་རྣམ་པར་དབྱེ་བ་ལས་བརྩམས་ཏེ། ཆོས་ཉུང་ངུའམ། མང་པོ་དག་མཉན་ཅིང་བཟུང་བ་ཡིན་ནམ། ཅི་ཁྱོད་མྱ་ངན་ལས་འདས་པ་ལ་སེམས་མོས་ཤིང་མྱ་ངན་ལས་

འདའ་བར་འདོད་པས་རབ་ཏུ་བྱུང་བ་ཡིན་ནམ་ཞེས་ཡོངས་སུ་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱའོ། །དེ་ལྟར་དྲིས་པར་གལ་ཏེ། དེ་ལྟ་བུ་ལགས་སོ་ཞེས་དམ་བཅའ་བར་བྱེད་ན། དེའི་འོག་ཏུ་གནས་བཞི་པོ་དག་རྒྱུ་རྣམ་པ་བཞི་ལེགས་པར་རྫས་སུ་བརྟག་པར་བྱ་སྟེ།

སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ། རིགས་དང་། དབང་པོ་དང་། སྤྱད་པ་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དྲི་བས་ལེགས་པར་རྗེས་སུ་བརྟག་པར་བྱ། གཏམ་དང་། སྤྱོད་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པས་ལེགས་པར་རྗེས་སུ་བརྟག་པར་བྱའོ། །

เล่ม ๑๒๘ · หน้า 129a

དེ་ལ་ཇི་ལྟར་ན་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། འདི་སྐད་ཡོངས་སུ་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། གང་དུ་སྨོན་ལམ་བཏབ་ཅེས་ཡོངས་སུ་

དྲི་བར་བྱའོ། །དེ་ཡང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་བཞིན་དུ། བདག་ཉིད་ལན་འདེབས་པར་འགྱུར་ཏེ། དེ་ལྟར་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བཏབ་པར་བྱའོ། །ཇི་ལྟར་ན་དྲི་བས་རིགས་དང་། དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། དེས་འདི་

སྐད་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་གི་རིགས་གང་ཡིན་པ་དང་། བདག་གི་དབང་པོ་རྣམས་རྟུལ་བའམ། འབྲིང་ངམ། རྣོ་བའམ། ཅི་ལྟ་བུ་ཡིན་པ་དང་། ཅི་བདག་འདོད་ཆགས་སྤྱད་པའམ། འོན་ཏེ་ཞེ་སྡང་སྤྱད་པའམ། དེ་བཞིན་དུ་རྣམ་པར་རྟོག་པ་སྤྱད་པའི་བར་

ཞིག་ཡིན་ཞེས་བདག་ཉིད་ཀྱི་རིགས་དང་། དབང་པོ་དང་། སྤྱད་པ་དག་ཤེས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་དེ་ཤེས་རབ་ཅན་ཞིག་ཡིན་ན་ནི་དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང་། དབང་པོ་དང་སྤྱད་པ་དག་ཉེ་བར་བརྟགས་ཤིང་མཚན་མར་གཟུང་བ་དེ་བཞིན་དུ་ལན་འདེབས་པར་

བྱེད་དོ། །གལ་ཏེ་དམན་པ་ཞིག་ཡིན་ན་ནི་དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང་། དབང་པོ་དང་། སྤྱད་པ་དག་ཉེ་བར་མ་རྟོགས་ཤིང་མཚན་མར་མ་ཟིན་པས་དེ་དྲིས་ཀྱང་ལན་འདེབས་པར་མི་བྱེད་པས། དེ་ལ་དེའི་འོག་ཏུ་རེ་ཞིག་གཏམ་གྱིས་དེ་གསུམ་ལེགས་པར་རྗེས་སུ་བརྟག་པར་

བྱ་སྟེ། དེའི་མདུན་དུ་ཚིག་གི་ལམ་གསལ་བ། འབྲེལ་པ། སྣ་ཚོགས་པ། སྙན་པ་གོ་སླ་བ་དག་གིས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་གཏམ་བྱའོ། །དེ་གལ་ཏེ་ཉན་ཐོས་ཀྱི་རིགས་ཅན་ཞིག་ཡིན་ན་ནི་གཏམ་དེ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང་། རངས་པ་དང་།

ཀུན་དུ་དགའ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་དང་། རབ་ཏུ་དང་བ་དང་། མོས་པར་འགྱུར་རོ། །གལ་ཏེ་དེ་རང་སངས་རྒྱས་ཀྱི་རིགས་ཅན་ནམ། ཐེག་པ་ཆེན་པོའི་རིགས་ཅན་ཞིག་ཡིན་ན་ནི། གཏམ་དེས་ཤིན་ཏུ་དགའ་བ་དང་། རངས་པ་དང་། ཀུན་ཏུ་དགའ་བ་སྐྱེ་བ་དང་།

เล่ม ๑๒๘ · หน้า 129b

ཡིད་བདེ་བ་སྐྱེ་བ་དང་། རབ་ཏུ་དང་བ་དང་། མོས་པར་མི་འགྱུར་རོ། །ཐེག་པ་ཆེན་པོའི་རིགས་ཅན་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོ་དང་ལྡན་པའི་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང་། རངས་པ་དང་། ཀུན་དུ་དགའ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་དང་། རབ་ཏུ་

དང་བ་དང་། མོས་པར་འགྱུར་རོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དེ་དབང་པོ་རྟུལ་པོ་ཞིག་ཡིན་ན་ནི། གསལ་བའི་གཏམ་བྱས་ན་ཡང་། ཆོས་ཀྱི་དོན་ཉེ་བར་བརྟག་པ་དང་། གཟུང་བ་དང་། སོ་སོར་རྟོག་པར་བྱ་བ་ལ་ཤིན་ཏུ་མོང་རྟུལ་

བར་འགྱུར་རོ། །གལ་ཏེ་དབང་པོ་འབྲིང་ཞིག་ཡིན་ན་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་དབང་པོ་རྣོན་པོ་ཞིག་ཡིན་ན་ནི། དབང་པོ་རྟུལ་པོ་ལ་གསལ་བའི་གཏམ་བྱས་པ་ལས་བཟློག་པ། ཟབ་མོའི་གཏམ་བྱས་ན་ཡང་། ཆོས་ཀྱི་དོན་མྱུར་དུ་ཉེ་བར་རྟོགས་པ་དང་། གཟུང་བ་དང་། སོ་སོར་རྟོག་

པར་བྱེད་དོ། །གལ་ཏེ་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་ན་ནི། དང་བར་འགྱུར་བའི་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་རབ་ཏུ་དང་བ་དང་། དགའ་བ་དང་། དགོངས་པའི་རྗེས་སུ་འཇུག་པ་དང་། སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དང་། སེམས་ཀྱི་རྒྱུད་སྣུམ་

པ་དང་སེམས་འཇམ་པ་སྟོན་པར་བྱེད་དོ། །གལ་ཏེ་དེ་ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་དེ་གཏི་མུག་སྤྱད་པ་ཞིག་ཡིན་ན་ནི། ངེས་པར་འབྱེད་པའི་གཏམ་མྱ་ངན་ལས་འདས་པ་དང་ལྡན་པ། ཟང་ཟིང་མེད་པར་བྱས་པ་ན། སྐྲག་པ་

དང་། དངང་བ་དང་། ཀུན་དུ་སྐྲག་པར་འགྱུར་ཏེ། ཇི་ལྟར་དབང་པོ་རྟུལ་པོ་བསྟན་པ་དེ་བཞིན་དུ་དེ་ཡང་རིག་པར་བྱའོ། །གལ་ཏེ་དེ་ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི། ཤིན་ཏུ་གུས་པས་ཉན་པར་མི་བྱེད་ཅིང་རྣ་གཏོད་པར་ཡང་མི་བྱེད་ལ། དེ་བཞིན་དུ་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་

པར་མི་བྱེད་ཅིང་། དད་པར་གྱུར་ན་ཡང་དེ་བཞིན་དུ་བསྙེན་བཀུར་དང་། ལེགས་སོ་ཞེས་བྱ་བ་སྦྱིན་པར་མི་བྱེད་དོ། །གལ་ཏེ་དེ་རྣམ་པར་རྟོག་པ་སྤྱད་པ་ཞིག་ཡིན་ན་ནི། ལེགས་པར་རྣ་བླགས་ཏེ། ཉན་པར་བྱེད་ཀྱང་སེམས་རྣམ་པར་གཡེང་བར་འགྱུར་ཞིང་ལོག་པར་བཟུང་སྟེ། འཛིན་པར་

เล่ม ๑๒๘ · หน้า 130a

ཡང་འགྱུར་ལ། མི་བརྟན་ཞིང་མི་དམ་པར་འཛིན་པར་ཡང་འགྱུར། བཟུང་ན་ཡང་ཆུད་ཟ་བར་འགྱུར་ཞིང་། ཡང་དང་ཡང་དུ་ཕྱི་ཕྱིར་ཡོངས་སུ་འདྲི་བར་བྱེད་པར་ཡང་འགྱུར་ཏེ། དེ་ལྟར་གཏམ་གྱིས་རིགས་དང་། དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་

བརྟག་པར་བྱའོ། །ཇི་ལྟར་ན་སྤྱོད་པས་རིགས་དང་དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གང་ཟག་ཉན་ཐོས་ཀྱི་རིགས་ཅན་དང་། འདོད་ཆགས་ལ་སོགས་པ་དཔྱད་པ་དག་གི་རྟགས་གང་དག་སྔར་བསྟན་པ་དེ་དག་ནི་སྤྱོད་པ་ཞེས་བྱ་སྟེ། སྤྱོད་པ་དེས་རིགས་

དང་། དབང་པོ་དང་། སྤྱད་པ་དག་ཅི་རིགས་པར་ལེགས་པར་རྗེས་སུ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཀྱི་རྣམ་གྲངས་ཤེས་པས་རིགས་དང་། དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གལ་ཏེ་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེ་སེམས་ཀྱི་

རྣམ་གྲངས་ཤེས་པ་ཐོབ་པ་ཞིག་ཡིན་ན། དེས་ཕ་རོལ་གྱི་སེམས་ཤེས་པ་དེས་དེའི་རིགས་དང་། དབང་པོ་དང་། སྤྱད་པ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ལེགས་པར་རྗེས་སུ་བརྟག་པར་བྱའོ། །གནས་བཞི་པོ་དེ་དག་རྒྱུ་བཞི་པོ་དེ་དག་གིས་ལེགས་པར་རྗེས་སུ་བརྟགས་

ན། གནས་ལྔ་པོ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་པ་དང་། རབ་ཏུ་དབེན་པ་དང་། སེམས་རྩེ་གཅིག་པ་ཉིད་དང་། སྒྲིབ་པ་རྣམ་པར་སྦྱོང་བ་དང་། ཡིད་ལ་བྱེད་པ་བསྒོམ་པ་དག་ལ་ངེས་པར་སྦྱར་བར་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་ཚོགས་བསྲུང་ཞིང་བསགས་པ་ནི་

ཚུལ་ཁྲིམས་ཀྱི་སྡོམ་པ་ཇི་སྙེད་པ་དང་ལྡན་པ་ཡིན་ཏེ། དེ་ལ་ཡང་སངས་རྒྱས་ཀྱིས་རྗེས་སུ་བསྟན་པ་དང་། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར། བག་ཡོད་པར་གནས་ཤིང་བསླབ་པའི་གཞི་བསྒྲུབས་

པས་བརྩོན་འགྲུས་མི་གཏོང་བ་ཡིན་ཏེ། དེ་ལྟ་ན་ཡང་དེ་ཚུལ་ཁྲིམས་དང་ཡང་དག་པར་ལྡན་པའི་བསླབ་པའི་ལམ་ཐོབ་པ་ལས་ཡོངས་སུ་མི་ཉམས་ཤིང་། བསླབ་པའི་ལམ་མ་ཐོབ་པ་ཡང་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ཇི་ལྟ་བ་བཞིན་དུ་དབང་པོ་སྡོམ་པ་དང་།

เล่ม ๑๒๘ · หน้า 130b

ཟས་ཀྱི་ཚོད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་དང་། དགེ་སྦྱོང་གི་རྒྱན་གྱི་བར་ལ་ཡང་དེ་བཞིན་ཏེ། ཚོགས་ཀྱིས་ཡོངས་སུ་ཟིན་པ་གང་དང་གང་ཡིན་པའི་ཆོས་རབ་ཏུ་རྣམ་པར་དབྱེ་བ་དག་ཐོབ་

པ་དང་། དེ་དག་རྗེས་སུ་སྲུང་བར་བྱེད་པ་དང་། རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་ཞིང་ཡོངས་སུ་རྫོགས་པར་བྱ་བ་དང་། ཇི་སྐད་གསུངས་པ་བཞིན་ལྷག་ཆད་མེད་པར་སྤྱད་པར་བྱ་བའི་ཕྱིར་འདུན་པ་སྐྱེད། སྤྲོ་བ་སྐྱེད་དེ། བརྩོན་འགྲུས་བརྩམས་ཤིང་གནས་པ་དག་ཡིན་པ་དེ་ནི་ཏིང་ངེ་

འཛིན་གྱི་ཚོགས་བསྲུངས་ཤིང་སྩོགས་པ་ཞེས་བྱའོ། །དེ་དེ་ལྟར་ཉམས་པར་གྱུར་པའི་ཆ་དང་མཐུན་པར་ཆོས་རྣམས་ཡོངས་སུ་སྤོང་ཞིང་ཁྱད་པར་དུ་འགྱུར་བའི་ཆ་དང་མཐུན་པའི་ཆོས་རྣམས་ལ་སོ་སོར་རྟེན་པར་བྱེད་པ་ན། རབ་ཏུ་དབེན་པར་གནས་པ་ཡིན་ནོ། །རབ་ཏུ་དབེན་པར་གནས་པ་གང་

ཞེ་ན། གནས་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། དབེན་པ་ཕུན་སུམ་ཚོགས་པ་གང་ཡིན་པའོ། །དེ་ལ་གནས་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། དགོན་པ་དང་། ཤིང་དྲུང་དང་། ཁྱིམ་གྱིས་སྟོང་པ་དག་སྟེ། དེ་ལ་གནས་མལ་བླ་གབ་མེད་པ་དང་། དུར་

ཁྲོད་དང་། བས་མཐའ་ནི་དགོན་པ་ཞེས་བྱའོ། །དེ་ལ་ནགས་འདབ་ནི་ཤིང་དྲུང་ཞེས་བྱའོ། །དེ་ལ་རི་ཁྲོད་དང་རི་ཕུག་དང་། རྩྭ་ཁང་དག་ནི་ཁྱིམ་གྱིས་སྟོང་པ་ཞེས་བྱ་སྟེ། འདི་ལྟ་སྟེ། དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་གི་གནས་མལ་བླ་གབ་མེད་པ་དང་། དུར་ཁྲོད་དང་།

བས་མཐའ་དང་། ནགས་འདབས་དང་། རི་ཁྲོད་དང་། རི་ཕུག་དང་། རྩྭ་ཁང་དེ་དག་གཅིག་ཏུ་བསྡུས་པ་ནི་གནས་ཡིན་པར་རིག་པར་བྱའོ། །གནས་ཕུན་སུམ་ཚོགས་པ་ནི་རྣམ་པ་ལྔ་སྟེ། འདི་ལ་དང་པོ་ཁོ་ནར་གནས་ཡིབས་སུ་ཤིས་པ། ལྟ་ན་སྡུག་པ། མཛེས་པ། ཀུན་དགའ་

ར་བ་ཕུན་སུམ་ཚོགས་པ། ནགས་ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། གཙང་བ་ཉམས་དགའ་བ། ཤང་ཤོང་མེད་པ། སྡོང་དུམ་དང་། ཚེར་མའི་གཞི་མ་ཡིན་པ། རྡོ་བ་དང་། གསེག་མ་དང་། གྱོ་མོ་མི་མང་བ། གང་དེས་མཐོང་ན་སྤོང་བ་ལ་

เล่ม ๑๒๘ · หน้า 131a

བརྩོན་པར་གནས་པའི་ཕྱིར། སེམས་མངོན་པར་རབ་ཏུ་དང་བར་འགྱུར་ཞིང་སེམས་རངས་ཤིང་རབ་ཏུ་དགའ་བས་སྤོང་བ་ལ་རབ་ཏུ་སྟོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་གནས་ཕུན་སུམ་ཚོགས་པ་དང་པོ་ཡིན་ནོ། །གཞན་ཡང་ཉིན་མོ་མི་སྡུག་པ་ཉུང་ལ། མཚན་མོ་

སྒྲ་ཆུང་ཞིང་ཀླག་ཅོར་ཉུང་བ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱིས་རེག་པ་ཉུང་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་གཉིས་པ་ཡིན་ནོ། །གཞན་ཡང་གང་ན། སེང་གེ་དང་། སྟག་དང་། གུང་དང་། ཆོམ་རྐུན་དང་། ཕ་རོལ་

གྱི་དམགས་ཚོགས་དང་། མི་དང་མི་མ་ཡིན་པའི་འཇིགས་པ་དང་། འཇིགས་སུ་རུང་བ་མེད་ལ། ཡིད་བརྟན་ཞིང་བག་ཚ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་བ་གང་ཡིན་པ་དེ་ནི། གནས་ཕུན་སུམ་ཚོགས་པ་གསུམ་པ་ཡིན་ནོ། །གཞན་ཡང་གང་དུ་ཆོས་གོས་

ལ་སོགས་པ་འཚོ་བའི་ཡོ་བྱད་རྐྱེན་དུ་བབས་པ་གང་ཡིན་པ་དེ་དག་ཚེགས་ཆུང་ངུས་འགྲུབ་ཅིང་བསོད་སྙོམས་ལ་སོགས་པ་དེ་དག་གིས་ལུས་ངལ་བ་མེད་པར་འཚོ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་བཞི་པ་ཡིན་ནོ། །གཞན་ཡང་གང་དུ་དགེ་བའི་བཤེས་

གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་ཞིང་གང་དག་དེ་ལ་མ་ཕྱེ་བའི་གནས་རྣམས་འབྱེད་པར་བྱེད་ཅིང་། ཕྱེ་བ་རྣམས་ཀྱང་གསལ་བར་བྱེད་པ་དང་། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཟབ་མོའི་དོན་དང་ཚིག་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། ལེགས་པར་རབ་

ཏུ་སྟོན་པར་བྱེད་པ་དེ་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་གནས་པ་གང་ཡིན་པ་དེ་ནི་གནས་ཕུན་སུམ་ཚོགས་པ་ལྔ་པ་ཡིན་ནོ། །དེ་ལ་སྤྱོད་ལམ་ཕུན་སུམ་ཚོགས་པ་གང་ཞེ་ན། ཉིན་མོ་འཆག་པ་དང་། འདུག་པ་དག་གིས་འདའ་བར་བྱེད་ཅིང་། མཚན་མོའི་ཐུན་

དང་པོ་ལ་ཡང་དེ་བཞིན་བྱེད་པ་དང་། ཐུན་བར་མ་ལ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱེད་པ་དང་། ཐུན་ཐ་མ་ལ་མྱུར་བ་མྱུར་བ་ཁོ་ནས་ལངས་ཏེ། འཆག་པ་དང་། འདུག་པ་དག་གིས་འདའ་བར་བྱེད་པ་དང་། དེ་ལྟར་གནས་མལ་ཕུན་སུམ་ཚོགས་པ་དེ་ཉིད་དུ་སངས་རྒྱས་ཀྱིས་

เล่ม ๑๒๘ · หน้า 131b

རྗེས་སུ་གནང་བའི་ཁྲིའམ། ཁྲིའུའམ། རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་ཏེ། ལུས་ལེགས་པར་བསྒྲིམས་ན། སྤྱོད་ལམ་དེ་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་། རྗེས་སུ་མཐུན་པ་

ཡིན་པའི་ཕྱིར། མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་འདུག་པས་དུས་ཡུན་རིང་པོ་འདའ་བར་བྱེད་ནུས་ཤིང་། སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང་། དེ་བཞིན་དུ་སྤྱོད་ལམ་དེ་ནི་གཞན་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་དག་དང་།

ཐུན་མོང་མ་ཡིན་པ་དང་། དེ་བཞིན་དུ་གཞན་དག་གིས་སྤྱོད་ལམ་དེས་འདུག་པ་མཐོང་ན་ཤིན་ཏུ་དང་བ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་རྗེས་སུ་གནང་ཞིང་བསྟན་པ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་ལྔ་ཡང་

དག་པར་རྗེས་སུ་མཐོང་བའི་ཕྱིར། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་འདུག་གོ། །དེ་ལ་ལུས་དྲང་པོར་གང་ཞེ་ན། ལུས་གསལ་བར་བསང་སྟེ་བཞག་པ་དང་། སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པར་དྲང་པོར་བཞག་པའོ། །དེ་ལ་ལུས་དྲང་པོས་རབ་ཏུ་ཟིན་

པས་ནི། རྨུགས་པ་དང་། གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པས་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །དྲན་པ་ཕྱོགས་པར་གཞག་སྟེ་ཞེས་བྱ་བ་དེ་ལ་དྲན་པ་ཕྱོགས་

པར་བཞག་སྟེ། གནས་པར་བྱེད་པ་དེ་གང་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་ཤིང་མི་མཐུན་པ་ཡིན་པའི་ཕྱིར། དྲན་པ་ཕྱོགས་པ་ཞེས་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་མཚན་མ་ལ་དམིགས་པ་

དང་། གཟུགས་བརྙན་གྱི་མཚན་མ་ལ་དམིགས་པའི་དྲན་པ་ནི་མཉམ་པར་གཞག་པའི་ས་པའི་དམིགས་པ་ཐམས་ཅད་ལ་ཕྱོགས་པ་ཡིན་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱ་སྟེ། དེ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དབེན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། སྨྲས་པ།

เล่ม ๑๒๘ · หน้า 132a

རྣམ་པ་གཉིས་ཏེ། ལུས་དབེན་པ་དང་། སེམས་དབེན་པའོ། །དེ་ལ་ལུས་དབེན་པ་ནི་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། གཉིས་ལྷན་ཅིག་ན་མི་གནས་པ་གང་ཡིན་པའོ། །དེ་ལ་སེམས་དབེན་པ་ནི་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་

ཡིད་ལ་བྱེད་པ་སྤངས་ཏེ། མཉམ་པར་གཞག་པའི་ས་པའམ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས་བྱུང་བའི་ཡིད་ལ་བྱེད་པ་དགའ་བའི་དོན་དང་ལྡན་པ་སྒོམ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སེམས་དབེན་པ་ཞེས་བྱའོ། །དེ་ལ་གནས་ཕུན་སུམ་ཚོགས་པ་གང་ཡིན་པ་དང་། སྤྱོད་ལམ་

ཕུན་སུམ་ཚོགས་པ་གང་ཡིན་པ་དང་། ལུས་དབེན་པ་གང་ཡིན་པ་དང་། སེམས་དབེན་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་རབ་ཏུ་དབེན་པ་ཞེས་བྱའོ། །དེ་ལ་སེམས་རྩེ་གཅིག་པ་ཉིད་གང་ཞེ་ན། སྨྲས་པ། ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་། ཆ་མཐུན་པ་ལ་དམིགས་པ་དང་།

རྒྱུན་དང་། ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་ཞེས་ཀྱང་བྱ། དགེ་བའི་སེམས་རྩེ་གཅིག་པ་ཉིད་ཅེས་ཀྱང་བྱའོ། །དེ་ལ་ཅི་ཞིག་ཡང་དང་ཡང་དུ་རྗེས་སུ་དྲན་པར་བྱེད་ཅེ་ན། སྨྲས་པ། ཆོས་གང་དག་བཟུང་ཞིང་མཉན་པ་

དང་། བླ་མ་དག་ལས་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས། མཉམ་པར་གཞག་པའི་ས་པའི་མཚན་མ་མངོན་དུ་བྱས་ཏེ། དམིགས་པ་དེ་ལ་རྒྱུན་དང་ལྡན་པའི་དྲན་པ་རྗེས་སུ་འཇུག་པར་བྱེད་ཅིང་། ཉེ་བར་སྟོད་པར་བྱེད་དོ། །དེ་ལ་ཆ་མཐུན་པ་ལ་

དམིགས་པ་གང་ཞེ་ན། མཉམ་པར་གཞག་པའི་ས་པའི་དམིགས་པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་ཡིན་པ་སྟེ། གང་གིས་དམིགས་པ་དེ་ལ་སེམས་འཇུག་པར་བྱེད་པ་ནི་མཉམ་པར་གཞག་པ་ཞེས་བྱ་སྟེ། དེ་ནི་ཆ་མཐུན་པ་ལ་དམིགས་པ་ཞེས་བྱའོ། །དེ་གང་དང་ཆ་མཐུན་ཞེ་ན།

སྨྲས་པ། དེ་ནི་ཤེས་བྱའི་དངོས་པོའི་གཟུགས་བརྙན་ཡིན་པས་ན་དེའི་ཕྱིར་ཆ་མཐུན་པ་ཞེས་བྱའོ། །དམིགས་པ་དེས་དྲན་པ་རྣམ་པར་གཡེང་བ་མེད་པའི་རྣམ་པ་དང་། བར་དུ་ཆད་པ་མེད་པ་དང་། རྒྱུན་ཆགས་པ་དང་། རྟག་ཏུ་དང་། གུས་པར་འཇུག་པ་གང་ཡིན་པ་དེ་ནི་རྒྱུན་དང་ལྡན་

เล่ม ๑๒๘ · หน้า 132b

པ་ཡིན་ནོ། །དམིགས་པ་དེ་ཉིད་ལ་མངོན་པར་དགའ་བ་ཉོན་མོངས་པ་མེད་ཅིང་། རེག་པར་གནས་པའི་དྲན་པས་ལམ་དུ་ཞུགས་པ་གང་ཡིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་ལྡན་པ་ཡིན་གྱི། དེའི་ཕྱིར་ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་། ཆ་མཐུན་པ་ལ་དམིགས་པ་

དང་། རྒྱུན་དང་། ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་ནི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་གསུངས་སོ། །སེམས་རྩེ་གཅིག་པ་ཉིད་དེ་ཡང་ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་ཡོད་དེ། དེ་ལ་སེམས་གནས་པ་རྣམ་པ་དགུ་གང་ཡིན་པ་དེ་ནི་ཞི་

གནས་ཀྱི་ཕྱོགས་ཡིན་ནོ། །དེ་ལ་ཤེས་རབ་ཀྱིས་དཔྱོད་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་སེམས་གནས་པ་རྣམ་པ་དགུ་གང་ཞེ་ན། འདི་ལ་དགེ་སློང་སེམས་ནང་ཁོ་ནར་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་

པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལ་ཇི་ལྟར་ན་འཇོག་པར་བྱེད་པ་ཡིན་ཞེ་ན། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་

བསྡུས་ཏེ། རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་ནང་དུ་ཉེ་བར་གཏོད་པར་བྱེད་པ་སྟེ། རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོར་ཉེ་བར་གཏད་པ་གང་ཡིན་པ་དེ་ནི་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཡང་དག་པར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོ་ཉེ་བར་གཏོད་པའི་སེམས་གང་

ཡིན་པ་དེ། གཡོ་བ་དང་། རགས་པ་དང་། ཡང་དག་པར་མི་གནས་པ་དང་། ཡོངས་སུ་མི་གནས་པར་གྱུར་ན། དེ་དམིགས་པ་དེ་ཉིད་ལ་གཏད་པའི་ཚུལ་དང་། དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས། ཕྲ་བར་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པ་གང་

ཡིན་པ་དེ་ནི་ཡང་དག་པར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ཞེ་ན། དེ་ལྟར་དེའི་སེམས་གཞག་པ་དང་ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བར་གྱུར་ན། དེས་ཡང་ཕྱིར་དེ་ཉིད་ལ་སྡུད་པར་བྱེད་དེ། དེ་ལྟར་ན་བསྡུས་ཏེ་

เล่ม ๑๒๘ · หน้า 133a

འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོ་ཁོ་ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ། གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཇི་ནས་ཀྱང་དེའི་སེམས་དེའི་ཕྱི་རོལ་དུ་མི་འཕྲོ་བར་བྱེད་དེ། དེ་ལྟར་ན་ཉེ་

བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དུལ་བར་བྱེད་པ་ཡིན་ཞེ་ན། །འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་མ་དག་གམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། བུད་མེད་དང་སྐྱེས་པའི་མཚན་མ་གང་དག་

གིས། དེའི་སེམས་རྣམ་པར་གཡེངས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་བཟུང་བ་ཉིད་ཀྱི་དབང་དུ་བྱས་ནས། མཚན་མ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་དུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཞི་བར་བྱེད་པ་ཡིན་ཞེ་ན།

འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང་། འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་གིས་དེའི་སེམས་ཀུན་དུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་གཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་

དེའི་སེམས་དེ་རྣམ་པར་རྟོག་པ་གང་དག་དང་། ཉེ་བའི་ཉོན་མོངས་པ་དེ་དག་ལ་འཕྲོར་མི་སྟེར་བར་བྱེད་དོ། །དེ་ལྟར་ན་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ཞེ་ན། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དེ་གཉི་ག་ཀུན་འབྱུང་བར་གྱུར་

ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། ཇི་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང་། རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུད་གཅིག་ཏུ་

བྱེད་པ་ཡིན་ནོ། །ཇི་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཞེ་ན། ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས། དེའི་སེམས་

เล่ม ๑๒๘ · หน้า 133b

རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །དེ་ལ་སྟོབས་རྣམ་པ་དྲུག་གིས་ནི་སེམས་གནས་པ་རྣམ་པ་དགུ་པོ་དག་འགྲུབ་སྟེ། འདི་ལྟ་སྟེ། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་

སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཡོངས་སུ་འདྲིས་པའི་སྟོབས་ཀྱིས་སོ། །དེ་ལ་ཐོས་པ་དང་བསམས་པའི་སྟོབས་ཀྱིས་ནི་རེ་ཞིག་ཐོས་པ་གང་ཡིན་པ་དང་། བསམ་པ་གང་ཡིན་པའི་དབང་དུ་བྱས་ནས། དང་པོ་ཁོ་ནར་སེམས་དམིགས་

པ་ལ་འཇོག་པར་བྱེད་ཅིང་། དེ་ཉིད་ལ་གཏོད་པའི་ཚུལ་གྱིས་ཡང་དག་པར་འཇོག་པར་ཡང་བྱེད་དོ། །དེ་ལྟར་སེམས་གཏད་པ་ལ་དྲན་པའི་སྟོབས་ཀྱིས་ཡང་དག་པར་སྡུད་ཅིང་རྣམ་པར་གཡེང་པར་མི་བྱེད་པས་བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་དོ། །དེ་ནས་ཤེས་བཞིན་

གྱི་སྟོབས་ཀྱིས་ནི་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་པར་མི་བྱེད་པས་དུལ་བར་བྱེད་པ་དང་། ཞི་བར་བྱེད་པའོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉི་ག་ཀུན་དུ་འབྱུང་བ་དང་དུ་མི་ལེན་ཅིང་། རྒྱུད་གཅིག་ཏུ་ཡང་བྱེད་དོ། །ཡོངས་སུ་འདྲིས་

པའི་སྟོབས་ཀྱིས་ཏིང་ངེ་འཛིན་དུ་བྱེད་དོ། །དེ་ལ་སེམས་གནས་པ་དགུ་པོ་དག་ལ་ཡིད་ལ་བྱེད་པ་བཞི་ཡོད་པར་རིག་པར་བྱ་སྟེ། བསྒྲིམས་ཏེ་འཇུག་པ་དང་། སྐབས་སུ་འཆད་ཅིང་འཇུག་པ་དང་། སྐབས་སུ་འཆད་པ་མེད་པར་འཇུག་པ་དང་། རྩོལ་བ་མེད་པར་འཇུག་པའོ། །དེ་ལ་

འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་ལ་ནི། སྐབས་སུ་འཆད་ཅིང་

འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། །རྒྱུད་གཅིག་ཏུ་བྱེད་པ་ལ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པ་ཡིད་ལ་བྱེད་པ་ཡོད་དོ། །ཏིང་ངེ་འཛིན་དུ་བྱེད་པ་ལ་ནི་རྩོལ་བ་མེད་པར་འཇུག་པ་ཡིད་ལ་བྱེད་པ་ཡོད་དོ། །དེ་ལྟར་ན་ཡིད་ལ་བྱེད་པ་དེ་དག་ནི་སེམས་གནས་པ་རྣམ་པ་དགུ་པོ་དག་གི་

เล่ม ๑๒๘ · หน้า 134a

རྒྱུད་ལ་ཞི་གནས་ཀྱི་ཕྱོགས་ཡིན་ནོ། །དེ་ལྟར་ནང་གི་སེམས་ཀྱི་ཞི་གནས་ཐོབ་པ་གང་ཡིན་པ་ལྷག་མཐོང་ལ་རབ་ཏུ་བརྩོན་པར་བྱེད་པ་དེ་ལ་ནི་ཡིད་ལ་བྱེད་པ་བཞི་པོ་དེ་དག་ཉིད་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་

འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་རྣམས་རྣམ་པར་འབྱེད་པར་བྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་ཇི་ལྟར་རྣམ་པར་འབྱེད་པར་བྱེད་ཅེ་ན། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་

པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་

དང་བཅས་པས། མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པར་བྱེད་དོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི། ཡོངས་སུ་དཔྱོད་པར་བྱེད་དོ། །ལྷག་མཐོང་དེ་ཡང་སྒོ་གསུམ་དང་ལྡན་ཞིང་། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་པར་རིག་པར་བྱ་སྟེ། ལྷག་

མཐོང་གི་སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་དང་། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་དང་། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དེ་ལ་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་ནི་གང་གིས་ཐོས་པ་དང་། བཟུང་བའི་ཆོས་

སམ། གདམས་ངག་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་སྟེ། དེ་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་ཡིན་ནོ། །གང་གི་ཚེ་སེམས་པར་བྱེད། རྟོག་པར་

བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཡིན་ནོ། །གང་གི་ཚེ་བསམས་ཤིང་བརྟགས་ལ། གཞལ་ཞིང་ཉེ་བར་བརྟགས་ནས། ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་ན་ནི།

เล่ม ๑๒๘ · หน้า 134b

ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཡིན་ཏེ། དེ་ནི་ལྷག་མཐོང་གི་སྒོ་གསུམ་ཡིན་ནོ། །དེ་ལ་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་གང་ཞེ་ན། དེ་ཡོངས་སུ་ཚོལ་བར་བྱེད་པ་ན། གཞི་རྣམ་པ་དྲུག་པོ་ཡོངས་སུ་ཚོལ་བར་བྱེད་དེ། དོན་དང་། དངོས་

པོ་དང་། མཚན་ཉིད་དང་། ཕྱོགས་དང་། དུས་དང་། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་། ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་

བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དངོས་པོ་རྣམ་པ་གཉིས་པོ་ནང་གི་དང་། ཕྱི་རོལ་གྱི་སྟེ། དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། མཚན་ཉིད་རྣམ་པ་གཉིས་པོ་རང་གི་མཚན་ཉིད་དང་། སྤྱིའི་

མཚན་ཉིད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཕྱོགས་རྣམ་པ་གཉིས་པོ་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ཏེ། ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་

ཕན་ཡོན་གྱི་སྒོ་ནས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དུས་རྣམ་པ་གསུམ་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་སྟེ། འདི་ལྟར་འདས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །འདི་ལྟར་མ་འོངས་པའི་

དུས་ན་འདི་ལྟ་བུ་ཞིག་བྱུང་བར་འགྱུར་རོ། །འདི་ལྟར་ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་

སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་སྟེ། དེ་ལ་ལྟོས་པའི་རིགས་པས་ནི་ཀུན་རྫོབ་ཀྱང་ཀུན་རྫོབ་ཀྱི་སྒོ་ནས། དོན་དམ་པ་ཡང་དོན་དམ་པའི་སྒོ་ནས། གཞི་ཡང་གཞིའི་སྒོ་ནས་ཡོངས་སུ་ཚོལ་བར་བྱེད་དོ། །བྱ་བ་བྱེད་པའི་རིགས་པས་ནི། ཆོས་རྣམས་ཀྱི་བྱེད་པ་

เล่ม ๑๒๘ · หน้า 135a

ཡོངས་སུ་ཚོལ་བར་བྱེད་དེ། འདི་ནི་ཆོས་སོ། །འདི་ནི་བྱེད་པའོ། །འདི་ནི་འདིའི་བྱེད་པའོ་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །འཐད་པ་སྒྲུབ་པའི་རིགས་པས་ནི་ཚད་མ་གསུམ་པོ་ཡིད་ཆེས་པའི་ལུང་དང་། མངོན་སུམ་དང་།

རྗེས་སུ་དཔག་པ་དག་ཡོངས་སུ་ཚོལ་བར་བྱེད་དེ། ཅི་འདི་ལ་ཡིད་ཆེས་པའི་ལུང་ཡོད་དམ་མེད། ཅི་མངོན་སུམ་དུ་དམིགས་སམ་འོན་ཏེ་མ་ཡིན། ཅི་རྗེས་སུ་དཔག་པས་རིགས་སམ། འོན་ཏེ་མ་ཡིན་ཞེས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཆོས་ཉིད་ཀྱི་རིགས་པས་ནི།

ཆོས་རྣམས་ཀྱི་དེ་ལྟར་གྱུར་པ་ཉིད་དང་། གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་། སེམས་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ནི་ལྷག་མཐོང་གི་

སྒོ་གསུམ་དང་། གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ཏེ། མདོར་བསྡུས་ན་དེ་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་གཞི་རབ་ཏུ་དབྱེ་བ་རྣམ་པ་དྲུག་རྣམ་པར་གཞག་ཅེ་ན། སྨྲས་པ། རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ།

སྨྲས་པའི་དོན་རྟོགས་པ་དང་། དངོས་པོའི་མཐའ་རྟོགས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་ཚོལ་བས་སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་ཡོངས་སུ་ཚོལ་བ་དང་། རང་གི་མཚན་ཉིད་ཡོངས་སུ་ཚོལ་བས་ནི་དངོས་པོའི་མཐའ་རྟོགས་

པ་ཡིན་ནོ། །དེ་ལ་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་དང་། ཕྱོགས་ཡོངས་སུ་ཚོལ་བ་དང་། དུས་ཡོངས་སུ་ཚོལ་བ་དང་། རིགས་པ་ཡོངས་སུ་ཚོལ་བས་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། རྣལ་འབྱོར་པས་ཤེས་པར་བྱ་བ་ནི། འདི་ལྟ་སྟེ། སྨྲས་པའི་དོན་དང་། ཤེས་

བྱའི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལ་མི་སྡུག་པ་ལ་བརྩོན་པའི་རྣལ་འབྱོར་པ་རྣམ་པར་འབྱེད་པར་བྱེད་པ་ན། ཇི་ལྟར་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ་མི་སྡུག་པའི་དབང་དུ་བྱས་པའི་ཆོས་ཐོས་

เล่ม ๑๒๘ · หน้า 135b

ཤིང་བཟུང་བའི་དབང་དུ་བྱས་ནས། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས། དོན་འདི་ལྟར་སོ་སོར་རྟོག་པར་བྱེད་དེ་མི་སྡུག་པ་འདི་ནི་མི་སྡུག་པ་ཡིན་ནོ། །འདི་ནི་མི་མཐུན་པ་ཡིན་ནོ། །འདི་ནི་རུལ་པ་དང་། དྲི་མི་ཞིམ་པ་དང་། དྲི་ང་བ་ཡིན་ནོ་ཞེས་དེས་རྣམ་པ་དེ་དག་དང་། དེ་ལྟ་བུ་དང་

མཐུན་པ་གང་དག་གིས་མི་སྡུག་པའི་དབང་དུ་བྱས་པའི་ཆོས་སྔོན་ཐོས་པ་དེ་ཉིད་ཀྱི་དོན་སོ་སོར་རྟོག་པར་བྱེད་དེ། དེ་ལྟར་མི་སྡུག་པ་ཉིད་ཀྱི་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེ་ལྟར་དོན་སོ་སོར་རྟོག་པ་དེ་མི་སྡུག་པ་དེ་ཉིད་ལ་ནང་དང་ཕྱི་རོལ་གྱི་ཆ་གཉིས་

སུ་རྣམ་པར་གཞག་པར་ལྟ་བ་ཡིན་ནོ། །ཇི་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ནང་ལ་ཡང་རེ་ཞིག་ལུས་འདི་ལ་སྐྲ་དང་། སྤུ་དག་དང་། གླད་པ་དང་། གླད་རྒྱས་དང་། བཤང་བའི་བར་དུ་རྒྱས་པར་ཡོད་དོ་ཞེས་ནང་གི་ལུས་སུ་གཏོགས་པ་ལ། རུལ་པ་དང་མི་སྡུག་པ་ཉིད་དུ་

མོས་པར་བྱེད་དོ། །ནང་གི་ལུས་སུ་གཏོགས་པའི་མི་སྡུག་པ་རྣམ་པ་དུ་མ་དེ་དག་ཀྱང་། ཁམས་གཉིས་པོ་སའི་ཁམས་དང་། ཆུའི་ཁམས་གཉིས་ཀྱིས་བསྡུས་པ་ཡིན་པར་མོས་པར་བྱེད་དེ། དེ་ལ་སྐྲ་དང་། སྤུ་དག་ནས་བརྩམས་ཏེ། མཆེར་པ་དང་། བཤང་བའི་བར་དག་ནི་སའི་ཁམས་

ཡིན་པར་མོས་པར་བྱེད་དོ། །མཆི་མ་དང་། རྔུལ་དག་ནས་བརྩམས་ཏེ། གཅི་བའི་བར་དག་ནི་ཆུའི་ཁམས་ཡིན་པར་མོས་པར་བྱེད་དོ། །ཕྱི་རོལ་ལ་ཡང་ཕྱི་རོལ་དུ་གཏོགས་པའི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་མི་སྡུག་པ་ཉིད་དུ་མོས་པར་བྱེད་དེ། དེ་ལ་རྣམ་པར་བསྔོས་པར་

མོས་པར་བྱེད་པ་ནི། དེས་བུད་མེད་དམ། སྐྱེས་པའམ། མཛའ་བཤེས་དང་། ཐ་མལ་པའམ། ངན་པའམ། འབྲིང་ངམ། བཟང་པོའམ། བྱིས་པའམ། བར་མའམ། རྒན་པོ་ཤི་བའི་རོ་བདག་ཉིད་ཀྱིས་མཐོང་ངམ། གཞན་ལས་ཐོས་སམ། ཡོངས་སུ་བརྟགས་ཀྱང་རུང་སྟེ། དེའི་མཚན་

མ་བཟུང་ནས་ཤི་ནས་ཞག་གཅིག་ལོན་པ་ཁྲག་ཟགས་ལ། རུལ་པར་མ་གྱུར་པ་གང་ཡིན་པ་དེ་ལ་ནི། རྣམ་པར་བསྔོས་པར་མོས་པར་བྱེད་དོ། །ཤི་ནས་ཞག་གཉིས་ལོན་པ་རུལ་པར་གྱུར་ལ། འབུ་མ་ཞུགས་པ་ལ་ནི་རྣམ་པར་རྣགས་པར་མོས་པར་བྱེད་དོ། །ཤི་ནས་ཞག་བདུན་ལོན་པ་འབུ་ཞུགས་ཤིང་

เล่ม ๑๒๘ · หน้า 136a

བམ་པ་ལ་ནི། རྣམ་པར་འབུས་གཞིག་པ་དང་། རྣམ་པར་བམ་པར་མོས་པར་བྱེད་དོ། །ཁྭ་དང་ཆུན་ལག་དང་། བྱ་རྒོད་དང་། ཁྱི་དང་། ཝ་དག་གིས་བཟའ་བ་ལ་ནི། རྣམ་པར་ཟོས་པར་མོས་པར་བྱེད་དོ། །ཟོས་པ་པགས་པ་དང་། ཤ་དང་། ཁྲག་མེད་ཅིང་ཆུ་རྒྱུས་ཙམ་

གྱིས་འབྲེལ་བ་ལ་ནི། རྣམ་པར་དམར་བར་མོས་པར་བྱེད་དོ། །ཡན་ལག་དང་ཉིང་ལག་ཕྱོགས་ཕྱོགས་སུ་རྣམ་པར་འཐོར་ཞིང་མ་འབྲེལ་ལ། ཤ་དང་བཅས་པའམ། ཤ་མེད་པའམ། ཤའི་ལྷག་རོལ་ཅུང་ཟད་ཡོད་པ་དག་ལ་ནི་རྣམ་པར་འཐོར་བར་མོས་པར་བྱེད་དོ། །ལག་པའི་རུས་པ་དག་ཀྱང་

ལོགས་ཤིག །རྐང་པའི་རུས་པ་དག་ཀྱང་ལོགས་ཤིག །པུས་མོའི་རུས་པ་དག་ཀྱང་ལོགས་ཤིག །བརླའི་རུས་པ་དག་དང་། དཔུང་པའི་རུས་པ་དག་དང་། ལག་ངར་གྱི་རུས་པ་དག་ཀྱང་ལོགས་ཤིག །སྒལ་ཚིགས་དང་། འགྲམ་སླང་དང་། སོ་རྒྱུན་དང་། མགོ་ཐོད་དག་ཀྱང་ལོགས་

ཤིག་ན་འདུག་པ་མཐོང་བ་ལ་ནི། རུས་གོང་དུ་མོས་པར་བྱེད་དོ། །གང་གི་ཚེ་ཁོག་པའི་རུས་པ་འབྲེལ་ཞིང་ཡན་ལག་གི་རུས་པ་མ་གྱེས་པར་ཡིད་ལ་བྱེད་ལ། མཚན་མ་ཉི་ཚེར་འཛིན་ཅིང་། ཡན་ལག་དང་ཉིང་ལག་དེ་དག་ལ་མངོན་རྟགས་སུ་འཛིན་པར་མི་བྱེད་པ་དེའི་ཚེ་ན་ཀེང་རུས་སུ་མོས་པར་

བྱེད་པ་ཡིན་ནོ། །གང་གི་ཚེ་མངོན་རྟགས་སུ་འཛིན་པར་བྱེད་པ་དེའི་ཚེ་ན་ནི། རུས་པའི་ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །གཞན་ཡང་ཀེང་རུས་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་ཀེང་རུས་དང་། ཡན་ལག་གི་ཀེང་རུས་སོ། །དེ་ལ་ལུས་ཀྱི་ཀེང་རུས་ནི་མཇུག་དོའི་སྦུབས་ཡན་ཆད་ནས། སྒལ་

ཚིགས་ཀྱི་སྦུབས་དང་། མགོའི་ཐོད་པའི་བར་དུ་འབྲེལ་པ་ཡིན་ནོ། །ཡན་ལག་གི་ཀེང་རུས་ནི་ལག་ངར་གྱི་རུས་པ་དང་འབྲེལ་བའམ། བརླ་དང་རྗེ་ངར་གྱི་རུས་པ་དག་འབྲེལ་པ་ཡིན་ནོ། །དེ་ལ་ལུས་ཀྱི་ཀེང་རུས་གང་ཡིན་པ་དེ་ནི་ཀེང་རུས་ཞེས་བྱའོ། །ཡན་ལག་གི་ཀེང་རུས་གང་ཡིན་པ་དེ་ནི་རུས་པའི་

ཀེང་རུས་ཞེས་བྱའོ། །གཞན་ཡང་ཀེང་རུས་ཀྱི་མཚན་མར་བཟུང་བ་ནི་རྣམ་པ་གཉིས་ཏེ། རི་མོར་བྲིས་པའམ། རྡོ་བའམ། ཤིང་ངམ། འཇིམ་པ་ལས་བྱས་པ་དང་། ཀེང་རུས་ཡང་དག་པའོ། །དེ་ལ་གང་གི་ཚེ་ཀེང་རུས་ཡང་དག་པ་མ་ཡིན་པའི་མཚན་མ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ཀེང་རུས་ཁོ་ནར་མོས་པར་

เล่ม ๑๒๘ · หน้า 136b

བྱེད་པ་ཡིན་ཏེ། རུས་པའི་ཀེང་རུས་སུ་ནི་མ་ཡིན་ནོ། །གང་གི་ཚེ་ཀེང་རུས་ཡང་དག་པའི་མཚན་མ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། རུས་པའི་ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །ཕྱི་རོལ་གྱི་ཁ་དོག་ལྟ་བུ་རྒྱུར་བྱས་པའི་གཟུགས་སུ་གཏོགས་པ་དེ་དག་གིས་རྣམ་པར་འགྱུར་བ་ནི་རྣམ་པ་གསུམ་སྟེ། རང་གི་

ངང་གིས་རྣམ་པར་འགྱུར་བ་དང་། གཞན་གྱིས་བྱས་པ་དང་། དེ་གཉི་གའི་ཕྱོགས་སོ། །དེ་ལ་རྣམ་པར་བསྔོས་པ་ནས་བཟུང་སྟེ། རྣམ་པར་བམ་པའི་བར་དག་ནི་རང་གི་ངང་གིས་རྣམ་པར་འགྱུར་བ་ཡིན་ནོ། །དེ་རྣམ་པར་ཟོས་པ་ནས་བཟུང་སྟེ། རྣམ་པར་འཐོར་བའི་བར་དག་ནི་གཞན་གྱིས་བྱས་པས་

རྣམ་པར་འགྱུར་བ་ཡིན་ནོ། །དེ་ལ་རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་དག་ནི་དེ་གཉི་གའི་ཕྱོགས་ཀྱིས་རྣམ་པར་འགྱུར་བ་ཡིན་ཏེ། དེ་ལྟར་ཕྱི་རོལ་གྱི་མི་སྡུག་པ་ཉིད་རྣམ་པ་དེ་ལྟ་བུའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་མི་སྡུག་པའི་རང་གི་མཚན་ཉིད་

ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་མི་སྡུག་པའི་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ནང་གི་ལུས་ཀྱི་ཕྱི་རོལ་སྡུག་ཅིང་། ཁ་དོག་ལྟ་བུ་རྣམ་པར་མ་ཉམས་པ་གང་ཡིན་པ་དང་། ཕྱིའི་ལུས་ཀྱི་ཕྱི་རོལ་མི་སྡུག་ཅིང་། ཁ་དོག་ལྟ་བུ་རྣམ་པར་གྱུར་པ་གང་ཡིན་པ་དེ་ནི། ནང་གི་སྡུག་པ་ཁ་

དོག་ལྟ་བུ་མ་ཉམས་པ་འདི་དང་། ཆོས་ཉིད་འདྲ་ཞིང་ཆོས་ཉིད་མཚུངས་པ་ཡིན་ཏེ། བདག་གི་སྡུག་པ་དང་ཁ་དོག་ལྟ་བུ་འདི་ཡང་འདི་ལྟ་བུའི་ཆོས་ཅན་ཡིན་ལ། སེམས་ཅན་གང་སུ་དག་སྡུག་པ་དང་། ཁ་དོག་ལྟ་བུ་འདི་ལྟ་བུ་དང་ལྡན་པ་དེ་དག་ནི་སྡུག་པ་དང་། ཁ་དོག་ལྟ་བུ་དེ་ཡང་འདི་ལྟ་སྟེ། ཕྱི་རོལ་གྱི་

འདིའི་འདི་ལྟ་བུའི་ཆོས་ཅན་ཡིན་ནོ་ཞེས་མོས་པར་བྱེད་དོ། །དེ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྡུག་པ་དང་། ཁ་དོག་ལྟ་བུ་འདིའི་མི་སྡུག་པའི་ཆོས་ཉིད་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་མ་ཤེས་པ་ནས། ནང་དང་ཕྱི་རོལ་གྱི་སྡུག་པ་དང་ཁ་དོག་ལྟ་བུ་ལ་ཀུན་དུ་འདོད་ཆགས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི། ནག་པོའི་ཕྱོགས་སུ་གཏོགས་པ་ཕྱིན་ཅི་ལོག་ཡིན་ཏེ། ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ། སྡུག་བསྔལ་བ་དང་བཅས་པ། རྣམ་པར་སྨིན་པ་དང་བཅས་པ། གནོད་པ་དང་

เล่ม ๑๒๘ · หน้า 137a

བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་ཡིན་པས་གཞི་དེ་ལས་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ། །སྡུག་པ་དང་ཁ་དོག་ལྟ་

བུ་འདི་ལ་མི་སྡུག་པའི་ཆོས་ཉིད་དང་ལྡན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐོང་བ་གང་ཡིན་པ་དེ་ནི་དཀར་པོའི་ཕྱོགས་ཡིན་ཏེ། ཆོས་དེ་ནི་ཉོན་མོངས་པ་མེད་པ། སྡུག་བསྔལ་མེད་པ། རྣམ་པར་སྨིན་པ་མེད་པ། གནོད་པ་མེད་པ། ཡོངས་སུ་གདུང་བ་མེད་པ་ཡིན་པས་གཞི་དེས་ཕྱི་མ་ལ་འཁྲུག་

པའི་བར་དག་འགག་པར་འགྱུར་ཏེ། དེ་ལྟ་བས་ན་བདག་གི་ནག་པོའི་ཕྱོགས་གང་ཡིན་པ་དེ་ནི་དང་དུ་བླང་བར་མི་བྱ་ཞིང་། སྤངས་པར་བྱ། བསྩལ་བར་བྱའི། དཀར་པོའི་ཕྱོགས་ནི་མ་སྐྱེས་པ་ཡང་བསྐྱེད་པར་བྱ། སྐྱེས་པ་ཡང་གནས་པ་དང་། འཕེལ་བ་དང་། རྒྱས་པར་བྱའོ་སྙམ་དུ་སེམས་ཏེ།

དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེ་འདི་སྙམ་དུ་སེམས་ཏེ། ནང་གི་སྡུག་པ་དང་། ཁ་དོག་ལྟ་བུ་གང་ཡིན་པ་འདི་ཡང་ད་ལྟར་བྱུང་བའི་དུས་ལ་བརྟེན་པ་ཡིན་ལ། ཕྱི་རོལ་གྱི་མི་སྡུག་པ་དང་། ཁ་དོག་ལྟ་བུ་མ་ཡིན་པ་གང་ཡིན་པ་འདི་ཡང་ད་

ལྟར་བྱུང་བའི་དུས་ལ་བརྟེན་པ་ཡིན་ཏེ། འདི་ཡང་འདས་པའི་དུས་ན་སྡུ་གུར་གྱུར་ཅིང་། འདས་པའི་དུས་ན་སྡུ་གུར་གྱུར་པ་དེ་ཡང་། འདི་ལྟ་སྟེ། དཔེར་ན། ད་ལྟར་བྱུང་བའི་དུས་ལ་བརྟེན་པའི་བདག་གི་འདི་དང་འདྲ་བ་ཡིན་པ་ལས། དེ་ལྟར་རིམ་གྱིས་ད་ལྟར་བྱུང་བའི་དུས་ལ་བརྟེན་ན་མི་སྡུག་པར་

གྱུར་པ་ཡིན་ནོ། །ད་ལྟར་བྱུང་བའི་དུས་ལ་བརྟེན་ན་སྡུག་པའི་བདག་གི་སྡུག་པ་དང་། ཁ་དོག་ལྟ་བུ་འདི་ཡང་མ་འོངས་པའི་དུས་ན་འདི་ལྟ་སྟེ། དཔེར་ན་ད་ལྟར་བྱུང་བའི་དུས་ལ་བརྟེན་པ་ཕྱི་རོལ་གྱི་དེ་བཞིན་དུ་མི་འགྱུར་བ་དེ་ནི་གནས་མེད་དེ། དེ་ལྟ་བས་ན་བདག་གི་ལུས་འདི་ཡང་འདས་པ་དང་། མ་

འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་འདི་ལྟར་འབྱུང་ཞིང་། འདི་ལྟར་གྱུར་པ་ཡིན་ཏེ། འདིའི་ཆོས་ཉིད་ལས་མ་འདས་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་སྙམ་དུ་སེམས་ཏེ། ནང་དང་ཕྱི་རོལ་

เล่ม ๑๒๘ · หน้า 137b

གྱི་གང་སྡུག་པའམ། མི་སྡུག་པར་འགྱུར་བའི་བདག་གམ། སེམས་ཅན་འགའ་ཡང་མེད་ཀྱི། གང་ལ་སྡུག་པའམ། མི་སྡུག་པ་ཞེས་མིང་དང་། བརྡ་དང་། གདགས་པ་དང་། ཐ་སྙད་དུ་བརྗོད་པ་དེ་ནི་གཟུགས་ཙམ་དུ་ཟད། དེ་ནི་ལུས་ཙམ་དུ་ཟད་དེ། འདི་ལྟར། ཚེ་དང་དྲོད་དང་རྣམ་

པར་ཤེས། །དེ་ཡིས་གང་ཚེ་ལུས་བོར་ཏེ། །སྤངས་པ་དེ་ཚེ་ཤིང་འདྲ་བར། །སེམས་པ་མེད་ཅིང་ཉལ་བར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། ཤི་བའི་དུས་བྱས་པ་དེ་ལ་རིམ་གྱིས་རྣམ་པར་གྱུར་པའི་གནས་སྐབས་འདི་ལྟ་སྟེ། རྣམ་པར་བསྔོས་པ་དང་། རུས་པའི་ཀེང་རུས་ཀྱི་བར་དག་ཀྱང་

ཡོད་པ་དང་། བདག་གི་ལུས་འདི་ནི་སྔོན་གྱི་ལས་དང་། ཉོན་མོངས་པས་འཕངས་པ་དང་། ཕ་མའི་མི་གཙང་བའི་མེར་མེར་པོ་ལས་བྱུང་བ་དང་། འབྲས་ཆན་དང་། ཟན་དྲོན་གྱིས་བརྟས་པ་ཡིན་ཏེ། རྒྱུ་དེ་དང་གཞི་དེས་ན་སྡུག་པ་དང་། ཁ་དོག་ལྟ་བུ་ཡོད་པ་འདི་ཡང་བརྙན་མ་ཡིན་ནོ། །

ནང་དང་ཕྱི་རོལ་གྱི་ལུས་ཀྱི་ནང་ན་ཡང་རྟག་པ་རྟག་པའི་དུས་སུ་མི་གཙང་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ཀུན་རྫོབ་དང་། དོན་དམ་པ་དང་། གཞིའི་སྒོ་ནས་ལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། མི་སྡུག་པ་འདི་ཉིད་ཀུན་དུ་བསྟེན་ཅིང་གོམས་པར་

བྱས། ལན་མང་དུ་བྱས་ན། དེ་འདོད་པའི་འདོད་ཆགས་སྤོང་བར་འགྱུར་ལ། འདོད་པའི་འདོད་ཆགས་ཀྱང་སྤང་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་བྱ་བ་བྱེད་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མི་སྡུག་པ་ཀུན་

དུ་བསྟེན་ཅིང་། གོམས་པར་བྱས་ལ། ལན་མང་དུ་བྱས་ན་འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ་ཞེས་གསུངས་ཏེ། དེ་ནི་རེ་ཞིག་བདག་གི་ཡིད་ཆེས་པའི་ལུང་ཡིན་ན། །བདག་ཇི་ལྟ་ཇི་ལྟར་མི་སྡུག་པ་གོམས་ཤིང་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་མ་སྐྱེས་

པ། མི་སྐྱེ་ཞིང་སྐྱེས་པ་དང་འབྲལ་བར་འགྱུར་བར་བདག་ལ་བདག་ཉིད་ཀྱི་ཡེ་ཤེས་དང་། མཐོང་བ་དང་འཇུག་པ་ཡང་ཡོད་དོ། །རྗེས་སུ་དཔག་པའི་བྱ་བ་འདི་ལྟ་བུ་ཡོད་དེ། དེ་ལྟར་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིད་ལ་བྱེད་པའི་མི་མཐུན་པའི་ཕྱོགས་ཀྱི་དམིགས་པ་སྟེ། ཉོན་མོངས་

เล่ม ๑๒๘ · หน้า 138a

པ་ཇི་ལྟར་སྐྱེ་བར་འགྱུར་སྙམ་དུ་སེམས་ཏེ། དེ་ལྟར་འཐད་པ་སྒྲུབ་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། མི་སྡུག་པ་སྒོམ་པ་གང་ཡིན་པ་དེ་ནི་འདོད་ཆགས་སྤོང་བའི་གཉེན་པོར་འགྱུར་བ་དེ་ནི་གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་

ཁྱབ་པའི་ཆོས་ཉིད་ཡིན་ཏེ། དེ་ནི་བསམ་པར་མི་བྱ། རྣམ་པར་བརྟག་པར་མི་བྱའི་མོས་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ཆོས་ཉིད་ཀྱི་རིགས་པས་མི་སྡུག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དེ། དེ་ནི་རེ་ཞིག་མི་སྡུག་པ་ལ་རབ་ཏུ་བརྩོན་པའི་ལྷག་མཐོང་སྒོ་གསུམ་དང་ལྡན་པ་དང་། གཞི་

རབ་ཏུ་དབྱེ་བ་རྣམ་པ་དྲུག་ལ་དམིགས་པ་ཡིན་ནོ།། །།ཉན་ཐོས་ཀྱི་ས། བམ་པོ་བཅུ་བཞི་པ། ཇི་ལྟར་ན་བྱམས་པ་ལ་དམིགས་པའི་ལྷག་མཐོང་ལ་རབ་ཏུ་བརྩོན་པ་གཞི་རྣམ་པ་དྲུག་ཡོངས་སུ་ཚོལ་བར་བྱེད་ཅེ་ན། བྱམས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་། བསམས་པའི་དབང་

དུ་བྱས་ནས། སེམས་ཅན་རྣམས་ལ་བདེ་བ་ཉེ་བར་སྒྲུབ་པར་མོས་པའི་མཚན་ཉིད་ནི་ཕན་པ་དང་། བདེ་བའི་ལྷག་པའི་བསམས་པ་དང་ལྡན་པའི་བྱམས་པ་ཡིན་ནོ་ཞེས་དེ་ལྟར་དོན་སོ་སོར་རིག་པར་བྱེད་པ་དེ་ནི། དོན་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་དོན་སོ་སོར་རིག་པ་དེ་ཡང་འདི་ནི་མཛའ་བཤེས་ཀྱི་

ཕྱོགས་སོ། །འདི་ནི་དགྲ་བོའི་ཕྱོགས་སོ། །འདི་ནི་ཐ་མལ་པའི་ཕྱོགས་སོ་ཞེས་རྣམ་པར་འབྱེད་པར་བྱེད་དོ། །ཕྱོགས་དེ་དག་ཐམས་ཅད་ཀྱང་གཞན་གྱི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་ཕྱི་རོལ་ཡིན་པས། ཕྱི་རོལ་གྱི་དངོས་པོ་ལ་མོས་པར་བྱེད་པ་ཡིན་ནོ། །ཡང་ན་མཛའ་བཤེས་ཀྱི་ཕྱོགས་ནི་ནང་ཡིན་

ནོ། །དགྲ་བོའི་ཕྱོགས་དང་ཐ་མལ་པའི་ཕྱོགས་ནི་ཕྱི་རོལ་ཡིན་ཏེ། དེ་ལྟར་དངོས་པོ་ལ་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཡང་ཕྱོགས་གསུམ་པོ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ། བདེ་བ་འདོད་པ་གང་དག་ཡིན་པ་དེ་དག་བདེ་བར་གྱུར་ཅིག་ཅེས་རྣམ་པར་འབྱེད་པར་བྱེད་དེ། དེ་

ལ་ཕན་འདོགས་པར་བྱེད་པའི་མཚན་ཉིད་ནི་མཛའ་བཤེས་སོ། །གནོད་པར་བྱེད་པའི་མཚན་ཉིད་ནི་དགྲའོ། །དེ་གཉིས་ལས་བཟློག་པའི་མཚན་ཉིད་ནི་ཐ་མལ་པའི་ཕྱོགས་སོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཕྱོགས་བདེ་བ་འདོད་པ་གང་དག་ཡིན་པ་དེ་དག་གི་བདེ་བ་

เล่ม ๑๒๘ · หน้า 138b

འདོད་པ་ཉིད་ཀྱང་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ནི་འདོད་པའི་བདེ་བ་འདོད་དོ། །ཁ་ཅིག་ནི་གཟུགས་ན་སྤྱོད་པའི་དགའ་བ་དང་བཅས་པའི་བདེ་བ་འདོད་དོ། །ཁ་ཅིག་ནི་དགའ་བ་མེད་པའི་བདེ་བ་འདོད་དོ། །དེ་ལ་གང་དག་འདོད་པའི་བདེ་བས་ཕོངས་པ་དེ་དག་ནི་ཁ་ན་མ་ཐོ་བ་མེད་པ་དེས་བདེ་བར་གྱུར་

ཅིག །དགའ་བ་དང་བཅས་པའི་བདེ་བ་དང་། དགའ་བ་མེད་པའི་བདེ་བ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ལྟར་རང་གི་མཚན་ཉིད་ཀྱི་སྒོ་ནས་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་མཛའ་བཤེས་ཀྱི་ཕྱོགས་གང་ཡིན་པ་དང་། དགྲ་བོའི་ཕྱོགས་གང་ཡིན་པ་དང་། ཐ་མལ་པའི་ཕྱོགས་

གང་ཡིན་པ་དེ་ལ་བདག་གིས་སེམས་མཉམ་པ་དང་། སེམས་སྙོམས་པར་བྱའོ་ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་མཛའ་བཤེས་ཀྱི་ཕྱོགས་གང་ཡིན་པ་དེ་ལ། བདེ་བ་ཉེ་བར་བསྒྲུབ་པ་ཡང་དཀའ་བ་མེད་ལ། བདག་གི་ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་

ལ་ཡང་དཀའ་བ་མེད་ཀྱི། དགྲ་བོའི་ཕྱོགས་ཡིན་པ་དེ་ལ་ནི་ཤིན་ཏུ་དཀའ་ཡང་། བདག་གིས་དེ་ལ་བདེ་བ་ཉེ་བར་བསྒྲུབ་པར་བྱ་དགོས་ན། མཛའ་བཤེས་ཀྱི་ཕྱོགས་དང་ཐ་མལ་པའི་ཕྱོགས་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་གཤེ་བར་བྱེད་པ་དང་།

གཤེ་བར་བྱ་བ་དང་། ཁྲོ་བར་བྱེད་པ་དང་། ཁྲོ་བར་བྱ་བ་དང་། མཚང་འབྲུ་བར་བྱེད་པ་དང་། མཚང་འབྲུ་བར་བྱ་བ་དང་། རྡེག་པར་བྱེད་པ་དང་། བརྡེག་པར་བྱ་བ་འགའ་ཡང་མེད་དེ། དེ་དག་ནི་ཡི་གེ་དེ་དག་གིས་བརྗོད་པར་བྱ་བ་ཁོ་ནར་ཟད་པས། དེ་དག་ནི་སྒྲ་ཙམ་དང་། སྐད་ཙམ་དུ་ཟད་པའི་

ཕྱིར་དང་། གཞན་ཡང་བདག་གང་ལ་གནས་པའི་ལུས་འདི་ལ། འདི་ལྟ་སྟེ། སྒྲའི་རེག་པ་དང་། ལག་པ་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆའི་རེག་པའི་རེག་པ་དེ་ལྟ་བུ་དག་འོང་བར་འགྱུར་བའི་ལུས་འདི་ནི། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་དེ་ལྟ་བུ་

ཡིན་ཏེ། བདག་གི་ལུས་འདི་ཡང་མི་རྟག་པ་ཡིན་ལ་རེག་པ་དེ་དག་དང་གནོད་པ་བྱེད་པ་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་པའི་ཕྱིར་དང་། གཞན་ཡང་སེམས་ཅན་ཐམས་ཅད་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་ཏེ་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བར་

เล่ม ๑๒๘ · หน้า 139a

གྱུར་པ་ཡིན་པས། སེམས་ཅན་དེ་དག་བདག་ཉིད་ཀྱིས་བདག་ཉིད་ལ་བྱེད་པ་ལྟར་ནི། དགྲ་བོ་ཡང་དགྲ་བོ་ལ་ནི་བྱེད་པས། དེའི་ཕྱིར་བདག་གིས་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་ལ་ཡང་སྡུག་བསྔལ་ཉེ་བར་སྒྲུབ་པར་བྱེད་ཅིང་། བདེ་བ་ཉེ་བར་སྒྲུབ་

པར་མི་བྱེད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བཅོམ་ལྡན་འདས་ཀྱིས་ཀྱང་། ཡུན་རིང་པོ་འདས་པ་ནས། གང་དག་ཁྱེད་ཀྱི་ཕ་མ་དང་ཕུ་ནུ་དང་། བུ་སྲིང་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མ་ལྟ་བུར་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་ནི། འགའ་ཡང་ཡང་དག་

པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། དེའི་ཕྱིར་རྣམ་གྲངས་དེས་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཉིད་ཀྱང་དགྲ་བོའི་ཕྱོགས་ཡིན་ལ། དགྲ་བོའི་ཕྱོགས་ཉིད་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཡིན་པས། འདི་ལ་མཛའ་བཤེས་དང་དགྲ་བོའི་དངོས་པོ་འགའ་ཡང་ཡོངས་སུ་གྲུབ་པ་མེད་དེ།

མཛའ་བཤེས་ཀྱང་དུས་ལ་ལར་དགྲ་བོར་འགྱུར་ལ། དགྲ་བོ་ཡང་མཛའ་བཤེས་སུ་འགྱུར་བས། དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་། ལྟ་བ་མཉམ་པ་ཉིད་དང་། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། བདེ་བ་ཉེ་བར་སྒྲུབ་པ་དང་། བདེ་བ་

ཉེ་བར་བསྒྲུབ་པར་མོས་པ་མཉམ་པ་ཉིད་དུ་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་སྤྱིའི་མཚན་ཉིད་ཀྱི་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ཡང་རྒྱས་པར་སྔ་མ་བཞིན་དུ་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ། བདག་གི་གནོད་སེམས་གང་ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ་ཡིན་ནོ། །

རྒྱས་པར་སྔ་མ་བཞིན་དུ་དེ་དག་ལ་ད་ལྟར་བདག་གི་གནོད་སེམས་མེད་པ་གང་ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་མེད་པ་ཡིན་ནོ་ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ་དེ་ལྟར་ན་བྱམས་པའི་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་གང་དག་འདས་པའི་དུས་ལ་བརྟེན་

ཏེ། བདེ་བ་འདོད་པའི་སེམས་ཅན་དེ་དག་ནི་འདས་པ་ཡིན་པས། དེ་དག་ལ་ནི་བདེ་བ་ཅི་ཡང་ཉེ་བར་བསྒྲུབ་ཏུ་(མད་‚མེད་)ཀྱིས། ད་ལྟར་གྱི་སེམས་ཅན་གང་དག་ཡིན་པ་དེ་དག །ད་ལྟར་གྱི་དུས་ནས་བཟུང་སྟེ། མ་འོངས་པའི་དུས་ཀྱི་བར་དུ་རྟག་པར་བདེ་བར་གྱུར་ཅིག་ཅེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ།

เล่ม ๑๒๘ · หน้า 139b

དེ་ལྟར་བྱམས་པས་དུས་ཡོངས་སུ་འཚོལ་བར་བྱེད་དེ། ཡང་དེ་བདེ་བ་འདོད་པ་དང་། བདེ་བ་ཉེ་བར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ལ། བདག་གམ་སེམས་ཅན་ནི་འགའ་ཡང་མེད་ཀྱི། གང་ལ་མིང་དང་། བརྡ་དང་། གདགས་པ་དང་། ཐ་སྙད་དུ་བརྗོད་པ་དེ་ནི་ཕུང་པོ་ཙམ་དུ་ཟད། དེ་ནི་འདུ་བྱེད་

ཙམ་དུ་ཟད་དེ། འདུ་བྱེད་དེ་དག་ཀྱང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་ལྟོས་པའི་རིགས་པས་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །བྱམས་པ་ཀུན་དུ་བརྟེན་ཅིང་གོམས་པར་བྱས་ལ། ལན་མང་དུ་བྱས་ན། གནོད་སེམས་

སྤོང་བར་འགྱུར་ལ། གནོད་སེམས་ཀྱང་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས། དེ་ལྟར་བྱ་བ་བྱེད་པའི་རིགས་པས་བྱམས་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཡིད་ཆེས་པའི་ལུང་ཡང་དེ་ཡིན་ལ་བདག་ལ་བདག་ཉིད་ཀྱི་ཡེ་ཤེས་དང་མཐོང་བ་འཇུག་པ་ཡང་ཡོད་དེ། རྗེས་སུ་དཔག་པར་བྱ་བ་དེ་ལྟ་བུ་ཡང་

ཡོད་དོ་ཞེས་དེ་ལྟར་འཐད་པ་བསྒྲུབ་པའི་རིགས་པས་བྱམས་པ་ཡོངས་སུ་འཚོལ་བར་བྱེད་དོ། །བྱམས་པ་བསྒོམ་པ་གང་ཡིན་པས་གནོད་སེམས་སྤོང་བར་འགྱུར་བ་དེ་ནི་གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ནོ་ཞེས་དེ་ལྟར་ཆོས་ཉིད་ཀྱི་རིགས་པས་བྱམས་པ་ཡོངས་

སུ་ཚོལ་བར་བྱེད་དོ། །དེ་ལ་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ལྷག་མཐོང་ལ་རབ་ཏུ་བརྩོན་པ་ཇི་ལྟར་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ། དེའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་། བསམ་པའི་དབང་དུ་བྱས་ནས་ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང་དེ་དག་

སྐྱེ་ཞིང་། ཆོས་དེ་དང་དེ་དག་འགགས་པས། ཆོས་དེ་དང་དེ་དག་འགག་པར་ཟད་ཀྱི། འདི་ལ་ཆོས་རྣམས་ཀྱི་དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་ཡང་མེད་ལ། ཆོས་རྣམས་འཇུག་པར་བྱེད་པའི་རང་བཞིན་དང་། སྐྱེས་བུ་གཞན་འགའ་ཡང་མེད་དོ་ཞེས་དེ་ལྟར་

དོན་སོ་སོར་རིག་པར་བྱེད་པ་དེ་ནི་དོན་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཡང་དེ་སྲེད་པའི་ཡན་ལག་བཅུ་གཉིས་པོ་དག་ནི་ནང་གི་དང་ཕྱི་རོལ་གྱི་ཡིན་པར་མོས་ཤིང་། རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་མ་རིག་པ་གང་ཡིན་པ་དེ་ནི་སྔོན་གྱི་

เล่ม ๑๒๘ · หน้า 140a

མཐའ་མི་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་དེ་དག་

ཐམས་ཅད་ནི་མ་བྱུང་བ་ལས་འབྱུང་བ་དང་། བྱུང་ནས་ཀྱང་འཇིག་པར་འགྱུར་བའི་རིམ་གྱིས་མི་རྟག་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བ་དང་། རང་དབང་མེད་པ་དང་། ནང་ན་སྐྱེས་བུ་དམིགས་པ་མེད་པའི་ཕྱིར་སྟོང་པ་དང་། བདག་

མེད་པ་ཡིན་ནོ་ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་འདུ་བྱེད་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལ། བདག་ཀུན་དུ་རྨོངས་པ་གང་

ཡིན་པའི་ཆོས་དེ་ནི་ཉོན་མོངས་པ་དང་བཅས་པ་སྟེ། ནག་པོའི་ཕྱོགས་ཡིན་ནོ། །རྨོངས་པ་མེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་མེད་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ་ཞེས་རྒྱས་པར་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །ཡང་དེ་འདས་

པའི་དུས་ལ་བརྟེན་ཏེ། རྟག་པ་དང་། ཡང་དག་པ་དེ་བཞིན་དུ་གནས་པ་གང་ཡིན་པའི་ལུས་ཐོབ་པ་འགལ་ཡང་མེད་ལ། ད་ལྟར་གྱི་དུས་ལ་བརྟེན་ཏེ། མི་གནས་པ་དང་། མ་འོངས་པའི་དུས་སུ་ཡང་གནས་པར་མི་འགྱུར་བར་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་དུས་ཡོངས་སུ་ཚོལ་བར་

བྱེད་དོ། །ཡང་དེ་ལས་ཀྱང་ཡོད། རྣམ་པར་སྨིན་པ་ཡང་ཡོད་ལ། ཆོས་ཀྱི་བརྡར་བཏགས་པ་མ་གཏོགས་པར་བྱེད་པ་པོའམ། མྱོང་བ་པོ་གང་ཡིན་པའི་བྱེད་པ་པོ་མི་དམིགས་པ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དེ་དག་ལ་མིང་ནི་འདི་ཞེས་བྱ།

རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ལྟར་རིང་པོར་གྱུར། ཡུན་ནི་དེ་སྲིད་ཅིག་ཏུ་གནས་གནས། ཚེའི་མཐའ་ནི་འདི་ལྟ་བུར་གྱུར་ཏོ་ཞེས་མིང་དང་བརྡར་ཐ་སྙད་གདགས་པ་ཙམ་དུ་ཟད་དོ་ཞེས་

เล่ม ๑๒๘ · หน้า 140b

བྱ་བ་དང་། གཞན་ཡང་དེ་ལ་འབྲས་བུ་རྣམ་པ་གཉིས་དང་། རྒྱུ་རྣམ་པ་གཉིས་ཡོད་དེ། ལུས་ཀྱི་འབྲས་བུ་དང་། ཡུལ་ལ་ལོངས་སྤྱོད་པའི་འབྲས་བུ་དང་། འཕེན་པའི་རྒྱུ་དང་། མངོན་པར་གྲུབ་པའི་རྒྱུའོ། །དེ་ལ་ལུས་ཀྱི་འབྲས་བུ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། ད་ལྟར་གྱི་

སྐྱེ་མཆེད་དྲུག་པོ་གང་ཡིན་པའོ། །ཡུལ་ལ་ལོངས་སྤྱོད་པའི་འབྲས་བུ་ནི་རེག་པ་དྲུག་ལས་བྱུང་བ་འདོད་པ་དང་། མི་འདོད་པའི་ལས་ཀྱི་དབང་གིས་ཚོར་བ་གང་ཡིན་པའོ། །དེ་ལ་འཕེན་པའི་རྒྱུ་ནི་འབྲས་བུ་རྣམ་པ་གཉིས་ལས། ཀུན་དུ་རྨོངས་པ་དང་། ཀུན་དུ་རྨོངས་པ་སྔོན་དུ་བཏང་བའི་

བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་དང་འདུ་བྱེད་རྣམས་ཀྱིས་ཡང་སྲིད་པར་རྣམ་པར་ཤེས་པའི་མྱུ་གུ་འབྱུང་བར་འགྱུར་བ་དེའི་ས་བོན་ཡོངས་སུ་ཟིན་པ་དང་། རྣམ་པར་ཤེས་པ་ཡང་སྲིད་པར་འབྱུང་བའི་མིང་དང་གཟུགས་ཀྱི་ས་བོན་དང་། སྐྱེ་མཆེད་

དྲུག་གི་ས་བོན་དང་། རེག་པ་དང་ཚོར་བའི་ས་བོན་ཡོངས་སུ་ཟིན་པ་སྟེ། དེ་ལྟར་ཕྱི་མ་ལ་སྐྱེ་བའི་མིང་ཅན་གྱི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམས་སྐྱེད་པར་བྱེད་པའི་ཕྱིར། རིམ་གྱིས་དང་པོ་ཁོ་ནར་ས་བོན་ཡོངས་སུ་ཟིན་པ་

གང་ཡིན་པ་དེ་ནི་འཕེན་པའི་རྒྱུ་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་བར་བྱེད་པ་ན། དེ་ལ་དམིགས་པའི་སྲེད་པས་ཡང་འབྱུང་བའི་སྲེད་པའི་སྲིད་པར་སྐྱེད་པར་བྱེད་ཅིང་། སྲེད་པའི་ཕྱོགས་དང་། གཏི་མུག་གི་ཕྱོགས་ཀྱི་ཉེ་བར་ལེན་

པ་ཡང་ཡོངས་སུ་འཛིན་པར་བྱེད་ལ། དེའི་སྟོབས་དང་། དེའི་མཐུས་ལས་དེའི་རྣམ་པར་སྨིན་པ་སྐྱེད་པར་ནུས་པ་གང་ཡིན་པ་སྟེ། དེ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །རྒྱུ་དེ་གཉིས་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་གསུམ་དང་འབྲེལ་བའི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འབྱུང་

བར་འགྱུར་རོ་ཞེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། དེ་ལྟར་ལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན། གཏི་མུག་སྤོང་བར་འགྱུར་བ་དང་། ཡིད་ཆེས་པའི་ལུང་ཡང་དེ་ཡིན་ལ། བདག་ཉིད་

เล่ม ๑๒๘ · หน้า 141a

ཀྱི་སོ་སོ་རང་གི་རིག་པ་དང་། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཡིན་ལ། གྲགས་པའི་ཆོས་ཉིད་ཀྱང་དེ་ཡིན་ཏེ། དེ་ལྟར་བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཁམས་རབ་ཏུ་དབྱེ་བ་ལ་

དམིགས་པ་ལྷག་མཐོང་ལ་རབ་ཏུ་བརྩོན་པ། ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཁམས་ཀྱི་དོན་ནི་རིགས་ཀྱི་དོན་དང་། ས་བོན་གྱི་དོན་དང་། རྒྱུའི་དོན་དང་། རང་བཞིན་གྱི་དོན་ཏོ་ཞེས་དོན་སོ་སོར་རྟོག་པར་བྱེད་དེ། དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །ས་ལ་སོགས་པ་ཁམས་དྲུག་

པོ་དག །ནང་གི་དང་ཕྱི་རོལ་གྱི་ཡིན་པར་མོས་པར་བྱེད་པ་ནི་དངོས་པོ་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །སའི་མཚན་ཉིད་ནི་སྲ་བའོ་ཞེས་བྱ་བ་ནས། རླུང་གི་མཚན་ཉིད་ནི་ཡང་ཞིང་གཡོ་བའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་ཤེས་པར་བྱེད་པའོ། །ནམ་མཁའི་ཁམས་ནི་

སྦུབས་ཅན་གྱི་མཚན་ཉིད་དང་། གཟུགས་ཀྱི་རྣམ་པ་གསལ་བའི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་དེ་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཁམས་དེ་དག་ཐམས་ཅད་ནི་མི་རྟག་པ་ཉིད་དང་། བདག་མེད་པ་ཉིད་ཀྱི་བར་གྱིས་མཉམ་ཞིང་མཚུངས་པ་ཡིན་ནོ་ཞེས་དེ་ལྟར་

སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཁམས་སྣ་ཚོགས་མི་ཤེས་ཤིང་རིལ་པོར་འདུ་ཤེས་པ། ཁམས་སྣ་ཚོགས་ཅན་གྱི་ལུས་འདིས་ཁེངས་ཤིང་རློམ་སེམས་སུ་བྱེད་པ་གང་ཡིན་པའི་ཆོས་དེ་ནི། ཉོན་མོངས་པ་དང་བཅས་པ་སྟེ། ནག་པོའི་ཕྱོགས་ཡིན་ནོ། །དེ་ལས་བཟློག་པ་

ནི་ཉོན་མོངས་པ་མེད་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ་ཞེས་དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཁམས་དྲུག་པོ་དག་ལ་བརྟེན་ཏེ། མའི་ལྟོ་བར་མངལ་དུ་འཇུག་པར་འགྱུར་རོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་

བྱེད་དོ། །འདི་ལྟ་སྟེ། དཔེར་ན། རྩྭ་དང་། ཤིང་གི་རྐྱེན་ལ་བརྟེན་ཏེ། ནམ་མཁའ་ཀུན་ནས་དཀྲིས་ན། ཁང་པ་ཁང་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ། ཁམས་དྲུག་པོ་དག་ལ་ཡང་བརྟེན། རུས་པ་དང་། ཆུ་རྒྱུས་དང་། པགས་པ་དང་། ཤ་དང་། ཁྲག་གི་རྐྱེན་ལ་ཡང་

เล่ม ๑๒๘ · หน้า 141b

བརྟེན་ཏེ། ནམ་མཁའ་ཀུན་ནས་དཀྲིས་པ་སྔོན་གྱི་ལས་དང་ཉོན་མོངས་པའི་ས་བོན་དང་ལྡན་པའི་གཞི་དེ་དག་ལ། ལུས་ལུས་ཞེས་བྱ་བར་མིང་དང་། བརྡ་དང་། ཐ་སྙད་དུ་རྗོད་པར་བྱེད་དོ་ཞེས་དེ་ལྟར་ལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །ཁམས་རབ་ཏུ་དབྱེ་བ་ཀུན་

དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན། ང་རྒྱལ་སྤོང་བར་འགྱུར་ཏེ། ཡིད་ཆེས་པའི་ལུང་ཡང་དེ་ཡིན། བདག་ཉིད་ཀྱིས་སོ་སོ་རང་གི་ཡེ་ཤེས་མཐོང་བ་དང་། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཡིན། གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་དེ་

ཡིན་ནོ་ཞེས་དེ་ལྟར་བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པའི་དམིགས་པ་རྣམ་པར་དབྱེ་བ་ལ་རབ་ཏུ་བརྩོན་པ། ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་ཅེ་ན།

དབུགས་རྔུབ་པ་དང་། དབུགས་འབྱུང་བ་ནི་དམིགས་པ་ལ་སེམས་ཉེ་བར་གཏད་པས། བརྗེད་པ་མེད་ཅིང་མངོན་པར་བརྗོད་པ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་ལུས་དང་

འབྲེལ་པའི་ཕྱི་ནང་གི་ཡིན་པ་དང་། ཕྱི་རོལ་གྱི་སྐྱེ་མཆེད་ཀྱིས་ཟིན་པ་ཡང་ཡིན་པར་དམིགས་པར་བྱེད་དེ། དེ་ལྟར་ན་དངོས་པོ་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྔུབ་པ་ནི་གཉིས་སོ། །དབུགས་དབྱུང་བ་ཡང་གཉིས་སོ། །རླུང་ནང་དུ་འཇུག་པ་གང་ཡིན་པ་དེ་ནི་དབུགས་རྔུབ་པའོ། །ཕྱིར་

འཐོན་པ་གང་ཡིན་པ་དེ་ནི་དབུགས་འབྱུང་བའོ། །འདི་དག་ནི་དབུགས་རིང་དུ་རྔུབ་པ་དང་འབྱུང་བའོ། །འདི་དག་ནི་ཐུང་བའོ། །འདི་ནི་ལུས་ཐམས་ཅད་སོ་སོར་མྱོང་བའོ། །འདི་ནི་མ་ཡིན་ནོ་ཞེས་དེ་ལྟར་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྔུབ་པ་འགགས་ན་དབུགས་

འབྱུང་བ་འབྱུང་ངོ་། །དབུགས་འབྱུང་བ་འགགས་ན་དབུགས་རྔུབ་པ་འབྱུང་ངོ་། །དབུགས་རྔུབ་པ་དང་འབྱུང་བའི་འཇུག་པ་ནི་སྲོག་གི་དབང་པོ་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་དང་འབྲེལ་བ་ཡིན་ཏེ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྟེན་དང་བཅས་པ་ནི་མི་རྟག་པ་

เล่ม ๑๒๘ · หน้า 142a

ཡིན་ནོ་ཞེས་དེ་ལྟར་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་དྲན་པ་ཉེ་བར་མ་བཞག་པའི་རྣམ་པར་རྟོག་པས་བྱས་པའི་སེམས་ཀུན་དུ་གཡེང་བའི་ཆོས་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་བཅས་པ་སྟེ། ནག་

པོའི་ཕྱོགས་ཡིན་ནོ། །དེ་ལས་བཟློག་པ་ནི་ཉོན་མོངས་པ་མེད་པ་སྟེ། དཀར་པོའི་ཕྱོགས་ཡིན་ནོ་ཞེས་རྒྱ་ཆེར་དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ལུས་དང་སེམས་ལ་རག་ལས་

པ་ཡིན་ལ། ལུས་དང་སེམས་ཀྱང་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་རག་ལས་པ་ཡིན་ནོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་དོ། །འདི་ལ་དབུགས་རྔུབ་པར་བྱེད་པ་དང་། དབུགས་འབྱུང་བར་བྱེད་པའམ། གང་གི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་དག་ནི་འགའ་

ཡང་མེད་མོད་ཀྱི། འོན་ཀྱང་རྒྱུ་ལས་བྱུང་བའི་འདུ་བྱེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དག་ལ། མིང་དང་བརྡ་དང་། ཐ་སྙད་དུ་བརྗོད་པར་ཟད་དོ་ཞེས་དེ་ལྟར་ལྟོས་པའི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ཀུན་དུ་བརྟེན་ཅིང་གོམས་པར་

བྱས། ལན་མང་དུ་བྱས་ན་རྣམ་པར་རྟོག་པ་རྒྱུན་ཆད་པར་འགྱུར་ཏེ། ཡིད་ཆེས་པའི་ལུང་ཡང་དེ་ཡིན། བདག་ཉིད་ཀྱི་སོ་སོ་རང་གི་ཡེ་ཤེས་དང་། མཐོང་བ་དང་། རྗེས་སུ་དཔག་པའི་བྱ་བ་དང་། གྲགས་པའི་ཆོས་ཉིད་ཀྱང་དེ་ཡིན། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་དེ་ཡིན་ནོ་ཞེས་དེ་ལྟར་

བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་དཔྱད་པ་རྣམ་པར་སྦྱོང་བའི་དམིགས་པས་གཞི་དྲུག་ཡོངས་སུ་བཙལ་ནས། སེམས་ཡང་དང་ཡང་དུ་ནང་དུ་ཞི་བར་བྱེད་ཅིང་ལྷག་མཐོང་གི་རྣམ་པ་དག་གིས་ཇི་

ལྟར་བཙལ་བ་དེ་དག་ཉིད་ལ་ཡང་དང་ཡང་དུ་སོ་སོར་རྟོག་པར་ཡང་བྱེད་དེ། དེའི་ཞི་གནས་ལ་བརྟེན་ནས་ལྷག་མཐོང་རྣམ་པར་དག་པར་བྱེད་ཅིང་། ལྷག་མཐོང་ལ་བརྟེན་ནས་ཀྱང་ཞི་གནས་འཕེལ་ཞིང་རྒྱས་པར་འགྱུར་རོ། །མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด