ตัวบทไม่มีชื่อ — ประโยคแรก: རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๒๘ · หน้า 169b
བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་དེ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་། སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས་ན། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་
དམིགས་པ་ལ་ཡང་དག་པར་ཉེ་བར་གཏོད་པ་དང་། དྲན་པ་རྩེ་གཅིག་ཏུ་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི་དང་པོར་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམས་བཞིན་དུ་བགྲངས་པའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིན་
པའི་ཕྱིར་བསྒྲུབས་ཏེ་ཞེས་བྱའོ། །གནས་སོ་ཞེས་བྱ་བ་ནི་ཕྱིས་བསྒོམ་པ་ལན་མང་དུ་བསྒྲུབས་པས་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པའི་ཕྱིར། བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་མཚན་མོ་དང་། ཉིན་མོ་དང་། ཉིན་མཚན་དང་།
ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་འདོད་པའི་བར་དུ་འདའ་བར་བྱེད་པས་ན་གནས་སོ་ཞེས་བྱའོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་
གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལས་སེམས་རྣམ་པར་བཟློག་ནས། རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་ཏིང་ངེ་
འཛིན་གྱི་མཚན་མ་དག་ལ་ལེགས་པར་གཏོད་ཅིང་། དམིགས་པ་ལ་མི་བརྟན་པར་སྤྱོད་པ་ལས་རྣམ་པར་ཕྲལ་ཏེ། དམིགས་པ་ལ་བརྟན་པར་སྤྱོད་པ་ལ་དང་གཅིག་གིས་སེམས་ཞི་བ་དང་དང་བར་འཇུག་པར་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པས་ན། དེའི་ཕྱིར་དེ་རྟོག་པ་དང་
དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི། དེས་བསྒོམ་པ་ཡོངས་སུ་གོམས་པར་བྱ་བའི་ཕྱིར། རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་བར་དུ་གཅོད་ཅིང་སྐབས་སུ་འཆད་པའི་གནས་
เล่ม ๑๒๘ · หน้า 170a
སྐབས་ལས་ཡང་དག་པར་འདས་ཏེ་བར་དུ་གཅོད་པ་མེད་པ་དང་། སྐབས་སུ་འཆད་པ་མེད་པའི་གནས་སྐབས་ཐོབ་པས་ན། དེའི་ཕྱིར་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་གསུངས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པ་དག་
རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་
ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་། བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བས། ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང་། ཡིད་བདེ་བ་དང་ལྡན་པའི་ཕྱིར་དང་བསམ་གཏན་དང་པོའི་རྟོག་པ་དང་། དཔྱོད་
པ་དང་། ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དེའི་གཉེན་པོ་སེམས་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པའི་ཕྱིར། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་གཉིས་པ་ཞེས་བྱ་བ་ནི་
གོ་རིམས་བཞིན་དུ་བགྲང་བའི་ཕྱིར་རོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་
གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི། དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར། དེའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་
བྲལ་བས་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པ་བསམ་གཏན་གསུམ་པ་ལ་སེམས་གཏོད་པར་བྱེད་པ་དེའི་ཚེ་ན། དེའི་སེམས་ཀུན་དུ་འཁྲུག་པར་བྱེད་པའི་སྐྱོན་རྣམ་པ་གཉིས་པོ་བསམ་གཏན་གཉིས་པ་ལ་རྟོག་པ་དང་། དཔྱོད་པ་དང་། ད་ལྟར་
เล่ม ๑๒๘ · หน้า 170b
གྱི་དགའ་བ་དག་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་དུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ནི། སེམས་རྒྱུན་དུ་བཏང་སྙོམས་སུ་གཞག་པ་ལ་གེགས་བྱེད་པ་ཡིན་པས་ན། སེམས་ཀུན་དུ་འཁྲུག་པར་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་
དང་པོ་ལ་ནི་རྟོག་པ་དང་། དཔྱོད་པ་ཡོད་པས་དེས་ན་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་རོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཡོད་པས། དེས་ན་དེར་ཡང་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟ་བས་ན་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དེ་དག་
ལ་བཏང་སྙོམས་ཤས་ཆེར་མེད་པས་དེའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་པ་དེ་ནི་བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེ་བཏང་སྙོམས་ལ་གནས་པ་ན་ཇི་ལྟ་ཇི་ལྟར་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་
པ་དེ་དག་ཀུན་དུ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ་གནས་པར་བྱེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལེགས་པར་གོམས་པར་མ་བྱས་པས་བརྗེད་ངས་པའི་ཕྱིར། བརྒྱ་ལ་བརྒྱ་ལམ་ན། དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་དུ་འབྱུང་བར་གྱུར་ན།
མྱུར་བ་མྱུར་བ་ཁོ་ནར་དེ་དག་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད། ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་སེམས་བཏང་སྙོམས་སུ་བྱེད་པས་ན། དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་གསུངས་
སོ། །བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་ནི། དེ་དེའི་ཚེ་ན་གཟུགས་ཀྱི་ལུས་དང་། ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན། དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་གསུངས་སོ། །འཕགས་པ་རྣམས་ཀྱིས་གང་དེ་ལ་དྲན་པ་དང་ལྡན་
པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་ནི་བསམ་གཏན་གསུམ་པ་མན་ཆད་ལ་ནི། བདེ་བ་དེ་ལྟ་བུ་ཡང་མེད་ལ་རྒྱུན་དུ་བཏང་སྙོམས་ལ་གནས་པ་ཡང་མེད་དོ། །བསམ་གཏན་གསུམ་པའི་གོང་མ་དག་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་མེད་དེ། དེ་ལྟར་འོག་མ་
เล่ม ๑๒๘ · หน้า 171a
དག་ལ་བདེ་བ་དང་བཏང་སྙོམས་མེད་པ་དང་། གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་འདི་ལྟ་སྟེ། བསམ་གཏན་གསུམ་པ་འདི་ནི་དེ་དག་གི་གནས་ཡིན་པས་ན། འཕགས་པས་ཀྱང་དེ་ལ་དམིགས་ཏེ་གནས་པའི་གང་ཟག་གང་ཡིན་པ་དེའི་དབང་དུ་མཛད་ནས། གང་དེ་དྲན་པ་དང་
ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པ་ཞེས་བྱ་བ་ནི་དེ་ལྟར་བཏང་སྙོམས་ལ་གནས་པ་དེས་དེའི་ཚེ་དྲན་པ་དང་ཤེས་བཞིན་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་
བྱས་པའི་རྒྱུས། དགའ་བ་དང་ལྡན་པའི་ཚོར་བས་སེམས་དགའ་བར་བྱེད་པ་དེ་སྤོང་བར་བྱེད་ཅིང་། དགའ་བའི་གཉེན་པོ་དགའ་བ་མེད་པ་ཞི་བ་དང་། རབ་ཏུ་ཞི་བའི་ཚོར་བའི་སེམས་ལས་སྐྱེས་པར་འགྱུར་བས་ན། དེའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་
གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན། བཏང་སྙོམས་དང་། དྲན་པ་ཡོངས་སུ་
དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནི། བདེ་བའི་གཉེན་པོ་ནི་རིགས་འདྲ་བའི་ཕྱིར། སྤོང་བའི་གཉེན་པོ་མ་བསྟན་པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བརྟེན་ཏེ། དེའི་གཉེན་པོ་ཡང་
གང་ཞེ་ན། འདི་ལྟ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་ཡིན་ནོ། །དེ་དག་ལ་བརྟེན་ཅིང་གོམས་པར་བྱས་པས། བསམ་གཏན་གསུམ་པ་ལས་བསྐྱོད་ཅིང་། བསམ་གཏན་གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེ་སྤོང་བར་བྱེད་པས་ན། དེའི་ཕྱིར་དེ་བདེ་བ་ཡང་སྤངས་ཏེ་
ཞེས་བྱ་བ་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི། དེའི་ཚེ་ན་བསམ་གཏན་པ་དེས་བདེ་བ་དང་། སྡུག་བསྔལ་ལས་ཡང་དག་པར་འདས་པའི་རྗེས་སུ་ཐོབ་ཅིང་། དེས་སྔོན་སྤངས་པ་གང་ཡིན་པ་དང་། ད་ལྟར་སྤོང་
เล่ม ๑๒๘ · หน้า 171b
བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པས་ན། དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་བདེ་བ་སྤངས་སོ། །བསམ་གཏན་གཉིས་པ་ལ་
སྙོམས་པར་འཇུག་པའི་ཚེ་ན་ནི་སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་པོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་མི་བདེ་བ་ནུབ་པོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་ནི། དེས་རེ་
ཞིག་བདེ་བ་དང་སྡུག་བསྔལ་སྤངས་པའི་ཕྱིར་དེ་ལ་ཚོར་བའི་ལྷག་མ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཉི་ཚེ་ཡོད་པས་ན། དེའི་ཕྱིར་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི། དེས་དེའི་ཚེ་
ན་བསམ་གཏན་དང་པོ་ཡན་ཆད་ཀྱི་ས་འོག་མའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཐམས་ཅད་སྤངས་པར་གྱུར་ཅིང་། དེ་དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང་དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང་།
ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དེའི་སེམས་དེ་མི་གཡོ་བར་གནས་ཤིང་། གཡོ་བ་ཐམས་ཅད་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་བསྒྲུབས་ཏེ་
གནས་སོ་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སོགས་པ་སྔ་མ་དག་ལ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། །།ཉན་ཐོས་ཀྱི་ས་བམ་པོ་བཅོ་བརྒྱད་པ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་
ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་
เล่ม ๑๒๘ · หน้า 172a
ནི་ནམ་མཁའ་མོས་པར་བྱེད་པའི་ཕྱིར། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་ནི་མི་སྣང་ཞིང་སྐྱོ་ལ་འདོད་ཆགས་དང་བྲལ་བས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་
རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི། དེ་དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་གྱུར་པའི་རྒྱུས་ཁ་དོག་བསགས་པའི་རྒྱུར་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན།
དེའི་ཕྱིར་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི། དེ་དེ་དག་དང་བྲལ་བས་ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་པ་དེ་དག་ཉིད་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་
དང་། གནས་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། དམག་དང་། རི་ལ་སོགས་པར་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམས་ལ་གཏད་ཀྱང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་འབྱུང་བར་མི་འགྱུར་བས་ན། དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་
ཡིད་ལ་མི་བྱེད་པ་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེས་དེ་ལྟར་གཟུགས་དང་། ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་བཤིག་ནས། ནམ་མཁའ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སོ་
སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན།
དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི། དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ཀྱང་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་པ་རང་གི་ས་པའི་
เล่ม ๑๒๘ · หน้า 172b
ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་
སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་བྱ་བ་ནི། དེ་རྣམ་པར་ཤེས་པ་དག་གིས་ནམ་མཁའ་མཐའ་ཡས་པར་མོས་པར་བྱེད་པ། ནམ་མཁའ་
ལ་མཐའ་ཡས་པའི་རྣམ་པར་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་
ཅིང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་
གསུངས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱེད་པས། སྦྱོར་བ་མཐར་
ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པ་ན་དེའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་
བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་ནི། དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་དང་ཡང་ལྡན་པ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་རྙེད་དེ། དེས་དམིགས་པ་དེ་མ་རྙེད་པ་ན། རྣམ་
เล่ม ๑๒๘ · หน้า 173a
ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང་། དེ་ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལན་མང་
དུ་བྱས་པའི་རྒྱུས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱེས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་
མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་
བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང་། ཉེས་དམིགས་
སུ་འདུ་ཤེས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཟློག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི། དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་
འཇུག་པའི་ཚེ་ན་ནི་ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས་ལ། ད་ལྟར་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། ཅི་ཡང་གི་འདུ་ཤེས་དང་། ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་
བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི། དེའི་འདུ་ཤེས་འདི་ལྟ་སྟེ། དཔེར་ན་འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པ་དག་གི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་ལ་མཚན་མ་མེད་པར་འཇུག་པ་ཁོ་
เล่ม ๑๒๘ · หน้า 173b
ན་ཡིན་པས་ན། དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་དེ་ལྟར་སྐྱེ་མཆེད་དེ་ལ་མོས་པར་བྱེད་པ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཤིང་།
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེར་བསྡོགས་དང་བཅས་པས་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཡང་
དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་སའི་འོག་ཏུ་འབྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ་། །གཟུགས་མེད་པ་དག་ལ་སྙོམས་པར་
འཇུག་པའི་ཚེ་ན་ནི། ལུས་ནམ་མཁའ་ལ་འཕར་བ་ལྟར་སྣང་བའི་རྟགས་འབྱུང་ཏེ། དེ་དག་ལ་ཞི་གནས་ཀྱི་རྣམ་པས་བཏང་སྙོམས་སུ་གཞག་ན་ཡང་དག་པའི་རབ་ཏུ་སྦྱོར་བ་ཡིན་ནོ། །དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་
དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སོ་སོའི་སྐྱེ་བོ་ཁོ་ན་སྙོམས་པར་འཇུག་པར་བྱེད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི། འཕགས་པ་ཁོ་ན་སྙོམས་པར་འཇུག་པར་མཛད་དོ། །དེ་ལ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱི་ནི།
སྙོམས་པར་འཇུག་པ་དེ་གཉིས་ལ་སྙོམས་པར་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པས་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བསྐྱོད་ཅིང་དམིགས་པ་ཡང་
དག་པར་འགགས་པའི་ཡིད་ལ་བྱེད་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ། །དེ་ལ་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་ཞེས་བྱ་བ་ནི། འདུ་ཤེས་ལ་མི་
เล่ม ๑๒๘ · หน้า 174a
ཕྱོགས་པའི་ཡིད་ལ་བྱེད་པ་ཡོངས་སུ་བཟུང་ནས། འདུ་ཤེས་བྱུང་ངོ་ཅོག་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་པ་སྟེ། དེས་དེ་བསྒོམས་པའི་རྒྱུས་ན། སྦྱོར་བའི་ལམ་ལ་ནི་སེམས་དང་བཅས་པའི་གནས་སྐབས་སུ་འགྱུར་ལ། སྙོམས་པར་ཞུགས་མ་ཐག་ཏུ་ནི་
སེམས་འབྱུང་བར་མི་འགྱུར་བས། དེ་ལྟར་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། འབྲས་བུ་ཆེ་བ་དག་གི་འདོད་ཆགས་དང་མ་བྲལ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་སུ་འགོག་པ་གང་ཡིན་པ་དེ་ནི།
འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་དེ་ལྟར་འཐོབ་པར་འགྱུར་རོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པའི་འཕགས་པ་མཆོག་ཏུ་ཞི་བའི་གནས་པས་གནས་པར་འདོད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་སེམས་བསྐྱོད་པར་བྱེད་
ཅིང་། དེའི་སེམས་དེ་དེ་ལས་བསྐྱོད་པ་ན་དམིགས་པ་མི་རྙེད་དེ། མ་རྙེད་ན་འགག་ཅིང་འབྱུང་བར་མི་འགྱུར་རོ་སྙམ་ནས། དེ་ལྟར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སློབ་པའམ་དགྲ་བཅོམ་པ་ཡང་རུང་སྟེ། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་
པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་ཐོབ་པར་འགྱུར་རོ། །དེ་ལ་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་པར་འགྲུབ་པར་འགྱུར་ཏེ། ཇི་ལྟར་འགྲུབ་ཅེ་ན། འདི་ལྟ་སྟེ།
བསམ་གཏན་པ་བསམ་གཏན་ཡོངས་སུ་དག་པ་ཐོབ་པ་དེ་བསམ་གཏན་ཡོངས་སུ་དག་པ་དེ་ལ་བརྟེན་ནས་དེས་འདི་ལྟ་སྟེ། རྫུ་འཕྲུལ་གྱི་ཡུལ་ལམ། སྔོན་གྱི་གནས་རྗེས་སུ་དྲན་པའམ། ལྷའི་རྣ་བའམ། འཆི་འཕོ་དང་སྐྱེ་བ་ཤེས་པའམ། སེམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་
ཏེ། མངོན་པར་ཤེས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་། བཟུང་བ་དང་། ཀུན་ཆུབ་པར་བྱས་པ་གང་ཡིན་པ་དེ་ཉིད་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། དོན་སོ་སོ་ཡང་
เล่ม ๑๒๘ · หน้า 174b
དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེས། དེ་ལྟ་དེ་ལྟར་སེམས་མངོན་པར་འདུས་བྱས་ཤིང་ལན་མང་དུ་བྱས་པའི་རྒྱུས་ན། དེའི་བསྒོམས་པའི་འབྲས་བུ་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་བའི་དུས་ཀྱང་ཡོད་སྐབས་ཀྱང་ཡོད་པར་འགྱུར་རོ། །གཞན་ཡང་དེ་
ལྟར་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེ། མངོན་པར་ཤེས་པ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར་འདུ་ཤེས་རྣམ་པ་བཅུ་གཉིས་སྒོམ་པར་བྱེད་དེ། འདི་ལྟ་སྟེ། ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་དང་། ནམ་མཁའི་
ཁམས་ཀྱི་འདུ་ཤེས་དང་། སེམས་དང་ལུས་ཕྲད་པའི་འདུ་ཤེས་དང་། མོས་པའི་འདུ་ཤེས་དང་། སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམས་རྗེས་སུ་དྲན་པའི་འདུ་ཤེས་དང་། རྣམ་པ་སྣ་ཚོགས་འདུས་པའི་སྒྲ་སྐད་ཀྱི་འདུ་ཤེས་དང་། སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་དང་།
ཉོན་མོངས་པས་བྱས་པའི་གཟུགས་རྣམ་པར་འགྱུར་བའི་འདུ་ཤེས་དང་། རྣམ་པར་ཐར་པའི་འདུ་ཤེས་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་འདུ་ཤེས་དང་། ཟད་པར་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སོ། །དེ་ལ་ཡང་བའི་འདུ་ཤེས་ནི་འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ་དཔེར་
ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བའམ། རླུང་གི་དཀྱིལ་འཁོར་ལྟར་ཡང་བར་མོས་པར་བྱེད་པ་སྟེ། དེ་དེ་ལྟར་མོས་པར་བྱེད་པ་ན། མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། ཁྲིའི་སྟེང་ནས་ཁྲིའུའི་སྟེང་དུའམ། ཁྲིའུའི་སྟེང་ནས་
ཁྲིའི་སྟེང་དུའམ། དེ་བཞིན་དུ་ཁྲིའི་སྟེང་ནས་རྩྭ་བཏིང་བའི་སྟེང་དུའམ། རྩྭ་བཏིང་བའི་སྟེང་ནས་ཁྲིའི་སྟེང་དེ་དང་དེ་དག་ཏུ་འདོང་བར་བྱེད་དོ། །དེ་ལ་འཇམ་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། དཔེར་ན། ཤིང་བལ་ལམ། སྲིན་བལ་ལམ། དར་
ལྟར་འཇམ་པར་མོས་པར་བྱེད་པ་སྟེ། དེ་ལྟར་ན་(འཛམ་‚འཇམ་)པའི་འདུ་ཤེས་འདི་ནི་ཡང་བའི་འདུ་ཤེས་གསོ་བར་བྱེད་པ་དང་། རྗེས་སུ་འཛིན་པར་བྱེད་པ་ཡིན་པས་དེས་རྗེས་སུ་ཟིན་ན་ཡང་བའི་འདུ་ཤེས་ཀྱང་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །དེ་ལ་ནམ་མཁའི་ཁམས་ཀྱི་འདུ་ཤེས་ནི།
เล่ม ๑๒๘ · หน้า 175a
འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་ཡང་བ་ཉིད་དང་། འཇམ་པ་ཉིད་དུ་མོས་པར་བྱས་ནས། གལ་ཏེ་གང་དུ་འགྲོ་འདོད་པའི་བར་དེ་ན་འགྲོ་བ་ལ་བར་ཆད་བྱེད་པའི་གཟུགས་ཀྱི་རྣམ་པས་ཆོད་པ་དེ་ལ་མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་ནམ་མཁར་མོས་པར་
བྱེད་པའོ། །དེ་ལ་སེམས་དང་ལུས་ཕྲད་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་སེམས་ལ་ལུས་གནས་པར་གཏོད་པ་དང་། ལུས་ལ་སེམས་གནས་པར་གཏོད་པར་བྱེད་པ་སྟེ། དེས་ནི་དེའི་ལུས་ཤིན་ཏུ་ཡང་བ་དང་། ཤིན་ཏུ་འཇམ་པ་དང་། ཤིན་ཏུ་ལས་སུ་རུང་བ་དང་། ཤིན་ཏུ་འོད་
གསལ་བ་དང་། སེམས་ཀྱི་རྗེས་སུ་འགྲོ་བ་དང་། སེམས་དང་འབྲེལ་བ་དང་། སེམས་ལ་རྟེན་ཅིང་འཇུག་པར་འགྱུར་རོ། །དེ་ལ་མོས་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་རྒྱང་རིང་པོ་ལ་ཐག་ཉེ་བ་དང་། ཐག་ཉེ་བ་ལ་རྒྱང་རིང་པོ་དང་། ཕྲ་མོ་ལ་རགས་པ་དང་། རགས་པ་ལ་ཕྲ་
མོ་དང་། ས་ལ་ཆུ་དང་། ཆུ་ལ་ས་དང་། དེ་བཞིན་དུ་འབྱུང་བ་ཆེན་པོ་རེ་རེ་ཡང་གཅིག་ལ་གཅིག་འཁྲུལ་པར་རྒྱ་ཆེར་མོས་པར་བྱེད་པ་དང་། དེ་བཞིན་དུ་སྤྲུལ་པ་གཟུགས་སྤྲུལ་པ་དང་། སྒྲ་སྤྲུལ་པ་དང་། སྤྲུལ་པའི་སྒྲ་ལ་མོས་པར་བྱེད་པ་སྟེ། འདུ་ཤེས་རྣམ་པ་ལྔ་པོ་དེ་དག་བསྒོམས་ཤིང་
ཡོངས་སུ་གྲུབ་པ་དག་གིས་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། སྤྲུལ་པ་ལ་མོས་པའི་འདུ་ཤེས་ཀྱིས་ནི་བདག་ཉིད་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། སྤྲུལ་པ་སྡུད་པ་ལ་མོས་པར་བྱེད་པའི་འདུ་ཤེས་ཀྱིས་ནི་བདག་ཉིད་
མང་པོར་བསྟེན་ནས་གཅིག་ཏུ་འགྱུར་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། ཡང་བ་དང་། འཇམ་པ་དང་། ནམ་མཁའི་ཁམས་དང་། སེམས་དང་ལུས་ཕྲད་པའི་འདུ་ཤེས་ཀྱིས་ཡོངས་སུ་ཟིན་པར་མོས་པའི་འདུ་ཤེས་ཀྱིས་ནི། ལུས་ཀྱིས་ཐོགས་པ་མེད་པར་རྩིག་པ་ལ་ཡང་ཐད་ཀར་འགྲོ་བ་དང་།
ར་བ་ལ་ཡང་ཐད་ཀར་འགྲོ་བ་དང་། རི་ལ་ཡང་ཐད་ཀར་འགྲོ་བ་དང་། ས་ལ་ཡང་འདི་ལྟ་སྟེ། དཔེར་ན་ཆུ་ལ་བྱ་བ་བཞིན་དུ་སྟེང་དུ་འབྱུང་བ་དང་། བྱེའུ་ཟུལ་བྱེད་པ་དང་། ཆུ་ལ་ཡང་འདི་ལྟ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་དུ་མི་ནུབ་པར་རྒྱུན་ཕྱོགས་སུ་འགྲོ་བ་དང་། ནམ་མཁའ་ལ་
เล่ม ๑๒๘ · หน้า 175b
འདི་ལྟ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་དུ་སྐྱིལ་མོ་ཀྲུང་གིས་འགྲོ་བ་དང་། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་འདི་གཉིས་ལ་ཡང་ལག་པས་འཛིན་ཅིང་། ཀུན་དུ་ཉུག་པར་བྱེད་པ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་
དབང་སྒྱུར་བར་བྱེད་པ་དེ་དག་ཐམས་ཅད་ཅི་རིགས་པར་བྱེད་པར་རིག་པར་བྱའོ། །དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བ་ནི་རྣམ་པ་གཉིས་ཏེ། འགྲོ་བས་དབང་སྒྱུར་བར་བྱེད་པ་དང་། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་འབྱུང་བ་ཆེན་པོ་བཞི་དང་། རྒྱུར་བྱས་པའི་གཟུགས་རྣམས་
པ་ཇི་ལྟར་འདོད་པ་བཞིན་དུ་མོས་པས་དབང་སྒྱུར་བར་བྱེད་པའོ། །དེ་ལ་སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམས་རྗེས་སུ་དྲན་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་གཞོན་ནུའི་གནས་སྐབས་ནས་བཟུང་སྟེ། དེ་ལ་དེའི་དྲན་པས་འཇུག་ཅིང་མི་བརྗེད་པར་བྱེད་པ་དང་། གང་དུ་དེ་སོང་བ་དང་།
འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། སྔོན་ཉམས་སུ་མྱོང་བའི་སྤྱོད་པ་རགས་པ་རགས་པ་གོ་རིམས་མ་འཁྲུགས་ཤིང་ཐོད་རྒལ་དུ་མ་གྱུར་པ་ཐམས་ཅད་རྒྱ་ཆེར་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རབ་ཏུ་ཤེས་པ་སྟེ། དེ་གོམས་པར་བྱས་པའི་རྒྱུས་བསྒོམས་པའི་འབྲས་བུ་སྔོན་གྱི་
གནས་རྣམ་པ་དུ་མ་རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས་པའི་བར་དུ་རྒྱ་ཆེར་ཡང་དག་པར་རྗེས་སུ་དྲན་ནོ། །དེ་ལ་རྣམ་པ་སྣ་ཚོགས་འདུས་པའི་སྒྲ་སྐད་ཀྱི་འདུ་ཤེས་ནི་གྲོང་ངམ། གྲོང་རྡལ་ལམ། བཟོ་སྦྱངས་ཀྱི་གནས་སམ། འདྲེན་མའི་ནང་ངམ། འཁོར་གྱི་ནང་ངམ། ཁང་
ཁྱིམ་ཆུ་ཞེང་གབ་པའམ། གནས་ཁང་གང་དུ་སྐྱེ་བོའི་ཚོགས་རྣམ་པ་སྣ་ཚོགས་འདུས་ཏེ་འཁོད་པ་དེ་དག་གི་སྒྲ་སྐད་འདྲེན་མ་སྣ་ཚོགས་འབྱུང་བ་གང་ཡིན་པ་སྟེ། དེ་ནི་ཀླག་ཅོར་གྱི་སྒྲ་ཞེས་ཀྱང་བྱའོ། །ཡང་ན་ཆུ་ཀླུང་ཆེན་པོ་འབབ་པའི་སྒྲ་ཡང་རུང་སྟེ། དེ་ལ་འདུ་ཤེས་བསྒོམ་པ་གང་ཡིན་
པའི་མཚན་མ་བཟུང་ནས། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་དེས་དབུས་དང་། མཐའ་འཁོབ་པ་དང་། ལྷ་དང་། མིའི་སྒྲ་རྒྱང་རིང་པོ་དག་དང་། ཐག་ཉེ་བ་དག་ལ་སེམས་གཏོད་པར་བྱེད་དོ། །དེ་ལན་མང་དུ་བྱས་པའི་རྒྱུས་བསྒོམས་པའི་འབྲས་བུ་ལྷའི་རྣ་བ་ཐོབ་པར་འགྱུར་
เล่ม ๑๒๘ · หน้า 176a
ཏེ། དེས་ནི་ལྷ་དང་མིའི་སྒྲ་རྒྱང་རིང་པོ་གང་དག་ཡིན་པ་དང་། ཐག་ཉེ་བ་གང་དག་ཡིན་པ་རྣམས་ཀྱང་ཐོས་པར་འགྱུར་རོ། །དེ་ལ་སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་ནི། སྔ་མ་བཞིན་དུ་སྣང་བའི་མཚན་མ་བཟུང་ནས། མཚན་མ་དེ་ཉིད་ཡིད་ལ་བྱེད་པ་དང་། དགེ་
བ་དང་མི་དགེ་བའི་ལས་བྱེད་པ་ལ་སོགས་པ་བྱེ་བྲག་གི་སེམས་ཅན་སྣ་ཚོགས་སུ་གྱུར་པ་དག་ལས་མཚན་མ་བཟུང་ནས། མཚན་མ་དེ་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་ཞེས་བྱ་སྟེ། དེ་གོམས་པར་བྱས་པའི་རྒྱུས་བསྒོམས་པའི་འབྲས་བུ་འཆི་འཕོ་
དང་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་ཏེ། ལྷའི་མིག་རྣམ་པར་དག་པ་དེས་ནི་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་མཐོང་བར་འགྱུར་རོ། །དེ་ལ་ཉོན་མོངས་པས་བྱས་པའི་གཟུགས་རྣམ་པར་འགྱུར་བའི་འདུ་ཤེས་
ནི། འདུ་ཤེས་གང་གིས་ཆགས་པ་དང་། ཞེ་སྡང་དང་། རྨོངས་པ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། ཡོངས་སུ་གདུང་བ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་
ཉོན་མོངས་པ་ཀུན་ནས་དཀྲིས་པའི་སེམས་དང་ལྡན་པའི་སེམས་ཅན་རྣམས་ཀྱི་གཟུགས་ཀྱི་གནས་སྐབས་ལ་ཉེ་བར་རྟོག་པར་བྱེད་ཅིང་ཡོངས་སུ་གཅོད་པར་བྱེད་པ་སྟེ། ཆགས་པར་བྱེད་པའི་གཟུགས་རྣམ་པར་གྱུར་པའི་གཟུགས་ཀྱི་གནས་སྐབས་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དབང་པོ་
རྒོད་པ་དང་། དབང་པོ་འདམ་བུ་ལྟར་མཐོང་བ་དང་། བཞིན་འཛུམ་པར་བྱེད་པ་ཡིན་ནོ། །ཞེ་སྡང་བར་གྱུར་པའི་གཟུགས་རྣམ་པར་གྱུར་པའི་གཟུགས་ཀྱི་གནས་སྐབས་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། བཞིན་གྱི་མདོག་གྱུར་པ་དང་། སྐད་འདར་འདར་པོར་གྱུར་པ་དང་། ཁྲོ་གཉེར་འདུས་པར་གྱུར་པ་
ཡིན་ནོ། །རྨོངས་པར་གྱུར་པའི་གཟུགས་རྣམ་པར་གྱུར་པའི་གཟུགས་ཀྱི་གནས་སྐབས་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། ལྐུགས་པ་དང་། དོན་ངེས་པར་བརྟགས་པ་བརྡ་མི་ཕྲད་པ་དང་། ཕལ་པའི་ཚིག་རྗོད་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་དེ་ལྟ་བུ་དང་མཐུན་པའི་རྣམ་པ་དག་དང་། ངོ་ཚ་མེད་པ་
เล่ม ๑๒๘ · หน้า 176b
དང་། ཁྲེལ་མེད་པའི་བར་གྱིས་ཀུན་ནས་དཀྲིས་པར་གྱུར་པའི་གཟུགས་རྣམ་པར་གྱུར་པ། གཟུགས་ཀྱི་གནས་སྐབས་གང་དག་ཡིན་པ་དེ་དག་ལས་མཚན་མ་བཟུང་ནས། མཚན་མ་དེ་ཉིད་ཡིད་ལ་བྱེད་ཅིང་། དེ་ལ་ལན་མང་དུ་བྱས་པའི་རྒྱུས་བསྒོམས་པའི་འབྲས་བུ་སེམས་ཀྱི་རྣམ་
གྲངས་ཤེས་པ་འབྱུང་བ་འགྱུར་ཏེ། དེས་ནི་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་རྣམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའི་ཡིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་
སྐྱེ་མཆེད་ཀྱི་འདུ་ཤེས་བསྒོམ་པ་ནི། འདི་ལྟ་སྟེ། སྔར་མཉམ་པར་བཞག་པའི་ས་པའི་སྐབས་སུ་བསྟན་པ་བཞིན་དུ་རིག་པར་བྱ་སྟེ་དེ་དག་བསྒོམས་པས་ནི། འཕགས་པའི་རྫུ་འཕྲུལ་དངོས་པོ་སྒྱུར་བ་དང་། སྤྲུལ་པ་དང་། མོས་པ་དང་། འདི་ལྟ་སྟེ། ཉོན་མོངས་པ་མེད་པ་དང་།
སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་པོ་འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་མངོན་པར་འགྲུབ་པར་འགྱུར་
རོ། །དེ་ལ་འཕགས་པ་དང་། འཕགས་པ་མ་ཡིན་པའི་རྫུ་འཕྲུལ་ལ་བྱེ་བྲག་ནི་འདི་ཡོད་དོ། །འཕགས་པའི་རྫུ་འཕྲུལ་ནི་འདི་ལྟ་སྟེ། དངོས་པོ་གང་དང་གང་སྒྱུར་བར་མཛད་པ་དང་། སྤྲུལ་པ་གང་དང་། གང་སྤྲུལ་པར་མཛད་པ་དང་། གང་དག་གང་ལ་མོས་པར་མཛད་པ་དེ་དང་
དེ་དག་ཐམས་ཅད་གཞན་དུ་མི་འགྱུར་ཞིང་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་དག་གིས་བྱ་བ་བྱེད་ནུས་པ་ཡིན་ནོ། །འཕགས་པ་མ་ཡིན་པའི་རྫུ་འཕྲུལ་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པ་བཞིན་དུ་སྣང་བ་ཙམ་དུ་སྟོན་པར་ཟད་དོ། །དེ་ལྟར་འདུ་ཤེས་བཅུ་གཉིས་པོ་དེ་དག་ཀུན་དུ་བརྟེན་
ཅིང་གོམས་པར་བྱས། ལན་མང་དུ་བྱས་ན། འདི་ལྟ་སྟེ་མངོན་པར་ཤེས་པ་ལྔ་པོ་དག་ཅི་རིགས་པར་འཐོབ་པ་དང་། འཕགས་པ་རྣམས་ཀྱི་ཡོན་ཏན་སོ་སོ་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་དག་ཀྱང་ཅི་རིགས་པ་མངོན་པར་འགྲུབ་པར་རིག་པར་བྱའོ། །དེ་ལ་བསམ་གཏན་དང་པོ་དང་ཆུང་ངུ་དང་།
เล่ม ๑๒๘ · หน้า 177a
འབྲིང་དང་། ཆེན་པོར་བསྒོམས་ན། ཚངས་རིགས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་གྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་བ་མཉམ་པར་སྐྱེའོ། །བསམ་གཏན་གཉིས་པ་ཆུང་ངུ་དང་། འབྲིང་དང་ཆེན་པོར་བསྒོམས་ན། འོད་ཆུང་དང་། ཚད་མེད་འོད་
དང་། འོད་གསལ་གྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་པ་མཉམ་པར་སྐྱེའོ། །བསམ་གཏན་གསུམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་བསྒོམས་ན། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་པ་མཉམ་པར་སྐྱེའོ། །བསམ་གཏན་བཞི་པ་ཆུང་ངུ་དང་།
འབྲིང་དང་། ཆེན་པོར་བསྒོམས་ན། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་ཅི་རིགས་པར་སྐལ་པ་མཉམ་པར་སྐྱེའོ། །གལ་ཏེ་འཕགས་པའི་ཕྱིར་མི་འོང་བས་ཟག་པ་མེད་པའི་བསམ་གཏན་བཞི་དང་། ཟག་པ་དང་བཅས་པ་སྤེལ་མར་བསྒོམ་ཞིང་དེ་ལ་ཡང་། ཆུང་ངུ་
དང་། འབྲིང་དང་། ཆེན་པོ་དང་། ཆེས་ཆེ་བ་དང་། ཤིན་ཏུ་ཆེ་བར་བསྒོམས་ན། འདི་ལྟ་སྟེ་གནས་གཙང་མ་ལྔ་པོ་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། འོག་མིན་གྱི་ལྷ་རྣམས་དང་ཅི་རིགས་པར་སྐལ་བ་མཉམ་པར་སྐྱེའོ། །ནམ་མཁའ་དང་། རྣམ་
ཤེས་དང་། ཅི་ཡང་མེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཆུང་ངུ་དང་། འབྲིང་དང་། ཆེན་པོར་བསྒོམས་ན་ཡང་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་སྟེ།
ལྷ་དེ་དག་ནི་གཟུགས་མེད་པས་ན་དེའི་ཕྱིར་དེ་དག་ལ་གནས་གཞན་བྱེ་བྲག་ཏུ་དབྱེ་བ་ནི་མེད་ཀྱི། གནས་པའི་བྱེ་བྲག་ནི་ཡོད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྒོམས་ན་ནི། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །དེ་ལ་འདོད་ཆགས་དང་བྲལ་བའི་
རྟགས་གང་ཞེ་ན་སྨྲས་པ། ལུས་ཀྱི་ལས་ཀྱི་མཐའ་བརྟན་པ་དང་། དབང་པོ་མི་གཡོ་བ་དང་། དེའི་སྤྱོད་ལམ་མྱུར་དུ་མི་འཇིག་པ་དང་། སྤྱོད་ལམ་གཅིག་གིས་ཀྱང་ཡོངས་སུ་སྐྱོ་བ་མེད་ཅིང་། དུས་ཡུན་རིང་དུ་འདའ་བར་བྱེད་པ་དང་། སྤྱོད་ལམ་གཞན་ལ་མྱུར་དུ་དགའ་བར་མི་
เล่ม ๑๒๘ · หน้า 177b
བྱེད་པ་དང་། ཚིག་ཉུང་ངུ་སྨྲ་བ་དང་། རབ་ཏུ་ཞི་བར་སྨྲ་བ་དང་། བྲེ་མོ་གཏམ་ལ་མི་དགའ་བ་དང་། འདུ་འཛི་ལ་མི་དགའ་བ་དང་། དེའི་ཚིག་བརྟན་པར་འབྱུང་བ་དང་། མིག་གིས་གཟུགས་རྣམས་མཐོང་ནས་གཟུགས་སོ་སོར་ཡང་དག་པར་རིག་པར་བྱེད་ཅིང་གཟུགས་ལ་འདོད་ཆགས་ཀུན་དུ་
མི་འབྱུང་བ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སོ་སོར་ཡང་དག་པར་རིག་པར་བྱེད་ཅིང་། རེག་བྱའི་བར་ལ་འདོད་ཆགས་ཀུན་དུ་མི་འབྱུང་བ་དང་། འཇིགས་པ་མེད་པ་དང་། བློ་ཟབ་པ་དང་། ཤིན་ཏུ་སྦྱངས་པ་ཆེན་པོས་ལུས་དང་སེམས་ཉེ་བར་(བསྐར་‚བསྐོར་)བ་དང་། བརྣབ་
སེམས་མེད་པ་དང་། འཁྲུག་པ་མེད་པ་དང་། བཟོད་པ་དང་ལྡན་པ་དང་། དེའི་སེམས་ལ་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་ཀུན་ནས་འཁྲུག་པ་མེད་པ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་འདོད་ཆགས་དང་བྲལ་བའི་རྟགས་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་ནི་རེ་ཞིག་འཇིག་རྟེན་པའི་
ལམ་གྱིས་འགྲོ་བའི་རྣམ་པ་དབྱེ་བ་ཡིན་ནོ། །གལ་ཏེ་དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བར་འདོད་ན་ནི། འཕགས་པའི་བདེན་པ་བཞི་པོ་དག་ལས་བརྩམས་ནས་དགྲ་བཅོམ་པ་ཉིད་ཐོབ་ཀྱི་བར་དུ་དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ལ་སོགས་པ་ནས་སྦྱོར་བ་མཐར་ཐུག་པའི་
འབྲས་བུ་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་བདུན་པོ་དག་རིམ་གྱིས་འབྱུང་བར་འགྱུར་ཏེ། དེ་ལ་འཕགས་པའི་བདེན་པ་བཞི་པོ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་བཅས་པ་ཐོས་ཤིང་བཟུང་ལ་ལེགས་པར་བསྒོམས་ཤིང་ཡིད་ལ་བྱེད་པའམ། བསམ་གཏན་དང་གཟུགས་མེད་
པའི་དངོས་གཞི་ཐོབ་པའི་རྣལ་འབྱོར་སྤྱོད་པ་ལ་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྣམ་པ་བཞི་པོ་འདི་ལྟ་སྟེ། རྒྱུའི་
རྣམ་པ་དང་། ཀུན་འབྱུང་བའི་རྣམ་པ་དང་། རབ་ཏུ་སྐྱེ་བའི་རྣམ་པ་དང་། རྐྱེན་གྱི་རྣམ་པས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྣམ་པ་བཞི་པོ་འདི་ལྟ་སྟེ། འགོག་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། གྱ་ནོམ་པའི་རྣམ་པ་དང་། ངེས་པར་འབྱུང་བའི་
เล่ม ๑๒๘ · หน้า 178a
རྣམ་པས་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྣམ་པ་བཞི་པོ་འདི་ལྟ་སྟེ། ལམ་གྱི་རྣམ་པ་དང་། རིགས་པའི་རྣམ་པ་དང་། སྒྲུབ་པའི་རྣམ་པ་དང་། ངེས་པར་འབྱིན་པའི་རྣམ་པས་བདེན་པ་ལམ་གྱི་མཚན་ཉིད་སོ་སོར་རིག་པར་
བྱེད་པ་སྟེ། དེ་ནི་དེའི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་རྣམ་པ་བཅུས་བདེན་པ་སྡུག་བསྔལ་ལ་ཡོངས་སུ་རྟོག་པར་བྱེད་པ་ན། རྣམ་པ་བཞི་པོ་དག་གིས་རྗེས་སུ་འཇུག་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འགྱུར་བའི་རྣམ་པ་དང་། འཇིག་པའི་རྣམ་
པ་དང་། བྲལ་བའི་རྣམ་པ་དང་། ཆོས་ཉིད་ཀྱི་རྣམ་པ་དང་། ཉེ་བའི་རྣམ་པ་དང་། ཀུན་དུ་སྦྱོར་བ་དང་འཆིང་བའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། གྲུབ་པ་དང་བདེ་བ་མེད་པའི་རྣམ་པ་དང་། དམིགས་སུ་མེད་པའི་རྣམ་པ་དང་། རང་དབང་མེད་པའི་རྣམ་པས་སོ། །རྣམ་
པ་བཅུ་པོ་དེ་དག་ཀྱང་འཐད་པ་སྒྲུབ་པའི་རིགས་པས་ཉེ་བར་བརྟག་པར་བྱ་སྟེ། དེ་ལ་རེ་ཞིག་ཡིད་ཆེས་པའི་ལུང་ནི། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་ཇི་སྐད་གསུངས་པ་སྟེ། འདུ་བྱེད་དེ་དག་ཀྱང་མདོར་བསྡུ་ན། རྣམ་པ་གཉིས་ཏེ། སེམས་
ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་མཛད་ནས། དགེ་སློང་དག་ངས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་
འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའི་བར་དག་ཀྱང་གཟིགས་སོ་ཞེས་གསུངས་པའི་རྣམ་གྲངས་དེས་ནི། བཅོམ་ལྡན་འདས་སྤྱན་དང་ལྡན་པ་མངོན་སུམ་གྱིས་གཟིགས་པ་མངའ་བས་རེ་ཞིག་སེམས་ཅན་གྱི་འཇིག་རྟེན་ལ་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་
ཀྱིས་སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་མཛད་ནས། འདི་ལྟ་སྟེ་ཉི་མ་བདུན་ལྟ་བུ་ཞེས་བྱ་བའི་མདོ་ལས། དགེ་སློང་དག་དུས་ཡུན་རིང་པོ་འདས་པའི་འོག་ཏུ་འཇིག་རྟེན་དུ་རིམ་གྱིས་ཉི་མ་བདུན་འཆར་བའི་བར་དག་འབྱུང་བ་དང་། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་དང་། ཚངས་པའི་འཇིག་
เล่ม ๑๒๘ · หน้า 178b
རྟེན་གྱི་བར་གྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བསྲེགས་ཤིང་གཞོབ་ཏུ་བརླགས་ནས། དུ་བ་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་བའི་དུས་ཀྱང་ཡོད། སྐབས་ཀྱང་ཡོད་པར་འགྱུར་རོ་ཞེས་གསུངས་པའི་རྣམ་གྲངས་དེས་ནི། བཅོམ་ལྡན་འདས་སྤྱན་དང་ལྡན་པ་མངོན་སུམ་
དུ་གཟིགས་པ་མངའ་བས། སྣོད་ཀྱི་འཇིག་རྟེན་གྱི་མི་རྟག་པ་ཉིད་བསྟན་པ་ཡིན་པས་ན་རྣལ་འབྱོར་པ་དེས་རེ་ཞིག་ཡིད་ཆེས་པའི་ལུང་དེ་ལ་བརྟེན་ནས་དད་པའི་དབང་དུ་བྱས་ཏེ། འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཉིད་ལ་ངེས་པ་ཐོབ་པར་འགྱུར་རོ། །དེས་དེ་ལྟར་ངེས་པ་ཐོབ་ནས་དད་པའི་
དབང་དུ་བྱས་ཏེ། མི་རྟག་པ་ཉིད་ལ་མངོན་སུམ་ཉིད་དང་ལྐོག་ཏུ་མ་གྱུར་བ་ཉིད་དང་། གཞན་གྱི་དྲིང་མི་འཇོག་པ་ཉིད་ཡང་དང་ཡང་དུ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ཡོངས་སུ་ཚོལ་བར་བྱེད་ཅེ་ན། སྨྲས་པ་དངོས་པོ་གཉིས་རྣམ་པར་འཇོག་པར་བྱེད་དེ། གཉིས་གང་ཞེ་ན། ནང་གི་དངོས་པོ་
དང་། ཕྱི་རོལ་གྱི་དངོས་པོའོ། །དེ་ལ་ནང་གི་དངོས་པོ་ནི་སྐྱེ་མཆེད་དྲུག་པོ་གང་ཡིན་པ་དག་གོ། །ཕྱི་རོལ་གྱི་དངོས་པོ་ནི་དངོས་པོ་རྣམ་པ་བཅུ་དྲུག་སྟེ། བཅུ་དྲུག་གང་ཞེ་ན། ས་གཞིའི་དངོས་པོ་འདི་ལྟ་སྟེ། གྲོང་དང་། གྲོང་རྡལ་དང་། ཁང་ཁྱིམ་དང་། ཚོང་ཁང་ལ་སོགས་པ་དང་།
ཀུན་དགའ་ར་བའི་དངོས་པོ་འདི་ལྟ་སྟེ། ཤིང་ལྗོན་པ་དང་། རྩྭ་དང་། སྨན་དང་། ནགས་ཚལ་ལ་སོགས་པ་དང་། རིའི་དངོས་པོ་འདི་ལྟ་སྟེ། རི་རྣམ་པ་སྣ་ཚོགས་སུ་གནས་པ་རྣམས་དང་། ཆུའི་དངོས་པོ་འདི་ལྟ་སྟེ། ཆུ་མིག་དང་། མཚོ་དང་། མཚེའུ་དང་། ཆུ་ཀླུང་ལ་སོགས་པ་
དང་། ལས་ཀྱི་མཐའི་དངོས་པོ་འདི་ལྟ་སྟེ། ཞིང་ལ་སོགས་པ་དང་། སོག་འཇོག་གི་དངོས་པོ་མཛོད་ལ་སོགས་པ་དང་། ཟས་ཀྱི་དངོས་པོ་དང་། སྐོམ་གྱི་དངོས་པོ་དང་། བཞོན་པའི་དངོས་པོ་དང་། གོས་ཀྱི་དངོས་པོ་དང་། རྒྱན་གྱི་དངོས་པོ་དང་། བཞད་གད་དང་། གླུ་བྲོ་དང་།
རོལ་མོའི་སྒྲའི་དངོས་པོ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། ཕྱུག་པའི་དངོས་པོ་དང་། སྣོད་སྤྱད་ཀྱི་དངོས་པོ་དང་། སྣང་བ་དང་མུན་པའི་དངོས་པོ་དང་། ཕོ་མོས་དགའ་དགུར་སྤྱོད་པའི་དངོས་པོ་སྟེ། དེ་དག་ནི་ཕྱི་རོལ་གྱི་དངོས་པོ་བཅུ་དྲུག་ཡིན་ནོ། །དེས་དེ་ལྟར་ནང་དང་ཕྱི་རོལ་གྱི་
เล่ม ๑๒๘ · หน้า 179a
དངོས་པོ་རྣམ་པར་བཞག་ནས། རེ་ཞིག་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས་ནང་གི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ནང་གི་དངོས་པོའི་འགྱུར་བ་ནི་རྣམ་པ་བཅོ་ལྔ་དང་། འགྱུར་བའི་རྒྱུ་རྣམ་པ་བརྒྱད་ཡོད་དེ། དེ་
ལ་ནང་གི་དངོས་པོའི་འགྱུར་བ་རྣམ་པ་བཅོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གནས་སྐབས་ལས་གྱུར་པ་དང་། ཁ་དོག་ལས་གྱུར་པ་དང་། དབྱིབས་ལས་གྱུར་པ་དང་། འབྱོར་པ་དང་རྒུད་པ་ལས་གྱུར་པ་དང་། ཡན་ལག་དང་ཉིང་ལག་ཚང་བ་དང་མ་ཚང་བ་ལས་གྱུར་པ་དང་། ཡོངས་སུ་
ངལ་བ་ལས་གྱུར་པ་དང་། གཞན་གྱི་གནོད་པ་བྱས་པ་ལས་གྱུར་པ་དང་། གྲང་བ་དང་དྲོ་བ་ལས་གྱུར་པ་དང་། སྤྱོད་ལམ་ལས་གྱུར་པ་དང་། རེག་པ་ལས་གྱུར་པ་དང་། ཀུན་ནས་ཉོན་མོངས་པ་ལས་གྱུར་པ་དང་། ན་བ་ལས་གྱུར་པ་དང་། འཆི་བ་ལས་གྱུར་པ་དང་།
རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་པ་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའོ། །དེ་ལ་འགྱུར་བའི་རྒྱུ་རྣམ་པ་བརྒྱད་གང་ཞེ་ན། སྨྲས་པ་འདི་ལྟ་སྟེ། དུས་ཀྱིས་ཡོངས་སུ་འགྱུར་བ་དང་། གཞན་གྱིས་གནོད་པ་བྱས་
པ་དང་། ལོངས་སྤྱད་པ་དང་། དུས་ཚིགས་འགྱུར་བ་དང་། མེས་ཚིག་པ་དང་། ཆུས་ཁྱེར་བ་དང་། རླུང་གིས་བསྐམས་པ་དང་། རྐྱེན་གཞན་དང་ཕྲད་པའོ། །དེ་ལ་དུས་ཀྱིས་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། དངོས་པོ་གཟུགས་ཅན་གང་དག་གནས་བཟང་པོར་
བཞག་ཀྱང་དུས་གཞན་ན་རྙིངས་པ་དང་། གཟུགས་གྱུར་པར་སྣང་བ་ལྟ་བུའོ། །དེ་ལ་གཞན་གྱིས་གནོད་པ་བྱས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། གཞན་གྱི་གཟུགས་སྣ་ཚོགས་དག་དང་། མཚོན་ཆ་སྣ་ཚོགས་དག་དང་། གནོད་པ་བྱ་བའི་ཁྱད་པར་སྣ་ཚོགས་དག་གིས་འགྱུར་བ་སྣ་ཚོགས་སྐྱེད་
པར་བྱེད་པ་ལྟ་བུའོ། །དེ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སོ་སོའི་བདག་པོ་གཟུགས་སྣ་ཚོགས་ལ་ལོངས་སྤྱོད་པར་བྱེད་པ་དག་གིས་ལོངས་སྤྱོད་པའི་དབང་གིས་འགྱུར་བ་སྐྱེད་པར་བྱེད་པ་ལྟ་བུའོ། །དེ་ལ་དུས་ཚིགས་འགྱུར་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགུན་ནི་རྩྭ་དང་། སྨན་
เล่ม ๑๒๘ · หน้า 179b
དང་། ནགས་ཚལ་ལ་སོགས་པ་སྐྱ་བ་དང་། ལྷགས་པར་འགྱུར་ལ། དཔྱིད་དང་། དབྱར་དག་ནི་སྔོ་ཞིང་རྒྱས་པ་དང་། དེ་བཞིན་དུ་འབྲས་བུ་རྒྱས་པ་དང་། མེ་ཏོག་རྒྱས་པར་འགྱུར་བ་ལྟ་བུ་སྟེ། དེ་ལ་དེ་དག་གི་འབྱོར་པ་དང་རྒུད་པར་གྱུར་པ་ཡང་དེ་ཉིད་ཡིན་ནོ། །དེ་ལ་མེས་ཚིག་པ་ཞེས་བྱ་བ་ནི་འདི་
ལྟ་སྟེ། མེ་ཤོར་ན་གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་གྱི་གནས་དག་ཚེག་པར་འགྱུར་བ་ལྟ་བུའོ། །དེ་ལ་ཆུས་ཁྱེར་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཆུའི་འཇིགས་པ་ཆེན་པོ་བྱུང་ན། གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་
གྱི་གནས་དག་ཁྱེར་བར་འགྱུར་བ་ལྟ་བུའོ། །དེ་ལ་རླུང་གིས་བསྐམས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། རླུང་གི་ཕུང་པོ་ཆེན་པོས་ས་ཕྱོགས་གཤེར་བ་དག་དང་། དེ་བཞིན་དུ་གོས་གཤེར་བ་དག་དང་། འབྲུའི་རྣམ་པ་གཤེར་བ་དག་མྱུར་བ་མྱུར་བ་ཁོ་ནར་བསྐམས་པར་འགྱུར་བ་ལྟ་བུའོ། །
དེ་ལ་རྐྱེན་གཞན་དང་ཕྲད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། བདེ་བའི་ཚོར་བ་མྱོང་བ་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང་། དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལ་
བརྟེན་ཏེ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ན། བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན། བདེ་
བའི་ཚོར་བའམ། སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་དང་ཕྲད་པ་དང་། དེ་བཞིན་དུ་ཆགས་པར་འགྱུར་བ་ན། ཁོང་ཁྲོ་བའི་རྒྱུ་མཚན་དང་ཕྲད་ན། དེ་དང་ཕྲད་པའི་ཕྱིར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་འབྲལ་ཞིང་། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་སྐྱེ་
བར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བ་དང་། རྨོངས་པར་འགྱུར་བ་ན་མི་འདྲ་བའི་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་དང་ཕྲད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་མངོན་སུམ་དུ་གྱུར་པ་ན། ཡུལ་སྒྲ་དང་ཕྲད་པ་དང་། དྲི་དང་། རོ་དང་།
เล่ม ๑๒๘ · หน้า 180a
རེག་བྱ་དང་། ཆོས་ཀྱི་མཚན་མ་དང་ཕྲད་དང་། ཡུལ་གཞན་གྱི་རྐྱེན་དེ་དག་གིས་རྣམ་པར་ཤེས་པ་མི་འདྲ་བ་དག་སྐྱེ་བར་འགྱུར་བ་ལྟ་བུའོ། །བརྒྱད་པོ་དེ་དག་ནི་འགྱུར་བའི་རྒྱུ་ཡིན་ཏེ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའི་ཆོས་ཅན་གང་དག་འགྱུར་
བ་དེ་དག་ཐམས་ཅད་ཀྱི་རྒྱུ་ནི་བརྒྱད་པོ་དེ་དག་ཡིན་ཏེ། དེ་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ།། །།ཉན་ཐོས་ཀྱི་ས་བམ་པོ་བཅུ་དགུ་པ། དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་གནས་སྐབས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་
ནི་དེས་བདག་ཉིད་དམ། གཞན་དག་གིས་གཞོན་ནུའི་གནས་སྐབས་ནས་བཟུང་སྟེ། རྒས་པའི་བར་གྱི་གནས་སྐབས་དག་མཐོང་བར་གྱུར་ཅིང་། འདུ་བྱེད་ཀྱི་རྒྱུན་སྔ་ཕྱི་མི་འདྲ་བ་དང་། ཤིན་ཏུ་ཐ་དད་པ་དང་། རྣམ་པར་འགྱུར་བ་དེ་དག་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་
གི་འདུ་བྱེད་འདི་དག་གི་གནས་སྐབས་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་དངོས་པོའི་གནས་སྐབས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །
དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཁ་དོག་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་ཤ་མདོག་སྔོན་ཁ་དོག་བཟང་བ་ཉིད་དང་། མདངས་བཟང་བ་ཉིད་དང་། མདོག་ཡོངས་སུ་དག་པ་ཉིད་དུ་མཐོང་ལ། ཕྱིས་ཁ་དོག་ངན་
པ་ཉིད་དང་། མདངས་ངན་པ་ཉིད་དང་། མདོག་རྩུབ་པ་ཉིད་དུ་མཐོང་སྟེ། མཐོང་ནས་ཀྱང་ཡང་ཕྱིར་བཟློག་སྟེ། དུས་གཞན་གྱི་ཚེ་ན་ཤ་མདོག་དེ་ཉིད་ཁ་དོག་བཟང་བ་ཉིད་དང་། མདངས་བཟང་བ་ཉིད་དང་། མདོག་ཡོངས་སུ་དག་པ་ཉིད་དུ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ།
འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཁ་དོག་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་དངོས་པོའི་ཁ་དོག་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་
เล่ม ๑๒๘ · หน้า 180b
ལྟར་ན་ནང་གི་དངོས་པོའི་དབྱིབས་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། ཁ་དོག་ཇི་སྐད་བསྟན་པ་དེ་བཞིན་དུ་དབྱིབས་ཀྱང་ཆུང་ངུ་དང་། ཆེན་པོ་བ་འགྱུར་བའི་མི་རྟག་པ་ཉིད་དུ་རིག་པར་བྱ་སྟེ། འདི་ན་དེས་བདག་ཉིད་དམ། གཞན་དག་གི་དབྱིབས་ཆེན་པོ་དང་།
ཆུང་ངུ་དེ་ལྟ་བུ་དག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་དབྱིབས་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་དབྱིབས་ལས་
གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་འབྱོར་པ་དང་། རྒུད་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འབྱོར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉེ་དུའི་འབྱོར་པ་དང་། ལོངས་སྤྱོད་ཀྱི་འབྱོར་པ་དང་། ཚུལ་
ཁྲིམས་དང་ལྟ་བའི་འབྱོར་པའོ། །དེ་ལས་བཟློག་པ་ནི་རྒུད་པ་སྟེ། འདི་(ན་‚ནི་)དེས་བདག་ཉིད་དམ། གཞན་དག་གི་འབྱོར་པ་དང་། རྒུད་པ་འདི་ལྟ་བུ་དག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་འབྱོར་པ་དང་རྒུད་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དང་།
མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཉིད་ཡིན་ནོ་སྙམ་དུ་སེམས་ཏེ། དེ་དེ་ལྟར་ནང་གི་དངོས་པོའི་འབྱོར་པ་དང་། རྒུད་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཡན་ལག་དང་ཉིང་ལག་ཚང་
བ་དང་། མ་ཚང་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་ཡན་ལག་དང་། ཉིང་ལག་སྔོན་ཚང་བར་མཐོང་ལ་ཕྱིས་དུས་གཞན་གྱི་ཚེ་ན། རྒྱལ་པོའམ། རྐུན་པོའམ། མིའམ་མི་མ་ཡིན་པ་དག་གིས་མ་
ཚང་བར་བྱས་པ་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཡན་ལག་དང་ཉིང་ལག་ཚང་བ་དང་། མ་ཚང་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་
เล่ม ๑๒๘ · หน้า 181a
སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་ཡན་ལག་དང་། ཉིང་ལག་ཚང་བ་དང་། མ་ཚང་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོ་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་
ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ་གཞན་དག་གི་ལུས་སྔོན་བརྒྱུགས་པའམ། རྐྱལ་བའམ། མཆོངས་པའམ། འཛེགས་པའམ། ལས་སྣ་ཚོགས་རིངས་པར་བྱས་པས་ཡོངས་སུ་ངལ་བ་དང་ལུས་ཡོངས་སུ་དུབ་པར་མཐོང་ལ། དེས་དུས་གཞན་གྱི་ཚེ་ན།
ཡོངས་སུ་ངལ་བ་དང་། ཡོངས་སུ་དུབ་པ་མེད་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ།
དེ་ལྟར་ནང་གི་དངོས་པོ་ཡོངས་སུ་ངལ་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོ་གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ནི་དེས་བདག་ཉིད་དམ། གཞན་དག་གི་
ལུས་ལ་གཞན་གྱིས་གནོད་པ་བྱས་པ་འདི་ལྟ་སྟེ། ལྕུག་ལྕག་གམ། རྟ་ལྕག་གམ། སྦ་ལྕག་གམ། འབྲེང་ལྕག་དག་གིས་གཞུས་པའམ། དེ་བཞིན་དུ་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་། སྡིག་སྦྲུལ་ལ་སོགས་པའི་རེག་པ་སྣ་ཚོགས་དག་གིས་རྣམ་པར་གྱུར་པར་མཐོང་ལ།
དེ་དུས་གཞན་གྱི་ཚེ་ན་རྣམ་པར་གྱུར་པ་དེ་དག་མེད་པ་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་
སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོ་གཞན་གྱིས་གནོད་པ་བྱས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོ་གྲང་བ་དང་། དྲོ་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་གྲང་བའི་
เล่ม ๑๒๘ · หน้า 181b
དུས་ལ་བབ་པའི་ཚེ་ན། བདག་ཉིད་དམ་གཞན་དག་གི་ལུས་སྦྲེབས་པ་དང་། ལུས་ཞུམ་པ་དང་། གྲང་བའི་ཀུན་ནས་དཀྲིས་པས་ཉེན་པས་དྲོ་བ་འདོད་པར་མཐོང་ན། དྲོ་བའི་དུས་ལ་བབ་པའི་ཚེ་ན་ནི་ལུས་སྦྲེབས་པ་མེད་པ་དང་། ལུས་ཞུམ་པ་མེད་པ་དང་། ལུས་རྔུལ་བ་དང་། ལུས་
གདུང་བ་དང་། ཁ་སྐམས་པ་དང་། སྐོམ་གྱིས་གདུངས་ཤིང་བསིལ་བའི་རེག་པ་འདོད་པར་མཐོང་སྟེ། མཐོང་ནས་ཀྱང་ཡང་ཕྱིར་བཟློག་སྟེ། གྲང་བའི་དུས་ལ་བབ་པའི་ཚེ་ན་སྔར་བཤད་པའི་རྣམ་པ་ཁོ་ན་ལྟ་བུ་དག་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་
བྱེད་འདི་དག་གི་གྲང་བ་དང་། དྲོ་བ་ལས་གྱུར་པ་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་གྲང་བ་དང་། དྲོ་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་
ཇི་ལྟར་ན་ནང་གི་དངོས་པོའི་སྤྱོད་ལམ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གིས་འཆག་པ་དང་། འདུག་པ་དང་། འགྲེང་བ་དང་། ཉལ་བའི་སྤྱོད་ལམ་དག་ལས་ལན་འགའ་ནི་བདག་ཉིད་དམ་གཞན་དག་ལ་སྤྱོད་
ལམ་གང་ཡང་རུང་བ་བདག་གིས་གནོད་པ་མཐོང་ལ། ལན་འགའ་ནི་དེ་དག་ཉིད་ཀྱིས་ཕན་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་སྤྱོད་ལམ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་
འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་སྤྱོད་ལམ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་རེག་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདེ་བའི་ཚོར་བ་
མྱོང་བར་འགྱུར་བའི་རེག་པས་རེག་པའི་ཚེ་བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་སྐྱེས་པའི་བདེ་བའི་ཚོར་བ་མྱོང་བ་ན། བདག་ཉིད་ཀྱིས་བདེ་བར་ཚོར་བའི་གནས་སྐབས་ཡོངས་སུ་གཅོད་པར་བྱེད་པ་དང་། བདེ་བར་ཚོར་བའི་གནས་སྐབས་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་དང་།
เล่ม ๑๒๘ · หน้า 182a
སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་ཚོར་བའི་གནས་སྐབས་ཀྱང་དེ་དང་འདྲ་དེ། ཚོར་བ་དེ་དག་ཀྱང་སྔ་ཕྱིར་སར་པ་སར་པ་དང་། རྙིང་པ་མ་ཡིན་པ་རྙིང་པ་མ་ཡིན་པ་དང་། བྱུང་ནས་འཇིག་པ་དང་། རེ་ཞིག་པ་དང་། ཡུན་རིང་དུ་མི་གནས་
པ་དང་། གཞན་དུ་འགྱུར་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་རེག་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། འདི་ལྟར་
ནང་གི་དངོས་པོའི་རེག་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་བདག་ཉིད་དམ། གཞན་དག་གི་སེམས་
འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་བྱུང་ངོ་ཅོག་ཡོངས་སུ་ཤེས་ཤིང་སེམས་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བ་དག་གིས་ཉེ་བར་ཉོན་
མོངས་པར་གྱུར་ན་ཡང་ཉེ་བར་ཉོན་མོངས་སོ་ཞེས་བྱ་བར་ཡོངས་སུ་ཤེས་ལ་ཉེ་བར་ཉོན་མོངས་པ་མེད་པ་ན་ཡང་། ཉེ་བར་ཉོན་མོངས་པ་མེད་དོ་ཞེས་བྱ་བར་ཡོངས་སུ་ཤེས་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་དག་གིས་སྔ་ཕྱིར་སེམས་ཀྱི་རྒྱུད་ཉོན་མོངས་ཤིང་རྣམ་པར་གྱུར་པ་
དང་། རྣམ་པར་མ་གྱུར་པ་དེ་དག་མཐོང་ནས་ཀྱང་། དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་འདུ་བྱེད་འདི་དག་གིས་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ།
དེ་ལྟར་ནང་གི་དངོས་པོའི་ཀུན་ནས་ཉོན་མོངས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ན་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདི་ན་དེས་ལན་འགའ་ནི་བདག་ཉིད་དམ། གཞན་
เล่ม ๑๒๘ · หน้า 182b
དག་ནད་མེད་པ་དང་། བདེ་བ་དང་། སྟོབས་དང་ལྡན་པར་མཐོང་ལ། དེས་དུས་གཞན་གྱི་ཚེ་ན་ནི། བདག་ཉིད་དམ། གཞན་དག་ན་བ་དང་། སྡུག་བསྔལ་བ་དང་། ན་ཚབས་ཆེ་བ་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ། རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་དག་གིས་རྒྱས་
པར་སྔ་མ་བཞིན་དུ་རེག་པར་ཡང་མཐོང་ངོ་། །དེས་ཡང་དུས་གཞན་གྱི་ཚེ་ན། ནད་མེད་པ་དང་། བདེ་བ་དང་། སྟོབས་དང་ལྡན་པར་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ན་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་
སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་ན་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་འཆི་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་
ཚོལ་བར་བྱེད་ཅེ་ན། འདི་ན་དེས་སྔོན་གསོན་ཞིང་འཚོ་ལ། འདུག་ཅིང་སྡོད་པ་གང་ཡིན་པ་དེ་ཡང་མཐོང་ལ། དེ་དུས་གཞན་གྱི་ཚེ་ན། ཤི་ཞིང་དུས་ལས་འདས་ལ་རྣམ་པར་ཤེས་པས་སྟོང་པའི་ལུས་གང་ཡིན་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་
གི་འདུ་བྱེད་འདི་དག་གི་འཆི་བ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ནང་གི་དངོས་པོའི་འཆི་བ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་
གི་དངོས་པོའི་རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་པས་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེས་ཤི་བའི་རོ་དེ་ཉིད་ལན་འགའ་ནི་རྣམ་པར་བསྔོས་པའི་གནས་སྐབས་སུ་མཐོང་ལ་ལན་འགའ་ནི་རྣམ་པར་རྣགས་པའི་གནས་སྐབས་སུ་མཐོང་ངོ་། །དེ་བཞིན་དུ་ལན་འགའ་
ནི་རུས་པའི་ཀེང་རུས་ཀྱི་གནས་སྐབས་ཀྱི་བར་དུ་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བ་འདི་ལྟ་བུ་དག་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་
เล่ม ๑๒๘ · หน้า 183a
ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ནང་གི་དངོས་པོའི་རྣམ་པར་བསྔོས་པ་ལ་སོགས་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་ནང་གི་དངོས་པོའི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་
འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། དེས་དུས་གཞན་གྱི་ཚེ་ན། རུས་པའི་ཀེང་རུས་ཀྱི་གནས་སྐབས་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཞིགས་ཤིང་ཞུ་སྟེ། མི་སྣང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མིག་སྔར་མི་སྣང་བར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ།
འདི་ལྟར་ནང་གི་འདུ་བྱེད་འདི་དག་གི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བ་དང་། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱིར་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། འདི་ལྟར་
ནང་གི་དངོས་པོའི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞིང་ཡོངས་སུ་ཟད་པ་ལས་གྱུར་པའི་འགྱུར་བའི་མི་རྟག་པ་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་རེ་ཞིག་དེ་ལྟར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས། འགྱུར་བ་རྣམ་པ་བཅོ་ལྔས་ནང་གི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་
རྣམ་པར་དཔྱོད་པར་བྱེད་དོ། །དེས་དེ་ལྟར་ཡོངས་སུ་དཔྱོད་ནས་ཕྱི་རོལ་གྱི་དངོས་པོའི་འགྱུར་བའི་རྣམ་པ་བཅུ་དྲུག་པོ་དག་གི་མི་རྟག་པ་ཉིད་ལ་རྣམ་པར་དཔྱོད་པར་བྱེད་དེ། དེས་ས་གཞིའི་དངོས་པོའི་སའི་ཕྱོགས་གང་དག་ཏུ་སྔོན་ཁང་ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་གི་དངོས་པོ་དང་།
བསོད་ནམས་བྱས་པའི་གནས་དང་། གནས་ཁང་དང་། ལྷ་ཁང་དང་། གཙུག་ལག་ཁང་གི་དངོས་པོའི་རྣམ་པ་དག་མངོན་པར་འདུས་བྱས་པ་མ་མཐོང་ལ། ཕྱིས་མངོན་པར་འདུས་བྱས་ཤིང་མངོན་པར་གསར་པ་དང་། ལེགས་པར་བྱས་པ་དང་། ལེགས་པ་བྱུགས་པ་ཡང་མཐོང་།
དེས་དུས་གཞན་གྱི་ཚེ་ནི་དེ་དག་རྙིངས་པ་དང་། གས་པ་དང་། རལ་བ་དང་། ཞིགས་པ་དང་། རུལ་བ་དང་། རྡིབ་པ་དང་། སེར་ག་དང་། རྔ་རྔོ་དང་། མེས་ཚིག་པའམ། ཆུས་ཁྱེར་བར་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་
เล่ม ๑๒๘ · หน้า 183b
དག་གི་འགྱུར་བ་དང་། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱིར་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ཕྱི་རོལ་གྱི་ས་གཞིའི་དངོས་པོའི་འགྱུར་བའི་མི་རྟག་པ་ཉིད་རྣམ་པར་དཔྱོད་པར་བྱེད་དོ། །དེ་བཞིན་དུ་དེས་ཀུན་དགའི་ར་
བའི་དངོས་པོ་ཤིང་ལྗོན་པ་དང་། རྩྭ་དང་། སྨན་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་ལ་སོགས་པ་དག་ཀྱང་ལན་འགའ་ནི་མེ་ཏོག་དང་འབྲས་བུ་རྒྱས་ཤིང་སྔོ་བ་དང་། མཛེས་པ་དང་། མངོན་པར་དགའ་བར་སྣང་ལ། དུས་གཞན་གྱི་ཚེ་ན་ནི། སྐམས་ཤིང་མེ་ཏོག་དང་འབྲས་བུ་
ཡལ་བ་དང་། མེས་ཚིག་པའམ། ཆུ་ཁྱེར་བ་ལ་སོགས་པར་སྣང་བ་དང་། དེ་བཞིན་དུ་རིའི་དངོས་པོ་རི་རྣམ་པ་སྣ་ཚོགས་སུ་གནས་པ་རྣམས་ཀྱང་ལན་འགའ་ནི་རྡོ་ལ་སོགས་པ་ཕུན་སུམ་ཚོགས་པར་སྣང་ལ། ལན་འགའ་ནི་རྡོ་མེད་པ་དང་། རྩེ་མོ་བསྙིལ་བ་དང་། ངོས་ཆད་པ་དང་།
མེས་ཚིག་པའམ། ཆུས་བརླན་པ་ལ་སོགས་པར་སྣང་བ་དང་། དེ་བཞིན་དུ་ཆུའི་དངོས་པོ་ཆུ་མིག་དང་། མཚོ་དང་། མཚེ་འུ་དང་། ཆུ་ཀླུང་དང་། ཁྲོན་པ་ལ་སོགས་པ་དག་ཀྱང་ལན་འགའ་ནི་ཆུས་རྒྱས་པར་སྣང་ལ། ལན་འགའ་ནི་ཆུ་ཡོངས་སུ་ཟད་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་སྐམས་
པ་དང་། ཐལ་བར་གྱུར་པ་དང་། སྟོང་པ་ལ་སོགས་པར་སྣང་བ་དང་། དེ་བཞིན་དུ་ལས་ཀྱི་མཐའི་དངོས་པོ་འདི་ལྟ་སྟེ། ཞིང་ལས་དང་། གྲུའི་ལས་དང་། ཉོ་ཚོང་གི་ལས་དང་། བཟོའི་ལས་ཀྱི་གནས་སྣ་ཚོགས་དག་ཀྱང་ལན་འགའ་ནི་འབྱོར་བར་སྣང་ལ། ལན་འགའ་ནི་རྒུད་པར་
སྣང་བ་དང་། དེ་བཞིན་དུ་གསོག་འཇོག་གི་དངོས་པོ་མཛོད་ལ་སོགས་པ་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་དག་ཀྱང་ལན་འགའ་ནི་འཕེལ་བར་སྣང་ལ། ལན་འགའ་ནི་འགྲིབ་པར་སྣང་བ་དང་། དེ་བཞིན་དུ་ཟས་ཀྱི་དངོས་པོ་དང་། སྐོམ་གྱི་དངོས་པོ་དག་ཀྱང་ལན་འགའ་ནི་ལེགས་
པར་སྦྱར་བའི་གནས་སྐབས་སུ་སྣང་ལ། ལན་འགའ་ནི་ལེགས་པར་མ་སྦྱར་བའི་གནས་སྐབས་སུ་སྣང་བ་དང་། དེ་བཞིན་དུ་ལན་འགའ་ནི་ཁ་ཆུའི་ཚོགས་ཀྱིས་བརླན་པ་དང་། ལན་འགའ་ནི་བཤང་བ་དང་། གཅི་བའི་གནས་སྐབས་སུ་གྱུར་པའི་བར་དུ་སྣང་བ་དང་། དེ་བཞིན་དུ་
เล่ม ๑๒๘ · หน้า 184a
བཞོན་པའི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་ལན་འགའ་ནི་ལེགས་པར་མཛེས་པར་བྱས་པ་དང་། ལེགས་པར་བརྒྱན་པ་དང་། སར་བ་དག་ཏུ་སྣང་ལ། ལན་འགའ་ནི་མཛེས་པ་མེད་པ་དང་། རྒྱན་མེད་པ་དང་། རྙིངས་པ་དག་ཏུ་སྣང་བ་དང་། དེ་
བཞིན་དུ་གོས་ཀྱི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་ལན་འགའ་ནི་སར་པ་སར་པར་སྣང་ལ། ལན་འགའ་ནི་རྙིངས་པ་དང་། དེངས་པར་སྣང་བ་དང་། ལན་འགའ་ནི་གཙང་བར་སྣང་ལ། ལན་འགའ་ནི་དྲི་མ་ཅན་དུ་སྣང་བ་དང་། དེ་བཞིན་དུ་རྒྱན་གྱི་དངོས་པོ་རྣམ་པ་སྣ་ཚོགས་དག་ཀྱང་
ལན་འགའ་ནི་ལེགས་པར་མཛེས་པར་སྣང་ལ། ལན་འགའ་ནི་མི་མཛེས་པར་སྣང་བ་དང་། ལན་འགའ་ནི་བརླིང་པོར་སྣང་བ་དང་། ལན་འགའ་ནི་ཆག་པ་དང་། གྲུགས་པ་དང་། ཡོངས་སུ་ཟད་པར་སྣང་བ་དང་། དེ་བཞིན་དུ་བཞད་གད་དང་། གླུ་བྲོ་དང་། རོལ་མོའི་སྒྲའི་དངོས་པོའི་སིལ་སྙན་གྱི་
འབྱོར་བ་སྣ་ཚོགས་འདུས་པ་ལས་བྱུང་བ་དག་ཀྱང་ལན་འགའ་ནི་འབྱོར་པར་སྣང་ལ། ལན་འགའ་ནི་འཇིག་པར་སྣང་བ་དང་། དེ་བཞིན་དུ་སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པའི་དངོས་པོ་དག་ཀྱང་ལན་འགའ་ནི་གསར་པ་དང་དྲི་ཞིམ་པར་སྣང་ལ། ལན་འགའ་ནི་རྙིངས་པ་དང་། དྲི་ང་བར་སྣང་
བ་དང་། ལན་འགའ་ནི་ཧ་ཅང་དྲི་ཞིམ་པ་དང་། དྲི་ང་བ་དང་། བརླན་པ་དང་། སྐམས་པ་མ་ཡིན་པར་སྣང་བ་དང་། དེ་བཞིན་དུ་སྣོད་སྤྱད་ཀྱི་དངོས་པོ་རྣམ་ཀྱང་ལན་འགའ་ནི་བྱི་དོར་མ་བྱས་པར་སྣང་ལ། ལན་འགའ་ནི་བྱི་དོར་བྱས་པར་སྣང་བ་དང་། ལན་འགའ་ནི་བརླིང་བང་སྣང་ལ། ལན་འགའ་
ནི་ཆག་པར་སྣང་བ་དང་། དེ་བཞིན་དུ་སྣང་བ་དང་། མུན་པའི་དངོས་པོ་ཡང་ལན་འགའ་འབྱུང་བ་དང་། ལན་འགའ་འཇིག་པར་སྣང་བ་དང་། དེ་བཞིན་དུ་ཕོ་མོས་དགའ་མགུར་སྤྱོད་པའི་དངོས་པོ་ཡང་མི་བརྟན་ཞིང་ལན་འགའ་འབྱུང་བ་དང་། ལན་འགའ་འཇིག་པར་སྣང་བར་མཐོང་སྟེ།
མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཕྱི་རོལ་གྱི་འདུ་བྱེད་ཡོངས་སུ་བཟུང་བའི་དངོས་པོ་དྲུག་དང་། ལུས་ཀྱི་ཡོ་བྱད་བཅུ་བོ་དེ་དག་གི་འགྱུར་བ་དང་། རྣམ་པར་འགྱུར་བ་འདི་ལྟ་བུ་དག་སྔ་ཕྱིར་མངོན་སུམ་ཁོ་ནར་སྣང་བ་ལས་ན། ཀྱེ་མ་འདུ་བྱེད་འདི་དག་ནི་མི་རྟག་པ་ཡིན་ནོ་སྙམ་
เล่ม ๑๒๘ · หน้า 184b
དུ་སེམས་ཏེ། མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས། ནང་དང་ཕྱི་རོལ་གྱི་དངོས་པོའི་འགྱུར་བའི་རྒྱུ་རྣམ་པ་བརྒྱད་པོ་སྔར་བསྟན་པ་དེ་དག་གིས་ཐམས་ཅད་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ལྟར་ན་འགྱུར་བའི་རྣམ་པས་མི་རྟག་པ་ཉིད་རྣམ་པར་དཔྱོད་པར་
བྱེད་པ་ཡིན་ནོ། །དེས་ཇི་ལྟར་འགྱུར་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་མངོན་སུམ་དུ་མཐོང་ཞིང་ཉམས་སུ་མྱོང་ལ་གཞན་གྱི་དྲིང་མི་འཇོག་པར་གྱུར་ཅིང་། གཞན་གྱིས་བཀྲིར་མི་ཟུག་པར་གྱུར་པ་དེ་ལ་དེ་ལྟར་རྣམ་པར་དཔྱོད་ཅིང་རྗེས་སུ་དྲན་པར་བྱེད་པས་ན། ཤིན་ཏུ་རྣམ་པར་ངེས་པ་སྐྱེ་བར་འགྱུར་
བས་ན། དེའི་ཕྱིར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས་འགྱུར་བའི་མི་རྟག་པ་ཉིད་རྣམ་པར་དཔྱད་ནས། འདུ་བྱེད་གཟུགས་ཅན་གང་དག་གི་སྐད་ཅིག་ལ་འབྱུང་ཞིང་། འཇིག་པ་དང་མེད་པར་འགྱུར་བ་ཡོད་ཅིང་མེད་པ་མ་
ཡིན་པ་བཞིན་དུ་མི་མཐོང་བ་དེ་ལ་མངོན་སུམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པ་ལ་བརྟེན་ནས་རྗེས་སུ་དཔོག་པར་བྱེད་དེ། འདི་ལྟར་རྗེས་སུ་དཔོག་པར་བྱེད་དོ། །འདི་ལྟར་སྔ་ཕྱིར་གྱུར་པ་དེ་ལྟ་བུ་དག་ནི་འདུ་བྱེད་སྐད་ཅིག་ལ་འབྱུང་ཞིང་འཇིག་པ་དང་། མེད་པར་འགྱུར་བ་འདི་དག་ལ་རིགས་ཀྱི། དེ་ཁོ་ན་
བཞིན་དུ་གནས་པ་དག་ལ་ནི་མི་རིགས་པས་དེ་ཕྱིར་འདུ་བྱེད་རྣམས་ནི་སྐད་ཅིག་པ་སྟེ། རྐྱེན་དེ་དང་དེ་དག་ཡོད་ན་དེ་ལྟ་དེ་ལྟར་འབྱུང་བར་འགྱུར་ལ། བྱུང་ནས་ཀྱང་འཇིག་པའི་རྐྱེན་ལ་མི་ལྟོས་པར་རང་གི་ངང་གིས་འཇིག་པར་འགྱུར་རོ། །འགྱུར་བའི་རྒྱུ་རྣམ་པ་བརྒྱད་པོ་གང་དག་ཡིན་པ་དེ་དག་ནི་
གཞན་དུ་འགྱུར་བ་དང་། རྣམ་པར་འགྱུར་བ་སྐྱེ་བའི་རྒྱུར་འགྱུར་བ་ཡིན་གྱི་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་པའི་རྒྱུ་དེ་དང་འདུ་བྱེད་ཞིགས་པ་རྣམས་ནི་ལྷན་ཅིག་པ་ཉིད་ཡིན་པས། དེའི་ཕྱིར་མི་འདྲ་བར་འབྱུང་བར་སྣང་བ་ཡིན་གྱི། ཐམས་ཅད་ཀྱི་ཐམས་ཅད་དུ་མི་
འབྱུང་བ་ཉིད་ནི་མ་ཡིན་ནོ། །འདུ་བྱེད་གང་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བར་སྣང་བ་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན། ཆུ་བསྐོལ་ན་མཇུག་ཏུ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་ཟད་པར་འགྱུར་བ་ལྟ་བུ་དང་སྣོད་ཀྱི་འཇིག་རྟེན་བསྐལ་པའི་མེས་བསྲེགས་པ་ན་མཇུག་ཏུ་དུ་བ་ཡང་
เล่ม ๑๒๘ · หน้า 185a
མེད། ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་བ་ལྟ་བུའོ་ཞེ་ན། དེ་དག་ནི་རྒྱུ་ཕྱི་མ་ཕྱི་མ་དག་ཡོངས་སུ་ཟད་ནས། མཇུག་ཏུ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་བ་ཡིན་གྱི། མེ་ནི་དེ་ལྟར་མི་བྱེད་པས་དེའི་ཕྱིར་བརྒྱད་པོ་ཇི་སྐད་སྨོས་པ་དེ་དག་ནི་འགྱུར་བའི་རྒྱུ་
ཡིན་གྱི། འཇིག་པ་ནི་རང་གི་ངང་ཁོ་ནས་འཇིག་པ་ཡིན་ནོ། །དེས་དེ་ལྟར་རྗེས་སུ་དཔག་པ་ལས་བྱུང་བའི་ཡིད་ལ་བྱེད་པས། འདུ་བྱེད་སྐད་ཅིག་ལ་བྱུང་ཞིང་འཇིག་པ་དང་། མེད་པར་འགྱུར་བ་དེ་ཉིད་ལ་ངེས་པ་ཐོབ་པར་འགྱུར་རོ། །ངེས་པ་ཐོབ་ནས་ཀྱང་མངོན་སུམ་མ་ཡིན་པའི་འཇིག་རྟེན་
ཕ་རོལ་དུ་འདུ་བྱེད་འཇུག་པར་རྗེས་སུ་དཔོག་པར་བྱེད་དེ། འདི་ལྟར་རྗེས་སུ་དཔོག་པར་བྱེད་དོ། །སེམས་ཅན་གང་དག་ཁ་དོག་བཟང་བ་དང་། ཁ་དོག་ངན་པ་དང་། རིགས་མཐོ་བ་དང་། རིགས་དམའ་བ་དང་། ཕྱུག་པོའི་ཁྱིམ་དུ་སྐྱེས་པ་དང་། དབུལ་པོའི་ཁྱིམ་དུ་སྐྱེས་པ་དང་། དབང་ཆུང་བར་
གྲགས་པ་དང་། དབང་ཆེ་བར་གྲགས་པ་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ཚིག་གཟུང་བར་འོས་པ་དང་། ཚིག་གཟུང་བར་འོས་པ་མ་ཡིན་པ་དང་། དབང་པོ་རྣོ་བ་དང་། དབང་པོ་རྟུལ་བ་དག་ཀྱང་ཡོད་དེ། སེམས་ཅན་སྣ་ཚོགས་དེ་དག་ལ་ནི། ལས་སྣ་ཚོགས་ཀྱང་ཡོད་པར་རིགས་
ལ། མེད་པར་མི་རིགས་པས། སེམས་ཅན་དེ་ལྟ་བུ་དག་གིས་ནི། སྔོན་དགེ་བ་དང་། མི་དགེ་བའི་ལས་དེ་ལྟ་བུ་སྣ་ཚོགས་དག་གདོན་མི་ཟ་བར་བྱས་ཤིང་བསགས་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེས་ན་དེ་དག་གི་ལུས་དེ་ལྟ་བུ་སྣ་ཚོགས་དག་མངོན་པར་གྲུབ་པ་ཡིན་ནོ། །དེ་ནི་དབང་ཕྱུག་གིས་སྤྲུལ་
པའི་རྒྱུ་ལས་བྱུང་བ་ཡིན་པར་ཡང་མི་རིགས་ཏེ། གལ་ཏེ་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་ཞིག་ཡིན་པར་གྱུར་ན། དེ་དབང་ཕྱུག་གི་རྐྱེན་ཁོ་ན་ལས་བྱུང་བ་ཞིག་གམ། འོན་ཏེ་དབང་ཕྱུག་གིས་སྤྲུལ་པའི་རྐྱེན་གཞན་ཞིག་ལས་བྱུང་བ་ཡིན་གྲང་ན། གལ་ཏེ་དབང་ཕྱུག་གི་རྐྱེན་ཁོ་ན་ལས་བྱུང་བ་
ཡིན་ན་ནི། དེ་ན་དབང་ཕྱུག་དང་འདུ་བྱེད་དེ་དག་གོ་མཉམ་དུ་འབྱུང་བར་འགྱུར་བས་མི་རུང་ངོ་། །ཇི་སྟེ་དབང་ཕྱུག་སྔ་ལ་འདུ་བྱེད་རྣམས་ཕྱིས་འབྱུང་ན་ནི། དེས་ན་དབང་ཕྱུག་འདུ་བྱེད་རྣམས་ཀྱི་རྐྱེན་མ་ཡིན་པས་མི་རུང་ངོ་། །ཇི་སྟེ་དབང་ཕྱུག་གི་འདོད་པ་དང་། རྩོལ་བ་དང་། སྨོན་ལམ་དང་།
เล่ม ๑๒๘ · หน้า 185b
སྤྲུལ་པའི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་དབང་ཕྱུག་ཁོ་ན་ལས་བྱུང་བ་མ་ཡིན་པས་མི་རུང་ངོ་། །འདོད་པ་ལ་སོགས་པ་དེ་དག་ཀྱང་རྒྱུ་དང་བཅས་པ་ཡིན་ནམ་འོན་ཏེ་རྒྱུ་མེད་པ་ཞིག་ཡིན། གལ་ཏེ་རྒྱུ་དང་བཅས་པ་ཞིག་ཡིན་ན་ནི། རྒྱུ་དབང་ཕྱུག་ཁོ་ན་ཡིན་པས་དེས་ན་སྐྱོན་སྔ་མ་དང་འདྲ་བས་མི་རུང་ངོ་། །
ཇི་སྟེ་རྒྱུ་གཞན་ཞིག་ཡིན་ན་ནི། དེས་ན་ཇི་ལྟར་འདོད་པ་དང་། རྩོལ་བ་དང་། སྨོན་ལམ་དང་། སྤྲུལ་པ་དག་གི་རྒྱུ་དབང་ཕྱུག་མ་ཡིན་པ་ཆོས་གཞན་ཞིག་ཡོད་པ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱང་ཆོས་གཞན་གྱི་རྒྱུ་ལས་བྱུང་བ་ཡིན་པ་ཁོ་ནར་འགྱུར་བས། དབང་ཕྱུག་ཡིན་པར་བརྟགས་པ་
དོན་མེད་པ་དེས་ཅི་ཞིག་བྱ། དེ་ལྟར་རྗེས་སུ་དཔག་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དེ་དག་ལ་སོགས་པ་དེ་ལྟ་བུ་དང་མཐུན་པ་དག་གིས་འཇིག་རྟེན་ཕ་རོལ་དུ་འདུ་བྱེད་རྣམས་ལ་འཇུག་པར་འགྱུར་བ་ལ་ངེས་པར་འཐོབ་པར་འགྱུར་ཏེ། དེ་དེ་ལྟར་ཡིད་ལ་བྱེད་པ་རྣམ་པ་གསུམ་པོ་དད་པའི་
དབང་དུ་བྱས་པ་དང་། མངོན་སུམ་གྱི་དབང་དུ་བྱས་པ་དང་། རྗེས་སུ་དཔག་པའི་དབང་དུ་བྱས་པའི་དབང་གིས་མི་རྟག་པ་ཉིད་ལ་རྣམ་པར་དཔྱོད་པར་བྱེད་དོ། །དེ་ལ་སྔར་བསྒོམས་པ་རྣམ་པ་ལྔ་དང་ལྡན་པའི་མི་རྟག་པ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་དེ་ལ་འགྱུར་བའི་རྣམ་པ་དང་། འཇིག་པའི་རྣམ་པ་ནི་
བསྟན་ཟིན་ན། བྲལ་བའི་རྣམ་པའི་མི་རྟག་པ་གང་ཞེ་ན། དེ་ཡང་ནང་དང་ཕྱི་རོལ་ལ་བརྟེན་པ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནང་ལ་བརྟེན་པ་གང་ཞེ་ན། འདི་ལྟ་སྟེ་ལ་ལ་ཞིག་སྔོན་གཞན་དག་གི་རྗེ་བོར་གྱུར་ཅིང་བྲན་མ་ཡིན་པ་དང་། མངག་གཞུག་མ་ཡིན་པ་དང་། རང་དབང་
ཅན་དང་། ལས་མི་མ་ཡིན་པར་གྱུར་པ་ལས། དེ་དུས་གཞན་གྱི་ཚེ་ན། རྗེ་བོའི་དངོས་པོ་དང་། བྲན་མ་ཡིན་པའི་དངོས་པོ་དང་བྲལ་ཞིང་གཞན་དག་གི་བྲན་ཉིད་དུ་གྱུར་ནས། རྗེ་བོའི་དངོས་པོ་དང་བྲལ་བ་ལྟ་བུ་དང་། དེ་བཞིན་དུ་ལོངས་སྤྱོད་ཡོད་ཅིང་བདོག་པ་མ་ཉམས་ཤིང་ཆུད་མ་ཟོས་པ་
ལས། རྒྱལ་པོའམ། ཆོམ་རྐུན་ནམ། རིགས་རྒྱུད་སྡང་བ་དག་གིས་ཕྲོགས་པའམ། གཏེར་ངན་པར་སྦས་པ་ལས་ཆུད་ཟོས་པའམ། བརྩལ་བ་ལས་མ་རྙེད་པའམ། དེ་ལྟ་བུ་དང་མཐུན་པ་དག་ནི་བྲལ་བའི་རྣམ་པར་མི་རྟག་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཉིད་ཀྱི་རྣམ་པའི་མི་རྟག་པ་
เล่ม ๑๒๘ · หน้า 186a
ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བའི་མི་རྟག་པ་ཉིད་དང་། འཇིག་པའི་མི་རྟག་པ་ཉིད་དང་བྲལ་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་དག་ཉིད་ད་ལྟར་བྱུང་བའི་དུས་སུ་ཉེ་བར་མ་གྱུར་དུ་ཟིན་ཀྱང་འདུ་བྱེད་འདི་དག་ནི་མ་འོངས་པའི་དུས་སུ་དེ་ལྟ་བུའི་ཆོས་ཉིད་དང་། དེ་ལྟ་བུ་དང་མཐུན་པར་
འགྱུར་བ་ཡིན་ནོ་ཞེས་མ་འོངས་པའི་དུས་ན་རྣམ་པར་འཇིག་པར་འགྱུར་བའི་ཆོས་ཉིད་ཡིན་པར་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཉེ་བའི་རྣམ་པའི་མི་རྟག་པ་ཉིད་གང་ཞེ་ན། འགྱུར་བའི་མི་རྟག་པ་ཉིད་དང་། འཇིག་པའི་མི་རྟག་པ་ཉིད་དང་། བྲལ་བའི་མི་རྟག་པ་ཉིད་གང་ཡིན་པ་དེ་དག་ཉིད་མངོན་སུམ་དུ་གྱུར་
པ་ལ་ཀུན་དུ་རྟོག་པར་བྱེད་པའོ། །དེས་དེ་ལྟར་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ཀྱི་མི་རྟག་པ་ཉིད་རྣམ་པ་ལྔ་པོ་དག་ལ། རྣམ་པ་ལྔ་པོ་དེ་དག་གིས་ཅི་རིགས་པར་ཡིད་ལ་བྱས་ཤིང་ལན་མང་དུ་བྱས་པ་དང་། འཐད་པ་བསྒྲུབ་པའི་རིགས་པའི་དབང་དུ་བྱས་པས་ངེས་པ་ཐོབ་ནས་དེའི་འོག་ཏུ་སྡུག་བསྔལ་གྱི་རྣམ་
པ་ལ་འཇུག་པར་བྱེད་དེ། དེ་འདི་སྙམ་དུ་སེམས་ཏེ། འདུ་བྱེད་མི་རྟག་པ་གང་ཡིན་པ་དེ་དག་གི་མི་རྟག་པ་ཉིད་ནི་སྐྱེ་བའི་ཆོས་ཉིད་ཡིན་པར་རིགས་ཏེ། དེ་ལྟར་ན་འདུ་བྱེད་འདི་དག་ནི་སྐྱེ་བའི་ཆོས་ཅན་ཡིན་ལ། སྐྱེ་བ་ནི་སྡུག་བསྔལ་བ་ཡིན་པ་དང་། སྐྱེ་བ་ཇི་ལྟ་བ་བཞིན་དུ་རྒ་བ་དང་། ན་བ་དང་།
འཆི་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པ་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་རེ་ཞིག་མི་རྟག་པའི་རྣམ་པས། སྡུག་བསྔལ་གྱི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་ཀུན་དུ་སྦྱོར་བ་དང་། འཆིང་བའི་རྣམ་པས་ནི་བདེ་
བའི་ཚོར་བ་དང་། མཐུན་པའི་ཕུང་པོ་ཟག་པ་དང་བཅས་པ་དང་། ཉེ་བར་ལེན་པ་དང་བཅས་པ་གང་ཡིན་པ་དེ་དག་ལ་སྡུག་བསྔལ་གྱི་རྣམ་པར་འཇུག་པར་བྱེད་དེ། འདི་ལྟར་དེ་དག་ནི་སྲེད་པའི་ཀུན་དུ་སྦྱོར་བའི་གནས་ཡིན་ལ། སྲེད་པའི་ཀུན་དུ་སྦྱོར་བ་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་འཆིང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཆིང་བའི་གནས་ཡིན་པའི་ཕྱིར་རོ། །མི་སྡུག་པའི་རྣམ་པས་ནི་སྡུག་བསྔལ་བ་དང་མཐུན་
เล่ม ๑๒๘ · หน้า 186b
པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྣམ་པར་འཇུག་པར་བྱེད་དོ། །འདི་ལྟར་སྡུག་བསྔལ་དང་མཐུན་པའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་དང་། ཉེ་བར་ལེན་པ་དང་བཅས་པ་དང་། ཡིད་མི་བདེ་བ་དང་ལྡན་པ་དང་། གནས་ངན་ལེན་དང་ལྡན་པ་དང་། སྡུག་བསྔལ་བ་ཉིད་ལས་རྣམ་པར་
མ་གྲོལ་བ་དང་། མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལ་གྲུབ་པ་དང་། བདེ་བ་མེད་པའི་རྣམ་པས་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། མཐུན་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྣམ་པར་འཇོག་པར་བྱེད་དེ་འདི་ལྟར་སྡུག་
བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། མཐུན་པའི་ཕུང་པོ་རྣམས་ནི་ཟག་པ་དང་བཅས་པ་དང་། ཉེ་བར་ལེན་པ་དང་བཅས་པ་དང་། གནས་ངན་ལེན་དང་ལྡན་པ་དང་། བདེ་བ་དང་སྡུག་བསྔལ་གྱི་ས་བོན་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་
གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བ་དང་། མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་པ་དེ་འདི་ལྟ་སྟེ། ཀུན་དུ་སྦྱོར་བ་དང་། འཆིང་བའི་རྣམ་པས་བདེ་བ་དང་མཐུན་པའི་འདུ་བྱེད་རྣམས་དང་། བདེ་བའི་ཚོར་བ་ལས་
འགྱུར་བའི་སྡུག་བསྔལ་ཉིད་དུ་ཞུགས་པ་དང་། འདི་ལྟ་སྟེ། མི་སྡུག་པའི་རྣམ་པས་སྡུག་བསྔལ་དང་མཐུན་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་གྱི་ཚོར་བ་ལ་སྡུག་བསྔལ་ཉིད་དུ་ཞུགས་པ་དང་། འདི་ལྟ་སྟེ། གྲུབ་པ་དང་བདེ་བ་མེད་པའི་རྣམ་པས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་
དང་མཐུན་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཀུན་དུ་སྦྱོར་བ་དང་། འཆིང་བའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། གྲུབ་པ་དང་བདེ་བ་མེད་པའི་རྣམ་པའི་
དབང་དུ་བྱས་ནས། ཚོར་བ་གསུམ་པོ་གང་ཅུང་ཟད་ཅི་ཚོར་ཡང་རུང་སྟེ། དེ་དག་ནི་འདིར་སྡུག་བསྔལ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་དེ་མི་རྟག་པའི་རྣམ་པ་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སྡུག་བསྔལ་གྱི་རྣམ་པ་ལ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། བདག་
เล่ม ๑๒๘ · หน้า 187a
གིས་དབང་པོ་ཙམ་དང་། ཡུད་ཙམ་དང་། དེ་ལས་བྱུང་བའི་ཚོར་བ་ཙམ་དང་། སེམས་ཙམ་ཞིག་མཐོང་བར་ཟད་ཀྱི། བདག་དང་བདག་གི་ཞེས་བྱ་བ་ནི་མིང་ཙམ་དང་། སྣང་བ་ཙམ་དང་། ཉེ་བར་བཏགས་པ་ཙམ་དུ་ཟད་དེ། དེ་ལས་གོང་ན་ཡང་མེད་ལ། དེ་
ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ཡོད་པ་དེ་ཡང་ཕུང་པོ་ཙམ་དུ་ཟད་དེ། ཕུང་པོ་དེ་དག་ལ་ནི་གང་སྐྱེ་བར་འགྱུར་བའམ། རྒ་བར་འགྱུར་བའམ། ན་བར་འགྱུར་བའམ། འཆི་བར་འགྱུར་བའི་བདག་གམ། སེམས་ཅན་རྟག་པ་དང་བརྟན་པ་དང་། ཐེར་ཟུག་དང་། བདག་པོར་གྱུར་
པ་དེ་དང་། དེ་དག་ཏུ་ལས་བྱས་ཤིང་། བྱས་པའི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་མྱོང་བར་འགྱུར་བ་ནི་འགའ་ཡང་མེད་པས་དེའི་ཕྱིར་འདུ་བྱེད་འདི་དག་ནི་སྟོང་པ་དང་། བདག་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་དམིགས་སུ་མེད་པའི་རྣམ་པས་སྟོང་པའི་རྣམ་པ་ལ་འཇུག་པར་
བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། སྡུག་བསྔལ་གྱི་མཚན་ཉིད་དང་ལྡན་པའི་འདུ་བྱེད་གང་དག་ཡིན་པ་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་དབང་མེད་པ་ཡིན་ནོ། །རང་དབང་མེད་པ་གང་དག་ཡིན་པ་དེ་དག་ནི་བདག་
མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་རང་དབང་མེད་པའི་རྣམ་པས་བདག་མེད་པའི་རྣམ་པ་ལ་འཇུག་པར་བྱེད་དོ། །དེ་ལྟར་ན་རྣལ་འབྱོར་པ་དེས་རྣམ་པ་བཅུས་ཡང་དག་པར་བསྡུས་པའི་རྣམ་པ་བཞི་པོ་དག་གིས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་པར་གྱུར་པ་ཡིན་
ནོ། །དེ་ལ་མི་རྟག་པའི་རྣམ་པ་ནི་རྣམ་པ་ལྔས་ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། འགྱུར་བའི་རྣམ་པ་དང་། འཇིག་པའི་རྣམ་པ་དང་། བྲལ་བའི་རྣམ་པ་དང་། ཆོས་ཉིད་ཀྱི་རྣམ་པ་དང་། ཉེ་བའི་རྣམ་པ་དག་གིས་སོ། །སྡུག་བསྔལ་གྱི་རྣམ་པ་ནི་རྣམ་པ་གསུམ་གྱིས་
ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། ཀུན་དུ་སྦྱོར་བ་དང་འཆིང་བའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། གྲུབ་པ་དང་། བདེ་བ་མེད་པ་དག་གི་རྣམ་པས་སོ། །སྟོང་པའི་རྣམ་པ་ནི་རྣམ་པ་གཅིག་གིས་ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། དམིགས་སུ་མེད་པའི་རྣམ་
เล่ม ๑๒๘ · หน้า 187b
པས་སོ། །བདག་མེད་པའི་རྣམ་པ་ཡང་རྣམ་པ་གཅིག་གིས་ཡང་དག་པར་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། རང་དབང་མེད་པའི་རྣམ་པས་སོ། །དེ་དེ་ལྟར་རྣམ་པ་བཞིའི་རྗེས་སུ་ཞུགས་པའི་རྣམ་པ་བཅུ་པོ་དག་གིས་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་ནས་གང་ཞིག་སྤངས་
ན་སྡུག་བསྔལ་འདི་སྤོང་བར་འགྱུར་བར། སྡུག་བསྔལ་གྱི་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གང་ཡིན་ཞེས་རྣམ་པ་བཞིས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །དེ་ལ་རྒྱུ་ནི་སྲིད་པ་སྟེ། སྡུག་བསྔལ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །
ཀུན་འབྱུང་བ་ནི་འཕངས་ནས་མངོན་པར་འགྲུབ་པར་བྱེད་ཅིང་ཀུན་འབྱུང་བར་བྱེད་པའི་ཕྱིར་རོ། །རབ་ཏུ་སྐྱེ་བ་ནི་སྡུག་བསྔལ་མངོན་པར་གྲུབ་པ་དེ་དེ་ལས་རབ་ཏུ་སྐྱེས་པའི་ཕྱིར་རོ། །རྐྱེན་ནི་མ་འོངས་པའི་སྡུག་བསྔལ་གྱི་ས་བོན་ཡོངས་སུ་འཛིན་པ་དང་། རིམ་གྱིས་སྡུག་བསྔལ་
ཡང་དག་པར་འགྱུར་བར་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་སྲེད་པ་ནི་ལེན་པའི་རྒྱུར་གྱུར་པ་ཡིན་པ་དང་། ལེན་པ་དང་ལེན་པའི་རྒྱུ་ལས་བྱུང་བའི་སྲིད་པ་ཡང་དག་པར་འགྲུབ་པར་བྱེད་པ་ཡིན་པ་དང་། སྲིད་པ་སྔོན་དུ་བཏང་བའི་སྐྱེ་བ་རབ་ཏུ་སྐྱེ་བར་བྱེད་པ་ཡིན་པ་དང་། སྐྱེ་
བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཡིན་ཏེ་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་སྲེད་པའི་བག་ལ་ཉལ་བ་ལ་སོགས་པ་
ཉོན་མོངས་པའི་བག་ལ་ཉལ་ལུས་ལ་ཞེན་པ་གང་ཡིན་པ་དེ་ནི་ཕྱི་མ་ལ། ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །དེ་ལས་སྐྱེས་པའི་ཀུན་ནས་དཀྲིས་པ་ནི་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཡིན་པར་ཅི་རིགས་པར་སྦྱར་ཏེ། དེ་ལ་ཡང་འབྱུང་བའི་སྲིད་པའི་སྲེད་པ་
ཡང་དག་པར་འགྲུབ་པར་བྱེད་པའི་ཕྱིར་ཀུན་འབྱུང་བ་ཡིན་ནོ། །ཡང་འབྱུང་བ་སྲིད་པའི་སྲེད་པ་དེ་དག་དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་སྐྱེས་པ་དེ་ནི། དེ་དང་དེ་དག་ཏུ་མངོན་པར་དགའ་བའི་
เล่ม ๑๒๘ · หน้า 188a
སྲེད་པའི་རྐྱེན་ཡིན་ཏེ། དེ་ལྟར་དེའི་བག་ལ་ཉལ་གྱི་རྣམ་པ་དང་། ཀུན་ནས་དཀྲིས་པའི་སྲེད་པ་རྣམ་པ་གསུམ་ལ་བརྟེན་ནས། ཕྱི་མ་ལ་ཡང་འབྱུང་བའི་སྲིད་པ་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བས་ན། དེའི་ཕྱིར་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་
ཅེས་བྱ་བ་གསུངས་ཏེ། དེ་ལྟར་རྣལ་འབྱོར་པ་དེ་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ།། །།ཉན་ཐོས་ཀྱི་ས་བམ་པོ་ཉི་ཤུ་པ་སྟེ་ཐ་མ། དེ་ལྟར་དེས་བདེན་པ་ཀུན་འབྱུང་བའི་མཚན་ཉིད་སོ་སོར་རིག་ནས། བདེན་པ་ཀུན་འབྱུང་བ་དེ་
མ་ལུས་པར་ཟད་པའི་ཕྱིར། འགོག་པ་ལ་འགོག་པ་དང་། བདེན་པ་དང་། སྡུག་བསྔལ་མ་ལུས་པར་ཟད་པའི་ཕྱིར་ཞི་བ་དང་། མཆོག་དང་གཙོ་བོ་དང་། བླ་ན་མེད་པ་ཡིན་པའི་ཕྱིར་གྱ་ནོམ་པ་དང་། རྟག་པའི་ཕྱིར་ངེས་པར་འབྱུང་བའི་སྒོ་ནས་ཀུན་དུ་རྟོག་པར་བྱེད་དོ། །དེ་ལྟར་རྣལ་འབྱོར་པ་
དེ་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །དེ་ལྟར་བདེན་པ་འགོག་པའི་མཚན་ཉིད་སོ་སོར་རིག་ནས་ཤེས་བྱ་ཡོངས་སུ་ཚོལ་བའི་དོན་དང་། ཡང་དག་པ་ཡོངས་སུ་ཚོལ་བའི་དོན་དང་། སྒོ་བཞིས་རྗེས་སུ་འཇུག་པའི་དོན་དང་། མྱ་ངན་ལས་འདའ་བར་
འགྲོ་བའི་ཕྱིར་བགྲོད་པ་གཅིག་པའི་དོན་གྱིས་ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་སྒོ་ནས་ཀུན་དུ་རྟོག་པར་བྱེད་དེ། དེ་དེ་ལྟར་རྣམ་པ་བཞི་པོ་དེ་དག་གིས་བདེན་པ་ལམ་གྱི་མཚན་ཉིད་སོ་སོར་རིག་པར་བྱེད་དེ། དེ་ནི་དེའི་ནང་གི་སོ་སོ་རང་གི་འཕགས་
པའི་བདེན་པ་བཞི་པོ་དག་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དེ་ལྟར་བདག་ཉིད་ཀྱི་ཕུང་པོ་རྣམས་ལ་བདེན་པའི་ཚུལ་གྱིས་ཉེ་བར་བརྟགས་ཤིང་རྣམ་པར་དཔྱད་ནས། ཁམས་མི་འདྲ་བའི་ཕུང་པོ་ལྐོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་དཔག་པའི་སྒོ་ནས་དེ་དག་
ཀྱང་འདི་ལྟ་བུའི་ཆོས་ཉིད་དང་། འདི་ལྟ་བུའི་ཚུལ་དུ་རྟོགས་པ་ཡིན་ནོ་ཞེས་རྟོགས་པར་བྱེད་དེ། འདུས་བྱས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་དེ་ལྟ་བུའི་རང་བཞིན་ཅན་ཡིན་པས་དེ་དག་འགོག་པ་ནི་ཞི་བ་ཡིན་ལ། དེ་སྤོང་བའི་
เล่ม ๑๒๘ · หน้า 188b
ལམ་ནི་ངེས་པར་འབྱིན་པ་ཡིན་པར་སོ་སོར་རྟོག་པར་བྱེད་དོ། །དེ་ལ་བདག་ཉིད་ཀྱི་ཕུང་པོ་ལྐོག་ཏུ་མ་གྱུར་པ་རྣམས་ལ་བདེན་པར་(ཤིས་‚ཤེས་)པ་གང་ཡིན་པ་དང་། ཁམས་མི་འདྲ་བའི་ཕུང་པོ་ལྐོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་དཔག་པའི་སྒོ་ནས་ཤེས་པ་གང་ཡིན་པ་དེ་ནི། ཆོས་ཤེས་པ་དང་། རྗེས་སུ་
ཤེས་པ་དག་སྐྱེ་བའི་ས་བོན་ལྟ་བུ་ཡིན་ཏེ། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དེ་ཡང་ཐོས་པ་དང་། བསམ་པ་དང་། འདྲེས་པ་ཡིན་པར་རིག་པར་བྱའོ། །རྣལ་འབྱོར་པ་དེས་དེ་ལྟར་ལེགས་པར་དཔྱད་པའི་རྒྱུས། གང་གི་ཚེ་འདི་ལྟ་སྟེ། འཐད་པ་བསྒྲུབ་པའི་རིགས་པས་
འདི་ལྟ་སྟེ། བདེན་པ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལས་བརྩམས་ཏེ། རྣམ་པ་བཅུ་དྲུག་པོ་དེ་དག་གིས་འཕགས་པའི་བདེན་པ་བཞི་པོ་དག་ལ་ངེས་པ་འཐོབ་པར་འགྱུར་བ་དེའི་ཚེ་ན་ནི། ཐོས་པ་དང་བསམས་པ་ལས་བྱུང་བ་དང་འདྲེས་པའི་ཡིད་ལ་བྱེད་པ་ལས་
ཡང་དག་པར་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པས་མོས་པར་བྱེད་དོ། །དེ་ནི་དེའི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡིན་ཏེ། བདེན་པ་ལ་དམིགས་པ་དང་། གཅིག་ཏུ་མཉམ་པར་གཞག་པ་ཡིན་ནོ། །དེས་དེ་ཀུན་དུ་བསྟེན་པའི་རྒྱུས་བདེན་པ་སྡུག་བསྔལ་བ་དང་། བདེན་པ་
ཀུན་འབྱུང་བའི་བདེན་པ་གཉིས་ཀྱི་དབང་དུ་བྱས་ནས་ཤེས་པ་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། དེས་མི་རྟག་པ་ལ་མི་རྟག་པ་ཡིན་ནོ་ཞེས་མི་རྟག་པ་མཐའ་ཡས་པ་ཉིད་དུ་མོས་པར་བྱེད་དེ། །དེ་བཞིན་དུ་སྡུག་བསྔལ་མཐའ་ཡས་པ་ཉིད་དང་། སྟོང་པ་མཐའ་ཡས་པ་ཉིད་དང་། བདག་མེད་པ་མཐའ་
ཡས་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མཐའ་ཡས་པ་ཉིད་དང་། ཉེས་པར་སྤྱད་པ་མཐའ་ཡས་པ་ཉིད་དང་། ངན་སོང་དུ་འགྲོ་བ་མཐའ་ཡས་པ་ཉིད་དང་། འབྱོར་པ་རྣམས་ཀྱི་རྒུད་པ་མཐའ་ཡས་པ་ཉིད་དང་། སྐྱེ་བ་མཐའ་ཡས་པ་ཉིད་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མཐའ་ཡས་བ་ཉིད་དུ་མོས་པར་བྱེད་དོ། །དེ་ལ་མཐའ་ཡས་པ་ཞེས་བྱ་བ་ནི། འཁོར་བ་ན་འཁོར་བའི་ཆོས་དེ་དག་ལ་མཐའ་མེད་པ་དང་། མུ་མེད་པ་ཡིན་ཏེ། འཁོར་བ་ཇི་སྲིད་ཡོད་ཀྱི་
เล่ม ๑๒๘ · หน้า 189a
བར་དུ་ཆོས་དེ་དག་ཀྱང་འབྱུང་བར་འགྱུར་ལ། འཁོར་བ་མ་ལུས་པར་ཟད་པར་གྱུར་ན། དེ་དག་ཀྱང་ཟད་པར་འགྱུར་གྱི། གཞན་དུ་ན་ཟད་པར་འགྱུར་བ་མེད་དོ་ཞེས་དེ་ལྟར་སྲིད་པ་དང་། འགྲོ་བ་དང་། འཆི་འཕོ་བ་དང་། སྐྱེ་བ་ཐམས་ཅད་ལ། སྨོན་པ་མེད་པའི་རྣམ་པ་དང་། རྟེན་པ་མེད་པའི་
རྣམ་པ་དང་། མི་མཐུན་པའི་རྣམ་པས་མོས་པར་བྱེད་པ་ན། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་སྒོམ་པར་བྱེད་དོ། །དེས་དེ་ལྟར་སྲིད་པ་དང་། འགྲོ་བ་དང་། འཆི་འཕོ་དང་། སྐྱེ་བ་ཐམས་ཅད་ལས་སེམས་སྐྱོ་བར་བྱས་ཤིང་སྐྲག་པར་བྱས་ནས། ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་
རྣམ་པ་གང་ཡང་རུང་བས་སེམས་གཏོད་པར་བྱེད་པ་ན། དེའི་སེམས་དེ་ཡུན་རིང་པོ་ནས་གཟུགས་ལ་དགའ་བ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་དགའ་ཞིང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དག་གིས་ཀུན་དུ་བསགས་ཤིང་ཉེ་བར་བསགས་པར་གྱུར་པས། དེས་
ན་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་སེམས་གཏད་དུ་ཟིན་ཀྱང་ཞི་བའི་དབྱིངས་ཉིད་མི་འདོད་ཅིང་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་ཞིང་། ཡིད་ཕྱིར་ལྡོག་པར་གྱུར་ན། དེས་སེམས་དེ་
བདེན་པ་སྡུག་བསྔལ་དང་། བདེན་པ་ཀུན་འབྱུང་བ་དག་ལ་ཡང་དང་ཡང་དུ་སྐྱོ་བར་བྱེད་ཅིང་སྐྲག་པར་བྱེད་དེ། སྐྱོ་བར་བྱས་ཤིང་སྐྲག་པར་བྱས་ནས་ཀྱང་། ལྷག་པའི་བསམ་པས་ཡང་དང་ཡང་དུ་མྱ་ངན་ལས་འདས་པ་ལ། སེམས་གཏོད་པར་བྱེད་མོད་ཀྱི། འོན་ཀྱང་འཇུག་པར་མི་འགྱུར་རོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་ལ་མངོན་པར་རྟོགས་པའི་བར་དུ་གཅོད་པར་བྱེད་པས་བདག་འཁོར་བར་འཁོར་བར་འགྱུར་རོ། །བདག་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བདག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་དགེ་བའི་ཆོས་རྣམས་བསྒོམ་པར་བྱའོ། །བདག་
གིས་སྡུག་བསྔལ་སྡུག་བསྔལ་གྱི་སྒོ་ནས་མཐོང་བར་བྱའོ། །ཀུན་འབྱུང་བ་ཀུན་འབྱུང་བའི་སྒོ་དང་། འགོག་པ་འགོག་པའི་སྒོ་དང་། ལམ་ལམ་གྱི་སྒོ་ནས་མཐོང་བར་བྱའོ། །བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྒོ་དང་། སྨོན་པ་མེད་པ་སྨོན་པ་མེད་པའི་སྒོ་དང་། མཚན་མ་མེད་པ་མཚན་མ་མེད་པའི་
เล่ม ๑๒๘ · หน้า 189b
སྒོ་ནས་མཐོང་བར་བྱ་སྟེ། ཆོས་དེ་དག་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་པའི་ང་རྒྱལ་རགས་པ་ཡོད་པ་དེ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པས་ན། བར་དུ་གཅོད་ཅིང་སྒྲིབ་པ་དང་བཅས་བཞིན་དུ་འཇུག་པའི་ཕྱིར་ཏེ། རྒྱུ་དེ་དང་རྐྱེན་དེས་ན་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་སེམས་གཏད་
དུ་ཟིན་ཀྱང་། དེའི་སེམས་འཇུག་པར་མི་འགྱུར་རོ། །དེས་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་དེ་ཉིད་བར་དུ་གཅོད་པར་བྱེད་པ་ཡིན་ནོ་ཞེས་ཤེས་རབ་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རྟོགས་པར་བྱས་ནས། རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་སྤངས་ཤིང་། ཕྱི་རོལ་གྱི་ཤེས་བྱའི་
དམིགས་པ་ལས་རྣམ་པར་བཟློག་ནས་ཡིད་ལ་བྱེད་པ་ལ་ཞུགས་པ་དང་ཡིད་ལ་བྱེད་པ་དང་ལྡན་པའི་བདེན་པ་རྣམ་པར་གཅོད་པ་ལ་རྩོམ་པར་བྱེད་དེ་དེས་སེམས་བྱུང་ཞིང་འགགས་པ་ན་མཇུག་ཐོགས་སུ་སྐྱེ་བའི་སེམས་ཀྱིས་རྒྱུན་དང་རྗེས་སུ་འབྲེལ་པའི་ཚུལ་གྱིས་འཇིག་པར་མཐོང་ཞིང་།
དེ་ཅི་ནས་ཀྱང་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་ཡིད་ལ་བྱེད་པའི་རྗེས་སུ་འཇུག་པ་གང་ཡིན་པ་དེ་སྐྱེ་བའི་སྐབས་མེད་པར་བྱ་བའི་ཕྱིར་དེ་ལྟར་སེམས་ཀྱིས་སེམས་ལ་དམིགས་པར་བྱེད་ཅིང་ངེས་པར་འཛིན་པར་བྱེད་དོ། །རྣལ་འབྱོར་པ་དེ་དེ་ལྟར་བརྩོན་པར་བྱེད་པ་ན། རིམ་གྱིས་
དེའི་སེམས་ཀྱི་རྒྱུད་དེ་དག་གཞན་དང་གཞན་དུ་སར་པ་སར་པ་དང་། རྙིང་པ་མ་ཡིན་པ་རྙིང་པ་མ་ཡིན་པ་དང་། བྱུང་ནས་འཇིག་པ་དང་། རེ་ཞིག་པ་དང་། ཡུན་རིང་དུ་མི་གནས་པ་ཉིད་དུ་མཐོང་བར་འགྱུར་ཏེ། དེ་ནི་དེའི་མི་རྟག་པ་ཉིད་ཀྱིས་ཡིད་ལ་བྱེད་པ་ཡིན་ནོ། །སེམས་ཀྱི་རྒྱུད་དེ་ཉེ་
བར་ལེན་པའི་ཕུང་པོ་རྣམས་ཀྱི་རྗེས་སུ་ཞུགས་པར་མཐོང་བ་གང་ཡིན་པ་དེ་ནི་དེའི་སྡུག་བསྔལ་བ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སེམས་ལས་གཞན་པའི་ཆོས་གཉིས་པ་མི་དམིགས་པ་གང་ཡིན་པ་དེ་ནི་དེའི་སྟོང་པ་ཉིད་ཀྱི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སེམས་ཀྱི་རྒྱུད་དེ་ཉིད་རྟེན་ཅིང་
འབྲེལ་བར་འབྱུང་བ་ཉིད་དང་། རང་དབང་མེད་པ་ཉིད་མཐོང་བ་གང་ཡིན་པ་དེ་ནི་དེའི་བདག་མེད་པའི་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་ན་རེ་ཞིག་བདེན་པ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ། སེམས་ཀྱི་རྒྱུད་འདི་ཡང་སྲེད་པའི་རྒྱུ་ལས་བྱུང་བ་དང་། སྲེད་པ་ལས་ཀུན་དུ་འབྱུང་བ་
เล่ม ๑๒๘ · หน้า 190a
དང་། སྲེད་པ་ལས་རབ་ཏུ་སྐྱེས་པ་དང་། སྲེད་པའི་རྐྱེན་ལས་བྱུང་བ་ཡིན་ཏེ། སེམས་ཀྱི་རྒྱུད་དེའི་འགོག་པ་གང་ཡིན་པ་དེ་ནི་ཞི་བ་ཡིན་ནོ། །དེའི་འགོག་པར་འགྲོ་བའི་ལམ་གང་ཡིན་པ་དེ་ནི་ངེས་པར་འབྱིན་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ཤེས་རབ་ཕྲ་བས་
མ་བརྟགས་པའི་ཡིད་ལ་བྱེད་པ་ལ་རྟོག་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་པོ་དག་ལ་ཞུགས་པ་ཡིན་ནོ། །དེས་ཤེས་རབ་དེ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་ཞིང་མཚུངས་པའི་ཡེ་ཤེས་སྐྱེ་བར་
འགྱུར་ཏེ། དེས་དེའི་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་བར་དུ་གཅོད་པར་བྱེད་པ་ངའོ་སྙམ་པའི་ང་རྒྱལ་རགས་པ་གང་ཡིན་པ་དེ་ཀུན་དུ་སྤྱོད་པའི་སྒོ་ནས་སྤོང་བར་འགྱུར་ཞིང་། མྱ་ངན་ལས་འདས་པ་ལ་ལྷག་པའི་བསམ་པས་སེམས་གཏད་པ་འཇུག་པར་འགྱུར་ཞིང་། ཡོངས་
སུ་གདུང་བས་ཡིད་ཕྱིར་ལྡོག་པ་ཡང་མེད་པར་འགྱུར་ལ་ལྷག་པའི་བསམ་པས་མངོན་པར་དགའ་བ་ཡང་ཡིད་ལ་འཛིན་པར་བྱེད་དོ། །དེའི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་ཞིང་མཚུངས་པའི་ཡེ་ཤེས་བཟོད་པ་ཆུང་ངུ་དང་ལྡན་པ་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་
དྲོ་བར་གྱུར་པ་ཞེས་བྱའོ། །བཟོད་པ་འབྲིང་གིས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་རྩེ་མོ་ཞེས་བྱའོ། །བཟོད་པ་ཆེན་པོས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །དེས་དེ་ལྟར་བར་དུ་གཅོད་པར་བྱེད་པའི་ངའོ་སྙམ་
པའི་ང་རྒྱལ་སྤངས་ཤིང་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡོངས་སུ་བཟུང་ནས་གོང་ནས་གོང་དུ་སེམས་བརྟག་པར་བྱ་བ་ལ་མངོན་པར་འདུ་བྱེད་པ་གང་ཡིན་པའི་མངོན་པར་འདུ་བྱེད་པ་དེ་སྤངས་ཏེ། མངོན་པར་འདུ་བྱེད་པ་མེད་པ་ལ་རྣམ་པར་རྟོག་པ་མེད་པའི་
སེམས་འཇོག་པར་བྱེད་དོ། །དེའི་ཚེ་ན་དེའི་སེམས་དེ་འགགས་པ་ལྟ་བུར་ཡང་སྣང་མོད་ཀྱི། དེ་འགགས་པ་ནི་མ་ཡིན་ནོ། །དེ་དམིགས་པ་མེད་པ་ལྟ་བུར་ཡང་སྣང་མོད་ཀྱི། དེ་དམིགས་པ་མེད་པ་ཡང་མ་ཡིན་ནོ། །དེའི་སེམས་དེ་རབ་ཏུ་ཞི་ཞིང་མེད་པ་ལྟ་བུར་ཡང་སྣང་མོད་
เล่ม ๑๒๘ · หน้า 190b
ཀྱི་དེ་མེད་པ་ཡང་མ་ཡིན་ནོ། །དེའི་ཚེ་ན་སྦྲང་རྩི་བྱེད་པའི་སྦྲང་བུ་གཉིད་ཀྱིས་ལོག་པར་འགྱུར་བ་ལྟ་བུ་ཡང་མ་ཡིན་ཏེ། རྣམ་པར་གསལ་ཞིང་ཞི་གནས་ཀྱི་རྣམ་པ་ལས་མི་མཐོ་མི་དམའ་བ་ཁོ་ན་ཡིན་ནོ། །ཤེས་རབ་ཞེན་པ་མོང་རྟུལ་བར་མངོན་པར་རྟོགས་པས་མངོན་པའི་ང་རྒྱལ་
བྱེད་པ་གང་ཡིན་པ་ལ་ལའི་སེམས་ནི་སྦྲང་རྩི་བྱེད་པའི་སྦྲང་བུ་གཉིད་ཀྱིས་ལོག་པ་བཞིན་དུ་འགགས་པར་སྣང་བ་ལྟ་བུ་ཡང་ཡོད་མོད་ཀྱི་དེ་ཡང་འགགས་པ་ནི་མ་ཡིན་ནོ། །སེམས་དེ་ནི་མངོན་པར་རྟོགས་པ་ཁོ་ན་ཡིན་ཏེ། སེམས་ཀྱི་གནས་སྐབས་འདི་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་དེ་རིང་
པོ་མི་ཐོགས་པར་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་རོ། །དེའི་ཐམས་ཅད་ཀྱི་ཐ་མ་རྣམ་པར་མི་རྟོག་པའི་སེམས་དེའི་མཇུག་ཐོགས་སུ་སྔར་དཔྱད་པའི་བདེན་པ་དག་ལ་བདག་ཉིད་རྩོལ་བར་བྱེད་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཡིན་ཏེ། དེ་ཡན་
ཆད་འཇིག་རྟེན་ལས་འདས་པའི་སེམས་ཁོ་ན་སྐྱེ་བར་འགྱུར་གྱི་འཇིག་རྟེན་པའི་སེམས་མི་སྐྱེ་བ་དང་། དེ་དག་ནི་འཇིག་རྟེན་པའི་འདུ་བྱེད་རྣམས་ཀྱི་མཚམས་དང་མཐར་ཐུག་པ་ཁོ་ན་ཡིན་པས་ན། དེའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཞེས་བྱའོ། །དེ་དག་གི་རྗེས་ལ་
སྔར་དཔྱད་པའི་བདེན་པ་དག་ལ་རྩོལ་བར་བྱེད་དེ། བརྩལ་མ་ཐག་ཏུ་ཇི་ལྟར་སྔར་གོ་རིམས་བཞིན་དུ་དཔྱད་པའི་བདེན་པ་མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་ལ་རིམ་གྱིས་རྣམ་པར་མི་རྟོག་པ་ཤིན་ཏུ་ངེས་པའི་ཡེ་ཤེས་དང་། མངོན་སུམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་
ཁམས་གསུམ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པའི་གནས་ངན་ལེན་ལུས་ལ་གནས་ཤིང་། ཞེན་པ་གང་ཡིན་པ་དེ་སྤོང་བར་བྱེད་དོ། །གལ་ཏེ་དང་པོ་ཉིད་ནས་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི། དེ་སྤངས་ནས་
བདེན་པ་མངོན་པར་རྟོགས་མ་ཐག་ཏུ་དེའི་ཚེ་ཕྱིར་མི་འོང་པ་ཞེས་བྱ་སྟེ། དེའི་རྟགས་ནི་འདོད་ཆགས་དང་བྲལ་བའི་རྟགས་སྔར་བསྟན་པ་དག་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དེའི་དེར་རྫུས་ཏེ་སྐྱེས་ནས་ཕྱིས་འཇིག་རྟེན་འདིར་ཕྱིར་མི་འོང་བར་ཡོངས་སུ་མྱ་
เล่ม ๑๒๘ · หน้า 191a
ལས་འདའ་བར་འགྱུར་རོ། །གལ་ཏེ་དེ་ཤས་ཆེར་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི། བདེན་པ་མངོན་པར་རྟོགས་མ་ཐག་ཏུ། ལན་ཅིག་ཕྱིར་འོང་བར་འགྱུར་ཏེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས། སྡུག་བསྔལ་མཐར་
ཕྱིན་པར་བྱེད་དོ། །གལ་ཏེ་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་ནི། གནས་ངན་(ལན་‚ལེན་)ཤིན་ཏུ་སྦྱངས་ནས་རྒྱུན་དུ་ཞུགས་པར་འགྱུར་རོ། །དེ་ལ་མངོན་པར་རྟོགས་པས་ཞེས་བྱ་བ་ནི་མངོན་སུམ་དུ་ཤེས་བྱ་དང་ཡེ་ཤེས་དང་ཕྲད་པར་གྱུར་པས་ན། དེའི་ཕྱིར་མངོན་པར་རྟོགས་པ་ཞེས་
བྱ་སྟེ། འདི་ལྟ་སྟེ་དཔེར་ན། རྒྱལ་རིགས་དང་རྒྱལ་རིགས་ལྷན་ཅིག་མངོན་དུ་གྱུར་པ་ལ་ཕྲད་པ་ཞེས་བྱ་བ་དང་། བྲམ་ཟེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱ་བ་ལྟ་བུའོ། །དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་ཤེས་པ་བཞི་པོ་རྒྱུ་བ་དང་། གནས་པ་དང་ཡིད་ལ་
བྱེད་པ་ཐམས་ཅད་ལ་ངེས་པར་རྟོགས་པའི་སྒོ་ནས་ཆོས་ཙམ་དུ་ཤེས་པ་དང་། ཆད་པ་མ་ཡིན་པར་ཤེས་པ་དང་། རྟག་པ་མ་ཡིན་པར་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་སྒྱུ་མ་ལྟ་བུར་ཤེས་པ་དེ་དག་ཐོབ་པ་དང་། དེ་ཡུལ་རྣམས་ལ་སྤྱོད་པ་ན་གལ་ཏེ་བརྗེད་ངས་
པས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཤིན་ཏུ་ཆེན་པོ་དག་བྱུང་བར་གྱུར་ན་ཡང་དེས་བརྩལ་བ་ཙམ་གྱིས་དེ་དག་མྱུར་བ་མྱུར་བ་ཁོ་ནར་མེད་པར་འགྱུར་བ་དང་། དེ་བཞིན་དུ་ངན་སོང་རྣམས་སུ་འགྲོ་བར་མི་འགྱུར་བ་དང་། བསམས་བཞིན་དུ་བསླབ་པ་རྣམས་ལས་འདའ་བར་མི་བྱེད་པ་དང་།
དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་པ་དང་། བསླབ་པ་རྣམས་ཕུལ་ནས་སྤངས་པ་ལ་འཇུག་པར་མི་བྱེད་པ་དང་། མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་མི་སྲིད་པ་དང་། བདེ་བ་དང་། སྡུག་བསྔལ་རང་གིས་བྱས་པར་
ཁས་མི་ལེན་པ་དང་། གཞན་གྱིས་བྱས་པར་ཁས་མི་ལེན་པ་དང་། རང་གིས་བྱས་པ་དང་། གཞན་གྱིས་བྱས་པར་ཁས་མི་ལེན་པ་དང་། རང་གིས་བྱས་པ་དང་། གཞན་གྱིས་བྱས་པ་ཡང་མ་ཡིན་ལ། རྒྱུ་མེད་པ་ལས་བྱུང་བར་ཡང་ཁས་མི་ལེན་པ་དང་།
เล่ม ๑๒๘ · หน้า 191b
འདི་ལས་ཕྱི་རོལ་པའི་སྟོན་པ་གཞན་ཡོངས་སུ་མི་ཚོལ་བ་དང་། སྦྱིན་གནས་གཞན་ཡོངས་སུ་མི་ཚོལ་བ་དང་། དགེ་སྦྱོང་དང་། བྲམ་ཟེ་གཞན་དག་གི་ངོར་མི་ལྟ་ཞིང་ངོར་ཡོངས་སུ་མི་རྟོག་པ་དང་། ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་
ཀྱི་གཏིང་རྙེད་པ་དང་། ནེམ་ནུར་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་ལ་མི་འཇོག་པ་དང་། གཞན་གྱིས་བཀྲིར་མི་ཟུག་པ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ཁོ་ན་ཡིན་ཏེ། དེ་ནི་དག་པའི་མཚན་དང་། བཀྲ་
ཤིས་དག་གིས་དག་པར་མི་འདོད་པ་དང་། སྲིད་པ་བརྒྱད་པ་མངོན་པར་སྒྲུབ་པར་མི་བྱེད་པ་དང་། ཤེས་ནས་དད་པ་བཞི་པོ་དག་དང་ལྡན་པ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱི་བར་དུ་ནི་དེའི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡིན་ནོ། །
བདེན་པ་རྣམས་མངོན་པར་རྟོགས་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་དག་ལ་ནི། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཡིན་ནོ། །དེའི་གོང་དུ་ཉོན་མོངས་པ་སྤང་བའི་ཕྱིར་ལམ་ཇི་ལྟར་ཐོབ་པ་གོམས་ཤིང་བྱང་བར་བྱས་པའི་སྒོ་ནས། འདོད་པ་ན་སྤྱོད་
པའི་ཉོན་མོངས་པ་ཆེན་པོ་དང་འབྲིང་པོ་རྣམས་སྤང་བའི་ཕྱིར། ལན་ཅིག་ཕྱིར་འོང་བར་འགྱུར་ཏེ། །དེའི་རྟགས་རྣམས་ཀྱང་། རྒྱུན་དུ་ཞུགས་པའི་རྟགས་རྣམས་གང་དག་ཡིན་པ་དེ་དག་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཉོན་མོངས་པའི་
ཀུན་ནས་དཀྲིས་པ་ཆེན་པོ་དང་མཐུན་པའི་ཡུལ་རྣམས་ལ་སྤྱོད་པར་བྱེད་ཀྱང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དལ་བུས་སྐྱེ་ཞིང་མྱུར་དུ་སྤོང་བར་བྱེད་པ་དང་། འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་ཕྱིན་པར་བྱེད་པ་ཡིན་ནོ། །ཕྱིར་མི་འོང་བ་དང་ཕྱིར་
འོང་བའི་རྟགས་རྣམས་ནི་སྔར་བསྟན་པ་དག་ཁོ་ན་ཡིན་ནོ། །དེ་ལ་བསྒོམ་པའི་ལམ་ཐམས་ཅད་ལ་ནི་དཔྱོད་པའི་ཡིད་ལ་བྱེད་པས་སྤངས་པ་དང་། མ་སྤངས་བ་ལ་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་ལམ་ཇི་ལྟར་ཐོབ་པ་གོམས་པར་བྱས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བསྒོམ་
เล่ม ๑๒๘ · หน้า 192a
པའི་རང་བཞིན་ནི་གང་། ལས་ནི་གང་། རྣམ་པར་དབྱེ་བ་ནི་གང་ཞེ་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་འདུས་བྱས་ཀྱི་དགེ་བའི་ཆོས་གོམས་པར་བྱས་པ་དང་། ཡོངས་སུ་
འདྲིས་པར་བྱས་པ་དང་། རྟག་ཏུ་བྱས་པ་དང་། གུས་པར་བྱས་པ་དེ་དག་ལས་བྱུང་བའི་བསྒོམ་པ་སེམས་ཀྱི་རྒྱུད་ལ་འཇོག་པར་བྱེད་པ་གང་ཡིན་པ་དེ་དག་ནི་བསྒོམ་པའི་རང་བཞིན་ཞེས་བྱའོ། །དེ་ལ་བསྒོམ་པའི་ལས་ནི་རྣམ་པ་བརྒྱད་དེ། བསྒོམ་པས་ཆོས་ཁ་ཅིག་ཐོབ་
པར་བྱེད་པ་དང་། བསྒོམ་པས་ཆོས་ཁ་ཅིག་རྟེན་པར་བྱེད་པ་དང་། ཆོས་ཁ་ཅིག་རྣམ་པར་སྦྱོང་བར་བྱེད་པ་དང་། ཆོས་ཁ་ཅིག་སེལ་བར་བྱེད་པ་དང་། ཆོས་ཁ་ཅིག་ཡོངས་སུ་ཤེས་པར་བྱེད་པ་དང་། ཆོས་ཁ་ཅིག་སྤོང་བར་བྱེད་པ་དང་། ཆོས་ཁ་ཅིག་མངོན་སུམ་དུ་བྱེད་པ་དང་།
ཆོས་ཁ་ཅིག་ཐག་རིང་དུ་བྱེད་པའོ། །དེ་ལ་རེ་ཞིག་དགེ་བའི་ཆོས་ཁྱད་པར་ཅན་མ་ཐོབ་པ་གང་དག་ཡིན་པ་དེ་དག་ནི་ཐོབ་པར་བྱེད་དོ། །ཐོབ་ཅིང་མངོན་སུམ་དུ་གྱུར་པ་གང་དག་ཡིན་པ་དེ་དག་ནི་སྟེན་པར་བྱེད་དོ། །དེ་ལ་ཐོབ་པ་མངོན་དུ་གྱུར་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་དེ་
དང་རིགས་མཐུན་པའི་ཆོས་རྣམས་བསྟན་པ་དག་གིས་ཕྱིས་མངོན་སུམ་དུ་བྱེད་པ་ན་ཤིན་ཏུ་ཡོངས་སུ་དག་པ་དང་། ཤིན་ཏུ་ཡོངས་སུ་བྱང་བ་སྐྱེ་བར་བྱེད་དོ། །དེ་ལ་བརྗེད་ངས་པས་ཉོན་མོངས་པ་ཅན་གྱི་ཆོས་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་ནི་དགེ་བའི་ཆོས་ལ་གོམས་
པར་བྱས་པའི་སྟོབས་ཀྱིས་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དོ། །དེ་ལ་སྤང་བར་བྱ་བའི་ཆོས་མ་སྐྱེས་པ་གང་དག་ཡིན་པ་དེ་དག་ལ་ནི་ནད་ལྟ་བུར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་པ་དང་། འབྲས་ལྟ་བུ་དང་། ཟུག་རྔུ་ལྟ་བུ་དང་།
སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་དོ། །དེ་ཡོངས་སུ་ཤེས་ཤིང་གོམས་པར་བྱས་པས་ཉོན་མོངས་པ་རྣམས་སྤང་བའི་ཕྱིར། བར་ཆད་མེད་པའི་ལམ་སྐྱེ་བར་བྱེད་ཅིང་དེས་
เล่ม ๑๒๘ · หน้า 192b
སྤོང་བར་བྱེད་དོ། །སྤངས་པས་ན་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ས་གོང་མ་དག་གནོན་པར་བྱེད་པ་དེ་ལྟ་དེ་ལྟར་མཐར་ཐུག་གྱི་བར་དུ་ས་འོག་མ་པའི་ཆོས་སྤངས་པ་རྣམས་ཐག་རིང་དུ་བྱེད་པ་སྟེ། དེ་ནི་བསྒོམ་པའི་ལས་རྣམ་པ་བརྒྱད་ཡིན་པར་
རིག་པར་བྱའོ། །དེ་ལ་བསྒོམ་པའི་རྣམ་པར་དབྱེ་བ་ནི་རྣམ་པ་བཅུ་གཅིག་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པ་དང་། འཇིག་རྟེན་པའི་ལམ་བསྒོམ་པ་དང་། འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་དང་།
ལམ་ཆུང་ངུ་བསྒོམ་པ་དང་། ལམ་འབྲིང་པོ་བསྒོམ་པ་དང་། ལམ་ཆེན་པོ་བསྒོམ་པ་དང་། སྦྱོར་བའི་ལམ་བསྒོམ་པ་དང་། བར་ཆད་མེད་པའི་ལམ་བསྒོམ་པ་དང་། རྣམ་པར་གྲོལ་བའི་ལམ་བསྒོམ་པ་དང་། ཁྱད་པར་གྱི་ལམ་བསྒོམ་པའོ། །དེ་ལ་ཞི་གནས་
བསྒོམ་པ་ནི། སེམས་གནས་པ་རྣམ་པ་དགུ་སྟེ་སྔ་མ་བཞིན་ནོ། །ལྷག་མཐོང་བསྒོམ་པ་ཡང་སྔ་མ་ཁོ་ན་བཞིན་ནོ། །དེ་ལ་འཇིག་རྟེན་པའི་ལམ་བསྒོམ་པ་ནི་ས་འོག་མ་པ་རྣམས་ལ་རགས་པར་ལྟ་བ་དང་། ས་གོང་མ་པ་རྣམས་ལ་ཞི་བར་ལྟ་བ་ཉིད་ཀྱིས་ཅི་ཡང་མེད་པའི་
སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་གྱུར་པ་གང་ཡིན་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ནི་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྒོ་ནས་ཡིད་ལ་བྱེད་པ་དང་། ལམ་གྱི་བར་ལ་ལམ་གྱི་སྒོ་ནས་ཡིད་ལ་བྱེད་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཟག་
པ་མེད་པའི་ལམ་གྱིས་ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཡིན་པའོ། །དེ་ལ་ལམ་ཆུང་ངུ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་རགས་པ་དང་ཆེན་པོ་སྤོང་བར་བྱེད་པའོ། །དེ་ལ་ལམ་འབྲིང་པོ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་
འབྲིང་པོ་སྤོང་བར་བྱེད་པའོ། །དེ་ལ་ལམ་ཆེན་པོ་བསྒོམ་པ་ནི་གང་གིས་ཐམས་ཅད་ཀྱི་ཐ་མར་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་པའོ། །དེ་ལ་སྦྱོར་བའི་ལམ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་སྤང་བའི་ཕྱིར་སྦྱོར་བ་རྩོམ་པར་བྱེད་པའོ། །དེ་ལ་
เล่ม ๑๒๘ · หน้า 193a
བར་ཆད་མེད་པའི་ལམ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་སྤོང་བར་བྱེད་པའོ། །དེ་ལ་རྣམ་པར་གྲོལ་བའི་ལམ་བསྒོམ་པ་ནི་གང་གིས་ཉོན་མོངས་པ་སྤངས་མ་ཐག་ཏུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །དེ་ལ་ཁྱད་པར་གྱི་ལམ་བསྒོམ་པ་
ནི་གང་གིས་དེའི་གོང་དུ་ས་གཞན་གྱི་སྦྱོར་བ་བརྩམ་པར་བྱ་བའི་བར་ལ་རྩོམ་པར་མི་བྱེད་པ་དང་། མཐར་ཐུག་པ་ལ་རྩོམ་པར་མི་བྱེད་པ་སྟེ། དེ་ནི་བསྒོམ་པའི་རྣམ་པར་དབྱེ་བ་རྣམ་པ་བཅུ་གཅིག་ཡིན་པར་རིག་པར་བྱའོ། །དེ་ལྟར་བསྒོམ་པ་ལ་བརྩོན་པའི་དུས་དུས་སུ་ཉོན་མོངས་པ་
སྤངས་པ་དང་། མ་སྤངས་པ་རྣམས་ལ་ཡོངས་སུ་དཔྱོད་པར་བྱེད་པ་དང་། དུས་དུས་སུ་ཀུན་དུ་སྐྱོ་བར་འགྱུར་བའི་ཆོས་རྣམས་ལ་སེམས་ཀུན་དུ་སྐྱོ་བར་བྱེད་པ་དང་། དུས་དུས་སུ་མངོན་པར་དགའ་བར་འགྱུར་བའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་དེ་ནི་དེའི་དགའ་
བ་སྡུད་པའི་ཡིད་ལ་བྱེད་པ་ཡིན་ནོ། །དེས་དགའ་བ་བསྡུས་པའི་ཡིད་ལ་བྱེད་པ་དེ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལ་ལན་མང་དུ་བྱས་པའི་རྒྱུས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤང་བར་བྱ་བའི་ཕྱིར། ཐམས་ཅད་ཀྱི་ཐ་མར་སློབ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་
འཛིན་སྐྱེ་བར་འགྱུར་ཏེ། དེ་སྐྱེས་པས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །ཅིའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་དེ་ལས་གཞན་པའི་ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། རིན་པོ་ཆེ་ཤང་
ཀ་ཤི་ལ་དང་། བྱི་རུ་ལ་སོགས་པ་ནོར་བུ་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་ཡིན་ཏེ། ཐམས་ཅད་པས་སྲ་བ་དང་། ཐམས་ཅད་པས་བརྟན་པ་ཡིན་ལ། དེ་ལས་གཞན་པ་ཐམས་ཅད་འབིགས་པར་བྱེད་ཅིང་། དེ་ལས་གཞན་པའི་ནོར་བུ་དག་གིས་མི་ཕིགས་པ་དེ་བཞིན་དུ་ཏིང་ངེ་འཛིན་
དེ་ཡང་། སློབ་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་ཡིན་ཏེ། ཐམས་ཅད་པས་སྲ་བ་དང་། ཐམས་ཅད་པས་བརྟན་པ་ཡིན་ལ་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་ཅིང་། ཉོན་མོངས་པ་གཞན་དག་གིས་ཟིལ་གྱིས་གནོན་པར་མི་ནུས་
เล่ม ๑๒๘ · หน้า 193b
པས་ན། དེའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་སྐྱེས་མ་ཐག་ཏུ་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་གནས་ངན་ལེན་གྱི་ས་བོན་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། རིགས་ཡོངས་སུ་དག་པ་
ཐོབ་པ་དང་། ཉོན་མོངས་པ་ཟད་པ་རྣམས་ལ་ཟད་པ་ཤེས་པ་སྐྱེ་བ་དང་། རྒྱུ་ཟད་པའི་ཕྱིར་ཕྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་སྐྱེ་བར་མི་འགྱུར་བས། མི་སྐྱེ་བར་ཤེས་པ་ཡང་སྐྱེ་བར་འགྱུར་ཏེ། དེ་དེའི་ཚེ་ན་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ།
བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་མི་སློབ་པའི་ཆོས་བཅུ་པོ། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་།
ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་དང་
ལྡན་པ་དང་། འདི་ལྟ་སྟེ། གནས་པ་དང་། ཡིད་ལ་བྱེད་པ་དག་ལ་རང་གི་སེམས་ཀྱིས་དབང་སྒྱུར་བར་བྱེད་ཅིང་། དེ་འཕགས་པ་འམ་ལྷ་འམ། ཚངས་པའི་གནས་པ་གང་དང་གང་དག་གིས་གནས་པར་འདོད་པ་དེ་དང་དེ་དག་གིས་གནས་པར་བྱེད་པ་དང་། འཇིག་
རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་དགེ་བ་དོན་དང་ལྡན་པ་གང་དང་གང་དག་ཡིད་ལ་བྱེད་པར་འདོད་པ་དེ་དང་དེ་དག་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ལ་འཕགས་པའི་གནས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་
པ་མེད་པ་ལ་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །ལྷའི་གནས་པ་ཞེས་བྱ་བ་ནི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའོ། །ཚངས་པའི་གནས་པ་ཞེས་བྱ་བ་ནི་བྱམས་པ་དང་།
เล่ม ๑๒๘ · หน้า 194a
སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པའོ། །ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཚངས་པར་སྤྱོད་པ་ཤིན་ཏུ་མཐར་ཕྱིན་པ་དང་། གཏན་པ་མེད་པ་དང་། འོབས་དྲལ་བ་དང་། འོབས་ལས་
རྒལ་བ་དང་། ཤིང་ཐགས་བཅོམ་པ་དང་། འཕགས་པ་དང་། རྒྱལ་མཚན་བསྙལ་བ་དང་། ཡན་ལག་ལྔ་སྤངས་པ་དང་། ཡན་ལག་དྲུག་དང་ལྡན་པ་དང་། རྟེན་གཞི་ལ་གནས་པ་དང་། སོ་སོའི་བདེན་པ་བསྩལ་བ་དང་། ཚོལ་བ་སྤངས་པ་
དང་། ཡང་དག་པའི་རྟོག་པ་དྲི་མ་མེད་པ་དང་། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་དང་། མ་འདྲེས་པ་དང་། བསྙེན་པ་དང་ལྡན་པ་དང་། གང་ཟག་བླ་ན་མེད་པ་
ཞེས་བྱ་སྟེ། བདེ་བར་གནས་པ་རྣམ་པ་དྲུག་པོ་འདི་ལྟ་སྟེ། མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར། བཏང་སྙོམས་དང་དྲན་པ་དང་། ཤེས་བཞིན་དུ་གནས་པ་དང་། དེ་བཞིན་དུ་རྣ་བས་སྒྲ་རྣམས་
དང་། སྣས་དྲི་རྣམས་དང་། ལྕེས་རོ་རྣམས་དང་། ལུས་ཀྱིས་རེག་བྱ་རྣམས་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར་བར་བཏང་སྙོམས་དང་དྲན་པ་དང་། ཤེས་བཞིན་དུ་གནས་པ་དང་ལྡན་
པ་ཡིན་ནོ། །དེས་དེའི་ཚེ་ན་འདོད་ཆགས་མ་ལུས་པར་ཟད་པ་ཡང་དག་པར་མྱོང་ཞིང་། ཞེ་སྡང་མ་ལུས་པར་ཟད་པ་དང་། གཏི་མུག་མ་ལུས་པར་ཟད་པ་ཡང་དག་པར་མྱོང་བར་འགྱུར་ཏེ། དེའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་
པར་ཟད་པའི་ཕྱིར་སྡིག་པ་གང་ཡིན་པ་དེ་དག་མི་བྱེད་ཅིང་། དགེ་བ་རྣམས་ལ་རྟེན་པར་བྱེད་པ་དང་། ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དང་། ཙན་དན་དང་སྟེའུ་མཚུངས་པའི་སེམས་དང་ལྡན་པ་དང་། དབང་པོ་དང་། ཉེ་དབང་
เล่ม ๑๒๘ · หน้า 194b
དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་ཤིང་མཆོད་པར་འོས་པ་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ཡིན་ཏེ། རྒལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལུས་ཐ་མར་འཛིན་པ་ཞེས་ཀྱང་
བྱའོ། །སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཕུང་པོ་རྣམས་རང་གི་ངང་གིས་འགགས་པ་དང་། དེ་ལས་གཞན་པའི་ཉེ་བར་ལེན་པ་མེད་པ་དང་། ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་ཕྱིར་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་ཏེ། དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འགའ་ཡང་མེད་ལ་འཁོར་བར་འཁོར་བ་ཡང་འགའ་ཡང་མེད་དེ། སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང་། ཉེ་བར་ཞི་བ་དང་། དེ་
བསིལ་བར་གྱུར་པ་དང་། དེ་ནུབ་པར་གྱུར་པ་ཁོ་ནར་ཟད་དོ། །འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའི་གོ་འཕང་དེ་ནི་ཞི་བ་ཡིན་ནོ། །དེའི་རྟགས་ནི་འདི་
ལྟ་བུ་དག་ཡིན་པར་རིག་པར་བྱ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ནི་གནས་ལྔ་ལ་བརྟེན་པར་མི་སྲིད་པ་ཡིན་ཏེ། བསམས་བཞིན་དུ་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། མི་ཚངས་པར་སྤྱོད་པ་
འཁྲིག་པའི་ཆོས་ལ་བརྟེན་པ་དང་། ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་སྲིད་པ་དང་། འདོད་པ་རྣམས་སྩོགས་ཤིང་ལོངས་སྤྱོད་པར་མི་སྲིད་པའོ། །དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་རང་གིས་བྱས་པར་ཁས་ལེན་པར་མི་སྲིད་པས་
ན། སྔ་མ་བཞིན་དུ་རང་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་ལ་རྒྱུ་མེད་པ་ལས་བྱུང་བའི་བར་དུ་ཡང་ཁས་ལེན་པར་མི་སྲིད་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་རྣམས་ཀྱིས་འཇིག་པ་སྐྱེ་བར་མི་སྲིད་པ་དང་། འབྲུག་སྒྲ་
เล่ม ๑๒๘ · หน้า 195a
དྲག་པོ་དང་། གནམ་ལྕགས་དྲག་པོ་འབབ་པ་དང་། འཇིགས་པ་དང་། འཇིགས་སུ་རུང་བ་གང་ཡང་རུང་བ་དག་མཐོང་ཡང་སྐྲག་པར་(མ་‚མི་)འགྱུར་བ་དང་། དེ་ལྟ་བུ་དང་མཐུན་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་
འཛིན་གང་ཡིན་པ་དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཡིན་ནོ། །འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཀྱིས་ཡང་དག་པར་བསྡུས་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་ལས་འདས་
པའི་ལམ་གྱིས་ཡང་དག་པར་བསྡུས་པའི་ཡིད་ལ་བྱེད་པ་བདུན་པོ་དེ་དག་གིས་ནི་ཤིན་ཏུ་མཐར་ཐུག་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་ཉན་ཐོས་ཀྱི་ས་ཞེས་བྱ་སྟེ། འདི་ལྟ་སྟེ་དཔེར་ན། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། རང་བཟོ་
དང་། གསང་ཚིག་གི་བསྟན་བཅོས་ཐམས་ཅད་ཀྱི་མ་མོ་ཡི་གེའི་ཕྱི་མོ་ཡིན་པ་དང་འདྲ་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་མཐའ་དག་གི་མ་ལྟ་བུ་ཡིན་ནོ། །སྡོམ་ནི། མཚན་ཉིད་སོ་སོར་རིག་པ་དང་། །དེ་བཞིན་མོས་པ་
ལས་བྱུང་དང་། །རབ་ཏུ་དབེན་དང་དགའ་སྡུད་དང་། །དེ་བཞིན་དཔྱོད་པའི་ཡིད་བྱེད་དང་། །གཞན་ཡང་སྦྱོར་བ་མཐར་ཐུག་དང་། །དེ་ཡི་འབྲས་བུ་ཐ་མ་ཡིན། །བསམ་གཏན་གཟུགས་མེད་རྣམས་དབྱེ་དང་། །སྙོམས་པར་འཇུག་དང་མངོན་ཤེས་དང་། །སྐྱེ་བ་དང་
ནི་རྟགས་རྣམས་དང་། །བདེན་པ་དཔྱད་དང་རྟོགས་པ་དང་། །དེ་བཞིན་བསྒོམ་པའི་རྣམ་དབྱེ་དང་། །མཐར་ཐུག་གྱུར་པ་ཐ་མ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་བཞི་པ་རྫོགས་ཏེ། ཉན་ཐོས་ཀྱི་
ས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤློ་ཀ་དྲུག་སྟོང་ཡོད་དོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด