རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཡོ་ག་ཙརྱ་བྷཱུ་མི་བྱཱ་ཁྱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓๒ · หน้า 94b

པ་ན་འདོད་པ་ན་སྤྱོད་པའི་ལུས་སྤངས་པ་ལ་ཇི་ལྟར་ཆགས་པར་འགྱུར་ཞེ་ན། གཟུགས་ན་སྤྱོད་པའི་ལུས་ནི་འདོད་པའི་ལུས་ཀྱི་ས་བོན་ཡིན་ཏེ་སོ་སོའི་སྐྱེ་བོའོ། །དེ་ཆགས་པ་ན་དོན་གྱིས་དེའི་འབྲས་བུ་འདོད་པའི་ལུས་ལ་ཡང་ཆགས་པ་ཡིན་ནོ། །ཡང་ན་རྒྱུར་གྱུར་པའི་ལུས་ལ་མངོན་སུམ་དུ་

ཆགས་པ་ཡིན་པའི་ཕྱིར་རོ། །གཅིག་ལས་འདོད་ཆགས་དང་བྲལ་བ་ན་ཡང་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་བརྗོད་པར་བྱའོ་ཞེས་བྱ་བ་ལ། གལ་ཏེ་འདོད་པ་ན་སྤྱོད་པ་རང་གི་ལུས་ལ་འདོད་ཆགས་དང་བྲལ་བས་ཁམས་གསུམ་པའི་ལུས་ལ་ཡང་འདོད་ཆགས་དང་བྲལ་བ་ཡིན་

ན། ཅིའི་ཕྱིར་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རྩོམ་པར་བྱེད་ཅེ་ན། རྒྱུར་གྱུར་པའི་ལུས་ལ་འདོད་ཆགས་དང་བྲལ་བ་ཡང་འབྲས་བུར་གྱུར་པའི་སྤང་བའི་ཕྱིར་འདོད་ཆགས་དང་བྲལ་བར་རྩོམ་པར་བྱེད་དོ། །ཡང་ན་སྨྲས་མ་ཐག་པ་ཐམས་

ཅད་ལས་འདོད་ཆགས་དང་བྲལ་ལོ་ཞེས་བྱའོ། །ཁ་ཅིག་ན་རེ་ཇི་ལྟར་འདིའི་འདོད་པའི་འདོད་ཆགས་དང་བྲལ་བ་ཁོ་ན་དང་འདྲའོ་ཞེས་ཟེར་རོ། །ས་བོན་ཉོན་མོངས་པའི་ཕྱོགས་གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ནི་ཉོན་མོངས་པ་འཁོར་དང་བཅས་པ་དག་གི་ས་བོན་ཡིན་ནོ། །གནས་ངན་ལེན་ཞེས་

བྱ་བ་ཡང་མེད་དོ་ཞེས་བྱ་བ་ནི་ལས་སུ་མི་རུང་བའི་དོན་གྱི་གནས་ངན་ལེན་མེད་པའི་ཕྱིར་རོ། །དེའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ས་བོན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ས་བོན་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་གནས་ངན་ལེན་ཡིན་

ནོ་ཞེས་འབྱུང་བ་ནི་དགེ་བའི་ཆོས་ཀྱི་ས་བོན་ནི་གནས་ངན་ལེན་དང་ལྡན་པའི་ཕྱིར་རོ། །ལས་གཞན་པ་དག་ནི་གནས་ངན་ལེན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་ཡིན་པ་ལ་བྱ་སྟེ། བག་ཟན་གྱི་རྟ་བཞིན་ཞེས་སྟོན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་

འདི་སྐད་དུ་གང་གི་ཕྱིར་ཇི་སྐད་སྨོས་པའི་མཚན་ཉིད་ཀྱིས་ལུས་མཐའ་དག་ལ་གནས་ངན་ལེན་མེད་པའི་ཕྱིར་སྡུག་བསྔལ་ཉིད་མི་འབྱུང་བས། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་དད་པ་ལ་སོགས་པ་ཟག་པ་དང་བཅས་པར་བསྡུ་བའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་དུ་

เล่ม ๑๓๒ · หน้า 95a

འདོགས་པར་མཛད་དོ། །ཟག་པ་མེད་པ་རྣམས་ནི་ནམ་ཡང་དེའི་རྗེས་སུ་མི་འགྲོ་བས་དེ་དག་ལ་ཐལ་བར་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གཞན་གྱིས་བསྐྱེད་པའམ། རང་དང་མཐུན་པའི་འབྲས་བུ་འཛིན་པས་ན་ཁམས་སོ། །དེ་ལས་བྱུང་བས་དོན་གྱིས་

རིགས་གཞན་དང་འདྲ་བས་ན་རིགས་སོ། །ངོ་བོ་ཉིད་ཀྱིས་གྲུབ་པ་ན་རང་བཞིན་ནོ། །བྱེད་རྒྱུའི་དངོས་པོར་འཇུག་ཅིང་འགྲོ་བས་ན་རྒྱུའོ། །འཇིག་པའི་བདག་ཉིད་ཀྱི་ཚོགས་ཡིན་པས་ན་འཇིག་ཚོགས་སོ། །འཇིག་པའི་ངང་ཚུལ་ཅན་གྱི་ཕུང་པོ་དེ་དག་ནི་ས་བོན་ཞེས་བྱ་སྟེ། ཇི་སྐད་དུ་རྣམ་

པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་ས་བོན་ནི་འདུ་བྱེད་རྣམས་ལ་སོ་སོ་སོ་སོར་དབྱེ་ཞིང་གཞན་དུ་རྣམ་པར་གཞག་པར་མི་ནུས་མོད་ཀྱི། འོན་ཀྱང་དེ་ལྟར་བྱུང་བའི་འདུ་བྱེད་དེ་དག་ཁོ་ན་ལ་ས་བོན་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ། །སྤྲོ་བར་བྱ་བ་དང་སྤྲོ་བར་བྱེད་པས་ན་སྤྲོས་པ་སྟེ། གཟུང་

བ་དང་འཛིན་པར་གྱུར་པའི་སྐྱེ་མཆེད་ཀྱི་ཁམས་རྣམས་སོ། །དེ་དག་ཉིད་ས་བོན་ཡིན་ཏེ་སྔ་མ་བཞིན་ནོ། །རྒྱུད་དང་འབྲེལ་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་གཞི་ཞེས་བྱ་སྟེ། ཇི་སྐད་དུ་འདི་ལྟར་དེ་ནི་ལུས་དེ་ལ་འབྲེལ་ཞིང་རབ་ཏུ་འབྲེལ་བ་ན་ཀུན་གཞི་ཞེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །ས་

བོན་དུ་གྱུར་པ་དེ་ཉིད་འབྲས་བུ་ལེན་པར་བྱེད་པའི་ཕྱིར་ལེན་པའོ། །འབྲས་བུར་གྱུར་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ། །ཡང་ན་དེ་ལས་བྱུང་བའི་ཆོས་རྣམས་སྡུག་བསྔལ་བ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱི་དམིགས་པ་ཡིན་པའི་ཕྱིར་

དེ་དག་གི་གནས་ཡིན་ནོ། །རྣམ་གྲངས་དེ་དག་གི་རྣམ་པར་གཞག་པ་ཡང་ངོ་བོ་ཉིད་བསྟན་པ་དང་། བྱེ་བྲག་བསྟན་པའོ། །ངོ་བོ་ཉིད་ནི་རྒྱུ་དང་། འབྲས་བུ་དང་། རང་གི་ངོ་བོ་དང་། ལས་ཀྱིས་བསྟན་ཏོ། །བྱེ་བྲག་ནི་བླང་བར་བྱ་བ་དང་། ལེན་པར་བྱེད་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། བླང་བར་

བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ལེན་པར་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ཡང་ངོ་བོ་ཉིད་དང་རྒྱུ་དང་འབྲས་བུ་སྟེ། རྣམ་གྲངས་གཅིག་དང་གཅིག་དང་གསུམ་གྱིས་བསྟན་ཏོ། །དེ་ལྟ་བུ་དང་མཐུན་པ་རྣམས་ནི་ཞེས་བྱ་བ་ནི་བག་ཆགས་དང་བྱེད་རྒྱུ་ལ་སོགས་པ་དག་གོ། །

เล่ม ๑๓๒ · หน้า 95b

རྐྱེན་རྣམས་དང་མི་ལྡན་པར་བྱེད་ཅིང་ཞེས་གྲོགས་ཉམས་པས་ན་ཡོད་ཀྱང་མཐུ་མེད་པའི་ཕྱིར་ཕྱི་མར་འབྲས་བུ་འབྱིན་པར་འགྱུར་བའི་ནུས་པ་མེད་པ་ལ་བྱའོ། །ནང་གི་རྐྱེན་ལ་དབང་བ་ཡང་འཐོབ་པོ་ཞེས་བྱ་བ་ནི་མིག་ལ་སོགས་ལ་ནང་གི་རྐྱེན་རྣམས་དང་། སེམས་དང་སེམས་ལས་བྱུང་བ་ཡུལ་

རྣམས་ཀྱིས་མི་འཕྲོགས་པ་ལ་བྱའོ། །མངལ་དུ་འཇུག་པའི་མདོ་ལས་ཞེས་བྱ་བ་ནི་དགའ་བོ་དེ་ལ་བུ་དེ་ནི་ཞག་བདུན་པ་དང་པོ་ལ་མའི་མངལ་དུ་མེར་མེར་པོར་འགྱུར་ཏེ། མེར་མེར་པོའི་ངོ་བོ་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དཔེར་ན་འབྲས་ཁུའམ་ཞོ་ག་ཆུ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་

མདོ་སྡེ་ལས་རབ་ཏུ་མང་དུ་གསུངས་པ་རྣམས་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་ཞག་བདུན་པ་རྣམས་ནི་གོ་རིམས་བཞིན་དུ་མེར་མེར་པོ་དང་ནུར་ནུར་པོ་དང་ལྟར་ལྟར་པོ་དང་མཁྲང་གྱུར་དང་ཡན་ལག་འབུར་བར་འགྱུར་རོ། །དེ་ནས་བཞིས་ནི་རྐང་ལག་འགྱུས་པ་དང་། མཁྲེགས་པ་དང་། བུ་

གུ་དགུ་དང་། ནང་གྲོལ་རྣམས་དང་། བཀྲེས་པ་དང་། སྐོམ་པ་དང་། ཆུ་རྒྱུས་རྣམས་དང་། མིག་ལ་སོགས་པ་འབྱུང་ངོ་། །གཞན་དྲུག་གིས་ནི་མིག་ལ་སོགས་པའི་གནས་རྣམ་པར་འབྱེད་པ་དང་། དང་བ་དང་། གསལ་བ་དང་། མིག་ལ་སོགས་པ་བཞི་པོ་དག་རིམ་གྱིས་འཐོབ་པར་འགྱུར་

རོ། །བཞིས་ནི་རུས་པ་དང་། རུས་པ་སྦོམ་པོ་དང་། ཁྲག་དང་། པགས་པ་དང་། པགས་པ་གསལ་བ་དང་། ཁྲག་གསལ་བ་དང་། སྐྲ་དང་དེ་གསལ་བར་འགྱུར་རོ། །བརྒྱད་ཀྱིས་ནི་སྐྱེད་མོས་ཚལ་ལ་སོགས་པའི་འདུ་ཤེས་བརྒྱད་དང་། པགས་ཤུན་དང་། མདོག་རྣམས་འབྱུང་ངོ་། །

གཉིས་ཀྱིས་ནི་ཡན་ལག་རྒྱས་པར་འགྱུར་རོ། །དྲུག་གིས་ནི་མི་གཙང་བ་དང་། དྲི་ང་བ་དང་། མུན་པ་ལ་མི་དགའ་བའི་འདུ་ཤེས་གསུམ་འབྱུང་ངོ་། །གསུམ་གྱིས་ནི་རླུང་གི་དབང་གིས་སྐྱེ་གནས་ཀྱི་སྒོ་ལོགས་སུ་བསྒྱུར་ཏེ་འདུག་པར་འགྱུར་རོ་ཞེས་གསུངས་པ་ལ་བྱའོ། །དེ་ནས་ཞག་བཞི་

ལོན་ན་བཅའ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེར་ཟླ་བ་དགུ་ཚང་བའི་ཕྱིར་ཏེ། ཕལ་ཆེ་བས་དེ་སྐད་བསྟན་ཏོ། །དངས་མ་སྐ་བ་དེས་བརྟ་བར་འགྱུར་རོ་ཞེས་བྱ་བ་ནི་ཁ་ཟས་ཞུ་བ་ན་དེ་ལྟ་བས་ན་འཇུག་པའོ། །མེར་མེར་པོ་ལ་སོགས་པར་འགྱུར་བའི་ཚེ་ན་ནི་སྲ་བ་མེད་པའི་ཕྱིར་གཏོར་བས་བརྟས་པར་འགྱུར་

เล่ม ๑๓๒ · หน้า 96a

རོ། །ཡང་བ་མ་སྤངས་པ་ཞེས་བྱ་བ་ནི་མས་སོ། །བྲང་ལོགས་སུ་མདུན་གྱིས་ཕྱོགས་ཤིང་ཞེས་བྱ་བ་ནི་ཕ་དང་བསྟེན་པར་འདོད་པས་ཞུགས་པའི་ཕྱིར་གན་རྐྱལ་དུ་འཇུག་པ་ལ་བྱའོ། །སྒལ་ཚིགས་ཕྱོགས་སུ་མདུན་གྱིས་ཕྱོགས་ཤིང་ཞེས་བྱ་བ་ནི་མ་དང་བསྟེན་པར་འདོད་

པས་ཞུགས་པའི་ཕྱིར་སེམས་དེ་དང་རྗེས་མཐུན་པར་འདུག་པ་ལ་བྱའོ། །སྐྱེ་བའི་ཆར་གཏོགས་པ་ཞེས་བྱ་བ་ནི་བཙས་པའི་གནས་སྐབས་ལ་སྐྱེ་བ་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ལྟོ་ན་གནས་སོ་ཞེས་བྱ་བ་ནི་འདུག་པའོ། །སྐྱེ་བའི་ཆར་གཏོགས་པའི་རེག་པ་

ཞེས་བྱ་བ་ནི་བཙས་པའི་གནས་སྐབས་ན་འབྱུང་བ་ལ་བྱའོ། །འདོགས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་བརྡའོ། །སྐྱེས་པའི་རྒྱུ་ཞེས་བྱ་བ་ནི་མིང་དང་གཟུགས་སྐྱེས་པ་ནི་དབང་པོ་ཡོངས་སུ་སྨིན་པའི་རྗེས་སུ་འགྲོ་བའི་རྒྱུ་ཡིན་པ་ལ་བྱའོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ཕ་དང་མ་དག་ལས་གཞན་པ་

དག་གོ། །སྨྲ་བའི་ཐ་སྙད་དག་སློབ་ཏུ་འཇུག་སྟེ་ཞེས་བྱ་བ་ལ། ཅིའི་ཕྱིར་ལུས་ཀྱི་ལས་བོར་ཏེ་ངག་གི་ལས་ཁོ་ན་བསྟན་ཞེ་ན། ཁ་ཅིག་ན་རེ་ལུས་ཀྱི་ལས་ནི་གདོན་མི་ཟ་བར་བསླབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཐ་སྙད་ཅེས་བྱ་བའི་སྒྲ་ནི་སྤྱི་ལ་སྙེགས་པས་

བརྩད་དུ་མེད་དོ་ཞེས་ཟེར་རོ། །དེ་བས་ན་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྒོ་གཉིས་ཀྱིས་ནི་འཇིག་ཚོགས་ལ་ལྟ་བ་གདགས་ཏེ་བསྟན་ཏེ། གང་ན་ཡང་ཞེས་བྱ་བ་ནི་འགྲོ་བ་རྣམས་དང་ཡུལ་དང་དུས་ནའོ། །སུ་ཡང་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་དེ་ལས་གཞན་པའོ། །ཅི་ཡང་མེད་དོ་

ཞེས་བྱ་བ་ནི་བུའམ་ཕུ་ནུའོ། །བདག་ཀྱང་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཤིན་ཏུ་རྟོགས་པར་དཀའ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་སྟེ། བདག་ཏུ་འཛིན་པ་ལ་ཤིན་ཏུ་གོམས་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་འཇིག་པ་དང་འཆགས་པར་འགྱུར་བའི་ལས་

ཀྱིས་འགྱུར་ཏེ་ཞེས་བྱ་བ་ལ་འཇིག་པ་ཞེས་བྱ་བ་ནི་ཉེ་བར་བསྟན་དུ་མེད་པ་ཡིན་པའི་ཕྱིར་ཞིག་པའི་བདག་ཉིད་ཁོ་ན་ཡིན་ན། ཇི་ལྟར་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཞེ་ན། དཔེར་ན་མ་བྱིན་པར་ལེན་པ་ལས་ལོངས་སྤྱོད་མེད་པར་འགྱུར་བ་བཞིན་དུ་དེ་དང་མི་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ནང་གི་

เล่ม ๑๓๒ · หน้า 96b

རྣམས་ཞེས་བྱ་བས་ཆོས་མི་མཐུན་པའི་དཔེས་བསྟན་པའི་ཕྱིར་རོ། །ཚེ་ཟད་པར་འགྱུར་བ་ལྟ་བུས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚེ་ཉིད་མེད་པས་ན་ཟད་པ་ཡང་མེད་དེ། དེ་ནི་དམ་བཅའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་ལ་སྲོག་

ཡོད་པར་སྨྲ་བ་དག་གི་ཕྱིར་དེ་དག་ལ་ཚེ་ཟད་པས་འཆི་བ་མེད་དེ། སེམས་ཅན་གྱི་ཆོས་སུ་གྲགས་པ་མེད་པའི་ཕྱིར་ཏེ་ནམ་མཁའ་བཞིན་ནོ། །ཆོས་མི་མཐུན་པ་ནི་མི་ལྟ་བུའོ་ཞེས་དེ་དག་གི་སྒྲུབ་པ་བསྟན་ཏོ། །སེམས་ཅན་གྱི་ཆོས་སུ་གྲགས་པ་མེད་པ་རྣམ་པར་དབྱེ་བའི་ཕྱིར། ཕྱི་རོལ་གྱི་དངོས་

པོ་རྣམས་ནི་གཟུགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཅན་གྱི་དངོས་པོ་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་དག་ལ་ཡང་དེ་བཞིན་སེམས་ཅན་ལས་བཟློག་པ་ཡིན་པར་བརྗོད་པར་བྱའོ། །འདི་ལྟར་དེ་དག་ནི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ། འདི་ལྟར་སྣོད་ཀྱང་

དེ་དག་གི་ལས་ཁོ་ནས་མངོན་པར་གྲུབ་པ་ཡིན་མོད་ཀྱི་དེ་ལ་རིགས་མཐུན་པ་གང་ཡིན་པ་དེས་དེ་བྱུང་བ་ཡིན་ནོ། །དེ་བས་ན་དེ་དག་ལ་ནི་བསྐལ་པ་ལས་ལྷག་པ་དང་ཞེས་བྱ་བ་ནི་སེམས་ཅན་གྱི་རིས་ཀྱི་དབང་དུ་བྱས་པ་ཡིན་གྱི་དེ་དག་གི་སྣོད་ཀྱི་གནས་ནི་མ་ཡིན་ནོ། །དེ་ནི་གྲངས་ཀྱི་གདགས་

པས་བསྐལ་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་དུས་ཀྱི་ཆ་དེ་ཙམ་ལ་གྲངས་གཅིག་ཏུ་ཐ་སྙད་གདགས་པའི་ཕྱིར་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཐམས་ཅད་ཀྱི་ཐ་མར་འཇིག་ལ་ཞེས་བྱ་བ་ནི་མེས་འཇིག་པ་ལས་བསམས་པ་ཡིན་ནོ། །དེ་དག་ཐམས་ཅད་འཆི་འཕོས་པ་ན་ཞེས་བྱ་བ་ནི་གང་གི་

ཚེ་སེམས་ཅན་གཅིག་ཀྱང་མེད་པ་ལ་བྱའོ། །དུད་འགྲོ་འཇིག་པ་དང་ཞེས་བྱ་བ་ནི་གོ་རིམས་སྨྲ་བར་མི་འདོད་པའི་ཕྱིར་ཡི་དགས་འཇིག་པ་བས་སྔར་བསྟན་ཏོ། །ཡང་ན་འདི་དུད་འགྲོ་རྣམས་ལ་བསམས་པའོ། །བསམ་གཏན་གཉིས་པའི་བར་དུ་ཞེས་བྱ་བ་ནི་མདོ་སྡེ་ལས་གསུངས་པ་

མདོར་བསྡུས་པའོ། །ཐན་པ་བྱུང་བས་ཞེས་བྱ་བ་ནི་ཆར་འབབ་ན་ཚ་བ་ཆེན་པོ་མེད་དེ་ཆུ་འབྲུབ་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་རྣམས་ནི་སེམས་ཅན་གྱིས་སྟོང་པ་ཁོ་ནས་འབྱུང་བར་འགྱུར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཉི་མའི་དཀྱིལ་འཁོར་ནི་དུས་ཐམས་ཅད་དུ་ལྷའི་བུ་མི་གནས་ཤིང་

เล่ม ๑๓๒ · หน้า 97a

དེས་སྟོང་པ་ཁོ་ན་ཡིན་ལ་རླུང་གི་དབང་གིས་འཁོར་བར་འགྱུར་རོ། །ལུང་ལས་ཀྱང་ལྷའི་བུ་ཉི་མ་ནི་རི་རབ་ཀྱི་ལྷོའམ་བྱང་གི་ངོས་གང་དུ་དེ་མཐོང་བ་དེར་སོང་ནས་འཇུག་པར་བྱེད་དོ་ཞེས་འབྱུང་ངོ་། །དྲུག་པའི་ཕྱོགས་གཅིག་གིས་སྐེམས་པར་བྱེད་དོ་ཞེས་བྱ་བ་ནི་ལྔ་པོ་དག་གིས་

བསྐམས་པའི་ལྷག་མ་གང་ཡིན་པ་དེ་ནི་དྲུག་པ་ཤར་བ་ན་ཉིན་མོ་ཁ་ཅིག་གིས་ཟད་པར་བྱེད་དོ། །མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་བྱ་སྟེ་ཞེས་བྱ་བ་ནི་དགེ་སློང་དག་འདི་ལྟ་སྟེ་དཔེར་ན་མར་རམ་འབྲུ་མར་ནམ་མཁའ་ལ་བསྲེགས་ཤིང་ཚིག་པ་ན་དུ་བ་ཡང་མེད་པ་བཞིན་དུ་ས་ཆེན་པོ་འདི་

དང་རིའི་རྒྱལ་པོ་རི་རབ་ཀྱང་བསྲེགས་ཤིང་ཚིག་པ་ན་དུ་བ་ཡང་མེད་ལ་ཐལ་བའི་ལྷག་མ་ཡང་མེད་དེ། དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ་མི་བརྟན་པ་སྟེ། ཡིད་བརྟན་དུ་མི་རུང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དག་ནི་འདི་ཉིད་དུ་ཤིན་ཏུ་རྣམ་པར་

ཕྱེ་བས་ན་མ་བྲིས་སོ། །ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་དཔེར་ན་ཐལ་བ་ས་ལ་གནས་པ་ནམ་མཁའ་ལ་རླུང་གིས་གཏོར་བ་ན་ས་ལ་གནས་པའི་ལྷག་མ་དེ་ནི་རྡུལ་གྱི་བག་གམ་རྟགས་ཙམ་ཡང་མེད་པ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །གང་ཚུན་ཆད་ཆུས་འཇིག་

པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་ཡང་མེས་འཇིག་པ་ལན་ཅིག་འབྱུང་ངོ་ཞེས་བྱ་བ་ནི་མེས་འཇིག་པ་ལན་བདུན་འདས་ཤིང་ཆུས་འཇིག་པ་ལན་རེ་རེ་འབྱུང་བ་ལན་བདུན་དུ་བགྲངས་པའི་འོག་ཏུའོ། །འདི་ལྟར་འགའ་ཞིག་ལ་ཞེས་བྱ་བ་ལ་སོགས་པས་ནི་རླུང་གིས་གཟེགས་མར་འཇིག་པར་

བྱེད་པ་ཡིན་པས་སུ་ཡང་མ་རྟོགས་ཤིག་ཅེས་སྟོན་ཏོ། །འདི་ལྟ་སྟེ་སྣོད་འཆགས་པས་ཞེས་བྱ་བ་ནི་སེམས་ཅན་རྣམ་པར་གཅད་པའོ། །དེ་ལ་འཇིག་པ་གསུམ་པའི་རྩེ་མོ་ནས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ནས་སོ། །དེ་བཞིན་དུ་ཐམས་ཅད་དུ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་འོག་མ་རྣམས་

སུའོ། །མི་དགའ་བར་འགྱུར་ཏེ་ཞེས་བྱ་བའི་སྒྲ་སྐྱོ་བའི་རྣམ་གྲངས་ལ་བྱའི། ཡིད་མི་བདེ་བ་ཡིན་པར་མི་བརྗོད་དོ། །དེའི་སེམས་མངོན་པར་འདུ་བྱེད་པས་ཞེས་བྱ་བ་ནི་ཚངས་པར་སྐྱེ་བའི་རྒྱུ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལྷའི་རིས་བཞི་པོ་དག་གི་གཞལ་མེད་ཁང་ནམ་མཁའ་ལ་འབྱུང་བར་འགྱུར་

เล่ม ๑๓๒ · หน้า 97b

ཏེ་ཞེས་བྱ་བ་ནི་བསམ་གཏན་གསུམ་ནས་འཐབ་བྲལ་གྱི་བར་གྱི་གཞལ་མེད་ཁང་རྣམས་ལ་བྱའོ། །ནམ་མཁའ་ལ་སྤྲུལ་པ་བཞིན་དུ་འབྱུང་བར་ལྟའོ་ཞེས་བྱ་བ་ནི་རྩལ་བའི་རྒྱུན་གང་དུ་ཡང་མི་གནས་ཤིང་བྱ་བ་གཞན་གྱིས་རྣམ་པར་བཀོད་པ་མེད་པ་བཀོད་པ་སྣ་ཚོགས་དང་ལྡན་བཞིན་དུ་ནམ་མཁའ་ཁོ་

ན་ལས་འབྱུང་བའོ། །དེ་དག་ཏུ་ཡང་སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཚེ་ཟད་པ་ཞེས་བྱ་བ་ལ་སོགས་པའོ། །ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བ་བསྲུབས་པ་ལ་བྱའོ། །སྟེང་གི་ཆུའི་འཁྲུག་པ་ཐུབ་པ་ཞེས་བྱ་བ་ནི་ཆུས་ལྕགས་ལ་སོགས་པ་ནི་འཇིག་པར་འགྱུར་གྱི་གསེར་ནི་མི་འཇིག་པའི་ཕྱིར་རོ། །

འོག་ཆུའི་འཁྲུག་པ་ཐུབ་པའི་ཕྱིར་ཞེས་བྱ་བ་ནི་གསེར་ལ་སོགས་པའི་ཁམས་ཀྱི་ཆུས་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་གྲུ་བཞིར་བསྐོར་བ་གང་ཡིན་པའོ། །རི་དེ་དག་གི་མིང་རྣམས་ནི་དེ་དག་གི་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བར་བྱའོ་ཞེས་བྱ་བ་ནི་རྩེ་མོ་ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་

ནུས་པ་དང་། རྩེ་མོའི་དབུས་བཏུད་པ་དང་། རྩེ་མོ་རྟའི་རྣ་བ་འདྲ་བ་དང་། རྩེ་མོ་བལྟ་ན་སྡུག་པ་དང་། རྩེ་མོའི་ཤིང་སེང་ལྡེང་གི་འདྲ་བ་དང་། རྩེ་མོ་ཤིང་རྟའི་མངལ་ལྟ་བུའི་རྟའི་རྒྱ་ཡོད་པ་དང་། རྩེ་མོ་ནི་མི་དབྱིབས་ཞེས་བྱ་བའི་དབྱིབས་འདྲ་བའི་ཕྱིར་གོ་རིམས་བཞིན་དུ་མིང་གཉའ་ཤིང་

འཛིན་ལ་སོགས་པར་བཏགས་སོ། །རི་རབ་ཆུའི་ནང་དུ་ནུབ་པའི་ནང་ན་ཞེས་བྱ་བ་ནི་ལྟར་སྣང་བ་ནས་ཆུ་དཔག་ཚད་བརྒྱད་ཁྲི་ཡོད་པ་གང་ཡིན་པ་དེ་ནི་རི་རབ་ཀྱི་མཐའ་ཡོད་པ་ནའོ། །དེའི་འོག་ན་ནི་ཞེས་བྱ་བ་ནི་གངས་ཀྱིའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཞེས་བྱ་བ་ནི་དེ་ནས་

ཕལ་ཆེ་བར་ཟད་ཀྱི་དེ་དག་ནི་གཞན་ཡང་ཡོད་དོ། །ཡན་ལག་བརྒྱད་དང་ལྡན་པ་སྟེ་ཞེས་བྱ་བ་ནི། །བསིལ་དང་ཡང་དང་འཇམ་པ་དང་། །ཞིམ་དང་གསལ་དང་དྲི་ང་མེད། །འཐུངས་སམ་འཐུངས་པར་བྱེད་པ་ན། །ལྟོ་དང་མགུལ་ནད་མི་འབྱུང་བའོ། །ཞེས་ཚིགས་སུ་བཅད་པ་འབྱུང་བའོ། །

རི་རབ་དེའི་དྲུང་ན་ཡང་ཞེས་བྱ་བ་ནི་སྣང་བའི་ཆ་གང་ཡིན་པ་དེའི་ཁོ་ར་ཁོར་ཡུག་གི་ཕྱོགས་གཅིག་ཏུ་གྱུར་པ་ཁོ་ནའོ། །རྫིང་བུ་དེའི་ནས་པདྨའི་རྩ་བ་དང་རྩ་ལག་བླངས་ཤིང་ཞེས་བྱ་བ་ནི་དྲངས་པ་ལ་བྱའོ། །བཟང་ཞིང་ཞེས་བྱ་བ་ནི་མཆོག་ཏུ་མཛེས་པའི་ཕྱིར་རོ། །སྡུག་ལ་ཞེས་བྱ་བ་ནི་

เล่ม ๑๓๒ · หน้า 98a

མིག་ཏུ་འཐད་པའི་ཕྱིར་རོ། །མཛེས་པ་ཞེས་བྱ་བ་ནི་དད་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལས་ཆུ་རླུང་བཞི་གྱེས་ཏེ་འགྲོའོ་ཞེས་བྱ་བ་ནི་དེའི་ངོས་བཞི་ནས་འབྱུང་བ་ལ་བྱའོ། །རི་རབ་དེའི་སྟེང་ན་ཞེས་བྱ་བ་ལ། སྟེང་ཞེས་བྱ་བ་ནི་ཐོག་ལ་བྱའོ། །རི་རབ་

དེའི་ཕྱོགས་བཞི་ཞེས་བྱ་བ་ནི་ཕྱོགས་ལ་བྱ་སྟེ། དཔེར་ན་འདི་ནི་ཕྱོགས་ཙམ་མོ་ཞེས་བྱ། འདི་ནི་ཕྱོགས་ཙམ་མོ་ཞེས་བརྗོད་པ་ལྟ་བུའོ། །གཅིག་ནི་སྲིན་མོའི་གླིང་ཡིན་ནོ་ཞེས་བྱ་བ་ནི་རྔ་ཡབ་གླིང་ལ་བྱའོ། །སྔ་མ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་དྲངས་པ་ལ་བྱའོ། །ཟད་ནས་ཞེས་བྱ་བ་ལ་

སོགས་པ་བཞིན་ནོ། །ཁོ་ན་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ་ཞེས་སྨྲས་པའི་ཕྱིར་གྲགས་པ་ཁོ་ན་བརྗོད་པའོ། །འོད་གསལ་གྱི་ལྷའི་རིས་ནས་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པར་ཏེ། གསར་བུ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདིར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འཛམ་བུའི་གླིང་

དུའོ། །གཞན་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚེ་དཔག་ཏུ་མེད་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །གཟུགས་བཟང་ཞིང་ཞེས་བྱ་བ་ནི་གཟུགས་མཆོག་ཏུ་མཛེས་པའི་ཕྱིར་ཏེ། དཔེར་ན་ལྷས་བྱིན་ནི་གཟུགས་དང་ལྡན་པ་ཞེས་བྱ་བ་ཡིན་ནོ། །ཡིད་ལས་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི་ཡིད་ཙམ་ལས་ངེས་

པར་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་མདོ་ཉིད་ལས་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་མ་ཚང་བ་མེད་པ་དང་དབང་པོ་དམན་པ་མ་ཡིན་པ་དང་མཛེས་པ་ལ་སོགས་པ་དག་གོ། །མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་རྒྱས་པར་བྱའོ་ཞེས་བྱ་བ་ནི་གནས་འཇོག་པའི་སྟེང་ཆུས་གཅིག་ཏུ་

ཁྱབ་པར་གྱུར་པ་ལ་རླུང་གིས་སྤྲིས་མར་བྱས་པ་དེ་ནི་སའི་བཅུད་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཁ་དོག་ནི་འདི་ལྟ་སྟེ་དཔེར་ན་མར་སར་ལྟ་བུའོ། །རོ་ནི་འདི་ལྟ་སྟེ་དཔེར་ན་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་ནས་དུས་གཞན་ཞིག་ན་སེམས་ཅན་བརྐམ་པའི་རང་

བཞིན་ཅན་ཞིག་གིས་དེ་སོར་མོའི་རྩེ་མོས་མྱངས་ཏེ་ཟོས་ནས་གཞན་དུ་ཡང་དེ་བཞིན་དུ་བྱེད་དོ། །དེ་ནས་དེ་དག་གི་ལུས་སྲ་བ་དང་ཕྱི་བར་གྱུར་ནས་ཁ་དོག་ཀྱང་ཡལ་ལོ། །སའི་བཅུད་དེ་ཡང་མེད་པར་གྱུར་ཏོ། །དེ་བཞིན་དུ་སའི་ཞག་ལ་སོགས་པ་ཡང་བྱུང་ནས་མེད་པར་གྱུར་ཏོ་ཞེས་གསུངས་

เล่ม ๑๓๒ · หน้า 98b

པ་དག་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་ཕན་ཚུན་མིག་གིས་མིག་ཚུགས་སུ་བལྟའོ་ཞེས་བྱ་བ་ནི་གཅིག་ལ་གཅིག་མངོན་སུམ་དུ་རྟོག་ཅིང་མཚན་མར་འཛིན་པའོ། །དེའི་འོག་ཏུ་གཉིས་ཀྱིས་གཉིས་སྤྲོད་པས་ཉལ་པོ་བྱེད་དོ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱི་དབང་པོ་གཉིས་སྤྲོད་ཅིང་གཅིག་ཏུ་

སྦྱོར་བའོ། །གཞན་ཡང་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་ཀྱི་རྒྱུད་རྣམས་འཇིག་རྟེན་དུ་འབྱུང་ངོ་ཞེས་བྱ་བ་ནི་གནས་འཇོག་དེ་ནས་སེམས་ཅན་དེ་དག་ཁ་ཅིག་གིས་ཡོངས་སུ་འཛིན་པ་དེ་ནི་ནད་དོ། །ཡོངས་སུ་འཛིན་པ་ནི་འབྲས་སོ། །ཡོངས་སུ་འཛིན་

པའི་ཟུག་རྔུའོ། །ཡོངས་སུ་འཛིན་པ་ནི་སྡུག་བསྔལ་གྱི་རྩ་བའོ་ཞེས་བྱ་བར་རིག་ནས་དགོན་པའི་གནས་སུ་དོང་ཞིང་། སྤྱིལ་པོ་དང་ལོ་མའི་སྤྱིལ་བུ་དག་བྱས་ཏེ་འཁོད་ནས། དེ་དག་ནུབ་མོའི་ཟན་འདོད་ན་ནི་དགོངས་ཀར་ཟས་ཀྱི་ཕྱིར་གྲོང་དུ་འཇུག་གོ། །དྲོ་ཀའི་ཟན་འདོད་ན་ནི་སྔ་དྲོ་ཟས་ཀྱི་ཕྱིར་

གྲོང་དུ་འཇུག་གོ། །དེ་ནས་སེམས་ཅན་དེ་དག་ཁ་ཅིག་གིས་བསམ་གཏན་དེ་དང་རབ་ཏུ་དབེན་པ་དེ་དག་མངོན་པར་མ་རྟོགས་ནས་ཕྱོགས་གཅིག་ཏུ་དོང་སྟེ། སྤྱིལ་པོ་དང་ལོ་མའི་སྤྱིལ་བུ་དག་ཏུ་འཁོད་ནས་འདིར་བདག་ཅག་གིས་གསང་སྔགས་ཀྱི་གཞུང་དག་བྱའོ། །རིག་བྱེད་དག་སྦྱར་

བར་བྱའོ་ཞེས་དེ་དག་དེ་ནས་གསང་སྔགས་ཀྱི་གཞུང་དག་བྱེད་ཅིང་རིག་བྱེད་དག་སྦྱོར་བར་བྱེད་དོ། །དེ་ནས་སེམས་ཅན་དེ་དག་ཁ་ཅིག་གིས་བསམ་གཏན་དེ་དང་། རབ་ཏུ་དབེན་པ་དེ་དང་། གསང་སྔགས་ཀྱི་གཞུང་དེ་དང་། རིག་བྱེད་སྦྱར་བ་དེ་དག་མངོན་པར་མ་རྟོགས་ནས་ཡང་དགོན་པ་ནས་

ཕྱིར་གྲོང་དུ་ཞུགས་ཏེ་ཁྱིམ་སྒོ་བཞི་པ་དག་བྱས་ཏེ་འཁོད་ནས་འདིར་བདག་ཅག་གིས་སྦྱིན་བདག་སྦྱིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བྱའོ། །དེ་ན་འདི་དག་ནི་གྲོང་ནས་དགོན་པར་བརྟེན་པས་ན་ཕྱི་རོལ་ཡོད་དོ་ཞེས་བརྗོད་པས་བྲམ་ཟེ་ཞེས་བྱ་བའི་མིང་བྱུང་ངོ་། །ཡང་འདི་དག་ནི་བསམ་གཏན་

མི་བྱེད་པས་ནི་ཚིག་འདོན་པའོ་ཞེས་བྱ་བ་དང་། གྲོང་ལ་བརྟེན་པས་ན་གྲོང་མི་ཞེས་བྱ་བར་གྲགས་ཏེ། གནས་འཇོག་སྔོན་བྲམ་ཟེའི་རིགས་ནི་དེ་ལྟར་འཇིག་རྟེན་དུ་བྱུང་སྟེ། གཞན་དག་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པ་དང་སྦྱར་རོ། །དེ་གཉིས་ལས་ཀྱང་ཟླ་བའི་དཀྱིལ་

เล่ม ๑๓๒ · หน้า 99a

འཁོར་ནི་ཆེས་མགྱོགས་པར་འགྲོ་བ་དང་ཞེས་བྱ་བ་ནི་ཉི་མ་ནི་ཟླ་བ་གཅིག་གས་ཁྱིམ་ལས་འདའ། ཟླ་བ་ནི་ཉིན་ཞག་གཉིས་དང་ཉིན་ཞག་གི་བཞི་ཆ་གཅིག་གིས་ཁྱིམ་ལས་འདའ་བའི་ཕྱིར་རོ། །ཡང་འགྲོས་བསྣན་པ་ལས་བསམ་པ་ཡིན་ནོ་ཞེས་ཟེར་ན།

འགྲོས་ཕྲིན་ཡང་ཉི་མ་བས་མགྱོགས་པར་འགྲོ་བ་ཁོ་ན་ཡིན་པས་དེའི་བསམ་པ་ནི་དོན་མེད་པ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་གྱིས་ནི་གླིང་གཉིས་ཅིག་ཅར་སྣང་བར་བྱེད་ལ་ཞེས་བྱ་བ་ནི་ཁམས་གསུམ་དུ་ཡང་སྣང་མོད་ཀྱི་བྱ་བ་བྱེད་པའི་ཕྱིར་དེ་སྐད་སྨོས་སོ། །ཡང་ན་མཐར་གྱིས་

ནུབ་པའི་ཆ་གང་ཡིན་པ་དེ་བཞིན་དུ་ཡང་ཤར་བར་ཟད་ཀྱི་ཆ་ཉིད་གསུམ་ཆར་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་གཅིག་ཏུ་ཉི་མ་ཕྱེད་ལ་ཞེས་བྱ་བ་ནི་གང་གི་ཚེ་ཉིན་ཞག་མཉམ་པ་དེའི་ཚེ་དེ་ལྟར་བགྲང་གི་གཞན་ན་ནི་ཆ་གཞན་ཡོད་པར་ལྟའོ། །དེ་དག་གང་གི་ཚེ་རི་རབ་ལས་ཐག་རིང་དུ་རྒྱུ་བ་དེའི་

ཚེ་ནི་དགུན་དུ་མངོན་ནོ་ཞེས་བྱ་བ་ནི་འཛམ་བུའི་གླིང་ནས་ལྷོ་ཕྱོགས་ལོགས་སུ་རིང་དུ་སོང་བའི་ཕྱིར་ཏེ། དེ་བས་ན་རྒྱང་རིང་བའི་ཕྱིར་ཚ་བ་ཡང་མེད་ལ་གྲིབ་མ་ཡང་བྱང་ཕྱོགས་ལོགས་སུ་གཞོལ་ཞིང་མ་བསྒྲིབས་ཀྱང་མྱུར་དུ་མི་སྣང་བར་འགྱུར་རོ། །གང་གི་ཚེ་ཉེ་བར་རྒྱུ་བ་དེའི་ཚེ་ནི་ཚ་བའི་

དུས་སུ་མངོན་ནོ་ཞེས་བྱ་བ་ནི་གླིང་འདི་དང་ཉེ་བའི་ཕྱིར་ཏེ། དེ་བས་ན་ཚ་ཞིང་ཉི་མའི་དཀྱིལ་འཁོར་ཡང་ཡུན་རིང་དུ་སྣང་ངོ་། །ཟླ་བའི་དཀྱིལ་འཁོར་ནི་ཡིད་ཙམ་གྱིས་སྟེང་དུ་འཛུར་བས་ན་ཟླ་གམ་དུ་སྣང་སྟེ་ཞེས་བྱ་བ་ལ། གལ་ཏེ་ཟླ་བའི་འགྱུར་བའི་སྦྱོར་བ་དེ་ལྟ་བུར་སྣང་བ་ཡིན་ན་ཅིའི་ཕྱིར་

འཕྲོ་སྟེང་རོལ་ན་གནས་པར་འགྱུར་ཏེ། དེ་ལྟ་བས་ན་དེའི་གྲིབ་མས་བསྒྲིབས་པ་ཁོ་ན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །གལ་ཏེ་ཟླ་བ་ཤས་ཆུང་བའི་ཚེ་ན་གྲིབ་མས་བསྒྲིབས་པའི་ཕྱིར་འཕྲོ་སྟེང་རོལ་ནས་སྣང་བ་ཡིན་ན་ཚེས་བརྒྱད་ལ་སོགས་པ་དག་ལ་ཡང་ཅིའི་ཕྱིར་མི་སྣང་སྟེ། འདི་

ལ་སྣང་བའི་གཟུགས་ཀྱི་རྫས་རྣམས་ནི་ཇི་ལྟ་བུའི་དབྱིབས་ཀྱིས་ཀྱང་གནས་པར་སྣང་སྟེ། དཔེར་ན་ཁྱིམ་པ་ལ་སོགས་པ་ཡོད་པ་དེ་བཞིན་དུ་དེ་ལ་ཡང་ཡོད་དོ། །རུས་སྦལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མདོ་སྡེ་ལས་རི་བོང་གི་གཟུགས་བརྙན་དང་དེ་ལས་གཞན་པ་དག་ཡོད་དོ་

เล่ม ๑๓๒ · หน้า 99b

ཞེས་གསུངས་པ་ཡང་བསྡུ་བར་བྱའོ། །དེའི་འོག་ཏུ་སེམས་ཅན་གང་ཡང་རུང་བ་ཞིག་ཅེས་བྱ་བ་ནི་མཐུན་པར་འཇུག་པའི་ཚུལ་ལས་དགོངས་པའོ། །མདོ་སྡེ་དག་ལས་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་འབྱུང་ངོ་། །ཁ་ཅིག་ན་རེ་ལྷ་ཡིན་ནོ་ཞེས་ཟེར་རོ། །དེའི་འོག་ཏུ་སེམས་ཅན་

དམྱལ་བའི་སྲུངས་མ་རྣམས་ནི་སྤྲུལ་པ་ལྟ་བུར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་མ་ཡིན་པར་སེམས་ཅན་དག་ལྟ་བུར་སྣང་བ་ལ་བྱའོ། །ཆུའི་རྒྱུན་ལ་རྒྱུན་འཆད་པ་མེད་ཅིང་ཞེས་བྱ་བ་ནི་རྒྱུན་མི་འཆད་པའོ། །བར་མཚམས་མེད་པར་འབར་བ་ཞེས་བྱ་བ་ནི་རྒྱུན་གཞན་དང་ཡུལ་གྱི་

གོ་སྐབས་རིང་པོ་མེད་དེ་རྒྱུན་གཅིག་ཁོ་ན་བཞིན་དུ་བར་འཚམས་མེད་པ་ལ་བྱའོ། །དེ་ནི་སངས་རྒྱས་ཀྱི་ཞིང་གཅིག་ཅེས་བྱ་སྟེ་ཞེས་བྱ་བ་ནི་གང་དུ་དེ་བཞིན་གཤེགས་པ་འབྱུང་བ་སྟེ། དེའི་ཕྱིར་མཉམ་དུ་འབྱུང་ཞིང་འཇིག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་བྱ་བ་གཅིག་པའི་ཕྱིར་སངས་རྒྱས་ཀྱི་

ཞིང་གཅིག་ཅེས་བྱའོ། །དེ་ཉི་ཚེར་སེམས་ཅན་གྱི་དོན་མཛད་པར་མ་ཟད་པའི་ཕྱིར། དེར་དེ་བཞིན་གཤེགས་པ་བྱུང་ནས་ཞེས་བྱ་བ་ལ་སོགས་པ་ཡང་སྨོས་སོ། །འདོད་པ་ལ་ལོངས་སྤྱོད་པ་བཅུ་སྟེ། དེ་དག་ཀྱང་ལུང་བར་མ་ལས་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་མགོན་མེད་ཟས་སྦྱིན་ལས་བརྩམས་

ནས་ཁྱིམ་པ་དག་འདོད་པ་ལ་ལོངས་སྤྱོད་པ་ནི་བཅུ་པོ་འདི་དག་ཡིན་ཏེ། བཅུ་གང་ཞེ་ན། ཁྱིམ་བདག་འདི་ན་འདོད་པ་ལ་ལོངས་སྤྱོད་པ་ཁ་ཅིག་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་སྒྲུབ་པར་བྱེད་དེ། དེ་ཆོས་མ་ཡིན་པས་ལོངས་སྤྱོད་པ་དག་བསྒྲུབས་ནས་ཀྱང་བདག་ཀྱང་

ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ། ཕ་མ་ལ་ཡང་མ་ཡིན། བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་ལ་ཡང་མ་ཡིན། མཛའ་བཤེས་དང་ཉེ་དུ་དང་བློན་པོ་དང་། སྣག་གི་གཉེན་མཚམས་ལ་ཡང་མ་ཡིན། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཡང་

གོང་དུ་འགྲོ་བ་དང་། སྐལ་བ་ཅན་དུ་འགྱུར་བ་དང་། རྣམ་པར་སྨིན་པ་བདེ་བ་དང་། ཕྱི་མ་ལ་མཐོ་རིས་སུ་འགྱུར་བའི་སྦྱིན་པ་དག་དུས་དུས་སུ་སྦྱིན་པར་མི་བྱེད་པ་ཡིན་ཏེ། ཁྱིམ་བདག་དེ་ནི་འདོད་པ་ལ་ལོངས་སྤྱོད་པ་དང་པོ་སྟེ། འཇིག་རྟེན་ན་ཡོད་པ་ཡིན་ནོ། །གཞན་ཡང་འདི་ན་འདོད་

เล่ม ๑๓๒ · หน้า 100a

པ་ལ་ལོངས་སྤྱོད་པ་ཁ་ཅིག་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་སྒྲུབ་པར་བྱེད་དོ། །དེས་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་བསྒྲུབས་ནས་ཀྱང་བདག་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱི་བར་དག་ཀྱང་ལེགས་པར་བདེ་བར་ཚིམ་པར་

བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡང་དུས་དུས་སུ་མི་བྱེད་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ་དེ་ནི་གཉིས་པའོ། །གཞན་ཡང་འདི་ན་འདོད་པ་ལ་ལོངས་སྤྱོད་པ་ཁ་ཅིག་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་དག་སྒྲུབ་པར་བྱེད་དེ། དེས་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་

དག་བསྒྲུབས་ནས་ཀྱང་བདག་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱི་བར་དག་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ལ། དེ་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡང་དུས་དུས་སུ་བྱེད་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ་དེ་ནི་གསུམ་པའོ། །ཆོས་མ་ཡིན་པས་གསུམ་ཇི་ལྟ་བ་དེ་བཞིན་དུ་ཆོས་དང་ཆོས་

མ་ཡིན་པས་བབ་ཅོལ་དང་བབ་ཅོལ་མ་ཡིན་པས་ཀྱང་གསུམ་མོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ་གཞན་ཡང་འདི་ན་འདོད་པ་ལ་ལོངས་སྤྱོད་པ་ཁ་ཅིག་ཆོས་དང་ཆོས་མ་ཡིན་པས་བབ་ཅོལ་དང་བབ་ཅོལ་མ་ཡིན་པར་ལོངས་སྤྱོད་པ་དག་སྒྲུབ་པར་བྱེད་དེ། དེ་ཆོས་དང་ཆོས་མ་ཡིན་པས་བབ་ཅོལ་དང་

བབ་ཅོལ་མ་ཡིན་པར་ལོངས་སྤྱོད་དག་བསྒྲུབས་ནས་ཀྱང་བདག་ཀྱང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་ཆོས་ཀྱིས་བབ་ཅོལ་མ་ཡིན་པར་ཞེས་བྱ་བ་གཞན་གསུམ་མོ། །དེ་ལ་དགུ་པའི་བྱེ་བྲག་ནི་འདི་ཡིན་ཏེ། ཕྱི་མ་ལ་མཐོ་རིས་སུ་འགྱུར་བའི་བར་དུ་བརྗོད་

ནས། ལོངས་སྤྱོད་དེ་དག་ལ་ཆགས་པ་དང་ཞེན་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་པར་གྱུར་པ་དང་། ཉེས་དམིགས་སུ་མི་ལྟ་བ་དང་། ངེས་པར་འབྱུང་བ་མི་ཤེས་པར་ཡོངས་སུ་སྤྱོད་པའོ། །བཅུ་པ་ཡང་དགུ་པ་དང་འདྲའོ། །བྱེ་བྲག་

ནི་ལོངས་སྤྱོད་དེ་དག་ལ་ཡང་མ་ཆགས་པ་དང་། ངེས་པར་འབྱུང་བ་ཤེས་པའི་བར་གྱི་ཡོངས་སུ་སྤྱོད་པ་ཡིན་ནོ་ཞེས་གསུངས་སོ། །སེམས་ཅན་དམྱལ་བའི་ཕུང་པོ་དང་ས་བོན་དང་འབྲས་བུ་བསྡུས་པ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་སེམས་ཅན་དམྱལ་བར་འགྲོ་བའི་ལས་ཀྱི་ས་བོན་

เล่ม ๑๓๒ · หน้า 100b

དེ་ཡང་སེམས་ཅན་དམྱལ་བའི་འགྲོ་བ་ཡིན་ན་ཇི་ལྟར་འགྲོ་བ་འདྲེས་པར་མི་འགྱུར་ཞེ་ན། མི་འགྲོ་བ་གང་ཡིན་པ་དེ་ཁོ་ན་དང་། དེའི་ལས་ཐ་མི་དད་དོ་ཞེས་སུས་སྨྲས། ཀུན་ཏུ་འབྱུང་བ་ཙམ་གྱིས་འདྲེས་པ་ནི་མི་འདོད་དེ། གཟུགས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། དེའི་ས་བོན་

ཡང་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་འགྲོ་བ་འདྲེས་པར་འགྱུར་བ་མེད་དོ། །ཤ་མ་ཞེས་བྱ་བ་ནི་བུའི་དཀྲིས་པའོ། །སྐྱེ་མཆེད་དྲུག་ལས་གང་ཡང་རུང་བ་དག་སྐྱེ་བ་ཞེས་བྱ་བ་ནི་ངན་སོང་རྣམས་ནི་སྐྱེ་མཆེད་གཉིས་སམ་གསུམ་ལ་སོགས་པ་ཡོད་པ་ལ་བྱའོ། །

ཐུར་དུ་མི་ལྟུང་བའི་རྒྱུ་ཡིན་པས་ཞེས་བྱ་བ་ལ། རྒྱུའི་དོན་ནི་གཞིའི་དོན་ཡིན་པར་སྟོན་ཏོ། །འཛག་སྣོད་བྱེད་ཅེས་བྱ་བ་ནི་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་དག་གོ། །ཆེད་དུ་བྱས་པ་ཞེས་བྱ་བ་ནི་ལུས་ཀྱིས་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ཆེད་དུ་བྱས་པ་མ་ཡིན་པ་

ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རྣམ་གྲངས་འོག་མ་གཉིས་དང་ལྡན་པ་རྣམས་སོ། །ཡོངས་སུ་གཟུང་བའི་དངོས་པོ་རྣམས་ནི་རྒྱུའི་རྣམ་པ་བཞིའི་ཕྱིར་རྣམ་པར་གཞག་སྟེ། ལས་ཀྱིས་འཆིང་བའི་རྒྱུ་ནི་བདག་ལ་སོགས་པའོ། །དེ་གསོ་བའི་རྒྱུ་ནི་ཞིང་གི་དངོས་པོ་ལ་སོགས་པའོ། །ཕ་རོལ་དུ་བདེ་བའི་རྒྱུ་ནི་

བསོད་ནམས་བྱ་བའི་དངོས་པོའོ། །འདི་ལ་བདེ་བའི་རྒྱུ་ནི་ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་ལ་སོགས་པའོ། །ཡོ་བྱད་རྣམས་ནི་རྣམ་པ་གཅིག་གིས་རྣམ་པར་གཞག་སྟེ། འདི་ལྟ་སྟེ། མཐར་གྱིས་བྱ་བའི་ཕྱིར་རོ། །ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། གནས་པའི་ཡོ་བྱད་དང་ལྟ་བའི་ཡོ་བྱད་

དེ། གཉིས་དང་ལྷག་མ་རྣམས་ཀྱིས་སོ། །ཡང་སྡུག་བསྔལ་རྣམ་པ་གསུམ་གྱི་ཕྱིར་ཏེ། ལྷན་ཅིག་སྐྱེས་པ་དང་། འགྲོ་བ་ལས་བྱུང་བ་དང་། འདོད་པས་ཕོངས་པའོ། །དེ་ལ་འགྲོ་བ་ལས་བྱུང་བ་ནི་གཞོན་པའོ། །རྒྱུན་མི་འཆད་པར་རྗེས་སུ་སྤྱོད་པ་རྣམས་ནི་ནང་པར་ནས་བརྩམས་ཏེ་བྱ་བ་

གང་ཡིན་པ་སྟེ། དེ་ཡང་རང་གིས་བྱ་བ་དང་གཞན་དག་ལ་ཡང་སྦྱོར་དུ་གཞུག་པར་བྱ་བས་རྣམ་པར་གཞག་གོ། །པ་ཅ་ར་ཞེས་བྱ་བ་ནི་ངོ་ཚ་བའི་གནས་གཡོགས་པའོ། །དེ་དང་ལྡན་པའི་ཞེས་བྱ་བ་ནི་པ་ཅ་ར་ལ་སོགས་པ་དང་ངོ་། །སྨྲ་བ་ཞེས་བྱ་བ་ནི་སོང་ནས་དང་པོ་ཁོ་ནར་འཛུམ་པའི་

เล่ม ๑๓๒ · หน้า 101a

བཞིན་གྱིས་བརྒྱན་པའི་ཚིག་བརྗོད་པའོ། །གཏམ་བྱེད་པ་ཞེས་བྱ་བ་ནི་བབ་ཅོལ་དུ་སྨྲ་བའོ། །སོ་སོར་མགུ་བར་བྱེད་པ་ཞེས་བྱ་བ་ནི་ལེགས་པར་བྱོན་ཏམ་ཞེས་སྨྲ་ཞིང་རི་མོར་བྱ་བ་དང་བཅས་པའི་ཚིག་ལ་སོགས་པ་ཡོངས་སུ་སྐྱོང་བས་སྤྲོ་བ་སྐྱེད་པར་བྱེད་པའོ། །བག་

མ་གཏོང་བ་དང་བག་མ་ལེན་པ་ནི་ཉི་མ་བཟང་པོ་རྟོགས་ནས་ཡོ་བྱད་སྡུད་པའོ། །ལྷག་པར་ཟ་བ་ཞེས་བྱ་བ་ནི་སོ་སོ་ན་ཆེར་ཟ་བའོ། །འདུས་ཤིང་ཟ་བ་ཞེས་བྱ་བ་ནི་གཅིག་ཏུ་ཚོགས་ནས་ཟ་བའོ། །འཕགས་པ་ཡོ་བྱད་བསྙུངས་པ་ཅན་དང་ལྡན་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཡོ་བྱད་

བསྙུངས་པའི་དགོས་པ་དང་ལྡན་པའིའོ། །སེམས་ཀྱི་སྒྲིབ་པ་བསལ་བར་བྱ་བའི་གཏམ་ཞེས་བྱ་བ་ནི་སེམས་ལ་སྒྲིབ་པར་བྱེད་པའི་ལས་སྤང་བའི་ཕྱིར་ཉེ་བར་གནས་པའིའོ། །རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་ངེ་

འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏམ་དང་། འདོད་པ་ཆུང་བའི་གཏམ་མོ་ཞེས་བྱ་བ་ལ་སོགས་པའོ། །ཉེས་རྩོམ་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་གཞག་པ་ནི་སྨད་པ་ལ་འཇུག་པ་སྟེ། དེ་ཡང་རྒྱུ་དང་འབྲས་བུ་དང་བཅས་

པར་གྱུར་པ་དང་། རྒྱུར་གྱུར་པའོ། །དེ་ལ་རྒྱུ་དང་འབྲས་བུ་དང་བཅས་པར་གྱུར་པ་ཡང་རྣམ་པ་གསུམ་སྟེ། མ་ཐོབ་པའི་ཡུལ་རྣམས་བསྒྲུབས་པ་ལས་བྱུང་བ་དང་། བསྒྲུབས་པ་རྣམས་བསྲུངས་པ་ལས་བྱུང་བ་དང་། བསྲུང་བ་ཉམས་པ་དང་། ཕྲོགས་པ་ལས་བྱུང་བ་རྣམས་

ཏེ། ཚིག་བཞི་དང་། བཞི་དང་། བཅུས་བསྟན་ཏོ། །རྒྱུར་གྱུར་པ་ཡང་ལུས་དང་ངག་དང་ཡིད་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་ཡིད་ཀྱི་ཉེས་རྩོམ་ནི་གཡོ་བྱེད་པ་དང་སྒྱུ་གང་ཡིན་པ་ཡང་འདྲིད་པའི་སྒྲས་བསྟན་ཏོ། །ལུས་ཀྱི་སྒྱུ་དང་གཡོ་ལས་བྱུང་བ་ཁོ་ན་ཡིན་ཏེ། ལུས་

ཀྱི་ལས་གང་ཡིན་པ་ན་དྲག་ཤུལ་ཡིན་ནོ་ཞེས་བསྟན་ཏོ། །ངག་གི་ནི་བརྫུན་ཟེར་བའོ། །གཞལ་བླུགས་ལ་སྒྱུ་བྱེད་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ཀཱཪྵཱ་པ་ཎ་ལ་སྒྱུ་བྱེད་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གཞལ་བ་ནི་བྲེ་ཡིན་ཏེ། གཞན་བྲིད་པའི་ཕྱིར་དེའི་དབྱིབས་འཆོས་པ་ལ་བྱའོ་ཞེས་ཟེར་

เล่ม ๑๓๒ · หน้า 101b

རོ། །སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་ནི་སེམས་ཅན་གྱི་བྱེ་བྲག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཏུ་རུང་བ་རྣམས་དང་། དེ་དག་ཉིད་ལ་འཇུག་པ་རྣམས་དང་། རྣམ་པར་བྱང་བ་ཁོ་ན་ལ་འཇུག་པའི་བྱེ་བྲག་རྣམ་པ་གསུམ་ལས་བརྩམས་ཏེ། རྣམ་པར་གཞག་གོ། །དེ་ལ་དང་པོ་

ནི་འགྲོ་བ་དང་རིགས་རྣམ་པར་གཞག་པ་དང་། སེམས་ཅན་དུ་རྣམ་པར་བརྟགས་པ་དང་། ལས་ཀྱི་བྱེ་བྲག་སྟེ་ཚིག་བཅོ་ལྔས་བསྟན་ཏོ། །གཉིས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ཉིད་ཀྱི་གཞི་དང་། བྱ་བ་དང་ཡང་དག་པར་བླང་བ་དང་། འབྲས་བུ་དང་། བསྡུ་བར་གཏོགས་པའི་བྱེ་

བྲག་ལས་བརྩམས་ཏེ་ཚིག་གཉིས་དང་། གཉིས་དང་། གསུམ་དང་། གཉིས་དང་། གསུམ་གྱིས་བསྟན་ཏོ། །གསུམ་པ་ནི་སྡོམ་པའི་བྱེ་བྲག་ལས་ཏེ། སྡོམ་པ་རྣམ་པ་བརྒྱད་ཀྱི་ཕྱིར་ནི་ཚིག་བདུན་གྱིས་སོ། །ལྷག་མ་རྣམས་ཀྱིས་ནི་སྡོམ་པ་ཅན་མཆོག་གི་རབ་ཏུ་དབྱེ་བ་སྟོན་ཏོ། །སྡོམ་

པ་ཅན་མཆོག་གི་རབ་ཏུ་དབྱེ་བ་ཅན་ཡང་བྱེ་བྲག་རྣམ་པ་ལྔའི་ཕྱིར་ཏེ། དགེ་བའི་ཕྱོགས་ཀྱི་བྱེ་བྲག་དང་། སྡུད་པར་བྱ་བའི་ཡུལ་གྱི་བྱེ་བྲག་དང་། བསྟན་པ་ལ་གནོད་པ་དང་ཕན་པའི་བྱེ་བྲག་དང་། ལུང་དང་རྟོགས་པའི་བྱེ་བྲག་དང་། མིའི་ལུས་ཐོབ་ནས་འཇིག་རྟེན་པ་དང་། འཇིག་རྟེན་ལས་

འདས་པའི་མཆོག་བརྙེས་པའི་བྱེ་བྲག་སྟེ། ཚིག་གསུམ་དང་། དགུ་དང་། དྲུག་དང་། བཅུ་དང་། གཉིས་ཀྱིས་བསྟན་ཏོ། །དེ་ལ་ལུང་དང་རྟོགས་པའི་བྱེ་བྲག་གིས་ནི་སོ་སོའི་སྐྱེ་བོ་རྣམས་དང་། འཕགས་པ་རྣམས་ཇི་ལྟར་རྣམ་པར་གཞག་སྟེ། རྟོགས་པའི་བྱེ་བྲག་གིས་ནི་བདེན་པ་

མཐོང་བ་རྣམས་ལ་སོགས་པའོ། །འཚོ་བ་རྣམས་ནི་ཤ་ཐང་བ་ཆེན་པོ་དང་འབྲིང་དང་ཆུང་ངུས་འཚོ་བའི་ཕྱིར་རྣམ་པར་གཞག་གོ། །ཡི་གེ་ཞེས་བྱ་བ་ནི་ཡིག་འབྲུ་རྣམས་སོ། །གྲངས་ཞེས་བྱ་བ་ནི་གཅིག་གཉིས་ཞེས་བྱ་བ་རེ་རེ་ནས་བསྐྱེད་པ་ལ་སོགས་པའོ། །ཤོད་དགོད་པ་ཞེས་བྱ་བ་ནི་བགྲང་

བ་དེ་ཉིད་ས་ལ་འགོད་པར་བྱེད་པའོ། །ཁ་ཅིག་ན་རེ་ཤོད་དགོད་པ་ཞེས་བྱ་བ་ནི་སྡོམ་གོང་དུ་སྤང་བ་ལ་བྱའོ་ཞེས་ཟེར་རོ། །རྩིས་ཞེས་བྱ་བ་ནི་བསྐྱེད་པ་ལ་སོགས་པ་སྡོམ་པའོ། །ཀུན་ནས་བསྲུང་བ་རྣམས་ནི་གང་གིས་གང་བསྲུང་བ་དང་། གྲོགས་གང་ཡིན་པ་དེ་ལས་བརྩམས་ཏེ་རྣམ་པར་གཞག་

เล่ม ๑๓๒ · หน้า 102a

གོ། །དཔུང་བུ་ཆུང་གི་ཚོགས་ཞེས་བྱ་བ་ནི་དམག་མིའོ། །ནོར་གྱི་སྟོབས་ཞེས་བྱ་བ་ནི་མཛོད་དོ། །སྡུག་བསྔལ་རྣམས་ནི་རང་ལས་བྱུང་བ་དང་། གཞན་ལས་བྱུང་བ་དང་། ཆོག་མི་ཤེས་པ་ལས་བྱུང་བ་སྡུག་བསྔལ་ལས་བརྩམས་ཏེ་རྣམ་པར་གཞག་གོ། །ང་

རྒྱལ་རྣམ་པ་བདུན་ནི་ཕ་རོལ་དམན་པ་དང་། འབྲིང་དང་། ལྷག་པ་དང་། བདག་མེད་པ་དང་བླ་མ་དང་ངན་པའི་ཆོས་རྣམས་ལས་བརྩམས་ཏེ་རྣམ་པར་གཞག་གོ། །ཆུང་ཟད་སྙམ་པའི་ང་རྒྱལ་ནི་ལྷག་པ་ལ་བཞུགས་པའོ། །རྒྱགས་པ་རྣམ་པ་བདུན་ལ་བཞི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་

འཆི་བ་ལ་སོ་སོར་རྟོག་པའི་མི་མཐུན་པའི་ཕྱོགས་སོ། །ལྷག་མ་རྣམས་ནི་ནང་དང་ཕྱི་རོལ་གྱིས་བསྒྲུབས་པའི་ཆོས་ལ་སོ་སོར་རྟོག་པའི་མི་མཐུན་པའི་ཕྱོགས་སོ། །ནང་ཞེས་བྱ་བ་ནི་ཕྱི་རོལ་ལ་ལྟོས་པ་རྣམ་པར་གཅོད་པའོ། །རང་ཞེས་བྱ་བ་ནི་ནང་དག་གི་རྒྱུད་གཞན་དག་རྣམ་

པར་གཅོད་པའོ། །ཡང་ན་འཇིག་རྟེན་གྱིས་འདི་ལྟ་བུའོ་ཞེས་གཟུང་བར་མི་ནུས་པ་ལ་བྱ་སྟེ། ཉམས་སུ་མ་མྱོང་བའི་ཕྱིར་དང་། རང་གི་རྟོག་པས་གཞན་གྱི་རྣམ་པར་རྟོག་པ་ཡོངས་སུ་བཅད་པའི་ཕྱིར་རོ། །སོ་སོར་རིག་པ་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་རིག་པ་ཞེས་བྱ་བ་

ལ་སོགས་པའི་ཚིག་བཞི་ནི་ཉེས་པ་རྣམ་པ་བཞིའི་གཉེན་པོ་ཡིན་ཏེ། ཉེས་པ་རྣམ་པ་བཞི་ནི་ལོག་པར་རྟོག་པའི་ཉེས་པ་དང་། ཤེས་པ་མཉམ་པར་མ་བཞག་པའི་སྤྱོད་ཡུལ་གྱི་ཉེས་པ་དང་། དེ་ཁོ་ནའི་ངོ་བོའི་བར་དུ་ཆོད་པའི་ཉེས་པ་དང་། ལྐོག་ཏུ་གྱུར་པའི་ཉེས་པའོ། །ཐ་སྙད་ཀྱི་

གཞི་མང་པོ་དག་གང་ཞེ་ན། དེ་དག་ནི་ངེས་པའི་ཚིག་གི་གཞི་རྣམས་ཞེས་ཀྱང་བྱ་ཞེས་བྱ་བ་ལ་སོགས་པ་ལ། །ངེས་པའི་ཚིག་རྣམས་ཞེས་བྱ་བ་ནི་དོན་དང་མཐུན་པས་མིང་དུ་བཏགས་པའི་ཕྱིར་རོ། །སྤྲོས་པའི་གཞི་རྣམས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་རབ་འབྱམ་སྣ་ཚོགས་ཀྱི་གཞི་ཡིན་

པའི་ཕྱིར་རོ། །དོན་བསྡུས་པའི་གཞི་རྣམས་ཞེས་བྱ་བ་ལ། ས་ཞེས་བྱ་བའི་སྒྲས་ནི་ཐམས་ཅད་བསྡུས་པ་ཡིན། དབང་པོ་ཞེས་བྱ་བ་ལ་སོགས་པ་དྲུག་གིས་ནི་གཉིས་གཉིས་སོ། །གཞིའི་ཚོགས་དེ་དག་ཀྱང་བསྟན་པ་ནི་གཅིག་གིས་སོ། །བཤད་པ་ནི་ལྷག་མ་རྣམས་ཀྱིས་ཏེ། དེ་ཡང་

เล่ม ๑๓๒ · หน้า 102b

བྱང་ཆུབ་སེམས་དཔའ་འདུལ་བ་དག་ལ་འཇུག་པ་ལས་བརྩམས་པ་ཡིན་ནོ། །འདུལ་བ་དེ་དག་ལ་རྣམ་པ་གཉིས་ཏེ། མུ་སྟེགས་ཅན་རྣམས་དང་། དེ་ལས་གཞན་པ་དག་གོ། །དེ་ལ་བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་ཏུ་བྱ་བ་དང་། བདག་ལ་སོགས་པའི་དངོས་པོ་གང་

ལ་རྣམ་པར་ངེས་པར་བྱ་བ་དང་། གནང་བ་ལ་སོགས་པ་གང་ཐོབ་པ་དང་། སྤང་བར་བྱ་བ་དང་། རྣམ་པར་དབྱེ་བ་བདུན་པོ་གང་གིས་ཚིག་མངོན་པར་འདུ་བྱ་བ་དང་། གདགས་པ་ཞེས་བྱ་བ་ལ་སོགས་པ་གང་གིས་དོན་ངེས་པར་བྱ་བ་དེ་སྟོན་ཏོ། །གདགས་པ་ཞེས་བྱ་བ་ནི་མིང་དུ་གདགས་པ་ལ་

བྱའོ། །དེ་ལས་གཞན་པ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའོ། །དེ་ལ་ཁྱིམ་པ་ནི་རིགས་ཀྱི་འདུ་ཤེས་ལ་སོགས་པ་དེ་དག་གིས་དོན་རྣམས་ཇི་ལྟར་ཡང་དག་པར་སྒྲུབ་པར་བྱེད་པ་དང་། ཕ་དང་མ་ལ་སོགས་པ་དག་ཡོངས་སུ་གཟུང་བའི་ཕྱིར་གང་གི་དོན་དུ་ཡང་དག་པར་སྒྲུབ་པ་དང་། དེ་ཡོངས་སུ་

གཟུང་བའི་ཉེས་པ་འཁོར་བ་ཡུན་རིང་དུ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནས། རྒུད་པ་ཞེས་བྱ་བའི་མཐར་ཐུག་པའི་བར་དེ་དག་ཉམས་སུ་མྱོང་བར་འགྱུར་བས་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་ལ་སྐྱོ་བར་བྱ་བའི་ཕྱིར་སྟོན་པར་བྱེད་དོ། །རབ་ཏུ་བྱུང་བས་ཡང་ཇི་ལྟར་རབ་ཏུ་བྱུང་བའི་དོན་རྣམས་ཡང་དག་

པར་སྒྲུབ་པར་བྱེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སྟོན་པར་བྱེད་དེ། རབ་ཏུ་བྱུང་བའི་དོན་ནི་བསླབ་པ་གསུམ་མོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ནི་མངོན་དུ་འོང་བ་ཞེས་བྱ་བ་ལ་སོགས་པ་ནས། སྤྲོས་པ་མེད་པ་རྣམས་ཞེས་བྱ་བའི་མཐར་ཐུག་པའི་བར་དག་གིས་བསྟན་ཏོ། །

ཤེས་རབ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་རིགས་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ་གང་ཡིན་པ་སྟེ། དེ་ན་ཉམས་སྟོབས་ཞེས་བྱ་བ་ལ་སོགས་པ་དང་། འདྲེས་པ་ཞེས་བྱ་བ་ལ་སོགས་པ་དང་། བསྒྲགས་པ་རྣམས་ཞེས་བྱ་བའི་མཐར་ཐུག་པའི་བར་གྱིས་བསྟན་ཏོ། །ཡང་ཁྱིམ་བདེའི་

དོན་ཡང་དག་པར་སྒྲུབ་པ་ནི་དགོས་པ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་གང་ཡིན་པ་དེ་དག་སྟེ། དེ་ལྟར་ཐ་སྙད་ཀྱི་རྩོད་པ་བྱུང་བ་ལ་འཇིགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་གང་ཡིན་པ་དེ་ལ་ཚེ་འདིའི་ཉེས་དམིགས་བསད་པ་དང་བཅིང་བ་ཞེས་བྱ་བ་ལ་སོགས་པ་ནས། རྙོག་པ་ཅན་ཞེས་བྱ་

เล่ม ๑๓๒ · หน้า 103a

བའི་མཐར་ཐུག་པའི་བར་གང་ཡིན་པ་དག་འབྱུང་བས་ན་དེ་བཟློག་པའི་ཕྱིར་དེ་དག་ལ་སྟེ་སྟོན་པར་བྱེད་དོ། །གནས་ཞེས་བྱ་བ་ནི་དྲན་པ་ཅན་ལ་སོགས་པའི་ཁྱིམ་ལ་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དེ་དག་གང་གི་མཐུས་རྣམ་པར་གཏན་ལ་འབེབས་པར་བྱེད་པ་དང་། ཆོས་

ཀྱང་སྟོན་པར་བྱེད་པའི་ཡིད་ཆེས་པའི་ལུང་དང་རྗེས་སུ་དཔག་པ་དེ་དག་ནི་མཇུག་ཏུ་བསྟན་ཏེ། དེ་ལྟར་ན་ཇི་ལྟར་སེམས་ཅན་གྱི་དོན་བྱ་བ་དང་གང་གི་མཐུས་བྱ་བ་དེ་དག་མདོར་བསྡུས་ཏེ་བསྟན་ཏོ། །བསྡུ་བའི་ཚིགས་སུ་བཅད་པ་ནི། མུ་སྟེགས་ཁྱིམ་པ་དགེ་སློང་ལ། །བྱང་ཆུབ་སེམས་དཔའི་

བཤད་པ་ནི། །ཇི་ལྟར་གང་གི་མཐུ་ཡིན་པ། །དེ་ངག་བསྟན་བཅོས་ཚིག་གིས་བཤད། །ངོ་བོ་ཉིད་ལ་སོགས་པ་ལས་བར་གྱི་རྣམ་པ་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གནས་དང་དམིགས་པ་དང་གྲོགས་རྣམས་བསྡུའོ། །དེ་ལས་གཞན་པ་བཏགས་པའི་ཡོད་པའི་ཆོས་རྣམས་ནི་

ཞེས་བྱ་བ་ལ་ཁ་ཅིག་ན་རེ་འདུས་མ་བྱས་ཀྱང་བཏགས་པའི་ཡོད་པ་ཡིན་པ་ཞེས་ཟེར་རོ། །མ་གཏོགས་སོ་ཞེས་བྱ་བ་ནི་ཕྱུང་བའོ། །དེ་དག་དབྱུང་བ་ནི་གཟུགས་ཅན་ཡང་མ་ཡིན་པ་ལ་སོགས་པའི་མཚན་ཉིད་ལས་སྐབས་དེའི་རྩོམ་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཡང་ན་རང་ཉིད་ཀྱིས་

ཀྱང་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྦྱོར་བར་བྱེད་དེ། འདིར་ནི་ཕྱི་དང་ནང་གི་དངོས་པོ་རྣམས་ནི་དང་པོ་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་འགྲུབ་སྟེ། གཟུགས་མེད་པ་ནས་ཤི་འཕོས་ནས་འདོད་པའི་ལྷ་རྣམས་སུ་སྐྱེ་བ་ན། གཟུགས་མངོན་པར་འགྲུབ་པ་ཉིད་ས་བོན་གྱི་གཞི་

ཡིན་པར་དེ་གསལ་བའི་ཕྱིར་རོ། །ཇི་སྐད་དུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། འབྱུང་བའི་གཟུགས་ནི་རྒྱུར་བྱས་པའི་གཟུགས་རྣམས་ཀྱི་ས་བོན་དང་ལྡན་པ་ཡང་ཡིན་ལ། རང་གི་ས་བོན་དང་ལྡན་པ་ཡང་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་འབྱུང་བ་རྣམས་ནི་དང་པོ་ཉིད་ནས་གཉི་

གའི་ས་བོན་དང་ལྡན་པ་ཡིན་ལ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ས་བོན་ཐམས་ཅད་པ་ཉིད་དུ་སྟོན་ཏོ། །དེ་ནི་ཐམས་ཅད་དུ་ཡང་རྗེས་སུ་འཇུག་པའི་ཚུལ་ལས་བསམས་པ་ཡིན་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་མ་བཞག་པ་ལ་སྤྲོས་པ་དང་བཅས་པའི་དབྱེ་བ་བསྟན་པའོ། །

เล่ม ๑๓๒ · หน้า 103b

རྣམ་པར་རིག་པ་ཙམ་དུ་སྨྲ་བ་དག་གིས་སྨྲས་པ། སྐད་ཅིག་པའི་གཟུགས་ཐམས་ཅད་ནི་ཀུན་གཞིའི་ས་བོན་ལས་བྱུང་བ་ཁོ་ན་ཡིན་ཏེ། དེ་ལྟ་བུར་སྣང་བའི་སེམས་སྐྱེ་བའི་ཕྱིར་རོ། །གང་དག་སེམས་ནི་འབྲུ་ལ་སོགས་པ་དག་གི་བདག་པོའི་རྐྱེན་ཙམ་དུ་ཟད་ཀྱི་རྒྱུའི་རྐྱེན་མ་ཡིན་ནོ་ཞེས་ཟེར་བ་དེ་དག་

གིས་ནི་དེ་ལས་ཀུན་གཞི་རྣམ་པར་ཤེས་པའི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡང་ཡིན་ཏེ། རྟེན་དང་བཅས་པའི་དབང་པོ་རྣམས་དང་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེད་པ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡང་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་སྐྱེད་པར་བྱེད་པ་ཡིན་

པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཞུང་དེ་མ་མཐོང་བ་ཡིན་ནོ། །དེ་སྐྱེས་པ་སྔོན་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་རྣམས་འབྱུང་བ་ནི་དེ་སྐྱེས་པ་ཡིན་ནོ། །དེ་ནི་རྒྱུར་བྱས་པའི་གཟུགས་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། དེ་ཡོད་ན་རྒྱུར་བྱས་པའི་གཟུགས་རྣམས་འབྱུང་བའི་ཕྱིར་རོ། །

འདིར་འདུས་པ་ནི་སྔ་ཕྱི་མེད་མོད་ཀྱི་རྒྱུ་དང་འབྲས་བུ་ལ་ནི་སྔ་ཕྱི་ཡོད་དོ། །ཡང་ན་དུས་ལ་ཡང་སྔ་ཕྱི་ཡོད་དེ། འདིར་འབྱུང་བ་ནི་རྒྱུར་བྱས་པའི་གཟུགས་མེད་ན་མི་འབྱུང་ངོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟར་རྒྱུར་བྱས་པའི་གཟུགས་སྐྱེས་པ་དེ་འབྱུང་བའི་ཕྱོགས་དང་ཐ་དད་མེད་པར་གནས་པའི་

ཕྱིར་རོ་ཞེས་བྱ་བ་ནི་འབྱུང་བ་རྣམས་དང་ནམ་མཁའ་ཡུལ་གཅིག་པའི་ཕྱིར་རོ། །ཐོགས་པ་དང་བཅས་པ་དག་ཇི་ལྟར་ལྷན་ཅིག་ན་གནས་པར་རུང་ཞེ་ན། འོ་ན་ལྷ་བར་མ་དོའི་སྲིད་པའི་གཟུགས་དང་སེམས་མཚུངས་པའི་ལྷ་རྣམས་དང་། ལྷའི་བུ་ལག་བརྒྱད་ཀྱི་ཐོགས་པ་དང་བཅས་པའི་གཟུགས་

ཀྱང་ཇི་ལྟར་ལྷན་ཅིག་གནས་པར་རུང་སྟེ། དེའི་ཕྱིར་སྐྱེས་པའི་ཕྲ་བ་ཡིན་པར་འདོད་པར་བྱའོ། །དེ་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཕྲ་བ་ཉིད་ནི་རྣམ་པ་གསུམ་སྟེ། གསལ་བས་ཕྲ་བ་ཉིད་དང་། སྐྱེས་པ་ཕྲ་བ་ཉིད་དང་། དབང་སྒྱུར་བ་ཕྲ་བ་ཉིད་དོ་ཞེས་འབྱུང་བས་དེ་ལས་གཟུང་བར་

བྱའོ། །གཟུགས་འདུས་པ་ལ་ཡང་རྡུལ་ཕྲ་རབ་ནི་ནམས་ཀྱང་སྐྱེ་བར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྡུལ་ཕྲ་རབ་ནི་རེ་རེ་ནས་འབྱུང་བར་མི་འགྱུར་ཏེ། དོན་མེད་པའི་ཕྱིར་རོ། །གལ་ཏེ་བྱུང་བས་ན་སྦྱོར་བར་བྱེད་ན་ནི་ཆ་ཤས་ཅན་དུ་ཐལ་བར་འགྱུར་རོ། །རྡུལ་ཕྲ་རབ་ནི་བློས་ཚད་ཀྱི་མཐའ་ཡོངས་

เล่ม ๑๓๒ · หน้า 104a

སུ་བཅད་པ་ལས་འདོགས་པར་ཟད་དེ་ཞེས་བྱ་བ་ནི་འདུས་པ་ལ་འབྱེད་པར་བྱེད་པ་ན་དེ་དཔོགས་པར་འགྱུར་ཏེ་བཤིག་ནས་རབ་ཀྱི་མཐར་ཕྱིན་ཏེ་བཅད་པ་ལ་སོགས་པའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་གང་ཡིན་པ་དེ་ནི་རྡུལ་ཕྲ་རབ་ཅེས་བྱ་སྟེ། བློས་ཡོངས་སུ་བཅད་ནས་རྣམ་

པར་གཞག་པར་བྱ་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྡུལ་ཕྲ་རབ་ཀྱང་ཕྱོགས་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་ལ། །ཕྱོགས་ནི་དཔག་ཏུ་རུང་བ་ལ་བྱ་སྟེ། དེ་ཡོད་པའི་ཕྱིར་ཕྱོགས་དང་བཅས་པ་ཞེས་བྱ་བར་ཟད་ཀྱི་ཆ་ཤས་ཀྱི་ཕྱོགས་དང་བཅས་པ་ནི་མ་ཡིན་ནོ། །ཡང་ཁ་ཅིག་

ན་རེ་འདུས་པ་རྣམས་འདུལ་བའི་ཕྱིར་རྡུལ་ཕྲ་རབ་ཀྱང་ཕྱོགས་དང་བཅས་པ་ཡིན་ཏེ་ཞེས་སྨོས་སོ་ཞེས་ཟེར་རོ། །དེ་ལྟ་ན་ཆ་ཤས་དང་བཅས་པ་ཉིད་དུ་བརྗོད་པར་ནུས་པར་འགྱུར་རོ། །ཡུལ་ལྷན་ཅིག་པ་ནི་ཡུལ་འདབ་ཆགས་པ་ཡིན་ཏེ། འདི་ལྟར་ཡུལ་གྱི་རྣམ་པ་གང་ཡང་རུང་བ་ཞིག་བཟུང་ན།

ལྷག་མ་ཡང་དེའི་རང་བཞིན་ལྟ་བུར་གནས་པའི་ཕྱིར་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་རྣམས་ཀྱིས་འདུས་པ་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པ་ལ་རྒྱུར་བྱས་པའི་གཟུགས་གང་དག་གནས་པ་ལ་བྱའོ། །

རྒྱུར་བྱས་པའི་གཟུགས་གང་འབྱུང་བ་དང་ཐ་དད་པར་འཇུག་པ་ཡང་ལ་ལ་ཡོད་དོ། །དཔེར་ན་མར་མེ་དང་རིན་པོ་ཆེ་སྣང་བ་ལྟ་བུའོ། །འོ་ན་ཇི་ལྟར་དེ་དག་འབྱུང་བ་ཆེན་པོ་དག་གིས་སྐྱེད་པ་ཡིན་ནོ་ཞེས་བྱ་ཞེ་ན། མར་མེ་དང་རིན་པོ་ཆེ་ཡང་འབྱུང་བ་ཆེན་པོ་དག་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ཉིད་

ཀྱི་ཕྱིར་འབྱུང་བ་ཆེན་པོ་རྣམས་ནི་འབྱུང་བ་ཆེན་པོ་ཞེས་བྱ་སྟེ་ཞེས་བྱ་བ་ལ། ཆེན་པོ་ཞེས་བྱ་བ་ནི་གཞན་གྱི་གནས་སྦྱིན་པར་བྱེད་པ་ལ་བྱ་སྟེ། འཇིག་རྟེན་ན་ཡང་རྣམ་པ་དེ་ལྟ་བུ་ལ་ཆེན་པོ་ཞེས་ཟེར་བའི་ཕྱིར་རོ། །གཟུགས་འདུས་པ་དེ་དག་ཀྱང་མདོར་བསྡུ་ན་རྫས་རྣམ་པ་བཅུ་བཞི་ཡོད་དེ་ཞེས་

བྱ་བ་ལ། དཀར་པོ་ཉིད་ལ་སོགས་པ་དག་ཇི་ལྟར་རྫས་སུ་ཡོད་ཅེ་ན། དེའི་གནས་སྐབས་ཀྱི་བྱེ་བྲག་ཐོབ་པའི་འབྱུང་བ་ཆེན་པོ་དེ་དག་ཉིད་ལྷག་མར་གྱུར་པའི་འབྱུང་བ་ཆེན་པོ་དག་ལས་ལོགས་ཤིག་ཏུ་བགྲང་བའི་ཕྱིར་རོ། །ཡིད་ཀྱི་སྤྱོད་ཡུལ་གྱི་གཟུགས་ཉིད་མ་གཏོགས་སོ་ཞེས་བྱ་བ་ནི་དེ་འདུས་

เล่ม ๑๓๒ · หน้า 104b

པར་གནས་པ་མ་ཡིན་པས་འདིར་མི་བགྲང་ངོ་། །ཇི་སྐད་བསྟན་པའི་རྫས་ཐམས་ཅད་ཀྱི་ཁམས་དང་ལྡན་ནོ་ཞེས་བྱ་བ་ནི་ས་ལ་སོགས་པའི་རྫས་ཇི་སྐད་བསྟན་པ་ཐམས་ཅད་ཀྱི་ས་བོན་རྣམས་དེ་ལ་ཡོད་དོ་ཞེས་སྟོན་ཏོ། །ལུས་ཀྱི་དབང་པོ་ནི་ཅི་རིགས་སུ་བརྗོད་པར་བྱའོ། །ཇི་ལྟ་བར་དབང་པོ་

གཟུགས་ཅན་གྱི་གནས་འབྱུང་བ་ཆེན་པོས་བསྡུས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་དབང་པོ་དང་སྤྱི་གཅིག་པའི་ཕྱིར་རོ། །དེ་བས་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དབང་པོ་གཟུགས་ཅན་གནས་དང་བཅས་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་གཉིས་ནི་མདོར་ན་ས་

བོན་ཐམས་ཅད་པ་ཞེས་འབྱུང་ངོ་། །དེ་ལས་གཞན་པའི་འདུས་པ་ནི་དབང་པོ་གཟུགས་ཅན་རྣམས་མ་གཏོགས་པར་དེ་ལས་གཞན་པའི་ཁམས་དང་ལྡན་ནོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་ནི་རང་གི་ས་བོན་དང་ལྡན་པ་ཡིན་གྱི་འབྱུང་བའི་གཟུགས་ནི་རང་དང་རྒྱུར་བྱས་པའི་ས་བོན་དང་ལྡན་པ་

ཡིན་ཏེ། ཇི་ལྟར་མཐུན་པ་བཞིན་དུ་སྦྱར་རོ། །དེ་བས་ན་འོག་ནས་ཀྱང་འབྱུང་བ་ཆེན་པོའི་གཟུགས་ནི་ས་བོན་གཉིས་དང་ལྡན་པ་ཡིན་ཏེ། འབྱུང་བ་ཆེན་པོའི་ས་བོན་དང་རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་དང་ལྡན་ནོ་ཞེས་འབྱུང་ངོ་། །དེ་ལ་མཚན་ཉིད་ཀྱིས་བསྡུས། རྫས་བཅུ་བཞི་པོ་དེ་

དག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལས་འདུས་པ་ཡོད་པ་གང་ཡིན་པའོ། །རང་གི་མཚན་ཉིད་ལ་མིག་གི་འདུས་པ་ལ་རྫས་བཅུ་བཞི་པོ་དག་མེད་པ་མ་ཡིན་ནམ་ཞེ་ན། འདི་ནི་འདུས་པ་སྤྱིར་བསྟན་པ་ཡིན་ནོ། །དབྱེ་ན་མིག་ལ་ནི་ས་ལ་སོགས་པ་དང་། ལུས་དང་། མིག་གི་དབང་པོ་དང་།

ཡུལ་ཡང་ཅི་རིགས་པ་དག་ཡོད་པར་སྦྱར་རོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལུས་ལ་ནི་ཁ་ཅིག་ཏུ་མིག་ལ་སོགས་པ་དབྲི་བར་བྱའོ། །འདི་ལྟ་སྟེ་རྡོ་དང་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྡོ་ལ་སོགས་པ་ལ་ཆུ་མེད་ན་འདུས་པ་བྱས་ཤེ་ན། ཁ་ཅིག་ན་རེ་ཆུའི་ཁམས་ཀྱིས་བསྡུས་

པ་བྱས་ཏེ་འགགས་པ་ན་ཤུགས་གནས་པ་དེ་ལྟ་བུའི་གནས་སྐབས་སུ་འདུག་གོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་ལས་ཆུ་མེད་ཀྱང་བྱ་བ་བྱེད་པའི་ཕྱིར་དེ་བཞིན་དུ་སྐྱེས་ཤིང་དེ་བཞིན་དུ་བྱུང་བར་གྱུར་ཏོ། །ཡང་ན་གང་ལ་ཆུ་མེད་པ་དེ་ལས་བསགས་ཤིང་འདུས་པ་མི་འབྱུང་ངོ་ཞེས་བྱ་བ་དེ་

เล่ม ๑๓๒ · หน้า 105a

ཡང་ཅིའི་ཕྱིར། རླུང་གི་དཀྱིལ་འཁོར་རྡུལ་དང་བཅས་པའམ་ཞེས་བྱ་བ་ལ། ཇི་ལྟར་ན་འབྱུང་བ་ལས་གྱུར་པ་འདུས་པ་གཅིག་པུ་ཡིན་ཞེ་ན། རྡུལ་ནི་དེ་ལ་སྦྱོར་བའི་ཕྱིར་ཡུལ་གཅིག་ན་ཐ་མི་དད་པས་ན་དེ་ནི་འདུས་པ་ཡིན་པར་མི་བགྲང་ངོ་། །དེ་ལྟར་ན་གང་ལ་གང་དམིགས་པ་

དེ་ནི་དེའི་མཚན་ཉིད་ཀྱིས་ཡོད་ལ། བྱ་བ་ནི་རང་གི་མཚན་ཉིད་ཀྱིས་སོ། །སྒྲ་ནི་གཟུགས་འདུས་པ་ཐམས་ཅད་ལ་ཁམས་ཀྱི་ཚུལ་གྱིས་ཡོད་དོ་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་ཀྱང་འདུས་བྱས་ཡིན་ནོ། །མུན་པའི་གཟུགས་དང་། སྣང་བའི་གཟུགས་དང་ཞེས་བྱ་བ་ནི་ཟག་པ་དང་

བཅས་པ་སྟེ། སྤང་བར་བྱ་བ་ཡིན་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་ཉིད་ལས་གང་གི་ཚེ་འདིའི་སེམས་ཁམས་ལྔ་པོ་དག་ལས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བར་འགྱུར་བ་དེ་ན་འདིའི་རྣམ་པར་ཤེས་པ་ལ་འབའ་ཞིག་ལུས་པ་ཡིན་ནོ་ཞེས་གསུངས་སོ། །

ཁང་སྟོང་ཞེས་བྱ་བ་ནི་སྣང་བ་དང་མུན་པའི་གཟུགས་དེ་ཉིད་ཀྱི་རྣམ་གྲངས་ཡིན་ནོ་ཞེས་བྱ་བ་མདོ་ལས་གསུངས་སོ། །དེ་ཡང་སྣང་བ་ལ་སོགས་པའི་སྦུབས་གང་ཡིན་པ་ལ་བྱའོ། །གང་དག་སྣ་ལ་སོགས་པ་དང་འབྲེལ་པ་ནི་ཁང་སྟོང་ཁོ་ནར་འདོད་ལ། གྲིབ་མ་ལ་སོགས་པའི་དུས་ནི་ནམ་མཁའ་ཡིན་

པར་འདོད་པ་དེ་དག་ནི་ཇི་སྐད་གསུངས་པ་དང་འགལ་ལོ། །སྣང་བ་དང་མུན་པ་དེ་ཡང་ཁ་དོག་ཤས་ཆེའི་འདུས་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་ལ་མ་ཡིན་པའི་ཕྱིར་ཏེ། མར་མེ་དང་ཉེ་བ་གང་ཡིན་པ་དེ་ནི་མེའི་ཁམས་ཡོད་ཀྱི། རིང་བ་དེ་ན་ནི་དེའི་སྣང་བ་ཙམ་ཁོ་ནར་ཟད་དོ། །ཁ་

ཅིག་ན་རེ་ཟླ་བ་ཉི་མ་ལ་སོགས་པ་དག་ལ་ཡང་ཆུའི་ཁམས་ལ་སོགས་པ་དག་ཡོད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ལ་ཡོད་ཀྱང་བར་མ་དོའི་སྲིད་པ་འབྱུང་བ་བཞིན་དུ་སྐྱེས་པ་ཕྲ་བའི་ཕྱིར་མི་དམིགས་སོ་ཞེས་ཟེར་རོ། །དེ་དང་འདྲ་བའི་རྐྱེན་ཡོད་པ་ལས་ཞེས་བྱ་བ་ནི་འདུས་པ་ཆུང་ངུ་ལ་སོགས་པ་དེ་དང་དེ་

འབྱུང་བར་ནུས་པ་གང་ཡིན་པའོ། །སྲ་བ་ཉིད་གང་ཞེ་ན། སའོ་ཞེས་བྱ་བ་ལ་སོགས་པ་ནི་སྐབས་སུ་བབ་པས་མཚན་ཉིད་ཀྱི་མདོ་སྡེའི་དུམ་བུ་བརྗོད་པ་ཡིན་ནོ། །ཚིག་གཞན་བརྗོད་པ་ནི་དོན་དེ་ཁོ་ན་གཏན་ལ་དབབ་པའི་ཕྱིར་རོ། །སྲ་བར་གྱུར་པ་གང་ཞེ་ན། དེའི་ས་བོན་གང་ཡིན་པའོ་ཞེས་བྱ་བ་ནི་

เล่ม ๑๓๒ · หน้า 105b

སའི་ཁམས་ཀྱི་སྲ་བ་ཉིད་འབྱུང་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་ས་བོན་ལ་བྱའོ། །སྲ་བར་གྱུར་པ་ནི་སྐྲ་ལ་སོགས་པའམ་ཞེས་བྱ་བ་ནི་གྱུར་པའི་སྐྲའི་བྱེ་བྲག་གི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། སྐྲ་ལ་སོགས་པ་ནི་སའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཟིན་པར་འགྱུར་བ་གང་

ཞེ་ན། ཟིན་པ་ནང་གང་ཡིན་པའོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པས་གྲུབ་པ་དང་བདེ་བ་གཅིག་ཏུ་ཟིན་པའི་ཕྱིར་རོ། །ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ས་བོན་ཟིན་པར་གྱུར་པ་ནི་མཚན་ཉིད་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་དུ་ཟིན་པ་སྟེ། དེ་དག་གི་ས་བོན་གྱི་གཞི་

ཡིན་པའི་ཕྱིར་རོ། །དེ་དག་ཏུ་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ནི་བདག་གོ། །འདི་ནི་ངའི་བདག་གོ་ཞེས་ལུས་བདག་གིར་བྱེད་པའི་ཕྱིར་རོ། །ཆུའི་ཁམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་ཆུ་དང་གཤེར་བར་གྱུར་པ་ལ་སོགས་པ་དག་གོ། །

དེ་ལ་བསགས་པ་ལས་བྱང་བ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ། བསགས་པ་ལས་བྱུང་བའི་ཚིག་གཉིས་ནི་རྫས་མང་པོ་ལས་གྱུར་པ་དང་། ཤིན་ཏུ་གསལ་བ་ལས་གྱུར་པ་ཡིན་ནོ། །དེ་ལ་གཟུགས་ནི་གཉིས་སོ། །དེ་ལས་གཞན་པ་འོག་ནས་འབྱུང་བ་དག་ནི་འོག་ནས་སོ། །འགྱུར་བའི་རྒྱུ་

མཐུན་པ་ལས་བྱུང་བ་ཞེས་བྱ་བ་ནི་མི་འདྲ་བ་ལས་བྱུང་བའོ། །རང་བཞིན་གྱིས་རྒྱུ་མཐུན་པ་ལས་ཞེས་བྱ་བ་ནི་འདྲ་བ་ལས་བྱུང་བའོ། །རྣམ་པར་སྨིན་པར་སྐྱེས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། དེ་དང་མཚུངས་པར་ལྡན་པ་རྣམས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་

བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གོ། །དེ་ལ་ཞེས་བྱ་བ་ནི་འདིར་དངོས་པོ་རྣམ་པ་ལྔ་པོ་གནས་གསུམ་གྱིས་བསྡུས་པ་དེ་ཉིད་ལ་ཞེས་བྱ་བར་སྦྱར་རོ། །སེམས་ཐམས་ཅད་དུ་ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའིའོ། །ཐམས་ཅད་མ་ཡིན་པ་

ཞེས་བྱ་བ་ལ། འདིར་དེའི་དོན་ནི་གང་གི་ཚེ་འདོད་པ་ཙམ་ལ་འབྱུང་བ་དེའི་ཚེ་གཞན་དག་མི་འབྱུང་ལ། རེས་འགའ་ནི་གཉིས། རེས་འགའ་ནི་གསུམ་འབྱུང་གི །ཐམས་ཅད་ངེས་པར་འབྱུང་བ་ནི་མ་ཡིན་པར་བལྟ་བར་བྱའོ། །ས་ཐམས་ཅད་པ་ཡིན་ཏེ་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་

เล่ม ๑๓๒ · หน้า 106a

དང་། གཟུགས་མེད་པ་དང་། ཟག་པ་མེད་པའི་ས་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱང་མ་ཡིན་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དག་སྟེ། གང་གི་ཕྱིར་ཡོན་ཏན་མངོན་སུམ་དུ་བྱེད་པའི་ཚེ་ན་དད་པ་སྐྱེ་བའི་ཕྱིར་བ་དང་། ངོ་ཚ་ཤེས་པ་ལ་སོགས་པ་དག་ཀྱང་སོ་སོར་ངེས་

པའི་ཕྱིར་རོ། །ས་ཐམས་ཅད་པ་ཡང་མ་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ནི་གང་ཟག་པ་མེད་པའི་ས་ལ་མེད་པའི་ཕྱིར་ས་ཐམས་ཅད་པ་མ་ཡིན་ནོ། །ཐམས་ཅད་དུ་འབྱུང་བ་ལ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་དག་ལའོ། །ཡུལ་སྣང་བར་གྱུར་པ་ཇི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ།

དམིགས་པ་རྣམ་པ་དྲུག་སྟེ། དང་པོ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དུ་འཇིག་རྟེན་པའི་གཟུགས་སོ། །གཉིས་པ་ནི་མཚན་ཉིད་དང་། བྱ་བ་དང་། གནས་སྐབས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་གཟུགས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ནི་སྔོན་པོ་དང་། སེར་པོ་དག་ལ་སོགས་པ་དག་གོ། །

བྱ་བའི་བྱེ་བྲག་ནི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་དག་གི་བྱེ་བྲག་གིས་ཡོད་པའི་ཕྱིར་དེ་ཉིད་གནས་སྐབས་ཀྱི་བྱེ་བྲག་ཡིན་ཏེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ལ་སོགས་པ་དག་གོ། །དེ་བཞིན་དུ་སྒྲ་ལ་སོགས་པ་དག་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །

གསུམ་པ་ནི་ཤར་བ་ལ་སོགས་པའི་ཕྱོགས་རྣམས་སོ། །བཞི་པ་ནི་འདས་པ་ལ་སོགས་པའི་བྱེ་བྲག་གོ། །ལྔ་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་གཟུང་བའི་བྱེ་བྲག་གོ། །དྲུག་པ་ནི་དངོས་པོ་མཐའ་དག་གི་ཕྱོགས་གཅིག་ཏུ་གཟུང་བའི་བྱེ་བྲག་གིས་སོ། །སྒྲིབ་གཡོགས་ཀྱིས་

བསྒྲིབས་པ་ཞེས་བྱ་བ་ནི་གོས་ལ་སོགས་པས་སོ། །མི་སྣང་བར་བྱེད་པ་ཞེས་བྱ་བ་ནི་གསང་སྔགས་དང་སྨན་ལ་སོགས་པས་སོ། །ཟིལ་གྱིས་ནོན་པ་ཞེས་བྱ་བ་ནི་དཔེར་ན་ཉི་མའི་འོད་ཟེར་རྣམས་ཀྱིས་སྐར་མ་དག་བཞིན་ནོ། །མིག་སླུ་བར་བྱེད་པས་མ་བསྒྲིབས་ཤིང་ཞེས་བྱ་བ་ནི་རྫུ་འཕྲུལ་དང་

གསང་སྔགས་ལ་སོགས་པ་དག་གིས་སོ། །ཆུང་ངུས་བསྐལ་བ་ཞེས་བྱ་བ་ནི་མ་བསྒྲིབས་ཀྱང་སྐྱེ་བ་པོ་ཕྲ་མོ་ལ་སོགས་པ་དག་ལྟ་བུའོ། །གང་དུ་རྗེས་སུ་ཆགས་པ་དེར་ཞེས་བྱ་བ་ནི་ཡུལ་མང་པོ་འདུས་པ་ཡོད་ཀྱང་གང་འདོད་པར་རོ། །གང་དུ་ཤིན་ཏུ་མཚན་མར་བཟུང་བ་ཞེས་བྱ་བ་ནི་ཡང་དང་ཡང་དུ་འཛིན་

เล่ม ๑๓๒ · หน้า 106b

པའི་ཕྱིར་རོ། །ཡང་ན་ཤས་ཆེར་འཇུག་པ་ལ་བྱའོ། །ཤིན་ཏུ་རབ་ཏུ་བཀྲ་བར་བཟུང་བ་དེར་ཞེས་བྱ་བ་ནི་རྣམ་པ་མང་པོས་འཛིན་པའི་ཕྱིར་རོ། །ཆེར་ཡིད་དུ་འོང་བའམ་ཞེས་བྱ་བའམ། ལམ་ཞེས་བྱ་བའི་སྒྲས་ནི་ཡིད་དུ་མི་འོང་བ་བཟུང་ངོ་། །ཤིན་ཏུ་འདྲིས་ཤིང་ཞེས་བྱ་བ་ནི་བརྡས་གོམས་ཤིང་འདྲིས་པར་

གྱུར་པའོ། །ཤིན་ཏུ་ཡོངས་སུ་འདྲིས་པར་གྱུར་པ་ཞེས་བྱ་བ་ནི་དབང་པའི་སྒོ་ནས་ཡོངས་སུ་འདྲིས་པའོ། །ཡང་ན་བརྡས་འཛིན་པ་ལ་གོམས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྒྱུ་བཞི་པོ་དེ་དག་མེད་པར་གྱུར་ནའོ། །དམིགས་པ་གཅིག་ལ། རྟག་ཏུ་ཡིད་ལ་བྱེད་པ་རྣམ་པ་གཅིག་པུ་འབྱུང་བར་

འགྱུར་རོ་ཞེས་བྱ་བ་ནི་གཞན་ལ་འབྱུང་བའི་རྒྱུ་མེད་པའི་ཕྱིར་དམིགས་པ་དང་པོ་ཁོ་ན་རྒྱུ་ཉེ་བར་གྱུར་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔའི་སྐད་ཅིག་གཉིས་ལན་ཅིག་ཏུ་འབྱུང་བ་ཡང་མེད་ལ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་གི་མཇུག་ཐོགས་སུ་མིག་གི་རྣམ་པར་ཤེས་པ་འབྱུང་བ་མེད་པ་

ལ་བྱའོ། །ཕན་ཚུན་གྱི་མཇུག་ཐོགས་སུ་ཕན་ཚུན་འབྱུང་བར་འགྱུར་བ་ཡང་མེད་དོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་འབྱུང་བ་མེད་པ་ལ་བྱའོ། །ཡང་ཁ་ཅིག་ན་རེ་དེ་དག་གི་མཇུག་ཐོགས་སུ་མིག་གི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་ཟེར་རོ། །

ཡང་ཁ་ཅིག་ན་རེ་ལྷན་ཅིག་ཏུ་འབྱུང་བ་ཡང་མེད་ལ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་གཉི་ག་ཅིག་ཅར་འབྱུང་བ་མེད་པར་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ལྔ་པོ་དག་ཅིག་ཅར་ཅིག་ཅར་དུ་འཇུག་པ་མེད་པའི་དོན་ཞེས་ཟེར་རོ། །ཕན་ཚུན་གྱི་མཇུག་ཐོགས་སུ་ཕན་ཚུན་དུ་འབྱུང་བར་

འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེས་ནི་རིགས་མཐུན་པ་རྣམས་མཇུག་ཐོགས་སུ་འབྱུང་བ་དགག་པར་བྱེད་དོ་ཞེས་ཟེར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་ཡོངས་སུ་ཚོལ་བར་བྱེད་པའི་སེམས་ཀྱི་རྒྱུད་ཀྱིས་བསམ་པ་ཡིན་པའི་ཕྱིར་རོ། །ངེས་པ་

ནི་དུས་གཞན་ན་ཡང་མི་འབྱུང་སྟེ། དེའི་ཕྱིར་འབྱུང་བ་ནི་བརྡ་ལ་སོགས་པ་གསལ་བར་ཉམས་སུ་མྱོང་བ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་རྒྱུ་གཉི་གས་འབྱུང་ངོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་དག་ན་ནི་སྔོན་གྱི་འཕེན་

เล่ม ๑๓๒ · หน้า 107a

པས་འབྱུང་ངོ་། །དེ་དག་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཚུལ་བཞིན་མ་ཡིན་པའམ། ཚུལ་བཞིན་གྱི་མཚན་མ་བཟུང་ན་འདོད་ཆགས་དང་། དད་པ་ལ་སོགས་པ་དག་འབྱུང་སྟེ། ལུང་ལས་ཀྱང་། །དྲུག་པ་བདག་པོ་རྒྱལ་པོ་སྟེ། །ཆགས་པར་གྱུར་ན་ཆགས་ཅན་

ཡིན། །མ་ཆགས་ཆགས་ཅན་མ་ཡིན་ཏེ། །ཆགས་ན་བྱིས་པར་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །གང་སེམས་གཅིག་གམ་ཞེས་བྱ་བ་ནི་མདོ་སྡེ་དག་ལས་སེམས་གཅིག་བསྐྱེད་པས་བདེ་འགྲོར་འགྲོའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལ་བྱའོ། །དེའི་ཕྱི་མ་རྣམ་པར་ཞེས་བྱ་བ་

ནི་བསྟན་བཅོས་ལས་སེམས་གཉིས་སམ་གསུམ་གྱིས་མངོན་པར་རྟོགས་སོ་ཞེས་ཇི་སྐད་བཤད་པ་ལ་བྱའོ། །ཚིག་གཅིག་ལ་བརྟེན་ནས་དངོས་པོ་གཅིག་ལ་དུས་ཇི་ཙམ་གྱིས་རྣམ་པར་རིག་པ་འབྱུང་བ་དེ་ཙམ་ལ་སེམས་གཅིག་ཅེས་བྱ་བ་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པ་ནི་སྟོན་པའོ། །

བདེ་བར་གཤེགས་པ་ནི་སྟོན་པའོ་ཞེས་དེ་ལྟར་སེམས་སྐྱེད་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་བདེ་བར་གཤེགས་པ་ནི་སྟོན་པའོ་ཞེས་བྱ་བ་དེ་ནི་ཚིག་གཅིག་ཡིན་ཏེ། དེ་ལ་བརྟེན་ནས་དོན་ངེས་པ་དེའི་ཚིག་འདིས་ཡོངས་སུ་བསྟན་ཏོ་ཞེས་དུས་ཇི་ཙམ་གྱིས་འབྱུང་བ་དེ་ནི་རྣམ་པར་རིག་བྱེད་གཅིག་ཡིན་

ཏེ་དོན་གཅིག་བརྗོད་པ་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་རྒྱུ་བ་དེ་ལ་ཡང་གཅིག་ཅེས་བྱའོ་ཞེས་བྱ་བ་ནི་དཔེ་དེ་ཁོ་ན་ལ་ངེས་པར་གང་ཡིན་པའི་འོག་ཏུ་རིགས་མཐུན་པ་ཁོ་ན་འབྱུང་བ་ལ་བྱའོ། །ཏིང་ངེ་འཛིན་ལ་སོགས་པ་གཞན་ལ་ཡང་དེ་བཞིན་ནོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་

ཅིང་རྣམ་པར་གཡེངས་པར་གྱུར་པ་ཞེས་བྱ་བ་ནི་དམིགས་པ་གཞན་ལ་གློ་བུར་དུ་འཇུག་པ་སྟེ། དེས་ན་འདུན་པ་ལ་སོགས་པ་མེད་པར་སྟོན་ཏེ། རྩོལ་བའི་རྒྱུའི་གཙོ་བོ་ནི་འདུན་པ་ཡིན་པའི་ཕྱིར་རོ། །དམིགས་པ་འདྲིས་པ་ཞེས་བྱ་བ་འདིས་ནི་དྲན་པ་དང་གོམས་པ་དག་མེད་པར་བསྟན་པ་ཡིན་ནོ། །ཡང་

ན་འདས་པ་ཉམས་སུ་མྱོང་བའམ། ལན་ཅིག་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མ་འདྲིས་པ་ཞེས་བྱའོ། །འདུན་པ་ལ་སོགས་པ་འཇུག་པ་མེད་དོ་ཞེས་བྱ་བ་ནི་སོ་སོར་ངེས་པ་ལྔ་པོ་དེ་དག་ནི་འདོད་པ་ལ་སོགས་པའི་ཡུལ་ལ་འབྱུང་བར་ངེས་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཉེ་

เล่ม ๑๓๒ · หน้า 107b

བར་གནས་པ་ལས་བྱུང་བ་ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་དོན་ལ་རེག་པ་ཙམ་ལས་གཞན་མི་བྱེད་པའི་ཕྱིར་རོ། །འདས་པ་ལ་དམིགས་པ་ཁོ་ནའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཉེ་བར་གནས་པ་ལས་བྱུང་བ་དེ་ཉིད་ནི་མ་འོངས་པ་ལ་དམིགས་པ་མ་ཡིན་ཏེ། དེ་ནི་ཐོས་པ་ལ་འདྲིས་པ་ཡིན་པའི་ཕྱིར་རོ། །གཞན་

དུ་ན་དེ་ལ་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་རོ། །ད་ལྟར་བྱུང་བ་ལ་ཡང་དམིགས་པ་ཡང་མ་ཡིན་ཏེ། དེ་ནི་མིག་ལ་སོགས་པའི་སྒོ་ནས། སོ་སོ་རང་རིག་པ་ལ་སོགས་པ་དག་ལ་འབྱུང་བའི་ཕྱིར་དེ་ལ་རྩོལ་བ་གདོན་མི་ཟ་བར་ཡོད་དོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་གཞན་གྱི་བྱིན་གྱི་རླབས་ཀྱིས་གློ་བུར་

དུ་ཕ་རོལ་གྱི་སེམས་ལ་སོགས་པ་མཐོང་བ་ལ་འདུན་པ་ལ་སོགས་པ་མེད་པར་ཡང་དེ་ལྟར་བྱུང་བ་ལ་སོགས་པ་ལ་དམིགས་ནས་ཉེ་བར་གནས་པ་ལས་བྱུང་བ་ཡོད་པས། དེའི་ཕྱིར་བཤད་པ་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་འདས་པ་ལ་དམིགས་པ་ཁོ་ནའོ་ཞེས་བྱ་བ་དེ་ནི་འོག་མ་དང་

སྦྱར་བར་བྱ་སྟེ། འདས་པ་ལ་དམིགས་པ་ཡིན་ཡང་། ད་ལྟར་གྱི་ཡུལ་ཅན་ཁོ་ནའོ་ཞེས་བྱ་བ་ནི་རྒྱུ་གཞན་གྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ་ཞེས་ཟེར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་མཇུག་ཐོགས་སུ་བྱུང་བའི་ཡིད་ཚོལ་བ་པ་མ་ངེས་པ་ནི་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཚོལ་བ་ནི་འཁོར་ལོ་དང་པོ་

ལའོ། །ངེས་པ་ནི་གཉིས་པ་ལ་སོགས་པ་དག་ལའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ལྟ་ན་ངེས་པས་འཁོར་ལོ་དང་པོ་སྤངས་པར་འགྱུར་བས་དེའི་ཕྱིར། མཇུག་ཐོགས་ཞེས་བྱ་བའི་སྒྲ་ནི་ཉེ་བའི་དོན་ལ་བྱའོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་མཇུག་ཐོགས་ཞེས་བྱ་བའི་སྒྲ་ནི་ཚོལ་བ་པ་ཁོ་ནའི་དོན་དུ་བྱས་པ་

ཡིན་གྱི་ངེས་པ་དང་འབྲེལ་པ་ནི་མེད་དོ་ཞེས་ཟེར་རོ། །དེ་ལྟ་ན་བྱེ་བྲག་གི་འབྲས་བུ་མེད་པ་ཡིན་ཏེ། གཞན་དུ་ན་བྱེ་བྲག་འབྱུང་བ་མེད་པའི་ཕྱིར་ཆུ་སྐྱར་དཀར་མོ་བཞིན་ནོ། །ཡང་ན་གང་ཡང་རུང་བའི་འཁྲུལ་པ་ཡོད་པས་བྱེ་བྲག་གི་སྦྱོར་བ་བྱས་སོ། །ད་ལྟར་གྱི་ཡུལ་ཅན་ཁོ་ནར་ཞེས་བྱ་བའོ་ཞེས་བྱ་བ་ནི་དེ་དང་འདྲ་

བ་ལ་དེ་ཉིད་དོ་ཞེས་རྒྱུན་གཅིག་ཏུ་བྱེད་པས་ད་ལྟར་གྱི་ཉིད་དོ། །ཁོ་ན་ཞེས་བྱ་བའི་སྒྲ་ནི་གལ་ཏེ་དེ་ནི་འདས་པ་ལ་དམིགས་པ་ཞེས་བྱ་བ་ཡང་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པར་ཤེས་པས་ནི་དངོས་པོ་མཐའ་དག་གི་མཚན་ཉིད་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་བ་ནི་ཆར་དབྱེ་བ་མ་བྱས་པར་རྣམ་པར་ཤེས་པས་

เล่ม ๑๓๒ · หน้า 108a

ནི་བྱེ་བྲག་མེད་པར་ཡུལ་མཐའ་དག་གི་གཟུགས་ཀྱི་གཟུགས་བརྙན་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྣམ་པར་མ་གྱུར་པ་ནི་ཞེས་བྱ་བ་ནི་དོན་དེ་ལ་རྣམ་པར་ཤེས་པ་འཇུག་པ་ནི་ཡིད་ལ་བྱེད་པ་ལ་རག་ལས་པའི་ཕྱིར་རོ། །རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་ཅེས་བྱ་སྟེ་ཞེས་བྱ་བ་ནི་

ཐུན་མོང་མ་ཡིན་པའི་བྱེ་བྲག་གང་གིས་ཡུལ་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་འགྱུར་བའོ། །དེ་ནི་ཡིད་ལ་བྱེད་པས་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པས་དེའི་རྣམ་པར་ཤེས་པར་བྱ་བ་དེ་གཟུང་ནས་དངོས་པོ་རུང་བ་ལ་སེམས་གཏོད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་འཛིན་པའི་རྣམ་པ་བརྗོད་པ་འདི་

ནི་རྟོགས་སླ་བར་འགྱུར་བས་དེ་ལྟར་བརྟགས་པ་ཡིན་ནོ། །དུས་མཉམ་ན་ཡང་དེ་ནི་རྣམ་པ་དེ་ལྟ་བུ་ཁོ་ནར་བལྟ་བར་བྱའོ། །བཙུན་པ་རེངས་བྱེད་ལ་སོགས་པ་དག་ཡིད་ལ་བྱེད་པ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། ཡུལ་གཞན་ལ་གཏོད་པའི་ཚེ་ན་དེའི་ནུས་པ་མཐོང་བའི་ཕྱིར་རོ། །

དེ་དག་གིས་སྨྲས་པ་ཚོགས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། བདེན་ཏེ་ཆོགས་པ་དེ་ཉིད་ཀྱང་ཡིད་ལ་བྱེད་པ་མེད་པར་ནི་མེད་དོ། །བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཉེ་བར་གནས་པར་མ་གྱུར་ན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པས་འདིར་ལན་བཏབ་པ་ཡིན་ནོ། །དེ་

ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་བཤད་པའི་སྐབས་སུ་ཡང་རྫས་གཞན་དུ་བསྟན་པ་ཡིན་ནོ། །དེ་ཉིད་ལ་རེག་པས་རིག་པ་གང་ཡིན་པ་ནི་སྡུག་པ་དང་མི་སྡུག་པ་དང་གཉི་ག་ལས་བཟློག་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། ཡུལ་སྡུག་པ་ལ་སོགས་པར་འཛིན་པའི་རྣམ་པ་ནི་རེག་པའི་རང་གི་

མཚན་ཉིད་ཡིན་ནོ། །སྡུག་པ་ཉིད་ལ་སོགས་པ་དེ་དག་གི་བྱེ་བྲག་གཞན་དུ་བཟུང་བ་གང་ཡིན་པ་དེ་ནི་ཚོར་བའི་གཟུང་བ་ཡིན་ཏེ། དཔེར་ན་ཟ་བ་པོས་ཡུལ་ཡིད་དུ་འོང་བ་ཉིད་དུ་འཛིན་པ་དེ་ལྟ་བུ་ནི་རེག་པ་ཡིན་ནོ། །ཇི་ལྟར་དེ་ཉིད་ཡིད་དུ་འོང་བས་དྲངས་ནས་ཡུལ་དེ་མྱངས་པར་གྱུར་པ་དེ་ལྟ་བུ་ནི་རེག་

པ་ལས་བྱུང་བའི་ཚོར་བ་ཡིན་ཏེ། དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །བཙུན་པ་དཔལ་འཛིན་པ་ལ་སོགས་པ་དག་རྣམ་པར་ཤེས་པ་ཉིད་རེག་པ་ཡིན་ནོ་ཞེས་ཟེར་བ་དེ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྱུང་བར་གསུངས་པའི་ཕྱིར་རོ། །གང་ཞིག་གང་དང་ལྷན་ཅིག་འབྱུང་བར་

เล่ม ๑๓๒ · หน้า 108b

གསུངས་པ་དེ་ནི་དེ་ལས་དོན་གཞན་པ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་དེ་ཁོ་ན་ལས་ཚོར་བ་བཞིན་ནོ། །ཡང་རྣམ་པར་ཤེས་པ་ལས་ཐ་དད་པའི་ཟས་ཉིད་དུ་གསུངས་པ་འདིའི་ཡང་ཕྱིར་ཏེ། ཡིད་ལ་སེམས་པ་བཞིན་ནོ། །ཡང་རེག་པ་ནི་རྫས་སུ་ཡོད་པ་ཡིན་ཏེ། དམིགས་པ་དང་བཅས་པ་ཉིད་ཡིན་པས་

སེམས་ལས་བྱུང་བ་དག་ཏུ་བཏགས་པའི་ཕྱིར་ཏེ་འདུ་ཤེས་བཞིན་ནོ། །ལྡོག་པ་ནི་བག་ཡོད་པ་ལ་སོགས་པ་དག་གོ། །ཡང་ཚོར་བ་དང་ལྷན་ཅིག་ཏུ་སེམས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཏེ་སེམས་པ་བཞིན་ནོ། །ལྡོག་པ་ནི་ནམ་མཁའོ། །འདི་ལ་ལུང་ཡང་ཡོད་དེ། མིག་དང་གཟུགས་རྣམ་གཉིས་ལ་

བརྟེན་ནས་སུ། །སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བར་འགྱུར། །རྣམ་ཤེས་རེག་པ་སེམས་པ་འདུ་ཤེས་དང་། །འདུ་བྱེད་གཏོགས་རྣམས་རྒྱུར་བཅས་ལྷན་ཅིག་ཏུའོ། །ཞེས་ཚིགས་སུ་བཅད་པ་ལས་གསུངས་སོ། །བཙུན་པ་དཔལ་འཛིན་ནི་ཚིགས་སུ་བཅད་པ་དེ་ལ་འདི་སྐད་དུ། དེར་ནི་སེམས་

ལས་བྱུང་བ་རྣམས་རིམ་གྱིས་འབྱུང་བའི་དོན་དུ་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་བསྟན་པའི་ཕྱིར་བའམ། མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་ལས་བྱུང་བའི་ཕྱིར་མིག་དང་གཟུགས་དག་ལས་རྣམ་པར་ཤེས་པའི་རེག་པ་འབྱུང་ངོ་། །དེ་ནས་སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱང་ལྷན་

ཅིག་ཏུ་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རུང་སྟེ། དེར་བཅོམ་ལྡན་འདས་ཀྱིས་གཉིས་ལ་བརྟེན་ནས་སེམས་ལས་བྱུང་བ་རྣམས་འབྱུང་ངོ་ཞེས་གསལ་བར་གསུངས་ཀྱི་གསུམ་ཞེས་མ་གསུངས་པས། དེའི་ཕྱིར་འདིར་སྒྲོ་བཏགས་ཏེ་རེག་པར་བཤད་པ་ནི་ཅིར་ཡང་མི་རུང་ངོ་། རྣམ་

པར་ཤེས་པ་བསྟན་པ་དང་། མེད་ན་མི་འབྱུང་བ་ཉིད་ཀྱང་གནོད་པ་མེད་པ་ཁོ་ན་ཡིན་ཏེ། ཁོ་བོ་ཡང་རྣམ་པར་ཤེས་པ་མེད་ན་རེག་པ་མི་འབྱུང་ངོ་ཞེས་སྨྲས་ཏེ་དེ་ལ་ཅི་ཞིག་ཏུ་འགྱུར། ལྷན་ཅིག་ཏུ་འབྱུང་བ་ཞེས་བྱ་བ་འདི་ནི་ལུང་ཡིན་ནོ། །ཀུན་ཏུ་འགྲོ་བ་དག་གི་རིགས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་

དང་ལྡན་པའི་སྐབས་སུ་སྨྲས་ཟིན་ཏོ། །འཕགས་པ་མང་པོས་བཀུར་བ་ལ་སོགས་པ་དག་ཤེས་རབ་ལ་སོགས་པ་དག་ས་ཆེན་པོ་པ་ཡིན་པར་སྨྲ་བ་དག་གི་ཕྱིར་སྨྲས་པ། སེམས་དམིགས་པ་ལ་བུལ་བར་འཇུག་པ་ན་ལས་མི་དམིགས་པའི་ཕྱིར་དད་པ་བཞིན་དུ་ཤེས་པ་མེད་དེ། དེའི་ཕྱིར་ཤེས་

เล่ม ๑๓๒ · หน้า 109a

རབ་ནི་ས་ཆེན་པོ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཐེ་ཚོམ་དང་ལྡན་ན་ཡང་སྔ་མ་བཞིན་ནོ། །དྲན་པ་ནི་འདྲིས་པ་ལ་དམིགས་པ་ཡིན་པར་གཉི་ག་ལ་ཡང་གྲུབ་པ། །དེ་ལས་གཞན་པའི་དམིགས་པ་ལ་ནི་ལུང་ཡང་མེད་ལ་རིགས་པ་ཡང་མེད་དོ། །གལ་ཏེ་ཉམས་སུ་མྱོང་བར་དྲན་པ་མེད་

དོ་ཞེ་ན། དྲན་པ་ཉིད་ཀྱིས་ཉམས་སུ་མྱོང་ངོ་ཞེས་བྱ་བ་དེ་ཡང་ག་ལ་ཡོད། མི་མཐུན་པའི་དངོས་པོ་ལ་འདོད་པ་ཡང་ག་ལ་ཡོད། མ་ངེས་པའི་དོན་ལ་མོས་པ་ཡང་ག་ལ་ཡོད། བཙུན་པ་འདུས་བཟང་ནི་ངེས་པའི་དོན་ལ་མོས་པར་མི་འདོད་དེ། དེ་ནི་མདོ་སྡེ་དང་བསྟན་བཅོས་དང་འགལ་ལོ། །མདོ་སྡེ་ལས་ནི་

བདག་གིས་སེམས་ནི་ཅི་ནས་ཀྱང་སྐྱེ་མཆེད་དྲུག་པོ་འདི་དག་ལ་བདག་མེད་པར་མོས་སོ་ཞེས་འབྱུང་ངོ་། །གྲོ་བཞིན་སྐྱེས་ཀྱི་མདོ་ལས་ཀྱང་ངེས་པ་ཁོ་ན་ཡིན་པར་གསུངས་ཀྱི་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་བཀག་གོ། །བསྟན་བཅོས་ལས་ཀྱང་མོས་པ་ནི་དམིགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་སྟེ་

དེ་གཉི་ག་ཡང་དྲན་པའི་དོན་ཡིན་ནོ་ཞེ་ན། འོ་ན་ནི་དོན་རང་གི་འདུན་པ་ཉིད་དོ། །དེ་ལྟ་བས་ན་ཀུན་དུ་འགྲོ་བ་ནི་ལྔ་ཁོ་ནའོ། །ཚོར་བས་ལས་ཅི་བྱེད་ཅེ་ན། སྲིད་པ་སྐྱེ་བ་དང་བཏང་སྙོམས་སུ་འཇོག་པའི་ལས་བྱེད་དོ་ཞེས་བྱ་ལ། བདེ་བའི་ཚོར་བ་ནི་ཕྲད་པར་སྲེད་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་གྱི་

ཚོར་བ་ནི་འབྲལ་བར་སྲིད་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་གཉི་ག་མེད་ཅིང་བར་མ་དོར་གནས་པའི་དངོས་པོའི་མཚན་ཉིད་དེ། བཏང་སྙོམས་སུ་འཇོག་པའི་རྒྱུ་ཡིན་ནོ། །འོ་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་ངོ་བོ་ཉིད་གང་ཞེ་ན། ཅིའི་

ཕྱིར་སོམ་ཉི་ཟ་བ་འདི་ལྟར་སེམས་ལས་བྱུང་བ་རྣམས་ཀྱི་འཇུག་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། འདི་ལྟར་བདེ་བའི་ཚོར་བ་ནི་སིམ་པར་བྱེད་པ་ཡིན་ལ། སྡུག་བསྔལ་ནི་གདུང་བར་བྱེད་པ་ཡིན་ན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བྱེད་པ་གང་ཡིན་པར་བཟུང་སྟེ། དེའི་ཕྱིར་དེ་ནི་

བདེ་བ་དང་སྡུག་བསྔལ་མེད་པ་ཙམ་ཡིན་པར་རྟོགས་པས་དེ་ལྟ་བས་ན་གཉི་ག་བཀག་པར་བསྟན་པ་ཡིན་ནོ་ཞེས་གྲགས་པའི་ཕྱིར་རོ། །ཀྱེ་རེག་པ་དང་སེམས་པ་ལ་སོགས་པ་དག་ཇི་ལྟར་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་དང་། ཅི་དེ་དག་ཀྱང་མེད་པ་ཡིན་ནམ་ཇེ་སྨྲོས་ཤིག །དེའི་ལས་ནི་སྔར་ཡང་ཅུང་

เล่ม ๑๓๒ · หน้า 109b

ཟད་སྨྲས་མོས་ཀྱི་གསལ་བར་འོག་ནས་བརྗོད་པར་བྱའོ། །གཉི་ག་བཀག་ཏུ་ཟིན་ཀྱང་མི་གནག་མི་དཀར་བའི་ལས་གཞན་དུ་དེ་ཡང་མེད་པ་ཙམ་མ་ཡིན་ནོ། །གཞན་ཡང་འདི་ལ་མང་པོ་དག་ཐེ་ཚོམ་ཟ་བས་ན་དེའི་ཕྱིར་བཏང་སྙོམས་འདི་ནི་ལུང་དང་། རིགས་པ་དང་། རྒྱུ་དང་། འབྲས་བུ་དང་། དམིགས་པ་དང་།

གནས་སྐབས་དང་། བག་ལ་ཉལ་བ་དང་། རྣམ་པ་དང་། ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དག་གིས་གོ་སླ་བར་བྱའོ། །དེ་ལ་ལུང་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་ངོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་

གསུངས་པ་དང་། ཡང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དང་། དེ་བཞིན་དུ་དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ། སྔ་ནས་ཡིད་བདེ་བ་དང་ཡིད་མི་

བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རིགས་པ་གང་ཞེ་ན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱི་

སེམས་ནི་ཚོར་བའི་རྫས་དང་མཚུངས་པར་ལྡན་པ་ཡིན་ནོ། །སེམས་ཡིན་པའི་ཕྱིར་ཏེ། བདེ་བ་དང་མཚུངས་པར་ལྡན་པའི་སེམས་བཞིན་ནོ། །ཆོས་མི་མཐུན་པ་ནི་གཟུགས་སོ། །ཡང་ན་ཚོར་བ་བཏང་སྙོམས་ནི་རྫས་སུ་ཡོད་པ་ཡིན་ཏེ། གསུམ་དུ་བགྲང་བ་ལས་འབྱུང་བའི་ཕྱིར་ཏེ་སྔ་མ་

བཞིན་ནོ། །ཡིད་ཀྱི་སའི་སྐབས་སུ་ཡང་ཚོར་བ་མེད་ན་སེམས་འབྱུང་བ་ཡང་མེད་དོ་ཞེས་ཤེས་པར་བྱས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ནི་བདེ་བ་དང་སྡུག་བསྔལ་དང་ལྡན་པ་མ་ཡིན་པས། དེའི་ཕྱིར་བཏང་སྙོམས་ནི་རྫས་སུ་ཡོད་པ་ཡིན་ཏེ། ལུང་ནི་ཡོད་པ་ཉིད་ཙམ་དུ་བསྟན་པས་མཐུ་ཟད་

པ་ཡང་མ་ཡིན་ནོ། །འདི་ལྟར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཚིག་ཡོད་པས་ན། དེའི་རྒྱུ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མོང་བར་འགྱུར་བའི་རེག་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་མྱོང་བར་འགྱུར་བ་དེ་ལས་བྱུང་བར་གསུངས་པས་ན་དེའི་རྫས་ཉིད་

เล่ม ๑๓๒ · หน้า 110a

དུ་ཡོད་པ་ཡིན་ཏེ། བདེ་བ་མྱོང་བར་འགྱུར་བ་ལས་བདེ་བ་ཡོད་པར་གསུངས་པ་བཞིན་ནོ། །འབྲས་བུ་ནི་མི་འབྲལ་བར་སྲེད་པ་ཡིན་ནོ། །དམིགས་པ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ལས་བཟློག་པ་མྱོང་བར་འགྱུར་བའི་མཚན་ཉིད་དེ། དམིགས་པའི་དངོས་པོའི་ཆ་

འགའ་ཞིག་ཡིན་ནོ། །གནས་སྐབས་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་པ་དང་གནོད་པ་ལས་བཟློག་པའི་ལུས་དང་སེམས་ཀྱི་གནས་སྐབས་དག་གོ། །བག་ལ་ཉལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་གཏི་མུག་བག་ལ་ཉལ་ལོ་ཞེས་གང་གསུངས་པའོ། །རྣམ་པ་

ནི་ཇི་སྐད་སྨོས་པའི་དངོས་པོའི་གཟུགས་བརྙན་གྱི་རྣམ་པ་འབྱུང་བའོ། །ངོ་བོ་ཉིད་ནི་བདེ་བ་དང་མི་བདེ་བའི་མཐའི་ཕྱོགས་སུ་ལྟུང་བ་དང་བྲལ་བ་སྟེ། བར་མ་དོར་གནས་པའི་སོ་སོར་རིག་པའི་རང་གི་ངོ་བོ་ཉམས་སུ་མྱོང་བའོ། །རབ་ཏུ་དབྱེ་བ་ནི་སློབ་དཔོན་གྱིས་བྱེ་བྲག་མེད་པར་བསྟན་ཀྱང་བཏང་སྙོམས་

ནི་བར་མ་དོར་གནས་པའི་དོན་གྱིས་རྣམ་པ་གཅིག་པ་ཡང་ཡོད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོགས་པའི་བྱེ་བྲག་གིས་ནི་རྣམ་པ་གཉིས་སོ། །དགེ་བ་ལ་སོགས་པའི་བྱེ་བྲག་གིས་ནི་རྣམ་པ་གསུམ་མོ། །བརྩོན་འགྲུས་ཀྱི་བཏང་སྙོམས་དང་། ཚོར་བའི་བཏང་སྙོམས་

དང་། ཡན་ལག་དྲུག་གི་བཏང་སྙོམས་དང་། ཚངས་པར་གནས་པའི་བཏང་སྙོམས་དང་། བྱང་ཆུབ་ཀྱི་ཡན་ལག་གི་བཏང་སྙོམས་དང་། འདུ་བྱེད་ཀྱི་བཏང་སྙོམས་དང་། ལྷག་མཐོང་གི་བཏང་སྙོམས་དང་། བར་མ་དོར་གནས་པའི་བཏང་སྙོམས་དང་། བསམ་གཏན་གྱི་བཏང་སྙོམས་དང་།

ཡོངས་སུ་དག་པའི་བཏང་སྙོམས་ཀྱི་བར་དག་གིས་རྣམ་པ་བཅུའོ། །དེ་ལ་བརྩོན་འགྲུས་ཀྱི་བཏང་སྙོམས་ནི་ཧ་ཅང་ཡང་མི་འགྲུས། ཧ་ཅང་ཡང་མི་ལྷོད་པའི་བརྩོན་འགྲུས་སུ་བགྲང་སྟེ། དེའི་དབང་དུ་མཛད་ནས། དེ་དུས་དུས་སུ་བཏང་སྙོམས་ཀྱི་མཚན་མ་སྒོམ་པར་བྱེད་དོ་ཞེས་བྱ་བ་ལ་

སོགས་པ་གསུངས་སོ། །ཚོར་བ་བཏང་སྙོམས་ནི་ཇི་སྐད་སྨོས་པའི་མཚན་ཉིད་ཡིན་ཏེ། དེའི་དབང་དུ་མཛད་ནས། གང་གི་ཚེ་དེའི་སེམས་འདོད་པ་ན་བཏང་སྙོམས་དང་ལྡན་པར་འབྱུང་བར་གྱུར་པ་ཞེས་གསུངས་པ་ལྟ་བུའོ། །ཡན་ལག་དྲུག་གི་བཏང་སྙོམས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་

เล่ม ๑๓๒ · หน้า 110b

སྤངས་པའི་དགྲ་བཅོམ་པ་འདོད་པ་དང་མི་འདོད་པའི་ཡུལ་དྲུག་དང་ཉེ་བར་གྱུར་ཅིང་། ཡོངས་སུ་དག་པའི་རང་བཞིན་གྱི་དངོས་པོ་ཡང་དེའི་རྣམ་པ་ཡོད་པ་སྟེ། དེའི་དབང་དུ་མཛད་ནས་འདི་ལ་དགེ་སློང་ཟག་པ་ཟད་པ་ནི་མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་

བར་ཡང་མི་འགྱུར་ཞིང་བཏང་སྙོམས་སུ་གནས་ཏེ་དྲན་པ་དང་ཤེས་བཞིན་ཅན་ཡིན་ནོ་ཞེས་གསུངས་སོ། །ཚངས་པའི་གནས་པའི་བཏང་སྙོམས་ནི་གནོད་སེམས་དང་འདོད་པ་ལ་འདོད་ཆགས་ཀྱི་མཐའ་ལས་དབེན་ཞིང་བར་མ་དོར་གནས་པ་ཉེ་བར་སྒྲུབ་པར་བྱེད་པའི་མཚན་ཉིད་དེ། དེའི་དབང་དུ་མཛད་ནས།

བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་བཏང་སྙོམས་ནི་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཀྱི་བར་མ་དོར་གནས་པའི་རྣམ་པར་གྱུར་པ་སྟེ། དེའི་དབང་དུ་

མཛད་ནས། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་གསུངས་སོ། །འདུ་བྱེད་ཀྱི་བཏང་སྙོམས་ནི་སྒྲིབ་པ་ལ་སོགས་པ་ལ་སོ་སོར་རྟོག་ཅིང་དབྱིབས་སུ་མི་འཛིན་པར་བར་མ་དོར་གནས་པར་གྱུར་པ་སྟེ། དེའི་དབང་དུ་མཛད་ནས། དེ་དང་དེ་དག་ལས་ཞི་གནས་དང་ལྷག་

མཐོང་གི་ཕྱོགས་ནི་བཏང་སྙོམས་ཞེས་བྱའོ་ཞེས་གསུངས་ཏེ། །དེའི་རྣམ་པ་མང་དུ་ཡོད་ཀྱང་འདིར་བྱེ་བྲག་མེད་པར་བྱས་ཏེ་བཞག་པ་ཡིན་ནོ། །ལྷག་མཐོང་གི་བཏང་སྙོམས་ནི་སྤོང་བའི་ལས་ཀྱི་མཇུག་ཐོགས་སུ་བར་མ་དོའི་ལས་ལ་གནས་པར་གྱུར་པ་སྟེ། དེའི་དབང་དུ་མཛད་ནས། གང་ཡོད་པ་

དང་། གང་བྱུང་བ་དེ་སྤོང་བར་བྱེད་ཅིང་བཏང་སྙོམས་པར་ཐོབ་པར་བྱེད་དོ་ཞེས་གསུངས་སོ། །དེ་ལ་བར་མ་དོར་གནས་པའི་བཏང་སྙོམས་ལྷན་ཅིག་སྐྱེས་པའི་ཆོས་རྣམས་མཉམ་དུ་འཇུག་པ་སྟེ། དེའི་དབང་དུ་མཛད་ནས། འདུན་པ་ལ་སོགས་པ་སྤོང་བའི་འདུ་བྱེད་རྣམས་ཀྱི་བར་མ་དོར་གནས་

པར་གྱུར་པ་ནི་འདུ་བྱེད་རྣམས་ཀྱི་བར་མ་དོར་གནས་པ་ཡིན་ནོ་ཞེས་གསུངས་སོ། །བསམ་གཏན་གྱི་བཏང་སྙོམས་ནི་བདེ་བའི་སྙིང་པོ་ལ་ཡང་ཕྱོགས་སུ་ལྟུང་བ་མི་སྐྱེད་པ་སྟེ། དེའི་དབང་དུ་མཛད་ནས་དྲན་པ་དང་ལྡན་པར་བཏང་སྙོམས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ཡོངས་སུ་དག་པའི་

เล่ม ๑๓๒ · หน้า 111a

བཏང་སྙོམས་ནི་མཐུན་པ་ཐམས་ཅད་ཡོངས་སུ་དག་ཅིང་མི་མཐུན་པ་ཉེ་བར་ཞི་བ་ལ་སྤྱད་པ་མེད་པར་གྱུར་པ་སྟེ། དེའི་དབང་དུ་མཛད་ནས། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་གསུངས་སོ། །དག་ཐམས་ཅད་ཀྱང་ཤེས་རབ་དང་ཚོར་བ་དང་འདུ་བྱེད་ཀྱི་བཏང་སྙོམས་

ཀྱི་བྱེ་བྲག་གིས་ནི་རྣམ་པ་གསུམ་དུ་ཟད་དོ། །དེ་ལ་དུས་གསུམ་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བའོ་ཞེས་བྱ་བ་དེས་ཕྱི་དང་ནང་གི་དངོས་པོ་རྣམས་འབྱུང་བའི་དབང་དུ་བྱས་པའི་ཕྱིར་དུས་རྣམས་དང་སྦྱར་རོ། །ཡང་གཞན་དག་ན་རེ་དེ་ལས་གཞན་པ་བཏགས་པའི་ཆོས་

རྣམས་ནི་མ་གཏོགས་སོ་ཞེས་སྨོས་པ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་དེའི་ཕྱིར་འདིར་དུས་ལ་སོགས་པ་དག་བརྩམས་སོ་ཞེས་ཟེར་རོ། དེ་ལྟ་ན་ད་ལྟར་བྱུང་བའི་ཚིག་ཀྱང་འབྲས་བུ་མེད་པ་ཡིན་ལ། བཏགས་པའི་ཡོད་པ་གཞན་དག་ཀྱང་ཅིའི་ཕྱིར་མ་སྨོས་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱ་

བ་མང་དུ་འབྱུང་ངོ་། །ས་བོན་རྣམས་ནི་ཆོས་དེ་ལས་ཐ་མི་དད་པས་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ས་བོན་གྱི་རྟེན་རྣམ་པར་ཤེས་པའམ་གཟུགས་འདས་པ་དེ་ལ་ནི་ས་བོན་ཡང་འདས་པ་ཡིན་པར་གཞག་གི་རང་ལས་ནི་མ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ཡང་

འབྲས་བུ་མ་བྱིན་པའི་ས་བོན་གྱི་དབང་དུ་བྱས་ཏེ་བརྗོད་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར། འབྲས་བུ་མ་བྱིན་ལས་ཞེས་བྱ་བ་སྨོས་སོ། །འབྲས་བུ་བྱིན་པའི་སྔོན་ལ་ནི་དེ་ལྟ་བུར་རྣམ་པར་གཞག་པ་མེད་དེ། དེ་མེད་ཀྱང་རྟེན་ནི་ད་ལྟར་གྱི་ཡིན་པའི་ཕྱིར་ཏེ། སྐྱེས་ཟིན་པའི་ཕྱིར་རོ། །དེའི་ཚེ་ན་ས་བོན་

ནི་འདས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དེ་ལྟ་ན་འབྲས་བུ་མ་བྱིན་པ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་བྱ་བར་ཟད་ན་དེའི་ཕྱིར། འབྲས་བུ་བྱིན་མ་བྱིན་པ་ལས་ཞེས་བྱ་བས་ནི་ས་བོན་རྣམས་འདས་པ་ལ་སོགས་པ་ཉིད་དུ་རྣམ་པར་གཞག་པ་ཅིག་ཤོས་འདི་བསྟན་ནོ་ཞེས་ཟེར་རོ། །

ཡང་ཁ་ཅིག་ན་རེ་དེ་ལྟ་ན་ཡང་འམ་ཞེས་བྱ་བའི་སྒྲ་བརྗོད་པར་བྱ་དགོས་པས། དེའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཐམས་ཅད་ལྟར་ཡང་ཉེས་པ་མེད་དེ། རེ་ཞིག་ཕྱོགས་སྔ་མས་ཀྱང་འབྲས་བུ་མ་བྱིན་པ་ལས་ཞེས་ངེས་པར་བརྗོད་དགོས་ཏེ། དེའི་འདས་པ་ཉིད་ནི་འབྲས་

เล่ม ๑๓๒ · หน้า 111b

བུ་མ་བྱིན་པ་ཁོ་ནའི་ཕྱིར་རོ་ཞེས་ཤེས་བར་བྱ་དགོས་པའི་ཕྱིར་རོ། །གཉིས་པའི་ཡང་འམ་ཞེས་བྱ་བའི་སྒྲ་མེད་ཀྱང་སྦྱོར་བ་ཡོད་དེ། དཔེར་ན། །ཇིག་རྟེན་ན་ཡང་འགྲོ་འོང་སྒྱེལ་འདུག་པ། །ཇི་ལྟར་འདོད་བཞིན་བྱོས་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་རོ། །རྒྱུ་ཡོད་པ་ཞེས་བྱ་བ་ནི་འདུས་མ་བྱས་རྣམ་པར་གཅོད་པ་

སྟེ། དུས་དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་བ་ལ་སོགས་པ་དག་སྟོན་ཏེ། འདིར་ཡང་སྔ་མ་ཁོ་ན་བཞིན་དུ་སྦྱར་རོ། །ཁ་ཅིག་ན་རེ་ས་བོན་རྣམས་ཀྱིས་སྐྱེ་བ་ལ་སོགས་པ་རྣམ་པར་གཞག་པ་ནི་རྣམ་པར་

ཤེས་པའི་རྒྱུད་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་སེམས་དང་མཚུངས་པར་སྟོན་ཏོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་གང་ལས་སྐྱེ་བ་དེ་ས་བོན་ཡིན་པར་སྟོན་ཏེ་ཞེས་བྱ་བ་དེས་ན། དེའི་ཕྱིར་རྒྱུ་ཡོད་ལ་ཞེས་སྨྲས་པ་ཡིན་ནོ་ཞེས་ཟེར་རོ། །རྐྱན་ཡོད་ལ་ཞེས་བྱ་བ་ནི་ས་བོན་མ་ཉམས་པ་ལ་བྱ་སྟེ།

དེས་ནི་རྒྱུའི་རྐྱེན་བསྟན་ཏོ། རྐྱེན་གྱི་དབང་གིས་ཞེས་བྱ་བ་ནི་རྐྱེན་གཞན་གསུམ་གྱི་དབང་དུ་བྱས་པའོ། །དང་པོ་ཆོས་གང་འབྱུང་བ་དེ་ནི་ཞེས་བྱ་བ་ནི་རྒྱུད་ཀྱི་སྐད་ཅིག་དང་པོ་འབྱུང་བ་ལ་སྐྱེ་བ་ཞེས་བྱ་བར་སྟོན་ཏོ། །དེའི་ཕྱིར་རྒྱུད་སྔ་མ་འབྱུང་བ་ལ་ཞེས་བྱ་བ་སྨོས་སོ། །སྐྱེས་མ་ཐག་པའི་སྐྱེ་

བ་ཙམ་གྱི་སྐད་ཅིག་རྗེས་སུ་འཇུག་པ་ནི་གནས་པའོ་ཞེས་བྱ་བ་ནི་སྐད་ཅིག་གནས་པ་ལས་བསམས་པ་ཡིན་ནོ། །གཞན་དག་ན་སྐད་ཅིག་གནས་པ་མི་འདོད་པས་ཚིག་འདི་རྒྱུན་གྱི་གནས་པ་ཁོ་ན་ཡིན་པར་ཡོངས་སུ་སྒྱུར་པར་བྱེད་དོ། །དེ་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་སྐྱེ་བ་ཙམ་གྱི་རྒྱུན་མི་འཆད་པར་

འཇུག་པ་ལ་བྱའོ་ཞེས་ཟེར་རོ། །དེ་ལྟ་ན་སྐྱེ་བ་ཙམ་ཞེས་བྱ་བའི་ཚིག་ལྷག་པར་གྱུར་པས་དེའི་ཕྱིར་སྐད་ཅིག་གནས་པ་ཁོ་ན་ཡིན་པར་འདོད་པར་བྱ་སྟེ། འདི་ལྟར་དེ་དང་དེ་དག་ལས་ཀྱང་དེའི་མཚན་ཉིད་ཁོ་ན་ཡིན་པར་བཤད་དོ། །འདིར་རྒྱུན་གྱི་གནས་པ་ནི་གནས་རྣམ་པ་ལྔ་པོ་སྐད་ཅིག་གནས་པ་དང་།

རྒྱུན་གྱི་གནས་པ་དང་། རྐྱེན་ལ་རག་ལས་པའི་གནས་པ་དང་། མི་གཡེང་བའི་གནས་པ་དང་། རྣམ་པར་གཞག་པའི་གནས་པ་དག་ནི་རབ་ཏུ་དབྱེ་བ་འབའ་ཞིག་ཏུ་གསུངས་པར་ཟད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི་སྔ་ན་མེད་པའི་འབྱུང་བ་ནི་དངོས་པོ་ལ་ལྟོས་པ་ཡིན་ནོ་ཞེས་

เล่ม ๑๓๒ · หน้า 112a

བཤད་ལ། འདིར་ནི་ཆོས་གང་འབྱུང་བ་ནི་སྐྱེ་བ་ཞེས་བཤད་པ་དེ་ཇི་ལྟར་འགལ་ཞེ་ན། དེ་ནི་བྱེ་བྲག་བསྟན་པ་ཡིན་ནོ། །དེ་མ་ཐག་པའི་རྐྱེན་ནི་ཞེས་བྱ་བ་ནི་ཚོགས་གཅིག་པ་ནི་ཐམས་ཅད་རེ་རེ་ནས་འབྱུང་བའི་ཕྱིར་མཉམ་པ་ཡིན་ནོ། །རིགས་འདྲ་བ་བར་དུ་མ་ཆོད་པ་རྣམས་

ཀྱི་རྐྱེན་དུ་གྱུར་པའི་ཕྱིར་བར་དུ་མ་ཆོད་པའི་རྐྱེན་ཉིད་དོ། །ཡང་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་དེ་དག་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་མཉམ་པ་ཡིན་ནོ། །ཡང་ན་ཚོགས་ཐམས་ཅད་ནི་ཚོགས་ཀྱི་རྐྱེན་ཡིན་པར་མཉམ་པ་ལ་བྱའོ། །རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་རྣམ་པར་ཤེས་པ་

གང་དག་འབྱུང་བར་ངེས་པ་ནི་ཞེས་བྱ་བ་ནི་དྲུག་པོ་རྣམས་ཁོ་ན་ལ་བྱའི་ཀུན་གཞི་ཡང་མ་ཡིན་ལ་ཡིད་ཀྱང་མ་ཡིན་ནོ། །སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་ཏེ། རྣམ་པར་ཤེས་པ་སྨོས་པས་གཅིག་གིས་དུས་མཉམ་པར་འཁྲུལ་པ་མེད་པ་ཉེ་བར་མཚོན་པ་ཡིན་ནོ། །བདག་པོའི་རྐྱེན་ནི་

ས་བོན་མ་གཏོགས་པའི་རྐྱེན་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དེ་མ་ཐག་པའི་རྣམ་པར་ཤེས་པ་མ་གཏོགས་པ་སྟེ། དེ་ནི་དེ་མ་ཐག་པའི་རྐྱེན་གྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་ནི་གྲོགས་སུ་གཏོགས་པའི་ཆོས་གང་ཡིན་པ་རྣམས་སོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ལ་སོགས་པ་དག་གོ། །དད་པ་ལ་སོགས་

པ་དག་གི་དབང་གིས་འདོད་པ་ལ་སོགས་པའི་འབྲས་བུ་ཡོངས་སུ་འཛིན་པར་བསྟན་པའི་ཕྱིར། དགེ་བ་དང་མི་དགེ་བ་ཉིད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངོ་བོ་ཉིད་ལ་སོགས་པ་དོན་ལྔ་པོ་གང་དག་སྨོས་པ་དེ་དག་གིས་རྐྱེན་རྣམས་བསྡུས་པར་བསྟན་པའི་ཕྱིར། དེའི་

ལས་ས་བོན་ལས་ནི་རྒྱུའི་རྐྱེན་རྣམ་པར་གཞག་གོ་ཞེས་བྱ་བ་ལ་སོགས་པ་དག་སྨོས་སོ། །ས་བོན་གྱིས་རྒྱུའི་རྐྱེན་མ་བསྡུས་སོ་ཞེ་ན། བསྡུས་ཏེ་ས་བོན་གྱི་གནས་ནི་རྒྱུའི་རྐྱེན་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ངོ་བོ་ཉིད་ལས་ནི་དེ་མ་ཐག་པའི་རྐྱེན་རྣམ་པར་གཞག་གོ་ཞེས་བྱ་བ་ནི་ཕལ་ཆེ་

བའི་དབང་དུ་བྱས་པའི་ཕྱིར་ཏེ། གྲོགས་ཀྱང་དེ་ཡིན་པའི་ཕྱིར་རོ། །གྲོགས་ལ་སོགས་པ་ལས་ནི་བདག་པོའི་རྐྱེན་རྣམ་པར་གཞག་གོ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ལས་ཀྱི་ཚུལ་གྱིས་དབང་དུ་བྱས་པ་ཡིན་ནོ། །བདག་པོའི་རྐྱེན་ནི་འདོད་པ་དང་མི་འདོད་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་རོ། །

เล่ม ๑๓๒ · หน้า 112b

དེ་ལ་ལས་ནི་སྨྲས་ཟིན་ཏོ། །དགེ་བ་དང་མི་དགེ་བ་དེ་ཡང་རྐྱེན་ཁོ་ན་ཡིན་ཏེ། སྐྱེད་པར་བྱེད་པའི་དོན་གྱི་རྒྱུའི་དོན་མེད་པའི་ཕྱིར་རོ། །རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའོ་ཞེས་བྱ་བ་ལ། དེ་ནི་ཉུང་སྟེ། མྱ་ངན་ལས་འདས་པ་མ་ལུས་པའི་ཕྱིར་རོ་ཞེས། འདིར་ཐམས་

ཅད་བསྡུས་པ་ནི་མ་ཡིན་གྱི་དེ་ནི་རབ་ཏུ་དབྱེ་བ་ཙམ་དུ་ཟད་དོ། །ཡང་ན་མདོ་སྡེ་ལས་གསུངས་པའི་རྗེས་སུ་སྨྲས་པ་ཡིན་ནོ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ཞེས་བྱ་བ་ནི་འབྲས་བུ་མངོན་པར་མཐོ་བ་མ་ཡིན་པའོ། །བསོད་ནམས་ཞེས་བྱ་བ་ནི་སེམས་པ་དགེ་བའོ། །དེ་ཉིད་ཆ་ཡིན་ཏེ།

ཚོགས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །ཚོགས་མཐའ་དག་ནི་དེ་དང་མཐུན་པ་ཡིན་ལ། དེ་ཡང་དེ་དག་དང་མཐུན་པ་ཡིན་ནོ། །ཡང་ན་བསོད་ནམས་ཀྱི་འབྲས་བུ་ནི་བསོད་ནམས་མ་ཡིན་ནོ། །དེའི་ཆ་དང་མཐུན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་གིས་དེ་མངོན་པར་

བསྒྲུབས་པའི་ཕྱིར་རོ། །བསོད་ནམས་ལས་སྐྱེ་བ་དང་བརྒྱད་ཅེས་བྱ་བ་ནི་མདོ་ལས་འདི་ན་ཁ་ཅིག་དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། ལམ་དུ་ཞུགས་པ་རྣམས་དང་། སློང་མོ་པ་རྣམས་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་།

བཟའ་བ་དང་། བཅའ་བ་དང་། བཞོན་པ་དང་། གོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རྒྱབ་རྟེན་དང་། མར་མེའི་སྦྱིན་པ་དག་སྦྱིན་པར་བྱེད་ཅིང་དེས་མི་སྐྱེད་པ་དག་མཐོང་ན་འདི་སྙམ་དུ་ཀྱེ་མ་བདག་མིའི་སྐྱིད་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་སྙམ་དུ་

སེམས་ཤིང་དེ་ལ་སེམས་རྟེན་པར་བྱེད་པ་ལ་སོགས་པ་ནས། ལན་མང་དུ་བྱེད་པའི་བར་དུ་སྟེ། དེ་ནི་མིའི་སྐྱིད་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བའི་གནས་ཡོད་པ་ཡིན་ནོ། །དེ་ལ་མིའི་སྐྱིད་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་ལ་སོགས་པ་དང་། དེ་

ལྟ་བུའི་རིགས་རྣམས་སུ་སྐྱེ་བར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ་པའི་ཕྱིར་ཏེ། དེ་ཡང་ཚུལ་ཁྲིམས་དག་རྣམ་པར་དག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་དྲུག་གི་ལྷ་རྣམས་དང་། ཚངས་རིས་རྣམས་སུ་ཡང་དེ་བཞིན་ནོ། །

เล่ม ๑๓๒ · หน้า 113a

དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ་པ་དེ་ཡང་འདོད་པ་དག་ལ་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེ་དག་ནི་བསོད་ནམས་ལས་སྐྱེ་བ་བརྒྱད་པོ་དེ་དག་ཡིན་ནོ། །སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པའི་དོན་ཞེས་བྱ་

བ་ནི་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱིའོ། །དངོས་པོ་ཡོངས་སུ་ཤེས་པ་ལ་མཁས་པ་དེ་འབྲས་བུའི་དོན་ཏོ་ཞེས་བྱ་བ་ལ། དངོས་པོ་ནི་དེ་བཞིན་ཉིད་དོ། །དེ་ཡོངས་སུ་ཤེས་པ་ནི་ལམ་མོ། །དེ་ལ་མཁས་པ་ནི་སྦྱོར་བ་དང་རྗེས་སུ་ཐོབ་པའི་ཡེ་ཤེས་སོ། །དེའི་འབྲས་བུ་ནི་མྱ་ངན་ལས་

འདས་པ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་དགེ་བ་རྣམས་ཡིན་ནོ། །ཡང་ན་དངོས་པོ་དེ་ནི་བདེན་པ་རྣམས་སོ། །ཡོངས་སུ་ཤེས་པ་ལ་མཁས་པ་ཉིད་ལམ་ཡིན་ནོ། །དེའི་འབྲས་བུ་ནི་མྱ་ངན་ལས་འདས་པ་སྟེ། དེ་ནི་བདེན་པ་བཞི་མངོན་པར་རྟོགས་པའི་དབང་དུ་བྱས་པ་ཡིན་ནོ། །

སྔ་མ་དེ་བཞིན་ཉིད་རྟོགས་པའིའོ། །དགེ་བའི་ཆོས་ལ་བགེགས་བྱེད་པར་གྱུར་པ་ཞེས་བྱ་བ་ལ། འདིའི་མཚན་ཉིད་ནི་དགེ་བའི་མཚན་ཉིད་རྣམ་པ་གཉིས་པོ་ཇི་སྐད་སྨོས་པ་དག་ལས་བཟློག་པའི་དོན་ཡིན་ནོ། །ཁ་ཅིག་ན་རེ་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་དང་ཞེས་བྱ་བ་ལ་

སོགས་པ་གང་བསྟན་པ་དག་གིས་ཆོས་ཀྱི་སྒྲིབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མཚན་ཉིད་ལྷག་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་འདིར་དགེ་བ་ཞེས་བྱ་བ་ནི་དགེ་བ་ཟག་པ་དང་བཅས་པ་ལ་བྱའོ། །དེ་ལ་བགེགས་བྱེད་པར་གྱུར་པ་ནི་འདོད་ཆགས་ལ་སོགས་པ་དག་གོ། གང་

དག་དེ་ལ་བགེགས་བྱེད་པར་གྱུར་པ་དེ་དག་ལ་ནི་ལམ་གྱི་བགེགས་ཆེན་པོ་ཡིན་ནོ། །མ་རིག་པ་རྣམ་པ་གཉིས་ཏེ། མི་དགེ་བ་ལ་འཇུག་པའི་ལས་ཅན་དང་། ཡང་དག་པའི་ཤེས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །དེ་ལ་དང་པོ་ནི་བགེགས་བྱེད་པར་གྱུར་པ་དག་གི་ནང་དུ་འདུས་སོ། །

ཅིག་ཤོས་ནི་སྒྲིབ་པར་གྱུར་པ་ཡིན་ནོ། །དེ་ནི་དངོས་པོ་ཡོངས་སུ་ཤེས་པའི་བར་དུ་གཅོད་པ་ཡིན་ཏེ། དེའི་ཕྱིར་དགེ་བའི་ཚིག་དག་ལས་བཟློག་པ་ནི་མི་དགེ་བའི་ཚིག་རྣམས་ཡིན་པར་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལྟ་བས་ན་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་ནི་དགེ་བའི་ཆོས་

เล่ม ๑๓๒ · หน้า 113b

ལ་བགེགས་བྱེད་པར་གྱུར་པ་ཡིན་ལ། དངོས་པོ་ཡང་དག་པར་ཡོངས་སུ་མི་ཤེས་པའི་ཕྱིར་ནི་བསྒྲིབས་པར་གྱུར་པ་ཡིན་ནོ་ཞེས་གོ་རིམས་བཞིན་དུ་བསྟན་ཏོ་ཞེས་ཟེར་རོ། །གཞན་ནི་ལུང་དུ་མ་བསྟན་པའོ་ཞེས་བྱ་བ་ནི་ཐ་མལ་པའི་འཇུག་ཅིང་མངོན་པར་འདུ་བྱེད་པ་མེད་པའི་སྤྱོད་ལམ་

བྱེད་པས་འབྲེལ་པའི་སེམས་གང་ཡིན་པ་སྟེ། གཞན་དག་ལ་ཡང་དེ་བཞིན་ནོ། །ཕྱག་འཚལ་བ་ལ་སོགས་པ་བྱེད་པའི་སྤྱོད་ལམ་ལས་བྱུང་བ་དང་། གུས་པས་དེ་བཞིན་གཤེགས་པའི་སྐུ་གཟུགས་འདྲི་བ་བཟོའི་གནས་ལས་བྱུང་བའི་དགེ་བ་ཡང་ཡོད་དོ། །དེ་ནི་འདིར་མ་སྨོས་ཏེ།

ཐམས་ཅད་དུ་ལུང་དུ་མ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་དེ་འབའ་ཞིག་བརྗོད་པར་འདོད་པའི་ཕྱིར་རོ། །བརྗོད་པར་འདོད་པ་དེ་ཡང་རང་གི་ཕྱོགས་དག་གཞན་དུ་རྣམ་པར་གཞག་པའི་ཕྱིར་རོ། །སྤྲུལ་པ་བྱེད་པ་ལས་བྱུང་བའི་དགེ་བ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སངས་རྒྱས་ལ་

སོགས་པའི་སྐུ་སྤྲུལ་པར་བྱེད་པའོ། །སེམས་ཅན་རྣམས་ལ་ཐོ་འཚམས་པ་ནི་ཕྱིར་སྲིན་པོ་ལ་སོགས་པ་འཇིགས་སུ་རུང་བའི་གཟུགས་སྤྲུལ་པར་བྱེད་པ་ཉོན་མོངས་པ་ཅན་དེ་ཡང་ཡོད་ན་ཇི་ལྟར་ཞིག་ཡོད་དེ། དེ་ནི་ལས་བྱུང་བ་ཡིན་ནོ། །འདིར་ནི་ཏིང་ངེ་འཛིན་གྱི་འབྲས་བུ་

ཡིན་པར་འདོད་དོ། །གང་གི་ཚེ་རྣམ་པར་སྨིན་པ་ལས་བྱུང་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཀྱང་སྨྲས་ན། ཅིའི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བ་ཡང་རྣམ་པ་གསུམ་ཡོད་དོ་ཞེས་མི་བརྗོད་ཅེ་ན། དངོས་པོ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་ནི་རྣམ་པར་སྨིན་

པའི་རྣམ་པར་ཤེས་པ་སྟེ། འདིར་ནི་རྣམ་པར་སྨིན་པ་ཁོ་ན་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་པར་འདོད་དེ། རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་གཞན་མེད་པས་དེའི་ཕྱིར་ཉེས་པ་མེད་དོ། །ཡང་ནི་དངོས་པོ་མ་ཡིན་པའི་ཚུལ་

གྱིས་རྣམ་པར་སྨིན་པ་ལས་བྱུང་བ་རྣམ་པ་གསུམ་ཡོད་དོ་ཞེས་བརྗོད་པ་ན་ཡང་སུ་ཞིག་འགོག་པར་བྱེད། ཤེས་རབ་ཀྱི་མིག་གོ་ཞེས་བྱ་བ་ནི་མིག་གི་རབ་ཏུ་དབྱེ་བ་སྤྱིར་བསྟན་པའི་ཕྱིར་རོ། །དེ་ལ་བརྟེན་པ་ནི་གཟུགས་ན་སྤྱོད་པའོ་ཞེས་བྱ་བ་ནི་ཡུན་རིང་དུ་གནས་པའི་ཆོས་ཡིན་པའི་ཕྱིར།

เล่ม ๑๓๒ · หน้า 114a

སྡུག་པ་ཞེས་བྱ་བ་ནི་རྟེན་དུ་འགྱུར་བ་ལ་བྱའོ། །གནས་ཀྱི་མིག་ཅེས་བྱ་བ་ནི་མིག་གི་འབྲས་བུ་སྟེ། འཇིག་རྟེན་གྱི་བརྡ་ལས་ཀྱང་། ཁྱོད་ཀྱི་མིག་ནི་ཨུཏྤལ་སྔོན་པོའི་འདབ་མ་འདྲ། །ཞེས་བྱ་བ་ལ་སོགས་པ་བརྗོད་པའི་ཕྱིར་རོ། །སྤྲུལ་པའི་མིག་ཅེས་བྱ་བ་ནི་མིག་གི་རྟེན་ཕྱི་རོལ་

གྱི་གཟུགས་སོ། །ཐོབ་པ་ཞེས་བྱ་བ་ནི་འདས་པ་དང་ད་ལྟར་གྱི་རང་གི་མཚན་ཉིད་དོ། །མ་ཐོབ་པ་ཞེས་བྱ་བ་ནི་མ་འོངས་པའི་རང་གི་མཚན་ཉིད་དོ། །ཡང་ན་ཐོབ་པ་དང་ཐོབ་པ་མེད་པ་ལས་སོ། །སྔོན་མ་ཐོབ་པ་ཞེས་བྱ་བ་ནི་སྔོན་མ་བྱུང་བ་གང་ཡིན་པའོ། །དེ་ལས་བཟློག་པ་ནི་སྔོན་ཐོབ་པའོ། །

རྣམ་པ་བཅུ་ནི་མེད་དོ་ཞེས་བྱ་བ་ནི་མདོ་སྡེ་དག་ལས་མ་གསུངས་པའི་ཕྱིར་རོ། །རྣམ་པ་བཅུ་གཅིག་སྟེ་ཞེས་བྱ་བ་ཡང་མདོ་སྡེ་གང་ནས་གསུངས་ཏེ། དེ་བསྡུ་བ་བྱས་པ་དེ་བཞིན་དུ་རྣམ་པ་བཅུ་ཡང་བྱར་རུང་བར་འགྱུར་རོ་ཞེས་ཁ་ཅིག་ཟེར་ན། དེ་ནི་རིགས་པ་མ་ཡིན་ཏེ། བསྟན་བཅོས་མཛད་པ་དེ་ཉིད་

ནི་བཅོམ་ལྡན་འདས་ཀྱི་གསུང་རབ་མཐའ་དག་རིག་པ་ཡིན་པས་འདིར་ནི་དེ་ཚད་མ་ཡིན་ནོ། །མིག་རྣམ་པ་བཅུ་གཅིག་སྟེ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་མདོ་ལས། མིག་གང་ཅི་ཡང་རུང་འདས་པ་དང་མ་འོངས་པ་ཞེས་བྱ་བ་ལ་སོགས་པ་ནས། དེ་ཐམས་ཅད་ལ་བདག་ཀྱང་མེད་ལ་བདག་གི་

ཡང་མེད་དོ་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་གཞན་དག་གི་རབ་ཏུ་དབྱེ་བ་ཡང་མཐོང་བ་ཡིན་གྱི་བདག་ཉིད་ཐོས་པ་ཉུང་བ་ཡིན་པས་སྐྱོན་འདོགས་པ་ཐོང་ཤིག །གསལ་བ་ཞེས་བྱ་བ་གཟུགས་ན་སྤྱོད་པ་རྣམས་ཀྱིའོ། །རོ་ཡོད་ཅེས་བྱ་བ་ནི་

རྫུས་ཏེ་སྐྱེ་བ་མ་ཡིན་པ་རྣམས་ཀྱི་སྟེ། ཤི་ནས་རོ་སྣང་བའི་ཕྱིར་རོ། །རོ་མེད་པ་ཞེས་བྱ་བ་ནི་རྫུས་ཏེ་སྐྱེས་པ་རྣམས་ཀྱིའོ། །དབང་པོ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་མིག་ལ་སོགས་པ་དང་ལྷག་མ་ཡོད་པའི་ཕྱིར་རོ། །རྣམ་པ་གསུམ་སྟེ། སེམས་དང་ཡིད་དང་རྣམ་པར་

ཤེས་པ་ནི་སེམས་ལ་སོགས་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་དུ་འདུས་པའི་ཕྱིར་དེ་དག་ནི་ཡིད་ཁོ་ན་ཞེས་བྱའོ། །རང་གི་རྟེན་དང་བཅས་པར་སྣང་བ་ཞེས་བྱ་བ་ནི་ནོར་བུ་ལས་བྱུང་བའི་འོད་གང་ཡིན་པའོ། །བདེ་བར་སྣང་བ་ཞེས་བྱ་བ་ནི་མིག་དགའ་བར་བྱེད་པ་གང་ཡིན་པའོ། །གསལ་བར་གནས་པའོ་

เล่ม ๑๓๒ · หน้า 114b

ཞེས་བྱ་བ་ནི་འོད་ལ་མ་ལྟོས་པར་དབྱིབས་ཀྱིས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །གནས་སུ་བསྡུ་བ་ཞེས་བྱ་བ་ནི་ཁང་ཁྱིམ་དང་ཡང་ཏོག་ལ་སོགས་པའོ། །རྣམ་པ་བདུན་ཏེ། ཡོངས་སུ་བཟུང་བ་རྣམ་པ་བདུན་པོ་དག་གི་བྱེ་བྲག་གིས་སོ་ཞེས་བྱ་བ་ནི་བདག་དང་ཕ་མ་ལ་སོགས་པ་གོང་དུ་སྨོས་པ་དག་གིའོ། །

རྣམ་པ་བཅུ་སྟེ། ཡོ་བྱད་བཅུ་པོ་རྣམས་སོ་ཞེས་བྱ་བ་ནི་ཟས་ལ་སོགས་པ་གོང་དུ་སྨོས་པ་དག་གོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་སྟེ། དེ་ནི་མི་དགེ་བར་ངེས་པའི་ཕྱིར་རོ། །སིལ་སྙན་གྱི་རྣམ་པ་ལྔ་བསྡུས་པ་སྟེ་ཞེས་བྱ་བ་ནི་ཀུན་དུ་བསྒྲེངས་དང་། རྣམ་པར་བརྒྱུད་པ་

དང་། ཀུན་དུ་བསྒྲེངས་ཤིང་རྣམ་པར་བརྒྱུས་པ་དང་། སྟུག་པོ་དང་། སྦུབས་ཅན་ནོ། །སིལ་སྙན་གྱི་སྒྲ་དེ་ཡང་གང་དག་གིས་ལྷན་ཅིག་ཏུ་ཉེ་བར་སྦྱོར་བ་དང་ངོ་བོ་ཉིད་གང་ཡིན་པ་དེ་སྟོན་ཏོ། །འདི་ལྟ་སྟེ་འཇམ་པ་ལ་སོགས་པ་རྣམས་ལའོ་ཞེས་བྱ་བ་ལ། མཆོད་པ་དང་ལྟུང་བའི་འདུས་ཏེ་རེག་པ་ལྕི་བ་ཉིད་

དང་ཡང་བ་ཉིད་ལའོ། །བྱུག་ནོམ་གྱི་འདུས་ཏེ་རེག་པ་ནི་འཇམ་པ་ཉིད་དང་རྩུབ་པ་ཉིད་ལའོ། །ལུས་འགྱུར་བའི་འདུས་ཏེ་རེག་པ་ནི་གྲང་བ་ནས་བཟུང་སྟེ། མདངས་བཟང་བ་ཞེས་བྱ་བའི་བར་དག་ལའོ། །འཐོབ་པ་ཞེས་བྱ་བ་ནི་ས་བོན་མ་ཉམས་པ་དང་ཡོངས་སུ་བརྟས་པའོ། །སྲོག་གི་དབང་པོ་

ཞེས་བྱ་བ་ནི་ལས་ངེས་པར་རྣམ་པར་སྨིན་པ་གནས་པའི་དུས་ཀྱི་འཕེན་པའོ། །རིགས་མཐུན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་དང་རང་བཞིན་དང་སྐྱེ་གནས་ལ་སོགས་པ་འདྲ་བའོ། །སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་གྱི་ས་བོན་ཡང་དག་པར་མ་བཅོམ་པའོ། །མིང་གི་

ཚོགས་རྣམས་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་བཏགས་པ་ལས་བརྩམས་ནས་ཇི་ལྟར་བརྡར་བྱས་པའི་སྒྲ་རྣམས་ཏེ། གཟུགས་དང་བུམ་པ་ལྟ་བུ་དག་གོ། །ཚིག་གི་ཚོགས་རྣམས་ཞེས་བྱ་བ་ནི་དེ་ཉིད་ཀྱི་ངོ་བོ་ཉིད་ལས་བཏགས་པའི་ཡོན་ཏན་དང་སྐྱོན་ལ་སོགས་པ་རྣམ་པར་འཇོག་པར་བྱད་པའི་སྒྲ་རྣམས་སོ། །

ཡི་གེའི་ཚོགས་རྣམས་ཞེས་བྱ་བ་ནི་དེ་དག་ལ་བརྟེན་ནས་བརྗོད་པ་རྣམས་སོ། །འཇུག་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་རྒྱུན་ནོ། །སོ་སོར་ངེས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་མ་ཚོལ་བའོ། །འབྱོར་པ་འབྲེལ་བ་ཞེས་བྱ་བ་ནི་ཐབས་སོ། །མགྱོགས་པ་ཞེས་བྱ་བ་ནི་མྱུར་བའི་

เล่ม ๑๓๒ · หน้า 115a

རྣམ་པའོ། །གོ་རིམས་ཞེས་བྱ་བ་ནི་ཆོས་རྣམས་རིམ་གྱིས་འཇུག་པའོ། །དུས་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་དབང་དུ་བྱས་ནས་མཚམས་ཡོངས་སུ་གཅོད་པའོ། །ཡུལ་ཞེས་བྱ་བ་ནི་ཕྱོགས་ཀྱི་མཚམས་ཡོངས་སུ་གཅོད་པར་བྱེད་པའི་གཟུགས་གནས་པའོ། །གྲངས་

ཞེས་བྱ་བ་ནི་ཆོས་བགྲང་བ་རྣམས་ཀྱི་ཇི་སྙེད་ཡོད་པའོ། །ཚོགས་པ་ཞེས་བྱ་བ་ནི་རྐྱེན་མཐའ་དག་ཕྲད་པའོ། །ཚོགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །ལྷག་མ་རྣམས་ནི་ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་དག་ལས་འབྱུང་བ་དང་མཚན་ཉིད་འདྲའོ། །བྱེ་བྲག་ནི་བརྗོད་པར་

བྱ་སྟེ། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་འདིར་བསྐྱེད་པར་བྱ་བ་ཉིད་དེ། འདི་དང་གཟུགས་ཀྱི་ཁམས་སུ་མངོན་སུམ་དུ་བྱ་བ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཞག་ན་ནི་གཟུགས་མེད་པ་རྣམས་ན་ཡང་ཡོད་དོ། །གལ་ཏེ་ལྡན་པ་མ་ཡིན་པ་དེ་དག་གི་རང་གི་མཚན་ཉིད་

ཅི་ཡང་མེད་པ་ཡིན་ན་ཅིའི་ཕྱིར་དེ་དག་རྣམ་པར་གཞག་ཅེ་ན། མདོ་སྡེ་དག་ལས་དེ་དག་ཀུན་ཏུ་ཐ་སྙད་བཏགས་པའི་ཕྱིར་རོ། །མདོ་སྡེ་ལས་གང་ཟག་འདི་ནི་དགེ་བའི་ཆོས་རྣམས་དང་མི་དགེ་བའི་ཆོས་རྣམས་དང་ལྡན་པ་ཡིན་ནོ་ཞེས་གསུངས་པ་ཡོད་པ་དེ་ནི་ས་བོན་ལས་དགོངས་ཏེ་གསུངས་པ་ཡིན་

ནོ། །དེ་ལྟར་ཅི་མངོན་ཞེ་ན་དེའི་ཕྱིར་མདོ་སྡེ་ལས་དགེ་བའི་སེམས་དང་ལྡན་པ་ལ་ས་བོན་མེད་ན་ཇི་ལྟར་མི་དགེ་བ་རྣམས་དང་ལྡན་པར་འགྱུར་བ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ཀྱང་དེ་བཞིན་ཏེ། དེ་དག་ནི་འོག་ནས་རྒྱ་ཆེར་དགོད་པར་བྱའོ། །གལ་ཏེ་མདོ་སྡེ་དག་ལས་ཀུན་ཏུ་ཐ་སྙད་བཏགས་པ་དེ་

དག་རྣམ་པར་གཞག་ན་འདུ་བ་ལ་སོགས་པ་དེ་དག་ཀྱང་ཅིའི་ཕྱིར་མ་གསུངས་ཏེ། འདི་ལྟར་མདོ་སྡེ་ལས་གཞན་དུ་བའི་འདུ་བ་ལ་དང་འབྲལ་བ་ཡང་ནི་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེ་ན། གསུངས་སུ་ཟིན་ཀྱང་འགལ་བ་ཅི་ཡང་མེད་དོ། །འོ་ན་ཅིའི་ཕྱིར་དེ་ཙམ་ཞིག་གསུངས་ཤིང་

ཅིའི་ཕྱིར་བཏགས་པ་ཡོད་པ་ཡིན་པར་འདོད་ཅེ་ན། དེ་གཉིས་ནི་ཡིད་ཀྱིས་རྣམ་པར་གཏན་ལ་དབབ་པ་ནས་བརྗོད་པར་བྱའོ། །མི་གཡོ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་བདེ་བ་དང་སྡུག་བསྔལ་འགག་པའོ། །འདུ་ཤེས་དང་ཚོར་བ་འགོག་པའོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་རྣམ་པར་

เล่ม ๑๓๒ · หน้า 115b

ཤེས་པ་འགོག་པའོ། །དེ་དག་ནི་བརྒྱད་ལས་ཀྱང་དྲུག་ཏུ་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་ཉིད་གསུམ་པོ་དག་མ་ཕྱེ་ནའོ། །གཟུགས་ཅན་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དགག་པའི་ཆོས་སུ་བསྡུས་པ་ཞེས་བྱ་བ་ནི་གཟུགས་ཉིད་ཙམ་དགག་པའི་ཕྱིར་གཟུགས་ཅན་མ་ཡིན་པ་ཞེས་བྱ་བར་ཟད་ཀྱི། འདི་ལྟར་

ལྡན་པ་མ་ཡིན་པ་ནི་གཟུགས་ལ་སོགས་པའི་བྱེ་བྲག་དག་ལ་མཚན་ཉིད་གཉི་གར་ཡང་མི་དགག་གོ། །རྣམ་པ་དགུ་སྟེ། འདས་པ་དང་མ་འོངས་པ་ལ་སོགས་པའི་བྱེ་བྲག་གིས་སོ་ཞེས་བྱ་བ་ནི་ནང་དང་ཕྱི་གཉི་ག་མ་གཏོགས་པ་རྣམ་པར་རིག་བྱེད་མ་ཡིན་པའི་ཆོས་དང་དེ་བཞིན་ཉིད་དོ། །རྣམ་པ་

བཅུ་ནི་རྣམ་པ་བཅུའི་ཕྱིར་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་ཁམས་རྣམ་པ་བཅུ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་གཅིག་ཏུ་བྱས་པ་དང་། ལྡན་པ་མ་ཡིན་པའི་ཚིག་རྣམས་གཅིག་ཏུ་བྱས་པ་དང་། ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་

བརྟགས་པ་མ་ཡིན་པའི་འགོག་པ་དང་། དེ་བཞིན་ཉིད་གསུམ་དང་། མི་གཡོ་བ་དང་། འདུ་ཤེས་དང་། ཚོར་བ་འགོག་པ་རྣམས་ཏེ་གོ་རིམས་བཞིན་དུ་སྦྱར་རོ། །མི་རྟག་པ་དང་མ་བྲལ་བའི་དོན་ཞེས་བྱ་བ་ནི་ཆོས་གང་རྐྱེན་མ་ཚང་བས་མ་བྱུང་བ་དེ་དང་འདྲ་བའི་ཚོགས་པ་ལ་བརྟེན་ནས་འབྱུང་བ་སྟེ། དེའི་

ཕྱིར་མི་རྟག་པ་དང་མ་བྲལ་བའི་ངོ་བོ་ཉིད་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡིན་ནོ། །ཚོར་བ་དང་བྲལ་བ་མ་ཡིན་པའི་དོན་ཞེས་བྱ་བ་ནི་བཏང་སྙོམས་ཡོད་པའི་ཕྱིར་རོ། །འདི་ལ་གྲག་པ་རྣམས་དམིགས་ཤིང་འདི་ལ་གྲག་པ་རྣམས་དམིགས་པས་ན་རྣ་བའོ་ཞེས་བྱ་བ་ལ། གྲག་པ་

རྣམས་ཞེས་བྱ་བ་ནི་སྐྱེ་བོ་བརྗོད་པའོ། །ལུས་འདི་ནི་དབང་པོ་ཟད་པར་གྱི་རྗེས་སུ་སོང་བས་ན་ལུས་སོ་ཞེས་བྱ་བ་ལ། ལུས་ཞེས་བྱ་བ་ནི་བསགས་པའོ། །ཡུན་རིང་པོ་ནས་འདི་བྱིས་པ་རྣམས་ཀྱིས་བཅོས་ཤིང་བསྲུངས་ལ་བདག་གིར་གཟུང་སྟེ་ཞེས་བྱ་བའི་ཚིག་རྣམས་ནི་བྱི་དོར་བྱ་བའི་ཕྱིར་བ་

དང་། གནོད་པ་ལས་ཡོངས་སུ་བསྲུང་བའི་ཕྱིར་བ་དང་། འཇིག་ཚོགས་ལ་ལྟ་བའི་གནས་ཡིན་པའི་ཕྱིར་རོ། །ཡུལ་དེ་དང་དེར་བརྟག་པར་བྱ་བར་རུང་བ་དང་ཞེས་བྱ་བ་ནི་ཡུལ་ལ་སོགས་པར་བརྟག་ཏུ་རུང་བའི་ཕྱིར་རོ། །སྐྱེ་བ་ལ་ཞེས་བྱ་བ་ནི་ཡུལ་མནན་ནས་འབྱུང་བའོ། །འདི་ལ་སྨྲ་བ་སྣ་

เล่ม ๑๓๒ · หน้า 116a

ཚོགས་གནས་པས་དེའི་ཕྱིར་སྨྲ་བ་ཞེས་བྱ་བ་ལ། གནས་པ་ཞེས་བྱ་བ་ནི་སོ་སོར་གནས་པའོ། །ཕུང་པོ་ལ་མཁས་པ་ཡང་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཕུང་པོར་བསྡུས་པའི་ཆོས་རྣམས་ཀྱི་བྱེ་བྲག་ལ་དམིགས་པའི་ཤེས་རབ་ངེས་པ་ནི་ངོ་བོ་ཉིད་ཀྱིས་ཕུང་པོ་ལ་

མཁས་པ་ཡིན་ནོ། །མཁས་པ་དེ་རྣམས་ཀྱང་ལོག་པར་འཛིན་པ་དྲུག་པོ་རིལ་པོར་འཛིན་པ་དང་། འབྱིན་པ་པོར་འཛིན་པ་དང་། ཆོས་བཅུ་གཉིས་ཀྱི་རྣམ་པ་ལས་ལྷག་པར་འཛིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་པོ་རྣམས་སོ་ཞེས་གསུངས་པ་དང་།

གང་ཟག་འཇིག་རྟེན་གཉིས་སུ་འཕོ་བར་འཛིན་པ་དང་། ཆོས་རྣམ་པར་གནས་པ་མེད་པར་འཛིན་པ་དང་། ཡུལ་གྱི་ལོངས་སྤྱོད་ལ་དབང་བྱེད་པ་བདག་ཡིན་པར་འཛིན་པ་རྣམས་རྣམ་པར་གཞིག་པའི་ཕྱིར་རྣམ་པར་གཞག་གོ། །ཡང་གཅིག་ཏུ་ན་ལྟ་བ་དྲུག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཏེ། འཇིག་ཚོགས་

ལ་ལྟ་བ་དང་། གཙོ་བོར་ལྟ་བ་དང་། ལོངས་སྤྱོད་གཉིས་ཀྱི་རྒྱུ་བ་དག་ཡིན་པར་ལྟ་བ་དང་། ཡོངས་སུ་འགྱུར་བར་བྱེད་པ་པོ་ཡིན་པར་ལྟ་བ་དང་བདག་རང་དབང་ཡིན་པར་ལྟ་བ་དང་། ཆོས་བདག་པོ་མེད་པར་འཇུག་པར་ལྟ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །སངས་རྒྱས་བཀའ་དངོས་པོ་དགུ་ཡང་བསྡུས་པར་

རིག་པར་བྱ་སྟེ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་བཀའ་དངོས་པོ་དགུ་ནི་ཕུང་པོའི་རྒྱུད་དུ་གཏོགས་པ་ལས་ཕུང་པོ་གཅིག་གོ། །སྐྱེ་མཆེད་དྲུག་ལས་ཀྱང་གཅིག་གོ། །བཞི་དང་ལྡན་པ་ལས་ནི་དངོས་པོ་བཞིའོ། །ཉན་ཐོས་ཀྱི་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་ཀྱང་གཅིག་གོ། །ལམ་གྱི་སྡེ་

ཆེན་ལས་ནི་དངོས་པོ་གཉིས་ཏེ། དེ་དག་ཀྱང་གོ་རིམས་བཞིན་དུ་སྦྱར་རོ། །འཁོར་གྱི་ལོངས་སྤྱོད་ནི་འཁོར་བརྒྱད་དེ་ཞེས་བྱ་བ་ལ་འཁོར་བརྒྱད་པོ་དག་ནི་གཙོ་བོ་རྣམ་པ་ལྔའི་ཕྱིར་རྣམ་པར་གཞག་སྟེ། རིགས་པ་དང་། ནོར་དང་། དཀའ་ཐུབ་དང་། ལོངས་སྤྱོད་དང་། དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་

རོ། །དེ་ལ་རིགས་ནི་རེས་འགའ་ནི་འཇིག་རྟེན་ན་རྒྱལ་རིགས་བཙུན་པར་བྱེད། རེས་འགའ་ནི་བྲམ་ཟེ་བཙུན་པར་བྱེད་པའི་ཕྱིར་རྣམ་པ་གཉིས་སོ། །ནོར་ནི་ཁྱིམ་བདག་གོ། །དཀའ་ཐུབ་ནི་དགེ་སྦྱོང་ངོ་། །ལོངས་སྤྱོད་ནི་སའི་སྟེང་དང་། རྩེ་མོ་དང་། གཞལ་མེད་ཁང་དག་ན་གནས་པ་རྣམས་ཀྱི་མཆོག་ཡིན་པའི་

เล่ม ๑๓๒ · หน้า 116b

ཕྱིར་རྣམ་པ་གསུམ་མོ། །དེ་ལ་འདོད་ཆགས་དང་བྲལ་བ་ནི་ཚངས་པའོ། །འདུས་པ་དང་ནི་ཚོགས་རྣམས་དང་། །དུས་དང་མཚན་ཉིད་རྐྱེན་རྣམས་དང་། །དགེ་བ་ལ་སོགས་རབ་དབྱེ་དང་། །མཁས་པ་དངོས་པོ་ཐ་མ་ཡིན། །ཞེས་བྱ་བ་ནི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་ཏེ། གཞུང་ལས་དེ་ལ་རེ་ཞིག་

གཟུགས་འདུས་པ་ལ་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་དུས་གསུམ་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་དང་། སྐྱེ་བ་དང་རྒ་བ་དང་གནས་པ་དང་། མི་རྟག་པ་ཉིད་ཇི་ལྟར་རྣམ་པར་གཞག་ཅེ་ན་

ཞེས་བྱ་བ་ལ་སོགས་པ་དང་། རྐྱེན་ནི་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཞེས་གང་བསྟན་པ་ལ་དེ་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་གི་ཆོས་ལྔ་པོ་ངོ་བོ་ཉིད་དང་གནས་དང་དམིགས་པ་དང་

གྲོགས་དང་ལས་འདི་དག་གིས་ནི་ཕུང་པོ་ལ་མཁས་པ་ཡང་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཡིད་ཀྱི་ས་རྣམ་པར་བཤད་པ་རྫོགས་སོ།། །།རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ནི་

གང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ས་ནི་གང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་ནི་གང་ཞེ་ན་ཞེས་བྱ་བ་ལ། ཅིའི་ཕྱིར་གསུམ་པོ་དག་གཅིག་ཏུ་བྱས་ཤེ་ན། ཁམས་ལ་སོགས་པ་རྣམ་པར་གཞག་པ་ལ་ཁམས་གཅིག་ན་ཡང་འདྲེན་མར་ཡོད་པའི་ཕྱིར་རོ། །ཚུལ་བཞིན་ཡིད་

ལ་བྱེད་པ་རྣམ་པར་གཞག་པ་ལ་སོགས་པ་དག་ལ་ཡང་དོན་གྱི་ཁྱད་པར་གྱི་གཞི་མཐུན་པའི་ཕྱིར་ཏེ། བྱེ་བྲག་དབྱེ་བར་མི་ནུས་པའི་ཕྱིར་རོ། །ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ་ཞེས་བྱ་བ་ལ། འདོད་པ་ནི་འཁྲིག་པའི་འདོད་

ཆགས་སོ། །དེ་དང་ལྡན་པའི་ཁམས་ནི་འདོད་པའི་ཁམས་ཡིན་ཏེ། ན་ལེ་ཤམ་གྱི་བཏུང་བ་བཞིན་ནོ། །གཟུགས་ཀྱི་ཁམས་ཀྱང་དེ་འདྲའོ། །རྟག་ཏུ་མེད་པར་གཟུགས་མེད་པའོ། །དེ་དང་ལྡན་པའི་ཕྱིར་ཏེ་སྔ་མ་བཞིན་ནོ། །ཡང་ན་འདོད་པ་ནི་ཞིང་ལ་སོགས་པ་སྟེ། ཇི་སྐད་དུ་དོན་གྱི་སྡེ་ཚན་དང་མཐུན་

เล่ม ๑๓๒ · หน้า 117a

བ་དག་ལས། །ཞིང་དངོས་དབྱིག་དང་བ་ལང་དང་། །རྟ་དང་ནོར་བུ་གདུབ་ཀོར་དང་། །བུད་མེད་བྲན་གྱི་མདངས་ངན་ལ། །སྟོབས་མེད་པའམ་སྟོབས་ལྡན་པའི། །མི་གང་མངོན་པར་ཆགས་བྱེད་པ། །དེ་ནི་ཡོངས་སུ་ཟག་པས་ནོན། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ། གལ་

ཏེ་ཟས་དང་སྐོམ་དང་དེ་བཞིན་རོ་དག་གི །འདོད་པ་དེ་ལ་ཁྱོད་ཡིད་དགའ་བར་མི་བྱེད་པ། །ཞེས་ཀྱང་གསུངས་སོ། །གཟུགས་དང་ལྡན་པ་དང་། སྙོམས་པར་འཇུག་པ་དང་ལྡན་པའི་ཁམས་ཡིན་པ་ལས་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །དེ་ན་གཟུགས་མེད་པས་གཟུགས་མེད་པ་རྣམས་ཏེ། ལྷག་མ་ནི་སྔ་

མ་བཞིན་ནོ། །ཐབས་དང་བཅས་པས་འཇིག་ཚོགས་འགོག་པ་ཟག་པ་མེད་པའི་ཁམས་སྤྲོས་པ་མེད་པ་ཞེས་བྱ་བ་ནི་ལམ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་བྱའོ། །འབའ་ཞིག་གིས་དེ་བསྒོམས་ན་ཚངས་པ་ཆེན་པོ་ཉིད་འཐོབ་བོ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་ལ་སྒོམ་པ་ནི་མང་མོད་ཀྱི་དེ་བདག་པོར་

འགྱུར་བའི་ཕྱིར་འཁོར་ལོས་སྒྱུར་བ་བཞིན་དུ་དེར་གཉིས་མི་འབྱུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་སྐྱེ་བ་ནི་མང་མོད་ཀྱི་དེ་དག་གི་ནང་གི་འགའ་ཞིག་གིས་ཕུལ་དུ་བསྒོམ་པའི་ཕྱིར་ཁྲུན་ལ་སོགས་པའི་ཁྱད་པར་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །མན་ངག་ཡིད་ལ་བྱེད་པའི་ཁྱད་པར་གྱིས་ཞེས་བྱ་བ་ནི་རྣལ་འབྱོར་པ་

རྣམས་ཀྱི་མན་ངག་གི་སྟོབས་ལས་རྟོག་པ་ལ་སོགས་པ་གསུམ་འབྱིན་པ་ལ་འཇུག་ཅིང་དོན་ཙམ་ལ་དམིགས་པ་སྦྱོར་བ་ལས་བྱུང་བའི་ཚིག་ཉིད་ཡིད་ལ་བྱེད་པའི་ཁྱད་པར་ཡིན་ནོ། །ཡང་དོན་གཞན་ན་མན་ངག་གི་ཁྱད་པར་དང་། ཡིད་ལ་བྱེད་པའི་ཁྱད་པར་ལས་ཏེ། མན་ངག་གི་ཁྱད་པར་ནི་ཉེས་པར་གནས་

པ་ལས་བྱུང་བའི་རྣམ་པར་ཤེས་པ་རྣམས་དང་མཚུངས་པར་ལྡན་པ་སྟེ། དེ་ལ་དེ་དག་མེད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཞན་དག་ལ་ནི་ཡིད་ཀྱི་རྣམ་པར་ཤེས་པས་འཕགས་པའི་ཕྱིར་དེ་དག་ལ་ཡོད་དོ། །འདི་ལྟར་འོག་ནས་ཀྱང་གལ་ཏེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་

མིག་ལ་སོགས་པའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱེད་པ་ན་ས་དེ་ཇི་ལྟར་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཡིན་པར་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །འདི་ལྟ་སྟེ། །དེར་སྐྱེས་པ་རྣམས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་

เล่ม ๑๓๒ · หน้า 117b

སོགས་པའི་རྣམ་པར་ཤེས་པ་ཡོད་ནའོ། །ཁ་ཅིག་གིས་སྨྲས་པ། དེ་ནི་ས་འོག་མ་པ་ཡིན་པར་ཡང་མི་རིགས་ཏེ། དེ་དགེ་བ་ཡིན་པའི་ཕྱིར་རོ། །རང་གི་ས་པའི་ཡང་མ་ཡིན་ཏེ། རྟོག་པ་དང་དཔྱོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ་ཞེ་ན། ས་འོག་མ་པའི་དགེ་བ་མངོན་སུམ་དུ་བྱེད་དོ་ཞེས་བྱ་བ་

དེ་ལ་རིགས་པ་ཅི་ཡོད། གལ་ཏེ་དགོས་པ་མེད་པའི་ཕྱིར་རོ་ཞེ་ན། དགོས་པ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དཔེར་ན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བཞིན་ནོ། །རང་གི་ས་པའི་ཡང་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ལ་ཡང་ཁ་ཅིག་ན་རེ་དེ་སྙོམས་པར་འཇུག་པའི་འབྲས་

བུ་ཡིན་ནོ་ཞེས་སུས་སྨྲས་ཏེ། འོན་ཀྱང་དེ་ནི་སྦྱོར་བས་བསྐྱེད་པ་ཡིན་ཏེ། དཔེར་ན་འདོད་པའི་ཁམས་ཀྱིས་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཉིད་ཡིན་ཡང་རྟོག་པ་མེད་ཅིང་དཔྱོད་པ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་བཞིན་དུ་རང་གི་ས་པ་ཉིད་ཡིན་ཡང་ཉེས་པ་མེད་དོ། །སྤངས་པ་ཞེས་བྱ་བའི་

ཚིག་ནི་ཁ་ཅིག་སྤངས་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་ཚིག་བཞིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ས་འོག་མ་པའི་ཁོ་ན་ཡིན་ཏེ། སྤངས་པ་ཞེས་བྱ་བའི་ཚིག་ནི་འདུན་པའི་འདོད་ཆགས་སྤངས་པའི་ཕྱིར་ཏེ། ངོ་བོ་ཉིད་སྤངས་པ་ནི་མ་ཡིན་ནོ་ཟེར་རོ། །ལྷག་མ་རྣམས་ནི་

སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ས་ལ་སོགས་པ་དག་གོ། །སེམས་ཅན་དམྱལ་བ་ཆེན་པོའི་གནས་བརྒྱད་ལ་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་སྨད་པའི་མི་རྣམས་ཏེ། དེ་དག་གང་དུ་གནས་པར་བྱ་བ་དེ་ཡང་དེའི་སྒྲར་བརྗོད་དོ། །དཔེར་ན་ཟླ་བ་

བཞིན་ནོ། །ཡང་ན་དེར་སྐྱེས་པ་རྣམས་ལ་དེ་དག་གི་བསོད་ནམས་བདེ་བ་མི་སྦྱིན་མི་སྟེར་བས་ན་སེམས་ཅན་དམྱལ་བ་རྣམས་ཞེས་བྱ་སྟེ། དེ་ཉིད་གནས་པ་ཡིན་པའི་ཕྱིར་སེམས་ཅན་དམྱལ་བའི་གནས་རྣམས་ཞེས་བྱའོ། །དུད་འགྲོ་ཞེས་བྱ་བ་ནི་དུད་དེ་འགྲོ་བའི་ཕྱིར་རོ། །ཡི་དགས་ཞེས་

བྱ་བ་ནི་བཀྲེས་པའི་སྡུག་བསྔལ་ཆེན་པོ་ཐོབ་པའི་ཕྱིར་རོ། །ཡང་ན་དེ་ན་སིམ་པས་ཚིམ་པར་བྱེད་པའི་དོན་མེད་པ་ལ་བྱའོ། །ལྷ་མ་ཡིན་ཞེས་བྱ་བ་ནི་སྨད་པའི་ལྷ་རྣམས་ཏེ། དཔེར་ན་ཆུང་མ་ངན་མ་ཞེས་བྱ་བ་དང་འདྲའོ། །འོག་ནས་དེ་དག་ནི་ལྷ་ཉིད་ཡིན་ན་ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་

เล่ม ๑๓๒ · หน้า 118a

པ་མ་ཡིན་པས་ལྷ་མ་ཡིན་ཞེས་བྱ་བའོ་ཞེས་འབྱུང་བའི་ཕྱིར་རོ། །ལྷ་རྣམས་ཞེས་བྱ་བ་ནི་ལོངས་སྤྱོད་རབ་མཆོག་དག་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་རྩེ་བར་བྱེད་པའི་ཕྱིར་རོ། །ཡང་ན་རྩེད་མོས་རྩེ་ལ་སོགས་པ་དག་ཀྱང་ཅི་རིགས་སུ་བརྗོད་པར་བྱའོ། །མི་རྣམས་ཞེས་བྱ་

བ་ནི་ཤེད་ལས་སྐྱེས་པའི་ཕྱིར་ཏེ། དེའི་དངོས་པོ་འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ན་དེ་དག་གིས་ཐོས་པ་དང་ལྡན་པ་རྣམས་ཀྱི་ཡིད་ལ་རྗོད་པར་བྱེད་པས་ན་མི་རྣམས་ཞེས་བྱའོ། །རྒྱལ་ཆེན་བཞིའི་རིས་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་དག་གི་རིས་ཡིན་ཏེ། དེ་ནི་དེ་དག་གི་ལྷ་ཡིན་པའི་ཕྱིར་རོ། །སུམ་

ཅུ་རྩ་གསུམ་ན་གནས་པ་རྣམས་ཏེ། དེ་དག་ཀྱང་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་ལས་གསུངས་པ་ཡིན་ནོ། །ཡང་ན་འཇིག་རྟེན་པའི་མིང་དང་རྗེས་སུ་མཐུན་པར་བྱ་བའི་དེ་དག་གི་སྡེ་ཚན་གྱི་གྲངས་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་ཏེ། འཇིག་རྟེན་པ་ན་རེ་ནོར་ལྷ་བརྒྱད་དང་། ཉི་

མ་བཅུ་གཉིས་དང་། དྲག་པོ་བཅུ་གཅིག་དང་། ཐ་སྐར་གྱི་བུ་གཉིས་ཀྱི་སྡེ་ཚན་ཡོད་པ་ལ་བྱའོ་ཞེས་ཟེར་རོ། །འཐབ་བྲལ་རྣམས་ཞེས་བྱ་བ་ནི་མདོ་སྡེ་ལས་དེ་དག་ལ་མེལ་ཚེའི་ཐུན་རེ་རེ་ཞིང་བྱའི་རྒྱལ་པོ་རྣམས་ཀྱིས་མི་རྟོག་པ་སྒྲོགས་པར་བྱེད་དོ་ཞེས་ཇི་སྐད་གསུངས་པའི་ཕྱིར་རོ། །དགའ་ལྡན་རྣམས་ཞེས་

བྱ་བ་ནི་དགའ་བའི་དགའ་བདེ་ཐོབ་པའི་ཕྱིར་རོ། །འཕྲུལ་དགའ་རྣམས་ཞེས་བྱ་བ་ནི་འདོད་པ་སྤྲུལ་ནས་དགའ་བ་སྟོན་པའི་ཕྱིར་རོ། །གཞན་འཕྲུལ་དབང་བྱེད་རྣམས་ཞེས་བྱ་བ་ནི་གཞན་དག་གིས་སྤྲུལ་པའི་ཡུལ་རྣམས་ལ་དབང་བྱེད་པའི་ཕྱིར་རོ། །གནས་བརྟན་མཽད་གལ་གྱི་བུས་ཇི་སྐད་ངས་སེམས་ཅན་

འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ་ཞེས་བྱ་བ་ནི་རྒྱལ་པོའི་ཁབ་ཀྱི་ནམ་མཁའ་ལ་མཐོང་བའི་ཕྱིར་རོ་ཞེས་ཁུངས་བསྟན་པའོ། །བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམས་པས་ཞེས་

བྱ་བ་ལ་སོགས་པ་ལ། གལ་ཏེ་ཚངས་པ་ཆེན་པོ་ཡང་བསམ་གཏན་དང་པོའི་འབྲས་བུ་ཡིན་ན་འོ་ན་བསམ་གཏན་ཁྱད་པར་ཅན་གྱི་འབྲས་བུ་གང་ཡིན་ཞེ་ན། དེའི་འབྲས་བུ་གནས་གཞན་ཡོན་ཏན་མཆོག་ཏུ་གྱུར་པ་ན་ཚངས་པ་ཆེན་པོ་རྣམས་སུ་གཏོགས་པ་ཁོ་ན་ཡིན་ཏེ། གྲོང་དང་ལས་དགོན་པའི་གནས་

เล่ม ๑๓๒ · หน้า 118b

བཞིན་དུ་མངོན་པར་གྲུབ་པ་ཡིན་པས་གང་དུ་དེ་བསྒོམས་ན་ཚངས་པ་ཆེན་པོ་ལ་སོགས་པར་སྐྱེ་བར་འགྱུར་བའོ། །འོ་ན་བསམ་གཏན་དང་པོ་ལས་ཁྱད་པར་དུ་འཕགས་པར་གྱུར་པས་དེའི་འབྲས་བུས་གཞན་ཁོ་ན་ཞིག་ཐོབ་པར་འགྱུར་རོ། །བསམ་གཏན་གཉིས་པའི་ས་ལྟ་བུར་ཇི་ལྟར་མི་འགྱུར་ཞེ་ན།

བསམ་གཏན་བཞིའི་རྣམ་པར་གཞག་པ་ལ་བསམ་གཏན་དང་པོར་འདུས་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །གང་ཚེ་དང་ལུས་དང་སྤངས་པ་ལ་སོགས་པ་འབྲས་བུའི་བྱེ་བྲག་ཡོད་པའི་ཕྱིར་བསམ་གཏན་ཁྱད་པར་ཅན་ནི་བསམ་གཏན་དང་པོ་ལས་གཞན་ཡིན་ནོ་ཞེས་ཟེར་བ་དེ་ལྟར་ན་ཚངས་པའི་མདུན་ན་

འདོན་རྣམས་ཀྱང་ཚངས་རིས་རྣམས་ལས་ཚེ་དང་ལུས་ལ་སོགས་པའི་བྱེ་བྲག་ཡོད་པའི་ཕྱིར་བསམ་གཏན་དང་པོའི་འབྲས་བུར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ཀྱི་རྣམ་པར་གཞག་པ་ནི་བསམ་གཏན་དང་པོར་སྐྱེས་པ་རྣམས་ནི་སྡིག་པའི་ཆོས་བསལ་བའི་ཕྱིར་ཚངས་པ་རྣམས་ཞེས་བྱ་སྟེ། དེ་དག་སྡིག་པའི་

ཆོས་སྤོང་བ་ལ་སྤྱོད་པའི་ཕྱིར་རོ། །འོད་ཆུང་ལ་སོགས་པ་གོང་མ་ནི་མེད་དེ། སྤངས་ཟིན་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནི་འོད་ཅེས་བྱ་བ་འཕེལ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །བསམ་གཏན་གསུམ་པ་ནི་དགེ་ཞེས་བྱ་བ་བདེ་བའི་སྙིང་པོས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ནི་རབ་ཏུ་ཞི་བ་ཡིན་པའི་

ཕྱིར་དགེ་ཞེས་བྱའོ། །བསམ་གཏན་བཞི་པ་ལ་ནི་གཟུགས་ཅན་རྣམས་ལས་ཡོན་ཏན་མཆོག་ཏུ་གྱུར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་དག་ཀྱང་འཇུག་པའི་ཕྱོགས་ལས་བརྩམས་ནས་གསུམ་མོ། །ལྡོག་པའི་ཕྱོགས་ལས་བརྩམས་ནས་ལྔའོ། །གཉི་ག་ལ་མི་གནས་པ་ལས་བརྩམས་ནས་ནི་

གཅིག་གོ། །ཡང་ན་མ་དག་པ་དང་དག་པ་དང་འདྲེས་པ་དང་དག་པ་ལས་བརྩམས་ནས་སྔ་མ་བཞིན་ནོ། །དེ་ལ་ཚངས་རིས་རྣམས་ཞེས་བྱ་བ་ལ། རིས་ནི་ཚོགས་ལ་བྱ་སྟེ་ཚངས་པ་རྣམས་ཀྱི་རིས་ནི། ཚངས་པའི་འཁོར་རོ། །དེ་ཡོད་པའི་ཕྱིར་ཚངས་རིས་རྣམས་ཞེས་བྱ་སྟེ། དཔེར་ན་དབྱུག་པ་ཅན་

ཞེས་བྱ་བ་དང་འདྲའོ། །ཚངས་པའི་མདུན་ན་འདོན་རྣམས་ཞེས་བྱ་བ་ནི་ཚངས་པའི་མདུན་ན་འདོན་པར་གྱུར་པས་ན་ཚངས་པའི་མདུན་ན་འདོན་རྣམས་ཞེས་བྱའོ། །ཚངས་ཆེན་པ་རྣམས་ཞེས་བྱ་བ་ནི་ཚངས་པ་ཕལ་དག་ལས་མཆོག་ཏུ་གྱུར་པའི་ཕྱིར་ཚངས་པ་ཆེན་པོ་རྣམས་ཞེས་བྱའོ། །འོད་

เล่ม ๑๓๒ · หน้า 119a

ཆུང་རྣམས་ཞེས་བྱ་བ་ལ་སོགས་པ་ནི་འོད་ཀྱི་ཁྱོན་དང་གསལ་བ་དག་ཆུང་བའི་ཕྱིར་དང་། ཁྱོན་ཙམ་ཡོད་པའི་ཕྱིར་བ་དང་། ཀུན་ནས་གསལ་བའི་དོན་གྱིས་གཉིས་ཡོད་པའི་ཕྱིར་ཏེ། གོ་རིམས་བཞིན་དུ་སྦྱར་རོ། །དགེ་ཆུང་རྣམས་དང་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་དེ་

བཞིན་དུ་སྦྱར་རོ། །སྤྲིན་མེད་རྣམས་ཞེས་བྱ་བ་ནི་དེ་དག་གི་གནས་གཞན་བསམ་གཏན་ལས་བྱུང་བ་སྤྲིན་ལྟ་བུ་མེད་པའི་ཕྱིར་རོ། །བསོད་ནམས་སྐྱེས་རྣམས་ཞེས་བྱ་བ་ནི་དེའི་བྱམས་པ་ཕུལ་དུ་བྱུང་བས་བསོད་ནམས་མཆོག་གི་སྐྱེས་པ་ལ་བྱའོ། །འབྲས་བུ་ཆེ་བ་རྣམས་ཞེས་བྱ་བ་ནི་འབྲས་བུའི་

མཆོག་ཡིན་པའི་ཕྱིར་རོ། །མི་ཆེ་བ་རྣམས་ཞེས་བྱ་བ་ནི་བསམ་གཏན་སྤེལ་བ་བསྒོམ་པ་ཆུང་བའི་ཕྱིར་ཟག་པ་དང་བཅས་པའི་བསམ་གཏན་ཆུང་ཞིང་མི་བརྟན་པ་ལ་བྱའོ། །མི་གདུང་བ་རྣམས་ཞེས་བྱ་བ་ནི་འགྱོད་པ་མེད་པའི་ཕྱིར་རོ། །གྱ་ནོམ་སྣང་བ་རྣམས་ཞེས་བྱ་བ་ནི་ལུས་ཉེ་བར་ཞི་བའི་ཕྱིར་བདེ་

བ་ལ་སྣང་བར་བྱའོ། །ཤིན་ཏུ་མཐོང་བ་རྣམས་ཞེས་བྱ་བ་ནི་མཐོང་བ་ཤིན་ཏུ་དག་པའི་ཕྱིར་རོ། །འོག་མིན་རྣམས་ཞེས་བྱ་བ་ནི་དེ་དག་ཆུ་ཞེང་ལ་སོགས་པ་ཡོན་ཏན་རྣམས་ཀྱིས་གང་གི་འོག་ཏུའང་གྱུར་བའི་ཕྱིར་འོག་མིན་རྣམས་ཞེས་བྱའོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་ཆོས་ཀྱི་དབང་

ཕྱུག་ཐོབ་པའི་ཕྱིར་རོ། །ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ་ཞེས་བྱ་བ་ནི་དེ་ན་ཟག་པ་དང་བཅས་པ་ཡིན་པས་སོ། །ཡང་ན་གནས་གཞན་ཅི་ཡང་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་ཡུལ་ན་གནས་པ་མེད་པའི་ཕྱིར་རོ། །འོ་ན་དེ་དག་གི་གོང་མ་དང་

འོག་མ་ཡང་ཇི་ལྟར་རུང་ཞེ་ན། སེམས་ཅན་རྣམས་ཀྱི་ཚེ་ལ་སོགས་པ་འབྲས་བུའི་ཁྱད་པར་དང་། འདོད་ཆགས་དང་བྲལ་བའི་ཁྱད་པར་དང་། སྙོམས་པར་འཇུག་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ནི་གནས་གཞན་བཞི་པོ་རྣམས་སོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་

གཟུགས་མེད་པའི་ཁམས་ནི་སྣོད་ན་ཡོད་དེ། སྣོད་རྣམས་ནི་སེམས་ཅན་མཐའ་དག་གི་ཐུན་མོང་གི་ལས་ཀྱིས་མངོན་པར་གྲུབ་པའི་ཕྱིར་རོ། །སེམས་ཅན་རྣམས་ནི་གཟུགས་མེད་དེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་སྙོམས་པར་འཇུག་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་ན་

เล่ม ๑๓๒ · หน้า 119b

གནས་གཞན་ཅི་ཡང་མེད་པ་ཡང་ཡིན་ནོ་ཞེས་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་གནས་བརྟན་དགེ་འདུན་ཕལ་ཆེན་སྡེའི་དྲིན་ཡིན་ཏེ། གནས་གཞན་རྣམ་པར་གཞག་པའི་སྐབས་ཡིན་པའི་ཕྱིར་དང་། ཡང་ན་གནས་གཞན་ཅི་མེད་པ་ཡང་ཡིན་ནོ་ཞེས་ཀྱང་མགུར་ནས་གསུངས་པའི་ཕྱིར་ཁོ་བོ་ཅག་

ལ་བརྩད་པར་མི་ནུས་སོ། །མདོའི་ཁུངས་ཀྱང་གསལ་བར་བསྟན་པ་འདི་ལ་ཡང་གསལ་བའི་ཕྱིར་གཞན་དྲང་བ་ཡིན་གྲང་། མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་ཞེས་བྱ་བ་ནི་རྩི་སླ་བར་བྱ་བའི་ཕྱིར་ཉི་མའི་འགྲོས་ལས་ཡོངས་སུ་བགྲང་བའོ། །ཚངས་

རིས་པའི་སེམས་ཅན་རྣམས་ཀྱི་ཚེ་ཚད་ནི་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ་ཞེས་བྱ་བ་ནི་མཉམ་པར་བགྲང་བའི་ཕྱིར་རོ། །བསྐལ་པ་གཅིག་གོ་ཞེས་བྱ་བའི་ཚིག་ནི་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །དེ་ལ་མི་རྣམས་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ལུས་

ནི་རོར་གྱུར་ཏེ་འདུག་གོ་ཞེས་བྱ་བ་ནི་སྲིད་པའི་དབང་དུ་བྱས་པ་སྟེ། །རྫུས་ཏེ་སྐྱེས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ལྷ་རྣམས་ནི་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་རྣམས་སོ། །ལས་ཀྱི་དབང་གིས་སྐྱེས་པའི་མཚོན་ཆ་རྣམ་པ་སྣ་ཚོགས་

རིམ་གྱིས་འབྱུང་བ་དག་གིས་གཅིག་ལ་གཅིག་སྣུན་པར་བྱེད་དོ་ཞེས་བྱ་བ་ལ། རིམ་གྱིས་འབྱུང་བ་ཞེས་བྱ་བ་ནི་རྒྱང་རིང་བ་ལ་ནི་མདའ་གཞུ་རྣམས་སོ། །དེ་ལས་ཐག་ཉེ་བ་ལ་ནི་མདུང་ཐུང་རྣམས་སོ། །ཤིན་ཏུ་ཐག་ཉེ་བའི་བར་དག་ལ་ནི་ཆུ་གྲི་རྣམས་སོ། །དེས་སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་

ལ་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབྱེད་པ་ཞེས་བྱ་བ་ནི་ཡན་ལག་གཉིས་སུ་མེད་པ་དང་། གཤེག་པར་བྱེད་པ་སྟེ་གཉིས་སུ་བྱེད་པ་སྟེ་གཉིས་ཀྱང་ཁམ་བུ་དང་དུམ་བུ་དུམ་བུར་བྱེད་པ་ལ་བྱའོ། །ལྕགས་ཀྱི་ཐོ་བ་ཚ་ཞིང་ཀུན་ཏུ་རབ་ཏུ་འབར་བ་དག་གིས་རྡུང་ཞིང་ཀུན་ཏུ་རྡུང་ལ་དམྱལ་ཞིང་ཀུན་ཏུ་དམྱལ་

ལོ་ཞེས་བྱ་བ་ལ། དམྱལ་ཞིང་ཞེས་བྱ་བ་ནི་མ་ལུས་འཐག་པ་ལ་བྱའོ། །དེ་དག་དེ་ན་སྡུག་བསྔལ་མྱོང་བར་སྐབས་ཀྱང་མེད་དེ་ཞེས་བྱ་བ་ལ། བར་སྐབས་ཞེས་བྱ་བ་ནི་མངའ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ་འདུལ་བ་ལས་སྤང་བ་བྱས་ནས་ཆོས་གོས་སྦྱིན་པར་བྱའོ་ཞེས་གསུངས་པ་

เล่ม ๑๓๒ · หน้า 120a

ལྟ་བུའོ། །འོན་ཀྱང་བདག་ཅག་ནི་བཀྲེས་སོ་ཞེས་བྱ་བའི་ཚིག་ནི་འདིའི་འདུ་ཤེས་ཀྱི་རྗེས་སུ་འཇུག་པའོ། །ལྷག་མ་གཅིག་ཏུ་བསྡུས་པ་ནི་ཞེས་བྱ་བ་ནི་ལྕགས་ཀྱི་རབ་ཏུ་འདྲ་བ་ཡིན་པར་ཆོས་མཐུན་པའི་ཕྱིར་རོ། །འདི་ལྟ་སྟེ་མདོ་ལས་དཔལ་ལྡན་གྱིས་དྲིས་པ་ན་མཽད་གལ་གྱི་བུས་

རྒྱས་པར་བརྗོད་པ་བཞིན་ཏེ་ཞེས་བྱ་བ་ནི་དཔལ་ལྡན་གྱིས་བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དང་སྔ་དྲོ་བདག་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་བྱ་རྒོད་ཕུང་པོའི་རི་ལས་བབས་པ་དང་། དེ་ནས་བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཕྱོགས་

ཤིག་ན་འཛུམ་པ་མཛད་པར་གྱུར་ན། བཙུན་པ་འཛུམ་པ་མཛད་པ་དེའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས་ཞེས་ཞུས་པ་དང་། ཚེ་དང་ལྡན་པ་དཔལ་ལྡན་ཁོ་བོས་སེམས་ཅན་ཁང་པ་བརྩེགས་པ་ཙམ་ཞིག་ཉམ་ཐག་པའི་ང་རོས་ངུ་ཞིང་སྡུག་བསྔལ་མི་བཟད་པ་དྲག་པ་ཉམས་སུ་མྱོང་ཞིང་སྟེང་གི་ནམ་

མཁའ་ལས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཁོ་བོ་འདི་སྙམ་དུ། དེ་ལྟ་བུའི་སེམས་ཅན། དེ་ལྟ་བུའི་གནོད་སྦྱིན། དེ་ལྟ་བུའི་ལུས་ཐོབ་པ། དེ་ལྟ་བུའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པར་སེམས་སོ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་

བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མིག་ཏུ་གྱུར་པ་གནས་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་དང་། དགེ་སློང་དག་སེམས་ཅན་དེ་ནི་སྔོན་རྒྱལ་པོའི་ཁབ་འདི་ཉིད་ན་བ་ལང་གསོད་པར་གྱུར་ཏེ། དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་མང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་

པ་དང་། མདོ་སྡེ་དེ་ཉིད་ལས་གསུངས་པའི་ཁྱད་པར་འདི་ཡིན་ཏེ། རུས་གོང་དྲི་མ་དག་ལ་བྱ་རོག་ལ་སོགས་པས་འཐོག་པ་དག་མཐོང་སྟེ། མི་དེ་ནི་བ་ལང་གསོད་པའི་སློབ་མ་ཡིན་ནོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཐལ་གོང་གི་སྟེང་དང་། ཁ་དང་སྣ་དག་ལ་བྱ་རོག་ལ་སོགས་པས་འཐོག་པ་

དེ་ནི་གསོད་པའི་གཤེད་མ་ཡིན་ནོ་ཞེས་བྱ་བ་དང་། ལྕགས་ཀྱི་དྲ་བ་འབར་བས་དཀྲིས་པ་དེ་ནི་ཉ་པ་ཡིན་ནོ་ཞེས་བྱ་བ་དང་། རླིག་པ་རྫ་མ་ཙམ་དེ་ནི་གཞལ་བླུགས་སྒྱུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བྱའོ། །ལྕེས་ལྡག་པ་ཞེས་བྱ་བ་ནི་ལྕེས་ཡང་དང་ཡང་དུ་མཆུ་གཉིས་ལ་བལྡག་པར་

เล่ม ๑๓๒ · หน้า 120b

བྱེད་པའོ། །དྲི་ང་བ་ཞེས་བྱ་བ་ནི་ཤ་རློན་ལ་སོགས་པའི་དྲིའོ། །དེ་ལ་མིར་སྐྱེས་པའི་སེམས་ཅན་རྣམས་ནི་ཕོངས་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཟས་དང་སྐོམ་ལ་སོགས་པའི་སྦྱིན་པ་སྦྱིན་པར་བྱེད་པ་ལས་བཟློག་པ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །ལྷའི་བུ་མོ་

རྣམས་པས་ལྷ་མ་མ་ཡིན་གྱི་བུ་མོ་རྣམས་མཆོག་ཡིན་པ་དང་། ལྷ་མ་ཡིན་རྣམས་ལ་ཡང་ལྷ་རྣམས་ཀྱི་བདུད་རྩི་མཆོག་ཡིན་པའི་ཕྱིར་དེ་ལ་ལྷ་མ་ཡིན་གྱི་བུ་མོ་དེ་དག་གི་ཕྱིར་ལྷ་མ་ཡིན་རྣམས་དང་འགྲོགས་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་བདུད་རྩི་རྣམ་པ་བཞིའི་ཕྱིར་ལྷ་རྣམས་དང་འགྲོགས་པར་འགྱུར་རོ་ཞེས་བྱ་བ་

སྨོས་སོ། །བདུད་རྩི་རྣམ་པ་བཞི་ཞེས་བྱ་བ་ནི་ཁ་དོག་སྔོན་པོ་ལ་སོགས་པ་རྣམས་སོ། །དེའི་ཕྱིར། ཆེད་འགའ་མདོ་གཞན་ཁ་ཅིག་ལས་འགྲོ་བ་ཐ་དད་པའི་བསྟན་པས་བསྟན་ཏོ་ཞེས་བྱ་བ་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་པ་དག་ལས་སོ། །དེ་དག་ནི་ལྷ་ཉིད་ཡིན་ཞེས་བྱ་བ་དེ་ལ་

བཙུན་པ་འདུས་བཟངས་ནི་དེ་དག་ལ་བདེན་པ་མངོན་པར་རྟོགས་པ་མི་འབྱུང་བ་དང་། མི་མ་ཡིན་པའི་འགྲོ་བར་བསྡུས་པའི་ཕྱིར་ཡི་དགས་ཡིན་པར་ངེས་སོ་ཞེས་ཟེར་རོ། །དེ་ལ་ཕལ་ཆེར་གཏན་ཚིགས་མ་ངེས་པ་དེ་དག་གི་ཐ་སྙད་འདོགས་པ་ཡིན་ཏེ། གཟུགས་དང་གཟུགས་མེད་པ་དག་དང་། བྱང་གི་

སྒྲ་མི་སྙན་དག་ན་བདེན་པ་མངོན་པར་རྟོགས་པ་མེད་ཀྱང་ཡི་དགས་ཉིད་མེད་དོ། །གལ་ཏེ་མི་ལས་གཞན་པ་མི་མ་ཡིན་པ་ལ་དགག་པ་བརྗོད་པ་ནི་གཏན་ཚིགས་མ་ངེས་པ་ཡིན་ནོ། །གལ་ཏེ་འགལ་བ་ལ་ནི་དེའི་ཚེ་མ་གྲུབ་པ་ཡིན་ཏེ། མདོ་སྡེ་གང་ལས་ཀྱང་ལྷ་མ་ཡིན་ནོ་ཞེས་ནི་གསུངས་པའི་ཕྱིར་ཏེ།

མདོ་སྡེ་ལས་བཅོམ་ལྡན་འདས་ཀྱི་མངོན་སུམ་དུ་དབང་པོ་བཙུན་པ་འདི་དག་ནི་སྔོན་ནས་ལྷ་ལགས་སོ་ཞེས་ཇི་སྐད་གསོལ་བའི་ཕྱིར་རོ། །དེ་ནི་དྲང་བ་ཡང་མ་ཡིན་ཏེ། མདོ་སྡེ་གང་གི་སྟོབས་ཀྱིས་དེ་དྲང་བར་གྱུར། གལ་ཏེ་རྗེས་སུ་དཔག་པའི་སྟོབས་ཀྱིས་སོ་ཞེ་ན། འདི་ཉིད་ལ་ཡང་རྗེས་སུ་དཔག་པ་

ལོ་ལེགས་པ་ཡིན་ནོ། །ཐགས་ཟངས་རིས་ནི་ཡི་དགས་མ་ཡིན་ཏེ། བདུད་རྩི་ཟིལ་པའི་ཕྱིར་དང་། ལྷ་མོ་རྣམས་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་བ་དང་། ལྷ་རྣམས་ཀྱིས་དེ་དག་གི་བུ་མོ་དག་ཡོངས་སུ་ལོངས་སྤྱད་པའི་ཕྱིར་བ་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ལ་སོགས་པ་ཁ་ཅིག་ཟིལ་གྱིས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด