རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཡོ་ག་ཙརྱ་བྷཱུ་མི་བྱཱ་ཁྱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๒ · หน้า 121a
གནོན་པའི་ཕྱིར་བ་དང་། དེ་དག་འཇོམས་པར་བྱེད་པའི་ཕྱིར་བ་དང་། དེ་དག་གི་ཡོངས་སུ་སྤྱད་པ་བདག་གིར་བྱེད་པའི་ཕྱིར་བ་དང་། དེ་དང་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལོངས་སྤྱོད་དང་འདྲ་བའི་ཕྱིར་བ་དང་། དེར་གཏོགས་པའི་སེམས་ཅན་རྣམས་བདེ་བ་མང་པོ་ལ་སྤྱོད་པའི་ཕྱིར་བ་
དང་། དེ་དང་རིས་མཐུན་པའི་ཐམས་ཅད་ཀྱང་གཉིས་ཀ་ལ་གྲགས་པའི་ལྷའི་བུ་རྣམས་དང་མདོག་དང་། དབང་ཕྱུག་དང་། ཆུ་ཞེང་དང་། དགའ་བ་དང་། རྩེད་མོ་དང་། མཐུ་དང་། ཁ་ཟས་ལ་སོགས་པའི་ལོངས་སྤྱོད་འདྲ་བའི་ཕྱིར་རོ། །ལྷ་ལ་སོགས་པ་བཞིན་ཏེ་ཕྱོགས་ནི་དེ་ལྟའོ། །ཇི་ལྟར་
ཐགས་ཟངས་རིས་གནོད་སྦྱིན་ཡིན་པ་ལྟ་བར་དགོངས་དང་། ལྷ་མ་ཡིན་ཐམས་ཅད་ཀྱང་དེ་བཞིན་ནོ། །བཙུན་པ་འདུས་བཟངས་ངེས་པའི་ཚིག་ཙམ་གྱིས་ལྷ་མ་ཡིན་པ་རྣམས་ལྷ་ཉིད་མ་ཡིན་པར་འགོག་པར་བྱེད་ཅིང་། འདི་ལྟར་དེ་དག་གི་ངེས་པའི་ཚིག་ཀྱང་ལྷ་ཉིད་ལས་ཟློག་པར་བྱེད་དེ། སུ་ར་ཞེས་
བྱ་བ་ནི་དབང་ཕྱུག་ཡིན་པས་སུ་ར་ནི་ལྷ་རྣམས་ཡིན་ནོ། །དེ་བཀག་པའི་ཕྱིར་ལྷ་མ་ཡིན་རྣམས་ཞེས་བྱ་སྟེ། དེ་ལྟ་བུའི་དབང་ཕྱུག་མེད་པའི་ཐ་ཚིག་གོ་ཞེས་ཟེར་བ་ནི་ཤིན་ཏུ་དམུན་པ་ཡིན་ནོ། །ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་པ་མ་ཡིན་པ་ཞེས་བྱ་བ་ནི་སྨད་པ་ལ་དགག་པ་སྟོན་པར་བྱེད་དེ། དཔེར་
ན་བུ་ཉིད་ཡིན་ཡང་སྨད་པ་ཡིན་པའི་ཕྱིར་འདི་ངའི་བུ་མ་ཡིན་ནོ་ཞེས་ཟེར་བ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་དེ་དང་འདྲའོ། །སྒྲིབ་པ་དང་བཅས་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་དག་དང་ཅི་རིགས་སུ་སྦྱར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འདི་ཤེས་པར་བྱའོ་ཞེས་བརྩལ་ཀྱང་ཇི་ལྟ་བ་
བཞིན་དུ་མི་ཤེས་པ་ལ་བྱའོ་ཞེས་ཟེར་རོ། །དེ་ལ་སེམས་ཅན་དམྱལ་བ་རྣམ་པ་བཞི་ཆར་ན་ཡང་ཞེས་བྱ་བ་ནི་ཚ་བ་དང་། གྲང་བ་དང་། ལྷག་པ་དང་། ཉི་ཚེའི་དམྱལ་བའི་བྱེ་བྲག་དག་ནའོ། །བདེ་བ་མྱོང་བ་མེད་དེ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་རྣམ་པར་སྨིན་པ་ལས་སྐྱེས་པའི་བདེ་བའི་དབང་དུ་བྱ་བས་ཡིན་ནོ་ཞེས་
ཟེར་རོ། །ཁ་ཅིག་ན་རེ་རེག་པའི་སྐྱེ་མཆེད་དྲུག་པའི་དབང་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་པ་ཞེས་བྱ་བའི་སེམས་ཅན་དམྱལ་བ་དག་ཡོད་དེ། གང་དག་དེར་སྐྱེ་བ་དེ་དག་ནི་ཤིན་ཏུ་སྡུག་བསྔལ་བ་ཁོ་ན་ཉམས་སུ་མྱོང་བར་འགྱུར་རོ་ཞེས་གསུངས་
เล่ม ๑๓๒ · หน้า 121b
པའི་ཕྱིར་རོ་ཞེས་ཟེར་རོ། །ཕྱི་རོལ་དུ་བལྟས་པ་ལས་སྐྱེས་པའི་ཡོ་བྱད་ཀྱི་བདེ་བ་དང་སྡུག་བསྔལ་བ་འདྲེས་པས་འདྲེས་མར་སྣང་ངོ་ཞེས་བྱ་བ་ནི་འདྲེན་མ་ཡིན་པའི་ཕྱིར་སྤེལ་མ་ཞེས་བྱའོ། །རིན་པོ་ཆེ་སྣ་བདུན་པོ་དག་འབྱུང་བ་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གླེང་
གཞི་མཉན་ཡོད་ན་སྟེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་ན་རིན་པོ་ཆེ་སྣ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། སྣ་བདུན་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་དག་ལས་རྒྱ་ཆེར་འབྱུང་བ་རྣམས་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དགེ་སློང་
དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཚེས་བཅོ་ལྔའི་གསོ་སྦྱོང་གི་ཉི་མ་དེ་ཉིད་ལ་མགོ་དང་བཅས་པ་བཀྲུས་ཏེ་གསོ་སྦྱོང་བྱས་ནས། བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་འདུག་པ་ན་ཤར་ཕྱོགས་ནས་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་ལ་སོགས་པ་དང་ལྡན་པ་དག་འབྱུང་བར་འགྱུར་ཏེ། དེ་ཡང་བརྒྱ་བྱིན་གྱི་ཚིག་
གིས་ལས་ཐམས་ཅད་པས་བྱས་ནས་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྟོན་པར་བྱེད་དོ། །དེ་བཞིན་དུ་བྱང་ཕྱོགས་ལོགས་ན་བྱ་སྐྱིབས་ལྷམ་གྱི་ངོས་ཞེས་བྱ་བ་དེ་ན་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ་མེ་ཏོག་ཀུ་མུ་དའི་མདོག་འདྲ་ལ། དེའི་མགོ་བཟང་ཞིང་སྔོ་ལ་གཙུག་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དམར་བ་
ཞིག་གནས་ཏེ། དེ་ལ་འཁོར་གླང་པོ་ཆེ་བརྒྱ་སྟོང་ཡོད་དེ། དེ་དག་ཀྱང་དེ་དང་འདྲ་བ་ཤ་སྟག་ཡིན་ནོ། །དེ་ནས་བརྒྱ་བྱིན་གྱི་ཚིག་གིས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་བུ་ཐ་ཆུངས་འཁོར་ལོས་སྒྱུར་བའི་དོན་དུ་གཏོང་བར་བྱེད་དོ། །དེ་བཞིན་དུ་ནུབ་ཕྱོགས་ལོགས་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་ཡང་སྔ་མ་བཞིན་དུ་
ཐ་ཆུངས་ཐམས་ཅད་སྔོན་ལ་མགོ་ནག་པ་ཡང་གཏོང་བར་བྱེད་དོ། །ནོར་བུ་རིན་པོ་ཆེ་ནི་ཀླུ་རྣམས་སམ་རྒྱལ་པོ་བཞིས་སྟེར་བར་བྱེད་དོ། །དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་ན་བུད་མེད་རིན་པོ་ཆེ་གཟུགས་བཟང་བ་ཞེས་བྱ་བ་ལ་སོགས་པ་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་
ལྷག་མ་རྣམས་ཀྱང་འབྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ལ་བྱའོ། །ཡལ་ག་དང་ལོ་མ་དང་ལོ་མ་གཞོན་ནུ་ནི་དཔག་ཚད་བརྒྱད་ཅུར་ཁྱད་པར་འཇུག་གོ་ཞེས་བྱ་བ་ལ། སྡོང་པོའི་སྦོམས་སུ་ཡང་དཔག་ཚད་ཉི་ཤུ་ཡོད་པ་དེའི་ཕྱིར་དེ་ནི་ཐད་ཀར་དཔག་ཚད་བརྒྱ་ཡོད་དོ། །ལོགས་ན་ནི་དཔག་ཚད་ལྔ་བཅུར་
เล่ม ๑๓๒ · หน้า 122a
ངད་ལྡང་སྟེ་ཞེས་བྱ་བ་ལ། ལ་ལ་དག་ཇི་ལྟར་ན་དྲི་རྫི་ཕྱོགས་མ་ཡིན་པར་འགྲོ་བར་འགྱུར་ཞེས་ཟེར་ན། ཅིའི་ཕྱིར་མི་འགྲོ། འདི་ན་མ་མཐོང་བའི་ཕྱིར་རོ་ཞེ་ན། ཅི་ཁྱོད་ཀྱིས་གཟུགས་མེད་པ་རྣམས་ཀྱང་མཐོང་ངམ། བཅོམ་ལྡན་འདས་ནི་ཚད་མ་ཡིན་ནོ། །གཞན་ཡང་དཔེར་ན་དེ་
ན་མ་བརྡུངས་པར་ཡང་སྒྲ་འབྱུང་བ་ལ་འདི་ནི་མ་ཡིན་པ་བཞིན་ནོ། །གཞན་ཡང་དེ་དང་འདིའི་རྣམ་པར་འབྱོར་པའི་ཁྱད་པར་མི་འདྲ་བ་དེ་བཞིན་དུ་ལས་ཀྱི་ཁྱད་པར་གྱིས་མངོན་པར་གྲུབ་པའི་ཕྱིར་དྲི་ཡང་སྲིད་དོ། །འོ་ན་མདོ་སྡེ་ལས་མེ་ཏོག་གི་དྲི་ནི་རྫི་ཕྱོགས་མ་ཡིན་པར་མི་འགྲོའོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་
ནི་འདི་ན་གྲགས་པའི་དྲི་ལས་དགོངས་ཏེ། གསུངས་པ་ཡིན་ནོ། །དབྱར་ཟླ་བ་བཞི་ཞེས་བྱ་བ་ནི་དེའི་ཚེ་དེ་མེ་ཏོག་རྒྱས་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་དག་ན་ནི་ཤིང་ལྗོན་པ་དེ་ལྟ་བུ་དག་ལ་དཔག་བསམ་གྱི་ཤིང་རྣམས་ཞེས་བྱ་བ་ལ་བདུད་རྩི་ནི་མེད་དོ། །རྟག་ཏུ་མེ་ཏོག་མན་དཱ་ར་བས་པུས་ནུབ་ཙམ་དུ་ཁེབས་པར་
འདུག་སྟེ་ཞེས་བྱ་བ་ནི་འདི་པའི་པུས་མོ་ལ་བྱའོ། །ཞི་བའི་བདེ་བ་ཅན་མི་གཡོ་བ་མྱོང་ངོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་བསམ་གཏན་དེ་ནི་ཞི་བའི་བདེ་བ་ཅན་ཡིན་ཏེ། དེའི་ཕྱིར་མི་གཡོ་བ་ཞེས་བྱ་བ་སྨོས་ཏེ། དེ་ནི་གཉི་ག་འགགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །
ཇི་ལྟ་ཇི་ལྟར་ལུས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་གྱུར་པ་ཞེས་བྱ་བ་ནི་བྱེད་རྒྱུ་གོང་མ་རྣམས་མེད་དུ་ཟིན་ཀྱང་ལས་རྣམས་ཁོ་ནས་སྡུག་བསྔལ་སྐྱེ་བ་དང་རྗེས་སུ་མཐུན་པའི་ལུས་བསྐྱེད་པ་ལ་བྱའོ། །དགང་བ་ལ་རྩོལ་བ་ཞེས་བྱ་བ་ལ། དགང་བ་ཞེས་བྱ་བ་ནི་རུང་བར་བྱེད་པའི་གཞུ་ལ་བྱའོ། །དེ་ལ་
འཕགས་པའི་ནོར་ལས་བྱུང་བའི་བདེ་བ་ནི་འཕགས་པའི་ནོར་བདུན་པོ་ཞེས་བྱ་བ་ལ། ནོར་བདུན་པོ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་དང་། རྒྱུ་དང་བཅས་པ་དང་། མངོན་པར་རྟོགས་པ་ལས་བརྩམས་ནས་རྣམ་པར་གཞག་སྟེ། འབྲས་བུ་ནི་རྟོགས་ནས་དད་པ་རྣམས་དང་། འཕགས་པ་དགྱེས་
པའི་ཚུལ་ཁྲིམས་རྣམས་དང་། དེ་ལས་བྱུང་བ་མ་ངེས་པ་རྣམས་སོ། །རྒྱུ་ནི་ཐོས་པ་དང་གོང་མ་དག་གོ། །མངོན་པར་རྟོགས་པ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །འབྲས་བུ་ཐོབ་པ་མ་ཡིན་ན་ཡང་དེ་དང་རྗེས་སུ་མཐུན་པའི་ཕྱིར་དེ་དག་རྣམ་པར་གཞག་གོ། །དེ་ལ་འཕགས་པའི་ནོར་ལས་བྱུང་བའི་
เล่ม ๑๓๒ · หน้า 122b
བདེ་བ་ལས་རྣམ་པ་བཅོ་ལྔས་ཁྱད་པར་དུ་འཕགས་ཏེ་ཞེས་བྱ་བ་ནི་འཕགས་པའི་ནོར་ལས་བྱུང་བའི་བདེ་བ་ལས་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བའི་བདེ་བ་ཤིན་ཏུ་དམའ་བ་ཡིན་ཏེ། ཐམས་ཅད་དུ་སྐྱོན་དང་བཅས་པའི་ཕྱིར་རོ། །སྒྲུབ་པའི་དུས་ན་ཡང་ཕྱི་མ་ལ་མི་འདོད་པ་ཡིན་ཏེ། ཉེས་པར་སྤྱོད་པ་
ཀུན་ནས་སློང་བ་ལ་ཡིན་པའི་ཕྱིར་རོ། །ཚེ་འདི་ལ་ཡང་མི་འདོད་པ་ཡིན་ཏེ། ཁ་ན་མ་ཐོ་བ་དང་བཅས་པ་ལ་དགའ་བ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་ཁ་ན་མ་ཐོ་བ་དང་བཅས་པ་ལ་དགའ་བ་དང་ལྡན་པ་མ་ཡིན་དུ་ཟིན་ཀྱང་རང་བཞིན་གྱིས་ཆུང་བ་དང་། དུས་ཐམས་ཅད་པ་མ་ཡིན་པ་དང་།
ས་ཐམས་ཅད་པ་མ་ཡིན་པ་ཞེས་བྱ་བའི་དམན་པ་རྣམ་པ་དེ་གསུམ་གྱིས་ཤིན་ཏུ་དམན་པ་ཡིན་ནོ། །ཡོངས་སུ་སྤྱོད་པ་ན་ཕྱིས་འཕགས་པ་མ་ཡིན་པའི་ནོར་གཉི་ག་ཐོབ་པར་བྱེད་པ་མ་ཡིན་པ་དང་། ཚེ་འདི་ལ་ལོངས་སྤྱོད་ན་ཡོངས་སུ་ཟིན་ཅིང་མཐར་ཐུག་པར་འགྱུར་བའོ། །སྲུང་བ་ན་ཚེ་འདི་ལ་རྒྱལ་
པོ་རྣམས་སམ་ཆོམ་རྐུན་རྣམས་ལ་སོགས་པས་གཅད་དུ་རུང་བ་དང་། ཚེ་ཕྱི་མར་ཡང་འདི་ནས་བླངས་ནས་འགྲོ་བར་འགྱུར་བ་མ་ཡིན་པའོ། །ཡོངས་སུ་སྤྱད་ན་ཚེ་འདི་ལ་བསྟེན་ན་ཆོག་མི་ཤེས་པ་ཡིན་པ་དང་། འཐབ་པ་ལ་སོགས་པ་དང་ན་བ་ལ་སོགས་པ་སྐྱེད་པར་བྱེད་པ་དང་། ཕྱི་མ་ལ་ཡང་སྡུག་
བསྔལ་སྐྱེད་པར་བྱེད་པ་ནི་མ་འོངས་པའི་སྡུག་བསྔལ་སྐྱེར་དོགས་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་གསུངས་པའོ། །བསྲུངས་ན་ཡང་ཚེ་འདི་ལ་ཕྱིན་ཅི་ལོག་དག་གིས་ཀུན་ཏུ་རྨོངས་པར་བྱེད་པ་དང་། ཕྱི་མ་ལ་ཡང་སྡུག་བསྔལ་སྤོང་བར་འགྱུར་བ་མ་ཡིན་པའོ། །བསྡུ་བའི་ཚིགས་སུ་བཅད་པ་ནི།
སྒྲུབ་དང་ལོངས་སྤྱོད་སྲུང་བ་དང་། །སྤྱད་དང་བསྲུང་བའི་བྱེ་བྲག་ལས། །དུས་ལྔ་འདི་དང་ཕྱི་མ་ལ། །དབྱེ་བས་དེ་དག་གཉིས་གཉིས་སོ། །འཕགས་པའི་ནོར་ལས་བྱུང་བ་ནི་དེ་དག་ལས་བཟློག་པ་ཡིན་པར་བརྗོད་པར་བྱའོ། །འཕགས་པའི་ནོར་ལས་བྱུང་བ་ནི་ནང་གི་རྐྱེན་ལ་རག་ལས་པའི་ཕྱིར་དུས་ཐམས་ཅད་
པ་ཡིན་ནོ་ཞེས་བྱ་བ་ནི་ལུང་ལ་ལྟོས་པ་ཡིན་དུ་ཟིན་ཀྱང་འབྱུང་བའི་སྐད་ཅིག་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ལོངས་སྤྱོད་བདེ་བ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཏན་ཚིགས་ནི། བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་
เล่ม ๑๓๒ · หน้า 123a
གཉིས་ནི་ཚིག་གཅིག་ཏུ་བསྡུའོ། །དེ་ལ་འདོད་པ་ཅན་རྣམས་ཀྱི་འདོད་པའི་བདེ་བ་ཡིད་ལ་བདེ་བའི་གནས་ལྟ་བུ་ནི་རྗེས་སུ་ཆགས་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་སྨྲས་མ་ཐག་པ་ལྔ་པོ་དག་ལས་བཟློག་པ་ཡིན་ནོ། །རྗེས་སུ་འབྲེལ་པ་ཉིད་ཡིན་པ་དང་ཞེས་བྱ་བ་ནི་
འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་སྟེ། ཀུན་ཏུ་རྟོག་པའི་རྗེས་སུ་འགྲོ་བའི་ཕྱིར་རོ། །ཡང་ཕྱིར་ལྡོག་པར་འགྱུར་ལ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱིའོ། །བདེན་པའི་བདེ་བ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །བདུད་དང་ཕྱིར་རྒོལ་བ་དང་ལྡན་
པ་ཡིན་ཏེ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཡུལ་དྲུག་པོ་དག་གིས་སྟོན་ཏེ། སྐྱེ་མཆེད་དྲུག་གི་མདོ་ལས། བདུད་ཀྱང་དེ་ཡིན་ལ་བདུད་སྡིག་ཅན་ཡང་དེ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལེགས་འབྱོར་གྱི་མདོ་ལས་སེམས་ཅན་ཇི་ལྟ་བར་བདུད་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །
མདོ་ཉིད་ལས་ཇི་སྐད་རྒྱས་པར་འབྱུང་བ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གང་ཟང་ཟིང་དང་བཅས་པའི་དགའ་བ་ཡང་ཡོད། ཟང་ཟིང་མེད་པའི་དགའ་བ་ཡང་ཡོད། ཟང་ཟིང་མེད་པས་ཀྱང་ཆེས་ཟང་ཟིང་མེད་པའི་དགའ་བ་ཡང་མེད་དོ། །བདེ་བ་དང་བཏང་སྙོམས་དང་། རྣམ་པར་ཐར་པ་ཡང་དེ་
བཞིན་ཏེ། འདོད་པའི་ཡོན་ཏན་ལྔ་ལ་བརྟེན་ཏེ་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་ཟང་ཟིང་དང་བཅས་པ་ཡིན་ནོ། །བསམ་གཏན་དང་པོ་རྫོགས་པར་བྱ་སྟེ་གནས་པ་གང་ཡིན་པ་དེ་ནི་ཟང་ཟིང་མེད་པ་ཡིན་ནོ། །བསམ་གཏན་གཉིས་པའི་གང་ཡིན་པ་དེ་ནི་ཟང་ཟིང་མེད་པ་བས་ཆེས་ཟང་ཟིང་མེད་པ་
ཡིན་ནོ། །དེ་བཞིན་དུ་བདེ་བ་ཡང་རྣམ་པ་གསུམ་སྟེ། འདོད་པའི་ཡོན་ཏན་ལྔ་དང་། བསམ་གཏན་དང་པོ་དང་གཉིས་པའིའོ། །དེ་བཞིན་དུ་བཏང་སྙོམས་ཀྱང་འདོད་པའི་ཡོན་ཏན་ལྔ་དང་། བསམ་གཏན་དང་པོ་དང་གཉིས་པའིའོ། །དེ་བཞིན་དུ་རྣམ་པར་ཐར་པ་ཡང་གཟུགས་དང་གཟུགས་མེད་པ་དང་
ལྡན་པ་དག་དང་། འདི་ལ་དགེ་སློང་འདོད་ཆགས་ལས་སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པ་གསུམ་པའོ། །གནས་པའི་བདེ་བ་ཞེས་བྱ་བ་ནི་གནས་པ་དེ་ཉིད་ཤིན་ཏུ་རབ་ཏུ་ཞི་བའི་ཕྱིར་རོ། །དེ་ལ་ཟས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་བདེ་
เล่ม ๑๓๒ · หน้า 123b
བ་དང་། སྡུག་བསྔལ་མྱོང་བ་དང་ཟས་ཀྱི་ལོངས་སྤྱོད་དང་ཞེས་གང་སྨོས་པ་དེ་ལ་ཞེས་བྱ་བར་སྦྱར་རོ། །རྒྱལ་ཆེན་བཞིའི་རིས་ཀྱིས་ནི་ཕ་དང་མའི་ཕྲག་པའམ་པང་པར་བྱིས་པ་ལོ་ལྔ་ལོན་པ་ལྟ་བུ་རྫུས་ཏེ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ། ལྟ་བུ་ཞེས་བྱ་བ་ནི་འདྲ་བའི་དོན་ཏེ་ཇི་སྐད་དུ། མིག་སྨན་ཐུར་མ་གསར་བྲིས་
ལྟར། །རུས་པའི་རྒྱན་རྣམས་བརྒྱན་བྱས་ཤིང་། །ཕ་རོལ་ཚོར་བར་མི་བྱེད་པའི། །བྱིས་པ་རྣམས་ལ་རྨོངས་པས་ཁྱབ། །ཅེས་གསུངས་པ་ལྟ་བུའོ། །དེ་ལ་སྐྱེ་བར་དོགས་པ་རྣམ་པར་གཞག་པ་ནི་ཞེས་བྱ་བ་ནི་ཁམས་གདགས་པ་རྣམ་པར་གཞག་པའི་རབ་ཏུ་དབྱེ་བ་དྲུག་ཡིན་པར་སྦྱར་རོ། །ཇི་ལྟར་འདོད་
པ་སྐྱེ་བ་གསུམ་དང་། བདེ་བ་སྐྱེ་བ་གསུམ་དུ་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི། །ཅིའི་ཕྱིར་སྐྱེ་བ་གསུམ་ཁོ་ནར་ཟད་ལ་མང་དུ་རྣམ་པར་མི་གཞག་སྙམ་དུ་བསམས་ནས་འདྲིའོ། །དེ་དག་དེ་ལྟར་གནས་པས་དྲན་པ་བརྗེད་པར་འགྱུར་རོ་ཞེས་བྱ་བ་ནི་ཁ་ཟས་ཀྱི་སྟེ། དེའི་ཕྱིར་བཀྲེས་པས་འཆིའོ། །གཅིག་
ལ་གཅིག་མིག་གིས་མིག་ཚུགས་སུ་རྟོག་པར་བྱེད་དེ་ཞེས་བྱ་བ་ནི་གཅིག་ལ་གཅིག་ཕྲག་དོག་གིས་སོ། །དབང་པོ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཐམས་ཅད་འདོད་པའི་ཕྱིར་རོ། །དབང་པོ་ཡོངས་སུ་སྨིན་པ་རྣམས་སོ་ཞེས་བྱ་བ་ནི་ཐ་སྙད་ཤེས་པའི་ཕྱིར་རོ། །བསྟན་བཅོས་ལ་བཏགས་པའི་ཡོད་པ་དང་།
དོན་དམ་པར་ཡོད་པའི་རྒྱུ་རྣམ་པར་གཞག་པ་གཅིག་ཏུ་བསྡུས་ནས་རྒྱུ་རྣམ་པ་བཅུ་སྟོན་པར་འགྱུར་བས་ན། དེ་ལ་རྒྱུའི་མཚན་ཉིད་གང་ཞེ་ན། སྔ་ན་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ་ཞེས་བྱ་བ་ནི་ས་བོན་ནི་འབྲས་བུ་བས་སྔ་བའི་ཕྱིར་རོ། །བརྟེན་ནས་
ཞེས་བྱ་བ་ནི་གཙོ་བོའི་རྐྱེན་ལ་བརྟེན་ནས་སོ། །ཕྲད་ན་ཞེས་བྱ་བ་ནི་ཕྲད་པ་ཙམ་དུ་ཟད་པ་ལ་བྱའི་ཡང་དང་ཡང་དུ་བྱེད་པ་ནི་མ་ཡིན་ནོ། །གནས་གཟུགས་ཅན་ནམ་ཞེས་བྱ་བ་ནི་མིག་ལ་སོགས་པ་དག་གི་འབྱུང་བ་ཆེན་པོ་རྣམས་ཏེ། མིག་ལ་སོགས་པ་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱི་གནས་
ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་བྱ་བ་ཅི་ཞིག་ཡོད་ན་གང་གི་ཕྱིར་དེའི་རྒྱུ་བརྗོད་ཅེ་ན། ཐོབ་པར་བྱ་བ་ཉིད་ཀྱི་རྒྱུ་བརྗོད་པ་ཡིན་གྱི་བསྐྱེད་པར་བྱ་བའི་རྒྱུ་མ་ཡིན་པས་ན་ཉེས་པ་ཅི་ཡོད། རྒྱུ་ཞེས་བྱ་བ་ནི་ས་བོན་སྤོང་བར་བྱེད་པ་ཡིན་ཏེ། ལུས་ཉོན་མོངས་པ་དང་བྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ་
เล่ม ๑๓๒ · หน้า 124a
ལས་ཀྱི་མཐའ་མ་ལོག་པ་ཞེས་བྱ་བ་ནི་མཚམས་མེད་པའི་ལས་རྣམས་མི་བྱེད་པ་ལ་བྱ་སྟེ། ཇི་སྐད་དུ་ལྔ་པ་ཞེས་བྱ་བའི་མདོ་ལས། ལོག་པའི་ལས་ཀྱི་མཐའ་གང་ཞེ་ན། མཚམས་མེད་པ་ལྔའོ་ཞེས་བྱ་བ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཤིང་འདོད་པ་ནི་སྔ་ན་ཡོད་པ་སྟེ་ཞེས་བྱ་བ་ནི་
ཤེས་བྱ་གང་ཡིན་པ་ལ་ངེས་ཤིང་བསྒྲུབ་པར་འདོད་པ་ཡང་ཡོད་པ་ན་དེ་འགྲུབ་པར་འགྱུར་བ་སྟེ། དོན་གང་རང་ལ་ངེས་ན་གཞན་ལ་ཡང་གོ་བར་བྱེད་པའི་ཕྱིར་རོ། །བཟོ་ཤེས་པ་ནི་སྔ་ན་ཡོད་པ་སྟེ་ཞེས་བྱ་བ་ལ། བཟོའི་གནས་ནི་སྔོན་བྱུང་བ་སྦྱོར་བ་ཙམ་དུ་ཟད་ཀྱི་སྔོན་མ་བྱུང་བ་སྐྱེད་པ་ནི་མ་ཡིན་ཏེ། དེ་བས་ན་
འགྲུབ་ཅེས་བྱ་བའི་སྒྲར་བསྟན་གྱི་སྐྱེ་བར་འགྱུར་ཞེས་བྱ་བའི་སྒྲར་ནི་མ་ཡིན་ཏེ། དེ་ལྟ་བས་ན་འདིར་སྐྱེ་ཞེས་བྱ་བ་དང་། འགྲུབ་ཅེས་བྱ་བ་ལ་བྱེ་བྲག་ནི་དེ་ཡོད་དོ། །ཟས་རྣམ་པ་བཞི་དང་ཕྲད་ན་ཞེས་བྱ་བ་ལ་སོགས་པ་ཡང་སྔོན་བྱུང་བ་ཉིད་གནས་པར་བྱེད་པའི་རྒྱུ་ཡིན་ནོ། །དེ་ཡང་གྲུབ་པ་ཉིད་དེ། འདི་ལྟར་རྣམ་
པར་སྨིན་པ་ལ་སྐྱེས་པའི་རྒྱུད་ཡོད་ན་བསགས་པ་ལས་བྱུང་བའི་རྒྱུད་འབྱུང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གནས་ཤིང་ཞེས་བྱ་བ་མ་སྨོས་ན། ནུས་པ་མེད་པ་ནུས་པ་ཡོད་པར་བྱས་པའི་ཕྱིར་བསྒྲུབས་པ་ཞེས་བྱ་བས་ན་བརྟ་བ་ཡང་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་གནས་ཤིང་ཞེས་བྱ་བ་ནི་བསྟན་པ་ཡིན་ནོ། །
འཚོ་ལ་ཞེས་བྱ་བ་དང་། བརྟ་བར་འགྱུར་རོ་ཞེས་བྱ་བ་གཉིས་ནི་བཤད་པ་ཡིན་ནོ། །འཚོ་ལ་ཞེས་བྱ་བ་ནི་གནོད་པ་མེད་པ་ཉེ་བར་སོགས་པ་ཡིན་ནོ། །བརྟ་བར་འགྱུར་རོ་ཞེས་བྱ་བ་ནི་ཕན་འདོགས་པ་ཉེ་བར་སོགས་པ་ཡིན་ནོ། །ཆོས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ་ཞེས་བྱ་བ་
ལ། བྱེད་པའི་གཞིར་གྱུར་པའི་ཆོས་གང་ཡིན་པར་ཆོས་དེའི་ས་བོན་ནི་བྱེད་པའི་ས་བོན་ནོ། །ཆོས་དེ་ཉིད་གནས་ཏེ་གང་གི་ཚེ་བྱེད་པའི་ཆོས་གཞན་འབྱུང་བ་ན་བྱེད་པའི་ས་བོན་ནི་བདག་ཉིད་ཡིན་ནོ། །རང་གི་བྱེད་པ་ཡོད་ཅིང་ཞེས་བྱ་བ་ནི་རང་གི་ལས་བྱེད་དེ་ཞེས་བྱ་བས་རྣམ་པར་བཤད་པར་བྱེད་དོ། །མིག་གི་
ལས་ནི་ལྟ་བའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་མིག་གི་རྣམ་པར་ཤེས་པ་འབྱུང་བའི་ཚེ་ན་མིག་ནི་རབ་ཏུ་གསལ་བ་དང་ལྷན་ཅིག་ཏུ་འབྱུང་སྟེ། རབ་ཏུ་གསལ་བ་དེ་ནི་མིག་གི་རྣམ་པར་ཤེས་པ་སྐྱེ་བར་སྤྱོད་དོ། །དེ་ལྟ་བས་ན་བྱེད་པ་དང་ལྟ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་མཚུངས་པའི་མིག་དེ་ཉིད་ལྟ་བ་
เล่ม ๑๓๒ · หน้า 124b
ཡང་ཡིན་ལ། དེ་ཉིད་བྱེད་པ་ཡང་ཡིན་གྱི། དེ་དག་དང་མཚུངས་པའི་མིག་ནི་དེ་ལ་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་དེ་ལ་སྤྱོད་པ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། འདི་ལྟར་སྤྱོད་པ་ནི་བྱེད་པ་ཡིན་ལ་གང་ལ་སྤྱོད་པ་ནི་དེའི་བྱེད་པ་མ་ཡིན་ཏེ། དངོས་པོ་དང་གཞི་གཉིས་འདྲེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བཅོ་
ལྔ་པོ་འདི་དག་ནི་རྒྱུའི་གནས་ཡིན་ཏེ་ཞེས་བྱ་བ་ནི་རྐྱེན་དང་འབྲས་བུ་ལ་ཡང་བརྗོད་པར་བྱའོ། །གཅིག་ཁོ་ནས་དེ་དག་ཉེ་བར་མཚོན་པ་ནི་གོང་ཁོ་ནར་བརྗོད་པ་ཡིན་པས་མ་སྨོས་སོ། །རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་རྒྱུ་ལ་བྱ་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་
པའི་རྒྱུ་དེ་ཡང་ཐ་སྙད་གདགས་པའི་དོན་གྱི་ཡུལ་དེ་ལ་བརྡའི་རྗེས་སུ་འཇུག་པའི་སྒྲ་དག་གིས་ཀུན་ནས་བསླང་ཞིང་འཇུག་པ་སྟེ། སྒྲ་དེ་དག་ཉིད་རྒྱུ་ཡིན་ནོ། །ཇི་སྟེ་རྗེས་སུ་ཐ་སྙད་འདོགས་པ་ཉིད་རྒྱུ་ཁོ་ན་ཡིན་ཞེ་ན། དེ་ལྟ་ན་ཡང་དེ་ནི་རྣམ་པ་དེ་ལྟ་བུ་ཁོ་ན་ཡིན་པས་སྒྲ་དག་ནི་རྒྱུ་ཡིན་ནོ། །དེ་དག་གི་རྟེན་
ཡིན་པའི་ཕྱིར་ཚིག་ནི་གནས་པ་ཡིན་ཏེ། དཔེར་ན་རྩུབ་པ་ཉིད་ལ་སོགས་པ་དག་གི་གནས་ནི་ས་ལ་སོགས་པ་དག་ཡིན་ནོ་ཞེས་བརྗོད་དོ། །ཐ་མི་དད་པ་ཡིན་ཡང་རྣམ་པར་གཞག་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཚིག་ཀྱང་སྒྲ་དག་གི་གནས་ཡིན་ནོ། །འདི་ལྟར་ཚིག་ཐམས་ཅད་ནི་སྒྲ་མ་ཡིན་
ཏེ། སྐྱེས་བུའི་གྲག་པ་ཙམ་ཡང་ཚིག་ཡིན་པའི་ཕྱིར་རོ། །ཚིག་གིས་ཇི་ལྟར་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཚིག་གིས་ཞེས་བྱ་བ་ནི་བརྡའི་རྗེས་སུ་འཇུག་པའི་སྒྲ་རྣམས་ཀྱིའོ། །དེ་ལ་རྒྱུའི་གནས་མྱོང་བ་ལ་བརྟེན་ནས་ལྟོས་པའི་རྒྱུ་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་བདེ་བའི་དོན་དུ་འཇུག་པ་དང་།
སྡུག་བསྔལ་ཡོངས་སུ་སྤང་བའི་དོན་དུ་འཇུག་པ་ཐམས་ཅད་ནི་མངོན་སུམ་མམ་བརྒྱུད་པ་ཡིན་པས་ན་དེ་གཉིས་ཁོ་ན་ལ་ལྟོས་པའི་རྒྱུ་འདོགས་པར་བྱེད་དོ། །ལྟོས་པར་བྱ་བ་ཡིན་པས་ལྟོས་པའོ། །དེ་ཉིད་རྒྱུ་ཡིན་པས་ན་ལྟོས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་ན་འབྲས་བུ་ཉིད་རྒྱུ་ཡིན་ཞེ་ན། རབ་ཏུ་སྦྱོར་བར་
བྱེད་པ་ཡིན་པའི་ཕྱིར་ཏེ། འདུན་པ་སྐྱེས་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྤྱོད་པ་ཡོད་པའི་ཕྱིར་རོ། །ཡོངས་སུ་ཚོལ་བ་ལ་སོགས་པ་ནི་དེའི་རྒྱུའི་སྤྱོད་པ་ཡིན་ནོ། །དེ་ལ་རྒྱུའི་གནས་བག་ཆགས་ལ་བརྟེན་ནས་ཞེས་བྱ་བ་ལ། བག་ཆགས་ཞེས་བྱ་བ་ནི་སྲིད་པའི་ཡན་ལག་གི་བག་ཆགས་ཏེ་བདག་
เล่ม ๑๓๒ · หน้า 125a
པོའི་རྐྱེན་གྱི་ངོ་བོ་ཉིད་ཡིན་ནོ། །འཕེན་པའི་རྒྱུ་འདོགས་པར་བྱེད་དེ་ཞེས་བྱ་བ་ལ་འཕེན་པའི་རྒྱུ་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པའི་སྐལ་བ་ཅན་དུ་འཇོག་པ་སྟེ། དེའི་བག་ཆགས་བསྒོ་བའི་གནས་ནི་རྒྱུ་ཡིན་ནོ། །དེ་ཡང་བག་ཆགས་ཀྱི་དབང་གིས་འབྱུང་བ་ཡིན་པས་ན་བག་ཆགས་ནི་གནས་ཡིན་ནོ། །འདུ་བྱེད་རྣམས་ཞེས་བྱ་བ་ནི་མངོན་པར་
འདུ་བྱེད་པ་ལས་བྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱའོ། །མང་པོ་ཚིག་ཏུ་བྱས་པ་ནི་ཁ་ཅིག་ན་རེ་རྒྱུད་བཞིན་དུ་མང་བའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་བག་ཆགས་རྣམས་འཛིན་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡོངས་སུ་བསྒོས་པ་ཞེས་བྱ་བ་ནི་བག་ཆགས་གསོས་པ་ལ་བྱའོ། །དེ་ཉིད་ཀྱི་
དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ཕུན་སུམ་ཚོགས་པ་དང་རྒུད་པར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ནི་ནང་གི་འདུ་བྱེད་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ཕྱི་རོལ་རྣམས་མངོན་པར་འགྱུར་བས་ན་དེ་ཉིད་ཀྱི་དབང་གིས་ཕུན་སུམ་ཚོགས་པ་དང་རྒུད་པར་འགྱུར་རོ། །རླན་དང་བཅས་པའི་ས་བོན་ཞེས་བྱ་བ་ནི་སྲིད་པས་
དེ་མ་ཐག་པའི་འབྲས་བུ་སྐྱེད་ནུས་པ་སྐྱེད་པ་སྟེ། མངོན་པར་བརྗོད་པའི་བག་ཆགས་ནི་ས་བོན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ་ཞེས་བྱ་བ་འདི་ནི་ཁུངས་ཡིན་ཏེ། མངོན་པར་བརྙན་པའི་ས་བོན་དེ་ནི་མངོན་པར་འགྲུབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཕྲད་ནས་
འགགས་པ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་བྱ་སྟེ། ཉེ་བར་སྤྱོད་པའི་ཕྱིར་རམ། འགགས་པའི་ཚེ་ཞེས་ཁ་ཅིག་གི་ལུགས་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་ཕྲད་ནས་འགགས་པ་ཞེས་བྱ་བ་ནི་ཡུལ་དེ་དང་དབང་པོ་ལ་སོགས་པའི་བྱེ་བྲག་དག་ཏུ་བྱས་པ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་
དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་གོ་དཀའ་བར་འགྱུར་རོ། །བྱེད་པ་ཞེས་བྱ་བའི་མིག་ལ་སོགས་པ་དག་གི་སྤྱོད་པ་གང་ཡིན་པ་སྟེ། མིག་གི་ཡུལ་ཐམས་ཅད་ནི་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །སྐྱེས་བུའི་བྱེད་པ་ཞེས་བྱ་བ་ནི་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་གཡོ་བར་བྱེད་པའོ། །ཡོངས་
སུ་འཛིན་པའི་རྒྱུ་ཞེས་བྱ་བ་ནི་དེ་དག་གིས་ཡོངས་སུ་ཟིན་ན་རང་གི་ས་བོན་ལས་འབྲས་བུ་འབྱུང་བ་སྟེ། དེ་དག་ཉིད་ཡོངས་སུ་འཛིན་པ་ཡང་ཡིན་ཏེ། དེ་དག་ཉིད་གནས་ཀྱང་ཡིན་ཏེ་སྔ་མ་བཞིན་ནོ། །དེ་ཁོ་ན་ལ་ལྟ་བས་ཡོངས་སུ་ཟིན་ཞེས་བྱ་བ་ལ། དེ་ཁོ་ན་ལ་ལྟ་ཞེས་བྱ་བ་ནི་ཤེས་རབ་སྟེ། དེས་
เล่ม ๑๓๒ · หน้า 125b
ཡོངས་སུ་ཟིན་པ་ནི་དེ་དང་མཚུངས་པར་ལྡན་པ་སྟེ་དེའི་དབང་གིས་དེ་ལས་གཞན་པ་རྣམས་ཀྱང་འཇུག་པར་འགྱུར་རོ། །ཁྱད་པར་ཅན་རྣམས་ཞེས་བྱ་བ་ནི་མཉམ་པ་དང་། དམན་པ་དག་རང་གི་ངང་གིས་འཇུག་ན་ནི་རྒྱུ་ཁྱད་པར་ཅན་མ་ཡིན་ནོ། །དེ་བཞིན་དུ་འདོད་པ་དང་ལྡན་པའི་དགེ་བའི་ཆོས་རྣམས་ནི་
གཟུགས་དང་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པ་དང་། ལྡན་པ་མ་ཡིན་པའི་དགེ་བའི་ཆོས་རྣམས་ཀྱང་འདྲེན་ཏེ། དེ་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བརྒྱུད་པ་ལས་བསམས་པ་ཡིན་ནོ་ཞེས་ཟེར་རོ། །སུ་ལ་འཇིགས་པ་ན་བསམ་པ་དེ་ལྟར་རྟོག་པར་བྱེད། གལ་ཏེ་བྱེ་བྲག་ཏུ་སྨྲ་བ་དག་
གིས་རིང་བ་རྣམ་པ་བཞི་བརྟགས་པས་འཇིགས་སོ་ཞེ་ན། འོ་ན་འཕགས་པ་གནས་བརྟན་པ་དག་གིས་འདོད་པ་ན་སྤྱོད་པའི་དགེ་བའི་ཆོས་རྣམས་ཀྱིས་དྲངས་མ་ཐག་ཏུ་གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་བརྟགས་པའི་འཇིགས་པས་ཀྱང་ཅིའི་ཕྱིར་བརྒྱུད་པའི་བསམ་པ་གཏོང་
བར་མི་བྱེད། དེ་ལྟ་བས་ན་སྡེ་པ་གཞན་དག་གིས་བསྒོས་པའི་རྗེས་སུ་འགྲོ་བ་མཐོང་ལ་ཐེག་པ་ཆེན་པོའི་མ་མོ་ལ་ལྟོས་ཤིག་དང་། དེ་ལས་ནི་ཡོངས་སུ་འདྲིས་པར་བྱས་པའི་རྣལ་འབྱོར་པ་ནི་འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་མཇུག་ཐོགས་སུ་གཟུགས་མེད་པ་དག་ལ་སྙོམས་པར་འཇུག་གོ་
ཞེས་གསུངས་སོ། །དེའི་ཕྱིར་དེ་ནི་མངོན་སུམ་དུ་འདྲེན་པར་བྱེད་པའི་རྒྱུ་ཡང་ཡིན་ནོ། །འདུས་མ་བྱས་པ་མངོན་སུམ་དུ་བྱ་བ་ཡང་འདྲེན་ཏོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཐོབ་པ་ལ་བྱ་སྟེ། སྔར་ནི་འདུས་བྱས་སྐྱེད་པ་བསྟན་ཏོ། །དེ་ལ་རྒྱུའི་གནས་མཐུ་སྣ་ཚོགས་ལ་བརྟེན་ནས་ཞེས་བྱ་བ་ནི་ལྡན་པ་
མ་ཡིན་པའི་འདུ་བྱེད་སོ་སོར་ངེས་པ་ཞེས་བྱ་བ་དང་རྒྱུ་དང་འབྲས་བུ་མ་ཚོལ་བའི་མཚན་ཉིད་ཡིན་ཏེ། དེ་རྫས་གཞན་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ཉིད་རྒྱུ་ཡིན་ཏེ། དེ་ཡང་མཐུ་སྣ་ཚོགས་ཀྱིས་བྱས་པའི་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་མིག་ལས་ཀྱང་སྣང་བའི་རྣམ་པར་ཤེས་པ་ལ་
སོགས་པ་དག་འབྱུང་བར་འགྱུར་རོ། །དེ་ལ་རྒྱུའི་གནས་ཚོགས་པ་ལ་བརྟེན་ནས་ཞེས་བྱ་བ་ལ། ཚོགས་པ་ཞེས་བྱ་བ་ནི་རྐྱེན་རྣམས་ཁོ་ན་ལ་བྱའི་རྒྱུ་ལ་ནི་མི་བྱའོ། །དེ་ལྟར་རྒྱུ་དང་ལྷན་ཅིག་ཏུ་བྱ་བ་བྱེད་པས་དེའི་ཕྱིར། ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །ད་ལྟར་ན་ཡོངས་སུ་འཛིན་པའི་
เล่ม ๑๓๒ · หน้า 126a
རྒྱུ་དང་འདིའི་བྱེ་བྲག་མ་བསྟན་པ་ཡིན་ཏེ། དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་ནི་ཇི་སྐད་སྨོས་པའི་རྒྱུ་མཐའ་དག་འདུས་པའི་ངོ་བོ་ཉིད་ཡིན་ཏེ། གཅིག་ལ་གཅིག་གིས་སྟོབས་ཀྱིས་བྱེད་པའི་ཕྱིར། ལྷན་ཅིག་བྱེད་པ་ཞེས་བྱའོ། །དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་འདི་ཉིད་དུ་སྐྱེ་བའི་
ཚོགས་པ་དང་འཐོབ་པའི་ཚོགས་པ་ལ་སོགས་པ་དག་སྟོན་ཏོ། །འདིར་སྨོས་པ་གཞན་དག་ཏུའང་ཇི་ལྟར་སྲིད་པའི་དོན་སྨྲས་པ་ཡིན་ཏེ། དེ་དག་ནི་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །གཞག་དག་ན་རེ་སྔ་མ་རྣམས་ནི་ཕལ་ཆེར་སྐྱེ་བའི་རྒྱུ་ཡིན་ཏེ། དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་འདི་ཉིད་དུ་སྐྱེ་བ་དང་འཐོབ་
པ་ལ་སོགས་པ་དག་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟ་བུ་སྲིད་མོད་ཀྱི་དེ་དག་ལ་འདུས་པ་མེད་པས་ན་དེའི་ཕྱིར་མ་བསྟན་ཏོ་ཞེས་བརྗོད་པར་རིགས་པར་འགྱུར་རོ། །དེ་ལ་རྒྱུའི་གནས་བར་དུ་གཅོད་པ་ལ་བརྟེན་ནས་མི་མཐུན་པའི་རྒྱུ་འདོགས་པར་བྱེད་དོ་ཞེས་བྱ་བ་ལ། ཇི་ལྟར་ན་
མེད་པ་གཞན་གྱི་རྒྱུར་འགྱུར་ཞེ་ན། དེ་ལྟ་བུའི་ཐ་སྙད་ཡོད་པས་ན་ཉེས་པ་མེད་དོ། །འདིར་རྒྱུས་ཇི་ལྟར་དེ་ལ་བྱེད་པར་འགྱུར་ཞེས་རྒོལ་བ་དེ་ནི་དེའི་རྐྱེན་མ་ཚང་བར་བྱེད་པ་ཡིན་ནོ། །གལ་ཏེ་བར་དུ་གཅོད་པ་མ་ཡིན་པ་ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ནི་མར་མེ་ལ་སོགས་པས་བར་དུ་གཅོད་
པ་བསལ་བ་ལ་བྱའོ། །འོ་ན་ལྷན་ཅིག་བྱེད་པའི་རྒྱུ་དང་འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་རྫས་ནི་གཅིག་པ་ཡིན་མོད་ཀྱི་སྤྱོད་པ་ལ་བྱེ་བྲག་ཡོད་དོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་སྔ་མའི་རྐྱེན་མཐའ་དག་དང་འགྲོགས་པ་ཡིན་གྱི་བར་དུ་གཅོད་པ་ནི་རྒྱུ་གཅིག་པུ་ཡིན་པར་ཟད་དོ་ཞེས་ཟེར་རོ། །ཡོངས་
སུ་འཛིན་པའི་རྒྱུ་དང་ནི་ས་བོན་ལས་བྱེ་བྲག་ཡོད་དོ། །ཡང་ན་བར་དུ་གཅོད་པ་མེད་པ་ཙམ་ཉིད་རྒྱུར་འགྱུར་ཏེ། དཔེར་ན་ཆོས་ཀྱི་རྒྱུན་གྱི་རྒྱུ་ཡོད་པ་ཡང་ཉེ་བ་ཙམ་གྱིས་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་འགའ་ཞིག་མེད་པར་གྱུར་པ་གང་ཡིན་པ་ཡང་ཉེ་བར་གྱུར་པས་ན་སྐྱེ་བར་འགྱུར་བས་དེ་ནི་འདྲ་བ་ཡིན་ནོ། །
དེ་ལ་རྐྱེན་གྱི་གནས་ས་བོན་ལ་བརྟེན་ནས་རྒྱུའི་རྐྱེན་འདོགས་སོ་ཞེས་བྱ་བ་ལ། ས་བོན་ཞེས་བྱ་བ་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལ་བྱ་སྟེ། གཞན་དག་ཏུ་ནི་བག་ཆགས་བདག་པོའི་རྐྱེན་ཡང་ཡིན་ནོ། །དེ་ལ་རྒྱུའི་གནས་དང་རྐྱེན་གྱི་གནས་བག་ཆགས་དང་མཐུན་པ་ལ་བརྟེན་ནས་རྣམ་
เล่ม ๑๓๒ · หน้า 126b
པར་སྨིན་པའི་འབྲས་བུ་དང་རྒྱུ་མཐུན་པའི་འབྲས་བུ་འདོགས་སོ་ཞེས་བྱ་བ་ལ། རྒྱུའི་གནས་ལས་ཀྱི་བག་ཆགས་ལ་བརྟེན་ནས་རྣམ་པར་སྨིན་པའི་འབྲས་བུ་འདོགས་པར་བྱེད་ཀྱི་མངོན་པར་བརྗོད་པའི་བག་ཆགས་ལ་ནི་མ་ཡིན་ཏེ། དེ་ལ་མངོན་པར་གྲུབ་པ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ལུང་དུ་མ་
བསྟན་པ་ནི་དམན་པའི་ཕྱིར་དགེ་བ་དང་མི་དགེ་བ་རྣམས་དང་མཐུན་པ་ཡིན་པར་སྔར་ཡང་རྣམ་པར་མ་བཞག་པ་རྣམ་པར་སྨིན་པའི་འབྲས་བུ་ནི་མཐུན་པ་མ་ཡིན་ནོ། །དེ་ལ་རྒྱུ་ནི་ཕན་པའི་དོན་ཏོ་ཞེས་བྱ་བ་ནི་ངེས་པའི་ཚིག་ཡིན་གྱི་དེ་མཚན་ཉིད་ནི་མ་ཡིན་ནོ། །ལྷག་མ་རྣམས་ནི་ཐབས་ཀྱི་རྒྱུའོ་ཞེས་བྱ་བ་ནི་
རྗེས་སུ་ཐ་སྙད་འདོགས་པ་ལ་སོགས་པ་དག་གོ། །འདི་ལྟ་སྟེ་མིག་གི་རྣམ་པར་ཤེས་པའིའོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་སྡེ་པ་དག་གིས་སྨྲས་པ། རྒྱུ་ནི་ལྷན་ཅིག་འབྱུང་བ་མེད་པ་ཁོ་ན་ཡིན་ཏེ། མིག་དང་གཟུགས་ནི་སྔ་ལ་དེ་ལས་རྣམ་པར་ཤེས་པ་འབྱུང་བ་ལ་སོགས་པའི་ཕྱིར་རོ། །
ཕ་རོལ་གྱི་སེམས་ཤེས་པ་ཡང་ད་ལྟར་བྱུང་བ་ལ་དམིགས་པའི་ཕྱིར་བ་དང་། རྒྱུར་བྱས་པའི་གཟུགས་ཀྱང་ལྷན་ཅིག་བྱུང་བ་ལ་བརྟེན་ནས་ཁས་བླངས་པའི་ཕྱིར་བ་དང་། དེ་འཕེལ་བ་དང་འགྲིབ་པར་འགྱུར་བ་ལ་སོགས་པ་དག་གིས་འདོད་ཀྱང་ལྷན་ཅིག་སྐྱེས་པའི་མར་མེ་རྟེན་པ་ཉིད་ཡིན་པའི་སྔ་མ་དག་
གིས་བསྒྲུབས་པའི་ཕྱིར་མེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནོ། །མིག་དང་གཟུགས་ནི་འདི་ལྟ་སྟེ་གནས་དང་དམིགས་པ་ཉིད་དུ་རྣམ་པར་ཤེས་པའི་རྒྱུའི་དངོས་པོ་ཙམ་དུ་ཟད་དོ། །སྐྱེད་པ་པོ་ནི་ལྷན་ཅིག་འབྱུང་བ་མ་ཡིན་པར་ཡང་འདོད་ལ་རག་གོ། །གཞན་ཡང་སྨྲ་བར་ནུས་
ཏེ། མིག་གི་རྣམ་པར་ཤེས་པ་ནི་འདས་པ་ལ་དམིགས་པ་མ་ཡིན་ཏེ། རྟོག་པ་མེད་པའི་ཕྱིར་ཏེ་སྒྲ་བཞིན་ནོ། །གང་འདས་པ་དེ་ནི་རྣམ་པར་རྟོག་པ་ཡིན་ཏེ། དཔེར་ན་དྲ་བ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །རྣམ་པར་རྟོག་པ་མ་ཡིན་པའི་རྣམ་པར་ཤེས་པའི་དམིགས་པ་འདས་མ་ཐག་པའི་
གཟུགས་ནི་ཡུལ་མ་ཡིན་ཏེ། འདས་པ་ཡིན་པའི་ཕྱིར་རོ། །འགགས་ནས་ལོ་བརྒྱ་ལོན་པའི་གཟུགས་བཞིན་ཏེ། སྐད་ཅིག་དེ་ལ་འགགས་པ་དང་འགགས་ནས་ལོ་བརྒྱ་ལོན་པ་ནི་དངོས་པོ་མེད་པའི་རང་བཞིན་ཉིད་ཡིན་པར་བྱེ་བྲག་མེད་དོ། །ལོག་པ་ནི་འདུས་མ་བྱས་པའོ། །གཞན་དག་རྗེས་སུ་
เล่ม ๑๓๒ · หน้า 127a
དཔག་པ་དེ་ལྟ་བུས་འཇིགས་ནས་སྨྲས་པ། དེ་ནི་དམིགས་པ་མ་ཡིན་གྱི་སྔོན་པོ་ལ་སོགས་པའི་རྐྱེན་གྱི་མཇུག་ཐོགས་ཁོ་ནར་སྔོན་པོ་ལ་སོགས་པར་སྣང་བ་འབྱུང་བ་ན་དེ་ལ་དམིགས་པ་ཞེས་བྱའོ་ཞེ་ན། དེའི་དམིགས་པའི་དངོས་པོ་ཡིན་པར་ཁས་མི་ལེན་ན་དེའི་རྐྱེན་གྱི་དངོས་པོ་གཞན་གང་
ཡིན་ཏེ། ཁྱེད་ཅག་ནི་དམིགས་པའི་དངོས་པོ་རང་གི་རྣམ་པར་འབྱུང་བ་ཁོ་ན་ཡིན་པར་སྨྲའོ། །རྒྱུ་ལྔ་པོ་དེ་དག་ནི་བསྡུ་བ་དང་། དུས་ཀྱི་རྣམ་པར་གཞག་གོ། །བསྡུ་བ་ཡང་དོན་དམ་པར་ཡོད་པ་དང་། བརྡར་བཏགས་པ་ཡོད་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །འགགས་མ་ཐག་པ་ནི་འདི་ལྟ་སྟེ་མངོན་པར་འགྲུབ་
པའི་རྒྱུའོ་ཞེས་བྱ་བ་ནི་མཇུག་ཐོགས་སུ་སྤྱོད་པར་འགྱུར་བ་སྟེ། བྱེ་བྲག་དེས་རྣམ་པར་གཞག་གོ། །འགགས་ནས་རིང་དུ་ལོན་པ་ནི་འདི་ལྟ་སྟེ། འཕེན་པའི་རྒྱུའོ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་འདུ་བྱེད་རྣམས་ཀྱི་བག་ཆགས་ཀྱི་འཇུག་པས་འབྲས་བུ་སྐྱེད་པར་བྱེད་པའོ། །སྡུག་པའི་རྒྱུ་ཞེས་བྱ་བ་ནི་དགེ་
བའི་བག་ཆགས་དང་མཐུན་པའི་ཕྱོགས་གཅིག་ཡིན་ནོ། །མི་སྡུག་པའི་རྒྱུ་ཞེས་བྱ་བ་ནི་མི་དགེ་བའི་བག་ཆགས་དང་མཐུན་པའི་ཕྱོགས་གཅིག་ཡིན་ནོ། །བརྟ་བའི་རྒྱུ་ཞེས་བྱ་བ་ནི་ཟས་ཀྱིས་བསྡུས་པ་སྟེ། མི་མཐུན་པའི་ཕྱོགས་གཅིག་ཁོ་ན་ཡིན་ནོ། །འཇུག་པའི་རྒྱུ་ཞེས་བྱ་བ་ནི་མི་མཐུན་པའི་རྒྱུ་དང་དེ་ཁོ་
ན་ལ་ལྟ་བའི་རྒྱུ་མ་གཏོགས་པ་དེ་ལས་གཞན་པའོ། །ལྡོག་པའི་རྒྱུ་ཞེས་བྱ་བ་ནི་མ་གཏོགས་པ་གང་ཡིན་པ་གཉིས་སོ། །འདི་ལྟ་སྟེ་མི་རྟག་པའི་རྒྱུ་ཡིན་གྱི་ཞེས་བྱ་བ་ལ། ཁ་ཅིག་ན་རེ་རྟག་པ་ཞེས་བྱ་བ་ནི་མེད་པར་དགག་པ་ལ་བྱ་སྟེ། དེའི་ཕྱིར་རྟག་པའི་ཆོས་ནི་སྐྱེ་བའི་རྒྱུ་ལ་སོགས་པས་གང་གི་རྒྱུར་
ཡང་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་རྣམ་པར་འགྲེལ་པར་བྱེད་དོ། །དེ་ལྟ་མ་ཡིན་དུ་ཟིན་ན་སྐྱེས་ལ་འགགས་པ་ཞེས་བྱ་བ་དེ་དང་ཁྱད་པར་མེད་པར་འགྱུར་རོ། །འདི་ལྟར་སྐྱེས་ལ་འགགས་པ་ཞེས་བྱ་བ་ནི་སྐྱེ་བ་དང་འགགས་པ་དང་ལྡན་པ་ཡིན་ནོ་ཞེས་འཆད་དོ། །འདས་པ་ནི་དངོས་པོ་མེད་
པའི་ཕྱིར་རྒྱུའི་དངོས་པོ་མེད་པ་ཡིན་ནོ་ཞེས་ཟེར་རོ། །མི་རྟག་པའི་ཆོས་མི་རྟག་པའི་རྒྱུར་འགྱུར་བ་ཡང་ཞེས་བྱ་བ་ནི་མ་ཡིན་པར་དགག་པར་འགྱུར་ཏེ། མི་རྟག་པ་ཉིད་རྒྱུ་ཡིན་ནོ་ཞེས་བྱ་བ་འདིས་ནི་སྔ་མ་ཉིད་གཏན་ལ་འབེབས་པར་བྱེད་དོ། །སྐྱེས་ལ་འགགས་པ་ཞེས་གང་འབྱུང་བ་དེས་ནི་འདས་པ་ཉིད་བརྗོད་
เล่ม ๑๓๒ · หน้า 127b
པ་ཡིན་ཏེ། རྒྱུའི་ཁྱད་པར་བརྗོད་པར་འདོད་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །ཡང་ཁ་ཅིག་ན་རེ་ཇི་ལྟར་འདས་པ་ནི་དངོས་པོ་མེད་པ་ཡིན་ཡང་བག་ཆགས་ལ་སོགས་པའི་ཚུལ་གྱི་རྒྱུ་ཡིན་པ་དེ་བཞིན་དུ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །རྟག་པ་ནི་གང་གི་རྒྱུར་ཡང་མི་འགྱུར་རོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་རྒྱུའི་དོན་
རྣམ་པ་བཅུ་པོ་དག་ཏུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་ཡོངས་སུ་འཛིན་པའི་རྒྱུ་ནི་དབང་པོ་དང་ཡུལ་ལ་སོགས་པ་དག་ཡིན་ནོ་ཞེས་མ་སྨོས་སོ་ཞེ་ན། དེའི་ཡུལ་ནི་འདུས་བྱས་ཡིན་པར་འདོད་དེ། ཡོངས་སུ་འཛིན་པའི་དོན་ཡིན་པར་སྨྲས་པའི་ཕྱིར་རོ། །དེ་ལྟ་ན་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པར་འགྱུར་
རོ། །ཡང་ཁ་ཅིག་ན་རེ་གཞན་ཡང་རྒྱུ་ནི་རྣམ་པ་བདུན་དུ་གཞག་པ་ཡིན་ཏེ་ཞེས་བྱ་བའི་ཚིག་དེ་ནི་འདྲེན་པ་དང་། འཕེན་པ་དང་། མངོན་པར་འགྲུབ་པའི་རྒྱུ་ལས་བསམས་པ་ཡིན་ཏེ་འདི་ལྟར་ཕྱི་མའི་རྒྱུར་གྱུར་གྱི་སྐད་ཅིག་དེ་ཉིད་ཀྱི་མ་ཡིན་པ་ལ་སོགས་པས་དེ་ལས་གཞན་པའི་རྒྱུ་དག་ལས་ཁྱད་པར་དུ་བསྟན་
པ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དངོས་པོ་ཡིན་པའི་ཕྱིར་དེ་ནི་སྐྱེད་པའི་རྒྱུའི་མཚན་ཉིད་ཁོ་ན་ཡིན་ཏེ། དེའི་ཕྱིར་འདི་ལྟར་མི་རྟག་པའི་ཆོས་མི་རྟག་པའི་རྒྱུར་འགྱུར་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ་ཞེས་ཟེར་རོ། །སྐྱེས་ལ་འགགས་པ་ཞེས་བྱ་བ་དེས་ནི་མ་འོངས་པ་འགོག་པར་བྱེད་དོ། །ཁ་
ཅིག་ན་རེ་སྐྱེས་ལ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བྱའོ། །འགགས་པ་ཞེས་བྱ་བ་ནི་འདས་པ་ལ་བྱའོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དེ་ནི་འདས་པ་ཁོ་ན་ཡིན་པར་གསུངས་སོ་ཞེས་ཀྱང་ཟེར་རོ། །ཡང་ཁ་ཅིག་ན་རེ་སྐྱེས་ལ་མ་འགགས་པ་ཞེས་བྱ་བར་བརྗོད་དེ། དེ་དག་གི་རྣམ་པར་རྟོག་པ་ཡང་གཉིས་ཏེ།
ད་ལྟར་བྱུང་བ་དང་འདས་པ་དག་ད་ལྟར་བྱུང་བ་ཡིན་པར་རྟོག་གོ། །མི་རྟག་པའི་ཆོས་མི་རྟག་པའི་རྒྱུར་འགྱུར་བ་ཡང་ཞེས་བྱ་བ་ལ། ཇི་ལྟར་ན་འཐོབ་པའི་རྒྱུ་ལ་འབྲས་བུ་མི་རྟག་པར་ཇི་ལྟར་འགྱུར། སེམས་དང་སེམས་ལས་བྱུང་བ་རྣམ་པར་གྲོལ་བའི་བྱེད་པ་ཡིན་པའི་ཕྱིར་རོ། །དངོས་པོ་གཞན་
ཞེས་བྱ་བ་ལ། དངོས་པོ་གཞན་གྱི་ནི་དུས་མཉམ་པའམ་དུས་ཕྱི་མའི་རྒྱུ་ཡིན་ནོ། །རང་གི་ངོ་བོ་ཕྱི་མའི་རྒྱུར་འགྱུར་གྱི་ཞེས་བྱ་བ་ལ། རང་གི་ངོ་བོ་ལ་ནི་ཕྱི་མའི་རྒྱུར་འགྱུར་ཏེ། དཔེར་ན་མིག་ནི་མཇུག་ཐོགས་སུ་འབྱུང་བའི་མིག་གི་རྒྱུ་ཡིན་པ་ལྟ་བུའོ། །དེས་ནི་སྔར་འབྱུང་བར་སེམས་པར་སྨྲ་བ་དག་གིས་
เล่ม ๑๓๒ · หน้า 128a
ཉེས་པའི་ལན་ཡང་བཏབ་པ་ཡིན་ནོ། །དེ་བས་ན་སྐད་ཅིག་དེ་ཉིད་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཁོ་ན་དང་སྦྱར་བ་ཡིན་ནོ། །སྔ་མ་ལས་གྱུར་ན་བྱེད་ཀྱི་མ་གྱུར་པར་མི་བྱེད་དོ་ཞེས་བྱ་བ་ནི་རྐྱེན་གྱི་རྒྱུར་འགྱུར་བར་བྱེད་པ་ན་འབྲས་བུའི་རྐྱེན་གྱི་བྱ་བ་བྱེད་པ་ལ་བྱའོ། །མཐུན་ཞིང་
འཕྲོད་པ་ལས་འབྱུང་གི་ཞེས་བྱ་བ་ནི་དེ་ཡང་མཐུ་ཡིན་ཏེ། གལ་ཏེ་མཐུན་པར་གྱུར་ན་ནི་རང་དང་མཐུན་པར་སྐྱེ་བའི་ཕྱིར་རོ། །འཕྲོད་པར་འགྱུར་ན་ནི་གཞན་གྱིས་སྐྱེད་པའི་རྐྱེན་གྱིས་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་ལ་མཚན་ཉིད་གདགས་པ་རྣམ་པར་གཞག་པ་གང་ཞེ་ན་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་
ནི་ཁམས་དང་མཚན་ཉིད་ཚུལ་བཞིན་དང་ཞེས་བྱ་བ་དེ་ལ་མཚན་ཉིད་གདགས་པ་རྣམ་པར་གཞག་པ་གང་ཞེ་ན་ཞེས་བྱ་བར་སྦྱར་རོ། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་ལུས་གང་ཞེ་ན། རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་མི་རྟོགས་པ་ནི་སེམས་པའི་ལུས་ཡིན་ལ་ཞེས་བྱ་བ་ལ། དམིགས་པ་
མངོན་པར་མི་རྟོགས་པ་ཞེས་བྱ་བ་ནི་ཉེ་བར་བརྟག་པར་བྱ་བའི་དངོས་པོ་ལ་ངེས་པར་མི་རྟོག་པ་སྟེ། དེའི་ཚེ་ན་ཤེས་རབ་མེད་པའི་སེམས་པ་འབའ་ཞིག་ལ་གདགས་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་རྟོགས་པ་ནི་ཤེས་པའི་ལུས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེའི་ཚེ་ན་སེམས་
པ་ཡང་ཡོད་མོད་ཀྱི་གཙོ་བོ་མ་ཡིན་ཏེ། བྱ་བ་བྱེད་པའི་ཚེ་ན་ཤེས་རབ་ཀྱིས་སྐབས་རྙེད་པས་ཟིལ་གྱིས་ནོན་པའི་ཕྱིར་རོ། །དེའི་ཕྱིར་དེའི་ཚེ་ན་སེམས་པ་དེ་ལ་རྟོག་པ་དང་དཔྱོད་པར་གདགས་པ་མེད་དོ། །འདི་ལྟར་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ནི་ཡང་དག་པའི་རྟོག་པ་ཁོ་ན་ཡིན་ནོ་ཞེས་འོག་ནས་
ཀྱང་འབྱུང་ངོ་། །འདི་ལ་ལུང་ནི་བསམ་གཏན་པ་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ་ལས་བཙུན་པ་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དངོས་པོ་གང་ལགས། དགེ་སློང་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དངོས་པོ་ནི་སེམས་པ་དང་ཤེས་རབ་ཡིན་ནོ། །བཙུན་པ་རྟོག་པ་དང་དཔྱོད་པ་རྣམས་ཀྱི་གདགས་པ་
གང་ལགས། དགེ་སློང་རྟོག་པ་དང་དཔྱོད་པ་རྣམས་ཀྱི་གདགས་པ་ནི་ཡིད་ལ་བརྗོད་པའི་སྒོ་ནས་འཇུག་པའི་སེམས་པ་དང་ཤེས་རབ་ཡིན་ནོ་ཞེས་གསུངས་པའོ། །ཅི་རྟོག་པ་དང་དཔྱོད་པ་དག་སེམས་གཅིག་ལ་ཡོད་དམ་ཞེ་ན། གལ་ཏེ་སྐད་ཅིག་ལས་བརྩམས་ཏེ་སྨྲ་ན་ནི་མེད་དེ། གཅིག་ནི་ཡོངས་
เล่ม ๑๓๒ · หน้า 128b
སུ་ཚོལ་བའི་རྣམ་པ་ཡིན་པའི་ཕྱིར་བ་དང་། ཅིག་ཤོས་ནི་སོ་སོར་རྟོག་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐ་དད་པ་ཡིན་པའི་ཕྱིར་ཚོར་བ་དང་འདུ་ཤེས་བཞིན་དུ་མཚུངས་པར་ལྡན་པ་ཁོ་ན་མ་ཡིན་ནམ་ཞེ་ན། དེ་གཉིས་ནི་མཚུངས་པར་ལྡན་པར་རིགས་ཏེ། རྫས་ཐ་དད་པ་ཡིན་པའི་ཕྱིར་བ་དང་། དུས་
མི་མཐུན་པ་མེད་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་གཉིས་ནི་མ་ཡིན་ཏེ། རྫས་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བ་དང་། དོན་ཡོངས་སུ་བཙལ་ནས་དེའི་འོག་ཏུ་སོ་སོར་རྟོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུན་ལས་བསམས་ཏེ་སྨྲ་ན་ནི་དེའི་ཕྱིར་ཡོད་དོ། །དེ་ལ་ཡང་མདོ་དེ་ཉིད་ལས་བཙུན་པ་
རྟོག་པ་དང་དཔྱོད་པ་དག་ཇི་ལྟར་རྗེས་སུ་འཇུག་པར་འགྱུར། དགེ་སློང་རྒྱུན་གྱིས་ནི་རྟོག་པ་དང་དཔྱོད་པ་དག་ན་སེམས་གཅིག་ལ་རྗེས་སུ་འཇུག་པར་འགྱུར་གྱི། སྐྱེ་བས་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་
ཚོགས་ལ་བརྟེན་པའི་དོན་ནི་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་ཚོགས་ལ་བརྟེན་པའི་དོན་ཞེས་བྱ་བ་ནི་དེ་དག་གིས་བརྗོད་པར་བྱ་བའོ། །ཇི་ལྟར་ན་དེ་དག་གིས་དམིགས་པ་ཡིན་ཞེ་ན། དེ་ནི་རྣམ་པ་དང་འབྲེལ་པས་ཡུལ་ལ་འཇུག་པའི་ཕྱིར་ཏེ། དེ་བས་ན་ཡིད་ལ་བརྗོད་པ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པ་ལ་
སོགས་པ་དག་ལ་ཇི་ལྟར་རུང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པས་འཕངས་པའི་ཕྱིར་ཏེ། ཞེ་སྡང་ལ་སོགས་པ་བཞིན་ནོ། །ཁ་ཅིག་ན་རེ་ཉེ་བར་གནས་པ་ལས་བྱུང་བ་ལས་ནི་དེ་དག་མི་སྲིད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཉེ་བར་གནས་པ་ལས་བྱུང་བ་ཡང་མངོན་པར་བརྗོད་པ་དང་འབྲེལ་པ་ཁོ་
ནས་དོན་ལ་འཇུག་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེའི་དོན་མངོན་པར་བརྗོད་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ལ་ཡིད་ཀྱི་རྣམ་པར་ཤེས་པས་སྔོན་པོའོ་ཞེས་ངེས་པར་བྱ་ཞིང་སྒྲོ་འདོགས་པར་ཡང་མི་རིགས་སོ་ཞེས་ཟེར་རོ། །དཔེར་ན་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ངས་འདི་ལྟ་བུ་དང་མངོན་པར་རྫོགས་པར་ཁོང་དུ་
ཆུད་དོ་ཞེས་མངོན་པར་རྟོགས་པ་མངོན་པར་འཇོག་པར་བྱེད་ཀྱང་། མངོན་པར་རྟོགས་པ་ལ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་འདི་ལ་ཡང་རུང་བར་འགྱུར་བ་མ་ཡིན་ནམ། འདི་ལྟར་རྣལ་འབྱོར་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་འདི་ལྟ་བུ་ཁོ་ནར་རྟོགས་པ་མ་ཡིན་ཏེ། འོན་ཀྱང་ཐབས་བྱུང་བ་དེ་དག་གིས་
เล่ม ๑๓๒ · หน้า 129a
རྟོགས་པར་བྱེད་པ་ཡིན་ནོ། །སྔ་མ་ཡང་དེ་ལྟ་བུ་ཡིན་ཏེ། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་ནི་དེ་ལྟ་བུ་ཁོ་ནར་རྟོགས་པ་མ་ཡིན་ཏེ། དེ་ནི་མྱོང་བ་དང་བརྡའི་ཐབས་ཀྱིས་དེའི་འོག་ཏུ་རྣམ་པར་འཇོག་པར་བྱེད་དོ་ཞེ་ན། དེ་ནི་མི་རུང་སྟེ། མིག་གི་རྣམ་པར་ཤེས་པ་ལ་སྔོན་པོར་སྣང་བའི་
མཇུག་ཐོགས་སུ་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེའི་རྣམ་པ་དང་འདྲ་བར་ཁས་བླངས་པའི་ཕྱིར་རོ། །དེ་དང་མཐུན་པའི་ཕྱིར་སྔ་མ་ལ་ཡང་མངོན་པར་བརྗོད་པ་ཡོད་པར་རྗེས་སུ་དཔག་ཏུ་རུང་ངོ་། །དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་རྗེས་ལས་ཐོབ་པའི་ཡེ་ཤེས་གཉིས་ལ་ནི་འདྲ་བ་ཆུང་ཟད་ཀྱང་མེད་དེ། གཅིག་
ནི་ཤིན་ཏུ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་བ་དང་། ཅིག་ཤོས་ནི་གཟུང་བ་དང་འཛིན་པར་སྒྲོ་འདོགས་པ་ཡིན་པའི་ཕྱིར་རོ། །དམིགས་པ་དེ་ཉིད་ལ་གཏོད་ཅིང་ཞེས་བྱ་བ་ནི་མཚན་མ་ལ་སེམས་ཀྱིས་ཡོངས་སུ་ཚོལ་བ་སྟེ། ངེས་པར་རྟོག་པ་གང་ཡིན་པའོ། །བྱེ་བྲག་ཏུ་གཏོད་པ་ཞེས་བྱ་བ་ནི་དེ་བཞིན་དུ་སོ་སོར་
རྟོག་ཅིང་མཇུག་སྡུད་པར་བྱེད་པའོ། །མངོན་པར་རྟོགས་པའི་དུས་ན་ནི་ཡོངས་སུ་བརྩལ་བ་ལས་ངེས་པར་རྟོག་གོ། །མངོན་པར་མི་རྟོགས་པ་ལ་ནི་ཡོངས་སུ་བརྩལ་བ་ལས་ངེས་པར་རྟོག་པ་མེད་དེ་ཀུན་ནས་སློང་བ་ཙམ་དུ་ཟད་དོ། །དེ་ལྟར་ན་དེ་གཉིས་ནི་ཤེས་རབ་དང་སེམས་པའི་རྗེས་སུ་འཇུག་པ་དང་གོ་རིམས་
བཞིན་དུ་བསྟན་པ་ཡིན་ནོ། །ངག་ཀུན་ནས་སློང་ངོ་ཞེས་བྱ་བ་ནི་ཚིག་ཀུན་ནས་སློང་བར་བྱེད་པ་ལ་བྱའོ། །ཡང་ན་དེ་དག་ལས་ངག་ཀུན་ནས་འབྱུང་བ་སྟེ། དེ་དག་སྔོན་དུ་འགྲོ་ཞིང་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རབ་ཏུ་དབྱེ་བ་རྣམ་པ་བདུན་ཏེ། མཚན་མ་ཅན་དང་མཚན་མ་ཅན་མ་ཡིན་པ་ནས། ཉོན་མོངས་
པ་ཅན་མ་ཡིན་པའི་བར་དུ་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མཚན་མ་ཅན་དང་། མཚན་མ་ཅན་མ་ཡིན་པ་དང་། རང་གི་ངང་གིས་འཇུག་པ་དང་། ཚོལ་བ་པ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ལ་བྱའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཞེས་བྱ་བ་ལ། འཇིག་རྟེན་པའི་ཁ་
ཅིག་ལ་ཡང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཁམས་གསུམ་པའི་ཡང་རྣམ་པར་རྟོག་པ་མེད་ལ། རྟོག་པ་དང་དཔྱོད་པ་མེད་པ་ཡང་ཡོད་དོ། །མངོན་པར་རྟོགས་པ་དང་སོ་སོར་རྟོག་པ་ནི་བསམ་གཏན་གཉིས་པ་ལ་སོགས་པ་དག་ལ་ཡང་ཡོད་ན་ཅིའི་ཕྱིར་དེ་དག་ཀྱང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་
เล่ม ๑๓๒ · หน้า 129b
མ་ཡིན་ཞེ་ན། ལངས་པ་ན་ཡོད་པ་ཁོ་ན་ཡིན་ལ་ཡང་མཉམ་པར་གཞག་པ་ན་མེད་པའི་ཕྱིར་རོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ལས་གཞན་པ་དག་ལ་བྱའོ། །སྡུག་བསྔལ་གྱི་སྤྱོད་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གནོད་པར་གྱུར་པ་ལས་བྱུང་བ་རྣམས་ལ་བྱའོ། །ཡིད་མི་བདེ་བ་དང་
ལྡན་པ་ཞེས་བྱ་བ་ལ། ཅིའི་ཕྱིར་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བ་སྨོས་ཤེ་ན། ཁ་ཅིག་ན་རེ་ཡུལ་མི་འདོད་པ་ལ་སྣ་ཚོགས་རྒྱུན་དུ་འབྱུང་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཤུགས་ཀྱིས་འཇུག་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ལ་
སྡུག་བསྔལ་ཡོད་མོད་ཀྱི་བརྗོད་པའི་གནོད་པ་ཡོད་པའི་ཕྱིར་དེ་ལ་ཤུགས་ཀྱིས་རྟོག་པ་དང་དཔྱོད་པ་དག་ནི་མེད་པས་ན་དེའི་ཕྱིར་དེ་དག་སྡུག་བསྔལ་དང་ལྡན་པ་ཞེས་མི་བྱའོ་ཞེས་ཟེར་རོ། །ཡི་དགས་རྫུ་འཕྲུལ་ཆེ་བ་རྣམས་ཞེས་བྱ་བ་ནི་དུད་འགྲོ་ཁ་ཅིག་ལ་ཡང་བརྗོད་པར་བྱ་སྟེ། དེ་དང་འདྲ་བས་ན་སྔར་ཡང་ཕྱོགས་གཅིག་
ཏུ་བྱས་པའི་ཕྱིར་བརྗོད་པ་ཁོ་ན་ཡིན་ནོ། །གཅིག་ཏུ་ངེས་པར་ནང་གི་སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་ཞེས་བྱ་བ་ལ། ནང་གི་ཞེས་བྱ་བ་ནི་བསམ་གཏན་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ངེས་པར་བདེ་བ་དང་མི་འབྲལ་བར་འདོད་པ་ཞེས་བྱ་བ་ནི་བདེ་བ་ཐོབ་པ་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་བཞིན་ཡིད་
ལ་བྱེད་པ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི། ཁམས་དང་མཚན་ཉིད་ཚུལ་བཞིན་དང་ཞེས་བྱ་བ་དེ་ལ་འདིར་ཚུལ་བཞིན་ཡིད་ལ་བྱེད་པ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན་ཞེས་བྱ་བ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །གནས་རྣམ་པ་དྲུག་སྟེ། འདི་ལྟ་སྟེ།
ངེས་པའི་དུས་དང་། ལྡོག་པའི་དུས་དང་། ལས་ཀྱི་དུས་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་དང་། སེམས་ཅན་ལ་ཕན་འདོགས་པའི་དུས་སོ་ཞེས་བྱ་བ་ལ། དང་པོ་ནི་དད་པ་དང་མཚུངས་པར་ལྡན་པའི་རྟོག་པ་དང་
དཔྱོད་པ་རྣམས་ཀྱིའོ། །གཉིས་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མཚུངས་པར་ལྡན་པ་རྣམས་ཀྱིའོ། །གསུམ་པ་ནི་བརྩོན་འགྲུས་དང་བཅས་ཤིང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་རྣམས་ཀྱིའོ། །བཞི་པ་ནི་ཤིན་ཏུ་སྦྱངས་པ་དང་མཚུངས་པར་ལྡན་པ་རྣམས་ཀྱིའོ། །ལྔ་པ་ནི་བག་ཡོད་པ་
เล่ม ๑๓๒ · หน้า 130a
དང་བཏང་སྙོམས་དང་མཚུངས་པར་ལྡན་པ་རྣམས་ཀྱིའོ། །དྲུག་པ་ནི་རྣམ་པར་མི་འཚེ་བ་དང་མཚུངས་པར་ལྡན་པ་རྣམས་ཀྱི་གནས་ཡིན་ནོ། །ཇི་ལྟར་ན་ངེས་པའི་དུས་དང་དད་པའི་གནས་ཡིན་ཞེ་ན། དད་པས་ནི་མོས་པར་དཀའ་བ་ལ་ཡང་དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་
ནོ་ཞེས་མོས་པར་བྱེད་ལ་མོས་པ་ནི་ངེས་པ་ཡིན་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དངོས་པོ་གང་ཞེ་ན། དངོས་པོ་བརྒྱད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། ཐོས་པ་
ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། དེ་ལས་གཞན་པའི་བསྒོམས་པ་ལས་བྱུང་བ་དང་། སོ་སོར་བརྟགས་པ་ལས་བྱུང་བ་དང་། སེམས་ཅན་ལ་ཕན་འདོགས་པ་ལས་བྱུང་བའོ་ཞེས་བྱ་བ་ལ། དང་པོ་དད་པས་མངོན་པར་བསྒྲུབས་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དངོས་པོའོ། །ལྷག་མ་རྣམས་ནི་
ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་བསྒྲུབས་པ་དང་། མ་ཆགས་པ་དང་ཞེ་སྡང་མེད་པས་བསྒྲུབས་པ་དང་། གཏི་མུག་མེད་པས་བསྒྲུབས་པ་དང་། བརྩོན་འགྲུས་ཀྱིས་བསྒྲུབས་པ་དང་། ཤིན་ཏུ་སྦྱངས་པས་བསྒྲུབས་པ་དང་། བག་ཡོད་པ་དང་བཏང་སྙོམས་ཀྱིས་བསྒྲུབས་པ་དང་། རྣམ་པར་མི་འཚེ་བས་བསྒྲུབས་
པའི་དངོས་པོ་རྣམས་ཏེ་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལས་གཞན་པའི་བསྒོམས་པ་ལས་ཞེས་འབྱུང་བ་ཞེས་བྱ་བ་ལ། དེ་ལས་གཞན་པའི་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་དག་མ་གཏོགས་པའིའོ། །དངོས་པོ་བརྒྱད་དག་ཀྱང་མི་དགེ་བའི་རྩ་བའི་གཉེན་པོ་དང་། ཤིན་ཏུ་དག་པས་མ་ཡིན་
པ་དང་། ཤིན་ཏུ་དག་པ་དང་། ལྟ་བ་དང་། སྒྲིབ་པ་རྣམ་པར་དག་པ་སྟེ། དེ་དག་ཀྱང་ཚིག་གཉིས་དང་། གསུམ་དང་། གཅིག་དང་། གཅིག་དང་གོ་རིམས་བཞིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་ཚལ་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་ཅེས་
བྱ་བ་ལ། འདི་ལྟར་འདི་ན་ཁ་ཅིག་ཅེས་བྱ་བའི་ཚིག་ནི་དཔེར་ན་བརྗོད་པ་ཙམ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་རོ། །ཆགས་པ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པ་ལ་བྱའོ། །ཞེན་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྒྱུར་འབྲེལ་པ་ལ་བྱའོ། །མཚུངས་པ་ཞེས་བྱ་བ་ནི་ལྷག་པར་ཡོངས་
เล่ม ๑๓๒ · หน้า 130b
སུ་འཛིན་པ་ལ་བྱའོ། །མདུད་པ་བོར་བ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྒྱུར་འབྲེལ་པ་ལ་བྱའོ། །བརྒྱལ་བ་ཞེས་བྱ་བ་ནི་ཆེས་ལྷག་པ་ལ་བྱའོ། །ལྷག་པར་ཆགས་པ་ཞེས་བྱ་བ་ནི་བརྒྱལ་ནས་དེའི་བླ་མའི་ཚིག་མི་ཉན་པ་ལ་སོགས་པ་ལ་བྱའོ། །ལྷག་པར་ཆགས་པར་གྱུར་པ་ཞེས་བྱ་བ་དེ་ཉིད་ཀྱི་རྒྱུན་དང་འབྲེལ་པ་ལ་
བྱའོ། །ཉེས་དམིགས་སུ་མི་ལྟ་བ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ཉིད་མཚན་དུ་ངོམས་མི་མྱོང་བར་ཞིང་དེ་ལ་གཞོལ་བར་བྱེད་པ་ལ་བྱའོ། །ངེས་པར་འབྱུང་བ་མི་ཤེས་བཞིན་དུ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ལ་བྱ་སྟེ། དེ་དག་ལས་བཟློག་པ་ནི་ཆགས་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་དང་
གོ་རིམས་བཞིན་དུ་སྦྱར་རོ། །ཡང་དག་པར་སྒྲུབ་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་མར་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མར་འཛིན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ནི་བླ་མའི་གནས་དང་། དེ་ལས་གཞན་པའི་གནས་ལ་མཆོད་པ་བྱ་བ་ལས་བརྩམས་པ་ཡིན་ཏེ། དེ་ལ་བླ་མ་རྣམས་ནི་
ཕན་འདོགས་པས་གཙོ་བོ་རྣམས་དང་། ཡོན་ཏན་གྱིས་གཙོ་བོ་རྣམས་དང་། རིགས་ཀྱིས་གཙོ་བོ་རྣམས་ཏེ། དེ་དག་ལ་བསམ་པ་ཐག་པ་ནས་མཆོད་པ་བྱ་བའི་ཕྱིར་ཏེ་ཚིག་ལྔས་བསྟན་ཏོ། །སྦྱོར་བ་ནི་ཚིག་གཅིག་གིས་སོ། །དེ་མར་འཛིན་པ་ཞེས་བྱ་བ་ནི་མ་དང་། རྗེས་སུ་མཐུན་པར་བྱེད་པའི་ཕྱིར་ཏེ། དཔེར་ན་ཡིད་དུ་འོང་བ་བཞིན་ནོ། །
ཕར་འཛིན་པ་ཞེས་བྱ་བ་ཡང་དེ་དང་འདྲའོ། །དགེ་སྦྱོང་དུ་འཛིན་པ་ཞེས་བྱ་བ་ནི་དགེ་སྦྱོང་རྣམས་ལེགས་པར་བྱེད་དོ། །བྲམ་ཟེར་འཛིན་པ་ཞེས་བྱ་བ་ཡང་དེ་དང་འདྲའོ། །རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་ཞེས་བྱ་བ་ལ། རིགས་ཀྱི་གཙོ་བོ་རྣམས་ནི་ཕུ་བོ་ལ་སོགས་པ་དག་སྟེ། དེ་དག་ལ་ཞེས་བྱ་བ་ལ་
སོགས་པ་བྱེད་པ་ནི་དེ་དག་ལ་རིམ་གྲོ་བྱེད་པ་ཡིན་ནོ། །དོན་བྱེད་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བྱ་བ་སྒྲུབ་པར་བྱེད་པ་ལ་བྱའོ། །དེ་ལས་གཞན་པ་ལ་མཆོད་པ་བྱེད་པ་ཞེས་བྱ་བ་ནི་ཐབས་གང་གིས་བྱེད་པ་དང་། ཅི་ཞིག་བྱེད་པ་སྟེ། དེ་དག་ཀྱང་བྱ་བ་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ཡོངས་སུ་བསྟན་ཏེ།
དེ་ལ་ཐབས་ནི་རིགས་པས་བྱེད་པ་ཡིན་པའི་ཕྱིར་བྱ་བ་བྱེད་པ་ཁོ་ན་ཡིན་ནོ། །ལྟོས་པ་ནི་འཇིག་རྟེན་གཉིས་ཀར་ཡང་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་ཉིད་ཡིན་ཏེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་ཞེས་བྱ་བའོ། །ཅི་ཞིག་བྱེད་ཅེ་ན། སྦྱིན་པ་དག་
เล่ม ๑๓๒ · หน้า 131a
སྦྱིན་ཞིང་བསོད་ནམས་དག་བྱེད་པ་ཞེས་བྱ་བ་ལ་སོགས་པ་དག་གོ། ཡང་སྦྱིན་བདག་གི་མཚན་ཉིད་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བའི་མདོ་ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་དགེ་སྦྱོང་
རྣམས་དང་། བྲམ་ཟེ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། འདྲེན་པ་རྣམས་དང་། སློང་མོ་རྣམས་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། བཞོན་པ་དང་། གོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། གནས་དང་། མར་མེ་སྦྱིན་པ་དག་སྦྱིན་
པར་བྱེད་དེ། དེའི་འབྲས་བུ་ནི་ལོངས་སྤྱོད་ཡིན་ནོ་ཞེས་བྱ་བ་གསུངས་པའི་མདོ་སྡེའི་དུམ་བུ་ཡིན་ཏེ། འདོད་པ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པ་ནི་དེའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྦྱིན་པ་པོ་ཞེས་བྱ་བའོ་ཞེས་གང་གསུངས་པ་ལ་བྱའོ། །ཕྱོགས་མི་འཛིན་པ་ཞེས་བྱ་བ་ནི་གང་དགེ་སློང་དང་བྲམ་ཟེ་རྣམས་དང་ཐམས་ཅད་
ལ་སྦྱིན་པ་སྦྱིན་པར་བྱེད་པ་ལ་བྱའོ། །ཕོངས་པ་སེལ་བ་ཞེས་བྱ་བ་ནི་གང་ཟས་དང་སྐོམ་ལ་སོགས་པས་ཕོངས་པ་དག་ལ་ཟས་དང་སྐོམ་ལ་སོགས་པའི་སྦྱིན་པ་སྦྱིན་པར་བྱེད་པ་ལ་བྱའོ། །ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་གང་གིས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཡིན་པར་ཤེས་པ་ལ་བྱའོ། །ཚུལ་ཁྲིམས་
དང་ལྡན་པའི་མཚན་ཉིད་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་པའི་མདོ་ལས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན་ཞེས་བྱ་བ་རྒྱ་ཆེར་གསུངས་པ་མདོར་བསྡུས་ཏེ་བརྗོད་པར་བྱ་ན། འདི་ལ་སྟོན་པ་འཇིག་རྟེན་དུ་བྱུང་ཞིང་དམ་པའི་ཆོས་ཐོག་
མར་དགེ་བ་ལ་སོགས་པའི་བར་དག་སྟོན་པར་མཛད་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཆོས་དེ་ཉན་པར་བྱེད་དོ། །དེས་ཆོས་དེ་ཐོས་ནས་ཀྱང་དད་པ་རབ་ཏུ་འཐོབ་པ་དང་། རབ་ཏུ་བྱུང་བའི་བར་དང་། སྲོག་གཅོད་པ་སྤོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་བར་དང་། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་
ལྡན་པས་དབང་པོ་རྣམས་ཀྱི་སྒོ་གཅོད་དེ་དྲན་པ་ཀུན་ཏུ་སྲུང་ཞིང་གནས་སོ་ཞེས་བྱ་བ་ལ་སོགས་པ་དང་། ཚུལ་ཁྲིམས་དེའི་འབྲས་བུ་ནི་མཐོ་རིས་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པའི་མདོ་སྡེའི་དུམ་བུ་ཡིན་ཏེ། འདོད་པ་ཞེས་བྱ་བ་ནི་དད་པ་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལ་བྱའོ། །ཆུ་ལོན་
เล่ม ๑๓๒ · หน้า 131b
གྱི་གློན་པ་ཞེས་བྱ་བ་དེ་སྲོག་གཅོད་པ་སྤོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བྱའོ། །ཀུན་ཏུ་མི་སྤྱོད་པ་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་སྒོ་བཅད་དེ་དྲན་པ་ཀུན་ཏུ་སྲུང་ཞིང་གནས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལ་བྱ་སྟེ། དེའི་འགྲོ་བ་དང་འདུག་པའི་གནས་སྐབས་དག་ལ་འཆལ་པའི་ཚུལ་ཁྲིམས་
ཀུན་ཏུ་འབྱུང་བ་མེད་པའི་ཕྱིར་རོ། །ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་གང་གིས་ཚུལ་ཁྲིམས་ཀྱི་འབྲས་བུ་མཐོ་རིས་ཡིན་པར་ཤེས་པ་ལ་བྱའོ། །སྒོམ་པ་པོའི་མཚན་ཉིད་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ཡང་། འདི་ལྟར་འདི་ན་ཁ་ཅིག་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་
མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་པར་བྱས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་
ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེའི་རྣམ་པར་སྨིན་པ་ཡང་ཚངས་པའི་འཇིག་རྟེན་ཡིན་ནོ་ཞེས་
གསུངས་པའི་མདོ་སྡེའི་དུམ་བུ་ཡིན་ཏེ། དེ་ལ་བསམ་པ་རྣམ་པར་དག་པ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བྱའོ། །ཉེ་བར་སྦྱོར་བ་རྣམ་པར་དག་པ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་
འདི་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ལ་བྱའོ། །ཤེས་པ་རྣམ་པར་དག་པ་ཞེས་བྱ་བ་ནི་གང་གིས་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་རྣམ་པར་སྨིན་པ་ཚངས་པའི་འཇིག་རྟེན་ཡིན་པར་ཤེས་པ་ལ་བྱའོ། །ད་ནི་ཟས་སྦྱིན་པ་རྣམ་པ་དྲུག་སྟེ་ཞེས་བྱ་བ་
ལ་སོགས་པས་སྦྱིན་པ་ལས་བྱུང་བ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོ་མདོ་སྡེ་ལས་གསུངས་པའི་ཚིག་རྣམས་རྣམ་པར་འཇོག་པར་བྱེད་དེ། འདིར་ཟས་སྦྱིན་པ་རྣམ་པ་དྲུག་པོ་དག་ནི་དགེ་སྦྱོང་རྣམས་དང་། བྲམ་ཟེ་རྣམས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་དང་གོ་རིམས་བཞིན་དུ་སྦྱར་རོ། །གནོད་
เล่ม ๑๓๒ · หน้า 132a
པ་ནི་རྣམ་པ་བརྒྱད་དེ་ཞེས་བྱ་བ་རྣམས་ཀྱང་ཟས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་དང་གོ་རིམས་བཞིན་དུ་སྦྱར་ཏེ། བཅའ་བ་དང་བཟའ་བ་གཉིས་ནི་ཁ་ཟས་ངན་པ་ཟ་བས་གནོད་པ་ཞེས་བྱ་བ་དང་སྦྱར་རོ། །ཡང་གནོད་པ་ནི་རྣམ་པ་དྲུག་སྟེ་ཞེས་བྱ་བ་ལ། འདིར་ཡང་ལྷན་ཅིག་སྐྱེས་
པ་ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་ལ་བྱ་སྟེ། དེའི་གཉེན་པོར་ཟས་སྐོམ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་འདོད་པས་ཕོངས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་དག་ཀྱང་བཅའ་བ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་ལས་གསུངས་པའི་ཚིག་གཉིས་པ་དང་། རེ་རེ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལས་
བཟློག་པ་ནི་ཕན་གདགས་པ་ནི་རྣམ་པ་དྲུག་སྟེ་ཞེས་བྱ་བ་རྣམས་དང་ཅི་རིགས་སུ་སྦྱར་ཏེ། དེ་ཡང་ཟས་དང་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་ལས་གསུངས་པའི་ཚིག་བཞི་དང་རེ་རེ་དང་གོ་རིམས་བཞིན་དུ་སྦྱར་རོ། །མི་མཛའ་བའི་མཚན་ཉིད་ནི་བཞི་སྟེ་ཞེས་བྱ་བ་དག་ནི་ཁོན་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་
ལས་བཟློག་པ་ཡིན་ཏེ། དེ་ལས་འཁྲུག་པའི་བསམ་པ་མི་གཏོང་བ་ཞེས་བྱ་བ་ནི་ཁོན་མེད་པ་ཞེས་གང་གསུངས་པ་ལས་གོ་བཟློག་པ་ཡིན་ནོ། །བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །སྡུག་པ་ལ་རྣམ་པར་བགེགས་བྱེད་པའི་གནས་ཞེས་བྱ་བ་ནི་འགྲན་ཟླ་མེད་པ་ཞེས་གསུངས་
པ་ལས་བཟློག་པ་ཡིན་ནོ། །མི་སྡུག་པ་བསྒྲུབ་པ་དང་ཕན་པ་མ་ཡིན་པ་སྒྲུབ་པའོ་ཞེས་བྱ་བ་ལ་ཁ་ཅིག་ན་རེ་གནོད་པ་ལ་བྱ་སྟེ། དེ་ལས་བཟློག་པ་ནི་གནོད་པ་མེད་པ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་མདོ་སྡེ་གཞན་དག་ལས་ཚད་མེད་པ་བཞི་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་
བྱ་བའི་དངོས་པོ་ཡིན་ནོ་ཞེས་གསུངས་པས་ན་དེ་དག་གི་མི་མཐུན་པའི་ཕྱོགས་ནི་མཛའ་བའི་མཚན་ཉིད་བཞི་པོ་སྨོས་པ་དག་ཡིན་ནོ། །གོ་རིམས་བཞིན་དུ་སྦྱར་རོ་ཞེས་ཟེར་རོ། །ཡོ་བྱད་ཀྱི་བདེ་བ་བསྒྲུབ་པ་ནི་འདོད་པའི་ཁམས་ནའོ། །དགའ་བ་དང་བཅས་པའི་བདེ་བ་བསྒྲུབ་པ་ཞེས་བྱ་བ་ནི་བསམ་གཏན་གཉིས་
པ་མན་ཆད་དུ་དགའ་བ་དང་བཅས་པའི་བདེ་བ་ཉེ་བར་བསྒྲུབ་པ་ལ་བྱའོ། །དགའ་བ་མེད་པའི་བདེ་བ་བསྒྲུབ་པ་ཞེས་བྱ་བ་ནི་དེའི་གོང་མ་ལ་སྟེ། འདིར་མདོ་སྡེའི་ཚིག་ཀྱང་བྱམས་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་གཅིག་དང་། དེ་བཞིན་དུ་བཞི་དང་། བླ་དང་། འོག་དང་། ཐད་ཀར་བར་དུ་རྣམ་པ་ཐམས་
เล่ม ๑๓๒ · หน้า 132b
ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བཞི་པོ་འདི་དག་ནི་མཁས་པས་བསྟན་པ་ཡིན་ཞེས་བྱ་བ་མདོ་འདིའི་རྣམ་པར་བཤད་པ་ནི། ཡང་མཐུན་པར་འཇུག་པར་ཁས་བླངས་པ་ནི་བཞི་པོ་འདི་དག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་
ནི་བསོད་ནམས་བྱ་བའི་དངོས་པོའི་ཞར་ལ་སྨོས་པ་ཡིན་ཏེ། འདིར་མདོ་སྡེ་ལས་མཁས་པ་རྣམས་ཀྱིས་བསྟན་པ་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་། སྐྱེས་བུ་ངན་པ་རྣམས་ཀྱིས་བསྟན་པ་དང་། མཛངས་པ་རྣམས་ཀྱིས་བསྔགས་པ་དང་། ཤེས་པ་རྣམས་ཀྱིས་མ་སྨད་པ་དག་ནི་རྣམ་པ་བཞི་སྟེ། བཞི་
གང་ཞེ་ན། སྦྱིན་པ་ནི་མཁས་པ་རྣམས་ཀྱིས་བསྟན་པ་དང་། ཤེས་པ་རྣམས་ཀྱིས་མ་སྨད་པའི་བར་དག་ཡིན་ནོ། །སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་མི་འཚེ་བ་དང་། ཕ་དང་མ་ལ་བསྙེན་བཀུར་བྱེད་པ་དང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་མཁས་
པ་རྣམས་ཀྱིས་བསྟན་པ་དང་། ཤེས་པ་རྣམས་ཀྱིས་མ་སྨད་པའི་བར་དག་ཡིན་ཏེ། སྦྱིན་དང་མི་འཚེ་ཡང་དག་སྡོམ། །དུལ་དང་ཕ་མ་བསྙེན་བཀུར་དང་། །ཞི་བ་ཉིད་དང་ཚངས་སྤྱོད་ནི། །དམ་པ་རྣམས་ཀྱིས་བསྟན་པ་སྟེ། །གང་དག་མཁས་པས་བསྟན་བྱའི་གནས། །དེ་དག་ཡང་དག་མཐོང་ན་ནི། །མཐོང་བ་
རྫོགས་པའི་འཕགས་པར་འགྱུར། །དེ་ནི་འཇིག་རྟེན་ཡིན་ཞེས་གསུངས་པ་ཡིན་ཏེ། མཁས་པས་བསྟན་པ་རྣམ་པ་བཞི་པོ་དེ་དག་དང་མཐུན་པར་འཇུག་པར་ཁས་བླང་བ་བཞི་པོ་རྣམས་སུ་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་སྐྱེ་བོ་ཡོངས་ལ་མཐུན་པར་འཇུག་པ་ཁས་བླང་བ་ཞེས་བྱ་བ་ལ། སྐྱེ་བོ་ཡོངས་ཞེས་
བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་སྟེ། ཡོངས་ཞེས་བྱ་བའི་སྒྲ་ནི་ཀུན་གྱི་དོན་ཡིན་པའི་ཕྱིར་རོ། །ཚོགས་པར་འདུ་འོས་ལ་མཐུན་པར་འཇུག་པར་ཁས་བླང་བ་ཞེས་བྱ་བ་ལ་ཚོགས་པར་འདུ་འོས་ཞེས་བྱ་བ་ནི་འདིའི་ཚུལ་ཁྲིམས་ལ་གནས་པ་གང་ཡིན་པའོ། །ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་རྣམས་
ནི་ཕན་གདགས་པ་ཞེས་བྱ་བ་ལ་སོགས་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །སྐལ་བ་མཉམ་པ་དང་མཐུན་པར་འཇུག་པ་ཞེས་བྱ་བ་ཐ་མའི་འབྲས་བུ་ནི་མྱ་ངན་ལས་འདས་པ་འཐོབ་པ་དང་། བདེ་འགྲོར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཡང་མདོ་སྡེ་ལས་གསུངས་པའི་ཚིག་མཐོང་བ་རྫོགས་པའི་འཕགས་
เล่ม ๑๓๒ · หน้า 133a
པར་འགྱུར། དེ་ནི་འཇིག་རྟེན་ཡིན་ཞེས་གསུངས་པ་དང་སྦྱར་ཏེ། དེ་ལ་མྱ་ངན་ལས་འདས་པ་ཐོབ་པས་མཐོང་བ་རྫོགས་པའི་འཕགས་པ་ཡིན་ལ། ལྷག་མ་རྣམས་ནི་འཇིག་རྟེན་ན་ཞི་བ་ལ་བརྟེན་པ་ཡིན་པར་གསུངས་སོ། །མཁས་པ་རྣམས་ཀྱིས་མཁས་པའི་མཚན་ཉིད་ནི་གསུམ་པོ་འདི་དག་
ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདི་ཡང་སྔ་མ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོའི་རྒྱུད་དུ་གཏོགས་པ་ལས་གསུངས་པ་ཡིན་ཏེ། བྱེ་བྲག་ཏུ་ན་སྟེ་དྲན་པ་དང་ཤེས་བཞིན་དམ་པ་དེ་དང་ལྡན་ཞིང་། ཤིང་དྲུང་དག་གམ་གྲོང་སྟོང་དག་གི་གནས་མལ་དབེན་པ་དག་ཏུ་གནས་པར་བྱེད་དེ། དེར་སྐྱིལ་མོ་ཀྲུང་བཅས་ནས་
དྲན་པ་ཉེ་བར་གཞག་པའི་བར་དུ་བྱས་ཏེ་འདུག་ནས། དེས་འཇིག་རྟེན་ལ་བརྣབ་སེམས་སྤངས་ཤིང་བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལེན་མང་དུ་གནས་སོ། །དེ་བཞིན་དུ་སྒྲིབ་པ་ལྔ་པོ་དག་ལ་ཡང་བརྗོད་པར་བྱ་སྟེ། དེ་ནེམ་ནུར་ལས་རྒལ་ཞིང་ཐེ་ཚོམ་ལས་རྒལ་ནས་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་
མེད་ཅིང་ཐེ་ཚོམ་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །དེས་སྒྲིབ་པ་ལྔ་པོ་དག་སྤངས་ནས་འདོད་པ་རྣམས་ལས་དབེན་པ་ཞེས་བྱ་བ་ནས་བསམ་གཏན་བཞི་པའི་བར་དག་བསྒྲུབས་ཏེ་གནས་སོ། །དེས་དེ་ལྟར་སེམས་ཡོངས་སུ་དག་པ་དང་། འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པའི་བར་དག་ལ་
བརྟེན་ནས་ཟག་པ་ཟད་པ་རྗེས་སུ་ཐོབ་པོ་ཞེས་གསུངས་པ་སྟེ། དེ་ལ་དགེ་བ་ཡང་དག་པར་ལེན་པ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་བྱེད་དོ་ཞེས་གང་གསུངས་པ་ལ་བྱའོ། །དགེ་བ་ལ་གཅིག་ཏུ་ངེས་པར་ཞེས་བྱ་བ་ནི་དེ་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་མེད་ཅིང་ཞེས་བྱ་བ་ནས་བསམ་གཏན་བཞི་པའི་བར་དག་
བསྒྲུབས་ཏེ་གནས་སོ་ཞེས་གང་གསུངས་པའི་བར་དག་ལ་བྱའོ། །དགེ་བ་ལ་བསྟན་པའོ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པ་ཞེས་གང་གསུངས་པ་ལ་བྱ་སྟེ། དེ་ལྟར་དགེ་བ་དག་ལས་ཡོངས་སུ་མི་མཉམ་པའི་ཆོས་ཅན་ཡིན་ནོ། །གཞན་ཡང་གསུམ་སྟེ་ཞེས་བྱ་བ་ཡང་མདོ་སྡེ་དེ་ཉིད་
ལས་གསུངས་པ་ཡིན་ཏེ། དེ་དག་ཀྱང་རབ་ཏུ་འབྱུང་བ་དང་། བསམ་གཏན་རྣམས་དང་ཟག་པ་ཟད་པའི་བར་དག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཁ་ཅིག་ནི་གསུམ་པོ་དག་ཚུལ་ཁྲིམས་ཀྱི་ཕུང་པོ་ཙམ་གྱི་རྒྱུད་དུ་གཏོགས་པའི་མདོ་ལས། དེ་ཉིད་བསམ་གཏན་དང་བཅས་པ་དང་དེ་ཉིད་མངོན་པར་རྟོགས་པ་དང་
เล่ม ๑๓๒ · หน้า 133b
བཅས་པར་འབྱུང་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ན་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དག་ཡོད་དེ་ཞེས་བྱ་བ་ལ། རྟག་པ་ཞེས་བྱ་བ་ནི་རྒྱུན་མི་འཆད་
པ་ལ་བྱ་སྟེ། དཔེར་ན་རྟག་པར་ཟས་སྦྱིན་ནོ་ཞེས་བྱ་བ་ལྟ་བུའོ། ཐེར་ཟུག་ཅེས་བྱ་བ་ནི་བར་ཆད་མེད་པ་སྟེ། འདབ་ཆགས་ལས་སོ། །ཡང་རྟོག་པ་ཞེས་བྱ་བ་ནི་སྔོན་བྱུང་བ་མ་ཡིན་པ་སྟེ། གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཅེས་བྱ་བ་ནི་མི་འཇིག་པའི་ཆོས་ཅན་ལ་བྱའོ། །རྟག་པའི་
དུས་དང་ཐེར་ཟུག་གི་དུས་ཞེས་བྱ་བ་གཉིས་ནི་གོང་མ་གཉིས་རྣམ་པར་བཤད་པའི་ཚིག་ཡིན་ནོ། །ཡང་ན་རྟག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་བྲལ་བ་དང་། རྒྱུན་དང་སྐད་ཅིག་ལ་འཇིག་པ་དང་འགྱུར་བའི་མི་རྟག་པ་རྣམས་མེད་པའི་ཕྱིར་ཏེ། གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་ལྟ་ཞིང་ཞེས་བྱ་
བ་ནི་ཇི་ལྟར་འདོད་པའི་དོན་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེ་སྐད་སྨྲ་བ་ཞེས་བྱ་བ་ཇི་ལྟར་མངོན་པར་ཤེས་པ་བཞིན་དུ་གཞན་དག་ལ་ཡང་བརྗོད་པས་སོ། །འདི་ལྟ་སྟེ་ཁྱུ་མཆོག་པའི་ཚོགས་ལྟ་བུ་ཞེས་བྱ་བ་ནི་མདོ་སྡེ་ལས་དེ་ནས་བྲམ་ཟེ་དམར་པོའི་བུ་ལུས་མི་སྡུག་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་སོང་
ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འདི་ལ་བདག་གི་སློབ་མ་ཁྱུ་མཆོག་གི་ཚོགས་ཀྱི་རིགས་ཅན་དེ་འཁོར་རྣམས་ལ་འདི་སྐད་ཅེས་གང་ཡོད་པ་དེ་ནི་ཡོད་པ་ཁོ་ནའོ། །གང་མེད་པ་དེ་ནི་མེད་པ་ཁོ་ནའོ། །མེད་པ་ལ་ནི་འབྱུང་བ་ཡང་མེད་དོ་ཞེས་མཆིའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སྟོན་
པར་བྱེད་དོ། །དེ་དག་ཀྱང་ཅིའི་ཕྱིར་རྒྱུ་ལ་འབྲས་བུ་ཡོད་པར་ལྟ་ཞིང་རྣམ་པར་འཇོག་ལ་ཡོངས་སུ་སྟོན་པར་བྱེད་ཅེ་ན་ཞེས་བྱ་བ་ལ། ལྟ་ཞིང་ཞེས་བྱ་བ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པས་སོ། །རྣམ་པར་འཇོག་ལ་ཞེས་བྱ་བ་ནི་ཐ་སྙད་དང་མི་འགལ་བར་བསྟན་བཅོས་བཞག་པས་སོ། །ཡོངས་སུ་སྟོན་པར་
བྱེད་ཅེས་བྱ་བ་ནི་གཏན་ཚིགས་ལ་སོགས་པ་དག་གིས་གཞན་དག་ལ་རྗོད་པར་བྱེད་པས་སོ། །འདི་ལྟར་ལུང་དང་རིགས་པས་བྱེད་དེ་ཞེས་བྱ་བ་ལ། ལུང་ནི་ཐོས་པ་དང་དྲན་པའོ། །དེ་ལ་དྲན་པ་ནི་ཐོས་པ་གཅིག་ཏུ་བརྒྱུད་པ་ཞེས་བྱ་བའོ། །ཐོས་པ་ནི་སློབ་མ་རྣམས་ལ་བསྟན་བཅོས་ལེགས་པར་རབ་ཏུ་སྟོན་
เล่ม ๑๓๒ · หน้า 134a
པ་སྟེ། སྡེ་སྣོད་བྱིན་པའི་ཚུལ་གྱིས་ཞེས་བྱ་བ་འདི་ཡིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་དགེ་སྦྱོང་ངམ་བྲམ་ཟེ་རྟོག་གེ་པ་ཞེས་བྱ་བ་ནི་རྣམ་གྲངས་དང་མཚན་ཉིད་ཀྱིས་བསྟན་ཏེ། དེ་ལ་རྣམ་གྲངས་ནི་དཔྱོད་པ་ཅན་ཞེས་བྱ་བའོ། །མཚན་ཉིད་ནི་འདི་ལྟར་གང་སློང་བར་བྱེད་
པ་དེ་ཡང་རྟོག་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་དེའི་གནས་སྐབས་ལྟ་བུར་མ་གྱུར་པ་ལ་བྱའོ། །རྟོག་གེ་ལ་རྟོག་པའི་ས་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་གནས་སྐབས་ལ་བྱ་སྟེ། དེ་ཡང་ལུང་མེད་པའི་ཕྱིར་རང་གི་སྤོབས་པ་ལས་བྱུང་བ་ཞེས་བྱའོ། །རྟོག་པ་མེད་པའི་ཕྱིར་སོ་སོའི་སྐྱེ་བོ་པ་ཞེས་བྱའོ། །
མངོན་པར་བརྟགས་ཤིང་འཐད་པ་སྒྲུབ་པའི་རིགས་པས་རྣམ་པར་གཞག་པའི་ཕྱིར་དཔྱོད་པའི་རྗེས་སུ་སྤྱོད་པ་ཞེས་བྱའོ། །དངོས་པོ་གང་དག་ལས་དངོས་པོ་གང་དག་འབྱུང་བ་དེ་དག་ནི་ངག་གི་རྒྱུ་ཉིད་དུ་གྲགས་ཤིང་འདོགས་ཀྱི་ཞེས་བྱ་བ་ནི་གཏན་ཚིགས་རྣམ་པར་འགྲེལ་པ་ཡིན་ནོ། །དེ་ལས་གཞན་པ་དག་
ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པ་ཡིན་ནོ། །དེ་བས་ན་འབྲས་བུ་དེ་དེ་ལ་ཡོད་དོ་ཞེས་མཇུག་བསྡུས་པ་ནི་དམ་བཅས་པའི་ཚིག་ཡིན་ནོ། །དེའི་ཕྱིར་ཕ་རོལ་གྱི་སྦྱོར་བ་ནི་ས་བོན་ལ་མྱུ་གུ་ཡོད་དེ་འབྱུང་བའི་རྒྱུ་ཉིད་དུ་གཞག་པའི་ཕྱིར་རོ། །གང་ལ་མྱུ་གུ་མེད་པ་དེ་ནི་མྱུ་གུ་འབྱུང་བའི་རྒྱུར་མི་གཞག་སྟེ། དཔེར་ན་
ཤེས་པ་ཡོད་པ་བཞིན་ནོ། །དེ་ལྟར་ན་དེའི་དོན་དུ་འཛིན་པར་བྱེད་པའི་ཕྱིར་དང་། བྱ་བ་དེ་དང་དེ་དག་ཏུ་དེ་དག་ཉིད་སྦྱོར་བར་བྱེད་པའི་ཕྱིར་འབྲས་བུ་དེ་ཡང་དེ་དག་ལས་འབྱུང་གི་དེ་ལས་གཞན་པ་རྣམས་ལས་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཞེས་བྱ་བ་ལ་སོགས་པ་ནི་ལྡོག་པ་རྣམ་
པར་འགྲེལ་པ་ཡིན་ནོ། །འདིར་དེ་ལ་གལ་ཏེ་ནུས་པའི་སྒོ་ནས་ས་བོན་ལས་མྱུ་གུ་ཡོད་པར་འདོད་ན་ནི་བརྩད་དུ་མེད་པས་ཆུང་ཟད་ཀྱང་མི་བརྗོད་དེ། །གྲུབ་པ་སྒྲུབ་པར་བྱེད་པ་ནི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་སྟེ་རང་གི་ངོ་བོ་ཡོད་པར་འདོད་ན་ནི་དེའི་ཕྱིར་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་
སོགས་པས་དཔྱད་པར་བྱའོ། །རྗེས་སུ་འགྲོ་བ་ཞེས་པའི་སྐྱོན་ནི་མཚན་ཉིད་ཡོད་པའི་ཆོས་ལ་ཞེས་བྱ་བ་ལ་སོགས་པས་དོན་གྱི་སྒོ་ནས་སྨྲས་པ་ཡིན་ནོ། །ཡང་ན་རྩིང་བའི་ཕྱིར་མ་སྨྲས་པ་ཁོ་ན་ཡིན་ནོ། །རྒྱུར་ངེས་པ་དང་འབྲས་བུར་ངེས་པ་མེད་པས་ཞེས་བྱ་བ་ནི་འདི་ནི་རྒྱུའོ་འདི་ནི་འབྲས་བུའོ་ཞེས་བྱེ་བྲག་ཏུ་
เล่ม ๑๓๒ · หน้า 134b
དབྱེ་བ་མེད་པའི་ཕྱིར་དམ་བཅས་པ་ནི་འཇིག་རྟེན་དང་མཐུན་པ་ལ་སོགས་པའི་སྐྱོན་ཡོད་དོ། །ཅི་མ་སྐྱེས་པའི་མཚན་ཉིད་ཞེས་བྱ་བ་ལ། མ་སྐྱེས་པའི་མཚན་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་མ་ཐོབ་པ་ལ་བྱ་སྟེ། རྗེས་སུ་དཔག་པ་དེས་ནི་དམ་བཅས་པ་སུན་འབྱིན་པར་བྱེད་དེ། རང་གི་མཚན་ཉིད་མ་སྐྱེས་པའི་
ཕྱིར་རང་བཞིན་གྱིས་རང་བཞིན་སྔ་མ་བཞིན་དུ་ས་བོན་ལ་མྱུ་གུ་མེད་དོ། །ཆོས་མི་མཐུན་པ་ནི་ས་བོན་དག་ལ་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་ཡོད་པའོ། །དེ་ཡང་ཕ་རོལ་གྱིས་ཁས་བླངས་པའི་ཕྱིར་གཉིས་ཀ་ལ་གྲུབ་པོ། །དེ་ལྟ་བས་ན་གལ་ཏེ་སྐྱེས་པའི་མཚན་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །ནུས་པ་ཡོད་པར་སྨྲ་བ་ལ་ཡང་སྐྱོན་དེ་ཁོ་ན་ཡོད་དེ། ནུས་པ་ནི་འབྲས་བུ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྐྱེས་ཟིན་པའི་མཚན་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བ་དེ་ལ་ཡང་དམ་བཅས་པའི་སྐྱོན་ནི་སྔ་མ་བཞིན་ཏེ། རང་གི་མཚན་ཉིད་སྐྱེས་པའི་གསལ་བ་གཞན་རྣམས་ནི་ས་
བོན་ལས་མི་འབྱུང་བའི་ཕྱིར་རོ། །རྒྱུ་ཡོད་ན་རྐྱེན་ལ་ལྟོས་ཏེ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ། རྒྱུ་ཡོད་ན་ཞེས་བྱ་བ་ནི་ནུས་པ་དང་ལྡན་པ་ཉེ་བར་གནས་སམ་ས་བོན་ཡང་དག་པར་མ་བཅོམ་ཞིང་མ་སྤངས་པ་ལ་བྱའོ། །དེ་ལ་མཚན་ཉིད་རྣམ་པ་ལྔས་ན་ཞེས་བྱ་བ་ལ་སོགས་པའི་དཔེས་ནི་དགག་པ་ཁོ་ན་བརྗོད་པ་
ཡིན་ནོ། །དེའི་རྟེན་ལ་དམིགས་པ་འདི་ལྟ་སྟེ་མིག་ལ་མིག་གི་རྣམ་པར་ཤེས་པ་ལྟ་བུ་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་ཡང་དེ་ལ་བྱ་བ་བྱེད་པ་དམིགས་པའི་ཕྱིར་ཡོད་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་རང་གི་མཚན་ཉིད་དུ་དམིགས་པ་འདི་ལྟ་སྟེ། རྒྱུ་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཞིང་།
རང་གི་ལས་བྱེད་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་རྒྱུ་ལ་རྗེས་སུ་དཔག་པར་བྱ་བ་མེད་པ་དེའི་ཚེ་འབྲས་བུ་ཡང་དེ་བཞིན་དུ་འགྱུར་ཞིང་འབྲས་བུས་ཀྱང་དེ་བཞིན་དུ་ལས་བྱའོ། །དེ་བཞིན་དུ་ཡོད་པའི་ཕྱིར་ཏེ་རྒྱུ་བཞིན་ནོ། །ཡང་ན་འདི་ལྟར་བྱ་སྟེ། ས་བོན་སྐམ་པོ་ལ་ནི་མྱུ་གུ་མེད་དེ། བར་དུ་གཅོད་པ་མེད་ཀྱང་མྱུ་གུ་དང་
བཅས་པ་ཉིད་དུ་གཟུང་དུ་མེད་པའི་ཕྱིར་རོ། །དཔེར་ན་སེམས་སམ་ཤེས་པ་ཡོད་པ་བཞིན་ཏེ། ཆོས་མི་མཐུན་པ་ནི་ས་བོན་ལས་མྱུ་གུ་མངོན་པར་གྲུབ་པའོ། །ལས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རྒྱུར་འགྱུར་བའམ་ཞེས་བྱ་བ་ནི་འབྲས་ཐུག་པོ་ཆེ་ལ་སོགས་པ་བཞིན་དུ་མྱུ་གུ་ཡང་ཉམས་པར་འགྱུར་
เล่ม ๑๓๒ · หน้า 135a
བར་བསམས་པའོ། །ཡང་ན་འགྱུར་བའི་རྐྱེན་རྣམས་ཀྱིས་འགྱུར་བར་འོང་བའོ་ཞེས་བྱ་བ་ནི་རྒྱུར་འགྱུར་བའི་རྐྱེན་རྣམས་མ་གཏོགས་པར་ཡང་ངོ་། །དེ་དག་འདི་ཉིད་དུ་སེམས་ཏེ། རྒྱུ་ལ་འབྲས་བུ་མེད་ན་སྐྱེ་བར་མི་རུང་ལ་ཞེས་བྱ་བ་ནི་འདི་ལྟར་ཡོད་པ་ཁོ་ན་ལ་མངོན་པར་གསལ་བར་བྱེད་དེ།
བསྒྲུབས་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །འབྲས་བུ་བསྒྲུབ་པའི་ཕྱིར་འབད་པར་མི་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ལ་སོགས་པ་དང་འགལ་བ་ཡོངས་སུ་སེལ་བར་བྱེད་དོ། །དེ་དེ་ལྟར་ཡོངས་སུ་བརྟགས་ནས་ཞེས་བྱ་བ་ནི་ཡོངས་སུ་བརྟགས་ནས་མངོན་པར་ཞེན་པ་ལས་སོ་ཞེས་བྱ་བའི་ཚིག་
ལྷག་མའོ། །ཅི་སྒྲིབ་པའི་རྒྱུ་མེད་པའམ་སྒྲིབ་པ་ཡོད་པར་འདོད་ཅེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་མ་གྲུབ་པར་སྨྲས་པ་ཡིན་ནོ། །གལ་ཏེ་ཡོད་པ་ན་ནི་ཡོད་པར་ཡང་འདྲ་ན་འབྲས་བུ་དང་འབྲེལ་པའི་རྒྱུ་ལ་ཡང་ཅིའི་ཕྱིར་སྒྲིབ་པར་མི་བྱེད་དེ་མི་རུང་ངོ་ཞེས་བྱ་བ་ལ། འབྲས་བུ་དང་འབྲེལ་པ་ཞེས་བྱ་བ་ནི་ཡུལ་ལ་སོགས་
པ་འདྲ་བའི་ཕྱིར་རོ། །ཇི་སྟེ་ཕ་རོལ་གྱིས་གཏན་ཚིགས་མ་གྲུབ་པར་རིག་ནས་སྒྲུབ་པར་བྱེད་དེ། ས་བོན་ལ་མྱུ་གུས་བསྒྲིབས་པ་ཡིན་ཏེ། ཡོད་ན་འབྲས་བུ་ཡིན་པའི་ཕྱིར་རོ། །དཔེར་ན་དེ་ཉིད་འགྱུར་བ་བཞིན་ནོ་ཞེ་ན། ཡོད་པར་ནི་གཉིས་ཀ་ལ་ཡང་གྲུབ་ན་ཅི་ས་བོན་ལས་སམ་རང་གི་མཚན་ཉིད་ལས་ཞེས་སྨྲ་བར་མི་འདོད་
པས་ན་དེའི་ཕྱིར་ཅི་ཡོད་པ་ཉིད་སྒྲིབ་པའི་རྒྱུ་ཡིན་ནམ། འོན་ཏེ་འབྲས་བུ་ཉིད་སྒྲིབ་པའི་རྒྱུ་ཡིན་ཞེས་བྱ་བ་ལ་སོགས་པས་རྒོལ་ཞིང་རྟོག་པར་བྱེད་དོ། །གལ་ཏེ་ཡོད་པ་ཉིད་སྒྲིབ་པའི་རྒྱུ་ཡིན་ན་ནི་དེས་ན་རྒྱུ་ཡང་ཡོད་པ་ཡིན་པས་ཡོད་པ་ནི་དུས་ཐམས་ཅད་དུ་མངོན་པར་གསལ་བ་མ་ཡིན་པར་འགྱུར་བས་མི་རུང་ངོ་
ཞེས་བྱ་བ་ལ་རྒྱུ་ཡང་ཡོད་པ་ཡིན་ཞེས་བྱ་བས་ནི་དེ་ཡང་བསྒྲིབས་པ་ཡིན་པའི་ཕྱིར་མངོན་པར་གསལ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཐོབ་པ་ཡིན་ཏེ། དེ་གཉིས་ཀྱིས་ནི་མ་ངེས་པ་ཡིན་པར་སྨྲ་བ་སྟེ། དེ་ལྟ་བས་ན་མི་སྒྲིབ་པ་ཉིད་ཀྱི་ལན་གདབ་པར་མི་ནུས་སོ། །ཅི་ཆོས་དེ་ལས་མངོན་པར་གསལ་བ་ཐ་
དད་པ་མ་ཡིན་པའམ་འོན་ཏེ་ཐ་དད་པར་འདོད་ཅེས་བྱ་བ་འདིས་ནི་དམ་བཅས་པ་སྔ་མ་ལ་རང་གི་རྗེས་སུ་དཔག་པ་གནོད་པ་སྨྲས་པ་ཡིན་ནོ། །གལ་ཏེ་རྒྱུ་མེད་པ་ཞིག་ཡིན་ན་ནི་དེས་ན་རྒྱུ་མེད་པ་མངོན་པར་གསལ་བར་བྱ་བའི་མི་རུང་ངོ་ཞེས་བྱ་བ་ནི་རྐྱེན་ཉེ་བར་གྱུར་པའི་ཕྱིར་དང་པོ་ཉིད་ནས་མངོན་པར་གསལ་བའི་
เล่ม ๑๓๒ · หน้า 135b
ཆོས་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་འབྲས་བུ་མངོན་པར་གསལ་བར་བྱ་བའི་ཡིན་ན་ནི་འབྲས་བུ་ཡིན་པའི་ཕྱིར་མངོན་པར་གསལ་བ་ལ་མངོན་པར་གསལ་བར་བྱ་དགོས་པར་འགྱུར་བས། དེ་ལ་ཡང་གཞན་གྱི་བྱ་བ་དགོས་པས་ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་དེ་མངོན་པར་གསལ་བ་མ་
ཡིན་པ་ལས་མངོན་པར་གསལ་བར་བྱེད་ན་ཅིའི་ཕྱིར་འབྲས་བུ་ཡང་མངོན་པར་གསལ་བར་བྱེད་པ་ཡིན་པར་མི་འདོད་དེ། རྗེས་སུ་དཔག་པ་དེས་ཀྱང་གནོད་པ་ཁོ་ནར་སྨྲས་པ་ཡིན་ནོ། །མེད་པའི་མེད་པ་ཉིད་ནི་མངོན་པར་གསལ་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུའི་དུས་ན་འབྲས་བུ་མེད་ན་ནི་མེད་པ་ཁོ་
ན་ཡིན་ནོ། །ཡོད་པའི་ཡོད་པ་ཉིད་ནི་མངོན་པར་གསལ་བ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་བྱུང་བའིའོ། །སྒྲའི་མཚན་ནི་ཇི་སྐད་འདོགས་པ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་སྐྱབས་དང་འཇིག་པ་དང་འགྱུར་བ་ལ་སོགས་པ་མེད་པས་ཐེར་ཟུག་ཏུ་གནས་པར་ལྟ་བའོ། །ཡང་ན་དོན་དང་འགྲེལ་པ་ཐ་སྙད་
གང་ཡིན་པ་ནི་མི་རྟག་པའོ། །ཡང་ན་བརྗོད་པས་ནི་དབང་པོ་དང་ཡུལ་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་ཇི་སྐད་སྨྲས་པ་ལ་བྱའོ། །རྣམ་པར་གནས་པར་ལྟ་བ་ཞེས་བྱ་བ་ནི་སྔ་མ་ཡང་སྒྲའི་མཚན་ཉིད་རྣམ་པར་གནས་པ་ཁོ་ནར་ལྟའོ། །འདིར་མངོན་པར་གསལ་བ་ཞེས་བྱ་བའི་བྱེ་བྲག་ནི་བརྗོད་པར་
བྱས་པའི་མངོན་པར་འདུ་བྱེད་པ་སྟེ། བྱེ་བྲག་ནི་དེ་ཡིན་ནོ། །འདས་པ་དང་། མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེའམ་ཆོས་འདི་པ་ཁ་ཅིག་ཀྱང་ཞེས་བྱ་བ་ལ། ཆོས་འདི་པ་ཁ་ཅིག་ཀྱང་ཀུན་གྱིས་བཀུར་བ་དང་ཐམས་ཅད་ཡོད་པར་སྨྲ་བ་བྱེ་བྲག་ཏུ་སྨྲ་བ་
ལ་སོགས་པའོ། །འདས་པ་ཡང་ཡོད་དེ། མ་འོངས་པ་ཡང་ཡོད། ད་ལྟར་བྱུང་བ་བཞིན་དུ་མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་ཏེ། རྫས་སུ་ཡོད་པ་ཡིན་གྱི་བཏགས་པའི་ཡོད་པ་ནི་མ་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དག་ཀྱང་ཡོད་དེ་ཞེས་བྱ་བ་ལ། འདི་ལ་སྦྱོར་བ་ནི་
འདས་པ་དང་མ་འོངས་པ་ནི་རྫས་སུ་ཡོད་པ་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་བའམ། དུས་ཡིན་པའི་ཕྱིར་ཏེ་ད་ལྟར་བྱུང་བའི་བཞིན་ནོ། །ཆོས་མཐུན་པ་ནི་བུང་བུའི་རས་བཞིན་ནོ་ཞེས་སྦྱོར་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་དང་རང་གི་མཚན་ཉིད་གང་གི་རྣམ་པར་
เล่ม ๑๓๒ · หน้า 136a
གནས་པ་དེ་ནི་དེ་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བྱ་བས་ནི་གཏན་ཚིགས་དང་པོའི་མ་གྲུབ་པ་སེལ་བར་བྱེད་དོ། །གལ་ཏེ་མ་འོངས་པ་དེ་མེད་དུ་ཟིན་ན་དེས་ན་དེའི་ཚེ་ཞེས་བྱ་བ་ལ། དེའི་ཚེ་ཞེས་བྱ་བ་ནི་མ་འོངས་པའི་དུས་ནའོ། །རང་གི་མཚན་ཉིད་མ་ཟིན་པར་འགྱུར་རོ་ཞེས་བྱ་བ་ལ་
སོགས་པས་ནི་ཕྱིར་རྒོལ་བ་འདོད་པའི་ཕྱིར་ཇི་ལྟར་ན་དེས་སྐྱོན་ཐོགས་པར་འགྱུར་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་མ་འོངས་པའི་གནས་སྐབས་ན་དེའི་མཚན་ཉིད་མེད་དུ་ཟིན་ན་ད་ལྟར་བྱུང་བའི་གནས་སྐབས་སུ་དེའི་མཚན་ཉིད་གློ་བུར་དུ་འབྱུང་བར་འགྱུར་ཏེ། མཚན་ཉིད་གློ་བུར་དུ་འབྱུང་བས་སྒྲོ་བཏགས་
པའི་ཕྱིར་འདུན་པ་ལ་སོགས་པ་ཡང་གཟུགས་ཅན་ཉིད་ཡིན་པར་ཐལ་བར་འགྱུར་བ་དང་། མ་འོངས་པའི་གནས་སྐབས་ཀྱི་ཆོས་ལ་ཡང་གཟུགས་དང་སྒྲ་ལ་སོགས་པར་བརྗོད་པ་ཁོ་ནར་འགྱུར་ཏེ། དེའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ་སྙམ་དུ་སེམས་སོ། །གལ་ཏེ་ཐ་དད་པའི་མཚན་ཉིད་མ་ཡིན་ན་ནི་མཚན་ཉིད་དུས་
གསུམ་དུ་རྣམ་པར་གཞག་ཏུ་མི་རུང་ངོ་ཞེས་བྱ་བ་ནི་དེ་དུས་རྣམས་སུ་འཕོ་བ་ན་སྐྱེ་བའམ། འབྲི་བ་ཅུང་ཟད་ཀྱང་མེད་པས་ན་དེའི་ཕྱིར་ད་ལྟར་བྱུང་བའི་བཞིན་ཏེ། མ་འོངས་པ་ལོག་པར་སྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ། །གལ་ཏེ་ཐ་དད་པའི་ཕྱིར་མཚན་ཉིད་ཡིན་ན་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱར་མི་
རུང་ངོ་ཞེས་བྱ་བ་ནི་མིག་གིས་གཟུང་བ་ཁོ་ན་ཡིན་ན། དེ་ལྟ་མ་ཡིན་པས་དེ་ལྟས་ལྷག་མའི་གཟུགས་ཀྱི་མཚན་ཉིད་གཞན་མེད་པའི་ཕྱིར་ཡོངས་སུ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱར་མི་རུང་སྟེ། དེས་ནི་མ་གྲུབ་པ་སྨྲས་པ་ཡིན་ནོ། །གཉིས་པ་ཡང་འགལ་བར་འཁྲུལ་པ་མེད་པ་ཡིན་ཏེ། མ་འོངས་པ་ནི་རྫས་སུ་
ཡོད་པ་མ་ཡིན་ཏེ། ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བུམ་པ་བཞིན་ཏེ་ཆོས་མཐུན་པ་ནི་ད་ལྟར་བྱུང་བའོ། །གལ་ཏེ་རྟག་པའི་མཚན་ཉིད་ཅིག་ཡིན་ན་ནི་དུས་གསུམ་དུ་གཏོགས་པ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ནི། གལ་ཏེ་རྟག་པའི་མཚན་ཉིད་ཡིན་པར་ཁས་ལེན་པ་ཆོས་ཅན་གྱི་ངོ་བོ་ཉིད་ལོག་
པར་འགྱུར་ཏེ། མ་འོངས་པ་ཉིད་ཉམས་པའི་གཏན་ཚིགས་གཉིས་པ་ནི་རང་ལ་མ་གྲུབ་པ་ཡིན་ནོ། །གལ་ཏེ་མི་རྟག་པའི་མཚན་ཉིད་ཡིན་ན་ནི་དེས་ན་དུས་གསུམ་དུ་དེ་ཁོ་ན་བཞིན་དུ་ཡོད་དོ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ལ། དེ་ཁོ་ན་བཞིན་དུ་ཡོད་དོ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ནི་ངོ་བོ་ཉིད་ལས་ཉམས་པ་ཁོ་
เล่ม ๑๓๒ · หน้า 136b
ན་ཡིན་པས་དེའི་ཕྱིར་གཏན་ཚིགས་དང་པོ་མ་གྲུབ་པ་ཡིན་ནོ། །གལ་ཏེ་འོང་བ་ཞིག་ཡིན་ན་ནི་དེས་ན་ཡུལ་ན་གནས་པར་ཡང་འགྱུར་ལ་ཞེས་བྱ་བ་ལ། ཡུལ་ན་གནས་པར་འགྱུར་ཞེས་བྱར་ནི་མ་གྲུབ་པའི་མཐའ་ལས་འདས་པ་དང་མ་འོངས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་གཟུགས་ཅན་མ་ཡིན་པའི་
ཆོས་རྣམས་ནི་ཡུལ་ན་གནས་པ་མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་ལོ། །ད་ལྟར་དང་ཡང་བྱེ་བྲག་མེད་དེ་ཞེས་བྱ་བ་ནི་མ་འོངས་པ་ཉིད་ཉམས་པ་ཁོ་ནར་འགྱུར་བའོ། །གལ་ཏེ་འཕོས་ནས་སྐྱེ་བར་འགྱུར་ན་ནི་དེས་ན་མ་འོངས་པ་ཡང་མ་སྐྱེས་པར་འགྱུར་ལ་ཞེས་བྱ་བ་ལ། མ་འོངས་པ་ཡང་མ་སྐྱེས་པར་འགྱུར་ལ་
ཞེས་བྱ་བ་ནི་དེ་ཞིག་པར་ཁས་བླངས་པའི་ཕྱིར་རོ། །སྔོན་མ་བྱུང་བ་ཡང་སྐྱེས་པར་འགྱུར་བ་དང་ཞེས་བྱ་བ་ལ། དེ་ལ་ཉེས་པ་ཅི་ཡོད་ཅེ་ན། ལུང་ལས་དུས་རྣམས་ནི་བྱ་བས་རྣམ་པར་གཞག་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་ལས་མི་བྱེད་པ་ཡིན་པ་ལ་ལས་བྱེད་པར་འགྱུར་ན་ནི་དེས་ན་མ་
བྱུང་བ་བྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི་ལས་མ་བྱུང་བ་ལས་འབྱུང་བར་འགྱུར་བའོ། །སྐྱོན་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་འགྱུར་བས་དེ་ཡང་མི་རུང་ངོ་ཞེས་བྱ་བ་ལ། སྐྱོན་སྔ་མ་རྣམས་ཞེས་བྱ་བ་ནི་མ་འོངས་པ་ཡང་སྐྱེས་པར་འགྱུར་ལ། སྔོན་མ་བྱུང་བ་ཡང་སྐྱེས་པར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་ཇི་
སྐད་སྨོས་པ་རྣམས་སོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ། རང་བཞིན་འདྲེས་པའི་སྐྱོན་ཡོད་པའི་ཕྱིར་མི་རུང་ངོ་ཞེས་བྱ་བ་ལ། རང་བཞིན་འདྲེས་པའི་སྐྱོན་ཞེས་བྱ་བ་ནི་གལ་ཏེ་མ་འོངས་པ་དེ་ལྟར་བྱུང་བའི་དངོས་པོ་དང་ཐ་དད་པ་མ་ཡིན་ན། དེའི་ཚེ་མ་འོངས་པ་དེ་ཉིད་ད་ལྟར་བྱུང་བ་ཡིན་པར་འགྱུར་བ་ལ་སོགས་
པ་སྟེ། དེ་དག་ཐམས་ཅད་ཀྱང་ཁས་བླངས་པའི་སྒོ་ནས་དམ་བཅས་པའི་སྐྱོན་དག་ཡོད་པ་ཡིན་ནོ། །མཚན་ཉིད་མ་རྫོགས་པ་ལ་སོགས་པ་ལ་རང་བཞིན་འདྲེས་པའི་སྐྱོན་ཇི་ལྟར་ཡོད་པ་དེ་བཞིན་དུ་ལས་དང་བཅས་པའི་ཕྱོགས་ལ་ཡང་ཡོད་པ་མ་ཡིན་ནམ། ཇི་ལྟར་བྱེ་བྲག་ཏུ་དབྱེ་བ་ན་དེ་ལ་ནི་འབྲེལ་
པའི་བྱེ་བྲག་ཡོད་པའི་ཕྱིར་བྱེ་བྲག་བརྗོད་པར་ནུས་པས་ན་སྐྱོན་འདི་མ་ངེས་པར་མ་སྨོས་སོ། །དེར་ནི་འཁྲུག་པ་མེད་པའི་ཕྱིར་ཏེ། འདི་ལྟར་དེ་ལ་ནི་ལས་དང་ཐ་དད་པ་མེད་པར་བསྟན་གྱི་ད་ལྟར་བྱུང་བ་དང་ནི་མ་ཡིན་ནོ། །ཡང་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་འདས་པ་དང་། མ་འོངས་པ་མེད་དུ་ཟིན་ན་དམིགས་
เล่ม ๑๓๒ · หน้า 137a
པ་ལ་ཇི་ལྟར་བློ་འཇུག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་རྒོལ་ཞིང་རྟོག་པས་ནི་འདས་པ་དང་མ་འོངས་པ་ནི་ཡོད་པ་ཡིན་ཏེ། བློའི་གཟུང་བ་ཡིན་པའི་ཕྱིར་ཏེ། ད་ལྟར་བྱུང་བ་བཞིན་ནོ། །སྐྱེ་མཆེད་རྣམས་ཀྱང་དུས་གསུམ་པ་ཡིན་པའི་ཕྱིར་ཏེ། ཐམས་ཅད་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ནི་
ཁུངས་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ནོ། །མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་གསུངས་པ་ཞེས་བྱ་བ་འདི་ནི་དམིགས་པ་མེད་པ་ལ་བློ་འཇུག་པའི་དཔེ་ཡིན་ནོ། །གལ་ཏེ་ཡོད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཡིན་ན་ནི་དེས་ན་མེད་པར་འཛིན་པའི་བློ་ཡོད་དོ་སྙམ་པ་དེ་ལྟ་བུའི་རྣམ་པར་འགྱུར་དུ་མི་རུང་ངོ་ཞེས་བྱ་བ་
ནི་འཛིན་པའི་རྣམ་པའི་སྟོབས་ཀྱིས་ཡུལ་ཡོད་པ་ཉིད་དུ་ངེས་པའི་ཕྱིར་དོན་གྱི་རྣམ་པར་ཤེས་པ་ཡོངས་སུ་སྤངས་ན་ཡུལ་གྱི་ངོ་བོ་ཉིད་ངེས་པར་མི་འགྱུར་བའི་ཕྱིར་རོ། །དངོས་པོ་ཡོད་པ་ལ་མེད་དོ་ཞེས་མིང་ལ་དམིགས་པ་ན་འཁྲུལ་པའི་ཤེས་པའི་ངོ་བོའི་བློ་འཇུག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་མིང་ལ་
དམིགས་པ་དང་། དེའི་དོན་ལ་དམིགས་པའི་བློ་གཉིས་བྱེ་བྲག་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཁྲུལ་པའི་ཤེས་པ་དེ་ནི་དེའི་དོན་ལ་དམིགས་པར་མི་ནུས་པ་ཁོ་ན་ཡིན་ནོ། །མེད་པ་ལ་མེད་པའི་མཚན་ཉིད་ཡོད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ་ཞེས་བྱ་བ་ལ། ཇི་ལྟར་ན་ཡོད་པས་དབེན་པ་
ལ་ཡོད་དོ་ཞེས་བརྗོད་པར་རིགས་ཤེ་ན། དེ་ཡོད་པས་དབེན་པ་ཡིན་ནོ་ཞེས་སུས་སྨྲས་ཏེ། དེ་ལ་ནི་དེ་ལས་གཞན་པའི་དངོས་པོའི་མཚན་ཉིད་མེད་པར་ཟད་དེ། དེའི་ཕྱིར་དེ་ལ་མེད་པ་ཉིད་ཅེས་བྱ་བར་འདོད་ཀྱི་བདག་གི་དངོས་པོ་ལ་ལྟོས་ནས་ནི་མ་ཡིན་ནོ། །རང་གི་མཚན་ཉིད་དང་ལྡན་པའི་དངོས་
པོ་ལ་ཡང་གཞན་ལ་ལྟོས་ནས་འདྲི་བ་མེད་པ་ཉིད་དོ་ཞེས་བྱ་བ་ཡོད་དེ། དཔེར་ན་སྔོན་པོ་ལ་སེར་པོའི་ངོ་བོ་ཉིད་ལྟ་བུ་ཡིན་ཡང་ཅི་སྔོན་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པར་བརྗོད་པར་བྱ་བའམ། མེད་པར་ཤེས་ཞེས་བྱ་བས་ནི་མེད་པའི་ཆོས་ཉིད་བསྟན་ཏེ། དེ་བཞིན་དུ་མ་ནོར་བའི་མཚན་ཉིད་འཛིན་པའི་ཕྱིར་བས་ཀྱང་
ངོ་། །ལན་དེ་དག་གིས་ནི་མ་ངེས་པ་ཉིད་སྨྲས་པ་ཡིན་ནོ། །འབྲས་བུའི་མཚན་ཉིད་ལ་དགོངས་ནས་ཞེས་བྱ་བ་ནི་ཁ་ཅིག་ན་རེ་འབྲས་བུ་བསྐྱེད་པའི་ཕྱིར་འདས་པ་ཞེས་བྱ་བའི་འབྲས་བུ་ཡོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་ཟེར་རོ། །སྐྱེས་པ་དང་འདྲ་བ་ཞེས་བྱ་བ་ནི་སྐྱེས་པ་གང་ཡིན་པ་དེའི་ངོ་བོ་ལྟ་བུ་ཡིན་གྱི་སྔོན་མ་བྱུང་བ་
เล่ม ๑๓๒ · หน้า 137b
མ་ཡིན་ཏེ། དཔེར་ན་འཕགས་པ་རྣམས་ཀྱིས་ལམ་སྐྱེས་པ་གང་ཡིན་པ་ནི་ཕྱིར་སྐྱེས་པར་འགྱུར་བ་ཡང་དེ་དང་འདྲ་སྟེ། སྔོན་མ་བྱུང་བ་མ་ཡིན་པ་བཞིན་ནོ། །རྟག་ཏུ་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་མ་འོངས་པ་གང་ཡིན་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཀྱིས་བསྡུས་པའི་ཕྱིར་རོ། །རྐྱེན་དང་ལྡན་པ་ཞེས་བྱ་
བ་ལ། །འབྲས་བུ་ད་ལྟར་བྱུང་བ་ན་རྐྱེན་ཁ་ཅིག་འདས་པར་གྱུར་པ་མ་ཡིན་ནམ་ཞེ་ན། འབྲས་བུ་མངོན་པར་གྲུབ་པ་ན་རྐྱེན་གྱི་དངོས་པོར་གཞག་པའི་ཕྱིར་དེའི་ཚེ་ན་རྐྱེན་དང་ལྡན་པ་ཞེས་བྱའོ། །སྐྱེས་པ་དང་འདྲ་བ་དང་ཞེས་བྱ་བ་ནི་སྐྱེས་པ་ཁོ་ན་སྟེ། དཔེར་ན་མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ལྟ་བུའོ། །
ཡང་ན་སྐྱེས་པ་དང་འདྲ་བ་ལ་བྱའོ། །མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིས་སྐྱེ་བར་མི་འགྱུར་བ་ལ་བྱའོ། །འབྲས་བུ་འདས་པ་ཞེས་བྱ་བ་ནི་འབྲས་བུའི་དངོས་པོ་འདས་པ་ལ་བྱའོ། །མི་ལྟོས་པའི་གནས་ལྟ་བུ་ཞེས་བྱ་བ་ནི་སྡུག་བསྔལ་ལ་བྱའོ། །བདག་ཏུ་སྨྲ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཚིག་རེ་
རེ་ལ་སྒྲུབ་པ་དང་སུན་དབྱུང་བ་བརྗོད་ནི་མངས་པར་འགྱུར་བས་དོན་གྱི་ཚིག་རྣམས་ཁོ་ན་མདོར་བསྡུས་ཏེ་བརྗོད་པར་བྱའོ། །བློ་སྔོན་དུ་བཏང་བ་མ་ཡིན་པས་ཞེས་བྱ་བ་ནི་གང་དག་གིས་ཀྱང་སྔོན་མ་བརྟགས་པ་སྟེ། དེ་དག་ལ་ཡང་སེམས་ཅན་གྱི་བློ་འབྱུང་བའི་ཕྱིར་རོ། །སེམས་ཅན་གྱི་བློ་འཇུག་པའི་མི་
རིགས་སོ་ཞེས་བྱ་བ་ནི་གལ་ཏེ་དེ་དང་འབྲེལ་པའི་བདག་མེད་པར་གྱུར་ན་ཞེས་བྱ་བར་བསམ་པའོ། །མིང་དང་ལྡན་པ་མིང་དང་འབྲེལ་པའི་འདུ་བྱེད་མཐོང་ན་འདུ་ཤེས་ཀྱི་བློ་ཁོ་ན་འཇུག་པའི་རིགས་ཀྱི་ཞེས་བྱ་བ་ལ། ཇི་ལྟར་ན་དེ་ལ་འདུ་ཤེས་དམིགས་པར་འགྱུར་ཞེ་ན། དེའི་འབྲས་བུ་མཐོང་བ་ལས་
འགྱུར་ཏེ། དཔེར་ན་དམིགས་པ་དང་མཐོང་བ་ལས་ཚོར་བ་བཞིན་ནོ། །འདི་ལྟར་དེ་སངས་རྒྱས་བྱིན་ཞེས་བོས་ན་འོང་བར་འགྱུར་ཏེ། དེའི་ཕྱིར་དེའི་མིང་ཡོངས་སུ་ཆུད་པའི་འདུ་ཤེས་ཡོད་པར་མངོན་ནོ། །བདག་གི་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་བློ་གང་ཡིན་པ་དེ་
སྔོན་དུ་བཏང་ནས་དཔྱོད་པའོ། །མཐོང་ཟིན་ནོ་ཞེས་བྱ་བ་ལ། ཇི་ལྟར་ད་ལྟར་བདག་གིས་མཐོང་ཞེས་བྱ་བའམ། སྔོན་མཐོང་ཟིན་ནོ་ཞེས་བྱ་བ་དེ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་བྱ་བ་དེ་ཡང་བློ་སྔོན་དུ་བཏང་བ་ཡིན་ནོ། །མངོན་པར་འདུ་བྱེད་པ་ལས་ཞེས་བྱ་བ་ཡང་བློ་དེ་སྔོན་དུ་བཏང་བ་ཡིན་ནོ། །
เล่ม ๑๓๒ · หน้า 138a
ལས་འགྲུབ་པ་ཞེས་བྱ་བ་ནི་སྤྱོད་པ་དེ་ཡང་བློ་སྔོན་དུ་བཏང་བ་ཡིན་ནོ། །གལ་ཏེ་གཞན་ལ་འདོད་ན་ནི་དེས་ན་དབྱིབས་དང་ལྡན་པ་ལ་བདག་ཅེས་བྱར་མི་རུང་ངོ་ཞེས་བྱ་བ་ལ། འདི་ལྟར་ཕ་རོལ་པོ་བློ་དེ་ནི་གཞན་པ་ཡིན་ནོ་ཁས་ལེན་ལ་བློ་སྔོན་དུ་བཏང་བ་མ་ཡིན་པས་འཛིན་པའི་ཕྱིར་དེ་དབྱིབས་
དང་ལྡན་པ་དེ་ཡང་མི་རུང་སྟེ། དབྱིབས་དང་ནི་གཟུགས་ལས་གཞན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་མཚན་ཉིད་ལས་འདོད་ན་ནི་དེས་ན་གང་མཐོང་བ་དེ་ཉིད་ལ་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་བདག་གི་བློ་མི་རུང་ངོ་ཞེས་བྱ་བ་ལ། དེ་ཉིད་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །དེས་ན་ཡུལ་
ཐམས་ཅད་ཀྱང་ཡུལ་ཐམས་ཅད་ཀྱི་བློའི་རྒྱུར་འགྱུར་བས་མི་རུང་ངོ་ཞེས་བྱ་བ་ནི་མངོན་སུམ་གྱི་རྒྱུར་འགྱུར་བས་སོ། །དེ་ལས་གཞན་པའི་སེམས་ཅན་བགྲང་བ་ལ་དེ་ལས་གཞན་པའི་སེམས་ཅན་དུ་བགྲང་བའི་བློ་འབྱུང་བར་འདོད་དམ་མི་འདོད་ཅེས་བྱ་བ་འདིས་ཅི་ཞིག་བརྩད་ཅེ་ན། སྔར་སེམས་ཅན་གྱི་
བློར་ལྷུང་བ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། བློ་སྔོན་དུ་མ་བཏང་བར་འཇུག་པའི་ཕྱིར་རོ། །དེ་ལས་གཞན་པ་ཁོ་ན་བཞིན་ནོ་ཞེས་བྱ་བ་འདི་ལ་མ་ངེས་པ་ཉིད་ཀྱང་ཡོད་མོད་ཀྱི་ཚིག་མངས་པར་འགྱུར་བས་མི་བརྗོད་དོ་ཞེས་སྔར་ཡང་སྨྲས་པ་ཡིན་ནོ། །གལ་ཏེ་མི་འབྱུང་ན་ནི་དེས་ན་མངོན་སུམ་གྱི་ཚད་མ་ལ་ཡང་སྐུར་
པ་བཏབ་པར་གྱུར་པར་མི་རུང་ངོ་ཞེས་བྱ་བ་ལ། མངོན་སུམ་ནི་ནོར་པ་ཉིད་ཡིན་ཡང་རང་རིག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བློའི་རྒྱུ་ལས་བྱུང་ན་ནི་བདག་གི་སྤྱོད་པ་ཞེས་བྱ་བར་མི་རུང་ངོ་ཞེས་བྱ་བ་ལ། བློའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་བདག་གི་རྒྱུ་ལས་བྱུང་བ་ཞེས་བྱ་བར་བརྗོད་པར་བྱའོ་ཞེས་བསམས་པའོ། །
གལ་ཏེ་མི་རྟག་ན་ནི་འགྱུར་བ་ཡོད་པས་བདག་གི་སྤྱོད་པ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ནི་བདག་རྟག་པར་མི་རུང་སྟེ་གསལ་བ་བཞིན་ནོ། །གལ་ཏེ་རྩོལ་བའི་བདག་ཉིད་ཅན་ཞིག་ཡིན་ན་ནི་དེས་ན་རྟག་ཏུ་སྤྱོད་པ་དང་ལྡན་པས་ཡང་སྤྱོད་དོ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ལ། རྟག་ཏུ་སྤྱོད་པ་དང་ལྡན་པ་ཉིད་ནི་ཡང་སྤྱོད་པར་མི་བྱེད་
དོ་ཞེས་ཁྱེད་ཅག་གིས་བརྟགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མི་རྩོལ་བའི་བདག་ཉིད་ཅན་ཞིག་ཡིན་ན་ནི་མི་རྩོལ་བའི་བདག་ཉིད་ཅན་སྤྱོད་དོ་ཞེས་བྱ་བ་ནི་སྤྱོད་པ་ནི་རྩོལ་བར་རྟོགས་པའི་ཕྱིར་རོ། །གལ་ཏེ་རྒྱུ་ཡོད་ན་ནི་སེམས་ཅན་གྱི་སྤྱོད་པ་ལ་བྱེད་དུ་འཇུག་པ་གཞན་ཞིག་ན་ཡོད་པར་འགྱུར་བས་
เล่ม ๑๓๒ · หน้า 138b
མི་རུང་ངོ་ཞེས་བྱ་བས་ནི་ཐུག་པ་མེད་པར་འགྱུར་བའི་སྐྱོན་སྨྲས་སོ། །གལ་ཏེ་རང་དབང་ཡོད་ན་ནི་བདག་ཉིད་ན་བ་དང་རྒ་བ་དང་འཆི་བ་དང་སྡུག་བསྔལ་བ་དང་ཀུན་ནས་ཉོན་མོངས་པ་སྤྱོད་པའི་མི་རིགས་སོ་ཞེས་བྱ་བ་ལ། རང་དབང་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་ཡང་སྤྱོད་པར་བྱེད་པ་ན་རྒྱུ་ལ་དབང་བྱེད་པའི་ཕྱིར་དང་
དབང་ཞེས་བྱ་བ་ཡང་བརྩམས་སོ། །གལ་ཏེ་གཞན་གྱི་དབང་གིས་སྤྱོད་ན་ནི་བདག་སྤྱོད་དོ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ནི་དེས་ན་སྤྱོད་དོ་ཞེས་བྱ་བར་མི་རུང་ངོ་། །ཁ་ཅིག་ན་རེ་སྤྱོད་པ་བདག་ལ་ནི་གཞན་རྒྱུ་དང་རྐྱེན་དེ་དག་ཁོ་ནའི་སྤྱོད་པ་ཡོད་དོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དབང་ཞེས་བྱ་བ་ནི་བདག་གི་
སྒྲའི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། བདེན་སྨྲའི་བུའི་མདོ་ལས་ཀྱང་མེར་འཇུག་གི་བུ་ཁྱོད་གཟུགས་བདག་ཡིན་ནོ་ཞེས་སྨྲའམ། ཚོར་བ་དང་། རྣམ་པར་ཤེས་པའི་བར་དག་ཡིན་ནོ་ཞེས་སྨྲའམ། ཁྱོད་གཟུགས་ལ་འདི་ནི་བདག་གི་གཟུགས་ཏེ་འདི་ལྟར་ནི་གྱུར་ཅིག །འདི་ལྟར་ནི་མ་གྱུར་ཅིག་ཅེས་བྱ་བའི་
དབང་ཡོད་དམ། རྣམ་པར་ཤེས་པའི་བར་ལ་ཡང་འདི་ནི་བདག་གི་རྣམ་པར་ཤེས་པ་སྟེ། འདི་ལྟར་ནི་གྱུར་ཅིག་འདི་ལྟར་ནི་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡོད་དམ་ཞེས་གསུངས་སོ། །དེ་བཞིན་དུ་དགེ་སློང་གི་མདོ་ལ་སོགས་པ་དག་ལས་ཀྱང་དེ་སྐད་གསུངས་སོ་ཞེས་ཟེར་རོ། །གལ་ཏེ་རྟག་ན་ནི་མི་རྟག་པ་ལ་
བདེ་བ་དང་སྡུག་བསྔལ་གྱི་ཕན་པ་དང་གནོད་པར་འགྱུར་བའི་མི་རིགས་སོ་ཞེས་བྱ་བ་ལ་སོགས་པའི་སྐབས་ཀྱིས་ནི་ཐམས་ཅད་ལྟར་གྱུར་ན་ཡང་ཉེ་བར་གནས་པར་སྟོན་པར་བྱེད་དོ། །གལ་ཏེ་མི་རྟག་ན་ནི་འདུ་བྱེད་རྣམས་ལས་ལོགས་ཤིག་ན་འཇིག་པ་དང་སྐྱེ་བ་དང་རྒྱུན་དང་འཇུག་པ་ཡང་མི་དམིགས་པས་མི་རུང་
ལ་ཞེས་བྱ་བ་ནི་ཕུང་པོ་རྣམས་ལས་ལོགས་ཤིག་ན་འཇིག་པ་དང་སྐྱེ་བ་དང་ལྡན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཞིག་པར་གྱུར་པ་གཞན་དུ་མ་བྱས་པར་ཐོབ་པའི་སྐྱོན་དུ་ཡང་འགྱུར་བས་མི་རུང་ངོ་ཞེས་བྱ་བ་ནི་ཕ་རོལ་གྱི་བྱེད་པ་པོ་ནི་གཅིག་ཏུ་ཟད་ལ། དེ་ནི་འདི་ཉིད་དུ་ཞིགས་ཏེ་རྟག་པའི་ཕྱིར་
གཞན་གྱི་དབང་དུ་གྱུར་པ་ཡིན་པས་བྱེད་པ་པོ་མ་ཡིན་པས་ཟོས་པའི་ཕྱིར་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་རོ། །གང་རྒྱུན་ལ་བྱེད་པ་པོ་ལ་སོགས་པར་ཐ་སྙད་འདོགས་པ་དེ་ལ་ནི་ཉེས་པ་མེད་དོ། །ཕུང་པོ་རྣམས་དང་ཐ་དད་པ་ཞེས་བྱ་བ་ནི་ཕུང་པོ་དང་མ་འདྲེས་པ་ཉིད་དུ་ལོགས་ཤིག་ན་གནས་ཤིང་ཕུང་པོ་
เล่ม ๑๓๒ · หน้า 139a
རྣམས་ལ་ཉེ་བར་སྤྱོད་པའོ། །སེམས་ཅན་འདུས་མ་བྱས་སུ་འདོད་པ་ཁོ་ན་མ་ཡིན་ནམ་ཞེ་ན། འདུས་བྱས་ཀྱི་བྱ་བ་དང་བྱེད་པ་དང་། ཉེ་བར་སྤྱོད་པ་ལ་སོགས་པ་མི་བྱེད་པས་ན་དེ་ལ་ཉེས་པ་མེད་དོ། །གལ་ཏེ་ཕུང་པོ་མེད་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ། ཕུང་པོ་མེད་པ་ཞེས་བྱ་བ་ནི་ཉེ་བར་སྤྱད་པར་བྱ་བའི་ཕུང་པོ་མེད་
པའི་ཕྱིར་རོ། །དེས་ན་རྟག་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ་ལུས་དང་འབྲེལ་པ་མེད་པས་བདག་ཅེས་བྱར་མི་རུང་ངོ་ཞེས་བྱ་བ་ནི་ལུས་དང་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྟ་བ་ལ་སོགས་པ་ལ་བདག་ན་ནི་དེས་ན་ལྟ་བ་ལ་སོགས་པ་འདི་ལྟ་བ་པོར་འགྱུར་གྱི་བདག་གི་ལྟ་བ་ལ་སོགས་པ་དང་བྱེ་བྲག་མེད་པས་ལྟ་བ་པོར་མི་རུང་
ངོ་ཞེས་བྱ་བ་ནི་ལྟ་བ་པོ་གཅིག་ཁོ་ནར་ཟད་ན་གཉིས་པས་ཅི་ཞིག་བྱར་ཡོད་ཅེས་བྱ་བའོ། །གལ་ཏེ་ལས་ཡིན་ན་ནི་དེ་ཡང་ས་བོན་དང་འདྲ་བས་དེས་ནི་རྟག་པར་འགྱུར་བ་སྟེ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པའི་དཔེ་བཞི་པོ་རྣམས་ནི་སྐྱེད་པ་དང་། འགྱུར་བ་དང་། གཞི་དང་། སྒྲིབ་པ་མེད་པའི་བྱེ་བྲག་གི་ཕྱིར་རོ། །ལ་ལ་ནི་སྐྱེད་པར་བྱེད་པ་དང་།
ལ་ལ་ནི་སྐྱེད་པར་མི་བྱེད་ཀྱི་བསྐྱེད་པར་འགྱུར་བར་བྱེད་པ་དང་། གཅིག་ནི་གཉིས་ཀ་ཡང་མི་བྱེད་མོད་ཀྱི་སྐྱེ་བ་དང་འགྱུར་བ་ནི་ཕྱིར་འཇིལ་ཞིང་འཛིན་པ་ལ་སོགས་པ་ཅུང་ཟད་བྱེད་པ་དང་། གཅིག་ནི་གསུམ་ཆར་ཡང་མི་བྱེད་མོད་ཀྱི་བགེགས་མི་བྱེད་པ་ཉིད་དུ་གནས་པ་སྟེ། རྣམ་པ་དེ་ཙམ་དུ་ཟད་པས་ན་དེའི་ཕྱིར་རྣམ་པ་
བཞི་སྨོས་སོ། །གལ་ཏེ་བྱེད་པ་ཡིན་ན་ནི་དེས་ནི་གལ་ཏེ་ཟོར་བ་ལ་སོགས་པ་དང་འདྲ་ན་དེས་ན་ཇི་ལྟར་ཟོར་བ་ལ་སོགས་པས་གཞན་གཅོད་པ་ལ་སོགས་པའི་བྱ་བ་བྱེད་པ་དེ་བཞིན་དུ་ལྟ་བ་ལ་སོགས་པ་ལས་ལྟ་བ་ལ་སོགས་པ་ཐ་དད་པ་གཞན་མི་དམིགས་པས་མི་རུང་ངོ་ཞེས་བྱ་བ་ནི་ཇི་ལྟར་གཅད་པའི་བྱ་བ་ནི་ཟོར་བ་ལས་གཞན་ཏེ་ལས་
ལ་གནས་པར་དམིགས་པ་ལྟར་ལྟ་བ་ཞེས་བྱ་བ་ལ་ནི་དེ་ལྟ་བུ་མེད་དེ། དེ་ཉིད་བྱ་བའི་ངོ་བོ་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་ཉིད་བྱེད་པ་པོའི་ངོ་བོ་ཉིད་དུའང་འགྱུར་བས་ན་དེ་ནི་མི་འདྲའོ། །གལ་ཏེ་མེ་ལྟ་བུ་ཞིག་ཡིན་ན་ནི་དེས་ན་བདག་ཏུ་རྟོག་པ་དོན་མེད་པར་འགྱུར་བས་མི་རུང་སྟེ། འདི་ལྟར་མེ་ནི་སྲེག་པ་པོ་
མེད་པར་ཡང་བདག་ཉིད་ཀྱིས་སྲེག་པར་བྱེད་དོ་ཞེས་བྱ་བ་ལ། ཟོར་བ་དང་མེའི་དཔེ་གཉིས་ཀྱིས་ནི་བྱེ་བྲག་ནི་འདི་ཡིན་ཏེ། གཅིག་ནི་བྱ་བ་རྣམས་ལ་ཡང་དང་ཡང་བྱེད་པ་ན་བྱེད་པ་པོ་ལ་ལྟོས་པ་ཡིན་ལ་ཅིག་ཤོས་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་ལྟ་བ་པོ་ལ་སོགས་པའི་མཚན་ཉིད་ལས་གཞན་ཞིག་ཡིན་ན་ནི་དེས་ན་ཚད་མ་
เล่ม ๑๓๒ · หน้า 139b
ཐམས་ཅད་མེད་པའི་མཚན་ཉིད་ལ་བདག་ཅེས་བྱར་མི་རུང་ངོ་ཞེས་བྱ་བ་ལ་ཚད་མ་ཐམས་ཅད་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་འབྲས་བུ་ལས་རྗེས་སུ་དཔག་པ་ཉིད་མེད་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་གང་འཇུག་པའི་མཚན་ཉིད་དང་ལྡན་པ་དེ་འཇུག་ཀྱང་འཇུག་ལ་ལྡོག་ཀྱང་ལྡོག་པར་འགྱུར་
རམ། འོན་ཏེ་དེའི་མཚན་ཉིད་དང་མི་ལྡན་པ་དེ་ལྟར་འགྱུར་བར་འདོད་ན་ཞེས་བྱ་བ་ལ་ཅིའི་ཕྱིར་ལྡོག་པའི་མཚན་ཉིད་ཅེས་མ་སྨོས་ཤེ་ན། ཁ་ཅིག་ན་རེ་འཇུག་པ་ལས་ཉམས་པ་ཉིད་ལྡོག་པ་ཁོ་ན་ཡིན་པར་སྨྲས་པ་བཞིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ལྡོག་ཀྱང་ལྡོག་པར་འགྱུར་རམ་ཞེས་བྱ་བའི་ཚིག་ཐ་མར་
བསྟན་པས་ན་ཐམས་ཅད་དུ་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་གང་མཚན་ཉིད་དང་ལྡན་པ་དེ་དེ་ལྟར་འགྱུར་ན་ནི་དེས་ན་འདུ་བྱེད་ལ་འཇུག་པའི་མཚན་ཉིད་རྣམ་པ་ལྔ་དམིགས་ཏེ་ཞེས་བྱ་བ་ལ། འདི་ལྟར་ཕ་རོལ་ལ་ནི་འཇུག་པའི་མཚན་ཉིད་རྣམ་པ་དེ་ལྟ་བུ་མ་གྲུབ་མོད་ཀྱི་འོན་ཀྱང་སྒྲུབ་པས་གདགས་པར་བྱ་སྟེ། ཕུང་པོ་ལས་
མ་གཏོགས་པའི་འཇུག་པར་བྱེད་པ་མེད་ཀྱང་འདུ་བྱེད་ལ་ལ་དག་འཇུག་པར་འགྱུར་ཏེ། འདི་ལྟར་རྒྱུ་དང་ལྡན་པའི་ཕྱིར་བ་དང་། འགྱུར་བ་ཞེས་བྱ་བའི་བར་གྱི་ཕྱིར་ཏེ། ལུས་དང་མྱུ་གུ་ལ་སོགས་པ་གྲགས་པ་རྣམས་ནི་མཐུན་པའི་དཔེ་ཡིན་ནོ། །ཆོས་མི་མཐུན་པའི་བོང་བུའི་རྭའམ། འཇུག་
པའི་ལས་གཞན་པའོ། །དེ་ཡང་འདི་ལྟ་སྟེ་འདུ་བྱེད་ལུས་དང་། མྱུ་གུ་དང་། ཆུ་ཀླུང་དང་། མར་མེ་དང་། བྱ་བ་དང་། བཞོན་པའི་རྒྱུན་རྣམས་ལ་དམིགས་ཏེ། དེས་ན་བདག་མེད་པར་ཡང་བྱེད་པ་རྣམས་ཉིད་འཇུག་ཅིང་ལྡོག་པའི་ཕྱིར་མི་རུང་ངོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ལུས་ལ་སོགས་
པ་དཔེ་མང་པོ་དག་སྨོས་པ་ནི་འཇུག་པར་བྱེད་པ་ནི་བྱ་བའི་དེ་ཙམ་དུ་ཟད་པས་ན་དེའི་ཕྱིར་དྲུག་ཁོ་ན་སྨོས་སོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་འདི་ལྟར་བདག་གི་བློས་ནི་དཔེ་ཐམས་ཅད་ལ་ཡང་རྒྱུ་དང་ལྡན་པ་ལ་སོགས་པ་ཐམས་ཅད་ཡོད་མོད་ཀྱི་གཞན་དག་ལས་གང་དུ་ཅུང་ཟད་གྲགས་པ་རྣམས་སྨོས་
ཏེ། འདི་ལྟར་འུག་པ་པ་དག་མར་མེ་ནི་གཞན་དང་གཞན་དུ་འཇུག་པར་འགྱུར་གྱི། ལུས་ནི་དེ་ལྟ་བུ་ཡིན་ནོ་ཞེས་བརྗོད་པས་ན་དེའི་ཕྱིར་དཔེ་མང་དུ་སྨོས་སོ་ཞེས་ཟེར་རོ། །གལ་ཏེ་ལུས་ནི་དཔེ་ཡིན་ན་བསྒྲུབ་པ་གང་ཡིན་ཞེ་ན། མིང་ནི་བསྒྲུབས་པའོ། །གཟུགས་ནི་དཔེའོ། །ཡང་ན་ཇི་
เล่ม ๑๓๒ · หน้า 140a
ལྟར་ལོག་པར་རྟོག་པ་བཞིན་ནོ། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཡུལ་གྱིས་སྐྱེས་པ་དང་། སྡུག་བསྔལ་བས་འགྱུར་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ན་ཟབ་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་དང་གོ་རིམས་བཞིན་དུ་སྦྱར་རོ། །གལ་
ཏེ་བདག་ཉིད་ལ་འདོགས་ན་ནི་མེ་སྲེག་པར་བྱེད་དོ། །འོད་སྣང་བར་བྱེད་དོ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་ལ། མེ་ནི་གཡོ་བ་མེད་པ་ཡིན་ཡང་སྲེག་པའི་རྐྱེན་གྱི་བྱེད་པ་པོ་ཡིན་ནོ། །གལ་ཏེ་བདག་ཉིད་ལ་འདོགས་ན་ནི་ཞེས་བྱ་བ་ནི་བདག་གི་སྒྲར་སྦྱོར་བ་ལ་བྱའོ། །དེས་ན་ཐ་སྙད་དུ་གདགས་པའི་མི་ལུས་ལ་ཡོན་ཏན་
བཤེས་གཉེན་དང་། སངས་རྒྱས་བྱིན་ཞེས་བྱ་བ་ལ་སོགས་པ་གདགས་སུ་མི་རུང་ངོ་ཞེས་བྱ་བ་ལ། ཇི་ལྟར་ན་འདི་བདག་ཡིན་ནོ་ཞེས་འདོགས་པར་བྱེད་ཅེ་ན། ངར་འཛིན་པ་དང་གཞི་གཅིག་པའི་ཕྱིར་རོ། །གལ་ཏེ་གཞན་ལ་འདོགས་ན་ནི་དེས་ན་འདུ་བྱེད་ཙམ་ལ་བདག་ཏུ་འདོགས་པར་ཟད་དེ། བདག་ཏུ་རྟོག་པ་དོན་
མེད་པར་འགྱུར་བས་མི་རུང་སྟེ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་ལྷའི་བཤེས་གཉེན་ལ་སོགས་པ་དག་ལའོ། །ཉེས་པ་གསོ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ང་རྒྱལ་ལ་སོགས་པའི་རྩ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་མི་དགེ་བ་ཡིན་ན་དེས་ཐམས་ཅད་མཁྱེན་པས་གསུངས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པས་གསུངས་
པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲུབ་པའི་རྗེས་སུ་དཔག་པ་ཡིད་ལ་གཞག་ནས་སྨྲས་པ་ཡིན་ཏེ། འདིར་ཚིག་གི་དོན་ནི་འདི་ཡིན་ནོ། །བདག་མེད་པར་ལྟ་བ་ནི་མི་དགེ་བ་མ་ཡིན་ཏེ། ཐམས་ཅད་མཁྱེན་པས་དགེ་བ་ཡིན་པར་ཐུགས་སུ་ཆུད་ནས་བསྟན་པའི་ཕྱིར་ཏེ་བྱམས་པ་ཡིན་ནོ། །ཆོས་མི་མཐུན་པ་ནི་ཁྲོ་བའོ། །
བཅོམ་ལྡན་འདས་ཀྱིས་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། གཞོན་ནུ་ང་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་ཡིན་ནོ་ཞེས་གསུངས་པ་ལས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཡོད་པར་རྗེས་སུ་དཔག་ཏུ་རུང་སྟེ། ཚིག་དེ་ཡང་དོན་ཇི་ལྟ་བ་ཁོ་ན་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ལྡེམ་པོར་དགོངས་ཏེ་གསུངས་པ་མ་ཡིན་པའི་ཕྱིར་
རོ། །མ་གསོད་པར་མངོན་པར་ཞེན་པ་ནི་སེམས་ཅན་དམྱལ་བར་འགྱུར་རོ་ཞེས་བྱ་བའི་ཚིག་བཞིན་ཏེ། ཆོས་མི་མཐུན་པ་ནི་དེ་ཉིད་ཐར་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ལྡེམ་པོར་དགོངས་པ་མ་ཡིན་ཞེ་ན། མདོ་གཞན་དག་ལས་ཀྱང་བཤད་པའི་ཕྱིར་ཏེ། དེ་ལས་གཞན་པ་བཞིན་ནོ། །ཉེས་པ་རྣམས་ཀྱི་གཉེན་པོར་འགྱུར་བ་ཞེས་བྱ་བ་ནི་
เล่ม ๑๓๒ · หน้า 140b
བདག་ལ་ཆགས་པ་དམ་པོར་འཛིན་པའི་ལམ་འགོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ཁོ་ནའོ་སྙམ་དུ་སེམས་ན་ནི་དེ་ན་ནམས་ཀྱང་བདག་མེད་དོ་སྙམ་པའི་བློ་འབྱུང་བར་མི་འགྱུར་བས་མི་རུང་ངོ་ཞེས་བྱ་བ་ནི་བདག་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་བདག་ཏུ་ལྟ་བ་ཡིན་ན་ནི་བདག་མེད་བཞིན་དུ་འདུ་བྱེད་ཙམ་ལ་
བདག་ཏུ་ལྟ་བའི་དབང་གིས་བདག་ཡོད་དོ་སྙམ་དུ་སེམས་ན་མི་རུང་སྟེ་ཞེས་བྱ་བ་ལ། བདག་ཏུ་ལྟ་བའི་དབང་གིས་ཞེས་བྱ་བ་ནི་དེ་ལྟར་གོམས་པའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཡིན་ཏེ། རང་གི་རྐྱེན་གྱི་རྣམ་པས་བསྒྲུབ་པར་ཁས་ལེན་པར་ཟད་ཀྱི་དོན་ཡོད་པ་དང་མེད་པ་ལས་ནི་མ་ཡིན་ནོ་
ཞེས་བྱ་བར་སྟོན་ཏོ། །ཆོས་རྣམས་ལ་བདག་འདོགས་པ་རྫས་སུ་ཡོད་པར་འགྱུར་དུ་འོང་བའི་ཕྱིར། དེ་དག་ལས་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བརྗོད་པར་མི་བྱའོ་ཞེས་བྱ་བ་ལ། དེ་ལ་ཉེས་པ་ཅི་ཡོད་ཅེ་ན། ཚོགས་དང་རྒྱུད་དག་ལ་དེ་ཉེ་བར་འདོགས་པའི་ཕྱིར་བ་དང་། དེ་དག་ཀྱང་
འདུ་བྱེད་རྣམས་དང་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་མི་བྱ་བའི་ཕྱིར་རོ། །དེ་ཡང་མི་རྟག་པའི་མཚན་ཉིད་དང་། མི་བརྟན་པའི་མཚན་ཉིད་དང་། ཡིད་བརྟན་དུ་མི་རུང་བའི་མཚན་ཉིད་དང་། རྣམ་པར་འགྱུར་བའི་མཚན་ཉིད་ཅེས་བྱ་བའི་ཚིག་བཞི་ནི་སྐྱེ་བའི་མཚན་ཉིད་དང་། རྒ་བ་དང་། ན་བ་དང་།
འཆི་བའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བའི་ཚིག་བཞིས་གོ་རིམས་བཞིན་དུ་བཤད་དོ། །ཆོས་ཙམ་གྱི་མཚན་ཉིད་དང་། སྡུག་བསྔལ་ཙམ་གྱི་མཚན་ཉིད་ཡིན་ཞེས་བྱ་བའི་ཚིག་ལྷག་མ་གཉིས་ནི་བྱེད་པ་མེད་པའི་མཚན་ཉིད་དང་། སྤང་བར་བྱ་བའི་མཚན་ཉིད་ཡིན་ནོ། །ཡང་ཁ་ཅིག་ཏུ་ན་སྡུག་
བསྔལ་རྣམ་པ་བདུན་ལས་བརྩམས་པ་ཡིན་ཏེ། རྒྱུན་གྱིས་འཇིག་པ་ལས་བྱུང་བ་དང་། སྐད་ཅིག་གིས་འཇིག་པ་ལས་བྱུང་བ་དང་། གློ་བུར་ལས་བྱུང་བ་དང་། བདེ་བ་ཉམས་པ་ལས་བྱུང་བ་དང་། རང་གི་ངང་གིས་བྱུང་བ་དང་། རང་དབང་མེད་པ་ལས་བྱུང་བ་དང་། རང་བཞིན་གྱི་སྡུག་བསྔལ་ལས་བྱུང་བའི་
སྡུག་བསྔལ་རྣམ་པ་བདུན་ལས་བརྩམས་ཏེ་བསྟན་པ་ཡིན་ནོ། །དེ་ལ་རང་གི་ངང་གིས་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་ཚིག་བཞི་དང་སྦྱར་རོ། །ཡང་གཅིག་ཏུ་ན་ཕ་རོལ་བདག་རྟག་པ་ལ་སོགས་པར་རྟོག་པ་དེ་དགག་པའི་ཕྱིར་མཚན་ཉིད་བརྒྱད་རྣམ་པར་གཞག་པ་ཡིན་ནོ།། །།
เล่ม ๑๓๒ · หน้า 141a
༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་བྷཱུ་མི་བྲྀཏྟི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཕན་འདོད་པས། །
མ་མོ་གང་ཞིག་ཤེས་པ་དེ། །ཤེས་བྱའི་ཕ་རོལ་མཐར་འགྲོ་བ། །དེ་ཡི་བཤད་པ་བརྩམ་པར་བྱ། །ཚིགས་སུ་བཅད་པ་འདི་བརྩམས་པའི་དགོས་པ་གང་ཞེ་ན། དགོས་པ་མཐོང་བའོ། །དགོས་པའི་དོན་གང་དོན་ཆེན་པོའི་དོན་མཐོང་བ་སྟེ། བསྟན་བཅོས་དོན་ཆེན་མཐོང་ནས་ནི། །མཉན་པ་དང་ནི་གཟུང་
བའི་ཕྱིར། །ཐོས་འདོད་གུས་པར་གྱུར་པ་ནི། །དང་པོ་ཚིག་གིས་དགོས་པ་ཡིན། །ཞེས་གསུངས་པས་སོ། །མ་མོའི་དོན་ཆེན་པོ་མཐོང་བས། ཚིགས་སུ་བཅད་པ་འདི་ཡང་དོན་ཆེ་བ་ཉིད་ཀྱིས། ཡང་འདི་ཉིད་ཀྱི་དོན་ཆེ་བའི་ངོ་བོ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འགྲོ་བ་ཞེས་བྱ་བ་ནི་འཐོབ་པའོ། །ཡང་ན་རྟོགས་
པ་སྟེ། ཡེ་ཤེས་མཐོང་བའི་དོན་དུ་འགྲོ་བས་སོ། །ཚིག་གཅིག་ལ་ཡང་ངེས་པར་བཟུང་བ་མཐོང་བའི་ཕྱིར་ཏེ། འདི་ལྟ་སྟེ་ཆུ་འཐུང་དང་རླུང་ཟ་ཞེས་བྱ་བ་ལྟ་བུས་ན། འགྲོ་བ་ཞེས་བྱ་བ་ངེས་པར་གཟུང་བའི་དོན་དུ་རྟོགས་པར་བྱའོ། །གཞན་དུ་ན་ཚིག་ལ་ནུས་པ་མེད་པར་འགྱུར་རོ། །འགྲོ་བ་ནི་སོང་བར་གྱུར་པ་དང་།
འོང་བར་འགྱུར་བ་དང་། འགྲོ་བ་སྟེ། འདི་ལྟ་སྟེ། རི་ནི་གནས་སོ་ཞེས་བྱ་བ་ལྟ་བུའོ། །ཤེས་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེའི་མཐའ་ནི་ཤེས་བྱའི་མཐའོ། །འདིར་པ་རིའི་རི་ཉེ་བར་བསྒྱུར་བ་ནི་ཁྱབ་པ་དང་ཀུན་དུའི་དོན་ཏེ། ཀུན་དང་ཁྱབ་པའི་མཐའ་ནི་པ་རི་ཨན་ཏ་སྟེ། མཐར་འགྲོ་བའོ། །གང་ཞིག་ཤེས་
པ་ཞེས་བྱ་བ་ནི་གང་དེ་ཤེས་པས་ཡིན་གྱི། གཞན་གྱིས་ནི་མ་ཡིན་ལ་ཤེས་པ་ཡིན་གྱི་མི་ཤེས་པ་ནི་མ་ཡིན་ནོ། །གང་ཞིག་ཤེས་པས་ཤེས་བྱའི་ཕ་རོལ་མཐར་འགྲོ་བ་དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱས་པ་སྟེ། ཤེས་བྱའི་ཕ་རོལ་མཐར་འགྲོ་བ་གཞན་དག་ལ་མ་མཐོང་བའི་ཕྱིར་རོ། །
དེའི་མ་མོས་ནི་ཤིན་ཏུ་རྒྱས་པའི་མཚན་ཉིད་ཅན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་མ་མོ་ཞེས་བྱ་བ་སྟེ། མ་མོ་དང་འདྲ་བས་ན་མ་མོའོ། །ཇི་ལྟར་ཡི་གེའི་མ་མོ་མ་གཏོགས་པའི་བསྟན་བཅོས་མི་དམིགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སར་བསྟན་པའི་མཚན་ཉིད་དང་བྲལ་བའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་མ་
เล่ม ๑๓๒ · หน้า 141b
མཐོང་བའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་མ་མོའིའོ། །གང་གིས་ཅི་ཙམ་ཞེ་ན། སྨྲས་པ། སེམས་ཅན་ཀུན་ལ་ཕན་འདོད་པས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ནི་ལེགས་པར་བྱེད་པ་སྟེ། སེམས་ཅན་ཀུན་ལ་ཕན་པར་འདོད་པའོ། །ཇི་ལྟ་བུའི་ཕན་པ་ཞིག་ཅེ་ན། བཤད་པ་མ་མོའི་དོན་བསྟན་པའོ། །
དེ་བསྟན་པས་ཀྱང་རྒྱ་ཆེན་པོའི་སྡེ་སྣོད་ཀྱང་བསྟན་པར་འགྱུར་བས་ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་དེ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་སྡེ་འདིའི་བསྡུས་པའི་དོན་ནི། རྣལ་འབྱོར་གྱི་གཞིའི་གནས་དང་། རྣལ་འབྱོར་གྱི་གཞིའི་བདག་ཉིད་ཀྱི་གནས་དང་། རྣལ་འབྱོར་གྱི་གཞིའི་
མཐའི་གནས་སོ། །རྣལ་འབྱོར་གྱི་གཞིའི་གནས་ནི་ལེའུ་བཅོ་བརྒྱད་དོ། །རྣལ་འབྱོར་གྱི་གཞིའི་སྒྲུབ་པའི་ཆོས་ནི་ལེའུ་བཞིའོ། །རྣལ་འབྱོར་གྱི་གཞིའི་མཐའ་ནི་ལེའུ་ལྔ་སྟེ། གང་དེ་ནི་ཆོས་བཅུ་པོ་འདི་དག་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྡུད་པར་
བྱེད་པ་ཡིན་ནོ། །བཅུ་གང་ཞེ་ན། གཞི་དང་། རྟགས་དང་། ཕྱོགས་དང་། ལྷག་པའི་བསམ་པ་དང་། གནས་པ་དང་། སྐྱེ་བ་དང་། ཡོངས་སུ་འཛིན་པ་དང་། ས་དང་། སྤྱོད་པ་དང་། རབ་ཏུ་གནས་པའོ་ཞེས་བྱ་བའོ། །གྲངས་བཅུར་བསྡུས་པ་ནི་གྲངས་ངེས་པར་གཟུང་བའི་དོན་ཏེ། བཅུ་ལས་མི་
མང་ཞིང་མི་ཉུང་ངོ་། །ཐེག་པ་ཆེན་པོ་སྡུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། ཕྱིན་པར་བྱེད་པས་ན་ཐེག་པའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། འཆད་པར་འགྱུར་བའི་ཆེན་པོ་ཉིད་རྣམ་པ་བདུན་གྱི་ཚུལ་གྱིས་སོ། །རབ་ཏུ་གནས་པའི་ལེའུ་ནི་འབྲས་བུ་ཉིད་ཡིན་
པས་ན། ཐེག་པ་ཆེན་པོར་མ་བསྡུས་པས་དེས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཞེས་བསྟན་ཏོ། །འདིས་ཐོབ་པར་བྱེད་པས་ན་ལམ་མམ་ཐོབ་པར་བྱ་བས་ན་ལམ་སྟེ། འདི་ལྟར་ཡེ་ཤེས་དང་ཐོབ་པར་བྱ་བའི་འབྲས་བུ་ནི་ལམ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུའི་མཚན་ཉིད་ཅན་
གྱིས་ཐེག་པ་ཆེན་པོས་ནི་རབ་ཏུ་གནས་པའི་ལེའུ་ཡང་འདི་ལྟར་བསྡུས་པར་འགྱུར་རོ། །འདིས་འཛིན་པར་བྱེད་པས་ན་རྟེན་ཏེ། གང་གི་ཕྱིར་བརྟེན་པ་ལ་ལྟོས་ནས་རྟེན་ཉིད་ཡིན་ན། གང་གི་རྟེན་ཡིན་ཞེས་བརྟེན་པ་འདྲི་བས། དེ་ལྟ་བས་ན་སྐལ་བ་དང་ལྡན་པ་ཞེས་སྨྲས་སོ། །དེ་བཞིན་དུ་གཞན་ལ་
เล่ม ๑๓๒ · หน้า 142a
ཡང་སྦྱར་བར་བྱའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་ཞེས་ཅིའི་ཕྱིར་བརྗོད། འདི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅེས་མི་བརྗོད་ཅེ་ན། རྣམ་པ་ཐམས་ཅད་ཤིན་ཏུ་གནས་གྱུར་པའི་མཚན་ཉིད་ཅན་ནི་བྱང་ཆུབ་ཡིན་ལ། སྦྱིན་པ་ལ་སོགས་
པའི་སྦྱོར་བ་ཙམ་གྱིས་ནི་མི་ཐོབ་བོ། །འོན་ཀྱང་སྦྱིན་པ་ལ་སོགས་པའི་རིམ་གྱིས་གང་གློ་བུར་པའི་དྲི་མ་བསལ་ནས། མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དག་པར་བརྟེན་པའི་ལམ་ནི་བྱང་ཆུབ་བོ། །གང་ཟག་རིགས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་གཞུང་གིས་ཅི་ཞིག་བསྟན།
རིགས་ལ་གནས་པའི་རྟེན་རྣམས་ཡོད་ན་ཡང་རིགས་ཉིད་གཙོར་བརྟེན་ཞེས་རབ་ཏུ་བསྟན་ཏེ། རིགས་མེད་ན་གཞན་ཡོད་ན་ཡང་རྣམ་པ་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པ་ཉིད་ཡིན་ལ། རིགས་ཡོད་ན་ནི་དུས་གཞན་ན་སེམས་
བསྐྱེད་པ་ལ་སོགས་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཅི་ལྟར་རིགས་ལ་གཞི་ཞེས་བརྗོད་ཅིང་ཉེ་
བར་རྟོག་པ་ལ་སོགས་པ་བརྗོད་པ་ལྟར། དང་པོ་སེམས་བསྐྱེད་པ་ལ་ཡང་གཞི་དང་རྟོག་པ་ལ་སོགས་པར་བརྗོད་དོ། །དེ་ལ་ཡང་རིགས་ཞེས་བྱ་བ་ནི། རང་བཞིན་གྱིས་གནས་པའི་རིགས་སོ། །འབྲས་བུ་མེད་པས་ཆ་ཕྲ་བ་ཞེས་བྱ་བ་ནི། འབྲས་བུ་མི་དམིགས་པའི་དོན་ཏོ། །འབྲས་བུ་ལ་ལྟོས་ནས་
རིགས་ཡོད་པར་ཤེས་ཀྱི་གཞན་དག་ཏུ་ནི་མ་ཡིན་ནོ། །བདག་ལ་ཕན་པའི་ཕྱིར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ། དགེ་བ་ལ་སྤྱོད་པ་ནི་ཕན་པ་ཞེས་བརྗོད་དོ། །བདེ་བ་ནི་གནོད་པ་མ་ཡིན་པའོ། །སྙིང་བརྩེ་བ་ནི་འདི་ན་ལ་ལ་མི་གནོད་པའི་དགེ་བ་ལ་སྤྱོད་པས་གཞན་དག་ལ་བརྩེ་བའོ། །འདོད་པར་
བྱ་བ་ཉིད་དང་དོན་དང་ལྡན་པ་ཉིད་ཀྱིས་དོན་ཡིན་ལ་གང་འདོད་པར་བྱ་བ་ཉིད་དང་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་ཕན་པ་དང་བདེ་བའོ། །གང་དག་དགེ་བ་སྤྱོད་པ་ལ་འཇུག་པ་རྣམས་ནི་མི་སྟེ། རྒྱལ་རིགས་ལ་སོགས་པའོ། །གང་དག་སངས་རྒྱས་འབྱུང་བ་དང་། ལེགས་པར་གསུངས་པའི་ཆོས་དང་།
เล่ม ๑๓๒ · หน้า 142b
ལེགས་པར་སྤྱོད་པའི་དགེ་འདུན་ལ་མང་དུ་ཞུགས་པས་ཕན་པ་འབྱུང་བར་འགྱུར། བདེ་བ་འབྱུང་བར་འགྱུར་ཞེས་གསུངས་སོ། །ཡང་དེ་ནི་བདག་ལ་ཕན་པ་དང་བདེ་བ་བྱས་ནས་འཇིག་རྟེན་ལ་སྙིང་བརྩེ་བས། འདི་སྙམ་དུ་སེམས་པར་འགྱུར་ཏེ། ཇི་ལྟར་གཞན་དག་ལ་ཕན་པ་དང་། བདེ་བ་དང་
ལྡན་པར་བྱ་སྙམ་མོ། །གཞན་དག་ཀྱང་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་ཀྱང་འདི་ལྟར་འགྱུར་སྙམ་མོ། །དེས་ན་དོན་དང་ཕན་པ་དང་བདེ་བ་ཞེས་བྱའོ། །ལྷ་དང་མི་རྣམས་ཞེས་བྱ་བ་ནི། དོན་ཤེས་པ་དང་། བསྒྲུབ་པ་ལ་ནུས་པ་དང་ལྡན་པས་ལྷ་དང་མིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་
རྟགས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པའོ། །སྦྱིན་པའི་རྟགས་གསུམ་པོ་དེ་རྣམས་ལས། དེ་ལ་རེ་ཞིག་དང་པོར་ཟང་ཟིང་གི་སྦྱིན་པའི་རྟགས་ནི་ཡོད་ཅིང་བདོག་པ་ནི་རྟགས་གསུམ་སྟེ། སྦྱིན་པའི་བདག་ཉིད་ཅན་དང་། སྦྱིན་
འདོད་པའི་བསམ་པ་ཉིད་དང་། རྟག་ཏུ་རྒྱུན་མི་འཆད་པར་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་དང་། སྦྱིན་པའི་དུས་སུ་རབ་ཏུ་དགའ་བའི་སེམས་ཀྱིས་སྟེར་བའོ། །མེད་ཅིང་མི་བདོག་ན་ཡང་ཆུང་ན་ཡང་བགོ་བཤའ་བྱེད་པ་དང་། བསམ་པ་ནི་སྦྱིན་པར་བྱ་བའམ་མི་སྦྱིན་ཞེས་སེམས་དང་འཐབ་མོ་བྱས་ན་སྦྱིན་
པ་མ་ཡིན། དེ་བཞིན་སེར་སྣའི་ཕྱོགས་ཀྱི་གཉེན་པོ་དང་། རྒུད་པའི་གཉེན་པོས་སྦྱིན་པ་ནི་ངོ་ཚའོ་ཞེས་དེ་ལྟར་རེ་ཞིག་སྦྱིན་པ་ལ་བདག་ཉིད་སྒྲུབ་པའོ། །གཞན་ལ་སྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། གཞན་སྦྱིན་པ་ལ་མ་ཞུགས་པ་ལ་སྒྲུབ་པ་དང་། སྦྱིན་པ་ལ་ཞུགས་པ་ལ་སྒྲུབ་པའོ། །སྦྱིན་པ་ལ་མ་
ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། སྦྱིན་པའི་ཕན་ཡོན་མི་ཤེས་པའི་སྐྱེ་བོ་རྨོངས་པ་དང་། བག་མེད་ཅིང་ཞུམ་པ་སྟེ། རྨོངས་པ་རྣམས་ལ་བསྟན་པ་དང་། བག་མེད་པའི་ངང་ཚུལ་ཅན་རྣམས་ཉེ་བར་འདུན་པར་བྱའོ། །ཡང་དག་པར་ཞུགས་པ་རྣམས་ལ་ཡིད་དགའ་བ་དང་ཡིད་བདེ་བ་སྟེ། སྦྱིན་པ་
པོ་ལ་ནི་ཡིད་དགའ་ལ། སྦྱིན་པ་ལ་རྗེས་སུ་ཡི་རང་བ་ནི་ཡིད་བདེ་བའོ། །ཆོས་ཀྱི་སྦྱིན་པ་ལས་བརྩམས་ནས་བསྟན་པ་བླ་མ་རྣམས་ཞེས་བྱ་བ་དེ་ལ། ཆོས་ཀྱི་ཕྱིར་སྦྱིན་པའམ། ཆོས་སྦྱིན་པའོ། །དེ་ལ་ཆོས་ཀྱི་ཕྱིར་སྦྱིན་པའི་དབང་དུ་བྱས་ནས་བླ་མ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལ།
เล่ม ๑๓๒ · หน้า 143a
མཁན་པོ་དང་སློབ་དཔོན་ནི་ཕ་མའོ། །རྒན་རབས་ནི་གང་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པའམ་ལོས་རྒན་པའོ། །ཡོན་གནས་ནི་ཡོན་ཏན་དང་ལྡན་པའོ། །བཀུར་སྟི་བྱ་བར་འོས་པ་ནི་ཡོན་ཏན་དང་ལྡན་པའི་བྱེ་བྲག་གམ། ཡང་ན་གཞན་ཡང་བཀུར་སྟི་བྱ་བར་འོས་པའོ། །
ཆོས་ཀྱི་སྦྱིན་པའི་དབང་དུ་བྱས་ནས། དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མི་འཇིགས་པ་སྦྱིན་པའི་དབང་དུ་བྱས་ནས་བསྟན་པ་ནི། རྒྱལ་པོ་དང་དགྲ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་འཇིགས་པ་ལ་རྗེས་སུ་སྦྱིན་པ་ལུས་སམ་ངག་གིས་བདག་གི་དངོས་པོ་ཉམས་
པ་ལས་ཡོངས་སུ་བསྲུང་བའོ། །ལོངས་སྤྱོད་ཉམས་པ་ལ་མི་འཇིགས་པ་སྦྱིན་པ་ནི། གཏམས་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་ནས་ཕ་རོལ་རང་གིས་གཞག་པའམ་བདག་གིས་སྐྱིན་པོར་བླངས་པ་ལ་སླུ་བར་མི་བྱེད་དེ། དེ་ཇི་ལྟར་ཆད་པའི་སྐྱེད་དང་བཅས་པར་སྦྱིན་གྱི་དོར་ཡང་མི་བྱེད་ལ།
འབྲོས་པར་ཡང་མི་བྱེད་དོ། །རང་གི་རིགས་རྒྱུད་ལ་ཡང་ཞེས་བྱ་བ་ནི་གཉིས་ཀྱི་ཕན་ཚུན་ནོ། །ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་ཞེས་བྱ་བ་ལ་སོགས་པ་ནི་ཚོང་པ་རྣམས་ཀྱི་ཐ་སྙད་དུ་བྱ་བའོ། །ལོངས་སྤྱོད་དང་ཞུགས་པ་དང་སྦྱིན་པའི་སེམས་གསུམ་དུ་གྱུར་པའི་སྦྱིན་པ་དང་། ལོངས་སྤྱོད་པ་དང་ཟད་པ་
ཞེས་བྱ་བ་ལ། སྦྱིན་པའི་དབང་དུ་བྱས་པ་ནི་བཤད་ཟིན་ཏོ། །ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་བརྗོད་པ་ནི། རང་བཞིན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ལོངས་སྤྱོད་དེ་ཡང་དོན་དང་ལྡན་པའི་ལོངས་སྤྱོད་དང་། དོན་དང་མི་ལྡན་པའི་ལོངས་སྤྱོད་དོ། །དོན་དང་ལྡན་
པའི་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། ལོངས་སྤྱོད་དེ་ལུས་བདེ་བར་བྱེད་པའོ། །ཡིད་མགུ་བར་བྱེད་པ་ནི་ཡོངས་སུ་སྤྱོད་པ་སྟེ། ལས་ཀྱི་མཐའ་རྒྱ་ཆེན་པོ་དག་ལ་མོས་པས་སྒྲུབ་པའོ། །གང་འཇིག་རྟེན་ན་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི། ཕྱིན་ཅི་ལོག་གི་ལོངས་སྤྱོད་དགག་པའི་དབང་དུ་
བྱས་ནས་བསྟན་པའོ། །འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི། ཞུགས་པ་ཐོབ་པ་རྣམས་ལས་ངོ་ཚ་དང་ཁྲོལ་ཡོད་པ་བསྟན་པའོ། །མ་འོངས་པའི་ནི། ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་ཞེས་བྱ་བ་སྟེ། སྔར་གྱི་ནི་གཏང་བར་བྱ་བ་རབ་ཏུ་བསྟན་པ་ཡིན་ལ། འདི་ནི་སྦྱིན་པར་བྱ་
เล่ม ๑๓๒ · หน้า 143b
བའི་རྫས་འཐོབ་པར་འགྱུར་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་བསྡུས་པའི་དོན་ནི། ཚུལ་ཁྲིམས་རྣམ་པ་གསུམ་གྱི་རྟགས་རྣམས་ཏེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིའོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་
དུ་བྱས་ནས། ལུས་དང་ངག་གི་ལས་ཞེས་བྱ་བ་ལས་བརྩམས་པའོ། །མི་དགེ་བ་ཞེས་བྱ་བ་ལ་ནི་རང་ལ་མི་ཕན་པ་བྱེད་པའོ། །ཤིན་ཏུ་དྲག་པོའི་ཞེས་བྱ་བ་ནི། དེའི་མི་མཐུན་པའི་ཕྱོགས་སྤོང་བའོ། །སེམས་ཅན་ལ་ཤིན་ཏུ་གནོད་པ་མ་ཡིན་ཞེས་བྱ་བ་ནི། སྲོག་གཅོད་པ་སྤངས་པའི་ཚུལ་
ཁྲིམས་ཀྱི་དབང་དུ་བྱས་ནས་བསྟན་པ་སྟེ། སྦྱོར་བའི་དུས་ཀྱིའོ། །བྱས་སུ་ཟིན་ཀྱང་ཞེས་བྱ་བ་ནི་མཇུག་གི་དབང་དུ་བྱས་ནས་བསྟན་པའོ། །དེ་ཡང་འཛེམ་བཞིན་དུ་ཞེས་བྱ་བ་ནི་དངོས་པོ་བཞིའི་དུས་སུའོ། །དགའ་བཞིན་པས་མ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤོང་བའོ། །འདི་ལྟ་བུ་ནི་
རེ་ཞིག་སྲོག་གཅོད་པའི་ལས་ཀྱི་ལམ་གྱིས་བསྡུས་པའི་དབང་དུ་བྱས་པའོ། །ལག་པ་དང་བོང་བ་ཞེས་བྱ་བ་ལ་སོགས་པ་ནི། ལས་ཀྱི་ལམ་གྱིས་བསྡུས་པའི་དབང་དུ་བྱས་པ་སྟེ། རང་བཞིན་གྱིས་མཉེས་གཤིན་ཞེས་བྱ་བ་ལ་སོགས་པ་ནི་སྲོག་གཅོད་པ་ལ་ཡང་ངོ་། །དགེ་བ་ཆོས་སྡུད་པའི་ཚུལ་
ཁྲིམས་ཀྱི་དབང་དུ་བྱས་ནས། རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན་ཞེས་བྱ་བའི་བར་དུའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བཤད་པ། སེམས་ཅན་ཕན་འདོགས་པ་ཞེས་བྱ་བའི་བར་ནས། མ་བྱིན་པ་ལེན་པ་སྤོང་བའི་ཚུལ་ཁྲིམས་ཀྱི་རྟགས་ཀྱི་དབང་
དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་ཇི་ལྟར་རྟགས་དང་མཚན་མ་ལ་ལྟོས་ལ་སྦྱར་བར་བྱ་སྟེ། བདག་གིས་ནི་ཕྱོགས་ཙམ་བསྟན་ཏོ། །གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པའི་རྟགས་ནི་འདིར་རྟགས་ཞེས་བསྟན་ཏོ། །གནོད་པ་བྱེད་པ་ལ་མི་བཟོད་པ་ནི་ཤིན་ཏུ་སྨད་པའི་ཕྱིར་
རོ། །གནོད་པ་བྱས་ཀྱང་མི་བཟོད་པ་མི་བྱེད་ལ་ཞེས་བྱ་བ་ནི། ལུས་དང་ངག་དག་གིས་མི་བྱེད་པའོ། །གྲོས་བཏབ་ན་ཡང་མྱུར་དུ་ཉན་པར་བྱེད་ལ་ཞེས་བྱ་བ་ནི་ལུས་དང་ངག་གིས་སོ། །ཞེ་ལ་མི་འཛིན་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཡུན་རིང་དུ་ཁོན་དུ་མི་བྱེད་ཅེས་བྱ་བ་ནི། སྨྲའམ་མི་སྨྲའང་རུང་
เล่ม ๑๓๒ · หน้า 144a
ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་རྣམས་ཀྱི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། བྱང་ཆུབ་སེམས་དཔའ་བརྩོན་པ་གང་དང་ལྡན་པས། རྣམ་པ་ཐམས་ཅད་དུ་བརྩོན་འགྲུས་བརྩམས་པ་དང་། བརྟན་པ་དང་ལྡན་པ་དང་། བརྩོན་འགྲུས་
དང་ལྡན་པ་དང་། སྤྲོ་བ་དང་། ཕ་རོལ་གནོད་པ་དང་། བླངས་པ་མི་འདོར་བ་ཞེས་བྱའོ། །བརྩོན་འགྲུས་རྣམ་པ་དྲུག་པོ་འདི་དག་ནི་རྟགས་ཞེས་བསྟན་ཏེ། ཇི་ལྟར་བྱས་ནས་ཤེ་ན། དུས་རྟག་ཏུ་སྦྱོར་བ་ཉིད་དང་། རྟག་ཏུ་བརྩོན་པ་ཉིད་ནི་བརྩོན་འགྲུས་བརྩམས་པ་ཞེས་བརྗོད་དེ། དེའི་རྟགས་ནི་རང་བཞིན་
གྱིས་འབད་པ་དང་ལྡན་པ་ཡིན་ཏེ། ནང་པར་སྔར་ལྡང་ཞིང་དགོངས་ཁ་ཉལ་བར་བྱེད་ཅེས་བྱ་བའོ། །སྦྱོར་བ་མི་ཞན་པ་རྟག་ཏུ་བྱ་བ་ལ་བརྩོན་པ་ནི་བརྟན་པ་དང་ལྡན་པ་ཞེས་བརྗོད་དེ། དེའི་རྟགས་ནི་གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་དབབ་པའི་བདེ་བ་ཧ་ཅང་ཉམས་སུ་ལེན་པར་མི་བྱེད་
ཅེས་བྱ་བའོ། །སྔོན་གྱི་རྒྱུའི་སྟོབས་ཀྱིས་བསྐོས་པའི་རྒྱུ་མཐུན་པ་ཅན་ནི་བརྩོན་འགྲུས་དང་ལྡན་པ་ཞེས་བརྗོད་དོ། །དེའི་རྟགས་ནི་བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་དང་། ལེ་ལོ་ཟིལ་གྱིས་མནན་ཏེ། སོ་སོར་བརྟགས་ནས་བརྩོན་པ་དེའི་བྱ་བ་དེ་མངོན་པར་རྫོགས་པར་
བྱེད་ཅེས་བྱ་བའོ། །སྦྱོར་བ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སོ་སོར་བརྟགས་ནས་སྦྱོར་བ་ཉིད་ནི་སྦྱོར་བ་ཞེས་བྱ་སྟེ། དེའི་རྟགས་ནི་བྱ་བ་ཐམས་ཅད་བརྩོན་པ་ལ་ཡང་ངེས་པ་ཡིན་ཞེས་བྱ་བའོ། །མི་འཁྲུགས་པའི་བརྩོན་འགྲུས་ཀྱི་སྡུག་བསྔལ་གྱིས་རེག་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་
དམ་བཅས་པའི་དངོས་པོ་ལས་གཞན་དུ་མི་འགྱུར་བ་ཉིད་ནི་ཕ་རོལ་གནོད་པ་ཞེས་བྱ་སྟེ། དེའི་རྟགས་ནི་མ་བྱས་སམ་མ་ཟིན་གྱི་བར་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་བརྩོན་པ་མི་འདོར་ཞིང་། བར་མ་དོར་ཡང་སྒྱིད་ལུག་པར་མི་བྱེད་པ་དང་ཞེས་བྱ་བའོ། །ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་དོན་གྱི་ཁྱད་
པར་ཆུང་ངུ་རྟོགས་པས་ཆོག་མི་ཤེས་པ་ནི་དགེ་བའི་ཆོས་ལ་བླངས་པ་མི་འདོར་བ་ཞེས་བརྗོད་དེ། དེའི་རྟགས་ནི། དོན་གྱི་མཆོག་རྒྱ་ཆེན་པོ་དག་ལ་ཡང་སེམས་ཞུམ་པར་མི་བྱེད་ཅིང་། བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང་། བདག་གིས་ནི་འདི་དག་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་
เล่ม ๑๓๒ · หน้า 144b
པའོ་ཞེས་སྤྲོ་བ་སྐྱེད་པ་དང་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་རེ་ཞིག་གོ་ཆའི་བརྩོན་འགྲུས་ཀྱི་རྟགས་བསྟན་པའོ། །ད་ནི་དགེ་བ་ཆོས་སྡུད་པའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས་བསྟན་པ་ནི། ཚོགས་ཆེན་པོའི་ནང་དུ་འགྲོ་བའམ། གཞན་དག་དང་འགྱེད་པའམ། ཕྱིར་བརྒལ་བའམ། དེ་ལས་གཞན་
པའི་ལས་དཀའ་བ་དག་ལ་ཡང་བརྟན་པ་ཡིན་ཞེས་བྱ་བའོ། །སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ཀྱི་རྟགས་ཀྱི་དབང་དུ་བྱས་ནས་བསྟན་པ་ནི། དོན་དང་ལྡན་པའི་བརྩལ་བ་ཆེན་པོ་དག་ལ་ཡང་སྐྱོ་བར་མི་བྱེད་ན་ཆུང་ངུ་དག་ལ་ཅི་སྨོས་ཏེ་ཞེས་བྱ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པའི་རིགས་ཀྱི་རྟགས་བསྡུས་པའི་དོན་ནི། ཏིང་ངེ་འཛིན་འདོད་པའི་སློབ་མ་གནས་ལྔ་ལ་ངེས་པར་སྦྱར་བར་བྱ་སྟེ། འདི་ལྟ་སྟེ། སེམས་རྩེ་གཅིག་པ་ཉིད་དང་། རབ་ཏུ་དབེན་པ་དང་། སྒྲིབ་པ་རྣམ་པར་སྦྱང་བ་དང་ཡིད་ལ་བྱེད་པ་གོམས་པར་བྱ་བ་དང་། སྡོམ་པ་སྲུང་ཞིང་སྤེལ་བར་བྱ་བ་སྟེ། དེ་
དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཏེ། འདི་ལ་ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ནི། རང་བཞིན་གྱིས་གཡེང་བ་མི་མང་བ་ཡིན་ཞེས་བྱ་བས་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་རྟགས་སོ། །དགོན་པ་དང་ནགས་ཚལ་གྱི་གནས་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབེན་
པའི་རྟགས་སོ། །རང་བཞིན་གྱིས་ཀྱང་ཉོན་མོངས་པ་ཤས་ཆུང་ཞིང་སྒྲིབ་པ་ཤས་ཆུང་ལ། གནས་ངན་ལེན་ཤས་ཆུང་བ་ཡིན་ནོ་ཞེས་བྱ་བ་ནི། སྒྲིབ་པ་རྣམ་པར་སྦྱོང་བའི་རྟགས་སོ། །རབ་ཏུ་དབེན་པ་ལ་གནས་ཤིང་ཞེས་བྱ་བ་ནི། ཡིད་ལ་བྱེད་པ་གོམས་པར་བྱེད་པའི་རྟགས་ཀྱི་དབང་དུ་བྱས་པའོ། །
མི་དགའ་བ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པ་སྲུང་ཞིང་སྤེལ་བའི་རྟགས་ཏེ། དེ་དག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་རིགས་ཀྱི་རྟགས་སོ། །དེ་ལ་ཁྱད་པར་ནི་འདི་ཡིན་ཏེ། གོ་རིམས་བཞིན་དུ་མ་བསྟན་ཏེ་དེའི་ཏིང་ངེ་འཛིན་གྱི་སྡོམ་པ་བསྲུང་བ་དང་། སྤེལ་པ་དང་སེམས་རྩེ་
གཅིག་པ་དང་། སྒྲིབ་པ་རྣམ་པར་སྦྱང་བ་དང་། ཡིད་ལ་བྱེད་པ་གོམས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་དོན་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་དེའི་རྗེས་སུ་འབྲངས་ནས་བསྟན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་རྣམས་བསྡུས་པའི་དོན་ནི་ཤེས་རབ་ཀྱི་ཕ་
เล่ม ๑๓๒ · หน้า 145a
རོལ་ཏུ་ཕྱིན་པའི་ལེའུ་ལས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་བསྟན་པའོ། །ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི། ཤེས་བྱ་ཐམས་ཅད་ལ་རྗེས་སུ་འཇུག་པ་དང་། གང་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། རིག་པའི་གནས་ལྔ་ལ་དམིགས་ནས་
འཇུག་པ་ཉིད་དོ། །དེའི་རྟགས་ནི་རིག་པའི་གནས་ཐམས་ཅད་ལ་ཤེས་པ་འཇུག་པས། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའི་ཕྱིར་ཡིད་མི་རྟུལ་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དེའི་ཁྱད་པར་རྣམས་སོ། །རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང་ལྡན་པ་
ཞེས་བྱ་བ་ནི། རང་བཞིན་གྱིས་ཡོན་ཏན་དང་ལྡན་པས་ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པའི་སེམས་མ་དག་པ་སྤོང་བར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། བཟང་ལ་སྟེ། ཅང་ཤེས་ལྟ་བུར་བཟང་བའོ། །དགེ་བ་ནི་གསེར་བཟང་པོ་ལྟ་བུ་སྟེ། ཇི་ལྟར་དགེ་བ་ཞེ་ན། དཀར་པོའི་ཆོས་དང་ལྡན་པ་ཉིད་ཀྱི་
ཕྱིར་རོ། །བསྐྱེད་པར་དཀའ་བ་ཞེས་བྱ་བ་ནི་ཐོབ་པར་དཀའ་བའོ། །གཙོ་བོར་གྱུར་པ་ཞེས་བྱ་བ་ནི། ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པའོ། །མི་གཡོ་བ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་མེད་པའོ། །བླ་ན་མེད་
པ་ཞེས་བྱ་བ་ནི་འདི་ལས་གཞན་པའི་གོང་མར་གྱུར་པ་མེད་པའོ། །དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་རྒྱུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་སྟེ། མི་དགེ་བའི་ལས་མང་དུ་མ་བྱས་པ་དེས་ན་མྱུར་དུ་ལྡོག་པའོ། །སེམས་ཅན་རྣམས་ལ་ཚོར་བ་དྲག་པོ་
བདག་གིས་མི་བསྐྱེད་ལ། གཞན་གྱིས་བྱས་པའི་ཚོར་པས་སེམས་ཅན་རྣམས་སྡུག་བསྔལ་བ་མཐོང་ན་སྐྱོ་བ་སྐྱེད་པ་དང་། སྙིང་རྗེའི་སེམས་བསྐྱེད་པ་སྟེ། དེ་དག་ཐམས་ཅད་ནི་རིགས་ཀྱིས་བྱས་པ་ཉིད་དོ། །དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོའི་བསྡུས་པའི་དོན་ནི།
རྒྱུ་ལས་གྱུར་པ་དང་། རྐྱེན་གྱི་མཚན་ཉིད་ཅེས་བྱ་བ་སྟེ། རྒྱུ་ལས་གྱུར་པ་ནི་གཅིག་གོ། །གསུམ་ནི་རྐྱེན་ལས་གྱུར་པའོ། །རྐྱེན་ཡང་རྣམ་པ་གཉིས་ཏེ། ཕྱིའི་དང་། ནང་གིའོ། །ཕྱི་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་འཐོབ་པ་ལ་མི་ཕན་པ་དང་། དེ་འཐོབ་པ་ལ་བར་དུ་གཅོད་པའོ། །ནང་གི་
เล่ม ๑๓๒ · หน้า 145b
ནི་འཚོ་བ་ལ་ལྟོས་པའི་མཚན་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། རིགས་ཕུན་སུམ་ཚོགས་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་མི་ནུས་པའོ། །རྒྱུ་བཞིའི་བསྡུས་པའི་དོན་ནི། རྒྱུ་རྣམས་ལས་དང་པོ་གསུམ་ནི་རྐྱེན་ནོ། །ཐ་མའི་བཞི་པ་ནི་རྒྱུ་སྟེ། དད་པ་
དང་འདུན་པ་དང་སྐྱེད་པའི་རྐྱེན་དང་བྲལ་བ་དང་། བདག་ཉིད་ཐབས་མ་ཡིན་པ་ལ་སྦྱོར་བ་དང་། བརྩོན་འགྲུས་གཡེལ་བའོ། །རིགས་ཀྱི་ལེའུའི་བསྡུས་པའི་དོན་ནི། རིགས་ནི་བྱང་ཆུབ་འཐོབ་པའི་རྒྱུའི་གཙོ་བོ་ཉིད་དུ་བསྒྲུབ་པ་དང་། རིགས་ཀྱི་རྣམ་གྲངས་དང་། རིགས་ཀྱི་མཚན་ཉིད་དང་།
རིགས་ཀྱི་དབྱེ་བ་དང་། རིགས་གཞན་ལས་བྱང་ཆུབ་སེམས་དཔའི་རིགས་ཁྱད་པར་དུ་འཕགས་པ་ཉིད་དང་། དེ་ཁྱད་པར་དུ་འཕགས་པའི་རྒྱུའི་ཁྱད་པར་དང་། དེའི་རྟགས་རྣམ་པར་གཞག་པ་དང་། ངན་སོང་དུ་སྐྱེས་པར་མཚུངས་ན་ཡང་དེ་ལས་གཞན་པའི་རིགས་ལས་བྱང་ཆུབ་སེམས་
དཔའི་རིགས་ཀྱི་ཁྱད་པར་དུ་འཕགས་པ་དང་། དཀར་པོའི་ཆོས་དང་འགལ་བའི་ཉེ་བའི་ཉོན་མོངས་པ་དང་། རིགས་ཕུན་སུམ་ཚོགས་པ་ན་ཡང་བྱང་ཆུབ་མི་ཐོབ་པའི་རྒྱུ་ཞེས་བྱ་བ་སྟེ། དང་པོ་བཞི་ནི་རིགས་གསུམ་གྱི་ཐུན་མོང་ཡིན་ནོ། །གཞན་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་ཀྱི་ཁྱད་
པར་སྟོན་པའོ། །དང་པོ་བཞི་ནི་རིགས་གཞན་ལ་ཡང་ཡོད་པས་ཐུན་མོང་གི་དོན་ཏོ། །གཉིས་པ་ནི་བསྟན་པ་འདི་ལ་དེ་ཡོད་པར་རབ་ཏུ་བསྟན་པའི་དོན་ཏོ། །རིགས་ཀྱི་མཚན་ཉིད་དང་། རིགས་ཀྱི་དབྱེ་བ་ནི་ཤེས་པར་བྱ་བའི་དོན་དུའོ། །རིགས་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་པས་ནི་
བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཉིད་དུ་བསྟན་པའི་དོན་ཏོ། །དེ་ཁྱད་པར་དུ་འཕགས་པའི་རྒྱུའི་ཁྱད་པར་ནི་རྣམ་པ་བཞི་སྟེ། རྣམ་པར་གྲོལ་བ་ལས་གྱུར་པ་དང་། ཐོག་མ་དང་བར་མ་དང་ཐ་མ་ལས་གྱུར་པ་དང་། བདེ་འགྲོར་སྐྱེས་པ་
དང་། ངན་འགྲོར་སྐྱེས་པའི་ཁྱད་པར་རོ། །དེ་ལ་རྣམ་པར་གྲོལ་བ་ལས་གྱུར་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རིགས་ལས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཐོག་མ་དང་། བར་མ་དང་ཐ་མ་ལས་གྱུར་པ་ནི་རྣམ་པ་བཞི་སྟེ། དབང་པོ་ལས་གྱུར་པ་དང་། བསྒྲུབ་པ་ལས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด