ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་ཡཱ་ན་སང་གྲ་ཧ་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๔ · หน้า 121b
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སང་གྲ་ཧ་བྷཱ་ཥྱཾ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། བམ་པོ་དང་པོ། སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས་བྱའི་སྒྲིབ་པ་མུན་
པ་རབ་རིབ་དག་གིས་ཇི་སྙེད་ཇི་ལྟ་བར། །ཡོད་པ་དོན་དམ་ཀུན་རྫོབ་ཚུལ་གྱིས་ཆོས་གང་གཟུགས་བརྙན་གཞན་དུ་སྣང་གྱུར་པའི། །སེམས་ཅན་རྣམས་ལ་བསམ་པ་བཞིན་དུ་དྲི་མེད་ཐར་པའི་ཐབས་ནི་རྣམ་པ་གསུམ། །ཉོན་མོངས་བག་ཆགས་བཅས་པར་བཅོམ་པའི་དྲི་མེད་ཡང་དག་བྱང་ཆུབ་མཆོག་
རྟོགས་པ། །རྣམ་རྟོག་དྲ་བ་ཐམས་ཅད་སྤངས་པའི་དྲི་མེད་ཡེ་ཤེས་ཟེར་གྱིས་ཐོབ་གྱུར་ནས། །གང་གིས་ལྷུན་གྱིས་གྲུབ་པར་ཕྱོགས་བཅུ་རྣམས་སུ་རབ་ཏུ་སྟོན་ཀྱང་འཁོར་བ་ལ། །དེར་མི་རྟོག་པས་གནས་པ་མེད་ཅིང་སྙིང་རྗེ་མྱ་ངན་འདས་ལ་མི་གནས་གང་། །ཐབས་དང་ཤེས་རབ་ཆེན་པོས་ཡོངས་སུ་
གཟུང་བས་བདག་གཞན་དོན་གྱི་མཐར་བྱོན་དང་། །གང་ཡང་དམ་པའི་ཆོས་གང་བཅོམ་ལྡན་དེ་ཡིས་ཡང་དག་རྟོགས་ནས་ལེགས་བསྟན་པ། །གང་འདི་ལེགས་པར་སྒྲུབ་དང་ལྡན་པ་དེ་ཡིས་བདུད་རྩིའི་གོ་འཕང་ཞི་བ་འཐོབ། །གང་ཞིག་སྤོང་བར་བྱེད་པ་དེ་ནི་སྡུག་བསྔལ་རྒྱ་མཚོར་ཡུན་རིང་ཤིན་ཏུ་
འབྱིང་། །སློབ་དང་མི་སློབ་འབྲས་བུ་ལ་གནས་ལམ་དེ་ནས་སོང་དགེ་འདུན་གཞན་གྱི་མཆོག །གང་ཞིག་བདེ་གཤེགས་དགེ་འདུན་ཡོན་ཏན་དྲི་མེད་རིག་པའི་བརྟུལ་ཞུགས་ཀྱིས་བསྒྲུབ་པ། །བླ་མེད་བསོད་ནམས་ཞིང་ལ་དགེ་བ་ཅུང་ཟད་ཕྲ་མོ་དག་ཀྱང་འདིར་བྱས་ན། །ས་དང་ནམ་མཁའ་རྒྱ་ཆེ་བ་ལྟར་
མཁས་པ་རྣམས་ཀྱིས་ཐར་པ་སྒྲུབ་པར་བྱེད། །དེ་དག་ལ་ནི་ལུས་ངག་ཡིད་ཀྱིས་ལན་ཅིག་མིན་པར་གུས་པས་ཕྱག་འཚལ་ལོ། །མཁས་པར་རློམ་པ་རང་གི་རྟོག་ལ་བརྟེན་པས་ལུང་དང་རྟོགས་པ་དཀྲུགས་གྱུར་ཅིང་། །དེ་ལྟར་ཡང་དག་དམ་ཆོས་ཚུལ་དཀྲུགས་པ་ལ་ཆོས་ཀྱིས་རབ་ཏུ་སྣང་མཛད་པའི། །ཏིང་
འཛིན་མི་གཡོ་འཇིག་རྟེན་འདས་ལ་བརྟེན་ནས་འཕགས་པ་བྱམས་པ་ལ་བརྙེས་པས། །སྔོན་ཆད་མ་བྱུང་བ་ཡི་དམ་ཆོས་སྟོན་པར་མཛད་པའི་སློབ་དཔོན་ལ་ཡང་ངོ་། །ཇི་ལྟར་ཉི་མ་ཕྱོགས་རྣམས་ཐམས་ཅད་ཀུན་ཏུ་འོད་ཟེར་དྲ་བ་འགྱེད་པ་ལྟར། །གང་གིས་ལེགས་པའི་གྲགས་པ་གཞུང་གི་འོད་ཟེར་དྲི་མེད་རྣམ་
เล่ม ๑๓๔ · หน้า 122a
པར་སྤྲོ་བྱེད་དེ། །ཟབ་ཅིང་དོན་ཆེ་བཟང་ལ་སྣ་ཚོགས་ཚིག་བཟང་ངེས་པའི་དོན་གྱི་མདོ་ལས་བྱུང་། །གང་ཞིག་སྐྱེ་བོ་མཁས་པ་རང་དགའ་མེད་པ་དྲང་བ་མཉེན་ཞིང་གུས་པར་བྱེད། །ཤིན་ཏུ་རྟོགས་པར་དཀའ་བའི་ཆོས་དེ་ཉིད་ལའང་གང་གི་བློ་ནི་ཐོགས་མེད་ལ། །རྙེད་དང་
གྲགས་པ་དང་ནི་བསྟོད་དང་བདེ་བ་རྣམས་ལའང་ཆགས་པ་རྟག་མེད་པའི། །གང་གིས་མིང་ཡང་ཡོན་ཏན་རྗེས་མཐུན་ངེས་པ་མཁས་པ་དག་གིས་བརྟག་བརྗོད་དེ། །གང་ཞིག་ཐོགས་མེད་ཅེས་ནི་མི་དང་ལྷ་ཡིས་གྲགས་པའི་ཡོན་ཏན་རྗོད་བྱེད་པ། །མི་ཟད་བློ་ལས་དམ་ཆོས་ཚིག་དོན་བདུད་རྩིའི་ཆར་
འབབ་པ་ལས་ཕྱོགས་གཅིག་ཉིད། །ཐོས་ཏེ་བྱིའུ་ལྟ་བུར་རང་གི་ནུས་པ་ཅུང་ཞིག་གང་ཡང་ཅི་བཟུང་དང་། །བསྡུ་བ་གཏན་ལ་དབབ་པར་ཤིན་ཏུ་རྒྱས་པར་བསྟན་ལས་ཅུང་ཞིག་བརྗོད་པར་བྱ། །དེས་ཀྱང་ལ་ལ་ཤིན་ཏུ་རྒྱས་པའི་གཞུང་གི་རྒྱ་མཚོས་སྐྲག་པའི་དོན་བྱེད་སྲིད། །འདི་ལྟར་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་གསུངས་ཏེ་ཞེས་བྱ་བ་དོན་ཅི་ལས་བརྩམས་ནས་རྒྱུ་གང་གིས་བརྗོད་ན། ཤིན་ཏུ་ཡངས་པའི་ཤེས་བྱ་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུས་བརྗོད་ཀྱི་གཞན་དུ་ན་ག་
ལ་ནུས། ཡང་གང་གིས་ན་བསྟན་བཅོས་འདི་རིམ་པ་འདི་ལྟར་བསྟན་ན་གང་གི་ཕྱིར་ཆོས་མངོན་པ་སྨོས་པ་མེད་ན་འདི་གཙུག་ལག་ཉིད་དུ་མི་ཤེས་པ་དེས་ན་དེའི་ཕྱིར་དང་། མདོའི་མིང་བསྟན་པའི་ཕྱིར་ཏེ། ས་བཅུ་པ་བཞིན་དུ་ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ཞེས་བསྟན་ཏོ། །གཞན་ཡང་
གཙུག་ལག་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཆོས་མངོན་པ་ཞེས་བྱའོ། །ད་ནི་མདོ་བརྩམས་པའི་དགོས་པ་ནི་མ་རྟོགས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཏེ། ཆོས་མངོན་པའི་མདོ་སྨོས་པ་ནི་འདིས་ཆོས་ཀྱི་རྣམ་གྲངས་བརྗོད་པར་བྱ་བའི་དོན་དང་། མདོའི་མིང་བསྟན་པའི་ཕྱིར་རོ། །ཐེག་
པ་ཆེན་པོ་སྨོས་པ་ནི་ཡང་ཉན་ཐོས་ཀྱི་ཆོས་མངོན་པ་བཙལ་བའི་ཕྱིར་ཏེ། གང་གི་ཕྱིར་ཆོས་མངོན་པ་ཀུན་གཙུག་ལག་མ་ཡིན་ནོ་ཞེས་ལོག་པར་རྟོག་པའི་ཕྱིར་རོ། །དེ་ཡང་ཁ་ཅིག་རང་གི་རྟོག་པའི་བློ་དག་གིས་ཆོས་མངོན་པ་སངས་རྒྱས་ཀྱིས་གསུངས་པར་འདོད་དོ། །ཁ་ཅིག་ནི་ཉན་
เล่ม ๑๓๔ · หน้า 122b
ཐོས་ཀྱིས་བསྟན་པ་དང་། མཁས་པ་དག་གིས་བྱས་པར་འདོད་དོ། །ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ་འདིས་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཉིད་སྟོན་ཏོ། །ཡང་ཆོས་མངོན་པ་སྨོས་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཟུང་ངོ་། །ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཟུང་
བས་ནི་རང་གི་ཐེག་པ་ཆེན་པོ་ལས་རང་གི་ཉོན་མོངས་པ་འདུལ་བར་ཡང་དག་པར་སྣང་ངོ་། །གང་ཐེག་པ་ཆེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཉིད་ཉོན་མོངས་པ་ཡིན་པས་བྱང་ཆུབ་སེམས་དཔའི་ཆོས་མངོན་པ་ནི་རྒྱ་ཆེ་ཞིང་ཟབ་པའི་མཚན་ཉིད་ཅན་ཉིད་དོ། །དེ་ལ་སྡེ་
སྣོད་གསུམ་ནི་མདོ་སྡེ་དང་། འདུལ་བ་དང་། མངོན་པའོ། །གསུམ་པོ་དེ་དག་ཉིད་ཐེག་པ་དམན་པ་དང་། ཐེག་པ་མཆོག་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཡང་དེ་ནི་གསུམ་ཡང་རུང་གཉིས་ཀྱང་རུང་སྟེ། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་
ན། བསྡུས་པའི་ཕྱིར་ཏེ། ཤེས་བྱ་མ་ལུས་པའི་དོན་བསྡུས་པ་ཉིད་ཀྱིས་སོ། །རྒྱུ་གང་གིས་གསུམ་ཡིན་ན་རྒྱུ་དགུ་སྟེ། ཐེ་ཚོམ་གྱི་གཉེན་པོ་ཡིན་པས་ན་མདོ་སྡེ་སྟེ། གང་དོན་གང་ལ་ཐེ་ཚོམ་ཟ་བ་དེའི་དོན་དེ་ངེས་པར་བསྟན་པའི་ཕྱིར་རོ། །མཐའ་གཉིས་སུ་སྦྱོར་བའི་གཉེན་པོས་ན་འདུལ་བ་སྟེ། ཁ་ན་མ་
ཐོ་བ་དང་བཅས་པའི་ལོངས་སྤྱོད་བཀག་པས་འདོད་པའི་བསོད་ཉམས་ལ་སྦྱོར་བའི་མཐའ་སྤོང་བ་ཉིད་དང་། ཁ་ན་མ་ཐོ་བ་མེད་པའི་ལོངས་སྤྱོད་རྗེས་སུ་གནང་བས་བདག་ཉིད་ངལ་བའི་མཐའ་ལ་སྦྱོར་བ་སྤོང་བའི་ཕྱིར་རོ། །བདག་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོས་ན་ཆོས་མངོན་པ་སྟེ། ཕྱིན་ཅི་མ་ལོག་
པའི་ཆོས་ཀྱི་མཚན་ཉིད་གསལ་བར་བྱེད་པའི་ཕྱིར་རོ། །ཡང་བསླབ་པ་གསུམ་སྟོན་པས་ན་མདོ་སྡེའོ། །ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཡང་དག་པར་སྒྲུབ་པས་འདུལ་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་ལས་རབ་ཏུ་འདའ་བས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ལྷག་པའི་
ཤེས་རབ་ཡང་དག་པར་སྒྲུབ་པས་ཆོས་མངོན་པ་སྟེ། ཕྱིན་ཅི་མ་ལོག་པའི་དོན་ལ་རབ་ཏུ་རྟོགས་པའི་ཕྱིར་རོ། །ཡང་ཆོས་དང་དོན་རྟོགས་པས་མདོ་སྡེའོ། །ཆོས་དང་དོན་སྒྲུབ་པས་འདུལ་བ་སྟེ། ཉོན་མོངས་པ་འདུལ་བ་དང་ལྡན་པ་ནི་དེ་རྟོགས་པ་ལས་སོ། །ཆོས་དང་དོན་རྣམ་པར་གཏན་ལ་དབབ་པ་
เล่ม ๑๓๔ · หน้า 123a
ལ་མཁས་པས་ན་ཆོས་མངོན་པ་སྟེ། རྒྱུ་དགུ་པོ་དེ་དག་གིས་ན་སྡེ་སྣོད་ནི་གསུམ་དུ་འདོད་དོ། །དེ་དག་གིས་ཀྱང་འཁོར་བ་ལས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དེ་དག་གིས་རྣམ་པར་གྲོལ་བར་བྱེད་ཅེ་ན། བསྒོ་བ་དང་། རྟོགས་པ་དང་། འཇིལ་བ་དང་། རབ་ཏུ་
འབྱེད་པས་རྣམ་པར་གྲོལ་བར་བྱེད་པ་ཉིད་དོ། །ཐོས་པས་ནི་སེམས་ལ་བསྒོ་བ་ཉིད་དོ། །བསམ་པས་ནི་རྟོགས་པ་ཉིད་དོ། །ཞི་བའི་དོན་ཏུ་སྒོམ་པའི་ཕྱིར་འཇིལ་བ་ཉིད་དོ། །ལྷག་མཐོང་གིས་ནི་རབ་ཏུ་འབྱེད་པ་ཉིད་དོ། །མདོར་བསྡུ་ན་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དེ་དག་སོ་སོ་ཞིང་དོན་རྣམ་པ་
བཞི་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་རྟོགས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཉན་ཐོས་ཀྱིས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་པས་ཀྱང་ཟག་པ་ཟད་པ་འཐོབ་བོ། །དེ་ལྟར་སོ་སོ་ཞིང་དོན་རྣམ་པ་བཞི་ཡིན་ཞེ་ན། གནས་དང་མཚན་ཉིད་དང་། ཆོས་དང་དོན་མདོར་སྟོན་
པས་ན། མདོ་སྡེའོ། །དེ་ལ་གནས་ནི་ཡུལ་གང་དུ་གང་གིས་གང་ལ་བསྟན་པའོ། །མཚན་ཉིད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་། དོན་དམ་པའི་བདེན་པའི་མཚན་ཉིད་དོ། །ཆོས་ནི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་དང་། བསམ་གཏན་
དང་། ཚད་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའོ། །དོན་ནི་རྗེས་སུ་བརྗོད་པའོ། །མངོན་དུ་ཕྱོགས་པའི་ཕྱིར་དང་། ཡང་དང་ཡང་དུ་སྟོན་པའི་ཕྱིར་དང་།
ཟིལ་གྱིས་གནོན་པའི་ཕྱིར་དང་། མངོན་པར་རྟོགས་པའི་ཕྱིར་ཆོས་མངོན་པར་རིག་པར་བྱ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཆོས་ནི་ཆོས་མངོན་པའོ། །བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་ཡང་དང་ཡང་དུ་སྟོན་པའི་ཆོས་ནི་
ཆོས་མངོན་པ་སྟེ། ཆོས་རེ་རེ་ཞིང་ཡང་ངེས་པའི་ཚིག་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལ་སོགས་པ་རབ་ཏུ་དབྱེ་བ་མང་པོས་སྟོན་པའི་ཕྱིར་རོ། །ཟིལ་གྱིས་གནོན་པས་ན་ཆོས་མངོན་པ་སྟེ། ཕས་ཀྱི་རྒོལ་བར་འདོད་པའི་དབང་དུ་བྱས་ནས་ཟིལ་གྱིས་གནོན་པ་ཉིད་དོ། །མདོ་
เล่ม ๑๓๔ · หน้า 123b
སྡེའི་དོན་འདིས་རྟོགས་པར་བྱེད་པས་ན་ཡང་ཆོས་མངོན་པའོ། །ཡང་འདུལ་བ་ནི་ལྟུང་བ་དང་། ཀུན་ནས་འབྱུང་བ་དང་། ལྡང་བ་དང་། ངེས་པར་འབྱུང་བར་རིག་པར་བྱའོ། །དེ་ལ་ལྟུང་བ་ནི་ལྟུང་བའི་རིས་ལྔའོ། །ཀུན་ནས་འབྱུང་བ་ནི་ལྟུང་བ་མི་ཤེས་པ་ཉིད་དང་། བག་མེད་པ་ཉིད་དང་། ཉོན་
མོངས་པ་མང་བ་དང་། མ་གུས་པ་ལས་སོ། །ལྟུང་བ་ནི་ཇི་ལྟ་བ་བཞིན་དུ་སྡོམ་པ་འཛིན་པའི་བསམ་པས་ཡིན་གྱི། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །ངེས་པར་འབྱུང་བ་ནི་རྣམ་པ་བདུན་ཏེ། སོ་སོར་ཆགས་པ་དང་། ལྟུང་བར་མཐོང་བ་དང་། བསླབ་པ་སྦྱིན་པ་ལ་སོགས་པའི་ཆད་པའི་ལས་
དང་། ནང་ཁྲིམས་ཀྱིས་ཏེ། བསླབ་པའི་གནས་བཅས་པ་ལ་ཡང་རིམ་གྱིས་རྗེས་སུ་གནང་བ་ལ་བརྟེན་ནས་དགེ་འདུན་བློ་མཐུན་པས་རབ་ཏུ་བཅས་པའི་བསླབ་པའི་གཞི་རྗེས་སུ་གནང་བ་ཉིད་དང་། རྟེན་གནས་གྱུར་པ་ཉིད་ཀྱིས་ཏེ། དགེ་སློང་དང་དགེ་སློང་མ་བུད་མེད་དང་སྐྱེས་པ་ཉིད་དུ་མཚན་གྱུར་པས་
ཐུན་མོང་མ་ཡིན་པའི་བྱེ་བྲག་དག་གོ། །ལྟུང་བའི་དེ་ཁོ་ན་ཉིད་ཆོས་ཀྱི་སྐྱེད་མོས་ཚལ་གྱི་རྣམ་པས་སོ་སོར་རྟོག་པའི་ཁྱད་པར་དང་། ཆོས་ཉིད་རབ་ཏུ་རྟོགས་པས་བདེན་པ་མཐོང་བ་ཉིད་ཀྱིས་ལྟུང་བ་ཕྲ་ཞིང་ཕྲ་བ་དག་ལས་ངེས་པར་འབྱུང་ངོ་། །ཡང་དོན་རྣམ་པ་བཞིས་ན་འདུལ་བར་རིག་པར་བྱ་སྟེ། གང་ཟག་
ཉིད་ནི་གང་ལ་བརྟེན་ནས་བསླབ་པ་བཅས་པའོ། །གང་ཟག་གི་ཉེས་པ་གང་གིས་ཞུས་པ་ན། དེའི་དབང་གིས་དགེ་འདུན་ཐམས་ཅད་འདུས་ནས་བསླབ་པ་བཅས་པས་ན་བཅས་པའོ། །རབ་ཏུ་དབྱེ་བ་ནི་བསླབ་པའི་གཞི་བཅས་པ་དེ་རྣམ་པར་ཕྱེ་ནས་གཏན་ལ་ཕབ་པའོ། །ངེས་པར་གཟུང་བ་ནི་དེ་ལ་ཇི་ལྟར་
ལྟུང་བ་དང་། ལྟུང་བ་མེད་པར་ངེས་པར་གཟུང་བའོ། །ད་ནི་རྩ་བའི་གཞུང་བརྩམ་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ནི་འབད་པ་དང་གུས་པར་བཅས་པས་ཚིག་གཞན་དུ་མ་ཡིན་པའི་དོན་ཏོ། །ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པའི་ཞེས་བྱ་བ་ནི་གཟུངས་ལ་སོགས་པའི་ཡོན་
ཏན་རབ་ཏུ་ཐོབ་པ་ཞེས་བྱ་བའི་དོན་ཏེ། ཡོན་ཏན་དེ་དག་ཐོབ་པས་ཀྱང་དོན་དང་ཚིག་ཡང་དག་པར་འཛིན་པ་དང་། རབ་ཏུ་སྟོན་པ་ཉིད་དུ་འདིས་བསྟན་པའམ། དེ་ལྟ་བུའི་མིང་ཅན་གྱི་བྱང་ཆུབ་སེམས་དཔས་སོ། །ཅིའི་ཕྱིར་བརྗོད་ན། ཐེག་པ་ཆེན་པོ་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་ཏེ། དེ་ལ་བརྗོད་པ་
เล่ม ๑๓๔ · หน้า 124a
ནི་ཐེག་པ་ཆེན་པོ་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་བརྩམས་ནས་ཞེས་བྱ་བ་ནི་དེའི་དབང་དུ་བྱས་ནས་སོ། །གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ལ། ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པའི་གསུང་
གང་ལ་མངའ་བ་དེ་ནི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པའོ། །གང་གཞན་ཡང་ཁྱད་པར་དུ་འཕགས་པའི་སྒྲའི་དོན་ནི་མཆོག་གི་དོན་ཏེ། དེ་ལྟ་བུ་ནི་ཁྱད་པར་དུ་འཕགས་པའི་དོན་ཏོ། །དེ་ལ་ཤེས་བྱའི་གནས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་ཞེས་བྱ་བ་ལ། ཤེས་པར་
བྱ་བས་ན་ཤེས་བྱའོ། །དེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟེ། དེ་ཡང་ངོ་བོ་ཉིད་གསུམ་མོ། །དེའི་གནས་ནི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་འཕགས་པའི་གསུང་ཞེས་བྱ་བ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པས་སོ། །འདི་ནི་ལས་འཛིན་པ་སྟེ། ཤེས་བྱ་ཇི་སྙེད་པ་ཉིད་ཀྱི་ཁྱད་པར་
ཡིན་པས་ཤེས་བྱའི་ཁྱད་པར་རོ། །ཤེས་བྱའི་མཚན་ཉིད་ནི་ཤེས་བྱའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཤེས་བྱའི་མཚན་ཉིད་ནི་ཤེས་བྱའི་མཚན་ཉིད་དེ་ངོ་བོ་ཉིད་གསུམ་མོ། །ཤེས་བྱའི་མཚན་ཉིད་དེ་ལ་ཇི་ལྟར་འཇུག་པར་འགྱུར་བའམ། གང་གིས་འཇུག་པར་འགྱུར་བ་སྟེ། རྣམ་པར་ཤེས་པ་ཙམ་
མོ། །དེར་འཇུག་པ་ནི་དེ་ལ་འཇུག་པའོ། །འཇུག་པ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་ཙམ་ལ་འཇུག་པ་ནི་འཇིག་རྟེན་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དུས་སུ་ནི་རྒྱུའོ། །དེ་དག་ཉིད་མངོན་དུ་གྱུར་ཅིང་འཇིག་རྟེན་ལས་འདས་པར་གྱུར་པ་ནི་འབྲས་བུའོ། །དེའི་
རྒྱུ་དང་འབྲས་བུའི་སྒོམ་པ་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ། དེའི་རྒྱུ་དང་འབྲས་བུ་ཉིད་ནི་དེའི་རྒྱུ་དང་འབྲས་བུའོ། །དེའི་སྒོམ་པའི་རབ་ཏུ་དབྱེ་བ་ནི་སྒོམ་པ་གོམས་པ་སྟེ། དེའི་གོམས་པ་ནི་སའི་ཁྱད་པར་གང་ཡིན་པའོ། །དེའི་བྱ་བ་ནི་ཡང་དག་པའོ། །སྒོམ་པ་རབ་ཏུ་དབྱེ་བ་དེ་ཉིད་ལ་ལྷག་པའི་ཚུལ་
ཁྲིམས་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་ཏེ། བསླབ་པ་དེ་ཡང་བྱང་ཆུབ་སེམས་དཔའི་སྒོམ་པ་གང་མི་དགེ་བའི་ཆོས་མི་བྱེད་པའི་སེམས་སོ། །ལྷག་པའི་སེམས་ཞེས་བྱ་བ་ལ། ནང་གི་སེམས་ནི་ལྷག་པའི་སེམས་སོ། །སེམས་ཉིད་
เล่ม ๑๓๔ · หน้า 124b
ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་སེམས་ཏེ་ཏིང་ངེ་འཛིན་ཏོ། །ལྷག་པའི་ཤེས་རབ་ཅེས་བྱ་བ་ལ། མངོན་པར་རྟོགས་པར་བྱེད་པའི་ཤེས་རབ་ནི་ལྷག་པའི་ཤེས་རབ་བམ། ཤེས་རབ་ཉིད་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཤེས་རབ་སྟེ། དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །
སྤངས་པའི་ཁྱད་པར་ཞེས་བྱ་བ་ལ། ཁྱད་པར་དུ་འཕགས་པའམ། རབ་ཏུ་དབྱེ་བས་སམ། སོ་སོ་རང་གི་རིག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པའོ། །ཡེ་ཤེས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་
ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ། དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་སུ་མཐུན་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་སྤངས་པ་སྟེ། འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཡེ་ཤེས་ཀྱི་ཁྱད་པར་རོ། །ཇི་ལྟར་བརྗོད་ཅེས་བྱ་བ་ནི་རྣམ་པ་
གང་གིས་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་དེ་ལ་འཇུག་པའི་རྒྱུ་དང་འབྲས་བུར་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ཙམ་ཉིད་ཀྱིས་ན་ངོ་བོ་ཉིད་གསུམ་གྱི་ཁྱད་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འདྲེན་པར་བྱེད་པའི་ཕྱིར་རོ། །སར་
ཆུད་པ་རྣམས་ཀྱིས་ནི་དེ་དག་ཉིད་དག་པའོ། །འཇིག་རྟེན་ལས་འདས་པར་གྱུར་པ་ནི་འབྲས་བུའོ། །བྱང་ཆུབ་སེམས་དཔའི་ས་བཅུ་དག་ནི་དེའི་རྒྱུ་དང་འབྲས་བུ་སྒོམ་པ་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་བསླབ་པ་གསུམ་དང་། དེའི་འབྲས་བུ་དང་། དེའི་སྤངས་པ་ནི་དེའི་འབྲས་བུ་སྤངས་པའོ། །དེའི་ངོ་བོ་ནི་དེའི་འབྲས་བུ་
སྤངས་པ་ཉིད་དེ། ཤེས་བྱའི་སྒྲིབ་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལྷག་པའི་ཤེས་རབ་ཅེས་བྱ་བ་ལ། ཉན་ཐོས་ཀྱི་རྣམ་པར་མི་རྟོག་པ་ནི་ཕྱིན་ཅི་ལོག་བཞིས་རྣམ་པར་མི་རྟོག་པའོ། །བྱང་ཆུབ་སེམས་དཔའི་ཆོས་ནི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་དེ། དེ་
དག་ནི་རྣམ་པར་མི་རྟོག་པ་དག་གི་ཁྱད་པར་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསུམ་ནི་དེའི་འབྲས་བུ་ཞེས་བྱ་བ་ལ། དེ་རྣམས་ཀྱི་འབྲས་བུ་ནི་དེའི་འབྲས་བུ་སྟེ། དེའི་འབྲས་བུ་དང་ཡེ་ཤེས་ནི་དེའི་འབྲས་བུ་ཡེ་ཤེས་སོ། །དེའི་ངོ་བོ་ནི་དེའི་འབྲས་བུ་ཡེ་ཤེས་ཉིད་དོ། །དེ་ལ་ངོ་བོ་ཉིད་མེད་ན་ཆོས་ཀྱི་སྐུ་
เล่ม ๑๓๔ · หน้า 125a
ཉིད་ཀྱང་མ་ཡིན་ཏེ། མིག་བཞིན་ནོ། །དེ་མེད་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་བཞིན་ཏེ། འདིར་རྟེན་དང་བརྟེན་པ་མཚུངས་པའི་ཆོས་བལྟ་བར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་མེད་པར་ས་ཆེན་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཆོས་ཀྱི་ལོངས་སྤྱོད་མི་འབྱུང་ངོ་། །དེ་མེད་པར་ཡང་ཚོགས་ཡོངས་སུ་རྫོགས་པ་མི་འབྱུང་སྟེ། གཟུགས་མི་མཐོང་བ་བཞིན་ནོ། །སྤྲུལ་པར་ཡང་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དམན་པ་ལ་མོས་པ་རྣམས་ཀྱི་དང་བའི་ཚོལ་བ་ཉིད་ཉམས་པར་འགྱུར་བ་དེས་ན་ངེས་པར་སྐུ་
གསུམ་དུ་འགྱུར་བ་ཡིན་ནོ། །ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པ་ལས་མ་བསྟན་པ་ཐེག་པ་ཆེན་པོ་ལས་ཁྱད་པར་དུ་འཕགས་པ་མཆོག་ཉིད་དུ་བསྟན་པ་དག་གོ། །དེ་དག་ཀྱང་གང་ཞེ་ན། གནས་བཅུ་པོ་འདི་དག་ནི་བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་
བྱེད་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་ཤིན་ཏུ་འཐད་པ་མཐུན་པ་འགལ་བ་མེད་པའོ་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་པ་ཉིད་ནི། བྱང་ཆུབ་ཆེན་པོར་སྒྲུབ་པར་བྱེད་པ་ཉིད་དེ་རྒྱུ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་འཐད་པ་ཞེས་བྱ་བ་ནི་རིགས་པ་ལ་སོགས་པའི་
ཚད་མས་བརྟགས་ནས་ཉེ་བར་བསྟན་པའི་ལམ་གྱི་རྒྱུ་མཚན་ཏེ། རྒྱུ་མཚན་རྣམ་པ་བཅུ་པོའོ། །མཐུན་པ་ཞེས་བྱ་བ་ནི་མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བ་ནི། རྗེས་སུ་མཐུན་པར་གནས་པ་སྟེ། ཇི་ལྟར་ལམ་བསྟན་པ་རྗེས་སུ་མཐུན་པར་གནས་པ་བཞིན་ནོ། །འགལ་བ་མེད་པ་ཞེས་བྱ་བ་ནི་ས་
རྣམས་ལ་མི་མཐུན་པའི་གནོད་པའི་རྒྱུ་མེད་པ་སྟེ། ཇི་ལྟར་བསྟན་པའི་ལམ་ལ་ཆོམ་རྐུན་ལ་སོགས་པའི་གནོད་པ་མེད་པ་བཞིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་མི་འགལ་བ་ཉིད་དོ། །ཅིའི་ཕྱིར་གོ་རིམས་འདི་ལྟར་བསྟན་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔས་རེ་ཞིག་དང་པོ་ཉིད་དུ་
ཆོས་ཞེས་བྱ་བ་ནས་བརྩམས་ནས། འབྲས་བུ་མྱ་ངན་ལས་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དུ་འདི་ལས་བསྟན་ཏེ། འདི་ལྟར་རྒྱུའི་ཆོས་རྣམས་ཤེས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་ཏེ། གང་གི་
เล่ม ๑๓๔ · หน้า 125b
རྒྱུ་ལས་འབྲས་བུ་འབྱུང་གི །དབང་ཕྱུག་ལ་སོགས་པ་ལས་ནི་མ་ཡིན་པས་དེས་ན་རྒྱུ་དང་འབྲས་བུ་གཉིས་ཀ་ཡང་ཤེས་པར་འགྱུར་རོ། །དེས་ན་ནི་གང་རྒྱུ་ཉིད་ལས་བྱུང་བའི་ཆོས་རྣམས་ཀྱི་མཚན་ཉིད་ཤེས་པར་བྱ་སྟེ། མཚན་ཉིད་ཀྱང་གང་ཞེ་ན། ཡོད་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལ་ཡོད་པར་
མངོན་པར་ཞེན་ཅིང་སྒྲོ་བཏགས་པ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པས་ན་ཡོད་པའི་ཡོངས་སུ་གྲུབ་པ་ལ་སྐུར་པ་བཏབ་པར་འགྱུར་བས་མཐའ་དེ་དག་གཉི་གའི་སྐྱོན་སྤངས་པ་ནི་མཁས་པ་ཡིན་ནོ། །དེ་ནས་ནི་འདི་ལྟར་རྣམ་པར་ཤེས་པ་ཙམ་ཉིད་ཀྱི་མཚན་ཉིད་དུ་བཟུང་ཞིང་རྟོགས་པར་བྱ་སྟེ།
དེས་ནི་སྒྲིབ་པ་མེད་པར་འགྱུར་རོ། །དེ་ནས་རྣམ་པར་ཤེས་པ་ཙམ་ཉིད་ལ་འདུག་པ་ན་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འཇིག་རྟེན་པ་ཀུན་རྫོབ་ཏུ་རྟོགས་པ་དང་། དོན་དམ་པ་དག་རྟོགས་པར་བྱ་སྟེ། ཡོངས་སུ་དག་པའི་བསམ་པས་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ནི་ས་
བཅུ་པོ་རྣམས་ཀྱི་ཁྱད་པར་གྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱ་སྟེ། ཉན་ཐོས་ཀྱི་རྟོགས་པ་ལྟར་ནི་མ་ཡིན་ཏེ། དེ་དག་ནི་སྐྱེ་བ་གསུམ་གྱི་གཉེན་པོས་ཐར་པར་འགྱུར་རོ། །དེ་ནས་དེ་དག་ཉིད་ལ་བསྒོམས་པས་བསླབ་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་ཡོངས་སུ་
རྫོགས་པར་བྱའོ། །དེ་ནས་ལྷག་པའི་འབྲས་བུ་མྱ་ངན་ལས་འདས་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐུ་གསུམ་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་གོ་རིམས་ཏེ། འདི་དག་ཉིད་ནི་ཐེག་པ་ཆེན་པོའོ། །དེས་ན་འདི་ལྟར་རྟེན་ཅིང་འབྲེལ་
པར་འབྱུང་བ་བརྗོད་པར་བྱ་བ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་ནང་དུ་འདུས་སོ། །དེའི་མཚན་ཉིད་ནི་དེའི་ངོ་བོ་ཉིད་གསུམ་མོ། །དེས་ན་རྟོགས་པ་ནི་རྣམ་པར་ཤེས་པ་ཙམ་ཉིད་དོ། །དེ་ལས་ནི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་ནི་ས་དག་གོ། །ས་དག་ནི་བསླབ་པའོ། །བསླབ་པ་ལས་ནི་སྤངས་
པ་དང་ཡེ་ཤེས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ནི་སྐུ་གསུམ་གྱིས་བསྡུས་པའོ། །དེ་དག་ཉིད་ནི་སངས་རྒྱས་ཞེས་བྱ་སྟེ། དེ་བས་ན་གོ་རིམས་ནི་འདི་ལྟར་བསྟན་ཏོ། །རྣམ་གྲངས་གཞན་ཡང་བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀུན་ཏུ་
เล่ม ๑๓๔ · หน้า 126a
འདྲེན་པའོ། །ཤིན་ཏུ་འཐད་པ་ནི་རིགས་པའི་ཚད་མ་གསུམ་དང་མི་འགལ་ལོ། །མཐུན་པ་ཞེས་བྱ་བ་ནི་སྔར་རྗེས་སུ་མཐུན་པར་གྱུར་ལ། ཕྱིས་འགལ་བ་མ་ཡིན་པ་སྟེ། ཇི་སྐད་དུ། དགེ་ལ་རྗེས་སུ་ཆགས་པ་དང་། །གནོད་ལ་ཕན་པ་བྱེད་པ་ལ། །དཀར་ནག་ངོ་བོར་མི་ལྟ་བའི། །དང་
པོའི་རྩ་བ་སྙིང་རྗེ་འདོད། །ཅེས་བྱ་བས་སོ། །ཐམས་ཅད་མཁྱེན་པས་ཡེ་ཤེས་འཐོབ་པར་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྒྱུན་མི་འཆད་པར་རྣམ་པ་ཐམས་ཅད་ཀྱིས་མཁྱེན་པ་འབྱུང་བ་ཉིད་དོ། །ཤིན་ཏུ་འཐད་པ་ལ་སོགས་པ་དག་གི་དོན་བཞིན་ཡང་ཤིན་ཏུ་འཐད་པ་མཐུན་པ་འགལ་བ་མེད་པ་ཞེས་བྱ་བ་ནི་བསྟན་པ་
དང་བཤད་པ་ཉིད་དེ། ཇི་ལྟར་ཞེ་ན། ཤིན་ཏུ་འཐད་པ་ནི་མཐུན་པ་འགལ་བ་མེད་པར་གནས་པས་སོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་ལུང་ནི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་དེ་ཉིད་ལས་དང་པོར་བསྟན་པ་ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཞེས་བྱ་བའི་ཚིགས་སུ་བཅད་པ་གསུངས་ཏེ། དབྱིངས་
ཞེས་བྱ་བ་ནི་རྒྱུའོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི་གང་རྒྱུ་ཡིན་པ་དེས་ན་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་པས་དེ་ཆོས་རྣམས་ཀུན་གྱི་གནས་ཡོད་ན་འགྲོ་ཀུན་ཏེ། གང་སུ་འཁོར་བ་ན་ཡོད་པའི་འགྲོ་བའོ། །འགྲོ་བ་འབའ་ཞིག་མ་ཡིན་གྱི་མྱ་ངན་ལས་འདས་
པའང་སྟེ། དེ་ཡོད་པས་ན་ཀུན་ནས་ཉོན་མོངས་པ་དང་མྱ་ངན་ལས་འདས་པ་ཉིད་ཀྱང་ངོ་། །དེ་ནི་ཤེས་བྱའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་ལུང་ངོ་། །ལུང་གཞན་ཡང་། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །རྣམ་ཤེས་ས་བོན་ཐམས་ཅད་པ། །ཞེས་བྱ་བ་ལ། རྐང་པ་དང་པོ་ནི་རྐང་པ་གཉིས་
པས་བཤད་དོ། །དམ་པ་དག་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེར་སྦྱོར་བ་ཞེས་བྱ་བ་ནི་གནས་པའོ། །སྐྱེ་བ་ཅན་ཞེས་བྱ་བ་ནི་གང་དག་ལ་སྐྱེ་བ་ཡོད་པ་དེ་དག་ལ་སྐྱེ་བ་ཅན་ཞེས་བྱས་ནས་སོ། །ཀུན་ནས་ཉོན་མོངས་པའི་ཆོས་
ཞེས་བྱ་བ་ནི་རྣམ་པར་བྱང་བ་ལས་བཟློག་པའི་དོན་ཏོ། །སེམས་ཅན་དག་སྐྱེས་པའི་དེའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་འདིའི་ལུང་ནི་དགོངས་པ་ངེས་པར་འགྲེལ་པ་དེ་ལས་བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་
เล่ม ๑๓๔ · หน้า 126b
སེམས་ཅན་གྱི་རིས་གང་དང་གང་དུ་ཡང་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ལས་སྐྱེ་བའམ། ཡང་ན་དྲོད་གཤེར་ལས་སྐྱེ་བའམ། ཡང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་དེའི་དང་པོར་འདི་ལྟར་ལེན་པ་རྣམ་པ་གཉིས་སོ། །རྟེན་པ་དང་
བཅས་པའི་དབང་པོ་གཟུགས་དང་། ལེན་པ་དང་། མཚན་མ་དང་། མིང་དང་། རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་བརྟེན་ནས་ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ་རྒྱས་ཤིང་འཕེལ་བ་དང་ཡངས་པར་འགྱུར་རོ། །དེ་ལ་གཟུགས་ཅན་གྱི་
ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ། །བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་འདི་གཟུང་ཞིང་བླངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་
དེ་ལུས་འདི་ལ་གྲུབ་པ་དང་། བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང་། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱིས་ཀུན་ཏུ་བསགས་པ་དང་། ཉེ་བར་བསགས་པ་ཡིན་པའི་ཕྱིར་
རོ། །བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་། །དེ་ལ་རྣམ་པར་ཤེས་པ་
དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འཇུག་པ་དུས་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་། །གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་
ཅིག་འབྱུང་ན་ནི་མིག་གི་རྣམ་པར་ཤེས་པ་དང་། སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ཙམ་ལན་ཅིག་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ། གསུམ་མམ། བཞི་ལྷན་ཅིག་གམ། ལྔ་ཆར་ལྷན་ཅིག་བྱུང་ན་ཡང་དེར་རྣམ་
เล่ม ๑๓๔ · หน้า 127a
པར་ཤེས་པའི་ཚོགས་ལྔ་པོ་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་། །དཔེའི་སྒོ་ནས་རྒྱས་པར་བློ་གྲོས་ཡངས་པ་འདི་ལྟ་སྟེ་དཔེར་ན་ཆུའི་ཀླུང་ཆེན་པོ་འབབ་པ་ལས་གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་
ཉེ་བར་གནས་པར་གྱུར་ན་རླབས་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་རླབས་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་མང་པོ་དག་འབྱུང་ཞིང་ཆུའི་ཀླུང་དེ་རང་གི་རྒྱུན་འཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་ཡང་མི་འགྱུར་རོ། །མེ་ལོང་གི་དཀྱིལ་
འཁོར་ཡོངས་སུ་དག་པ་ལ་གལ་ཏེ་གཟུགས་བརྙན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་རབ་ཏུ་མང་པོ་དག་འབྱུང་
ཞིང་། མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་འགྱུར་བ་ཡང་མ་ཡིན་ལ། ཡོངས་སུ་སྦྱོར་བར་ཡང་མི་མངོན་ནོ། །བློ་གྲོས་ཡངས་པ་དེ་བཞིན་དུ་ཆུ་ཀླུང་ལྟ་བུ་དང་། མེ་ལོང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་གལ་ཏེ་མིག་གི་རྣམ་པར་ཤེས་
པ་གཅིག་ལན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་མིག་གི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་ལན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་ལན་
ཅིག་འབྱུང་ངོ་། །བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་
དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་འདོགས་སོ། །བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ལེན་པ་མི་མཐོང་། ལེན་པའི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་
เล่ม ๑๓๔ · หน้า 127b
དུ་ཡིན་པ་དང་། ཀུན་གཞི་ཡང་མི་མཐོང་། ཀུན་གཞིའི་རྣམ་པར་ཤེས་པ་ཡང་མི་མཐོང་། བསགས་པ་ཡང་མི་མཐོང་། སེམས་ཀྱང་མི་མཐོང་། མིག་ཀྱང་མི་མཐོང་། གཟུགས་ཀྱང་མི་མཐོང་། མིག་གི་རྣམ་པར་ཤེས་པ་ཡང་མི་མཐོང་། རྣ་བ་ཡང་མི་མཐོང་། སྒྲ་ཡང་མི་མཐོང་། རྣ་བའི་རྣམ་པར་
ཤེས་པ་ཡང་མི་མཐོང་། སྣ་ཡང་མི་མཐོང་། དྲི་ཡང་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལྕེ་ཡང་མི་མཐོང་། རོ་ཡང་མི་མཐོང་། ལྕེའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལུས་ཀྱང་མི་མཐོང་། རེག་བྱ་ཡང་མི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞིང་། བློ་གྲོས་
ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་ཀྱང་མི་མཐོང་། ཆོས་རྣམས་ཀྱང་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་ན། དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་
པ་ཡང་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་པར་འདོགས་སོ། །བློ་གྲོས་ཡངས་པ་དེ་ཙམ་གྱིས་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་
ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ་ཞེས་བྱ་བ་དང་། ཡང་དོན་འདི་ཉིད་ཚིགས་སུ་བཅད་པ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་རྟོགས་པར་དཀའ་
བའི་ཕྱིར་རོ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་བྱ་བ་ནི་རིམ་གྱིས་འཇུག་པ་ཉིད་ཀྱིས་དེར་ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་དུ་སྐད་ཅིག་མའི་རིམ་གྱིས་འཇུག་པས་སོ། །ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་དང་། ངེས་པའི་ཚིག་གོ། །བདག་ཏུ་
རྟོག་པར་གྱུར་ན་མི་རུང་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་ཞུགས་པ་ཉིད་ལ་བདག་ཏུ་རྟོག་པར་མ་བྱེད་ཅིག་པའོ། །དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཞེས་བྱ་བའི་བཤད་པ་ནི་འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་
เล่ม ๑๓๔ · หน้า 128a
མིག་ལ་སོགས་པའི་དབང་པོ་གཟུགས་ཅན་རྣམས་ཀུན་གཞི་རྣམ་པར་ཤེས་པས་མ་བཟུང་ན་ཤི་བའི་ལུས་བཞིན་དུ་སྔོན་པོ་ལ་སོགས་པའི་གནས་སྐབས་སུ་འགྱུར་བས་གང་ཡང་ཤི་བའི་དུས་ན་དེ་དང་བྲལ་བར་གྱུར་པ་ན་འདི་དག་ཀྱང་སྔོན་པོ་ལ་སོགས་པའི་
གནས་སྐབས་སུ་འགྱུར་རོ། །དེས་ན་འདི་ལྟར་གཟུང་བར་བྱ་སྟེ། ཇི་སྲིད་དེས་བཟུང་བའི་བར་དུ་ཚེ་ཉམས་པར་མི་འགྱུར་རོ། །ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ན་ཡང་ལེན་པ་སྟེ། འདིའི་བཤད་པ་ནི། ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ཡང་དེ་དག་མངོན་པར་འགྲུབ་
པར་ཉེ་བར་འཛིན་པ་ཞེས་བྱ་བ་འདིས་བཤད་པ་ཡིན་ནོ། །གང་གི་ཕྱིར་ཉིང་མཚམས་སྦྱོར་བར་བྱེད་པ་དེས་ན་ཡང་ཉིང་མཚམས་སྦྱོར་ཞིང་སྦྲེལ་བ་མངོན་པར་གྲུབ་པ་འཛིན་པར་བྱེད་པས་ལུས་ཐམས་ཅད་ཡོངས་སུ་གཟུང་བ་བྱས་པས་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ལུས་ཐམས་
ཅད་ཀྱི་བག་ཆགས་ཀུན་ཏུ་གནས་པའི་ཕྱིར་རོ། །དེ་དག་མངོན་པར་གྲུབ་པ་སྟེ། དེའི་མངོན་པར་འགྲུབ་པ་ནི་དེ་མངོན་པར་འགྲུབ་པའོ། །ཉེ་བར་འཛིན་པ་ནི་དེ་དག་མངོན་པར་འགྲུབ་པ་ཉེ་བར་ལེན་ཏེ། དེའི་ཉེ་བར་འཛིན་པ་ཡང་བདག་གི་དངོས་པོ་བསྐྱེད་པར་འགྱུར་བའོ། །དོན་འདིས་ནི་ཀུན་གཞི་
རྣམ་པར་ཤེས་པ་ལེན་པའི་རྣམ་པར་ཤེས་པ་ཉིད་དུ་ཡང་བརྗོད་པ་ཡིན་ནོ། །ཡང་དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཞེས་བྱ་བའི་སེམས་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་དོན་སྣ་ཚོགས་ཉིད་དུ་དམིགས་པ་ལྟར་འདིའི་དོན་ཡང་སྣ་ཚོགས་ཉིད་དུ་འགྱུར་རོ་ཞེས་བྱ་བ་
འདིས་བསྟན་ཏོ། །དེ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་བྱེད་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་གང་དེ་མ་ཐག་པར་འགགས་པ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུར་འགྱུར་བས་དེ་ནི་ཡིད་གཅིག་གོ། །གཉིས་པ་ནི་ཉོན་མོངས་པ་བཞིས་ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་ནི་འཇིག་ཚོགས་ལ་ལྟ་བ་སྟེ།
བདག་ཉིད་དུ་མངོན་པར་ཞེན་པ་དང་། གང་གི་དབང་གིས་ངའོ་སྙམ་དུ་ང་རྒྱལ་ཏེ། བདག་ཉིད་མཐོའོ་ཞེས་པ་དང་། ཡང་དེ་ལ་མི་བདེན་པའི་བདག་ལ་སྲེད་པའི་བདག་ཉིད་ལ་ཆགས་པ་དང་། གསུམ་པོ་དེ་དག་གི་རྒྱུ་མ་རིག་པ་སྟེ། མ་རིག་པ་མི་ཤེས་པའོ། །གང་གནས་གཅིག་པོས་ནི་བསྐྱེད་པ།
เล่ม ๑๓๔ · หน้า 128b
གཉིས་པོས་ནི་ཉོན་མོངས་པ་ཅན་དུ་བྱས་པ་སྟེ་ཞེས་བྱ་བ་དེ་ལ་འགགས་མ་ཐག་པའི་རྣམ་པར་ཤེས་པ་ཡིད་ཅེས་བརྗོད་པས་ནི་རྣམ་པར་ཤེས་པ་ཐམས་ཅད་འབྱུང་བའི་སྐབས་སྦྱིན་པས་སྐྱེ་བའི་རྟེན་ཡིན་ནོ། །གཉིས་པ་ཉོན་མོངས་པ་ཅན་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་སྟེ། གང་ཕྱིར་དགེ་བའི་སེམས་
ལ་ཡང་བདག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པའི་རྟེན་བྱེད་པ་དང་། ངར་སེམས་པའི་ཕྱིར་ཡིད་ཀྱི་རྣམ་པ་གཉིས་སོ་ཞེས་བྱ་བ་ལ། དེ་ལ་ཡུལ་ལ་འཛིན་པའི་དོན་གྱིས་ན་རྣམ་པར་ཤེས་པ་ནི་སྐབས་སྟེར་བའི་དོན་གྱིས་ནི་ཡིད་གཅིག་གོ། །བདག་ཏུ་
ང་རྒྱལ་ལ་སོགས་པས་ཀུན་ནས་ཉོན་མོངས་པའི་དོན་གྱིས་ན་གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་དོ། །གཞན་ཡང་གང་ཉོན་མོངས་པ་ཅན་གྱི་ཡིད་དེ་མེད་ན། གང་གི་རྒྱུ་ཅན་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་ཡང་འཇུག་པར་མི་འགྱུར་རོ་ཞེས་བལྟ་བར་བྱའོ། །རྣམ་པར་ཤེས་པ་སྨོས་པས་ཡིད་ཀྱི་
གཉིས་པ་ཡང་སྨོས་པ་ཉིད་དུ་འགྱུར་ཏེ། རྒྱུ་གང་གིས་ཡིད་གང་འགགས་པ་དེ་ཉིད་ཡིད་ཅེས་བརྗོད་ན་ཐོབ་པའི་ཕྱིར་རོ། །ཡང་འདིའི་ངེས་པའི་ཚིག་ནི་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་བག་ཆགས་ཀྱི་ས་བོན་གྱིས་གང་ཞིང་ཉེ་བར་ལེན་པའི་ཕྱིར་རོ། །དེ་ལ་རྣམ་པ་སྣ་ཚོགས་ནི་རྣམ་པ་ཐ་དད་པའོ། །ཆོས་
ཀྱི་བག་ཆགས་ཀྱི་ས་བོན་ཞེས་བྱ་བ་ནི་རྒྱུ་གང་གིས་ནུས་པའི་ཁྱད་པར་རོ། །གང་ཞིང་ཞེས་བྱ་བ་ནི་ཤིན་ཏུ་གང་ཞིང་བསགས་ཞེས་བྱ་བའི་དོན་ཏོ། །ཤེས་བྱ་ཕྲ་མོ་ཀུན་ཏུ་བསྡུས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ཕྲ་མོ་ཡང་ཡིན་ལ་ཤེས་བྱ་ཡང་ཡིན་པས་ཤེས་བྱ་ཕྲ་མོ་སྟེ། ཤེས་བྱ་ཕྲ་མོའི་ཁོངས་སུ་
གཏོགས་པའམ། རྟོགས་པར་དཀའ་བའི་ཕྱིར་རོ། །ཉན་ཐོས་ནི་ཤེས་བྱ་ཐམས་ཅད་ཤེས་པའི་དོན་དུ་སྤྲོ་བ་མེད་ཀྱི། བདག་གི་དོན་འབའ་ཞིག་གི་རྒྱུར་དེ་དག་ནི་ཉོན་མོངས་པའི་སྒྲིབ་པ་རགས་པ་ཉིད་སྡུག་བསྔལ་ལ་སོགས་པ་ཤེས་པས་སྤོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བདག་དང་
གཞན་རྣམས་ཀྱིའོ། །ཡང་དེ་ལྟར་གྲགས་པ་དེ་སྒྲུབ་པ་གང་ཡིན་ཞེ་ན། དེ་མེད་དུ་ཟིན་ན་མ་རིག་པ་མ་འདྲེས་པ་མེད་པའི་སྐྱོན་དུ་འགྱུར་རོ། །ཡང་མ་འདྲེས་པའི་མ་རིག་པ་གང་ཞེ་ན། གཉེན་པོ་མ་སྐྱེས་པ་ན་དེ་ཁོ་ན་ཉིད་ཤེས་པ་ལ་སྒྲིབ་པར་བྱེད་པ་སྟེ། དེ་ཡང་རྣམ་པར་ཤེས་པ་ལྔ་ལ་ནི་ལྡན་པ་
เล่ม ๑๓๔ · หน้า 129a
མ་ཡིན་ཏེ། དེ་ལ་གནས་པ་ལ་མི་སྒྲིབ་པའི་ཕྱིར་གང་ན་གཉེན་པོ་འབྱུང་བ་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ཀྱང་འབྱུང་བ་ཡིན་ནོ་ཞེས་བྱ་བས་སོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་མེད་དེ། ཉོན་མོངས་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་
ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་གཞན་དུ་ཉོན་མོངས་པ་དང་། ཀུན་ཏུ་སྤྱོད་པར་མི་འགྲུབ་པོ། །དེ་ལྟ་ན་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཁས་ལེན་ན་ཤིན་ཏུ་ཉོན་མོངས་པ་ཅན་ཉིད་དུ་ཐལ་བར་འགྱུར་བས་ཇི་ལྟར་སྦྱིན་པ་ལ་སོགས་པ་དགེ་བའི་
སེམས་འབྱུང་བར་འགྱུར། དེ་དང་མཚུངས་པར་ལྡན་པ་ལས་ཏེ། ཡང་གང་དགེ་བ་དང་མཚུངས་པར་འཇུག་པའི་ཡིད་ཡོད་པས་དེ་ལ་དེ་མཚུངས་པར་ལྡན་པར་འགྱུར་གྱི་ཡང་ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་གཉེན་པོའི་ཕྱོགས་འདྲེན་པར་མི་རིགས་སོ། །ཡང་གང་ལ་ཉོན་མོངས་པ་ཙམ་གྱི་
ཡིད་དང་མཚུངས་པར་འཇུག་པ་དགེ་བའི་སེམས་ཡོད་ན། དེ་དང་དེས་དྲངས་པའི་གཉེན་པོའི་ཕྱོགས་སྐྱེས་པ་ན་ཅིག་ཤོས་འགག་པ་ཡིན་པས་འདི་ལ་སྐྱོན་མེད་དོ། །ལྔ་པོ་དག་དང་ཆོས་མཚུངས་དང་སྟེ། ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་དག་ལ་མིག་ལ་སོགས་
པ་ལྔ་པོ་དག་རྟེན་མཚུངས་པར་ཡོད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དེ་དང་མཚུངས་པར་འགྱུར་བའི་རྟེན་ཡོད་པ་ཡིན་ནོ། །སྙོམས་པར་འཇུག་པའི་བྱེ་བྲག་དང་སྟེ། གང་ལ་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པ་དེ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ་དེ་ཡོད་པས་སོ། །གཞན་
ལ་ནི་དེ་མེད་དེ། དེ་ནི་ཁྱད་པར་ཡིན་ནོ། །གཞན་དུ་ན་གཉི་ག་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྒྱུ་བ་མེད་ན་བྱེ་བྲག་མེད་པར་འགྱུར་རོ། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། གང་འདི་སྐད་དུ་ངར་འཛིན་པས་ན་ཡིད་ཅེས་བྱ་བའི་ངེས་པའི་ཚིག་དེ་སྐད་དུ་བརྗོད་པའི་གཞི་གང་ཡིན། རྣམ་པར་ཤེས་པ་དྲུག་པོ་
འགགས་མ་ཐག་པའི་རྣམ་པར་ཤེས་པ་ལ་ནི་འདི་ལྟར་མི་བརྗོད་དེ་འགགས་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྐྱེ་བའི་རྒྱུན་ཐོབ་པ་ན་ངར་འཛིན་པ་མེད་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་དེའི་དུས་སྐབས་ན་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ངར་འཛིན་པ་མེད་པར་སྐྱེ་བར་འགྱུར་རོ། །དེ་ལྟ་ན་ནི་འཕགས་པས་
เล่ม ๑๓๔ · หน้า 129b
ཀྱང་སྨད་པར་མི་འགྱུར་ན་དེ་ནི་སྨད་པ་ཉིད་ཡིན་པས་དེས་ན་དེ་ནི་དེ་ན་ཡོད་པ་ཉིད་དུ་རྟོགས་པར་བྱའོ། །ངར་འཛིན་པ་དང་ལྡན་པར་ནི་སྟེ། སྦྱིན་པ་ལ་སོགས་པ་སྦྱིན་པ་ལ་ཡང་ངར་འཛིན་པ་དང་ལྡན་པ་ཉིད་དོ། །ངར་འཛིན་པ་དང་ལྡན་པ་ཡང་མ་རིག་པ་མེད་པར་མི་རིགས་ལ། མ་རིག་པ་ཡང་རྟེན་མེད་པར་མ་ཡིན་
ཞིང་། རྟེན་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་གཞན་མེད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་འབད་པས་དེ་དག་གི་ཕྱིར་བསྟན་ཏོ། །སྐྱེ་དགུ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །ད་ལྟར་དང་འདས་པ་དང་། མ་འོངས་པའི་དུས་གསུམ་གྱི་གོ་རིམས་
བཞིན་དུ་ཚིག་ལྷག་མ་རྣམས་ཀྱིས་ནི་བཤད་དོ། །དོན་གཞན་ཡང་ཀུན་གཞི་ལ་ཀུན་ཏུ་དགའ་བ་ནི་ད་ལྟར་རོ། །ཀུན་གཞི་ལ་དགའ་བ་ནི་འདས་པའི་དུས་སུ་སྟེ། གང་སྔར་ཀུན་གཞི་ལ་དགའ་བ་ལས་(ད་‚དེ་)ལྟར་ཀུན་གཞི་ལས་ཡང་དག་པར་འབྱུང་ངོ་། །གང་ཀུན་གཞི་ལ་དགའ་བ་དང་། ཀུན་གཞི་
ལས་ཡང་དག་པར་འབྱུང་བ་ལས་མ་འོངས་པའི་དུས་སུ་ཀུན་གཞི་ལ་མངོན་པར་དགའ་བའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནི་མན་ངག་ཇི་ལྟ་བ་བཞིན་དུ་བྱེད་པའོ། །རྩ་བའི་རྣམ་པར་ཤེས་པ་ཞེས་ཀྱང་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་ཉིད་བསྟན་ཏེ། རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ནོ་
ཞེས་བརྗོད་པ་ལ་དེ་ལ་རྩ་བའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཉིད་དོ། །དཔེར་ན་ཤིང་གི་རྩ་བ་ཡལ་ག་ལ་སོགས་པའི་རྒྱུ་ཡིན་ཏེ། རྩ་བ་མེད་ན་ཡལ་ག་ལ་སོགས་པ་མི་འབྱུང་བ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ཡང་རྩ་བའི་རྣམ་པར་ཤེས་པ་ཉིད་
དོ། །འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམས་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་ཞེས་བྱ་བ་ལ་འཁོར་བ་ཇི་སྲིད་པའི་ཕུང་པོ་ཉིད་ཀྱང་དེ་ཉིད་ཡིན་ནོ། །གང་གི་ཕྱིར་ལ་ལར་ཏེ་གཟུགས་མེད་པའི་ཁམས་སུ་གཟུགས་སོ། །རེས་འགའ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ཁ་ཅིག་གི་གནས་སྐབས་
སུ་སྟེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པར་རོ། །ཀུན་གཞི་རྣམ་པར་ཤེས་པ་ལ་དེའི་ས་བོན་ནི་རྒྱུན་མི་འཆད་ཅེས་བྱ་བ་ལ། གཟུགས་དང་སེམས་ཀྱི་བག་ཆགས་ཀྱི་རྒྱུ་གང་ལས་ཡང་སྲིད་པའི་གཟུགས་དང་སེམས་དག་འབྱུང་བར་འགྱུར་རོ། །ཀུན་གཞི་རྣམ་པར་
เล่ม ๑๓๔ · หน้า 130a
ཤེས་པའི་ལམ་པོ་ཆེ་གཏོང་བ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པར་བྱས་ཞེས་བྱ་བའི་དོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་བཟུང་ནས་རྣམ་པར་འཇོག་པ་དེ་ནི་ཤིན་ཏུ་མཛེས་པ་ཡིན་ནོ། །དེ་ལ་མ་རྨོངས་པ་རྣམས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་
གཞག་པ་ཞེས་བྱ་བ་ལ། དེ་ལ་མ་རྨོངས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དག་ལ་དེ་བསྟན་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པར་གཞག་པ་ནི་དེ་བས་ན་ཤིན་ཏུ་འཐད་པ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཀུན་གཞི་ཉིད་དུ་ཆེས་ལེགས་པར་
རྣམ་པར་གཞག་པ་གྲུབ་པོ་ཞེས་བྱ་བའི་བར་གྱིས་སོ། །དེ་ལ་ངན་འགྲོ་ཞེས་བྱ་བ་ནི་ཡི་དྭགས་དང་དུད་འགྲོ་དང་། དམྱལ་བ་ནི་ངན་འགྲོའོ། །ཤིན་ཏུ་སྡུག་བསྔལ་བ་ཞེས་བྱ་བ་ནི་ལས་ཀྱི་འབྲས་བུ་ཤིན་ཏུ་མི་འདོད་པ་ཅན་གྱི་ངན་འགྲོ་རྣམས་ཏེ། གང་ཡང་དེར་རེས་འགའ་བདེ་བའི་ཚོར་བ་འབྱུང་བ་
དེ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་གྱི་རྣམ་པར་སྨིན་པ་ཉིད་ནི་དེར་སྐྱེས་པ་རྣམས་ཀྱི་སྡུག་བསྔལ་ཁོ་ནའོ། །བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ཡང་བསམ་གཏན་བཞི་པ་ཡན་ཆད་གོང་མ་ལ་མེད་དེ། དེ་དང་ལྡན་པའི་སེམས་ཅན་རྣམས་དང་མི་མཐུན་པ་ཡིན་པས། བསམ་གཏན་བཞི་
པ་ཡན་ཆད་གོང་མ་སྟེ། བསམ་གཏན་བཞི་པ་དང་གོང་མ་ལ་ཡང་ངོ་། །དེ་དང་ལྡན་པས་ཞེས་བྱ་བ་ནི་དེར་སྐྱེས་པ་ཞེས་པ་རྣམས་སོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ནང་གི་དངོས་པོར་ཁས་བླངས་པ་ཞེས་བྱ་བ་ནས་བརྩམས་ནས་དེ་རྣམ་པར་ཞིག་པར་འདོད་པ་ནི་ནམ་ཡང་མི་འགྱུར་རོ་ཞེས་བྱ་བའི་
བར་ལ། དེ་ལ་ནང་གི་བདག་གི་དངོས་པོར་ཁས་བླངས་པ་སྨོས་པ་ནི་ནང་གི་བདག་ཉིད་ཁས་བླངས་པའོ། །སྡུག་བསྔལ་གྱི་ཕུང་པོ་རྣམ་པར་གཞིག་པར་འདོད་པ་ནི་ཚོར་བ་སྡུག་བསྔལ་དང་བྲལ་བར་གསོལ་བ་འདེབས་སོ། །ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ཆགས་པས་བཅིངས་པ་
ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གོ་ཞེས་ཁས་བླངས་ནས་སྲེད་པས་བཅིངས་པའོ། །དེ་ལྟར་རེ་ཞིག་རྣམ་གྲངས་རྣམ་པར་གཞག་པ་བསྟན་ཏོ། །ཡང་རྣམ་གྲངས་བསྟན་པ་ཙམ་གྱིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བའི་ངོ་བོ་ཉིད་དང་། རྒྱུ་ཉིད་དང་འབྲས་བུ་ཉིད་གང་ཡིན་པ་དེ་ནི་
เล่ม ๑๓๔ · หน้า 130b
ངེས་པར་གཟུང་བར་མི་ནུས་པས་དེའི་རང་གི་མཚན་ཉིད་ནི་གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་དེ་སྐྱེད་པའི་ནུས་པའི་ཁྱད་པར་ཅན་གྱི་རྣམ་པར་ཤེས་པ་གང་ཡིན་པ་ནི་རང་གི་ངོ་བོ་ཉིད་དང་། དེ་ཉིད་ཀྱི་ནུས་པ་སྟོན་པ་ནི་ས་བོན་ཡོངས་སུ་འཛིན་པ་དང་ཞེས་བྱ་
བ་ལ། དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ཆོས་དེ་རྣམས་ཉིད་སྐྱེད་པའི་རྒྱུ་མཚན་གྱིས་ས་བོན་ཡོངས་སུ་འཛིན་པ་ཞེས་བྱ་སྟེ། ནུས་པའི་བྱེ་བྲག་གོམས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་དེའི་རང་གི་མཚན་ཉིད་དོ། །དེས་ན་རྒྱུ་ཉིད་
ཀྱི་མཚན་ཉིད་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་དེ་སྐྱེས་པའི་རྒྱུ་མཚན་གྱི་ས་བོན་ཡོངས་སུ་ལྡན་པ་སྟེ། རྣམ་པར་ཤེས་པ་གང་ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་བསྒོ་ཞིང་ནུས་པ་ཁྱད་པར་ཅན་དུ་ཀུན་ཏུ་བསྒྲུབས་པ་གང་དེ་དག་ཉིད་སྐྱེད་པའི་རྒྱུ་མཚན་
དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་འབྲས་བུ་ཉིད་དུ་རྣམ་པར་གཞག་པ་ནས་བརྩམས་ནས། ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ་ཞེས་བྱ་བའི་བར་ལ། ཆོས་དེ་དག་རྣམས་ཀྱི་བག་ཆགས་ལ་བརྟེན་ནས་མངོན་པར་གྲུབ་པའི་ཐོག་
མ་མེད་པའི་དུས་ནས་བག་ཆགས་ཡོངས་སུ་བཟུང་བས་ཆོས་དེ་དག་དང་ལྷན་ཅིག་སྐྱེ་བ་དང་། འགག་པ་ལ་བརྟེན་ནས་གང་སྐྱེ་བའི་རྒྱུ་མཚན་འདི་ནི་བརྗོད་པར་བྱའོ་ཞེས་བྱ་བའོ། །ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་དང་ལྷན་ཅིག་སྐྱེ་བ་དང་འགག་པ་ཐོབ་པ་ནི་གང་སྐྱེ་བའི་རྒྱུ་མཚན་ཉིད་
ཅེས་བྱ་སྟེ། ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཅི་ཀུན་གཞི་རྣམ་པར་ཤེས་པ་དེ་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དག་ཐ་དད་དམ་འོན་ཏེ་མ་ཡིན། དེས་ཅིར་འགྱུར་དེ་དང་ཐ་དད་ན་ནི་ཡན་ལག་ཐམས་ཅད་ཀྱིས་ཀྱང་ཐ་དད་པ་ཐོབ་པར་འགྱུར་ཞིང་ཀུན་གཞི་
རྣམ་པར་ཤེས་པ་སྐད་ཅིག་མས་ཀྱང་གནོད་པར་འགྱུར་ཏེ། དེ་དང་ཐ་དད་པའི་ཕྱིར་དེ་ལ་དགེ་བ་དང་མི་དགེ་བ་དག་གི་བག་ཆགས་ཡོད་པ་ས་བོན་ཉིད་ཡིན་པར་འགྱུར་ན་དེ་ནི་ལུང་དུ་མ་བསྟན་པར་འདོད་དོ། །ཐ་མི་དད་ན་ཡང་ཇི་ལྟར་ན་མང་པོ་ཡིན་དེས་ན་དེ་ལྟ་ན་ཡང་མ་ཡིན་ཏེ། གཉི་ག་ལྟར་
เล่ม ๑๓๔ · หน้า 131a
ཡང་སྐྱོན་ཡོད་དོ། །དེ་ལ་གནས་པ་དེ་དག་དང་རྫས་སུ་ནི་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ནས། ས་བོན་ཐམས་ཅད་པ་ཞེས་བྱའོ་ཞེས་བྱ་བའི་བར་ལ་དེ་ལ་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ཞེས་སྨོས་པ་ནི་སྔར་སྨྲས་པའི་སྐྱོན་སྤངས་
པའི་དོན་ཏོ། །དེ་དེ་བཞིན་དུ་འབྱུང་བ་ལ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུར་འབྱུང་བའོ། །དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་བའི་ཆོས་དེ་དག་རྣམས་སྐྱེད་པའི་ནུས་པ་ཁྱད་པར་ཅན་གྱི་སྦྱོར་བ་དང་ལྡན་པ་སྟེ། དེ་སྐྱེད་པའི་ནུས་པ་དང་ལྡན་པ་ཡང་ས་བོན་ཐམས་ཅད་པ་ཞེས་
བརྗོད་དོ། །དོན་འདིའི་དཔེ་ནི་ཇི་ལྟར་ནས་ཀྱི་ས་བོན་ལ་མྱུ་གུ་སྐྱེད་པའི་རྒྱུ་ཉིད་ཡོད་པས་འདི་ནི་དེའི་རྒྱུ་ཉིད་དོ། །ཡང་ཇི་ལྟར་དུས་རིང་པོར་བཞག་པའམ། མེ་ཡིས་ཉམས་པའི་ནས་ཀྱི་འབྲས་བུ་དེ་ནི་ནུས་པ་ཉེ་བར་བཅོམ་པ་ན་དེ་དེ་ལྟ་བུའི་རྣམ་པར་གནས་སུ་ཟིན་ཀྱང་མཐུ་ཉམས་པར་གྱུར་པས་ས་བོན་མེད་
པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པས་ཆོས་ཐམས་ཅད་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །དེས་ན་ནུས་པ་དང་ལྡན་པ་ལས་ས་བོན་ཐམས་ཅད་པ་ཞེས་བརྗོད་དོ། །ཡང་ཇི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་ཇི་
ལྟར་བལྟ་ཞེ་ན་ཞེས་བྱ་བ་ནི་དཔེས་བསྟན་ཏེ་ཇི་ལྟར་མར་མེའི་མེ་ལྕེ་བྱུང་བ་དང་སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་སྐད་ཅིག་མ་གཅིག་ཉིད་ལ་སྙིང་པོ་གང་ལ་བརྟེན་ནས་དོན་དེར་བྱུང་བ་དེ་ནི་དེའི་རྒྱུའོ། །འབར་བ་ཡང་སྐད་ཅིག་མ་དེ་ཉིད་ལ་བརྟེན་ནས་བསྲེགས་པས་དེ་ཡང་དེའི་སྲེག་པའི་རྒྱུའོ། །དེ་ལྟར་ན་
ལྷན་ཅིག་འབྱུང་བའི་རྒྱུ་ཡང་བསྟན་པ་ཡིན་ནོ། །དེ་བས་ན་ཡོད་བཞིན་དུ་ཡང་རྒྱུ་དང་འབྲས་བུར་གྲུབ་པར་མཐོང་ངོ་། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཞེས་བྱ་བ་ནས་བརྩམས་ནས་རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་བར་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་
དང་། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཕན་ཚུན་གྱི་རྒྱུ་ཅན་ཉིད་དུ་བསྟན་ཏེ། དེ་ལྟར་ན་རྒྱུའི་རྐྱེན་ཡིན་ནོ། །བག་ཆགས་ཐ་དད་པ་མ་ཡིན་ཞིང་། སྣ་ཚོགས་མ་ཡིན་པ་དེ་ཆོས་ཐ་དད་པ་སྣ་ཚོགས་དག་གི་རྒྱུར་ཇི་ལྟར་རུང་ཞེས་བྱ་བ་ལ། ཇི་ལྟར་རུང་བ་དཔེས་བསྟན་པར་བྱ་སྟེ། ཇི་ལྟར་གོས་
เล่ม ๑๓๔ · หน้า 131b
སྐུད་པ་མང་པོས་བཅིངས་ན་ཡང་སྣ་ཚོགས་ཉིད་དུ་མི་མཐོང་ལ། ཚོན་གྱི་སྣོད་དུ་བཅུག་པ་ན་སྣ་ཚོགས་སུ་མཐོང་བ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་གོས་ཀྱི་གནས་ལྟ་བུའོ། །འབྲས་བུ་མངོན་པར་གྲུབ་པའི་ཚོན་གྱི་སྣོད་ནི་འབྲས་བུ་མངོན་པར་གྲུབ་པའི་ཚོན་གྱི་སྣོད་དེ། དེར་བཅུག་པ་ནི་རྐྱེན་
གྱིས་ཡོངས་སུ་གཟུང་བ་ཞེས་བྱ་བའི་དོན་ཏོ། །བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ཡང་འབྲས་བུའི་དུས་ན་རྣམ་པ་དུ་མའི་ཆོས་ཀྱི་རྒྱུའི་ངོ་བོ་མཐོང་སྟེ་བཙོས་པའི་གོས་བཞིན་ནོ།། །།བམ་པོ་གཉིས་པ། འདི་ནི་ཐེག་པ་ཆེན་པོ་ལ་ཕྲ་བ་མཆོག་ཏུ་ཟབ་པ་ཞེས་བྱ་བ་ལ། དེ་ལ་ཕྲ་བ་ནི་
སོ་སོའི་སྐྱེ་བོའི་བློས་རྟོགས་པར་དཀའ་བའི་ཕྱིར་རོ། །མཆོག་ཏུ་ཟབ་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་དག་གིས་ཀྱང་རྟོགས་པར་དཀའ་བའི་ཕྱིར་རོ། །དེ་ལ་མདོར་བསྡུ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་གཉིས་ཏེ་ཞེས་བྱ་བ་ལས་བརྩམས་ཏེ། བདག་ལ་བྱེད་པ་པོ་དང་ཟ་བ་པོར་རྟོག་པ་སྟེ་ཞེས་བྱ་བའི་
བར་ལ། དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང་། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཞེས་བྱ་བ་འདི་གཉིས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མིང་བསྟན་ཏོ། །གང་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཅན་གྱི་ཆོས་རྣམས་
འབྱུང་བ་དེ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཏེ། ངོ་བོ་ཉིད་སྣ་ཚོགས་རྣམ་པར་དབྱེ་བའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །གང་མ་རིག་པ་ལ་སོགས་པ་ཅན་དེ་ནི་སྡུག་པ་དང་མི་སྡུག་པར་རྣམ་པར་འབྱེད་པ་ཅན་ནོ། །དེའི་ཕྱིར་སྡུག་པ་དང་མི་སྡུག་པའམ། བདག་གི་ངོ་བོའི་བྱེ་བྲག་
རྣམ་པ་སྣ་ཚོགས་ཀྱི་རྒྱུར་གྱུར་པ་ཡིན་ནོ། །ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཉིད་དུ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་རྒྱུ་ལས་ཀྱང་དེ་ནི་མི་འདོད་དོ། །འདི་ནི་དམུས་ལོང་ལ་གླང་པོ་ཆེའི་དཔེས་བསྟན་ཏོ། །མ་རིག་པས་དམུས་ལོང་ཞེས་བྱ་བ་ནི་མ་རིག་པས་དམུས་ལོང་སྟེ། ཀུན་གཞི་
རྣམ་པར་ཤེས་པའི་ངོ་བོ་མི་ཤེས་སོ། །རྒྱུ་ཉིད་ཅེས་བྱ་བ་ནི་གང་སྔར་རང་གི་མཚན་ཉིད་རྣམ་པར་གཞག་པའོ། །རྒྱུའི་མཚན་ཉིད་རྣམ་པར་གཞག་པ་ནི་རྒྱུ་ཉིད་ཀྱི་མཚན་ཉིད་དོ། །འབྲས་བུ་རྣམ་པར་གཞག་པ་ནི་འབྲས་བུའི་མཚན་ཉིད་བསྟན་པ་སྟེ། དེ་མི་ཤེས་པ་སྟེ་མ་རིག་པའི་
เล่ม ๑๓๔ · หน้า 132a
དབང་གིས་ཀུན་གཞི་རྣམ་པར་ཤེས་པའི་དབྱེ་བ་མི་ཤེས་པས་ཆོས་རྣམས་ཀྱི་རྒྱུ་ཉིད་དུ་རང་བཞིན་ལ་སོགས་པ་སེམས་སོ། །གཉིས་པ་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་མི་ཤེས་པས་བདག་ཉིད་བྱེད་པ་པོ་དང་། ཟ་བ་པོར་ཤེས་སོ། །དེ་ལ་ཆོས་ཐམས་ཅད་ཀྱི་རྒྱུ་ནི་ཀུན་
གཞི་རྣམ་པར་ཤེས་པ་སྟེ། དེ་ལ་བག་ཆགས་བསགས་པའི་ཕྱིར་རོ། །འབྲས་བུ་ཡང་དེ་ཉིད་དེ། དེ་ཉིད་ལ་བསྒོས་པའི་ཕྱིར་རོ། །ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཞེས་བྱ་བ་ལ། གང་བདག་ཉིད་ཀྱི་ངོ་བོ་སོ་སོར་ཐོབ་པ་ནི་རྣམ་པར་སྨིན་པའོ། །ས་བོན་ཐམས་ཅད་པ་ཉིད་ནི་དེས་
བསྒོས་པའི་ཕྱིར་རོ། །ལུས་ཐམས་ཅད་དང་འགྲོ་བ་ཐམས་ཅད་ཅེས་བྱ་བ་དེ་ལ་འགྲོ་བ་ནི་ལྔའོ། །འགྲོ་བ་དེ་དང་དེའི་རིས་མཐུན་པ་དང་རིས་མི་མཐུན་པ་རྣམ་པ་སྣ་ཚོགས་པ་ནི་ལུས་ཐམས་ཅད་དོ། །ཀུན་གཞི་རྣམ་པར་ཤེས་པ་ཆོས་ཐམས་ཅད་ཀྱི་ས་བོན་དུ་བསྟན་པ་དེ་ས་བོན་གྱི་ངོ་བོ་ཉིད་དུ་ཀུན་ཏུ་གསལ་བར་
བྱ་བར་འདོད་ནས། ཕྱི་དང་ནང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། །དེ་ལ་ཕྱི་དང་ནང་ལ་སོགས་པ་ལ་ནང་གི་བདག་ཉིད་ཅན་ནི་ཀུན་གཞི་རྣམ་པར་ཤེས་པའོ། །མི་གསལ་བ་ནི་ཕྱི་རོལ་ཏེ། ལུང་དུ་མ་བསྟན་པས་ཞེས་བྱ་བའི་དོན་ཏོ། །གཉིས་ནི་ཀུན་གཞི་རྣམ་པར་ཤེས་པ་དགེ་བ་
དང་། མི་དགེ་བའོ། །དོན་གཞན་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའོ། །ཀུན་རྫོབ་ཅེས་བྱ་བ་ནི་ཕྱི་རོལ་ཏེ། ཀུན་རྫོབ་དེའི་ས་བོན་ཞེས་བརྗོད་དོ། །དེ་བས་ན་འདི་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཡིན་ནོ། །དམ་པའི་དོན་ཡང་ཀུན་གཞི་རྣམ་པར་ཤེས་པ་སྟེ།
དེ་ནི་ཆོས་ཐམས་ཅད་ཀྱི་ས་བོན་ནོ། །འདི་ལྟར་ཀུན་གྱི་ས་བོན་ཉིད་ནི་རྣམ་པ་དྲུག་གོ། །ཡང་དེ་དག་ནི་སྐད་ཅིག་པ་སྟེ། གཉི་ག་ཡང་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་དང་། ས་བོན་གྱི་ངོ་བོ་ཉིད་དུ་རྟག་ཏུ་མི་རུང་བའི་ཕྱིར་དང་། དེ་བཞིན་དུ་དུས་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ལྷན་ཅིག་
འབྱུང་བ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ཐ་དད་དུ་མ་ཡིན་པར་ས་བོན་གྱི་དུས་ན་གང་ཡིན་པ་དེ་ཉིད་ནི་འབྲས་བུ་སྐྱེད་པའོ། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། དེ་ནི་རྟེན་ཀུན་གཞི་རྣམ་པར་ཤེས་པ་ནི་ཇི་སྲིད་གཉེན་པོ་སྐྱེས་ཀྱི་བར་དུའོ། །ཕྱི་རོལ་གྱི་ཡང་ཇི་སྲིད་རྩ་བ་ཡོད་པ་དང་། ཇི་སྲིད་
เล่ม ๑๓๔ · หน้า 132b
སྨིན་པ་ཡོད་ཀྱི་བར་དུའོ། །ངེས་དང་སྟེ་གང་ས་བོན་ཐམས་ཅད་ལས་ཐམས་ཅད་འབྱུང་བ་ནི་མེད་དེ། སོ་སོར་ངེས་པ་དེའི་ས་བོན་ལས་དེ་འབྱུང་ངོ་། །རྐྱེན་ལ་ལྟོས་པ་དང་། ས་བོན་ཐམས་ཅད་ལས་ཐམས་ཅད་དུ་མི་འབྱུང་སྟེ། རྐྱེན་གང་ཐོབ་པ་ན་དེ་འབྱུང་བར་འགྱུར་རོ། །རང་གི་འབྲས་བུས་
བསྒྲུབས་པ་ཞེས་བྱ་བ་ལ། རང་གི་ས་བོན་ལས་རང་གི་འབྲས་བུ་འབྱུང་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་ཉིད་དང་། འབྲུ་ལས་འབྲུ་ཉིད་དེ། དེ་ལྟར་རེ་ཞིག་ས་བོན་ལས་འབྲས་བུ་འབྱུང་ངོ་། །བག་ཆགས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བ་ནི། བརྟན་པ་
ལ་བསྒོ་བར་བྱའོ། །གཡོ་བ་ལ་ནི་མ་ཡིན་ཏེ། རླུང་བཞིན་ནོ། །རླུང་གིས་ནི་བསྒོ་བ་མི་འཛིན་ཏེ། གང་གི་ཕྱིར་རྒྱང་གྲགས་ཙམ་གྱི་བར་དུ་ཡང་དེ་ལ་བསྒོས་པ་རྗེས་སུ་མི་འཇུག་གོ། །ཙམ་གྱི་བར་གྱིས་ནི་དཔག་ཚད་བརྒྱའི་བར་དུ་ཡང་དྲི་རྗེས་སུ་འབྱུང་ངོ་། །ལུང་མ་བསྟན་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ལ་དྲི་
ཞེས་བྱ་བའི་དོན་ཏོ། །གང་དྲི་མི་ཞིམ་པ་སྒོག་སྐྱ་དང་དེ་བཞིན་དུ་དྲི་ཞིམ་པ་ལ་ནི་མ་ཡིན་ཏེ། ལུང་དུ་མ་བསྟན་པ་ལ་སྒོ་བར་བྱེད་དོ། །བསྒོ་བར་འོས་པ་ལ་སྒོ་བར་བྱེད་ཀྱི་བསྒོ་བར་བྱ་བ་མ་ཡིན་པ་འདི་ལྟ་སྟེ། རྡོ་བ་དང་། དངུལ་དང་། གསེར་ལ་སོགས་པ་ལ་མི་བསྒོའོ། །གང་བསྒོ་བ་འཛིན་པ་དེ་ལ་སྒོ་བར་བྱེད་
པས་བསྒོ་བ་ཞེས་བྱ་བ་སྟེ། བསྒོ་བར་འོས་པ་ལའོ། །འབྲེལ་པ་ལ་སྒོ་བྱེད་ཅེས་བྱ་བ་ནི་འབྲེལ་པ་མེད་པ་ལ་ནི་མ་ཡིན་ཏེ། བར་ཆད་མེད་པར་འབྱུང་བ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་ནི་མིན་ཞེས་བྱ་བ་ནི་དེ་ལས་གཞན་ཉིད་དེ། དེ་མ་ཡིན་པ་དེ་ལས་གྲོལ་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་པ་ལ་
མི་བསྒོའོ། །སྐད་ཅིག་མ་ལ་སོགས་པ་དེ་དག་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་ཀྱི། དེ་ནི་སྐད་ཅིག་མ་ཉིད་ཀྱི་འཇུག་པའི་རྣམ་པར་ཤེས་པ་དང་། གཉེན་པོ་སྐྱེས་པའི་བར་ལ་མི་འཇུག་པའམ། འཁོར་བ་ཇི་སྲིད་པའི་བར་དུ་དགེ་བ་ལ་སོགས་པ་ངེས་པའི་རྒྱུར་གྱུར་པའི་ཕྱིར་བསོད་ནམས་དང་
བསོད་ནམས་མ་ཡིན་པ་དང་མི་གཡོ་བ་འདུ་བྱེད་པའི་རྐྱེན་ལ་ལྟོས་ནས་དགེ་བ་དང་མི་དགེ་བའི་འགྲོ་བར་རྣམ་པར་སྨིན་པ་ཉིད་ཡིན་གྱི་འཇུག་པའི་རྣམ་པར་ཤེས་པ་ལ་ནི་ཆོས་མི་མཐུན་པ་ཐམས་ཅད་ལ་སྦྱར་བར་བྱའོ། །གང་ཡང་དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཡོན་ཏན་དེ་དག་དང་ལྡན་པས་དེ་ན་བསྒོ་
เล่ม ๑๓๔ · หน้า 133a
བར་བྱ་བ་ཡིན་གྱི། དྲུག་པོ་དག་ལ་ནི་མ་ཡིན་ཏེ། འབྲེལ་པ་མེད་པ་དང་། རྣམ་པར་ཤེས་པ་གཡོ་བ་ཉིད་ཀྱིས་སོ། །ཐ་དད་གསུམ་དང་འགལ་བའི་ཕྱིར། །ཞེས་བྱ་བ་ལ། རྟེན་གཞན་དང་གཞན་ལ་རེ་རེ་ཞིག །དམིགས་པ་གཞན་དང་གཞན་ལ། ཡིད་ལ་བྱེད་པ་གཞན་གྱི་དོན་གཞན་
ལ་རྣམ་པ་གཞན་གྱིས་འཇུག་པའི་ཕྱིར་རོ། །སྐད་ཅིག་མ་སྔ་མ་ལས་སྐད་ཅིག་ཕྱི་མ་འབྱུང་བར་འགྱུར་བས་ཞེས་བྱ་བ་དཔེས་བསྟན་པ་དེ་དགག་པར་བྱ་བའི་ཕྱིར། སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར། །ཞེས་པ་སྟེ། སྐད་ཅིག་དག་གཅིག་ཏུ་ཡོད་པ་མེད་དེ། གང་ལྷན་ཅིག་འབྱུང་བ་དང་འགག་པ་ཡོད་ན་ནི་
བག་ཆགས་ཀྱི་གནས་སུ་འགྱུར་རོ། །གལ་ཏེ་རིགས་མཐུན་པའི་རྣམ་པར་ཤེས་པ་དེ་དང་མཐུན་པའི་རིགས་གང་ཡིན་པ་ལ་འབྲེལ་པ་མེད་ཀྱང་སྒོ་བར་བྱེད་དེ་ཞེས་འདོད་ན། རིགས་ལ་བྱ་ན་གཞན་དུ་ཐལ་ཏེ། རིགས་གཞན་ལ་ཡང་ཐལ་བར་འགྱུར་ཏེ། མིག་ལ་སོགས་པ་རྣམས་གཟུགས་དང་བ་
ཉིད་དུ་རིགས་མཐུན་པས་དེ་དག་ཀྱང་ཕན་ཚུན་བསྒོ་བར་ཐལ་བར་འགྱུར་རོ། །གང་ཡང་སྔར་བསྟན་པའི་ས་བོན་གཉིས་པོ་ཕྱི་དང་ནང་གི་སྐྱེད་པ་དང་ནི་འཕེན་པར་འདོད་ཅེས་བྱ་བ་ལས། དེ་ལ་སྐྱེད་པར་བྱེད་པའི་ས་བོན་ནི་ཕྱི་རོལ་གྱི་འབྲས་བུ་སྨིན་པར་འགྱུར་གྱི་བར་དུའོ། །ནང་གི་ས་བོན་ནི་མཐར་ཐུག་
པའི་བར་དུ་སྐྱེད་པར་བྱེད་པ་ཉིད་དོ། །འཕེན་པར་བྱེད་པ་མ་བཏབ་པ་ནི་ཕྱི་རོལ་གྱིའོ། །ཤི་བ་ནི་ནང་གི་སྟེ། ལུས་ནི་འདི་ཕྱིས་ཀྱང་མི་འགྱེས་པར་འཕངས་ནས་གནས་སོ། །གལ་ཏེ་སྐྱེ་བའི་ས་བོན་གྱི་རྒྱུ་ཅན་ཡིན་ན། གང་གིས་ན་དེ་ཉམས་པར་མི་འགྱུར་ཏེ། དུས་ཕྱིས་ཅུང་ཟད་ཙམ་ཡང་རྗེས་སུ་
འཇུག་པར་མི་འགྱུར་རོ། །གལ་ཏེ་སྐད་ཅིག་མ་གཅིག་ནས་གཅིག་ཏུ་འཇུག་པར་འགྱུར་ན། སྐད་ཅིག་སྔ་མ་སྐད་ཅིག་ཕྱི་མའི་རྒྱུར་གྱུར་ན་ནི་དེས་ན་ནམ་ཡང་ཉམས་པར་མི་འགྱུར་བས་དེ་བས་ན་ངེས་པར་འཕེན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ས་བོན་དེ་དག་ཀྱང་མདའ་ལྟོང་སྦྱོར་བ་དང་འདོམ་རྫོགས་
པ་གཉིས་མདའ་འགྲོ་བ་དང་ཕོག་པ་གཉིས་ཀྱི་རྒྱུར་འགྱུར་བ་བཞིན་ནོ། །ཡང་འཇུག་པའི་རྣམ་པར་ཤེས་པ་གཞན་གང་ཡིན་པ་དེ་ནི་ལུས་དང་འགྲོ་བ་ཐམས་ཅད་དུ་ཉེ་བར་སྤྱོད་པ་ཅན་དུ་བལྟ་བར་བྱ་སྟེ་ཞེས་བྱ་བ་ལ། འདི་ལྟར་དེ་ལ་ཉེ་བར་སྤྱོད་པ་འབྱུང་བ་ཉིད་ཅེས་བྱ་བའི་དོན་ཏེ། ཉེ་བར་སྤྱོད་པའི་ངོ་བོ་
เล่ม ๑๓๔ · หน้า 133b
ནི་ཉེ་བར་སྤྱོད་པ་ཅན་ཞེས་བྱས་ནས་སོ། །དོན་དེ་ཉིད་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིགས་སུ་བཅད་པ་དང་མངོན་པའི་ལུང་གིས་བསྟན་ཏེ། རྣམ་པར་ཤེས་པ་དེ་དག་ཉིད་གཅིག་གི་རྐྱེན་གཅིག་ཡིན་པ་ཉིད་ཀྱི་ལུང་ནི་ཆོས་མངོན་པའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །ཞེས་བྱ་བའི་ཚིགས་
སུ་བཅད་པ་སྟེ། ཕན་ཚུན་རྒྱུའི་དངོས་པོ་དང་ཞེས་བྱ་བ་ལ་རྩ་བའི་རྣམ་པར་ཤེས་པ་ལས་དེ་དག་འབྱུང་བའི་ཕྱིར་རྒྱུའོ། །འབྲས་བུའི་དངོས་པོར་རྟག་ཏུ་སྦྱོར། །ཞེས་བྱ་བ་ལ་གང་གི་ཚེ་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཡིན་པ་ན་དེའི་ཚེ་དེ་འབྲས་བུ་ཡིན་ལ། གང་གི་ཚེ་དེ་རྒྱུ་ཡིན་པ་ན་ཀུན་གཞི་རྣམ་པར་ཤེས་པ་
འབྲས་བུ་ཡིན་ནོ། །དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་གསུམ་མོ། །འཁོར་བ་དང་། འདོད་པ་དང་། མི་འདོད་པའི་འགྲོ་བ་དང་། ཉེ་བར་སྤྱོད་པ་ཅན་ལ་རྐྱེན་རྣམ་པ་བཞིར་འགྱུར་ཏེ། དེ་ལ་དང་པོ་ལ་ནི་རྒྱུའི་རྐྱེན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་ཆོས་རྣམས་ཀྱི་བག་ཆགས་སོ། །
གཉིས་པ་ལ་ནི་བདག་པོའི་རྐྱེན་ཏེ། མ་རིག་པ་ལ་སོགས་པའི་དབང་གིས་འདུ་བྱེད་རྣམས་འབྱུང་ངོ་། །ཡང་ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བརྗོད་ལ། རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱི་ནི་རྐྱེན་གསུམ་དུ་འགྱུར་ཏེ། དེ་ལ་མིག་གི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ནི་མིག་གོ། །
དམིགས་པའི་རྐྱེན་ནི་གཟུགས་སོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་གང་གི་དེ་མ་ཐག་ཏུ་རྣམ་པར་ཤེས་པ་གང་འབྱུང་བ་སྟེ། གང་གི་ཕྱིར་གལ་ཏེ་དེས་སྐབས་མ་བྱིན་ན་གང་ཡང་འབྱུང་བར་མི་འགྱུར་བས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་ངོ་། །དེ་ལྟར་ཀུན་གཞི་རྣམ་པར་
ཤེས་པའི་རྣམ་གྲངས་གཞན་བསྟན་ནས། ད་ནི་མཚན་ཉིད་རྣམ་པར་གཞག་པར་བྱ་སྟེ། ཇི་ལྟར་གཉི་ག་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་རུང་གི །གཞན་དུ་མ་ཡིན་པ་དེ་ལྟར་རིག་པས་ངེས་པར་བསྟན་པར་བྱ་སྟེ། དེ་ཡང་འདི་ལྟར་མིག་གི་རྣམ་པར་ཤེས་པ་གང་འདོད་ཆགས་ལ་སོགས་
པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་དག་དང་ལྷན་ཅིག་སྐྱེས་ཤིང་འགགས་པ་དེ་ཉིད་ལ་དེ་དག་གི་ས་བོན་གྱི་དངོས་པོར་བག་ཆགས་བསྒོས་པར་འགྱུར་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་དེ་ཉིད་ལ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལའོ། །དེ་དག་གི་ཞེས་བྱ་བ་ནི་
เล่ม ๑๓๔ · หน้า 134a
འདོད་ཆགས་ལ་སོགས་པ་དག་གིའོ། །ས་བོན་གྱི་དངོས་པོར་ཞེས་བྱ་བ་ནི་རྒྱུའི་དངོས་པོར་རོ། །གཞན་ལ་ནི་མ་ཡིན་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་ཞེས་བྱ་བ་ནི་རྣ་བའི་རྣམ་
པར་ཤེས་པ་ལ་སོགས་པས་བར་དུ་ཆོད་པའོ། །བག་ཆགས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་སོ། །བག་ཆགས་ཀྱི་གནས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའོ། །འདོད་ཆགས་ལ་སོགས་པ་དང་བཅས་པར་འབྱུང་དུ་ཞེས་བྱ་བ་ནི་འདོད་ཆགས་པ་དང་བཅས་པར་འབྱུང་
བའོ། །དེ་ལྟ་བས་ན་འདས་པའི་རྒྱུ་ལས་ནི་མི་རུང་སྟེ། འདི་ལྟར་འདས་པའི་དུས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་ཇི་ལྟར་མི་རུང་བ་བཞིན་དུ་དེའི་ཡང་མི་རུང་ངོ་། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་འདས་པ་ཡོད་པ་ཉིད་དུ་འདོད་པས་དེའི་ཕྱིར་འདས་པ་ལས་འབྱུང་ངོ་ཞེ་ན། དེ་དག་གི་འདས་པ་
ཞེས་བྱ་བ་ནི་བརྗོད་པས་བརྗོད་པར་བྱ་བ་ཉིད་དུ་མི་འགྲུབ་པས་དེ་ནས་འདས་པ་ཞེས་བྱ་བ་འདི་གང་ཡིན། ཆོས་གང་རྣམ་པར་སྨིན་པའི་འབྲས་བུ་སྐྱེས་པ་ཡོད་པ་དེ་ནི་བག་ཆགས་མེད་པས་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རེ་ཞིག་མིག་གི་རྣམ་པར་ཤེས་པ་འདོད་ཆགས་ལ་
སོགས་པ་དང་ལྷན་ཅིག་འབྱུང་བ་དེ་ལ་ཡང་བག་ཆགས་མི་རུང་སྟེ། མིག་གི་རྣམ་པར་ཤེས་པ་ལས་སྐྱེས་པ་དེ་ལ་བག་ཆགས་ཇི་ལྟར་རིགས། རེ་ཞིག་འདོད་ཆགས་ལ་ནི་མ་ཡིན་ཏེ། འདོད་ཆགས་ལ་མིག་གི་རྣམ་པར་ཤེས་པའི་བག་ཆགས་ནི་མི་རིགས་ཏེ། གང་གི་ཕྱིར་འདོད་ཆགས་
ནི་མིག་གི་རྣམ་པར་ཤེས་པ་ལ་བརྟེན་པའི་ཕྱིར་དང་། མི་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྟེ། གང་གི་ཕྱིར་དེ་དག་ནི་གནས་ཐ་དད་པའི་ཕྱིར་དང་། གནས་ཐ་དད་པ་ཉིད་ཡོད་ན་ལྷན་ཅིག་འབྱུང་བ་དང་འགག་
པ་མེད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་གནས་ནི་མིག །རྣ་བའི་རྣམ་པར་ཤེས་པའི་གནས་ནི་རྣ་བའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་ཡིད་ཅེས་བྱ་བའི་བར་དུ་སྟེ། འདི་ལྟར་དེས་ན་བསྐལ་པའི་གནས་ཉིད་ཡིན་པས་གཞན་དག་ལ་གཞན་དག་གི་བག་ཆགས་
เล่ม ๑๓๔ · หน้า 134b
མི་རིགས་སོ། །རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། མིག་གི་རྣམ་པར་ཤེས་པ་ལ་མིག་གི་རྣམ་པར་ཤེས་པའི་བག་ཆགས་ཀྱང་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་གཉིས་འབྱུང་བ་ནི་མེད་དེ། གཉིས་ཀྱི་ངོ་བོ་མེད་པས་ན་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མིག་
གི་རྣམ་པར་ཤེས་པ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་བག་ཆགས་བསྒོས་པར་མི་རུང་ལ། མིག་གི་རྣམ་པར་ཤེས་པ་དེ་ལ་མིག་གི་རྣམ་པར་ཤེས་པའི་བག་ཆགས་ཉིད་ཀྱང་མ་ཡིན་ནོ། །ཐོག་མ་ཉིད་དུ་ཞེས་བྱ་བ་ནི་འདིར་དང་པོར་རོ། །དེ་ཡང་ས་བོན་མེད་པར་སྐྱེ་བར་
འགྱུར་ཏེ་ཞེས་བྱ་བ་ནི་རྒྱུ་མེད་པར་སྐྱེ་བའོ། །བག་ཆགས་དེ་གནས་དང་བཅས་པར་ཞེས་བྱ་བ་ནི་སེམས་དང་བཅས་པའི་ཉོན་མོངས་པའི་བག་ཆགས་སོ། །ཉོན་མོངས་པའི་གཉེན་པོའི་རྣམ་པར་ཤེས་པ་བྱུང་ན་དེ་མ་ཡིན་པ་གཞན་འཇིག་རྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་འགགས་ན་ཞེས་བྱ་བ་ནི་རྣམ་པར་ཤེས་
པ་དྲུག་པོ་འགགས་པ་ནའོ། །རྣམ་པར་ཤེས་པ་དེ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ས་བོན་དང་བཅས་པར་མི་རུང་སྟེ་ཞེས་བྱ་བ་ནི་གང་གཉེན་པོའི་རྣམ་པར་ཤེས་པའི་རྒྱུན་ཅན་དུ་འཇིག་རྟེན་པའི་རྣམ་པར་ཤེས་པ་རྣམ་པར་འཇུག་པར་འགྱུར་རོ། །དེའི་འོག་ཏུ་ཡང་ཞེས་བྱ་བ་ནི་དེས་ན་འཇིག་
རྟེན་ལས་འདས་པའི་སེམས་ཉིད་ཀྱི་རྟིང་ལའོ། །བག་ཆགས་དེ་གནས་དང་བཅས་ཏེ་ཞེས་བྱ་བ་ལ། གནས་དང་བཅས་པ་སྟེ། རྣམ་པར་ཤེས་པ་དང་བཅས་པའོ། །བག་ཆགས་དེ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ཉོན་མོངས་པའི་བག་ཆགས་སོ། །ས་བོན་མེད་པ་ལས་ཞེས་བྱ་བ་ནི་རྒྱུ་མེད་པ་
ལས་སོ། །སྐྱེ་བར་ནི་འབྱུང་བར་རོ། །འགྱུར་རོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་པར་ཡང་ངོ་། །དེ་ལ་ཉོན་མོངས་པ་ཉིད་ནི་ཀུན་ནས་ཉོན་མོངས་པ་ཉིད་དེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །དེ་ལྟར་ན་འདིར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མི་རུང་ངོ་། །ལས་ཀྱི་
ཀུན་ནས་ཉོན་མོངས་པ་རྣམ་པ་གང་གིས་མི་རུང་བ་དེ་བསྒྲུབ་པར་བྱ་སྟེ། ཇི་ལྟར་མི་རུང་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་བའི་ཕྱིར་ཞེས་པ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་འབྱུང་བ་དང་། འགག་པ་ཀུན་གཞི་རྣམ་པར་ཤེས་པ་
เล่ม ๑๓๔ · หน้า 135a
མེད་ན་གང་ལ་བག་ཆགས་འཇོག་པར་འགྱུར། ཇི་ལྟར་ན་རྣམ་པར་ཤེས་པའི་ཚོགས་དྲུག་གིས་བག་ཆགས་མི་འཛིན་པ་ནི་སྔར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བསྟན་པར་བསྒྲུབས་ཟིན་ཏོ། །དེ་མེད་ན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་ནའོ། །ལེན་
པའི་རྐྱེན་གྱིས་སྲེད་པ་ཡང་མི་རུང་སྟེ། གང་གི་ཕྱིར་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ལེན་པའི་དབང་གིས་བག་ཆགས་རྒྱས་པས་སྲིད་པ་འབྱུང་བས་སོ། །དེ་ལ་ལས་ཉིད་ཀུན་ནས་ཉོན་མོངས་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའམ། ལས་ལས་ཀུན་ནས་ཉོན་མོངས་པ་ནི་ལས་
ཀྱི་ཀུན་ནས་ཉོན་མོངས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་མེད་ན། དེ་ཡང་མི་རུང་ངོ་། །དེའི་ཚེ་ཀུན་ནས་ཉོན་མོངས་པ་ཡང་ཇི་ལྟར་མི་རུང་ཞེ་ན། དེ་བསྟན་པར་བྱ་བའི་ཕྱིར་རོ། །ཉིང་མཚམས་སྦྱོར་བ་སྦྲེལ་བ་མི་རུང་བའི་ཕྱིར་ཞེས་བྱ་བ་སྟེ། བདག་གི་དངོས་པོ་འཐོབ་པ་ཡང་མི་རིགས་པའོ། །མཉམ་
པར་མ་བཞག་པའི་ས་ནས་ཞེས་བྱ་བ་ནི་འདོད་པའི་ཁམས་ནས་སོ། །ཤི་འཕོས་པའི་ཞེས་བྱ་བ་ནི་ཤི་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་གྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཉིང་མཚམས་སྦྱོར་ཞིང་སྦྲེལ་ཏེ་ཞེས་བྱ་བ་ནི་བདག་གི་དངོས་པོ་
ཡོངས་སུ་འཛིན་པའོ། །དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་སྲིད་པ་ལ་དམིགས་ནས་བར་མ་དོའི་སྲིད་པ་འགག་པར་འགྱུར་རོ། །བརྒྱལ་བ་དེ་ལ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁུ་བ་དང་ཁྲག་དང་ལྷན་ཅིག་གྲུབ་པ་དང་། བདེ་བ་གཅིག་པར་འགྱུར་བ་སྟེ། ཡིད་ཀྱི་
རྣམ་པར་ཤེས་པ་བརྒྱལ་བར་གྱུར་པ་དེ་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་གཞན་ཉིད་འཇུག་པར་འགྱུར་རོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་དུས་གཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བར་གྱུར་པ་དེ་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པར་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། དུས་རྟག་ཏུ་ཉོན་མོངས་
པ་ཅན་གནས་ཡིན་པའི་ཕྱིར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་ཏེ། འབྱུང་བའི་སྲིད་པ་ལ་དམིགས་པ་ཡིད་ཉོན་མོངས་པ་ཅན་འདིའི་གནས་ཡིན་པས་འདི་ནི་ཉོན་མོངས་པ་ཅན་གྱི་གནས་སོ། །རྣམ་པར་སྨིན་པ་ལུང་དུ་མ་
เล่ม ๑๓๔ · หน้า 135b
བསྟན་པའི་གནས་སྐབས་དེ་ན་ཉོན་མོངས་པ་ཅན་གྱི་གནས་ནི་མི་སྲིད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ལ་མི་དམིགས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དམིགས་པ་ལ་ཉེ་བར་གནས་ཏེ། འདི་ལྟ་སྟེ་ཆོས་སོ། །བརྒྱལ་བར་གྱུར་པ་དེ་ལ་ནི་དམིགས་པ་མེད་དེ། དེའི་ཕྱིར་འདི་ནི་ཡིད་ཀྱི་རྣམ་པར་
ཤེས་པ་ཉིད་དུ་མི་རུང་ངོ་། །ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་ཞེས་བྱ་བ་ནི་བདག་གི་ལུས་རབ་ཏུ་ཐོབ་པའོ། །དེ་ནས་གཞན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ནི་གཞན་པ་སྟེ། གཞན་རྣམ་པར་ཤེས་པ་དྲུག་པོ་རྣམས་ནི་གནས་སོ་སོར་ངེས་པ་དང་གཡོ་བའི་ཕྱིར་རོ། །ཇི་ལྟར་མིག་གི་
རྣམ་པར་ཤེས་པ་གནས་སོ་སོར་ངེས་པ་ཡིན་པ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་ཡང་རྣ་བ་ལ་སོགས་པ་དབང་པོ་གཟུགས་ཅན་རྣམས་ནི་རྟེན་ཡིན་ནོ། །དེས་ན་གལ་ཏེ་རྣམ་པར་ཤེས་པ་དེ་དག་གི་རང་རང་གི་གནས་བླངས་པར་གྱུར་ལ། རྣམ་པར་ཤེས་པ་དེ་རྣམས་
འགགས་པར་གྱུར་པ་ན་ཐོབ་པའི་མིག་ལ་སོགས་པ་རྣམས་རུལ་པར་འགྱུར་རོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འཇུག་པ་གང་ཡིན་པ་དེ་ཡང་མི་རུང་ངོ་ཞེས་བྱ་བ་ལ། ཇི་ལྟར་མི་རུང་བ་
བསྟན་པར་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་ཀྱང་རྣམ་པར་ཤེས་པ་ཞེས་གསུངས་པ་དེ་ལ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་སྟེ། རྣམ་པར་ཤེས་པའི་ཚོགས་སོ། །དེ་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་པར་བརྗོད་དོ། །
གཟུགས་ནི་ནུར་ནུར་པོའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ལ། ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་གང་ཡང་མ་ཡིན་ཏེ། གང་དེ་ནི་མིང་དང་གཟུགས་ལ་བརྟེན་ནས་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་མི་འཆད་པར་འཇུག་གོ། །
རྣམ་པར་ཤེས་པ་གཞན་གྱི་ཟས་སུ་མི་རུང་སྟེ་ཞེས་བྱ་བ་དེ་བསྟན་པར་བྱ་སྟེ། ཟས་ནི་བཞིར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཁམ་གྱི་ཟས་དང་། རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའིའོ། །དེ་ལ་ཁམ་གྱི་ཟས་ནི་ཞུ་བར་གྱུར་པ་ན་སྟེ། ཞུ་བར་གྱུར་པ་ན་གང་གི་
เล่ม ๑๓๔ · หน้า 136a
ཕྱིར་རྟེན་ལ་ཕན་འདོགས་པར་བྱེད་པའོ། །རེག་པའི་ཟས་ནི་ཡུལ་དང་ལྡན་པ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམས་མཐོང་བ་ཙམ་ཉིད་ཀྱིས་རྟེན་ལ་ཕན་འདོགས་པ་སྐྱེད་པའོ། །ཡིད་ལ་སེམས་པའི་ཟས་ནི་བསམ་པ་དང་ལྡན་པ་ན་སྟེ། གང་གི་ཕྱིར་བསམ་པས་རྟེན་ལ་
ཕན་འདོགས་པ་འབྱུང་བ་སྟེ། སྐོམ་པས་གདུངས་པ་ཆུ་མཐོང་བས་མ་ཤི་བ་བཞིན་ནོ། །རྣམ་པར་ཤེས་པའི་ཟས་ནི་ཉེ་བར་ལེན་པ་དང་ལྡན་པ་སྟེ། གང་གིས་དེ་བླངས་པ་ཉིད་ཀྱིས་རྟེན་གནས་པ་སྟེ། དེ་ལས་གཞན་དུ་ན་ཤི་བའི་རོ་བཞིན་དུ་རུལ་པར་འགྱུར་རོ། །དེ་ལྟ་བས་ན་རྟེན་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རྣམ་
པར་ཤེས་པའི་ཟས་ཉིད་ནི་ཁས་བླང་བར་བྱའོ། །དེ་ལ་རེག་པའི་ཟས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གང་ཡིན་པའིའོ། །ཡིད་ལ་སེམས་པའི་ཟས་ནི་ཡིད་ཀྱིས་བསམས་པའིའོ། །གཞན་པ་རྣམ་པར་ཤེས་པའི་ཟས་ཉིད་དུ་བསྟན་པ་གང་ཡིན་པ་ནི་སེམས་མེད་པའི་གཉིད་དང་། བརྒྱལ་བ་དང་། འགོག་པ་ལ་
སྙོམས་པར་ཞུགས་པ་ན་རྣམ་པར་ཤེས་པ་དྲུག་ནི་འགག་པར་འགྱུར་ན། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་བླངས་པ་མི་འདྲུལ་བར་བྱེད་པ་གཞན་གང་ཡིན། དེ་ལྟར་མཉམ་པར་མ་བཞག་པའི་ཉིང་མཚམས་སྦྱོར་བའི་འབྲེལ་པ་བསྟན་ཏོ། །མཉམ་པར་བཞག་པའི་ཡང་ཇི་ལྟར་མི་རུང་བ་དེ་བསྟན་པར་བྱ་
སྟེ། འདི་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པས་ཉིང་མཚམས་སྦྱོར་ཞིང་སྦྲེལ་ཏེ། མཉམ་པར་བཞག་པའི་ས་ལ་ཉོན་མོངས་པ་ཅན་དང་། མཉམ་པར་མ་བཞག་པས་ཉིང་མཚམས་སྦྱོར་ཞིང་སྦྲེལ་ཏོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་དེའི་ས་པའི་ཉོན་མོངས་པས་ཉོན་མོངས་པ་ཅན་ཏེ། དེའི་ས་པའི་
ཉོན་མོངས་པ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བ་གང་ཡིན་པའོ། །དེའི་ཉོན་མོངས་པ་ཅན་གྱི་སེམས་ནི་མཉམ་པར་བཞག་པའི་ས་པ་ཉིད་ཀྱི་དང་། མཉམ་པར་མ་བཞག་པའི་སེམས་སོ། །མཉམ་པར་མ་བཞག་པའི་ས་འདི་ནས་ཤི་འཕོས་པ་ན་ཤི་འཕོས་པའི་སེམས་གང་ཡིན་པ་དེ་དེའི་ས་པ་དང་ཕྲད་པར་གང་གིས་
ཇི་ལྟར་འགྱུར། དེས་ན་ཀུན་གཞི་རྣམ་པར་ཤེས་པ་ངེས་པར་ཁས་བླང་བར་བྱ་སྟེ། གང་ལ་ཐོག་མ་མེད་པ་ནས་ས་དེའི་སེམས་ཀྱི་བག་ཆགས་ཡོད་དེ། བག་ཆགས་གང་ལས་སེམས་དེ་ཀུན་ཏུ་རྒྱུ་བ་དེས་ཉིང་མཚམས་སྦྱོར་ཞིང་སྦྲེལ་ཏོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཞེས་བྱ་བ་ནི། གཟུགས་
เล่ม ๑๓๔ · หน้า 136b
ལས་གྲོལ་བའོ། །ཉོན་མོངས་པ་ཅན་གྱི་སེམས་དང་དགེ་བའི་སེམས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བ་ཉིད་དོ། །ས་བོན་མེད་ཅིང་གཞི་མེད་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་དང་རྐྱེན་མེད་པ་ཉིད་དོ། །དོན་གཞན་ཡང་རྒྱུ་མེད་པའི་ཕྱིར་གང་ལས་འབྱུང་བར་འགྱུར། གཞི་མེད་ན་གང་ལ་བརྟེན་ཏེ་འཇུག་པར་འགྱུར་ན་
སེམས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པས་ཡོངས་སུ་གཟུང་བའི་རང་གི་ས་བོན་ལས་འབྱུང་བར་འགྱུར་ཏེ། དེ་ལ་བརྟེན་ནས་དེ་ཉིད་ཀྱི་རྒྱུན་རབ་ཏུ་འཇུག་པར་འགྱུར་རོ། །དེ་ཉིད་ན་འཇིག་རྟེན་ལས་འདས་པའི་སེམས་མངོན་དུ་བྱེད་པའི་ཚེ། དེ་མ་ཡིན་པ་གཞན་འཇིག་རྟེན་པའི་སེམས་མེད་པར་གྱུར་པས་
དེའི་འགྲོ་བ་ལྡོག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་འབད་པ་མེད་པར་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཞིག་ན། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མ་ཡིན་པས་དེ་ལྟར་ཡང་མི་འགྲུབ་བོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱང་ཅི་ཡང་
མེད་པའི་སྐྱེ་མཆེད་པའི་འཇིག་རྟེན་ལས་འདས་པའི་སེམས་མངོན་དུ་བྱེད་པ་ན། གང་གི་ཕྱིར་སེམས་དེ་ནི་གསལ་པོར་འཇུག་པ་ཡིན་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ནི་མི་གསལ་བ་ཡིན་ནོ། །དེས་ན་གསལ་བར་འཇུག་པའི་སེམས་ལ་གནས་ནས་འཇིག་རྟེན་ལས་འདས་
པའི་སེམས་མངོན་དུ་བྱེད་དེ་འཇིག་རྟེན་ལས་འདས་པའི་སེམས་གཅིག་པུ་དེའི་གཞིར་འགྲོ་བ་གཉིས་མི་རུང་ངོ་། །འཇིག་རྟེན་པའི་ས་དེ་དག་ནི་ས་གཞན་དུ་སྐྱེས་པའི་ས་གཞན་པའི་སེམས་མངོན་དུ་བྱེད་པ་འགྲོ་བ་གཉི་གའི་རྟེན་དུ་མི་རིགས་ལ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གཞིར་
ཡང་སེམས་དེ་ནི་མི་རུང་ངོ་། །དེའི་ཕྱིར་འགྲོ་བ་གསུམ་པོ་དེ་དག་ཀྱང་གཞིའི་ངོ་བོར་མི་རིགས་པས་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་དེ་གང་ལ་བརྟེན་པར་འགྱུར། འཇིག་རྟེན་ལས་འདས་པའི་སེམས་དེ་ལེགས་པར་བྱ་བ་བྱེད་པའམ། ཉེས་པར་བྱ་བ་བྱེད་པ་འཆི་འཕོ་བ་ན་ལུས་སྨད་དམ་སྟོད་
ནས་དྲོད་ཡལ་བར་འགྱུར་བའང་མི་རུང་སྟེ་ཞེས་བྱ་བ་ལ་དེ་ལེགས་པར་བྱ་བ་བྱེད་པ་དང་། ཉེས་པར་བྱ་བ་བྱེད་པའི་ལུས་ཀྱི་སྨད་དང་སྟོད་ནས་དྲོད་ཡལ་བར་འགྱུར་ཏེ། འདི་ལྟར་ལེགས་པར་བྱ་བ་བྱེད་པ་ནི་སྨད་ནས་སོ། །ཉེས་པར་བྱ་བ་བྱེད་པ་ནི་སྟོད་ནས་སོ། །དེ་ནས་དེ་དག་ཀྱང་ཀུན་གཞི་རྣམ་
เล่ม ๑๓๔ · หน้า 137a
པར་ཤེས་པས་ཡོངས་སུ་གཟུང་བར་མི་འདོད་ན། ལུས་དྲོད་ཡལ་བར་འགྱུར་བ་དེ་ཇི་ལྟར་ཡིན། ཀུན་གཞི་རྣམ་པར་ཤེས་པ་དེས་གཟུང་བས་ནི་ལུས་འདོར་བར་བྱེད་པ་ན་སྨད་དམ་སྟོད་ནས་ཇི་ལྟར་རིགས་པས་དྲོད་ཡལ་བར་འགྱུར་རོ། །འདོར་བར་འགྱུར་རོ། །ཇི་ལྟར་ན་འཇིག་རྟེན་
པའི་རྣམ་པར་བྱང་བ་ཡང་མི་རུང་ཞེ་ན། དེ་བསྟན་པར་བྱ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། རབ་ཏུ་སྦྱོར་བ་ན་འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་དེ་ཡང་གཟུགས་ན་སྤྱོད་པའི་སེམས་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་དེས་བསྒོས་པ་མེད་པ་གཟུགས་ན་སྤྱོད་པའི་
སེམས་དེ་ས་བོན་མེད་པར་སྐྱེ་བ་ཉིད་ཡིན་པར་འགྱུར་ཏེ། གཟུགས་ན་སྤྱོད་པའི་སེམས་འདས་པ་ཚེ་རབས་དུ་མར་སེམས་གཞན་གྱིས་བར་དུ་བཅད་པ་དེ་ཡང་འདས་པའི་ཕྱིར་མེད་པ་ཉིད་དེ། མཉམ་པར་གཞག་པའི་སེམས་དེའི་ས་བོན་ཉིད་དུ་མི་རུང་ངོ་། །དེའི་རྒྱུ་དེའི་རྐྱེན་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་ལ་
གནས་པའི་རང་གི་ས་བོན་ལས་བྱུང་བའོ། །སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་དེ་ནི་ནུས་པ་མེད་པ་མ་ཡིན་པས་བདག་པོའི་རྐྱེན་ནི་དེའི་ནུས་པ་ཡིན་པས། རྒྱུའི་རྐྱེན་ཉིད་ནི་མ་ཡིན་ནོ། །དེ་བས་ན་བདག་པོའི་རྐྱེན་ལས་འདོད་པ་ན་སྤྱོད་པའི་སེམས་དེ་འབྱུང་ངོ་། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ལ་སོགས་པ་
ལ་ཡང་སྦྱར་རོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་མི་རུང་ཞེ་ན། དེ་བསྟན་པར་བྱ་སྟེ། དེ་ནི་གཞན་གྱི་སྒྲ་ལ་བརྟེན་པ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ནི། སྒྲ་དང་མཚུངས་པར་ལྡན་པའམ། ཡིད་ལ་བྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེ་ལས་གཞན་པའི་
རྣམ་པར་ཤེས་པ་རྣམ་པར་གཡེང་བས་བར་དུ་ཆོད་ལ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་འཇིག་རྟེན་ལས་འདས་པའི་སེམས་རྣམ་པར་ཉམས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པའི་སེམས་བྱུང་བ་དེའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་
ཐོབ་པའི་བག་ཆགས་བསྒོས་པ་དེས་ནི་བག་ཆགས་དང་བཅས་ཏེ་འགགས་ཤིང་འདས་ནས་ཡུན་རིང་དུ་ལོན་ཏེ་ཞེས་བྱ་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཐོས་པས་བསྒོས་པ་དེ་བག་ཆགས་དང་བཅས་པར་དུས་རིང་དུ་ཤིན་ཏུ་འགགས་ཤིང་ཤིན་ཏུ་འདས་པས་ཡོད་པ་མ་ཡིན་ན་ཕྱིས་དེའི་རྒྱུ་ཅན་དག་ཡང་གང་
เล่ม ๑๓๔ · หน้า 137b
ལས་འབྱུང་བར་འགྱུར། ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་དེ་ལ་ཐོས་པའི་བག་ཆགས་ཀྱིས་ནི་དེའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལའོ། །ཐོས་པའི་བག་ཆགས་ཞེས་བྱ་བ་ནི་གཞན་གྱི་
སྒྲ་ལ་བརྟེན་ནས་ཐོས་པའི་བག་ཆགས་ཡིད་ཀྱི་རྣམ་པར་ཤེས་པས་བརྟགས་པའོ། །དེའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་པ་དེས་ན་དེ་དེ་ལས་སྐྱེ་བར་མི་རུང་ངོ་། །ཡང་ཇི་ལྟར་ས་བོན་ཐམས་
ཅད་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་ཇི་ལྟར་རུང་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་མི་མཐུན་པའི་ཕྱོགས་ཀྱི་རྒྱུར་གྱུར་པ་ཡིན་ན་གཉེན་པོའི་ཕྱོགས་ཀྱི་རྒྱུ་ཉིད་དུ་ཡང་མི་རུང་ངོ་། །
འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པ་སྟེ་ཞེས་བྱ་བ་དང་། དེ་ནི་སྔར་མ་སྐྱེས་པས་དེའི་གང་དེའི་བག་ཆགས་ནི་མེད་པ་ཉིད་དོ་ཞེས་བྱ་བ་ལ། འཇིག་རྟེན་ལས་འདས་པའི་སེམས་དེའི་བག་ཆགས་ནི་མེད་པ་ཉིད་དུ་ཐེ་ཚོམ་མེད་དོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་
པའི་བག་ཆགས་ཀྱི་ས་བོན་ལས་དེ་འབྱུང་ངོ་ཞེས་བྱ་བ་ལ་ཉན་ཐོས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱས་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་སོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་
སྤང་བའོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེའི་རྒྱུ་མཐུན་པ་ནི་བསྟན་པའི་ཆོས་ཏེ་མདོ་སྡེ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་མདོ་སྡེ་ལ་སོགས་པ་ཐོས་པ་ནི་ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ཐོས་པའོ། །དེ་ཐོས་པའི་བག་ཆགས་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་
པ་ཐོས་པའི་བག་ཆགས་སོ། །ཡང་ན་ཐོས་པ་ཉིད་ཀྱི་བག་ཆགས་ནི་ཐོས་པའི་བག་ཆགས་ཏེ། དེའི་བག་ཆགས་གང་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་དེའི་རྒྱུ་ཅན་དེ་ལས་འཇིག་རྟེན་ལས་འདས་པའི་སེམས་འབྱུང་བར་འགྱུར་རོ། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ལྟར་ཀུན་
เล่ม ๑๓๔ · หน้า 138a
གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན་ཏེ། དེ་ཅིར་འགྱུར། ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནོ། དེ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་དེའི་གཉེན་པོའི་ས་བོན་ཉིད་དུ་འགྱུར། འོན་ཏེ་དེའི་ངོ་བོ་མ་ཡིན་ནོ། །ཐོས་པའི་བག་ཆགས་ཀྱི་ས་
བོན་དེའི་གཞི་གཞན་ཡིན་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་འཇུག་པར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་དེ་ཉིད་དོ་བརྟེན་ནས་ཞེས་བྱ་བ་ནི་གང་གི་རྒྱུད་ལས་འཇུག་པ་སྟེ། དེ་ཡང་ལྷན་ཅིག་
འདུག་པའི་ཚུལ་གྱིས་ཆུ་དང་འོ་མ་བཞིན་དུ་ངོ་བོ་གཅིག་པར་འཇུག་པར་འགྱུར་ན་ཡང་དེ་དེའི་ངོ་བོ་མ་ཡིན་པ་ཉིད་དེ། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་ནོ། །དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་ནོ། །དེ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་
དང་། བསྒོམས་པ་ལས་བྱུང་བ་ཡང་བལྟ་བར་བྱ་བ་ཡིན་པས་རེ་རེ་ཞིང་རྣམ་པ་གསུམ་པ་ཉིད་དུ་འགྱུར་རོ། །དོན་གཞན་ཡང་ཐོས་པ་ལས་བྱུང་བ་ནི་ཆུང་ངུའོ། །བསམས་པ་ལས་བྱུང་བ་ནི་འབྲིང་ངོ་། །བསྒོམས་པ་ལས་བྱུང་བ་ནི་ཆེན་པོའོ། །ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལན་མང་དུ་བྱ་བ་
དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པ་ལྷག་པར་བྱེད་པ་སྟེ། དེ་ཡང་ཆུང་ངུན་གྱི་རྒྱུ་ལས་འབྲིང་དང་། འབྲིང་ལས་ཆེན་པོའོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལྷག་པར་འཇུག་པའི་གཉེན་པོའོ། །གང་གིས་དེ་སྤོང་བ་དེ་ནི་ངན་འགྲོའི་གཉེན་པོ་
ཡིན་ནོ། །གང་ལ་རྣམ་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་གིས་ངན་སོང་དུ་སྐྱེ་བར་འགྱུར་བ་དེ་ཡང་། ངེས་པར་འགྱུར་བའི་རྒྱུ་ཡིན་ནོ། །མདོར་བསྡུ་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་གཉེན་པོའོ། །མ་འོངས་པ་ན་དགེ་བའི་བཤེས་གཉེན་དང་བདག་
ཕྲད་པ་ཐོབ་པའི་རྒྱུ་ཉིད་ཀྱང་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ལ། ལས་དང་པོ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །ཆོས་ཀྱི་སྐུར་བསྡུས་པ་ཞེས་བྱ་བ་ནི་དེའི་རྒྱུར་གྱུར་པའོ། །རྣམ་པར་གྲོལ་བའི་
เล่ม ๑๓๔ · หน้า 138b
ལུས་སུ་བསྡུས་པ་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་ལུས་དེའི་རྒྱུར་གྱུར་པ་ནི་ཉན་ཐོས་རྣམས་རྣམ་པར་གྲོལ་བའི་རྒྱུར་གྱུར་པ་སྟེ། གང་ལས་དེ་འབའ་ཞིག་པའི་རྣམ་པར་གྲོལ་བར་འགྱུར་གྱི་ཆོས་ཀྱི་སྐུ་ནི་མི་ཐོབ་བོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པས་རིག་པར་བྱེད་ཀྱི་རྣམ་པར་སྨིན་པའི་རྣམ་
པར་ཤེས་པས་ནི་མ་ཡིན་ཏེ། འགོག་པ་ལ་སྙོམས་པར་ཞུགས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་དང་མི་འབྲལ་བའི་ཞེས་གསུངས་པས་ཞེས་བྱ་བས་ནི་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་གྲུབ་བོ། །གང་བཅོམ་ལྡན་འདས་ཀྱིས་འདིའི་རྣམ་པར་
ཤེས་པ་ལུས་ལས་འདས་པ་མ་ཡིན་ནོ་ཞེས་གསུངས་པ་དེ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མ་ཡིན་པ་གཞན་ལ་མི་རུང་ངོ་། །གང་གི་ཕྱིར་འགོག་པ་ལ་སྙོམས་པར་ཞུགས་པ་ན་འཇུག་པའི་རྣམ་པར་ཤེས་པའི་གཉེན་པོ་སྐྱེས་པ་ན་དེ་ནི་ཞི་བ་ཉིད་མཐོང་ངོ་། །ཡང་གལ་ཏེ་རྟོག་པ་སྐྱེས་པ་ན་
དེ་ཡང་འབྱུང་བས་དེ་ལས་དགོངས་ནས་མ་འདས་པའོ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་ན། དེ་ནི་མི་རུང་སྟེ་གང་གི་ཕྱིར་དེ་དག་ནི་དེ་ལས་ལངས་པ་ན་ཡང་འབྱུང་བར་འགྱུར་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འགགས་པས་ཉིང་མཚམས་སྦྱོར་ཞིང་སྦྲེལ་བ་དེ་གང་གི་ཕྱིར་མེད་ན་འབྱུང་བའི་སྲིད་པ་
མངོན་པར་འགྲུབ་པ་ཡང་ཡོད་པར་མི་འགྱུར་རོ། །གང་ཡང་འགོག་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་སེམས་དང་བཅས་པའོ་སྙམ་དུ་སེམས་པ་དེ་ལྟར་ན་ཡང་སེམས་ནི་མི་རུང་སྟེ། སྙོམས་པར་འཇུག་པར་མི་རུང་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་རང་གི་མཚན་
ཉིད་ཇི་སྐད་བསྟན་པ་བོར་ནས་འཇུག་པའི་རྣམ་པར་ཤེས་པའི་བྱེ་བྲག་ལ་འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཉིད་དུ་འདོད་པ་དེ་ནི་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། སྙོམས་པར་འཇུག་པ་མི་རིགས་ཏེ། དེ་ལ་ཡོད་པ་དང་བྲལ་བར་མཐོང་བའི་ཕྱིར་དེ་ལས་གཞན་པའི་སེམས་ཡིན་ནོ། །འདུ་ཤེས་
དང་ཚོར་བ་དག་ནི་འདིར་འགོག་པ་ཡིན་ཏེ། དེ་དང་དེ་ནི་འགོག་པའི་ཡོད་པས་དེ་དང་དེ་འགོག་པས་རབ་ཏུ་བསྒོས་པ་དེ་ལ་སྙོམས་པར་འཇུག་པ་མི་རིགས་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་ཁས་ལེན་ན་ནི་སྐྱོན་དེ་མེད་དེ། དེ་ལ་གནས་པར་འདོད་པའི་དེ་དང་མི་མཐུན་པ་དེ་ལས་གཞན་
เล่ม ๑๓๔ · หน้า 139a
པའི་སེམས་དང་སེམས་ལས་བྱུང་བ་དེའི་གཉེན་པོ་འབྱུང་གི་རྣམ་པར་གསལ་བར་བསྟན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་ནོ། །དེས་ན་དེ་ལས་གཞན་པ་ལ་ནི་སེམས་དེ་མི་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། དམིགས་པ་དང་རྣམ་པ་མི་དམིགས་པའི་ཕྱིར་ཏེ། སེམས་དང་
སེམས་ལས་བྱུང་བའི་རྒྱུན་ནི་དམིགས་པ་དང་རྣམ་པར་ཤེས་པ་མེད་པ་མ་ཡིན་ནོ། །སྙོམས་པར་འཇུག་པའི་སེམས་ཀྱང་དམིགས་པ་དང་རྣམ་པ་མེད་པའི་ངོ་བོར་མི་འགྱུར་བ་ཞིག་ན་དེ་དག་གཉི་ག་ལ་ཡང་མི་དམིགས་སོ། །ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་འདོད་པ་ལས་ནི་རྐྱེན་འདི་དག་ཡོད་
པར་མི་འགྱུར་ཏེ། དེའི་རྟེན་ཉེ་བར་གཟུང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་ལ་སོགས་པའི་བྱེ་བྲག་ཡོད་ན་རྣམ་པར་ཤེས་པ་དེ་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་འགྱུར་ན་རེ་ཞིག་དགེ་བ་ནི་མ་ཡིན་ཏེ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པར་
ཐལ་བར་འགྱུར་བས་དེ་ནི་འགལ་ལོ་ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་ནི་དགེ་བ་དང་མི་དགེ་བའི་མཚུངས་པར་ལྡན་པ་དང་མ་བྲལ་བར་ཡང་འགྱུར་རོ། །སྙོམས་པར་འཇུག་པའི་སེམས་དགེ་བ་ཉིད་ཡིན་པས་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་
མི་འདོད་པ་ཡང་ཐོབ་པར་འགྱུར་ན། འདི་ལྟར་ནི་མི་འདོད་དེ། དགེ་བའི་སེམས་ཀྱི་ཁྱད་པར་གཞན་ལ་ཡང་ཐམས་ཅད་དུ་དེ་ཐལ་བར་འགྱུར་བའི་ཕྱིར་རོ། །མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་མེད་པས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་མི་རིགས་ཏེ། འདོད་ཆགས་དང་བྲལ་བའི་དུས་
ཉིད་ན་མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པས་དེས་ན་མི་དགེ་བ་མ་ཡིན་ནོ། །སྙོམས་པར་འཇུག་པ་ནི་དགེ་བ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ནོ། །འདིའི་ཕྱིར་ཡང་དེ་དགེ་བ་མ་ཡིན་ཏེ། འདུ་ཤེས་དང་ཚོར་བ་ཀུན་ཏུ་སྤྱོད་པར་ཐལ་བར་འགྱུར་ཏེ། དགེ་བའི་རྩ་བ་མེད་པར་དགེ་བ་ཉིད་ནི་
མེད་པའི་ཕྱིར་རོ། །དགེ་བའི་རྩ་བ་ལ་ཀུན་ཏུ་སྤྱོད་པ་བཞིན་དུ་འདུ་ཤེས་དང་ཚོར་བ་ལ་སྤྱོད་པར་ཡང་འགྱུར་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འདི་ལྟར་རིགས་ཏེ། མི་མཐུན་པའི་ཕྱོགས་ཀུན་ཏུ་སྤྱོད་པ་ན་གཉེན་པོའི་ཕྱོགས་མེད་པ་ཉིད་དོ། །འདོད་ཆགས་ལ་སོགས་པ་མངོན་
เล่ม ๑๓๔ · หน้า 139b
དུ་སྤྱོད་པ་ན་མི་སྡུག་པ་ལ་སོགས་པ་མེད་པ་བཞིན་ནོ། །དེ་ལྟར་དེ་ལས་སེམས་གཞན་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡང་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་སེམས་གཞན་ཡོད་ན། རེག་པ་དམིགས་པར་ཐལ་བར་འགྱུར་ཞིང་། དགེ་བ་ཀུན་ཏུ་སྤྱོད་པར་ཡང་འགྱུར་ཏེ། མཉམ་པར་
གཞག་པའི་གནས་སྐབས་གཞན་བཞིན་དུ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་མཉམ་པར་གཞག་པ་ན་འཇུག་པའི་རྣམ་པར་ཤེས་པའི་ཁྱད་པར་ཡོད་ན། དེས་ན་དེ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཤིན་ཏུ་སྦྱངས་པའི་ཕྱིར་མཚན་ཉིད་ཅན་གྱི་ཚོར་བ་བདེ་བའམ། ཚོར་བ་སྡུག་བསྔལ་བའི་རེག་པ་འདོར་
བར་མི་འགྱུར་རོ། །དེས་ན་རྐྱེན་དེ་དག་ལས་བདེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོར་བ་དག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་མཐུས་མཉམ་པར་གཞག་པར་འགྱུར་བ་སྟེ། མཉམ་པར་གཞག་པའི་ཁྱད་པར་གཞན་དག་ལ་ཡང་ཚོར་བ་དེ་དག་འབྱུང་བའི་མཐུ་ཡོད་པ་
མཐོང་བ་དེ་བཞིན་དུ་འདིར་ཡང་ཉིང་མཚམས་སྦྱོར་བའི་རྒྱུའི་ངོ་བོ་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བར་འགྱུར་ན། དེ་ནི་མི་རིགས་པ་ཉིད་དེ། འདུ་ཤེས་རྒྱུན་ཆད་པ་ཙམ་དུ་འགྱུར་ཏེ། རེག་པའི་ཚོར་བ་ཁས་ལེན་པས་དེ་ལ་ནི་འདུ་ཤེས་རྒྱུན་ཆད་པ་ཙམ་དུ་འགྱུར་ན། དེ་ལྟར་མི་འདོད་དེ། གཉི་ག་ཡང་རྒྱུན་
ཆད་པར་གསུངས་པས་དེའི་ཕྱིར་རེག་པ་ནི་མི་རུང་ངོ་། །རྣམ་པར་ཤེས་པ་གཞན་དང་དེ་དང་ལྷན་ཅིག་མཚུངས་པར་ལྡན་པའི་རེག་པ་ཡོད་ན་སེམས་དང་དད་པ་ལ་སོགས་པའི་དགེ་བའི་རྩ་བ་ཀུན་དུ་འབྱུང་བར་འགྱུར་བའི་ཕྱིར་ན་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་འབྱུང་བས་དེ་དང་ལྷན་
ཅིག་སྐྱེས་པའི་སེམས་པ་ཡང་ཡོད་དེ་ཞེས་གསུངས་པས་སེམས་པ་ཡང་འབྱུང་བར་འགྱུར་བ་ཉིད་དོ། །དེ་འབྱུང་བར་འགྱུར་བ་ཡོད་ན་དགེ་བའི་སེམས་མངོན་པར་འདུ་བྱེད་པ་ཉིད་ཡིན་པའི་ཕྱིར་དད་པ་ལ་སོགས་པ་དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་ཡང་འབྱུང་བར་འགྱུར་བ་ཞིག་ན་དེ་ལྟར་ནི་མི་འདོད་དོ། །གལ་
ཏེ་ཇི་སྐད་བསྟན་པའི་སྐྱོན་རྣམས་སྤང་བར་བྱ་བའི་ཕྱིར་དང་། འགལ་བ་སྤང་བར་བྱ་བ་དང་། དེས་སུན་དབྱུང་བའི་ཕྱིར་སེམས་ལས་བྱུང་བ་བཞག་ནས་སེམས་ཙམ་ཁས་ལེན་པར་བྱེད་ན་དེ་ཡང་མི་རུང་སྟེ། རྟེན་ལས་བརྟེན་པ་དབྱེར་མི་རུང་བའི་ཕྱིར་ཏེ། རྟེན་ནི་སེམས་ཙམ་མོ། །བརྟེན་པ་ནི་སེམས་ལས་བྱུང་
เล่ม ๑๓๔ · หน้า 140a
བ་སྟེ། རྟེན་དང་བརྟེན་པ་སེམས་ལས་བྱུང་བ་དག་འཁོར་བ་ཐོག་མ་མེད་པ་ནས་ཕན་ཚུན་མེད་པ་མ་ཡིན་པས་དུས་ཐམས་ཅད་དུ་དེ་བཞིན་དུ་འཇུག་པ་ན་རྟེན་དང་བརྟེན་པ་དག་འབད་པ་དང་ལྡན་པས་ཀྱང་དབྱེར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། དཔེ་ཡོད་པའི་ཕྱིར་ཏེ། གང་དུས་ཐམས་ཅད་
དུ་ལྷན་ཅིག་འཇུག་པའི་རྟེན་པ་དེ་ནི་རྟེན་ལས་དབྱེར་རུང་བར་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འཇུག་པ་ལ་སོགས་པ་ལ་ཕན་ཚུན་མེད་ན་མ་ཡིན་པའི་ཕྱིར་འབྱུང་བ་ལས་གྱུར་པ་བཞིན་ནོ། །དེ་བཞིན་དུ་སེམས་ཙམ་ལས་སེམས་ལས་བྱུང་བ་ཡང་དབྱེར་མི་རུང་བའི་ཕྱིར་མི་རིགས་སོ། །གཞན་ཡང་རྟེན་ལས་
བརྟེན་པ་དབྱེ་བར་རིགས་པ་མ་ཡིན་ཏེ། འདུ་ཤེས་དང་ཚོར་བ་དག་ནི་དེའི་མི་མཐུན་པར་འགྱུར་བས་རྣམ་པར་སུན་དབྱུང་བའི་ཕྱིར་ཀུན་ཏུ་སྤྱོད་པ་མེད་ལ་དེ་ལས་གཞན་པ་དག་ཀྱང་མ་ཡིན་ཏེ། མི་རིགས་པའི་ཕྱིར་རོ། །རྒྱུ་གང་གིས་ཤེ་ན། ཀུན་ཏུ་འགྲོ་བ་ཉིད་ཡིན་པ་ལས་དེ་བཞིན་དུ་མེད་པའི་ཕྱིར་ཏེ། དེ་
ལས་གཞན་པ་དག་ཀྱང་རྣམ་པ་དེ་ཉིད་ཀྱིས་གཞན་པ་དེ་ལ་བྱེ་བྲག་གི་རྒྱུ་མེད་པའི་ཕྱིར་ཀུན་ཏུ་སྤྱོད་པ་མེད་པར་འགྱུར་བ་ཞིག་ན། དེ་ལྟར་ན་མི་འདོད་དེ། མཐོང་བ་དང་འགལ་བའི་ཕྱིར་རོ། །སེམས་དང་བཅས་པའི་སྙོམས་པར་འཇུག་པ་བརྟག་པ་རྫོགས་སོ།། །།ད་ནི་གང་ཡང་ཕྱོགས་
གཉིས་དེའི་དོན་བརྗོད་པར་བྱ་སྟེ། གང་ཡང་གང་དག་འགོག་པའི་སྙོམས་པར་འཇུག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སེམས་དང་བཅས་པ་ཉིད་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པས་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །ཡང་དེ་དག་གི་སེམས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་མི་
འཐད་པའི་ཕྱིར་ཞེས་བྱ་བ་ལ། དེ་ནི་དགེ་བ་ཉིད་ཡིན་པས་ན་རེ་ཞིག་མི་དགེ་བ་མེད་པ་ཉིད་དོ། །ལུང་དུ་མ་བསྟན་པ་སྤྱོད་ལམ་དང་ལྡན་པ་དང་། བཟོའི་གནས་དང་། སྤྲུལ་པ་དང་ལྡན་པ་གང་ཡིན་པ་དེ་ལ་ཡང་སྤྲུལ་པ་དང་མེད་པ་པོ་ཉིད་དོ། །འོན་ཏེ་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་ན་ནི་དེ་ནི་
ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། ལུང་དུ་མ་བསྟན་པ་ལྔ་ནི་མེད་དོ། །གལ་ཏེ་སེམས་དེ་དགེ་བ་ཡིན་ན་ནི་དེ་ལ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པར་འགྱུར་ཏེ། དེ་ལྟ་བུ་ནི་སེམས་མེད་པ་ཡིན་ན་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་དགེ་བར་གྱུར་པའི་
เล่ม ๑๓๔ · หน้า 140b
གནས་སྐབས་དགེ་བའི་སེམས་དེ་ལ་བརྟེན་ཅིང་དམིགས་ནས་གསུམ་འདུས་པའི་རེག་པ་ཇི་ལྟར་འབྱུང་བར་མི་འགྱུར། རེག་པ་ཡོད་པར་གྱུར་ན་དེ་ལྟར་ན་ཡང་འགོག་པའི་སྙོམས་པར་འཇུག་པ་མེད་པ་ཉིད་དུ་འགྱུར་ཏེ། དེ་སེམས་དང་སེམས་ལས་བྱུང་བ་མ་འགགས་པའི་ཕྱིར་རོ། །ཡང་ལ་ལ་
དག་དགེ་བའི་སེམས་ཀྱིས་བདེ་བ་སྐྱེད་པས་དགེ་བ་སྟེ། སྙོམས་པར་འཇུག་པ་འདྲེན་པར་བྱེད་པའི་སེམས་ཀྱི་སྦྱོར་བའི་ཤུགས་ཀྱིས་དགེ་བ་ཡིན་ན་ཡང་བག་ཆགས་ལ་སོགས་པ་དང་ལྷན་ཅིག་མཚུངས་པར་ལྡན་པས་ནི་མ་ཡིན་ཏེ། ནུས་པ་འདུས་པ་ནི་འདུས་པ་ཞེས་བྱས་ནས་སོ། །དེས་ན་དེ་ནི་དགེ་བ་ཡིན་
ཡང་སྐྱེད་པར་བྱེད་པ་གསུམ་འདུས་པའི་མཐུ་སྟེ། རྒྱུ་མཐུན་པའི་འབྲས་བུ་འབྱུང་བ་བཞིན་ནོ་ཞེས་རྟོགས་ན། དེ་ཅི་ཡང་གང་དང་གང་སྦྱོར་བའི་སེམས་དགེ་བ་ཡིན་པ་དེ་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ཡིན་ལ། དེས་འཕངས་པ་ཡང་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་
པར་འགྱུར་ཏེ། དེ་བས་ན་སྙོམས་པར་འཇུག་པའི་སྦྱོར་བའམ། སྙོམས་པར་འཇུག་པ་དེ་དག་དང་འགལ་བར་གནས་པའི་བག་ཆགས་ལ་སོགས་པ་རྣམས་གང་གི་ཕྱིར་མི་འཇུག་ལ་དགེ་བ་ནི་ཡང་འཇུག་གོ་ཞེས་ཟེར་ན། གང་དེ་ལྟ་བུ་ནི་སུས་ཀྱང་མི་འདོད་དེ། རྒྱུ་མཐུན་པའི་འབྲས་བུ་ཡང་གང་གི་ཕྱིར་ཀུན་ཏུ་སྦྱོར་བ་
དང་བཅས་པའི་ཆོས་རྣམས་ནི་ཀུན་ཏུ་སྦྱོར་བ་དང་བཅས་པ་ཉིད་དུ་འགྱུར། རྣམ་པར་ཤེས་པ་དང་བཅས་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་གི་དངོས་པོ་ཉིད་དུ་གྱུར་པ་ན། ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་མེད་ཅིང་། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ནི་དེ་བཞིན་དུ་གནས་པ་ཉིད་དུ་འགྱུར་ཏེ། དེ་ཡང་འོ་མ་དང་ཆུ་
མཉམ་པར་བསྲེས་པ་བཞིན་ནོ་ཞེས་བྱ་བ་དཔེས་བསྟན་ཏོ། །ཡང་ཇི་ལྟར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ཀུན་གཞི་རྣམ་པར་ཤེས་པ་གཅིག་ལ་མཉམ་པར་མ་བཞག་པའི་ས་པའི་ཉོན་མོངས་པའི་བག་ཆགས་སྤངས་པ་དང་། མཉམ་པར་བཞག་པའི་ས་པའི་དགེ་བའི་བག་ཆགས་རྒྱས་པར་
རྟེན་གནས་གྱུར་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ཡང་བལྟ་བར་བྱ་སྟེ། འགོག་པ་ལ་སྙོམས་པར་ཞུགས་པ་དེ་ཡང་རྣམ་པར་ཤེས་པ་མེད་པ་མ་ཡིན་ནོ་ཞེས་གསུངས་པ་དེས་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་ཡོད་པ་ཉིད་དུ་བསྒྲུབས་སོ།། །།བམ་པོ་གསུམ་པ། གང་བཅོམ་ལྡན་འདས་
เล่ม ๑๓๔ · หน้า 141a
ཀྱིས་འདིའི་རྣམ་པར་ཤེས་པ་ལུས་ལས་མ་འདས་སོ་ཞེས་གསུངས་པ་དེ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མ་ཡིན་པ་གཞན་ལ་མི་འཐད་དེ། གང་གི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པའི་རྣམ་པར་ཤེས་པ་སྤངས་པས་མི་འབྱུང་སྟེ། དེ་ནི་
ཞི་བར་མཐོང་བས་སོ། །ཡང་གང་ལ་ལ་ལངས་པ་ན་དེ་ཡང་འབྱུང་བར་འགྱུར་བས་དེའི་ཕྱིར་དེ་ལས་དགོངས་ནས་མ་འདས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ་ཞེས་རྟོགས་ན། དེ་ནི་མི་རིགས་ཏེ། དེ་དག་གི་ལྟར་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཉིང་མཚམས་སྦྱོར་ཞིང་སྦྲེལ་བ་གང་རྒྱུན་ཆད་ཅིང་
མེད་ན། མངོན་པར་འགྲུབ་པ་རིགས་པར་མི་འགྱུར་བས་ལངས་པ་ན་ཡང་འབྱུང་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །གང་ཡང་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པར་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཉིད་ཡིན་ནོ་སྙམ་དུ་སེམས་
པས་དེ་བས་ན་དེ་ལྟར་མི་འཐད་དོ། །འདི་ལྟར་ན་ཡང་མི་འཐད་དེ། གང་བཅོམ་ལྡན་འདས་ཀྱིས་ལུས་ཀྱི་འདུ་བྱེད་འགག་པར་འགྱུར་ཞིང་། ཡིད་ཀྱི་འདུ་བྱེད་ནི་དབུགས་འབྱུང་བ་དང་རྔུབ་པའོ། །ངག་གི་འདུ་བྱེད་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའོ། །ཡིད་ཀྱི་འདུ་བྱེད་ནི་སེམས་པ་དང་འདུ་ཤེས་
སོ་ཞེས་གསུངས་པ་དེ་ལ། ཇི་ལྟར་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་འགག་པར་གྱུར་ན་ངག་འཇུག་པར་མི་འགྱུར་ལ། དེ་བཞིན་དུ་ཡིད་ཀྱི་འདུ་བྱེད་འགག་པར་གྱུར་ན་ཡིད་འཇུག་པར་འབྱུང་བར་མི་འགྱུར་རོ། །གལ་ཏེ་ཇི་ལྟར་སྙོམས་པར་འཇུག་པའི་དུས་ན་ལུས་ཀྱི་འདུ་བྱེད་འགགས་ན་ཡང་ལུས་
གནས་པར་འགྱུར་ལ། དེ་བཞིན་དུ་ཡིད་ཀྱི་འདུ་བྱེད་འགགས་པར་གྱུར་ཀྱང་ཡིད་གནས་པར་འགྱུར་རོ་ཞེས་འདོད་ན། དེ་ལྟ་བུ་དེ་ཡང་མི་འཐད་དེ། གང་ལུས་གནས་པ་ནི་རྒྱུ་རྣམ་པ་གཞན་གྱིས་ཀྱང་ཡིན་ཏེ། ལུས་ཀྱི་འདུ་བྱེད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ཟས་དང་། སྲོག་གི་
དབང་པོ་དང་རྣམ་པར་ཤེས་པ་སྟེ། གང་དབུགས་རྔུབ་པ་དང་འབྱུང་བ་མེད་ན་ཡང་གནས་པར་འགྱུར་བ་ཉིད་དོ། །ཡིད་ལ་ནི་འདུ་བྱེད་པ་ཉིད་གཞན་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་གང་རྣམ་པར་གནས་པ་དེ་མེད་ན། སེམས་མེད་པའི་གནས་སྐབས་ཉིད་འཐོབ་པར་འགྱུར་རོ། །རྣམ་པར་སྨིན་
เล่ม ๑๓๔ · หน้า 141b
པའི་རྣམ་པར་ཤེས་པ་ཉིད་ལ་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་སྒྲར་གསུངས་པར་འདོད་པས། དེས་ན་ཡང་ལངས་པ་ན་ས་བོན་ཐམས་ཅད་ལ་ལས་འཇུག་པའི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་འདོད་དོ། །གང་ཡང་གཟུགས་དང་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བ་
ཆོས་རྣམས་ཀྱི་ས་བོན་དུ་རྟོག་པ་ཞེས་བྱ་བ་ལ། གཟུགས་ཀྱི་སྐད་ཅིག་སྔ་མ་ནི་གཟུགས་ཀྱི་སྐད་ཅིག་ཕྱི་མའི་རྒྱུ་ཉིད་རྣམ་པར་ཤེས་པའི་ས་བོན་ཉིད་རྣམ་པར་ཤེས་པའོ། །དེ་ལ་གཟུགས་མེད་པ་ནས་ཤི་འཕོས་པའི་གཟུགས་ནི་འགགས་ནས་རིང་དུ་ལོན་པར་གྱུར་ན་ཡང་འབྱུང་བའི་རྒྱུར་གཟུགས་
ཇི་ལྟར་འགྱུར། འདུ་ཤེས་མེད་པ་ནས་ཤི་འཕོས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའི་ཚེ་ཡང་དེའི་སེམས་ནི་འགགས་ནས་རིང་དུ་ལོན་པར་གྱུར་ན་སེམས་འབྱུང་བ་དེའི་རྒྱུ་ཉིད་དུ་སེམས་དེ་ཇི་ལྟར་འགྱུར། དེ་ལྟ་ཡིན་ན་དགྲ་བཅོམ་པའི་ཕུང་པོ་ལྷག་མ་མེད་པའི་མྱ་
ངན་ལས་འདས་པ་ཡང་མི་འཐད་དེ། རྒྱུ་གཟུགས་དང་སེམས་དག་ཟད་པ་མེད་པའི་ཕྱིར་རོ། །གང་འདས་པ་དེ་མ་ཐག་པའི་རྐྱེན་ཉིད་ཀྱི་དང་པོའི་གཟུགས་ཀྱི་སྐད་ཅིག་ལས་ནི་གཟུགས། རྣམ་པར་ཤེས་པ་ལས་ནི་རྣམ་པར་ཤེས་པ་འབྱུང་བར་བལྟ་བར་བྱའི་རྒྱུའི་རྐྱེན་ལས་ནི་མ་ཡིན་ནོ། །
དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་འགྲུབ་པོ། །ཇི་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་ལ་གནས་པ་ཙམ་གྱིས་རྟེན་གནས་པར་གྱུར་པར་མི་རིགས་པ་དེ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་བཟང་པོའི་སེམས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་
པ་གཉེན་པོ་དགེ་བ་དང་མཚུངས་པར་ལྡན་པ་སྟེ། འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་ལྔ་སྤངས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པ་ལྔ་སྤངས་པའོ། །བསལ་བ་དེ་ལས་གཞན་པ་ལ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་
ཡིད་ཀྱི་རྣམ་པར་ཤེས་པ་གཞན་པ་ལ་སྟེ། དགེ་བ་ཟག་པ་དང་བཅས་པས་མི་དགེ་བ་ཟག་པ་དང་བཅས་པ་ཡོངས་སུ་སྤང་བའི་དོན་དུ་བཟང་པོ་ཞེས་སྨོས་བཞིན་དུ་ཡང་དེ་ལས་གཞན་པ་ལ་ཞེས་སྨོས་སོ། །སེམས་ནི་ཇི་ལྟར་འགྱུར་བར་བྱེད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་
เล่ม ๑๓๔ · หน้า 142a
ཀྱི་ས་བོན་ཅན་ཀུན་གཞི་རྣམ་པར་ཤེས་པ་ས་བོན་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཉེན་པོ་གྱུར་པ་ཡིན་ཞེས་བྱ་བ་ལ། གཉེན་པོ་ཡོངས་སུ་གྱུར་པ་ཡིན་ནོ། །སྤངས་པ་མིན་ཕྱིར་མི་རུང་ངོ་སྟེ། ཀུན་ནས་ཉོན་མོངས་པ་སྤངས་པ་ལས་འགྱུར་གྱི། འདི་ལྟར་གཉེན་པོ་ནི་
སྤངས་པ་མ་ཡིན་པ་དེའི་ཕྱིར་དེ་ནི་སྤངས་པའི་རྒྱུ་ཡིན་ན་ཡང་འདི་ལྟར་འགྱུར་ཏེ། དེ་ལྟ་ཡིན་ན་ཡང་རྒྱུ་འབྲས་ཐ་དད་མེད་པར་འགྱུར་བའི་སྐྱོན་དུ་ཐལ་བར་འགྱུར་ཏེ། སྤངས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འབྲས་བུ་དང་གཉེན་པོ་ཞེས་བྱ་བ་ནི་ལམ་དག་སྟེ། འབྲས་བུ་དང་གཉེན་པོ་ནི་སྤངས་པ་ཡིན་ཞེས་བྱ་བ་
འདིར་གཅིག་པ་ཉིད་དུ་འགྱུར་བས་གཉེན་པོ་སྐྱེས་པ་ཙམ་གྱིས་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་རོ། །གལ་ཏེ་ས་བོན་བྲལ་བའམ། །དངོས་པོ་མེད་པར་འགྱུར་འདོད་ན། །ཞེས་བྱ་བ་ལ། འཇུག་པའི་རྣམ་པར་ཤེས་པ་རྣམས་ས་བོན་མེད་པར་བྱས་པའམ། དངོས་པོ་མེད་པ་ཉིད་དུ་འགྱུར་བར་འདོད་ན། དེ་མེད་པ་ན་
གཉིས་མེད་པའོ། །འགྱུར་བ་རུང་བ་མ་ཡིན་ནོ་ཞེས་བྱ་བ་སྟེ། མཉམ་པར་གཞག་པའི་གནས་སྐབས་ན་འཇུག་པའི་རྣམ་པར་ཤེས་པ་དག་ཉེ་བར་གྱུར་པ་མ་ཡིན་པས་ན་ས་བོན་མེད་པར་འགྱུར་བའི་ཕྱིར་རམ། དངོས་པོ་མེད་པར་བྱས་པས་དེ་ནི་དངོས་པོ་མེད་པའོ། །དེས་ན་དེ་ལྟར་འགྱུར་བ་རུང་བ་མ་
ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་རིང་བར་གྱུར་པ་ཡིན་ན་ཡང་དེའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་དེ་ས་བོན་དང་བྲལ་བའམ། དངོས་པོ་མེད་པར་བྱ་བར་ནུས་སོ། །དེས་ན་འདི་ལྟར་གྱུར་པ་དང་ལྡན་པ་ཀུན་གཞི་རྣམ་པར་ཤེས་པ་
ཉིད་འདོད་པར་འགྱུར་རོ། །དེ་ལྟར་སྒྲུབ་པའི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དེའི་རྣམ་པའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། དེ་ལ་བག་ཆགས་རྣམ་པ་གསུམ་གྱི་བྱེ་བྲག་གིས་ཞེས་བྱ་བ་སྟེ། དེ་ལ་མངོན་པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་ནི་འདི་ལྟ་སྟེ། མིག་ཅེས་རྗོད་པར་བྱེད་པའི་རྣམ་པར་
སྨིན་པའི་རྣམ་པར་ཤེས་པའི་བག་ཆགས་དེ་ནི་མིག་མངོན་པར་འགྲུབ་པའི་རྒྱུར་འགྱུར་ཏེ། མིག་གང་གྲུབ་ཅིང་རྣམ་པར་སྨིན་པ་ལས་སྐྱེས་པར་བརྗོད་པར་བྱ་བ་དེ་མིག་ཅེས་བརྗོད་པའི་རྒྱུ་ལས་གྱུར་པའོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་བརྗོད་པར་བྱ་བ་ཐམས་ཅད་ལ་ཞེས་བྱ་བ་ནི་འདིའི་བྱེ་བྲག་གོ། །
เล่ม ๑๓๔ · หน้า 142b
བདག་ཏུ་ལྟ་བའི་བག་ཆགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་གང་གིས་ཀུན་གཞི་རྣམ་པར་ཤེས་པ་ལས་བདག་ཅེས་བག་ཆགས་སྒོ་བར་བྱེད་དེ། གང་གིས་བདག་ཅེས་བྱ་བ་དང་། གཞན་ཞེས་བྱ་བའི་བྱེ་བྲག་འདིར་འགྱུར་བར་བྱེད་དོ། །སྲིད་པའི་
ཡན་ལག་གི་བག་ཆགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་གང་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་འདུ་བྱེད་མཐར་ཐུག་པ་མེད་པར་འཇུག་པ་སྟེ། འདི་དག་ནི་ཇི་ལྟར་ཤེས་བྱའི་མཚན་ཉིད་རྒྱས་པ་ཉིད་དུ་བཤད་པར་བྱའོ། །དེ་ལ་འཕེན་པས་རབ་ཏུ་དབྱེ་བ་ནི་ཞེས་བྱ་བ་ནི་འཕངས་པའི་རྣམ་པའི་བྱེ་
བྲག་གོ། །བག་ཆགས་གསར་དུ་འབྱུང་བ་ཞེས་བྱ་བ་ནི་གང་དང་པོར་བྱུང་བའི་བག་ཆགས་དེ་སྟེ། བྱེ་བྲག་དེ་སྐད་དུ་བརྗོད་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་མེད་དུ་ཟིན་ན་འདུ་བྱེད་འབྱུང་བ་དང་འགགས་པས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་དང་ལེན་པས་ཡོངས་སུ་གཟུང་བའི་འབྱུང་བའི་
སྲིད་པ་ལ་མངོན་པར་ཕྱོགས་པས་བྱས་པའི་སྲིད་པ་མི་རུང་ངོ་། །སྲིད་པ་སྟེ། འདི་ལས་སྐྱེ་བ་མངོན་པར་གྲུབ་པས་ན་སྲིད་པའོ། །འདི་ནི་ལེན་པ་ཞེས་བྱ་བ་དགེ་བའམ། མི་དགེ་བ་གོམས་པའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་གང་འདུ་བྱེད་དང་། སྲིད་པའི་རྐྱེན་
གྱིས་འཕངས་པའི་འགྲོ་བ་དག་ཏུ་རྣམ་པར་སྨིན་པ་སྟེ། རྣམ་པར་སྨིན་པ་ཞེས་བརྗོད་པའི་ཀུན་གཞི་རྣམ་པར་ཤེས་པའི་བྱེ་བྲག་དེ་མེད་དུ་ཟིན་ན་རྒྱུ་མེད་པས་ཡང་སྲིད་པ་ཅན་ཉིད་ཀྱི་ཆོས་གཟུགས་ཅན་གྱི་དབང་པོ་མིག་ལ་སོགས་པ་རྣམས་འབྱུང་བར་རུང་བ་མ་ཡིན་ཏེ། དེ་ནི་རྣམ་པར་སྨིན་པའི་
འབྲས་བུ་ཡིན་པས་སོ། །དེ་ལ་རྒྱུ་ཉིད་དུ་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་ཡང་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ལ་ཡིད་རྟེན་པའི་ཕྱིར་བདག་ཏུ་ལྟ་བ་དང་། བདག་ཏུ་འཛིན་པའི་རྒྱུ་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པའི་བྱེ་བྲག་སྟེ། རྒྱུ་མཚན་ཞེས་བྱ་བ་དེ་མེད་ན་འཇིག་ཚོགས་ལ་ལྟ་བའི་རྒྱུ་གང་ཡིན་
པ་ཡིད་ཀྱིས་བདག་ཏུ་བཟུང་བ་དེའི་དམིགས་པ་མི་རིགས་ཏེ། དེ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པས་སོ། །དེ་ལ་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ། དེ་ནི་རྣམ་པ་མང་དུ་འབྱུང་ངོ་། །དེ་ཡང་ཐུན་མོང་གི་མཚན་ཉིད་དང་། ཐུན་མོང་མ་ཡིན་པའི་མཚན་ཉིད་དང་། ཚོར་བ་མེད་པ་འབྱུང་བའི་ས་བོན་གྱི་
เล่ม ๑๓๔ · หน้า 143a
མཚན་ཉིད་དང་། ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི་མདོར་བསྟན་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་སྣོད་ཀྱི་འཇིག་རྟེན་རྒྱུར་གྱུར་པས་ན། ཚོར་བ་མེད་པ་འབྱུང་བའི་ས་བོན་ནོ། །གང་ཐུན་མོང་མ་ཡིན་
པ་ཞེས་བྱ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་སོ་སོ་རང་གི་གཟུགས་ལ་སོགས་པ་དང་། སྐྱེ་མཆེད་རྣམས་ཀྱི་རྒྱུར་གྱུར་པ་སྟེ། དེ་ནི་ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་གང་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལོངས་སྤྱོད་ཀྱི་རྒྱུར་
གྱུར་པ་སྣོད་ཀྱི་འཇིག་རྟེན་ཡོད་པར་མི་འགྱུར་རོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་གཉིས་པ་མེད་ན་ཡང་སེམས་ཅན་གྱི་འཇིག་རྟེན་ཡོད་པར་ཡང་མི་འགྱུར་ཏེ། དེས་ན་ཤིང་བཞིན་དུ་ཚོར་བ་འབྱུང་བར་མི་འགྱུར་རོ། །ཡང་གནས་ངན་ལེན་གྱི་མཚན་ཉིད་ཅེས་བྱ་བ་ནི་གང་རྟེན་ལས་སུ་མི་རུང་
བ་ཉིད་དོ། །ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི་གང་ལས་སུ་རུང་བ་ཉིད་དོ། །སྤྱད་ཟིན་པའི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཡང་དང་ཡང་དུ་བྱས་པའི་དགེ་བ་དང་མི་དགེ་བའི་ལས་གང་གིས་འབྲས་བུ་འབྱུང་བ་ཟད་པར་འགྱུར་བ་དེ་ཡོད་པར་མི་རུང་ངོ་། །མ་སྤྱད་པའི་མཚན་ཉིད་ནི་གང་
མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ཏེ་ཞེས་བྱ་བ་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་བསྟན་པའོ། །ཐོག་མ་མེད་པའི་དུས་ནས་སྤྲོས་པ་འབྱུང་བས་ས་བོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཐ་སྙད་ཀྱི་རྒྱུར་གྱུར་པ་ཀུན་
གཞི་རྣམ་པར་ཤེས་པ་ཞེས་བརྗོད་པ་དེ་མེད་ན་མངོན་པར་བརྗོད་པའི་བག་ཆགས་གསར་དུ་འབྱུང་བ་ཡང་མི་འཐད་དོ། །རྙིང་རྣམས་མེད་པས་དེའི་ཕྱིར་ད་ལྟར་གྱི་མངོན་པར་བརྗོད་པ་ཡང་མ་ཡིན་ནོ། །སྔ་ན་མེད་པར་ཡང་འགྱུར་ཏེ། གང་འཇིག་རྟེན་ན་ཐོག་མ་མེད་པ་ནས་མ་བྱུང་བའི་ཕྱིར་རོ། །དཔེའི་
མཚན་ཉིད་ནི་ཅི་སྒྱུ་མ་སྒྱུ་མ་བྱས་པའི་རྒྱུ་ཉིད་ཡིན་པས་འཁྲུལ་པའི་གླང་པོ་ལ་སོགས་པའི་རྒྱུར་འགྱུར་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དཔེའི་མཚན་ཉིད་དུ་བསྟན་པ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ས་བོན་ཡིན་པས་ཕྱིན་ཅི་ལོག་གི་རྒྱུ་མཚན་ཡིན་ཏེ། དེ་མེད་ན་རྒྱུ་མཚན་
เล่ม ๑๓๔ · หน้า 143b
ཉིད་དུ་མི་རུང་ངོ་། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞེས་བྱ་བ་ལ། མ་བསྒྲིབས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། ཉོན་མོངས་པ་ཅན་གང་ཡིན་པ་དང་ལུང་དུ་མ་བསྟན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་གྱི། ཇི་ལྟར་གཟུགས་ཀྱི་ཁམས་སུ་སྐྱེ་བས་ཉོན་མོངས་པ་དང་། དགེ་བ་མ་ཡིན་པ་དང་།
ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཉིད་ཡོད་ན་ཀུན་ནས་ཉོན་མོངས་པར་ལྡོག་པར་མི་འགྱུར་རོ། །དེའི་ཕྱིར་ན་དགེ་བ་ལས་དགེ་བ་དང་། མི་དགེ་བ་ལས་མི་དགེ་བར་འབྱུང་བས་འདུས་བྱས་ལ་མཐར་ཐུག་པ་མེད་དེ། དེས་ན་ཀུན་ནས་ཉོན་མོངས་པ་དང་། དགེ་བ་ཟག་པ་
དང་བཅས་པས་འཁོར་བར་འགྱུར་རོ། །ཤེས་བྱའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བསྟན་པ་ལ་དེ་ལ་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། དེ་ནི་མདོར་བསྡུ་ན་ཞེས་བྱ་བ་ནི་ཡང་དག་པར་བསྡུས་པའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་བསྡུས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་
པའོ། །ལུས་དང་། ལུས་ཅན་དང་། ཟ་བ་པོའི་རྣམ་པར་རིག་པ་ཞེས་བྱ་བ་དེ་ལ། ལུས་ནི་མིག་ལ་སོགས་པའི་ཁམས་ལྔའོ། །ལུས་ཅན་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཟ་བ་པོ་ནི་ཡིད་ཀྱི་ཁམས་སོ། །དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་
ཁམས་དྲུག་གོ། །དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་དྲུག་གི་ཁམས་སོ། །དུས་ཀྱི་རྣམ་པར་རིག་པ་ནི་འཁོར་བའི་རྒྱུན་འཇུག་པ་རྣམ་པར་ཆད་པ་མེད་པ་ཉིད་དོ། །གྲངས་ཀྱི་རྣམ་པར་རིག་པ་ནི་བགྲང་བའོ། །ཡུལ་གྱི་རྣམ་པར་རིག་པ་ནི་སྣོད་ཀྱི་འཇིག་རྟེན་ནོ། །ཐ་སྙད་
ཀྱི་རྣམ་པར་རིག་པ་ནི་མཐོང་བ་དང་། ཐོས་པ་དང་། ཤེས་པ་དང་། རྣམ་པར་ཤེས་པ་སྟེ། ཐ་སྙད་རྣམ་པ་བཞིའོ། །རེ་ཞིག་དེ་ལྟ་བུའི་རྣམ་པར་རིག་པ་དག་ནི་ཤེས་བྱའི་གནས་སུ་བསྟན་པ་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་རྒྱུ་ཅན་ཡིན་ནོ། །བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་
རིག་པ་གང་ཡིན་པའི་བྱེ་བྲག་གི་རྟེན་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་རྒྱུ་ཅན་ནོ། །གང་བདེ་འགྲོ་དང་ངན་འགྲོ་དང་། འཆི་འཕོ་བ་དང་། སྐྱེ་བའི་རྣམ་པར་རིག་པ་སྟེ། འཁོར་བའི་འགྲོ་བ་སྣ་ཚོགས་དེ་ནི་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ཉེ་བར་ལེན་པ་ལས་བྱུང་ངོ་། །རྣམ་པར་རིག་
เล่ม ๑๓๔ · หน้า 144a
པ་འདི་རྣམས་ཀྱིས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པར་རིག་པ་དག་གོ། །ཁམས་དང་། འགྲོ་བ་དང་། སྐྱེ་གནས་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་ཁམས་གསུམ་དང་དེའི་ཁོངས་སུ་གཏོགས་པ་འགྲོ་བ་རྣམ་པ་ལྔ་དང་། སྐྱེ་གནས་རྣམ་པ་བཞི་དང་། ཀུན་
ནས་ཉོན་མོངས་པའོ། །བསྡུས་པ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དོ། །གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་བ་ནི་གཞན་གྱི་དབང་གི་བདག་ཉིད་དེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་བསྟན་པ་ཡིན་ནོ། །རྣམ་པར་རིག་པ་འདི་རྣམས་ཀྱི་རྣམ་པར་རིག་པ་ཙམ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་
རྟོག་པས་བསྡུས་པ་ཞེས་བྱ་བ་དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་པ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དོ། །ཡོད་པ་མ་ཡིན་པ་དང་། ནོར་བའི་དོན་སྣང་བའི་གནས་གང་ཡིན་པ་འདི་ནི་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་དང་། ནོར་བའི་དོན་སྣང་བའི་རྒྱུ་སྟེ། དེ་ལ་ཡོད་པ་མ་ཡིན་པ་ནི་མེད་པ་སྟེ།
འདི་ལྟར་བདག་གི་ངོ་བོ་དོན་དེ་བཞིན་དུ་ཡོད་པར་བཟུང་ནས་དེ་ཉིད་ལ་བདག་མེད་པར་བདག་ཅེས་སྣང་བ་སྟེ། དེའི་གནས་ནི་སྣང་བའི་གནས་ཏེ་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །ཀུན་ཏུ་རྟོག་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་འདི་ལྟར་བདེན་པ་ཉིད་དུ་
སྣང་བའོ། །རྣམ་པར་རིག་པ་ཙམ་སྟེ་དོན་ཉིད་དུ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་དོན་གྱི་སྣང་བ་སྟེ། འདི་ལྟར་བདག་ཉིད་ཀྱི་དོན་སྣང་བ་ཙམ་དེའི་སྣང་བའོ། །དོན་ཉིད་དུ་སྣང་བ་ཞེས་བྱ་བ་ནི་གཟུང་བ་ཉིད་དུ་སྣང་བ་སྟེ། འདི་ལྟར་བདག་མེད་པ་དེ་བདག་ཏུ་སྣང་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་
གང་ཡོད་པ་མ་ཡིན་པ་མི་བདེན་པ་སྣང་བའི་རྒྱུ་དོན་དེའི་བདག་ཉིད་དུ་སྣང་བ་གཏན་མེད་པར་གྱུར་པ་སྟེ། འདི་ལྟར་བདག་ཏུ་སྣང་བ་གཏན་མེད་པར་གྱུར་པ་ཉིད་ནི་བདག་མེད་པ་ཙམ་ཡོད་པར་གྱུར་པ་ཉིད་ཡིན་ཏེ། འདི་དག་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་བྱ་བ་ས་བཅུ་པ་ལས་གསུངས་པ་དང་། དགོངས་པ་
ངེས་པར་འགྲེལ་པའི་མདོ་ལས་ཀྱང་། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་ནོ་ཞེས་ངས་བཤད་དོ་ཞེས་གསུངས་པ་དེས་ན་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་དེ་ནི་རྣམ་པར་རིག་པ་ཙམ་ཉིད་དེ། དོན་གྱིས་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་
เล่ม ๑๓๔ · หน้า 144b
པར་ཤེས་པ་ཞེས་ངས་བཤད་དོ་ཞེས་བྱ་བའི་རྣམ་པར་ཤེས་པ་སྨོས་པ་དེས་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་རྣམ་པར་ཤེས་པ་བསྟན་ཏོ། །འོན་ཀྱང་དེ་ལྟར་སྐྱེས་པའི་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུར་སྐྱེས་པའོ། །དེས་ན་དོན་ཐ་དད་པར་སྣང་བ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་
ལས་སོ། །དོན་ཐ་དད་པར་ཞེས་བྱ་བ་ནི་གཟུང་བའི་ངོ་བོ་ཉིད་དུ་རྣམ་པར་ཆད་པ་ལྟ་བུར་རྣམ་པར་ཤེས་པ་སྣང་བ་ཉིད་དོ། །རྣམ་པར་བསྔོས་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་རྣམ་པར་ཤེས་པས་དྲན་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་ཡུལ་ན་གནས་
པའི་ཕྱིར་རོ། །དེ་བཞིན་དུ་ཉམས་སུ་མྱོང་བ་ནི་དྲན་པ་མ་ཡིན་ཏེ། མདུན་དུ་བྱས་པ་མཐོང་བའི་ཕྱིར་དང་། རྣམ་པར་ཤེས་པས་དྲན་པའི་དོན་ནི་མི་གསལ་བ་ཡིན་པའི་ཕྱིར་ལ། མདུན་ན་གནས་པ་འདི་ནི་གསལ་བར་མཐོང་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཇི་ལྟར་ཐོས་པ་དང་། བསམས་པ་
དང་། གོམས་པར་བྱས་པ་དེ་ནི་རིང་དུ་འདས་པར་གྱུར་ན་ཡང་། ཇི་ལྟར་ད་ལྟར་བྱུང་བ་བཞིན་དུ་དེ་ཡང་དེ་བཞིན་ནོ་ཞེ་ན། དེ་ལ་ཐོས་པ་དང་བསམས་པ་ནི་འདས་ནས་རིང་དུ་ལོན་པ་ཉིད་ཀྱིས་མེད་པ་ཡིན་ལ། ཐོས་པ་དང་བསམས་པའི་རང་བཞིན་ནི་འདས་ནས་རིང་དུ་ལོན་པས་མེད་པའི་ཕྱིར་
ཏེ་མེད་པ་ཉིད་ཡིན་ཏེ་དེས་ན་གང་བྱུང་བ་དེ་ནི་རྣམ་པར་ཤེས་པ་ཉིད་དེ། དེ་ལྟ་བུར་སྣང་བར་གྱུར་པ་ཡིན་པས་དེས་ན་འདི་དག་ནི་རྣམ་པར་རིག་པ་ཙམ་ཉིད་དུ་འཐད་དེ། དེའི་ཕྱིར་དོན་མེད་པ་ཉིད་དུ་གྲུབ་བོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་རྣམས་ནི་གཟུགས་ཅན་མ་ཡིན་པས་རྣམ་པར་
རིག་པ་ཙམ་ཉིད་དུ་རིགས་ན། མིག་ལ་སོགས་པའི་རྣམ་པར་རིག་པ་གཟུགས་ཅན་རྣམས་ཇི་ལྟར་ཞེས་བྱ་བ་དེ་ལ། དེ་དག་ཀྱང་ལུང་དང་རིགས་པས་བལྟ་བར་བྱ་སྟེ། སྔ་མ་བཞིན་ནོ་ཞེས་བྱ་བར་བསྟན་ཏོ། །མཚུངས་ལ་བརྟན་པར་རྒྱུན་གྱིས་འཇུག །ཅེས་བྱ་བ་དེ་ལ་མཚུངས་པ་ནི་འདྲ་
བའོ། །བརྟན་པ་ནི་དུས་གཞན་དུ་གནས་པའོ། །ཕྱིན་ཅི་ལོག་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཞེས་བྱ་བ་རྒྱུར་གྱུར་པ་དག་གོ། །གཞིའི་གནས་ཞེས་བྱ་བ་ནི་རྒྱུའི་ངོ་བོའི་འདི་དག་ཉིད་གཞན་དུ་འཇུག་པར་འགྱུར་ན་དོན་མ་ཡིན་པ་ལ་དོན་ཡིན་
เล่ม ๑๓๔ · หน้า 145a
ནོ་ཞེས་སེམས་ཕྱིན་ཅི་ལོག་ཏུ་འབྱུང་བར་མི་འགྱུར་ལ། དེ་མེད་པས་ཀྱང་ཉོན་མོངས་པའི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དེ་མི་འབྱུང་ངོ་། །དོན་འདི་དག་ཉིད་ཚིགས་སུ་བཅད་པས་བསྟན་པ་ནི། འཁྲུལ་པའི་རྒྱུ་དང་
འཁྲུལ་པ་ནི་རིམ་པ་བཞིན་དུ་གཟུགས་ཀྱི་རྣམ་པར་རིག་པ་དང་། རྣམ་རིག་གཟུགས་ཅན་མིན་པར་འདོད། །ཅེས་བྱ་བའོ། །དེ་ལ་གཟུགས་ཅན་གྱི་རྣམ་པར་རིག་པ་ནི་འཁྲུལ་པའི་རྒྱུ་སྟེ། རྒྱུར་གྱུར་པའི་གཟུགས་ཅན་གྱི་རྣམ་པར་རིག་པ་མེད་ན་འབྲས་བུར་གྱུར་པའི་རྣམ་པར་རིག་པ་གཟུགས་ཅན་མ་
ཡིན་པ་གང་ཡིན་པ་ཡང་མི་འབྱུང་བས་ཇི་ལྟར་ན་ལུས་དང་ལོངས་སྤྱོད་ཐམས་ཅད་ཡོད་པར་འགྱུར་ཞེས་བྱ་བའོ། །ལུས་དང་ལུས་ཅན་དང་ཟ་བ་པོར་རྣམ་པར་རིག་པ་གསུམ་རྣམ་པར་རིག་པ་ལུས་ཐམས་ཅད་ལ་ལྷན་ཅིག་འབྱུང་ཞིང་ཞེས་བྱ་བ་ནི་དུས་གཅིག་ཏུ་འབྱུང་བའོ། །ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྒྱུའི་ངོ་བོ་སྟེ།
རྣམ་པ་གསུམ་ཆར་རྣམ་པར་རིག་པ་ཙམ་དུ་ཚིགས་སུ་བཅད་པ་དང་། རྐྱང་པས་རྣམ་པར་འཇོག་པར་བྱེད་དོ། །དེ་རྐྱང་པ་ནི་དེ་ཙམ་དུ་ཟད་པས་ཞེས་བྱ་བ་སྟེ། ཐམས་ཅད་རྣམ་པར་རིག་པ་ཙམ་ནི་རྣམ་པར་རིག་པ་ཙམ་ཉིད་ཡིན་པའི་ཕྱིར་དེ་རྙེད་ནི་རྣམ་པར་རིག་པ་ཙམ་མོ། །དེའི་ཕྱིར་རྣམ་པར་རིག་པ་ཙམ་ཡིན་གྱི་
དོན་ནི་མེད་དོ། །ཡང་རྣམ་པ་གཉིས་ཉིད་ནི་རྒྱུ་མཚན་དང་བཅས་པ་དང་། ལྟ་བ་ཅན་གྱི་རྣམ་པར་ཤེས་པས་རྣམ་པར་གཞག་པར་འགྱུར་རོ། །གལ་ཏེ་རྣམ་པར་རིག་པ་ཙམ་གཅིག་པོ་དེའི་ཆ་གཅིག་ནི་རྒྱུ་མཚན་ཡིན་ལ། གཉིས་པ་ནི་ལྟ་བར་འགྱུར་ན། དེས་ན་ཡང་མིག་གི་རྣམ་པར་ཤེས་པ་ལ་
སོགས་པ་རྣམས་གཉིས་ཉིད་དེ། སྣ་ཚོགས་ཀྱི་ངོ་བོ་ཉིད་དུ་རྣམ་པར་བཞག་པས་ཡང་རྣམ་པར་རིག་པ་ཙམ་གཅིག་པོ་དེ་ཉིད་ལ་ཇི་ལྟར་རིགས་པ་ཆ་གཅིག་ནི་སྣ་ཚོགས་སུ་འབྱུང་བར་འགྱུར་ལ། གཉིས་པས་ནི་འདི་ལྟར་འཛིན་པར་བྱེད་དོ། །ཡང་གང་གི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་
པར་བྱེད་པ་དེས་ན་མིག་ལ་སོགས་པའི་རྣམ་པར་རིག་པ་ཆོས་ཀྱི་མཐར་ཐུག་པ་ཐམས་ཅད་ནི་རྒྱུ་མཚན་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདི་ལྟར་ལྟ་བ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་ཉིད་ནི་རྒྱུ་ཞེས་བྱ་བར་ཡང་བསྟན་ཏེ་སོ་སོར་ངེས་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་
เล่ม ๑๓๔ · หน้า 145b
དག་ནི་ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པ་ཉིད་དེ། དེས་ན་གང་རྣམ་པར་རྟོག་པ་ཅན་དེ་ནི་ལྟ་བ་ཞེས་བྱའོ། །དེ་ལྟར་ན་འདི་ནི་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་པའོ། །ཚིགས་སུ་བཅད་པ་དེ་ཙམ་སྟེ། དོན་མེད་པ་ལ་འཇུག་པ་ཉིད་དེ། དེ་ཙམ་གཉིས་དང་སྟེ་
རྒྱུ་མཚན་དང་བཅས་པ་དང་། ལྟ་བ་ཅན་གྱི་རྣམ་པར་རིག་པ་ཙམ་མོ། །སྣ་ཚོགས་ཉིད་འཇུག་པ་སྟེ། གང་སྣ་ཚོགས་ཀྱི་རྣམ་པ་ཅན་ཉིད་དུ་འབྱུང་བའི་རྣམ་པར་ཤེས་པ་དེའིའོ། །རྣལ་འབྱོར་པ་རྣམས་རྟོགས་པར་འདོད། །ཅེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་འདི་ལྟར་འདོད་པའོ། །གང་དུ་ཞེ་ན།
སེམས་ཙམ་ལ་ནི་ཞུགས་གྱུར་པ། །དེ་དང་བྲལ་ན་དེ་ཕྱིར་ཡང་། །ཞེས་བྱ་བ་སྟེ། འདི་ལྟར་ཡང་སེམས་ཙམ་ལ་ཞུགས་པས་དོན་མེད་པ་བྲལ་བར་ཡང་འགྱུར་རོ། །ཡང་གལ་ཏེ་གཟུང་བའི་དོན་མེད་ན་སེམས་ཀྱིས་གང་ལ་འཛིན་པར་འགྱུར་ཞེ་ན། དེ་ཙམ་ཉིད་དང་། གཉིས་ཉིད་དང་། སྣ་ཚོགས་
ཉིད་ལ་ཞུགས་པར་གྱུར་ན། རྒྱུ་ཙམ་དུ་བསྟན་པ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཉིད་དུ་འདོད་དོ། །གང་ཡང་དེའི་རིམ་པ་རྣམ་པར་གཞག་པ་བསྟན་པར་བྱ་སྟེ། དེ་ལ་སེམས་པ་ལ་ལུས་དང་ངག་གི་
ལས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་སེམས་པ་ལུས་ཀྱི་སྒོ་ནས་ཞུགས་པར་གྱུར་པ་ན་ལུས་ཀྱི་ལས་ཞེས་བྱ་ལ། ངག་གི་སྒོ་ནས་ནི་ངག་གི་ལས་ཞེས་བྱ། ཡིད་ཀྱི་ལས་ནི་ཡིད་ཀྱི་ལས་ཞེས་བྱ་བ་ཐོབ་པ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཡིན་ན་ཡང་མིག་ལ་བརྟེན་
ནས་འཇུག་པ་ན་དེ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་མིང་འཐོབ་ལ། དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་གྱི་མིང་འཐོབ་ཀྱི། ཡང་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་པ་རྣམ་པར་ཤེས་པ་གཞན་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ལྟ་བུ་ནི་མེད་དོ། །དེ་
ལྟར་ན་རྟེན་ཐམས་ཅད་དུ་འབྱུང་བ་ན་གང་གི་སྣ་ཚོགས་ཀྱི་རྣམ་པ་གཉིས་སུ་སྣང་བ་བྱུང་སྟེ། དེ་དོན་ཙམ་དུ་སྣང་བ་དང་། རྣམ་པར་རྟོག་པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་འདི་དག་གིས་ཡོངས་སུ་སྤོང་ངོ་། །དེ་ལ་རྟེན་ཐམས་ཅད་དུ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྟེན་ཐམས་ཅད་དུའོ། །
เล่ม ๑๓๔ · หน้า 146a
སྣ་ཚོགས་ཀྱི་རྣམ་པ་གཉིས་སུ་སྣང་བ་ཞེས་བྱ་བ་ནི་དེ་དོན་ཙམ་དུ་སྣང་བ་དང་། རྣམ་པར་རྟོག་པར་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་གཉིས་ཀྱིས་སྟོན་པར་བྱེད་དོ། །གང་ཚིག་གཉིས་པོ་འདིས་ནི་རྣམ་པར་ཤེས་པ་གཅིག་པོ་དེ་ཉིད་ཀྱི་ཆ་གཅིག་ནི་དོན་ཙམ་དུ་སྣང་
བར་འགྱུར་ལ། ཡང་དེ་གཉིས་པ་ནི་དོན་གྱི་རྣམ་པར་རྟོག་པའི་རྣམ་པ་འབྱུང་སྟེ། དེས་ན་སྔར་སྨྲས་པའི་སྐྱོན་མེད་དོ། །གང་གི་ཕྱིར་གཟུགས་ཡོད་ན་ཐམས་ཅད་དུ་རེག་བྱའི་སྣང་བ་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་མཉམ་པར་གཞག་པ་ན་རྣམ་པར་ཤེས་པ་ལྔ་ནི་ཉེ་བ་མ་ཡིན་ལ། ནང་གི་ཉམས་
སུ་མྱོང་བ་ནི་འབྱུང་བར་འགྱུར་ཏེ་དེ་ལས་གཞན་པའི་དབང་པོ་གཟུགས་ཅན་ལུས་ལ་གནས་པ་བཞིན་དུ་བྱ་བ་སྟེ། དེ་ཇི་ལྟར་ལུས་ལ་གནས་པའི་དབང་པོ་མིག་ལ་སོགས་པ་གཞན་རྣམས་ལུས་དེ་ལ་གནས་པ་ཡིན་པའི་ཕྱིར། དབང་པོའི་རང་གི་གནས་ཉིད་དེ་ལ་དེས་བྱས་པའི་ཕན་འདོགས་པ་
དང་གནོད་པ་ཉེ་བར་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ནི་ལུས་ལ་གནས་པ་ཡིན་པའི་ཕྱིར་ལུས་འགྱུར་བར་བྱེད་པར་འདོད་པར་བྱའོ། །དོན་གཞན་ཡང་ཇི་ལྟར་ལུས་ཀྱི་དབང་པོ་རྣམས་ལུས་ལ་བརྟེན་པ་ཉིད་ན་ཕྱི་རོལ་གྱི་རྐྱེན་རེག་པར་བྱ་བ་ཡོད་ན་ལུས་ཀྱི་དབང་པོ་ལ་
ཡང་རེག་བྱའི་སྣང་བ་འབྱུང་བར་འགྱུར་ཏེ། དེ་བྱུང་བར་གྱུར་པ་ན་རང་གི་རྟེན་ལུས་ལ་ཕན་འདོགས་པའམ། གནོད་པར་འགྱུར་བར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་ལ་བརྟེན་པ་ཡིན་པའི་ཕྱིར་རེག་བྱའི་སྣང་བ་བྱུང་ནས་ལུས་ལ་ཕན་འདོགས་པ་དང་། གནོད་
པ་སྒྲུབ་པར་བྱེད་དོ། །འདི་དག་གི་ལུས་ནི་གལ་ཏེ་མིག་ལ་སོགས་པ་རྣམ་པར་རྟོག་པ་མེད་པ་དེ་ལ་བརྟེན་པའི་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པ་ཡང་རྣམ་པར་རྟོག་པ་མེད་པ་ཉིད་ཐོབ་པར་འགྱུར་ཏེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀུན་ནས་ཉོན་མོངས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་
དུ་འབྱུང་བ་བཞིན་ནོ། །དེ་ཡང་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པས་བསྒྲུབ་པའི་ཕྱིར་གསུངས་པ་ལ། རིང་དུ་འགྲོ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ལ་དམིགས་པ་ཅན་ཉིད་ཀྱིས་སོ། །གཅིག་པུ་རྒྱུ་བ་ནི་གཉིས་པ་མེད་པའི་ཕྱིར་རོ། །གང་ཞིག་ལུས་མེད་ཅེས་བྱ་བ་ནི་ལུས་དང་བྲལ་
เล่ม ๑๓๔ · หน้า 146b
བ་ཉིད་དོ། །ཕུག་གནས་ཞེས་བྱ་བ་ནི་ལུས་ཀྱི་ཕུག་གི་ནང་ན་གནས་པ་ཉིད་དོ། །སེམས་འདུལ་བྱེད་ཅེས་བྱ་བ་ནི་དབང་དུ་བྱེད་པའོ། །གདུལ་བར་དཀའ་བ་ཞེས་བྱ་བ་ནི་བཅོས་དཀའ་བའོ། །ཡང་ལུང་ནི་འདི་དག་གི་སྤྱོད་ཡུལ་གྱི་ཡུལ་ནི་ཡིད་ཀྱིས་སོ་སོར་ཉམས་སུ་མྱོང་སྟེ་ཞེས་བྱ་བ་ལ། གང་དབང་
པོའི་སྤྱོད་ཡུལ་དུ་བསྟན་པའི་ཡུལ་དེ་ནི་ཡིད་ཀྱིས་རེ་རེ་ཞིང་སོ་སོ་སོ་སོར་ཉམས་སུ་མྱོང་བར་འགྱུར་ཏེ། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་ཅན་ཡིན་པའི་ཕྱིར་སོ་སོར་ཉམས་སུ་མྱོང་བའོ། །ཡིད་ནི་འདི་དག་གི་རྟེན་པའོ་ཞེས་བྱ་བ་ལ། གང་གི་ཕྱིར་ཡིད་གཡེང་བར་གྱུར་ན་དེ་དག་འབྱུང་བར་མི་འགྱུར་
བས་དབང་པོ་དེ་དག་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་རོ། །ཡང་ལུང་གིས་ནི་རྣམ་པར་ངེས་པའི་ཚོགས་དྲུག་ནི་ཡིད་ཅེས་བྱ་བའི་སྒྲས་བསྟན་གྱི་རྣམ་པར་ཤེས་པ་གཞན་གྱི་སྒྲས་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཡིད་འབའ་ཞིག་
ནི་ཡོད་དོ་ཞེས་འདི་ལྟར་རྟོགས་པར་བྱའོ། །མཚན་མའི་ལྟ་བ་དང་བཅས་པའི་རྣམ་པར་ཤེས་པ་རྣམ་པར་གཞག་པར་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་གཞི་རྣམ་པར་ཤེས་པ་དང་བཅས་པ་ནི་ལྟ་བའོ། །མིག་ལ་སོགས་པ་རྣམ་པར་རེག་པ་ནི་རྒྱུ་མཚན་ནོ། །དེ་ནི་
ཆོས་ཐམས་ཅད་ཀྱང་ཡིན་ལ་རྣམ་པར་རིག་པ་ཙམ་ཡང་ཡིན་པས་རྣམ་པར་རིག་པ་རྒྱུ་མཚན་དུ་གྱུར་པ་དེ་དག་ཉིད་ཅེས་བྱ་བ་སྟེ། མིག་ལ་སོགས་པ་འབྱུང་བའི་རྒྱུར་གྱུར་པ་ནི་དམིགས་པའི་ངོ་བོ་ཉིད་དོ། །དེའི་ལྟ་བ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལྟ་བ་ཡིན་པ་ནི་དེའི་ལྟ་བའོ། །དེ་
ལྟ་བ་ཉིད་དུ་སྣང་བར་གྱུར་པ་ན་ཡིད་ཀྱི་རྣམ་པར་ཤེས་པའི་ལྟ་བ་རྒྱུན་མི་འཆད་པར་གནས་པའི་རྒྱུར་གྱུར་པའི་ཕྱིར་རྟེན་གྱི་བྱ་བ་བྱེད་དོ་ཞེས་བརྗོད་དོ། །རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་མཚན་ཉིད་ཤེས་པས་ནི་ཞེས་བྱ་བ་ལ། རྣམ་པར་ཤེས་པ་མི་མཐུན་པ་རྣམས་ཀྱི་རྒྱུ་མཚན་ནི་དོན་ཡིན་ནོ། །ཤེས་པར་
བྱེད་པས་ན་ཤེས་པའོ། །དམིགས་པ་མེད་པའི་རྣམ་པར་རིག་པ་དམིགས་པས་ཞེས་བྱ་བ་ནི་དམིགས་པ་མེད་པར་ཡང་རྣམ་པར་ཤེས་པ་འབྱུང་བ་ནི་ལྟ་བ་སྟེ། དཔེར་ན་འདས་པ་ལ་སོགས་པ་དམིགས་པ་ལྟ་བུའོ། །འབད་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་ཐལ་བར་འགྱུར་ཏེ་འདི་ལྟར་ཤེས་པའོ། །
เล่ม ๑๓๔ · หน้า 147a
ཤེས་པ་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པར་ཤེས་པས་ནི་ཞེས་བྱ་བ་ལ། གང་གི་ཕྱིར་དོན་ནི་འདི་ལྟར་འགྱུར་ཏེ། ཇི་ལྟར་སྣང་བ་དེ་མེད་པར་ཡང་གཉེན་པོ་འབྱུང་བར་འགྱུར་བས་ཕྱིན་ཅི་ལོག་མེད་པར་ཐལ་བར་འགྱུར་ཏེ་འདི་ལྟར་ཤེས་པའོ། །ཤེས་པ་རྣམ་པ་གསུམ་གྱི་
རྗེས་སུ་མཐུན་པར་ཤེས་པས་ཞེས་བྱ་བ་ནི་དོན་དེ་ཤེས་པས་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པར་ཤེས་ཞེས་བྱ་བའོ། །བསམ་གཏན་པ་ཞེས་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །སེམས་ལ་དབང་ཐོབ་པས་ཞེས་བྱ་བ་ནི་སེམས་ལས་
སུ་རུང་བ་ཐོབ་པའོ། །མོས་པའི་དབང་གིས་དེ་ལྟར་དོན་དེ་དག་སྣང་བ་ཞེས་བྱ་བ་ལ། གལ་ཏེ་སའི་རང་བཞིན་དུ་མོས་ནས་ཡང་དེ་བཞིན་དུ་འགྱུར་ལ། དེ་བཞིན་དུ་མེ་ལ་སོགས་པ་ལ་ཡང་དོན་དེ་བཞིན་དུ་བལྟའོ། །ཞི་གནས་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའོ། །ཆོས་ལ་ལྷག་མཐོང་ལ་བརྩོན་
པ་རྣམས་ལ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་ལ་སྤྱོད་པ་ལ་བརྩོན་པ་རྣམས་སོ། །ཡིད་ལ་བྱེད་པ་ཙམ་དུ་དོན་སྣང་བ་ཞེས་བྱ་བ་ནི་དོན་གཅིག་ལ་ཡང་ཇི་ལྟ་ཇི་ལྟར་ཡིད་ལ་བྱས་པ་དེ་ལྟ་དེ་ལྟར་རྣམ་པ་མང་པོ་སྣང་བའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཞེས་བྱ་བ་ལ། དྲུག་པོ་ལ་སྣང་བའི་དོན་ཇི་
ལྟ་བ་བཞིན་དུ་ཡོད་པ་ཡིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་དེ་ཡོད་པའི་དུས་ན་ཡང་དོན་གྱི་ངོ་བོ་ཉིད་མེད་པ་ནི་ངེས་པར་ཁས་བླང་བར་བྱའོ། །གལ་ཏེ་རྣམ་པར་རིག་པ་ཙམ་དོན་སྣང་བའི་གནས་ཞེས་བྱ་བ་ནི་དོན་མེད་བཞིན་དུ་ཡང་རྣམ་པར་རིག་པ་ཉིད་དོན་
དུ་སྣང་བའི་རྒྱུ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་རིག་པ་ཙམ་གཞན་གྱི་དབང་ཡིན་ན་དེ་ཇི་ལྟར་གཞན་གྱི་དབང་ཡིན་ཞེ་ན། རང་ཉིད་གཟུང་བར་བྱ་བ་ཡིན་ཏེ། རྒྱུ་དེས་ན་གཞན་གྱི་དབང་ཡིན་ལ། གཞན་ཞེས་བརྗོད་ན་ནི་རང་གི་རྒྱུ་ལས་བྱུང་ཞིང་བྱུང་བ་ཉིད་ན་གནས་པར་མི་རུང་
བ་དང་། རང་ཉིད་ཀྱིས་འཛིན་པས་གཞན་ཞེས་བྱ་བའི་གཞན་དབང་ཡིན་ནོ། །དེ་ལ་གནས་པ་ཞེས་བྱ་བ་ནི་བསྟན་པའི་གཞན་གྱི་དབང་རྣམ་པར་རིག་པ་ཙམ་ལ་བརྟེན་པའོ། །དོན་མེད་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །སྣང་བ་ཞེས་བྱ་བ་ནི་དོན་དུ་དམིགས་པའོ། །དེ་ཇི་ལྟར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด