ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) མ་ཧཱ་ཡཱ་ན་སང་གྲ་ཧ་བྷཱ་ཥྱཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓๔ · หน้า 147b
ན་ཞེས་བྱ་བ་དང་ཅིའི་ཕྱིར་ཞེས་བྱ་བ་དག་ནི་ཇི་ལྟར་བཤད་མ་ཐག་པ་ལྟ་བུའོ། །དཔག་ཏུ་མེད་པའི་རྣམ་པ་ཅན་གྱི་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ཏུ་བརྟགས་པའོ། །ཕྱིན་ཅི་ལོག་འབྱུང་
བའི་རྒྱུ་མཚན་ཡིན་ཞེས་བྱ་བ་ནི་དམིགས་པའི་ངོ་བོ་ཉིད་ཀྱིས་དོན་ཕྱིན་ཅི་ལོག་སྐྱེ་བའི་རྒྱུ་མཚན་དུ་གྱུར་པ་ཉིད་དོ། །རང་གི་མཚན་ཉིད་མེད་ཅེས་བྱ་བ་ནི་དེའི་ལུས་མེད་པའོ། །ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ཞེས་བྱ་བ་ནི་འཁྲུལ་པའི་རྣམ་པར་ཤེས་པ་ཙམ་ལ་དམིགས་པ་ཉིད་དོ། །དེ་གཏན་མེད་
པའི་མཚན་ཉིད་ཅེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་མེད་པའི་ངོ་བོ་ཉིད་དོ། །དེ་ཇི་ལྟར་ན་ཞེས་བྱ་བ་དང་། ཅིའི་ཕྱིར་ན་ཞེས་བྱ་བ་ནི་གཞན་གྱི་དབང་ཇི་ལྟ་བ་བཞིན་ནོ། །གཞན་དུ་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་སླུ་བ་མེད་པ་ཉིད་དོ། །སླུ་བ་མེད་པའི་འཁོར་བཞིན་ནོ། །རྣམ་པར་དག་པའི་དམིགས་པ་ཡིན་
པ་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་དག་པའི་དམིགས་པའི་ངོ་བོ་ནི་ཡོངས་སུ་གྲུབ་པ་ཡིན་ཏེ། མཆོག་ཡིན་པའི་ཕྱིར་ཡོངས་སུ་རྫོགས་པའི་གནས་བཞིན་ནོ། །ཀུན་ཏུ་རྟོག་པས་ཇི་ལྟར་ཀུན་དུ་རྟོག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཀུན་ཏུ་རྟོག་
པ་ཞེས་བྱ་བ་ལ། དེ་ལ་ནི་གཞན་གྱི་དབང་ལ་ཀུན་ཏུ་རྟོག་པ་སྟེ། རྣམ་པ་གང་གིས་ཀུན་ཏུ་རྟོག་པ་དེ་སྟོན་པར་བྱེད་པ་དེ་ནི་མིང་གིས་དམིགས་པ་དང་ཞེས་བྱ་བ་ལ་སོགས་པའི་གཞུང་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ལ་དེར་མཚན་མར་འཛིན་པ་དང་ཞེས་བྱ་བ་ལ། གཞན་གྱི་དབང་ཉིད་ལ་མིག་ལ་
སོགས་པའི་མིང་གི་མཚན་མར་འཛིན་པས་གང་གི་ཕྱིར་མཚན་མ་བཟུང་ནས་ཀུན་ཏུ་རྟོག་གོ། །ལྟ་བས་དེ་ལ་མངོན་པར་ཞེན་པ་དང་ཞེས་བྱ་བ་ནི་འདི་ནི་འདི་ལྟ་བུའོ་ཞེས་མཚན་མས་མཚན་མ་ཉིད་དུ་བཟུང་ནས་ཞེན་པའོ། །རྣམ་པར་རྟོག་པ་རྣམས་ཀྱིས་ངག་ཀུན་ནས་སློང་བ་ཞེས་བྱ་བ་ལ། ཇི་ལྟར་མངོན་པར་
ཞེན་པས་མི་གནོད་པ་ཡིན་ན་ཡང་རྣམ་པར་རྟོག་པ་གསུམ་གྱིས་ངག་ཀུན་ནས་འབྱུང་བར་བྱེད་དོ། །མཐོང་བ་ལ་སོགས་པ་ཐ་སྙད་བཞི་པོ་དག་གིས་ཐ་སྙད་འདོགས་པ་ཞེས་བྱ་བ་ལ་ནི་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། ཤེས་པ་དང་། རྣམ་པར་ཤེས་པའོ་ཞེས་བྱ་བའི་ཐ་སྙད་རྣམ་པ་བཞིས་གཞན་དང་
เล่ม ๑๓๔ · หน้า 148a
ཐ་སྙད་དུ་བྱེད་པའོ། །མེད་པའི་དོན་ལ་ཡོད་པ་ཞེས་སྒྲོ་འདོགས་པས་ཞེས་བྱ་བ་ནི་ཐ་སྙད་ཇི་ལྟ་བ་བཞིན་དུ་མེད་པའི་དོན་ལ་དོན་ཡོད་པ་ཉིད་དོ་ཞེས་བཟུང་བའི་ཕྱིར་རོ། །ཀུན་ཏུ་རྟོག་པའི་རྒྱུ་མཚན་ཞེས་བྱ་བ་ནི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ཏུ་བརྟགས་
པ་ཞེས་བྱ་བའི་མཚན་མར་བཟུང་ནས་དམིགས་པའི་ངོ་བོ་ཉིད་དུ་སྐྱེའོ། །དེས་ཀུན་ནས་བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པ་དེས་ཀུན་ཏུ་བརྟགས་པ་ཞེས་བྱ་བ་དམིགས་པར་འགྱུར་བའི་མཚན་མས་བཟུང་ནས་ཀུན་ཏུ་རྟོག་པར་བྱེད་པས་དོན་དེས་ན་གཞན་གྱི་
དབང་ལ་ཀུན་ཏུ་བརྟགས་པ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྟོག་པས་ཀུན་ཏུ་བརྟགས་པ་ཉིད་ཀྱིས་ཀུན་ཏུ་བརྟགས་པ་ཇི་ལྟར་ཀུན་ཏུ་བརྟགས་པ་དེ་བཞིན་དུ་དེ་གཏན་མེད་པས་འདི་ལྟར་དོན་དེས་ན་གཞན་གྱི་དབང་དེ་ཉིད་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་
ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ་གཞན་གྱི་དབང་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་བུའི་གཞན་གྱི་དབང་དེ་རྣམ་པར་རྟོག་པར་གྱུར་ན་ཀུན་ནས་ཉོན་མོངས་པར་འགྱུར་ལ། རྣམ་པར་མི་རྟོག་པར་གྱུར་ན་རྣམ་པར་བྱང་བར་འགྱུར་རོ། །དེ་དག་གཉི་གའི་སྒྲ་གཅིག་ཏུ་ཞུགས་པར་གྱུར་པ་ནི་མ་གྲུབ་པ་ཡིན་ནོ། །ངོ་བོ་ཉིད་
དུ་ཀུན་ཏུ་རྟོག་པ་དང་། ཁྱད་པར་དུ་ཀུན་ཏུ་རྟོག་པ་ཞེས་བྱ་བ་དེ་ལ། ངོ་བོ་ཉིད་དུ་ཀུན་ཏུ་རྟོག་པ་ནི་ཇི་ལྟར་མིག་ལ་སོགས་པ་རྣམས་ལ་མིག་གི་ངོ་བོ་ལ་སོགས་པ་ཀུན་ཏུ་རྟོག་པའོ། །ཁྱད་པར་དུ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། དེ་དག་ཉིད་ཀྱི་ངོ་བོ་མི་རྟག་པ་ལ་སོགས་པའི་བྱེ་བྲག་གིས་ཀུན་ཏུ་རྟོག་པར་
བྱེད་པའོ། །རང་བཞིན་གྱིས་ཡོངས་སུ་གྲུབ་པ་དང་། རྣམ་པར་དག་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་དེ་ལ། རང་བཞིན་གྱིས་ཡོངས་སུ་གྲུབ་པ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དོ། །རྣམ་པར་དག་པས་ཡོངས་སུ་གྲུབ་པ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་དོ། །བྱང་བ་ནི་ཐ་སྙད་ལ་མཁས་པ་ཞེས་བྱ་བ་
ནི་ཐ་སྙད་ཤེས་པའོ། །ཐ་སྙད་ལ་མི་མཁས་པ་རྣམས་ཀྱི་ཞེས་བྱ་བ་ནི་བ་ལང་ལ་སོགས་པ་དག་གིས་ཏེ། གང་གི་ཕྱིར་དེ་དག་ལ་རྣམ་པར་རྟོག་པ་ཡོད་ན་ཡང་ཡི་གེར་བརྗོད་པར་མི་ནུས་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཐམས་ཅད་བསྡུས་ནས་རྣམ་པར་རྟོག་པ་རྣམ་པ་བཅུར་བསྟན་ཏེ། དེ་ལ་
เล่ม ๑๓๔ · หน้า 148b
རྩ་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་ཀུན་ཏུ་བརྟག་པར་བྱ་བས་ན་རྣམ་པར་རྟོག་པའི་རྩ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པའོ། །མཚན་མའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྒྱུ་མཚན་ཅན་གྱི་རང་བཞིན་གྱིས་རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་གཟུགས་ལ་སོགས་
པའི་རྣམ་པར་རིག་པའོ། །མཚན་མར་སྣང་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གང་མཚན་མའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བ་སྟེ། རྣམ་པར་བརྟག་པར་བྱ་བའམ། རྣམ་པར་རྟོག་པ་ཞེས་དབྱེ་བ་བྱས་ཏེ། དེ་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་རྟེན་དང་བཅས་པའོ། །
མཚན་མར་འགྱུར་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གང་མཚན་མའི་འགྱུར་བ་ལ་མཚན་མར་འགྱུར་བའི་བདག་ཉིད་ཅན་རྣམ་པར་རྟོག་པ་ཞེས་བྱས་ནས་ཏེ། རྒ་བ་ལ་སོགས་པ་ཞེས་བྱ་བ་ནི་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་ཀྱི་རང་བཞིན་དེངས་ཤིང་དོན་གཞན་དུ་གྱུར་པ་སྟེ། དེར་རྣམ་པར་རྟོག་པ་ནི་
མཚན་མར་འགྱུར་བའི་རྣམ་པར་རྟོག་པ་ཞེས་བྱའོ། །སྩོགས་པ་སྨོས་པས་ནི་ནད་དང་། འཆི་བ་དག་བསྡུའོ། །བདེ་བའི་ཚོར་བ་ལ་སོགས་པ་ཡང་དེ་བཞིན་ཏེ། ལུས་གཞན་དུ་འགྱུར་བའོ། །སྩོགས་པ་སྨོས་པས་ནི་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བསྡུའོ། །འདོད་
ཆགས་ལ་སོགས་པ་ལ་ཡང་དེ་བཞིན་ཏེ། སྩོགས་པ་སྨོས་པས་ནི་ཞེ་སྡང་དང་གཏི་མུག་བསྡུའོ། །གནོད་པ་དང་དུས་ཀྱི་ཡོངས་སུ་འགྱུར་བ་ལ་སོགས་པ་ཞེས་བྱ་བ་ལ། དེ་བཞིན་དུ་ལུས་གཞན་དུ་འགྱུར་བ་སྟེ། གང་རྣམ་པར་རྟོག་པ་དེ་ལ་དམིགས་ནས་འབྱུང་བའོ། །གནོད་པ་དང་ཞེས་བྱ་བ་ནི་རྡེག་
པ་དང་། འཆིང་བ་ལ་སོགས་པའོ། །དུས་ཀྱི་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་གྲང་བ་ལ་སོགས་པའི་དུས་ན་གཞན་དུ་ཡོངས་སུ་འགྱུར་བའོ། །དམྱལ་བ་བའི་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ཏེ། སྩོགས་པས་ནི་དུད་འགྲོ་དང་། ཡི་དྭགས་བསྡུའོ། །འདོད་པའི་ཁམས་ལ་སོགས་པ་ཞེས་
བྱ་བ་སྔ་མ་བཞིན་ཏེ། སྩོགས་པ་སྨོས་པས་ནི་གཟུགས་དང་གཟུགས་མེད་པའི་ཁམས་བསྡུའོ། །མཚན་མར་སྣང་བར་འགྱུར་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ལ། མིག་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེའི་མཚན་མར་སྣང་བར་གང་འགྱུར་བ་སྟེ། མཚན་མར་སྣང་
เล่ม ๑๓๔ · หน้า 149a
བར་འགྱུར་བའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དེ་ལྟ་བས་ན་འདི་དག་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་རྒ་བ་ལ་སོགས་པ་གང་གིས་དེ་དང་དེའི་གནས་སྐབས་སུ་འགྱུར་བ་སྐྱེད་པར་བྱེད་པའོ། །གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གང་
གཞན་གྱིས་བསྟན་པའོ། །ཡང་དེ་ནི་རྣམ་པ་གཉིས་ཏེ། དམ་པ་མ་ཡིན་པའི་ཆོས་ཉན་པའི་རྗེས་སུ་འགྲོ་བ་དང་དམ་པའི་ཆོས་ཉན་པའི་རྗེས་སུ་འགྲོ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། ཆོས་རྣམས་ལ་རྣམ་པར་རྟོག་པ་ནི་ཆོས་ཉན་པའི་རྗེས་སུ་འགྲོ་བ་སྟེ། དགེ་བ་རྣམས་དང་མི་དགེ་བ་རྣམས་ཞེས་
བྱ་བ་འདི་ལྟར་བསྡུ་བར་བྱའོ། །ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ལ། དེ་ཡང་དམ་པ་མ་ཡིན་པའི་ཆོས་མཉན་པ་ལས་བྱུང་བའོ། །འདི་ལས་ཕྱི་རོལ་པ་རྣམས་ཀྱིས་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་སོ། །ཚུལ་བཞིན་གྱི་རྣམ་པར་རྟོག་པ་ཞེས་བྱ་བ་ལ། དེ་ཡང་དམ་པའི་ཆོས་
ཉན་པ་ལས་བྱུང་བ་སྟེ། ཆོས་འདི་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་སྟེ། བདག་ཏུ་ལྟ་བ་ལ་བརྟེན་པ་མདོ་ལས་བསྟན་པའི་ལྟ་བ་དྲུག་ཅུ་རྩ་གཉིས་སུ་གཏོགས་པ་དང་
མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་བཅུ་གང་ཡིན་པའོ། །དེ་ལ་དངོས་པོ་མེད་པའི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་དངོས་པོ་མེད་པ་ཉིད་མཚན་མ་སྟེ། རྣམ་པར་
གཡེང་བའོ་ཞེས་བྱས་ནས་སོ། །ཡང་རྣམ་པར་གཡེང་བ་དེའི་གཉེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས། བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་ཞེས་བྱ་བ་སྟེ། ཡོད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་བདག་ཉིད་དུ་ཡོད་པའོ། །འདི་ལྟར་བསྟན་ཏེ། གང་
ལས་བསྟན་པ་ཉིད་བདག་ཉིད་ཡོད་པ་དེ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་དོ་ཞེས་བྱ་བའོ། །དངོས་པོའི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་དངོས་པོ་ཉིད་ནི་རྣམ་པར་གཡེང་བའི་མཚན་མ་སྟེ། དེའི་གཉེན་པོ་ནི་ཡང་གཞུང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་
เล่ม ๑๓๔ · หน้า 149b
ཞེས་བྱ་བ་སྟེ། ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་གི་བདག་ཉིད་ཅན་གྱི་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བར་དགོངས་སོ། །སྒྲོ་འདོགས་པའི་རྣམ་པར་གཡེང་བ་ཞེས་བྱ་བ་ལ། དེའི་གཉེན་པོར་ནི་ཡང་གཞུང་དེ་ཉིད་ལས། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བ་
ལ་སོགས་པ་གསུངས་པ་སྟེ། ཀུན་ཏུ་བརྟགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐུར་པ་འདེབས་པའི་རྣམ་པར་གཡེང་བ་ཞེས་བྱ་བ་ལ། དེའི་གཉེན་པོ་འདི་ཡང་གཞུང་དེ་ཉིད་ལས། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ཆོས་ཉིད་ཀྱི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་པུ་ཉིད་དུ་རྣམ་པར་གཡེང་
བ་ཞེས་བྱ་བ་ལ། དེའི་གཉེན་པོའི་གཞུང་ནི་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་སྟེ། གལ་ཏེ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་དག་གཅིག་ཡིན་ན་དེས་ན་གཞན་གྱི་དབང་ཡང་ཡོངས་སུ་གྲུབ་པ་བཞིན་དུ་དམིགས་པ་རྣམ་པར་དག་པར་འགྱུར་རོ། །ཐ་དད་པ་ཉིད་
དུ་རྣམ་པར་གཡེང་བ་ཞེས་བྱ་བ་ལ། དེའི་གཉེན་པོའི་གཞུང་ནི་གཟུགས་ནི་སྟོང་པ་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་དག་ཐ་དད་པ་ཡིན་ན་ཆོས་ལས་ཆོས་ཉིད་ཐ་དད་པ་ཉིད་དུ་འགྱུར་ན། ཐ་དད་པ་ཉིད་དུ་འགྱུར་བ་ནི་མི་རུང་བ་མ་ཡིན་ཏེ།
མི་རྟག་པའི་མི་རྟག་པ་ཉིད་བཞིན་ནོ། །ཀུན་ཏུ་བརྟགས་པའི་ངོ་བོ་ཡོངས་སུ་བཟུང་ནས་གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་སྟེ། གང་ཀུན་ཏུ་བརྟགས་པ་དེའི་ངོ་བོ་ཉིད་མེད་པ་དེ་ནི་སྟོང་པ་ཉིད་ཡིན་ལ། གང་སྟོང་པ་ཉིད་ཡིན་པ་དེ་ནི་དེའི་ངོ་བོ་ཉིད་མེད་པ་ཡིན་གྱི། ཇི་ལྟར་གཞན་གྱི་
དབང་དང་ཡོངས་སུ་གྲུབ་པ་དག་ནི་མ་ཡིན་ནོ། །ངོ་བོ་ཉིད་དུ་རྣམ་པར་གཡེང་བ་ཞེས་བྱ་བ་ལ། དེའི་གཉེན་པོའི་གཞུང་ནི་རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ལ་གཟུགས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་དུ་རྣམ་པར་
གཡེང་བ་ཞེས་བྱ་བ་ལ། དེའི་གཉེན་པོ་ནི་ངོ་བོ་ཉིད་ནི་མི་སྐྱེ་མི་འགག་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལ་སྐྱེ་བ་ནི་ཀུན་ནས་ཉོན་མོངས་པའོ། །འགག་པ་ནི་རྣམ་པར་བྱང་བ་སྟེ། དེ་ལྟར་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་
เล่ม ๑๓๔ · หน้า 150a
མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། རྐང་པ་འདི་རྣམས་ཀྱི་དོན་ནི་དེ་ཡིན་ནོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་གཡེང་བར་འགྱུར་བའོ། །དེའི་གཉེན་པོ་ནི་མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་ཞེས་བྱ་བ་
སྟེ། སོ་སོར་ཞེས་བྱ་བ་ནི་མིང་དང་མིང་གིས་སོ་སོར་རོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་གཡེང་བ་ཞེས་བྱ་བ་ལ། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་གཡེང་བར་འགྱུར་བ་སྟེ། དེའི་གཉེན་པོ་ནི་གློ་བུར་བའི་མིང་གིས་ཐ་སྙད་དུ་བྱེད་དེ་ཞེས་བྱ་བ་སྟེ། དོན་གྱི་ངོ་བོ་ཉིད་ཀྱི་མིང་ནི་མེད་དོ་ཞེས་བྱ་
བའི་ཐ་ཚིག་གོ། །རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། ཡང་བསྟན་པའི་རྒྱུ་ལས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དུ་ཇི་ལྟར་སྣང་བ་དེའི་བདག་ཉིད་མ་ཡིན་པར་
ཅི་མངོན་ཞེ་ན། དེ་བསྟན་པ་ནི་མིང་གི་སྔ་རོལ་ན་བློ་མེད་པས་དེའི་བདག་ཉིད་དུ་འགལ་བའི་ཕྱིར་ཞེས་བྱ་བ་སྟེ། གལ་ཏེ་གཞན་གྱི་དབང་དང་ཀུན་ཏུ་བརྟགས་པ་དག་གཅིག་པ་ཉིད་དུ་གྱུར་ན་མིང་ལ་མ་ལྟོས་པར་བློ་དོན་ལ་འཇུག་པར་འགྱུར་ཏེ། ཇི་ལྟར་བུམ་པ་ཞེས་བྱ་བའི་མིང་མེད་པར་ནི་
བུམ་པའི་དོན་ལ་བུམ་པའི་བློ་འབྱུང་བར་མི་འགྱུར་རོ། །གལ་ཏེ་ཡང་བུམ་པ་ཞེས་བྱ་བའི་མིང་དང་བུམ་པ་མཚན་ཉིད་གཅིག་པ་ཡིན་ན་ནི་དེ་ལ་འཇུག་པར་འགྱུར་ན་ཡང་གང་གི་ཕྱིར་མཚན་ཉིད་གཅིག་པ་ནི་མ་ཡིན་པ་ཉིད་དེ། དེས་ན་མིང་དང་དོན་དེའི་བདག་ཉིད་ཡིན་པར་འགལ་བར་འགྱུར་རོ། །
ཡང་འདིར་ནི་མིང་ནི་གཞན་གྱི་དབང་ཡིན་ལ། དོན་ནི་ཀུན་བརྟགས་པ་ཉིད་དུ་རྣམ་པར་གཞག་སྟེ། གང་གི་ཕྱིར་མིང་གཞན་གྱི་དབང་གི་སྟོབས་ཀྱིས་དོན་གཅིག་ལ་ཡང་མིང་མང་པོ་ཀུན་ཏུ་རྟོག་སྟེ། གལ་ཏེ་མིང་དང་དོན་དག་མཚན་ཉིད་གཅིག་པ་ཉིད་ཡིན་ན་དེས་ན་མིང་བཞིན་དུ་དོན་ཡང་
མང་པོ་ཉིད་དུ་འགྱུར་རོ། །དེ་ལྟར་གྱུར་ན་དོན་ཡང་མང་པོའི་བདག་ཉིད་དུ་འགྱུར་བས་དོན་གཅིག་མང་པོ་ཉིད་ཀྱང་ཡིན་ཞེས་བྱ་བ་ནི་འདི་ལྟར་འགལ་བ་ཉིད་ཡིན་ནོ། །གཞན་ཡང་དེ་དག་ངོ་བོ་ཉིད་གཅིག་པ་ཡིན་ན་འགལ་བ་གཉིས་པ་འདིར་ཡང་ཐལ་བར་འགྱུར་ཏེ། གང་གི་ཕྱིར་གོའི་སྒྲ་
เล่ม ๑๓๔ · หน้า 150b
དོན་རྣམ་པ་བཅུ་ལ་འཇུག་པར་འགྱུར་བ་ལྟ་བུས་མིང་ལ་ནི་ངེས་པར་མེད་པ་མ་ཡིན་ཏེ། དེས་ན་གལ་ཏེ་མིང་དང་དོན་དག་གཅིག་པ་ཉིད་འདོད་ན་ནི་དོན་དེ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་འགལ་བར་འགྱུར་རོ། །དེ་ལྟར་འདོད་ན་སྐྱོན་གསུམ་ལ་ཡང་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་བག་
ཆགས་ལ་སོགས་པ་མཚན་ཉིད་ཅན་གྱི་མིང་གི་དོན་རྣམས་གཅིག་པ་ཉིད་དུ་འགྱུར་རོ། །དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པ་ལ། གྲུབ་པར་འགྱུར་ཞེས་བྱ་བ་ནི་གཞན་གྱི་དབང་དང་ཀུན་ཏུ་བརྟགས་པ་དག་གཅིག་པ་ཉིད་དུ་འགྲུབ་པའོ། །ཆོས་རྣམས་མེད་ལ་དམིགས་པ་དང་། །ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པ་འདི་ནི་སྒྱུ་མ་ལ་སོགས་པའི་དཔེ་དག་གིས་སློབ་མ་ཡིད་ཆེས་པར་བྱེད་པ་ཡིན་ཏེ། སློབ་མས་འགལ་བ་གཉིས་དྲིས་པ་ནི་ཆོས་རྣམས་མེད་ལ་དམིགས་པ་དང་། ཉོན་མོངས་མེད་ལ་རྣམ་པར་དག་པ་འགལ་ལོ་ཞེས་ཐེ་ཚོམ་ཟ་བས་དེ་ལ་སྒྱུ་མའི་དཔེས་བསྟན་ཏེ། ཇི་ལྟར་སྒྱུ་མའི་
གླང་པོ་མེད་བཞིན་དུ་ཡང་དམིགས་པར་འགྱུར་བ་དེ་བཞིན་དུ་ཡང་ཡོད་པ་མ་ཡིན་ན་ཡང་དམིགས་སུ་རུང་ངོ་ཞེས་བལྟ་བར་བྱ་བ་དང་། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་ཁུག་རྣ་ལ་སོགས་པས་བསྒྲིབས་པ་མ་ཡིན་ན་ཡང་དེ་དག་མེད་པ་ཙམ་ལ་དང་བ་ཞེས་བརྗོད་པ་བཞིན་དུ་ཆོས་
རྣམས་ཀྱང་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཉིད་མེད་པ་ཡིན་ན་ཡང་གློ་བུར་བའི་དྲི་མས་སྒྲིབ་གཡོགས་སུ་སྣང་བ་མེད་པར་གྱུར་པ་ནི་ཡང་རྣམ་པར་དག་པར་བལྟ་བར་བྱའོ། །གཞན་གྱི་དབང་ཇི་ལྟར་སྣང་བ་བཞིན་མེད་དུ་ཟིན་ན་གཞན་གྱི་དབང་གི་ངོ་བོ་ཉིད་ཐམས་ཅད་ཀྱི་
ཐམས་ཅད་དུ་མེད་པར་ཅིའི་ཕྱིར་མི་འགྱུར། དེ་མེད་ན་ཡང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་མེད་པར་འགྱུར་ཏེ། གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་འགྱུར་བས་སོ། །དེས་ན་དེ་དག་གཉི་ག་མེད་ན་ཡང་ཐམས་ཅད་མེད་པར་ཇི་ལྟར་མི་འགྱུར་བས་དེ་བསྟན་པར་བྱ་བའི་ཕྱིར།
ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ཉེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་བསྟན་པ་སྟེ། གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་དམིགས་པའི་ཕྱིར་རོ། །དེས་ན་དེ་དག་གཉི་ག་དམིགས་བཞིན་དུ་ཡང་མེད་དོ་ཞེས་འདོད་པ་དེས་ནི་ཀུན་ནས་ཉོན་མོངས་པ་དང་
เล่ม ๑๓๔ · หน้า 151a
རྣམ་པར་བྱང་བ་དག་ཡོད་བཞིན་དུ་ཡང་མེད་དོ་ཞེས་སྐུར་པ་བཏབ་པར་འགྱུར་རོ།། །།བམ་པོ་བཞི་པ། རང་བཞིན་གྱིས་རྣམ་པར་བྱང་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་བྱང་བའི་ངོ་བོ་ཉིད་དེ། དེ་ཡང་དེ་བཞིན་ཉིད་དུ་ཡོད་པ་ཡིན་ནོ་སེམས་ཅན་ཐམས་ཅད་
ལ་སྤྱིའི་མཚན་ཉིད་ཀྱིས་དེ་ནི་ཡོད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་གསུངས་སོ། །དྲི་མ་མེད་པས་རྣམ་པར་བྱང་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་དྲི་མ་དང་བྲལ་བར་གྱུར་པའི་ཕྱིར་གང་རྣམ་པར་དག་པའི་དེ་བཞིན་
ཉིད་ཀྱིས་རབ་ཏུ་ཕྱེ་བའི་སངས་རྒྱས་ཉིད་དོ། །དེ་འཐོབ་པའི་ལམ་རྣམ་པར་བྱང་བ་ཞེས་བྱ་བ་ནི་དེ་འཐོབ་པའི་ལམ་གང་ཡིན་པ་དེ་ཡང་རྣམ་པར་བྱང་བ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའོ། །དེ་སྐྱེད་པ་ཉིད་ཀྱི་དམིགས་པ་རྣམ་
པར་བྱང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་མངོན་པར་རྟོགས་པ་སྐྱེད་པ་ཡང་ཡིན་ལ་དམིགས་པ་ཡང་ཡིན་པས་སྐྱེད་པ་ཉིད་ཀྱི་དམིགས་པའོ། །དེ་རྣམ་པར་བྱང་བ་ཡང་ཡིན་པས་དེ་སྐྱེད་པ་ཉིད་ཀྱི་དམིགས་པ་རྣམ་པར་བྱང་བ་ཞེས་བྱའོ། །དེ་ཡང་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་
ལག་བཅུ་གཉིས་སུ་གཏོགས་པའི་བསྟན་པ་སྟེ། གང་གི་ཕྱིར་བསྟན་པ་གང་ཡིན་པ་དེ་ཀུན་ཏུ་བརྟགས་པ་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ལས་བྱུང་བར་འགྱུར་རོ། །འོན་ཏེ་གཞན་གྱི་དབང་ཡིན་ན་ནི་བདེན་པ་མ་ཡིན་པའི་དོན་དུ་འགྱུར་རོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ཅན་ཡིན་པས་དེ་
དག་གཉི་ག་ལས་རྣམ་པར་གྲོལ་བའི་ཕྱིར་མི་བདེན་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་ཉིད་ལས་འབྱུང་བར་འགྱུར་བ་ཡིན་ནོ། །ཡང་གང་དུ་རྣམ་པ་བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་བསྟན་པ་ནི་ཐེག་པ་ཆེན་པོ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་སྟོན་པ་ཡིན་ནོ་ཞེས་འདི་ལྟར་རིག་པར་བྱའོ། །དེ་ལ་དང་པོ་
གཉིས་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་ཉིད་ཀྱི་ཡོངས་སུ་གྲུབ་པའོ། །ཕྱི་མ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡིན་ནོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པ་ཕྱི་མས་བསྟན་ཏོ། །བྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །ཞེས་བྱ་བ་ནི་གཞན་གྱི་དབང་དུ་འབྱུང་བར་བསམ་པའོ། །དེ་ཡང་གང་དུ་ཆོས་
เล่ม ๑๓๔ · หน้า 151b
ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས་སྤྲུལ་པ་ལྟ་བུའོ་ཞེས་བྱ་བའི་བར་གྱིས་བསྟན་པ་སྟེ། དེ་ནི་གཞན་གྱི་དབང་གི་ངོ་བོ་བསྟན་པ་ཡིན་པར་ཤེས་པར་བྱའོ། །བརྟགས་ལ་བརྟེན་ནས་མེད་པ་བསྟན། །ཞེས་བྱ་བ་ནི་གང་དུ་གཟུགས་མེད་ཅེས་བྱ་བ་ནས། ཆོས་ཐམས་ཅད་མེད་དོ་ཞེས་བྱ་བའི་བར་དུ་
བསྟན་པ་དེར་ནི་ཀུན་ཏུ་བརྟགས་པ་བསྟན་པ་ཡིན་པར་ཤེས་པར་བྱའོ། །གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་སྒྱུ་མ་ལ་སོགས་པའི་དཔེ་ཉིད་ཀྱིས་བསྟན་པས་དེ་སྟོན་པར་མཛད་པ་ནི་དེ་ལ་ནོར་པ་ཉིད་དུ་སོམ་ཉི་ཟ་བ་ཡིན་ཏེ། ནོར་པ་ཉིད་ལ་སོམ་ཉི་ཟ་བ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དེ་སྒྱུ་མའི་དཔེས་སྟོན་
པར་མཛད་དེ། ཇི་ལྟར་སྒྱུ་མའི་གླང་པོ་དང་། རྟ་དོན་དུ་མེད་ན་ཡང་ཡུལ་དུ་འགྱུར་བ་དེ་བཞིན་དུ་དོན་ཡང་བལྟ་བར་བྱའོ་ཞེས་དེའི་སོམ་ཉི་བཟློག་པར་བྱ་བའི་ཕྱིར་རོ། །གཞན་ཡང་སེམས་དང་སེམས་ལས་བྱུང་བ་དོན་མེད་པ་རྣམས་དམིགས་པ་མེད་པར་ཇི་ལྟར་འབྱུང་བར་འགྱུར་སྙམ་དུ་སོམ་ཉི་ཟ་བར་འགྱུར་
བས་དེའི་གཉེན་པོར་སྨིག་རྒྱུ་སྟེ། དེ་ལ་སྨིག་རྒྱུའི་གནས་ལྟ་བུ་ནི་སེམས་དང་སེམས་ལས་བྱུང་བའོ། །ཆུའི་གནས་ལྟ་བུ་ནི་དོན་ཏོ། །དེས་ན་ཇི་ལྟར་སྨིག་རྒྱུ་རྒྱུ་བར་གྱུར་པ་ན་ཆུའི་དོན་མེད་བཞིན་དུ་ཡང་ཆུའི་དོན་གྱི་བློ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་རྒྱུ་བར་གྱུར་པ་ན་
ཡང་ཡོད་པ་མ་ཡིན་པའི་དོན་གྱི་བློ་འབྱུང་བར་འགྱུར་རོ། །ཡང་བྱིས་པ་རྣམས་ཇི་ལྟར་དོན་མེད་ན་འདོད་པ་དང་མི་འདོད་པའི་ཉེ་བར་སྤྱོད་པ་ཇི་ལྟར་ཐོབ་པར་འགྱུར་ཞེས་སོམ་ཉི་ཟ་བ་དེ་བཟློག་པར་བྱ་བའི་ཕྱིར་གཞན་གྱི་དབང་ནི་རྨི་ལམ་ལྟ་བུ་ཉིད་དེ། རྨི་ལམ་ན་དོན་ཇི་ལྟ་བ་བཞིན་དུ་མེད་ན་ཡང་འདོད་པ་དང་
མི་འདོད་པའི་ཉེ་བར་སྤྱད་པ་ཐོབ་པ་མཐོང་བ་བཞིན་དུ་འདིར་ཡང་དེ་བཞིན་དུ་འགྱུར་རོ་ཞེས་ཤེས་པར་བྱའོ། །ཡང་དོན་མེད་ན་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་འདོད་པ་དང་མི་འདོད་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར་སྙམ་དུ་སོམ་ཉི་ཟ་བ་དེ་བཟློག་པའི་ཕྱིར་གཟུགས་བརྙན་གྱི་དཔེས་ཆོས་
མཐུན་པའི་གཞན་གྱི་དབང་བསྟན་ཏེ། ཇི་ལྟར་གཟུགས་ཀྱི་དོན་མེད་བཞིན་དུ་ཡང་གཟུགས་བརྙན་ལ་གཟུགས་ཉིད་ཀྱི་བློ་འབྱུང་བར་འགྱུར་ན་ཡང་གཟུགས་ཉིད་ཀྱི་དོན་ཡོད་པ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་འདོད་པ་དང་མི་འདོད་པའི་འབྲས་བུའི་དོན་ཡོད་པ་མ་ཡིན་ན་ཡང་དེ་དམིགས་པ་ཉིད་
เล่ม ๑๓๔ · หน้า 152a
དུ་བལྟ་བར་བྱའོ། །ཡང་དོན་མེད་ན་ཇི་ལྟར་རྣམ་པར་ཤེས་པ་སྣ་ཚོགས་འབྱུང་བར་འགྱུར་སྙམ་དུ་སོམ་ཉི་ཟ་བ་དེའི་གཉེན་པོར་གཞན་གྱི་དབང་དང་ཆོས་མཐུན་པ་མིག་ཡོར་གྱི་དཔེས་བསྟན་ཏེ། ཇི་ལྟར་གྲིབ་མའི་རྩེད་མོ་འདོད་པའི་དབང་གིས་རྣམ་པ་སྣ་ཚོགས་སུ་སྒྱུར་བར་བྱེད་
པ་ན་དེ་ན་མིག་ཡོར་གྱི་དོན་མེད་བཞིན་དུ་ཡང་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་དམིགས་སོ། །དེ་བཞིན་རྣམ་པར་ཤེས་པ་ཡང་དོན་རྣམ་པ་སྣ་ཚོགས་མེད་ན་ཡང་དོན་རྣམ་པ་སྣ་ཚོགས་པ་ཉིད་དུ་སྣང་བ་ཡིན་ནོ། །ཡང་དོན་མེད་ན་ཇི་ལྟར་ཐ་སྙད་བརྗོད་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་སྙམ་དུ་སོམ་ཉི་ཟ་བ་
དེ་བཟློག་པའི་ཕྱིར་བྲག་ཅ་ལྟ་བུ་ཉིད་དོ་ཞེས་འདི་ལྟར་རྣམ་པར་འཇོག་པར་བྱེད་དེ། འདི་ལྟར་དོན་མེད་བཞིན་དུ་ཡང་བྲག་ཅ་གྲག་པ་དམིགས་པར་འགྱུར་བ་དེ་བཞིན་དུ་ཡང་ཐ་སྙད་བརྗོད་པ་སྣ་ཚོགས་མེད་བཞིན་དུ་དེ་ཉེ་བར་དམིགས་པར་འགྱུར་རོ། །ཡང་དོན་མེད་ན་ཇི་ལྟར་མཉམ་པར་གཞག་པ་རྣམས་ཀྱི་
སེམས་དང་སེམས་ལས་བྱུང་བ་རྣམས་ལ་འཇིག་རྟེན་པའི་དོན་དམིགས་པར་འགྱུར་ཞེས་བྱ་བ་དང་། མཉམ་པར་གཞག་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཇི་ལྟ་བ་བཞིན་མཐོང་ངོ་ཞེས་འདི་ལྟར་འབྱུང་བ་དེ་ཇི་ལྟ་བུ་ཞེས་སོམ་ཉི་ཟ་བས་དེའི་གཉེན་པོར་ཆོས་མཐུན་པ་ཆུ་ཟླའི་དཔེས་བསྟན་
ཏེ། ཇི་ལྟར་ཆུ་ལ་ཟླ་བའི་དོན་མེད་བཞིན་དུ་ཡང་རླན་པ་ཉིད་དང་། དང་བའི་ཕྱིར་ཆུ་ལ་དེ་ཉེ་བར་དམིགས་པ་བཞིན་དུ་མཉམ་པར་གཞག་པའི་སེམས་ལ་དམིགས་པའི་དོན་མེད་བཞིན་དུ་ཡང་དེ་ཉེ་བར་དམིགས་པར་འགྱུར་ཏེ། འདིར་ཡང་ཆུ་ཟླ་ལྟ་བུ་ནི་རླན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཡིན་ནོ། །
ཡང་ཇི་ལྟར་དོན་མེད་ན་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པ་རྣམས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བློ་སྔོན་དུ་བཏང་ནས་འགྲོ་བ་དེ་དང་དེ་དག་ཏུ་བདག་གི་ལུས་འཛིན་པར་བྱེད་ཅེས་སོམ་ཉི་ཟ་བ་དེའི་གཉེན་པོར་གཞན་གྱི་དབང་དང་ཆོས་མཐུན་པ་སྤྲུལ་པ་ལྟ་བུས་
བསྟན་ཏེ། ཇི་ལྟར་སྤྲུལ་པའི་དོན་མེད་བཞིན་དུ་ཡང་སྤྲུལ་པའི་དབང་གིས་དགོས་པ་སྒྲུབ་པར་བྱེད་པ་ན་ཡང་སྤྲུལ་པའི་དོན་དམིགས་པ་བཞིན་དུ་བདག་གི་ལུས་ལེན་པའི་དོན་མེད་བཞིན་དུ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་པོའི་བདག་གི་ལུས་ལེན་པའི་དོན་ཉེ་བར་དམིགས་པར་བལྟ་བར་
เล่ม ๑๓๔ · หน้า 152b
བྱའོ། །བཅོམ་ལྡན་འདས་ཀྱིས་དོན་ཅི་ལས་དགོངས་ནས་ཡོད་པ་མ་ཡིན་པའི་སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་བསྟན་ཅེ་ན། དེ་བསྟན་པར་བྱའོ། །དེ་ལ་རེ་ཞིག་སྒྱུ་མའི་དཔེ་ནི་ནང་གི་བདག་ཉིད་ཅན་གྱི་སྐྱེ་མཆེད་དྲུག་པོ་མིག་ལ་སོགས་པ་རྣམས་ཀྱི་གཉེན་པོ་སྟེ་གང་གི་ཕྱིར་སྒྱུ་མའི་གླང་པོ་བཞིན་དུ་
དེ་དག་ཡོད་པ་མ་ཡིན་ན་ཡང་ཉེ་བར་དམིགས་པ་ཉིད་དུ་བལྟ་བར་བྱའོ་ཞེས་སྟོན་ཏོ། །སྨིག་རྒྱུའི་དཔེས་ཀྱང་གང་གི་ཕྱིར་སྣོད་ཀྱི་འཇིག་རྟེན་དེ་རྣམས་ཀྱང་དེ་དང་མཚུངས་པའི་ཕྱིར་སྨིག་རྒྱུ་བཞིན་ཏེ། ཡོད་པ་མ་ཡིན་ན་ཡང་གདུངས་པའི་དབང་གིས་ཆུར་དམིགས་པ་བཞིན་ནོ། །གཟུགས་ལ་སོགས་
པའི་ཉེ་བར་སྤྱོད་པའི་གཉེན་པོ་ནི་རྨི་ལམ་གྱི་དཔེས་ཏེ། དེས་ན་རྨི་ལམ་བཞིན་དུ་གཟུགས་ལ་སོགས་པ་འདི་དག་ཡོད་པ་མ་ཡིན་ན་ཡང་དེ་ལས་བྱུང་བའི་འདོད་པ་དང་མི་འདོད་པའི་ཉེ་བར་སྤྱོད་པ་ཡང་དེ་བཞིན་དུ་བསྟན་ཏོ། །ལུས་ཀྱི་ལས་ཀྱི་གཉེན་པོར་གཟུགས་བརྙན་གྱི་དཔེ་འདྲ་བར་ཉེ་བར་བསྟན་
ཏེ། དེས་ན་ལུས་ཀྱི་ལས་དགེ་བ་དང་། མི་དགེ་བ་ལ་བརྟེན་ནས་དེ་ལས་གཞན་པའི་གཟུགས་ཀྱི་གཟུགས་བརྙན་འབྱུང་ངོ་ཞེས་སྟོན་ཏོ། །ངག་གི་ལས་ཀྱི་གཉེན་པོར་ནི་བྲག་ཅ་དཔེ་བསྟན་ཏེ། ངག་གི་ལས་ཀྱི་རྒྱུ་ཉིད་ལས་ངག་གི་ལས་ཀྱི་འབྲས་བུ་བྲག་ཅ་ལྟ་བུ་ཉིད་དུ་དེས་བསྟན་ཏོ། །ཡིད་ཀྱི་
ལས་ནི་རྣམ་པ་གསུམ་སྟེ་མཉམ་པར་བཞག་པའི་ས་པ་དང་། ཐོས་པའི་རྗེས་སུ་འགྲོ་བ་དང་། འདོད་པ་ན་སྤྱོད་པ་དང་། དེ་ལ་མཉམ་པར་མ་བཞག་པའི་ས་པ་གང་ཡིན་པའི་གཉེན་པོར་མིག་ཡོར་ལྟ་བུ་ཉིད་ཅེས་བསྟན་ཏེ། དེས་ནི་མིག་ཡོར་ལྟ་བུར་ཞེས་བྱ་བ་ཡིད་ཀྱི་ལས་ཀྱི་འབྲས་བུ་བསྟན་ཏོ། །
མཉམ་པར་གཞག་པའི་ས་པའི་ཡིད་ཀྱི་ལས་ཀྱི་གཉེན་པོར་ནི་ཆུ་ཟླའི་དཔེ་སྟེ། དེས་ནི་མཉམ་པར་གཞག་པའི་ས་པས་ཡིད་ཀྱི་ལས་ནི་ཆུའི་ཟླ་བ་དང་འདྲའོ་ཞེས་བསྟན་ཏོ། །ཐོས་པའི་རྗེས་སུ་འགྲོ་བའི་ཡིད་ཀྱི་ལས་ཀྱི་གཉེན་པོར་ནི་སྤྲུལ་པའི་དཔེ་སྟེ། དེ་ལ་ཐོས་པའི་རྗེས་སུ་འགྲོ་བ་ནི་ཐོས་པ་དང་
བསམ་པས་བསྒོས་པའོ། །དེས་ནི་ཐོས་པའི་རྗེས་སུ་འགྲོ་བའི་ཡིད་ཀྱི་འཇུག་པ་ནི་སྒྱུ་མ་དང་འདྲ་བའོ་ཞེས་བསྟན་ཏོ། །ངོ་བོ་ཉིད་གསུམ་གྱི་མཚན་ཉིད་ཀྱི་ཆོས་ཀྱི་ཆོས་ཉིད་དེ་དག་ཇི་ལྟར་མདོ་ལས་འབྱུང་བ་དང་རྗེས་སུ་མཐུན་པར་འགྱུར་བ་ཡིན་ཞེ་ན། ད་ནི་དེ་བསྟན་པར་བྱ་བའི་ཕྱིར། ཚངས་པས་ཞུས་པ་
เล่ม ๑๓๔ · หน้า 153a
ལས་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ། དེ་བཞིན་གཤེགས་པས་འཁོར་བ་ཡང་མ་དམིགས་མྱ་ངན་ལས་འདས་པ་ཡང་མ་དམིགས་ཞེས་བསྟན་ཞེས་བྱ་བ་གང་། འཁོར་བ་དང་མྱ་ངན་ལས་འདས་པ་ཉིད་བྱེ་བྲག་མེད་པ་ལས་དགོངས་ནས་བསྟན་ཞེས་བྱ་བ་སྟེ། གཞན་གྱི་
དབང་ནི་འཁོར་བ་མ་ཡིན་ཏེ། གང་གི་ཕྱིར་དེ་མྱ་ངན་ལས་འདས་པར་འགྱུར་བས་སོ། །ཀུན་ཏུ་བརྟགས་པའི་ཆོས་ནི་དེ་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ་འཁོར་བ་ཡིན་ནོ། །དེས་ན་གཅིག་པ་ཉིད་དུ་བརྗོད་པར་མི་ནུས་པར་གཟིགས་ནས་གཅིག་ཉིད་དུ་ཞུགས་པའི་བྱེ་བྲག་གི་ངོ་བོ་མེད་པས་འཁོར་བ་ཡང་མི་
དམིགས་ལ་མྱ་ངན་ལས་འདས་པ་ཡང་མི་དམིགས་ཞེས་བྱ་བ་ནི་དེ་ལས་དགོངས་ནས་དེར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་ཀུན་ནས་ཉོན་མོངས་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པར་བྱང་བ་ཉིད་དོ། །གཞན་གྱི་དབང་ནི་དེ་དག་གཉི་གའི་བདག་ཉིད་མ་ཡིན་
པ་ཉིད་དེ། དེ་ལ་དགོངས་ནས་ཆོས་མངོན་པའི་མདོ་ལས་ཆོས་ནི་གསུམ་སྟེ། ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པ་དང་། རྣམ་པར་བྱང་བའི་ཆར་གཏོགས་པ་དང་། དེ་གཉི་གའི་ཆར་གཏོགས་པའོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཡང་གསེར་གྱི་སྙིང་པོ་ཅན་གྱི་སའི་དཔེས་བསྟན་ཏེ། དེ་ལ་ས་
ཁོང་ན་གསེར་ཡོད་པ་ཞེས་བྱ་བ་ནི་གསེར་གྱི་ས་བོན་ནོ། །སའི་ཁམས་ནི་སྲ་བ་ཉིད་དོ། །ས་ནི་ཉེ་བར་རྟེན་པའི་གཟུགས་སའི་ཁ་དོག་གང་ཡིན་པ་སྟེ། དེ་ལ་གསུམ་པོ་དེ་དག་ཉེ་བར་དམིགས་པ་ཡིན་ནོ། །གསེར་ནི་ས་ཉིད་དུ་སྣང་བའོ། །དེའི་གསེར་ཉིད་དུ་ཤེས་པ་ནི་ཕྱིས་འབྱུང་བར་འགྱུར་ཏེ། གང་
གི་ཚེ་མེ་དང་འཕེལ་བར་གྱུར་པ་ན། གསེར་ཉིད་དུ་དམིགས་པར་འགྱུར་བ་སྟེ། དེས་ན་དེ་ཡོད་པ་ཉིད་དུ་གྲུབ་པར་འགྱུར་རོ། །དོན་གྱི་ཚིགས་སུ་བཅད་པ་ནི། ཇི་ལྟར་ཆོས་རྣམས་ཡོད་མིན་ཞིང་། །ཇི་ལྟར་རྣམ་པ་དུ་མར་སྣང་། །ཞེས་བྱ་བ་ལ་གོ་རིམས་བཞིན་དུ། དེ་བཞིན་ཆོས་དང་ཆོས་མེད་
མིན། །ཞེས་བྱ་བ་དང་སྦྱར་ཏེ། རྒྱུ་གང་གིས་གང་གི་ཕྱིར་མེད་པ་དེས་ན་ཆོས་རྣམས་ཡོད་པ་མ་ཡིན་ཞིང་གང་གི་ཕྱིར་སྣང་བ་དེས་ན་ཆོས་མེད་པ་ཡང་མ་ཡིན་ཏེ། ཆོས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན། དེ་བཞིན་ཆོས་དང་ཆོས་མེད་མིན། །གཉིས་སུ་མེད་པ་གཉིས་སུ་བསྟན། །ཆ་རེས་
เล่ม ๑๓๔ · หน้า 153b
ཞེས་བྱ་བ་སྟེ་མཐའ་གཅིག་གིས་སོ། །མེད་པ་དང་ཡོད་པ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའོ། །རབ་ཏུ་བསྟན་ཞེས་བྱ་བ་ནི་བཤད་པའོ། །གཉི་གའི་ཆ་ནི་ཡོད་མིན་ཞིང་། །མེད་པའང་མིན་ཞེས་བརྗོད་པར་མཛད། །ཅེས་བྱ་བ་ནི་གང་གི་ཕྱིར་གཉི་གའི་བདག་ཉིད་ཅན་གྱི་གཞན་གྱི་དབང་ཡོངས་
སུ་བཟུང་ནས་ཡོད་པ་དང་མེད་པ་ཉིད་དུ་བསྟན་པའོ། །ཇི་ལྟར་སྣང་བ་དེ་བཞིན་མེད། །ཅེས་བྱ་བ་ནི་ཇི་ལྟར་དམིགས་པ་དེ་དང་དེ་བཞིན་དུ་མེད་པ་སྟེ། དེ་ཕྱིར་མེད་ཅེས་བརྗོད་པར་མཛད། །གང་ཕྱིར་དེ་ལྟར་སྣང་གྱུར་པ། ཞེས་བྱ་བ་ལ། སྣང་བ་ཙམ་དུ་ཡོད་པའི་ཕྱིར། ཡོད་པ་ཞེས་བརྗོད་པས། དེ་ཕྱིར་ཡོད་ཅེས་
བརྗོད་པར་མཛད། །ཅེས་བྱ་བའོ། །གང་ལས་དགོངས་ན་ངོ་བོ་ཉིད་མེད་པར་བསྟན་པ་ཡིན་པ་དེ་སྟོན་པར་བྱེད་པ་ནི། རང་དང་ཞེས་བྱ་བ་ལ། གང་གི་ཕྱིར་རང་ཉིད་རྐྱེན་མེད་པར་མི་འབྱུང་ཞེས་བྱ་བ་སྟེ། རེ་ཞིག་ངོ་བོ་ཉིད་མེད་པ་ཉིད་ཀྱི་དགོངས་པ་གཅིག་ཡིན་ནོ། །ཆོས་རྣམས་ཀྱི་བདག་ཉིད་མེད་པའི་ཕྱིར་ཞེས་བྱ་བ་
ནི་ཡང་འདིའི་དགོངས་པ་ནི་འདི་ཡིན་ཏེ། གང་འགགས་པ་དེ་ནི་དེའི་བདག་ཉིད་དུ་ཡང་མི་འབྱུང་བས་དེའི་ཕྱིར་ན་ཡང་ངོ་བོ་ཉིད་མེད་དེ། རང་གི་དངོས་ལ་མི་གནས་ཕྱིར། །ཞེས་བྱ་བ་ནི་བྱུང་བ་ཙམ་ཉིད་ན་སྐད་ཅིག་ཕྱི་མར་མི་གནས་པ་སྟེ། གནས་པར་མི་ནུས་པའི་ཕྱིར་ན་ཡང་ངོ་བོ་ཉིད་མེད་དོ། །དེ་ལྟ་བུ་ནི་
རེ་ཞིག་ཉན་ཐོས་དང་ཐུན་མོང་གི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དོ། །གཟུང་བ་བཞིན་དུ་དེ་མེད་ཕྱིར། །ཞེས་བྱ་བ་ནི་འདིས་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་སྟེ། གང་གི་ཕྱིར་ཇི་ལྟར་བྱིས་པས་ཡོངས་སུ་བཟུང་བའི་ཀུན་ཏུ་བརྟགས་པའི་ངོ་བོ་ནི་དེ་བཞིན་དུ་མེད་པས་དེ་ལས་དགོངས་ནས་ཐེག་
པ་ཆེན་པོའི་ཚུལ་འདིར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པའོ་ཞེས་གསུངས་སོ། །ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ནི་འདི་ལྟར་གྲུབ་པ་ཡིན་པ་སྟེ། སྐྱེ་བ་མེད་པ་ལ་སོགས་པས་སོ། །གང་གི་ཕྱིར་གང་ངོ་བོ་ཉིད་མེད་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །གང་མ་སྐྱེས་པ་མ་
འགགས་པ་དེ་ནི་གདོད་མ་ནས་ཞི་བའོ། །གང་གདོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པས་སོ། །ཕྱི་མ་ཕྱི་མ་རྟེན་བྱས་ཏེ། །ཞེས་བྱ་བ་ནི་ཕྱི་མ་ཕྱི་མའི་རྒྱུའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་པ་ཉིད་ལ་དགོངས་པ་ནི་ཇི་ལྟར་ཁ་ཅིག་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་
เล่ม ๑๓๔ · หน้า 154a
བསམས་ནས་དེ་གང་ཡིན་པ་ནི་བདག་ཡིན་ལ་བདག་གང་ཡིན་པ་ནི་དེ་ཡིན་ནོ་ཞེས་སྨྲས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་སྐུ་མཚུངས་པ་ཐུགས་ལ་བཞག་ནས། ང་ཉིད་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་གྱི། རྣམ་པར་གཟིགས་
གང་ཡིན་པ་དེ་ནི་ཤཱཀྱ་ཐུབ་པ་ཉིད་ནི་མ་ཡིན་ཏེ། མཉམ་པ་ཉིད་ལ་དགོངས་པ་ནི་འདི་ཡིན་ནོ། །དུས་གཞན་ལ་དགོངས་པ་ཞེས་བྱ་བ་ལ། གང་སྙོམ་ལས་མང་བ་རྣམས་ཐབས་ཀྱི་རྣམ་པ་འདི་ཉིད་ཀྱིས་ཆོས་འདི་ལ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་བཟུང་བའི་རྒྱུ་ལས་བྱུང་བའི་
དགེ་བའི་རྩ་བས་དེ་དག་ཁྱད་པར་ཐོབ་པའི་རྒྱུར་འགྱུར་བ་ཙམ་ལ་དགོངས་ནས་ཡིན་གྱི་མཚན་བཟུང་བ་ཙམ་ཉིད་ཀྱིས་ངེས་པ་ལ་འཇུག་པར་འགྱུར་ཞིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ་ཡིན་ཏེ། ཇི་ལྟར་པ་ཎ་གཅིག་པ་ཎ་སྟོང་དུ་སྒྱུར་ཞེས་བརྗོད་པ་དེ་ནི་ཉི་མ་གཅིག་གིས་སམ། དུས་གཞན་དུ་
ཞེས་བྱ་བའི་དོན་ཏེ། པ་ཎ་གཅིག་པོ་དེ་ཉིད་པ་ཎ་སྟོང་གི་རྒྱུར་གྱུར་པ་བཞིན་ནོ། །སྨོན་ལམ་བཏབ་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དོན་གཞན་ལ་དགོངས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བའི་
ངོ་བོ་ཉིད་གསུམ་གྱི་དོན་གྱི་མཚན་ཉིད་རང་གི་ཁོང་དུ་ཆུད་པར་ནི་མི་འགྱུར་རོ། །གལ་ཏེ་སྒྲ་ཇི་བཞིན་དུ་དོན་ཁོང་དུ་ཆུད་པ་འདི་བཅོམ་ལྡན་འདས་ཀྱིས་བཞེད་པ་ཡིན་ན་ནི་འདི་ལྟར་བྱས་པས་ཀྱང་རྟོགས་པར་འགྱུར་བས་དེས་ན་དགོངས་པ་འདིའི་དོན་འདི་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་
གྱུར་པས་ནི་མ་ཡིན་ནོ་ཞེས་བྱ་བའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་ཞེས་བྱ་བ་ལ། ཁ་ཅིག་ལ་སྦྱིན་པའི་བསྔགས་པ་གསུངས་ལ། ཡང་དེ་ཉིད་ནི་མི་བསྔགས་པར་ཡང་མཛད་དོ། །དེ་ལ་འདི་ནི་གང་ཟག་གི་བསམ་པ་ལ་དགོངས་པ་ཡིན་ཏེ། གང་ཟག་གང་སེར་སྣ་ཅན་དུ་གྱུར་པ་དེ་ལ་ནི་སྦྱིན་
པ་བསྔགས་པར་མཛད་ལ། གང་སྦྱིན་པ་ལ་མོས་པ་ཡོད་པ་དེ་ལ་དེ་ཉིད་བསྔགས་པར་མི་མཛད་དེ། དེས་ན་དགོངས་པ་འདི་མེད་ན་སྦྱིན་པ་ལ་བསྔགས་པ་དང་མ་བསྔགས་པ་འགལ་བ་ཉིད་ཀྱི་ཕྱིར་དགོངས་པ་འདི་ཉིད་ཀྱིས་ནི་སྦྱིན་པ་ལ་བསྔགས་པ་དང་མི་བསྔགས་པ་རིག་པར་འགྱུར་རོ། །དེ་བཞིན་དུ་
เล่ม ๑๓๔ · หน้า 154b
ཚུལ་ཁྲིམས་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །སྒོམ་པ་ཁ་ཅིག་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་པའི་བསྒོམ་པའོ། །དགོངས་པ་དང་ལྡེམ་པོར་དགོངས་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་ལ་བཞག་པ་སྟོན་པར་མཛད་པ་དེ་ནི་དགོངས་པ་ཡིན་ནོ། །གང་ཉིད་ཀྱིས་
ངེས་པར་བསྟན་པ་ལ་འཇུག་པར་མཛད་པ་དེ་ནི་ལྡེམ་པོར་དགོངས་པ་ཡིན་ནོ། །དེ་ལ་བཞུགས་པ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་གང་ཟག་དང་ཆོས་ཀྱི་ངོ་བོ་དང་། ཁྱད་པར་དུ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་སེམས་ཅན་རྣམས་བཞུགས་པའི་ཕྱིར་བསྟན་པ་ལ་ནི་བཞུགས་པ་ལ་ལྡམ་པོར་དགོངས་པའོ། །
དེ་ལ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་བ་དེར་ངོ་བོ་ཉིད་གསུམ་སྟོན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སེམས་ཅན་རྣམས་ཀྱི་སྤྱོད་པའི་གཉེན་པོ་བསྟན་པ་སྟེ། སེམས་ཅན་རྣམས་ཉོན་མོངས་པའི་གཉེན་པོ་ལ་གནས་པར་བྱ་བའི་ཕྱིར་
རོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་ཚིག་གི་དོན་གཞན་དུ་བརྗོད་ལ། དོན་དེ་ཉིད་གཞན་དུ་སྟོན་པ་སྟེ། དཔེར་ན་སྙིང་པོ་མེད་པ་ལ་སྙིང་པོར་ཤེས། ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེ་ལ་
སྙིང་པོ་མེད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཏེ། འཕྲོ་བ་མེད་པ་ནི་སྙིང་པོ་མེད་པའོ་ཞེས་བྱས་ནས་ཏེ། དེ་ལ་བླ་མའི་བློ་འབྱུང་བ་ནི་སྙིང་པོར་ཤེས་པའོ། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཞེས་བྱ་བ་ནི་མི་མཐུན་པ་ལ་རབ་ཏུ་གནས་ཞེས་བྱ་བའི་ཐ་ཚིག་སྟེ། མི་རྟག་པ་ལ་རྟག་པའོ་ཞེས་གང་ཕྱིན་ཅི་ལོག་
པ་དེ་ནི་རྟག་པ་ལས་བཟློག་པའི་མི་རྟག་པ་ལ་རབ་ཏུ་གནས་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །ཞེས་བྱ་བ་ལ། ཉོན་མོངས་པ་ནི་ངལ་བ་སྟེ། དེ་ཉིད་ཀྱིས་ནི་ཡུན་རིང་པོར་སེམས་ཅན་གྱི་དོན་ལ་རབ་ཏུ་ཉོན་མོངས་ཏེ། ཇི་ལྟར་ཉོན་མོངས་པར་གྱུར་ཀྱང་དུས་རིང་པོར་
འཁོར་བ་ན་འདི་ལྟར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བའི་ཚིག་གི་དོན་ནི་གོ་སླའོ། །ཆོས་རྣམས་བརྗོད་པའི་བག་ཆགས་ལས་འབྱུང་སྟེ། དེ་དག་ཉིད་ལས་ཏེ་ཞེས་བྱ་བ་དེ་ལ་བརྗོད་པའི་བག་ཆགས་ལས་ཏེ། རྣམ་པར་རྟོག་པ་དང་ཕྱི་རོལ་
เล่ม ๑๓๔ · หน้า 155a
གྱི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་ཏུ་གནས་པའོ། །བག་ཆགས་དེ་ལས་བྱུང་བ་ནི་ཆོས་ཐམས་ཅད་དེ། གང་འཇུག་པའི་རྣམ་པར་ཤེས་པའི་ངོ་བོའོ། །དེ་དག་ཉིད་ལས་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་དེ་ཡང་ཆོས་ཀྱི་རྒྱུ་ལས་
བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་གྱི་རྒྱུ་ཅན་དུ་བསྟན་ཏོ། །འཇུག་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཆོས་དེ་དག་ནི། རྒྱུ་མཚན་ལྟ་བ་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་
ནི། གང་རྣམ་པར་རིག་པ་རྒྱུ་མཚན་དང་བཅས། ལྟ་བ་དང་བཅས་པ་དེའི་བདག་ཉིད་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་མཚན་ཉིད་ཀྱང་རྣམ་པ་གསུམ་སྟེ་འདི་ལྟར་གནས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ལྟར་བསྟན་པ་འདི་ནི་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་
བསྟན་པ་ཡིན་ནོ། །དེ་དག་གི་དོན་ཡང་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན་ཏེ། རྒྱུ་མཚན་ལྟ་དང་བཅས་པ་ལས། །དེ་དག་མཚན་ཉིད་གསུམ་ཤེས་བྱ། །ཞེས་བཤད་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དེ་གཉི་ག་ཡོད་པ་དང་མེད་པ་མི་དམིགས་པའམ། དམིགས་པའམ། དེ་ཁོ་ན་ཉིད་མ་མཐོང་བ་
དང་མཐོང་བ་དག་དུས་མཉམ་པ་ཉིད་དུ་ཞེས་བྱ་བ་ལ། དེ་གཉི་ག་ཙམ་ནི་ཀུན་ཏུ་བརྟགས་པ་དང་། ཡོངས་སུ་གྲུབ་པའོ། །དེ་གཉིས་ལས་གཅིག་ནི་མེད་པའོ། །གཉིས་པ་ནི་ཡོད་པ་སྟེ། དེས་ན་དེ་དག་གཉི་ག་མེད་པ་དང་ཡོད་པར་ཞེས་གསུངས་པ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བ་ལ་ནི་ཀུན་ཏུ་བརྟགས་
པ་ཉེ་བར་དམིགས་ཤིང་ཡོངས་སུ་གྲུབ་པ་དམིགས་པར་མི་འགྱུར་རོ། །དུས་དེ་ཉིད་ན་དེ་ཁོ་ན་ཉིད་མཐོང་བ་ལ་ཀུན་ཏུ་བརྟགས་པ་ནི་མི་དམིགས་ལ་ཡོངས་སུ་གྲུབ་པ་ནི་དམིགས་པར་འགྱུར་རོ། །དོན་དེ་དག་ཉིད་ཚིགས་སུ་བཅད་པས་སྟོན་པ་ནི། གཞན་དབང་ལ་ནི་བརྟགས་པ་མེད། །ཅེས་བྱ་བ་ལ་སོགས་པ་
སྨོས་ཏེ། དེ་ཕྱིར་དེ་ལ་གཉི་ག་མཉམ། །ཞེས་བྱ་བ་ལ། མཉམ་པ་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །དེ་ལ་ཞེས་བྱ་བ་ནི་གཞན་གྱི་དབང་དེ་ལའོ། །གཉི་ག་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བ་དང་། མ་མཐོང་བ་དག་གོ། །དེ་ཕྱིར་ཞེས་བྱ་བ་ནི་རྒྱུ་དེས་ན་ཞེས་བྱ་བའི་ཐ་ཚིག་སྟེ་འདི་ལྟར་གཞན་གྱི་དབང་
เล่ม ๑๓๔ · หน้า 155b
ལ་ཀུན་ཏུ་བརྟགས་པ་ནི་མེད་ལ། ཡོངས་སུ་གྲུབ་པ་ནི་ཡོད་དོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་ལ་སྔར་བསྟན་པའི་ཚིག་གི་དོན་ཚིག་གི་ལྷག་མས་ཡང་དག་པར་སྟོན་ཏེ། དེ་ལ་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ནི་གཉིས་སུ་སྤྱོད་པ་འདི་ལ་མི་མངའ་བས་དེ་ནི་ཀུན་དུ་
སྤྱོད་པ་འདི་ལ་མི་མངའ་བ་སྟེ། ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་ནི་བསྒྲིབས་པ་དང་མ་བསྒྲིབས་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་མཆོག་ཏུ་རྣམ་པར་དག་པ་སྟེ། རྣམ་པར་དག་པའི་དེ་བཞིན་ཉིད་དེ་ནི་མཚན་ཉིད་མེད་པའི་ཆོས་ཏེ།
གང་གི་ཕྱིར་རེ་ཞིག་འདི་ལ་དངོས་པོའི་མཚན་ཉིད་ནི་མེད་དེ། འདི་ལྟར་ཆོས་ཐམས་ཅད་མེད་པས་སོ། །མེད་པའི་མཚན་ཉིད་ཀྱང་མ་ཡིན་ཏེ། དངོས་པོའི་རང་གི་མཚན་ཉིད་ལ་གནས་པས་སོ། །མཚན་ཉིད་མེད་པའི་ཆོས་མཆོག་ཏུ་རྣམ་པར་དག་པ་རྟོགས་པས་ན་དེ་ནི་དེ་བཞིན་ཉིད་མཆོག་ཏུ་རྣམ་པར་དག་
པར་གཤེགས་པར་མཛད་པའི་ཡོན་ཏན་ཞེས་བྱ་བ་སྟེ། མཆོག་ཉིད་དུ་རྟོགས་པས་ན་མཆོག་ཏུ་གཤེགས་པར་མཛད་པ་སྟེ། གཤེགས་པ་ཞེས་བྱ་བ་ནི་འགྲོ་བ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་འགྲོ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་གཅོད་པར་གནས་པའི་
ཡོན་ཏན་ཞེས་བྱ་བ་ལ། སངས་རྒྱས་ཀྱི་མཛད་པ་ལ་དམིགས་ནས་གནས་པ་སྟེ། དེས་རྣམ་པར་གནས་ཞེས་བྱ་བའི་ཐ་ཚིག་གོ། །སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་དང་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འདི་ལྟར་དུས་ཐམས་ཅད་དུ་བསྒོམ་པའི་བློའོ། །འཇིག་
རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་ལ། དེ་འཇིག་རྟེན་གྱི་སྤྱོད་ཡུལ་དུ་འཇིག་རྟེན་དུ་སྐྱེས་པ་ཡིན་ན་ཡང་རྙེད་པ་ལ་སོགས་པའི་འཇིག་རྟེན་པའི་ཆོས་ཀྱིས་འདི་ལྟར་མི་གོས་པའོ། །ཆོས་རྣམ་པར་གཞག་པའི་ཡོན་ཏན་ཞེས་བྱ་བ་ནི་ཚད་མེད་པ་ཉིད་དང་། བསམ་
གྱིས་མི་ཁྱབ་པ་ཉིད་ཀྱི་མདོ་སྡེ་ལ་སོགས་པའི་ཆོས་བྱིས་བས་རྟོགས་པར་དཀའ་བ་རྣམས་མཁྱེན་པས་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་བློ་ཞེས་བྱ་བའི་ཐ་ཚིག་འདི་དག་ནི་ཚིག་སོ་སོ་ཐམས་ཅད་ལ་སྦྲེལ་བར་བྱའོ། །ཕྱི་མ་ལ་ཆོས་འབྱུང་བ་མཁྱེན་པའི་
เล่ม ๑๓๔ · หน้า 156a
ཡོན་ཏན་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་མ་འོངས་པ་ན་ཆོས་འདི་ལྟ་བུ་འབྱུང་ངོ་ཞེས་བྱ་བ་མཁྱེན་པའི་ཐ་ཚིག་གོ། །སྐུ་དཔག་ཏུ་མེད་པས་སེམས་ཅན་འདུལ་བ་སྦྱོར་བའི་ཡོན་ཏན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་གང་གིས་སེམས་ཅན་
རྣམས་འདུལ་བར་མཛད་པ་སྟེ། དེས་སངས་རྒྱས་ལས་བདག་དང་གཞན་མཉམ་པ་ཉིད་དུ་ཤེས་པ་འཐོབ་པ་དང་། ཡེ་ཤེས་མནོས་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཉིད་ཀྱིས་གདུལ་བྱ་རྣམས་ལ་མཛད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་
གྲུབ་པའི་ཡོན་ཏན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་མཉམ་པ་སྟེ། དེ་ལྟ་བས་ན་འདིར་གཉིས་སུ་མེད་པའི་སྐུ་ཤིན་ཏུ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐ་མི་དད་པ་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱིས་མཐར་ཕྱིན་
པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐ་མི་དད་པ་ལ་མོས་པར་མཛད་པའི་ཡེ་ཤེས་ཀྱིས་མཐར་ཕྱིན་པ་ཞེས་བྱ་བ་སྟེ། འདིར་རྣམ་པར་ཐར་པ་ནི་མོས་པའོ། །སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་ཆད་པའི་ཡོན་ཏན་ཞེས་བྱ་བ་ལ། འདི་ལྟར་རེ་ཞིག་ཆོས་ཀྱི་སྐུའི་ཡུལ་ནི་འདི་དག་གོ་ཞེས་ཡོངས་སུ་བཅད་
པར་མི་ནུས་སོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཡང་འཇིག་རྟེན་ཁམས་འདི་སྙེད་དོ་ཞེས་བཅད་པར་མི་ནུས་སོ། །ཆོས་ཀྱི་དབྱིངས་ཀྱི་མཆོག་ཅེས་བྱ་བ་ནི་གང་འདིར་རྣམ་པར་དག་པའི་ཆོས་ཀྱི་དབྱངས་དེ་ནི་མཆོག་ཡིན་པས་ཆོས་ཀྱི་དབྱིངས་དེ་ཡང་མཆོག་ཡིན་ནོ། །ནམ་མཁའི་
ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་ནི་ནམ་མཁའ་ལྟར་སངས་རྒྱས་ཡེ་ཤེས་མི་ཟད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱའོ། །ཡང་དོན་གྱི་དབང་དུ་བྱ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་གཞན་གྱི་དོན་འདི་ནི་ལས་ཀྱི་ཚིག་ལྷག་མ་བཅུ་
དྲུག་གིས་བསྟན་ཏེ། དེ་ལ་བདེ་བར་བྱ་བའི་ལྷག་པའི་བསམ་པའི་ལས་ཇི་ལྟ་བུ་ཞིག་ཅེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ་ཞེས་བྱ་བ་སྟེ། འདི་ལྟར་སེམས་ཅན་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཙུད་པར་གྱུར་པས་དེས་ཀྱང་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྦྱོར་བས་མར་མེ་
เล่ม ๑๓๔ · หน้า 156b
གཅིག་ལས་མར་མེ་སྟོང་དུ་གྱུར་པ་ལྟར་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཡང་དག་པར་བསྟན་པར་འགྱུར་རོ། །དེ་བཞིན་དུ་ཚིག་ཐམས་ཅད་ལ་ཡང་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ལ་སྦྱར་བར་བྱའོ། །བདག་ཅི་རི་ཞེས་ཡོངས་སུ་ཤེས་པ་དང་ཞེས་བྱ་བ་ནི་ཕན་པ་དང་བདེ་བར་བྱ་བའི་
ལྷག་པའི་བསམ་པ་ཡོད་ལ། ཡང་ཕྱིན་ཅི་ལོག་ཀྱང་ཡོད་ན་ནི་འདི་ལྟར་ལ་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཉིད་ཀྱིས་མྱོས་པར་འགྱུར་བའི་བཏུང་བ་ལ་སོགས་པ་ལ་ངེས་པར་སྦྱོར་བར་བྱེད་དོ། །གལ་ཏེ་དེས་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཡིན་ན། དེ་དང་
རྗེས་སུ་མཐུན་པ་ལ་སེམས་ཅན་རྣམས་ལ་ཡང་ཉེ་བར་སྟོན་པར་བྱེད་དོ། །ང་རྒྱལ་དང་ལྡན་པར་གྱུར་པ་ནི་མི་ཤེས་བཞིན་དུ་འདི་ལྟར་ཕན་བཏགས་པའི་སེམས་ཀྱིས་ཕན་པ་མ་ཡིན་པ་ལ་སྦྱོར་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ང་རྒྱལ་བཅོམ་པ་ཞེས་བྱ་བ་ནི་འདི་ལྟར་ང་རྒྱལ་བཅོམ་པའི་སེམས་ཀྱིས་
གསོལ་བ་འདེབས་པ་ལ་སྡོད་པ་མེད་པར་ཆོས་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་པའི་བསམ་པ་བརྟན་པ་ཞེས་བྱ་བ་ནི་འདི་ལྟར་སེམས་ཅན་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལ་སེམས་བརྟན་པ་ཉིད་ཀྱི་ཕྱིར་ཁྲོས་པས་ཕན་པའི་ལྷག་པའི་བསམ་པ་མི་འདོར་བ་ཞེས་བྱ་བའི་ཐ་ཚིག་གོ། །བཅོས་མ་
མ་ཡིན་པར་བྱམས་པ་ཞེས་བྱ་བ་ནི་གང་རྙེད་པའི་རྒྱུས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་མི་བྱེད་པ་དང་ལྷག་པའི་བསམ་པ་དང་ལྡན་པ་དང་། ཕན་པ་བྱེད་པ་ཡིན་ནོ་ཞེས་ཇི་ལྟར་ཤེས་པར་གྱུར་ཞེས་བྱ་བ་མ་ཡིན་པའོ། །དེ་དང་མཐུན་པའི་ལུས་དང་ངག་གི་ལས་དག་སྟེ། དེ་ལ་ཚིག་ཅུང་
ཟད་ཀྱིས་སྔོན་དུ་གསོང་པོར་སྨྲ་བ་ནི་ངག་གི་ལས་སོ། །འདིར་བདེ་བ་ཉིད་རྒྱུན་མི་གཅོད་པའི་སྙིང་རྗེ་ཆེན་པོ་དང་། བཞིན་འཛུམ་པ་ནི་ལུས་ཀྱི་ལས་ཏེ། དེ་ལ་ཚིག་ཅུང་ཟད་ཅེས་བྱ་བ་ནི་འདི་ལྟར་ཆོས་ཀྱི་གཏམ་བྱེད་པའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དང་
བདེ་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ལ་བདེ་བ་དང་སྡུག་བསྔལ་གཉིས་སུ་མེད་པའོ། །མི་ཞུམ་པའི་ལས་ནི་བདག་གིས་སངས་རྒྱས་ཉིད་བསྒྲུབ་པར་ག་ལ་ནུས་ཞེས་བྱ་བའི་རྣམ་
เล่ม ๑๓๔ · หน้า 157a
པས་བདག་ཉིད་ལ་སྤྱོད་པ་མེད་པའོ། །ཡིད་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ནི་གང་སངས་རྒྱས་ཉིད་བསྒྲུབ་པ་ལ་སྐྱེ་བ་མེད་པའོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་ཞེས་བྱ་བ་ནི་གང་ཐོས་པ་མང་པོ་ཉིད་ཡིན་ན་ཡང་བཏང་སྙོམས་དང་བཅས་པར་མི་འགྱུར་བའོ། །
སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་དང་ཞེས་བྱ་བའི་ཚིག་གི་དོན་ནི་སྤྱོད་ལམ་ཡོངས་སུ་དག་པའི་མདོ་བཞིན་ནོ། །ཁྱད་པར་དུ་འགྲོ་བའི་ལས་ཞེས་བྱ་བ་ལ། ཕན་པའི་ལྷག་པའི་བསམ་པ་འཕེལ་བར་བྱེད་པའི་རྒྱུར་གྱུར་པ་ཡོངས་སུ་རྫོགས་པ་སྦྱོར་བའི་ལས་དྲུག་
པོ་འདི་དག་མང་དུ་བྱས་པས་རྫོགས་པར་འགྱུར་རོ། །གུས་པར་བྱས་ཏེ་དགོན་པ་ལ་གནས་ཞེས་བྱ་བ་ནི་དེ་ལ་གནས་པ་ན་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤོང་བའོ། །འཇིག་རྟེན་གྱིས་སྣ་ཚོགས་ཞེས་བྱ་བ་ནི་གང་དང་གང་བྱེད་པ་ལ་སོགས་པའོ། །འགྲུབ་པར་སྦྱོར་བ་ལས་ཞེས་བྱ་བ་ནི་དེའི་རྫོགས་
པར་བྱེད་པའི་ལས་ཀྱི་རྟགས་སོ། །མཐུ་ཐོབ་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་གོ། །ཡེ་ཤེས་ལ་རྟོན་པ་ཞེས་བྱ་བ་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ཏེ། སོ་སོ་རང་གིས་རིག་པའི་བདག་ཉིད་ཀྱིས་ཡེ་ཤེས་བསྐྱེད་ནས་ཡེ་ཤེས་དེ་ལ་མངོན་སུམ་དུ་སྦྱོར་བའི་ཚུལ་གྱིས་ཆོས་ལ་
རབ་ཏུ་གནས་པའོ། །དེ་ལ་འཇོག་པའི་ལས་ཞེས་བྱ་བ་ནི་ཕན་པ་དང་བདེ་བ་བྱ་བའི་ལྷག་པའི་བསམ་པ་གང་གིས་ཕན་པ་དང་བདེ་བ་དེ་ཉིད་ལ་སེམས་ཅན་རྣམས་རབ་ཏུ་འགོད་པར་བྱེད་པའོ། །དེ་ལ་ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་ཞེས་བྱ་བ་གང་གིས་ཚུལ་ཁྲིམས་འཆལ་བ་ཡང་ཡོངས་སུ་
གཏོང་བར་མི་བྱེད་ཅིང་ཐམས་ཅད་དུ་སྤོང་བ་མ་ཡིན་ཏེ། མི་དགེ་བ་ལས་བསླངས་ནས་དགེ་བ་ལ་སྦྱོར་བར་བྱེད་པའོ། །ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་ཞེས་བྱ་བ་ནི་གང་ལ་ཆ་གཅིག་གིས་གདམས་ངག་བྱས་པ་དེ་ལ་ཡང་བདག་གིས་ཁྱོད་ལ་བསྟན་པ་དེ་ལ་བདག་གིས་ལེགས་པར་བསྟན་པ་མ་
ཡིན་ནོ་ཞེས་བརྗོད་པར་མི་བྱེད་པ་སྟེ། དེས་ན་དེའི་ཚིག་གཟུང་བར་འོས་པར་འགྱུར་རོ། །ཆོས་དང་ཟང་ཟིང་གིས་སྡུད་པ་ཡང་གང་བདེན་པར་སྨྲ་བར་བྱེད་པའི་ཆོས་དང་ཟང་ཟིང་ཆོས་གོས་ལ་སོགས་པ་དེ་རྣམས་ཀྱིས་བསྡུས་པ་དེ་དག་གིས་ཀྱང་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །སེམས་ཀུན་ནས་ཉོན་
เล่ม ๑๓๔ · หน้า 157b
མོངས་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་གྱི། བདག་ཉིད་ཡོངས་སུ་སྤྱོད་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་དགེ་བའི་རྩ་བ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་
རྒྱས་ནས་སེམས་ཅན་རྣམས་ཉེ་བར་སྡུད་པར་བྱེད་པར་ཤོག་ཤིག་ཅེས་བྱ་བ་ལྟ་བུའོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པས། དང་པོའི་ཚིག་ནི་ཉེར་བཟུང་ནས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལྟར་རེ་ཞིག་ཤེས་བྱ་དང་། མཚན་ཉིད་རྣམ་པ་གཉིས་སོ། །ཇི་ལྟར་འཇུག་པར་འགྱུར་བ་དེ་
བསྟན་པར་བྱའོ། །དེ་ལ་ཤེས་བྱ་དང་མཚན་ཉིད་ལ་འཇུག་པ་ཇི་ལྟ་བུ་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའོ་ཞེས་བྱ་བའོ། །ཡང་དེ་ནི་རིམ་པ་ཇི་ལྟ་བུས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རྒྱུའི་སྟོབས་དང་། དགེ་
བའི་བཤེས་གཉེན་གྱི་སྟོབས་དང་། ཡིད་ལ་བྱེད་པའི་སྟོབས་དང་། ཉེ་བར་སྟོན་པའི་སྟོབས་ཀྱིས་སོ། །དེ་ལ་ཚིག་གཉིས་ཀྱིས་ནི་སྟོབས་གཉིས་ལ་གྲངས་བཞིན་དུ་རིག་པར་བྱའོ། །དེ་ལ་ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི་གཅིག་ཏུ་མོས་པར་བྱེད་པའོ། །དེ་ཡང་ཐེག་པ་ཆེན་པོའི་བག་ཆགས་ཀྱི་རྒྱུ་ཅན་ནོ། །
དེ་ལ་གཅིག་པུ་ལྷག་པར་མོས་པ་ཡོད་ན་སྒྲུབ་པ་ལ་ཡང་དག་པར་འཇུག་གོ། །སྒྲུབ་པ་ལ་ཡང་དག་པར་གནས་ན་དགེ་བའི་རྩ་བ་ཉེ་བར་སོགས་པར་འགྱུར་ཏེ། དེ་ལྟར་ན་ཡིད་ལ་བྱེད་པའི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་སོགས་པར་འགྱུར་བས་གོ་རིམས་ཀྱི་ཚུལ་ནི་དེ་ལྟར་རོ། །
དེ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པ་ནི་ས་ལ་འཇུག་པར་འགྱུར་ལ། དེ་ལྟར་ཉེ་བར་བསྟན་པར་གྱུར་པ་ནི་ཉེ་བར་སྟོན་པའི་སྟོབས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་སྟེ། བསྟན་པའི་ཆོས་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་འཇུག་ཅེ་ན། དགེ་
བའི་རྩ་བའི་སྟོབས་བསྐྱེད་པ་དང་། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་ཞེས་བྱ་བ་ནས། རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བ་དང་། བག་ཡོད་པས་འཇུག་གོ་ཞེས་བྱ་བའི་བར་གྱིས་སོ། །དགེ་བའི་རྩ་བའི་སྟོབས་སྐྱེད་པ་ནི་ཡང་ཇི་སྐད་བསྟན་པའི་ཚིག་བརྒྱད་ལ་སྦྱར་བར་བྱའོ། །དེ་ལ་ཞུམ་པ་གསུམ་གྱི་གཉེན་
เล่ม ๑๓๔ · หน้า 158a
པོར་སེམས་སྦྱོང་བ་རྣམ་པ་གསུམ་སྟེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རྟོགས་པར་དཀའ་བ་ཐོས་པ་ན་ཞུམ་པར་འགྱུར་ཏེ། དེའི་གཉེན་པོར་ནི་སེམས་
སྦྱོང་བ་དང་པོའོ། །ཡང་བྱང་ཆུབ་སེམས་དཔས་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བ་རྟོགས་པར་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་ཞུམ་པར་འགྱུར་ཏེ། དེའི་གཉེན་པོར་སེམས་སྦྱོང་བ་གཉིས་པ་བསྟན་ཏེ། བསམ་པ་གང་གིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཀུན་ཏུ་སྤྱོད་པའི་བསམ་པ་
ཞེས་བྱ་བ་དེ་ལ། བསམ་པ་ནི་དད་པ་དང་འདུན་པའོ། །ཡོད་པ་དང་། ཡོན་ཏན་དང་ལྡན་པ་དང་། ནུས་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་ཉིད་དེ་ནི་བྱང་ཆུབ་སེམས་དཔའི་དད་པའོ། །དད་པས་བསྐྱེད་པའི་ནན་ཏན་བྱེད་པར་འདོད་པ་ཉིད་ནི་འདུན་པའོ། །དེ་ལྟ་བུའི་དད་པ་དང་འདུན་པའི་ངོ་བོ་ཉིད་
ཀྱི་བསམ་པ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔས་སངས་རྒྱས་རྣམས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རབ་ཏུ་འབྱེད་པ་ལ་མཁས་པར་གནས་པ་ན་འདི་ལྟར་སེམས་པར་བྱེད་དེ། འདི་
ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐད་ཅིག་མ་གཅིག་ཏུ་གཏོགས་པ་ཐོབ་པར་བྱའོ་ཞེས་བྱ་བ་ནི་རྟོགས་པར་དཀའོ་ཞེས་ཞུམ་པར་འགྱུར་བས་དེའི་གཉེན་པོར་སེམས་སྦྱོང་བ་གསུམ་པ་བདག་དགེ་བ་སྒྲིབ་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བདག་ས་བཅུ་པོ་ཐམས་
ཅད་དུ་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པ་ལྟ་ཞེས་བྱ་བར་སྦྱར་རོ། །དགེ་བ་སྒྲིབ་པ་མེད་པ་དང་། ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་གནས་ངན་ལེན་བསྲབས་པར་བྱེད་ཅིང་(ད་‚དེ་)བྲལ་བར་དཀའ་བའི་སྒྲིབ་པ་འབྱེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་གྱི་བར་མཚམས་མེད་པས་སྒྲིབ་
པ་ཐམས་ཅད་དང་བྲལ་ཞིང་དེའི་རྟེན་གནས་གྱུར་པ་དེས་ཐོབ་པར་འགྱུར་རོ་ཞེས་བྱའོ། །ཤི་བ་ཙམ་ཉིད་དང་ནི་རྣམ་པར་བྲལ་བ་ཉིད་ཆོས་མཐུན་པ་ཉིད་དུ་འདོད་དོ། །ཕུན་སུམ་ཚོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཐེ་ཚོམ་ཐམས་ཅད་ཐེ་ཚོམ་མེད་པར་གཟུང་བར་བྱའོ་ཞེས་བྱ་བ་ནི་མི་གང་
เล่ม ๑๓๔ · หน้า 158b
ཐེག་པ་ཆེན་པོའི་ཆོས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ལ་བརྩམས་ནས་ངོ་བོ་ཉིད་གསུམ་སྟོན་པ་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། གདོད་མ་ནས་ཞི་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་
པ་མེད་པའི་རྣམ་གྲངས་ཀྱིས་ཀུན་ཏུ་བརྟགས་པའི་ངོ་བོ་ཉེ་བར་གཟུང་བར་བྱའོ། །སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་བསྟན་པས་ནི་གཞན་གྱི་དབང་གི་ངོ་བོ་ཉེ་བར་གཟུང་བར་བྱའོ། །དེ་བཞིན་ཉིད་དང་། ཡང་དག་པའི་
མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་དང་། སྟོང་པ་ཉིད་ལ་སོགས་པའི་རྣམ་གྲངས་བསྟན་པས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་གཟུང་བ་ཉིད་དེ། འདི་ལ་བློ་གྲོས་ངན་པ་ཐམས་ཅད་ཀྱི་སོམ་ཉི་འཇུག་པར་མི་འགྱུར་རོ། །ཐོས་པ་དང་བསམ་པའི་ཆོས་ལ་
ངར་འཛིན་པ་དང་ང་(ཡིང་‚ཡིར་)འཛིན་པའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བ་ཞེས་བྱ་བ་ནི་ཆོས་ལ་མངོན་པར་ཞེན་པ་ཙམ་སྤོང་བར་བཞེད་པའོ། །རྣམ་པར་རྟོག་པ་སྤངས་པས་མདུན་ན་གནས་པ་དང་བཞག་པའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་ཅིང་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་
བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་དགེ་བའི་རྩ་བའི་སྟོབས་ལས་བྱུང་བའི་སེམས་སྦྱོང་བ་རྣམ་པ་གསུམ་ལ་བརྟེན་ནས་འདི་ལྟར་རྟག་ཏུ་གུས་པ་དང་བཅས་པས་བག་ཡོད་པར་འབྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་སྐབས་ལ་གནས་པ་ཐམས་ཅད་དུ་མཉམ་པར་གཞག་པའི་སེམས་
རྗེས་སུ་མཐུན་པའི་བཟོད་པ་རྣོན་པོ་ལ་གནས་པ་ཡིན་པར་རིག་པར་བྱའོ། །ལྟན་ཅིག་ཏུ་སྣ་ཚོགས་ཀྱི་རྣམ་པའི་དོན་སྣང་བ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་སྣ་ཚོགས་ཀྱི་རྣམ་པ་སྣང་བ་འབྱུང་བའི་ཕྱིར་དང་། དེ་ལ་བརྟེན་པའི་དོན་སྣ་ཚོགས་ཀྱི་རྣམ་པ་སྣང་བ་འབྱུང་བའི་ཕྱིར་རོ། །
ཚིགས་སུ་བཅད་པ་ནི། ཆོས་དང་གང་ཟག་ཆོས་དང་དོན། །བསྡུས་པ་དང་ནི་རྒྱས་དང་རིགས། །མ་དག་པ་དང་དག་དང་མཐའ། །རབ་ཏུ་དབྱེ་བས་མིང་གི་ཡུལ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་མིང་ལ་དམིགས་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ་ཆོས་ཀྱི་མིང་ནི་མིག་ལ་སོགས་པའོ། །གང་ཟག་གི་
เล่ม ๑๓๔ · หน้า 159a
མིང་ནི་བདག་དང་སེམས་ཅན་ལ་སོགས་པའོ། །ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པའོ། །དོན་ནི་གསུང་རབ་ཡན་ལག་བཅུ་གཉིས་པོ་དེའི་དོན་གང་ཡིན་པའོ། །མིང་བསྡུས་པ་ནི་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལ་
སོགས་པའོ། །མིང་རྒྱས་པ་ནི་གཟུགས་དང་། ཚོར་བ་ལ་སོགས་པ་དང་ནམ་མཁའ་ལ་སོགས་པའོ། །རིགས་ཀྱི་མིང་ནི་དང་པོ་ཡི་གེ་ཨ་ནས་ཧའི་མཐར་ཐུག་པའི་བར་རོ། །མ་དག་པའི་མིང་ནི་དོན་དང་བཅས་པའི་སོ་སོའི་སྐྱེ་བོའོ། །དག་པའི་མིང་ནི་བདེན་པ་མཐོང་བ་རྣམས་ཀྱིའོ། །མཐར་ཐུག་
པའི་མིང་ནི་གང་མ་འདྲེས་པའི་ཆོས་ལ་དམིགས་པའི་འཇིག་རྟེན་ལས་འདས་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་གཉིས་ཀྱི་དམིགས་པའོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཀྱི་ཆོས་ཐམས་ཅད་ལ་བརྟེན་ནས་སོ། །སེམས་ཅན་ཐམས་ཅད་
ལ་སེམས་མཉམ་པ་ཉིད་ནི་བདག་དང་གཞན་མཉམ་པ་ཉིད་དུ་རྟོགས་པས་བདག་ལ་ཇི་ལྟ་བ་བཞིན་དུ་དེ་དག་ལ་ཡང་སྡུག་བསྔལ་ཟད་པར་འདོད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སེམས་མཉམ་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྦྱོར་བའི་བསམ་པ་མཉམ་པའོ། །སངས་
རྒྱས་ཐམས་ཅད་དང་སེམས་མཉམ་པ་ཐོབ་པ་ནི་དེ་དག་དང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཐ་མི་དད་པར་མཐོང་བའོ། །ཡོངས་སུ་ཚོལ་བ་ནི་བཞི་པོ་དག་གི་བསྲབས་པས་དོན་མེད་པར་བཟོད་པ་ཆུང་ངུའི་ཚེ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། བསྲབས་པ་ནི་དོན་མེད་པར་འདོད་པ་ཞེས་བྱ་
བའི་ཐ་ཚིག་སྟེ། དོན་མེད་པར་ཤེས་པ་ནི་སྣང་བ་ཐོབ་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་དོན་མེད་པ་ལ་ཡང་དག་པར་བརྟེན་པའི་ཏིང་ངེ་འཛིན་གྱིས་མཐོང་བའོ། །དོན་མེད་པར་བཟོད་པ་ཆེན་པོའི་ཚེ་ཞེས་བྱ་བ་ལ། དེ་ལ་བཟོད་པ་ནི་འདོད་པ་སྟེ། མངོན་པར་
འདོད་པའོ། །སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། དོན་མེད་པར་ཤེས་པ་ཆེན་པོ་ནི་སྣང་བ་མཆེད་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བའི་སྒྲས་ནི་དོན་མེད་པར་ཤེས་པ་དེ་ལ་ཡང་དག་པར་བརྟེན་པ་དེ་བསྟན་ཏོ། །དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་
เล่ม ๑๓๔ · หน้า 159b
ཏིང་ངེ་འཛིན་ཞེས་བྱ་བ་ནི་དོན་མེད་པར་ངེས་པར་བསྟན་ཏེ། ཏིང་ངེ་འཛིན་གྱི་སྒྲས་ནི་དོན་མེད་པར་ངེས་པར་ཤེས་པ་དེ་ལ་ཡང་དག་པར་བརྟེན་པ་དེ་ནི་ཏིང་ངེ་འཛིན་ཞེས་བསྟན་ཏོ། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པའི་གནས་ཞེས་བྱ་བ་ལ། ཆོས་བདག་མེད་པ་ནི་བདེན་པ་ཞེས་བྱའོ། །དེའི་རྗེས་སུ་མཐུན་པ་གང་
ཡིན་པའི་བཟོད་པ་ནི་བདེན་པའི་རྗེས་སུ་མཐུན་པའི་བཟོད་པའོ། །ཇི་ལྟར་བྱས་པས་ཤེ་ན། གཟུང་བར་བྱ་བ་མེད་ན་ངེས་པ་ཁོ་ནར་འཛིན་པ་ཡང་མེད་དོ་ཞེས་མོས་པར་འགྱུར་བས་སོ། །ཤེས་བྱའི་མཚན་ཉིད་ལ་འཇུག་པ་ཞེས་བྱ་བའི་དོན་གཞན་ཡང་། མང་དུ་ཐོས་པས་བསྒོས་པའི་གནས། །ཞེས་བྱ་བ་སྟེ། ཐེག་པ་ཆེན་
པོ་ཡོངས་སུ་བསྒོམ་པའི་བདག་ཉིད་ཀྱི་ངོ་བོའོ། །ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་ལ་ཞེས་བྱ་བ་དང་། ཀུན་གཞི་རྣམ་པར་ཤེས་པ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་ས་བོན་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་
བཞིན་དུ་དེ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལྟ་བ་དང་བཅས་པའི་ཡིད་ཀྱིས་བརྗོད་པ་རྣམས་ཀྱི་ཡང་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཆོས་དང་དོན་གྱི་རྣམ་པ་འབྱུང་བར་འགྱུར་བའི་
རྒྱུ་ཡིན་ནོ། །ཚུལ་ཅན་བཟུང་བའི་དངོས་པོ་ལྟ་བུ་ཞེས་བྱ་བ་ནི་གཟུགས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལྟ་བ་དང་བཅས་པའི་ཞེས་བྱ་བ་ནི་ལྟ་བར་གྱུར་པ་རྣམས་སོ། །དེ་དག་ཉིད་ནི་རྒྱུ་མཚན་དང་ལྟ་བ་དང་བཅས་པའི་རྣམ་པར་ཤེས་པར་རྣམ་པར་འཇོག་པར་འགྱུར་རོ། །དེ་ལྟ་བུའི་རྣམ་པ་ལ་འཇུག་
པ་ན་སུ་ཞིག་འཇུག་པ་བསྟན་པར་བྱ་སྟེ། དེ་ལ་ཐེག་པ་ཆེན་པོ་སྨོས་པས་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་སྤང་བའི་དོན་ཏོ། །སངས་རྒྱས་འབྱུང་བ་ཚད་མེད་པ་མཉེས་པར་བྱ་བ་ཐོབ་པ་ཞེས་བྱ་བ་ནི་གྲངས་ལས་ཤིན་ཏུ་འདས་པའི་སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་གང་གིས་ཐོབ་པར་གྱུར་པ་སྟེ།
སངས་རྒྱས་མངོན་སུམ་དུ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་ཏུ་མོས་པ་ཅན་ཞེས་བྱ་བ་ནི་གང་གི་མོས་པ་ཐེག་པ་ཆེན་པོ་ལས་བསྐྱོད་པར་མི་ནུས་པ་སྟེ། འདས་མ་ཐག་པར་བཤད་པའི་དགེ་བའི་རྩ་བ་བསགས་པའི་རྒྱུ་རྣམ་པ་གསུམ་པོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་
เล่ม ๑๓๔ · หน้า 160a
པར་བསགས་པ་ནི་མི་དགེ་བའི་གྲོགས་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་རྣམ་པས་འཇུག་པའི་གནས་བསྟན་པར་བྱ་བའི་ཕྱིར་སྨྲས་པ། ཡིད་ཀྱི་བརྗོད་པ་སྟེ་ཡིད་ཀྱི་རྣམ་པར་རྟོག་པའོ། །དེ་ནི་ཐེག་པ་ཆེན་པོའི་ཆོས་གང་འབྱུང་བའི་རྒྱུར་གྱུར་པའོ། །ཡང་དེ་ཉིད་དུ་
ཡིད་ཀྱི་བརྗོད་པའི་བྱེ་བྲག་གང་གིས་གང་དག་འཇུག་པ་དེ་ནི་མོས་པས་སྤྱོད་པའི་ས་ལ་འཇུག་པར་འགྱུར་ཏེ། འདི་ལྟར་དེ་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་རྗེས་སུ་སྒྲོགས་པ་ལ་མོས་པ་སྐྱེད་པར་བྱེད་དེ། དེས་ན་དེ་དག་ནི་དེར་ཞུགས་པ་ཞེས་བརྗོད་དོ། །དེ་ཇི་ལྟར་མཐོང་བའི་ལམ་ལ་འཇུག་པ་དེ་བསྟན་
པར་བྱ་བའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་དེ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་སྟེ། ཡིད་ཀྱི་བརྗོད་པ་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ། །ཇི་ལྟར་ན་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་ཤེ་ན། ཇི་ལྟར་ཆོས་མེད་པ། དོན་མེད་པ། གཟུང་བ་མེད་པ། འཛིན་པ་མེད་པའོ་ཞེས་ཡིད་ཀྱི་བརྗོད་པ་རྟོགས་པ་གང་ཡིན་པའོ། །
བསྒོམ་པའི་ལམ་ལ་འཇུག་པ་བསྟན་པར་བྱ་བའི་ཕྱིར་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམ་པ་ཞེས་བྱ་བ་སྟེ་རབ་ཏུ་རྟོགས་པ་དེ་ཉིད་གོམས་པར་བྱེད་པ་ནི་སྒོམ་པར་གྱུར་པའོ། །དེ་ལྟ་བས་ན་རྣམ་པར་མི་རྟོག་པ་ལ་སོགས་པ་དེ་དག་གིས་གང་རྟོགས་པ་དེ་ཉིད་ཀྱིས་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་པའོ། །མཐར་ཕྱིན་
པའི་ལམ་ལ་འཇུག་པ་དེ་བསྟན་པའི་ཕྱིར་སྒྲིབ་པ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དུས་སྐབས་ན་ཤིན་ཏུ་ཕྲ་བའི་སྒྲིབ་པ་ཡང་མེད་པ་ནི་མཐར་ཕྱིན་པའི་ལམ་ལ་འཇུག་པའོ། །གང་གིས་འཇུག་པ་སྟོན་པར་བྱེད་པ་ནི་དགེ་བའི་རྩ་བའི་སྟོབས་སྐྱེད་པ་དང་། རྣམ་པ་གསུམ་གྱིས་
སེམས་གཟེངས་བསྟོད་པ་ཞེས་བྱ་བ་སྟེ། དགེ་བའི་རྩ་བའི་སྟོབས་སྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེའི་སྟོབས་ཀྱིས་བསྟན་པའི་ཕྱིར་སེམས་འགོང་བར་མི་འགྱུར་ཏེ། རྣམ་པ་གསུམ་གྱིས་སེམས་སྦྱོར་བས་ཀྱང་སེམས་གཟེངས་བསྟོད་པ་ཉིད་དོ། །དེ་ལ་སྦྱོར་བ་གཉིས་པ་གང་ཡིན་པ་ཇི་ལྟར་སྦྱོར་བ་ཡིན་པ་དེ་
བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། སེར་སྣ་ལ་སོགས་པའི་སྒྲིབ་པ་སྤངས་པས་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་འཆིང་བ་མེད་པ་ཉིད་ཀྱིས་དེ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཡོངས་སུ་རྫོགས་པ་ཡང་སངས་རྒྱས་ཉིད་ཡིན་ཏེ། ཆོས་དང་དོན་ལ་དམིགས་པ་ལ་སོགས་པ་ནས། བག་ཡོད་པ་
เล่ม ๑๓๔ · หน้า 160b
ཞེས་བྱ་བའི་བར་གྱིས་སོ། །དེ་ལ་རྟག་ཏུ་ཞེས་པ་ནི་རྟག་ཏུ་བྱེད་པ་ཉིད་དོ། །གུས་པར་བྱས་ཏེ་སྦྱོར་བ་ནི་བླ་མར་བྱེད་པ་ཉིད་དོ། །གང་གང་དུ་བསྟན་པའི་རྣམ་པ་ཉིད་དེ་དེ་ནི་བག་ཡོད་པའོ། །གསུམ་པ་གང་ཡིན་པ་དེ་བསྟན་པར་བྱ་སྟེ་དེ་ལ་དགེ་བ་སྒྲིབ་པ་དང་བཅས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་དགེ་བ་སྒྲིབ་པ་དང་
བཅས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་དགེ་བ་སྒྲིབ་པ་མེད་པ་དང་ཤིན་ཏུ་ལྡན་པ་ནི་སངས་རྒྱས་སུ་མི་འགྱུར་བ་ཉིད་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བའོ། །དེ་དག་གི་དོན་ཚིགས་སུ་བཅད་པས་སྟོན་པ། དེའི་ཕྱིར་ཞུམ་པར་མི་བྱའོ། །ཞེས་བྱ་བ་ནི་སེམས་ཞུམ་པ་ཉིད་དུ་སེམས་གནས་པར་མི་བྱའོ་ཞེས་བྱ་
བའི་ཐ་ཚིག་གོ། །ཇི་ལྟར་བདག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཞེས་དོན་དེ་ལྟ་བུར་བྱུང་བའོ། །ལེགས་ཡིད་ཀྱིས་ཞེས་བྱ་བ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ལུང་དུ་མ་བསྟན་པ་ནི་རྣམ་པར་གཡེང་བའི་
སེམས་ཁ་ཅིག་གིས་སྦྱིན་པ་ལ་སོགས་པ་བྱེད་པའོ། །དེ་བཞིན་དུ་མུ་སྟེགས་པ་ལ་སོགས་པ་མི་དགེ་བའི་སེམས་ཀྱིས་སྦྱིན་པ་ལ་སོགས་པ་བྱེད་པ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པས་སོ། །ཡང་ན་དེའི་བསམ་པས་དགེ་བའི་རྩ་བ་མཆོག་ཐོབ་པ་ནི་བསྟན་པ་
རྣམས་སོ། །སྦྱིན་པ་ལ་སོགས་པ་བྱེད་པའི་ཞེས་བྱ་བ་ལ། དེ་ལ་དེའི་བསམ་པ་ཅི་འདྲ་བ་ཅིག་ཐོབ་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱས་པས་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་སྤངས་པའི་སེམས་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་བརྟན་རྣམས་
ཀྱི། །སྦྱིན་པ་ལ་སོགས་ཉིད་དུ་བརྗོད། །ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཁོ་ནར་བརྗོད་པའོ། །སོགས་པ་སྨོས་པས་ནི་ཚུལ་ཁྲིམས་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་གཟུང་ངོ་། །འདོད་བཞིན་ཕུན་སུམ་ཚོགས་ལུས་འཐོབ། །ཅེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་
མེད་མིན་སྐྱེ་མཆེད་ཀྱི་བར་འཐོབ་པ་སྟེ། འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་ཞེས་བྱ་བ་ནི་སྒྲིབ་པ་སྤངས་པའོ། །ཕུན་སུམ་ཚོགས་དེ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གང་གནས་བཞི་སྤང་བར་བྱ་བ་དེ་བསྟན་པར་བྱ་སྟེ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཞེས་པ་
เล่ม ๑๓๔ · หน้า 161a
ནི་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བའོ། །ཡིད་གཉིས་དང་སོམ་ཉི་སྤངས་ནས་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་ལ་ཡིད་གཉིས་དང་སོམ་ཉི་སྤངས་པའོ། །དེ་ལ་ཡིད་གཉིས་ནི་བློ་ངན་པའམ་དེ་བཞིན་དུ་གཡོ་བའོ། །སོམ་ཉི་ནི་ཐེ་ཚོམ་
མོ། །ཆོས་ལ་མངོན་པར་ཞེན་པ་སྤངས་པས་ཞེས་བྱ་བ་ནི་ཇི་སྙེད་ཐོས་པ་དང་བསམས་པའི་ཆོས་རྣམས་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཡོད་ཀྱི་བར་འཇུག་པར་མི་འགྱུར་རོ། །རྣམ་པར་རྟོག་པ་སྤངས་པས་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པ་མདུན་ན་གནས་པ་དང་། གང་ཡང་
མཉམ་པར་བཞག་པས་རུས་པའི་ཕུང་པོ་ལ་སོགས་པ་དམིགས་པར་འགྱུར་བའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་རྣམ་པར་བརྟག་པར་བྱ་བ་ལ་རྣམ་པར་མི་རྟོག་པའི་ཐབས་ཀྱིས་འཇུག་པར་འགྱུར་གྱི། གཞན་དུ་རྣམ་པར་རྟོག་པར་གྱུར་ན་འཇུག་པར་མི་འགྱུར་རོ། །མདུན་བཞག་དང་ཞེས་བྱ་
བ་ནི་ཚིགས་སུ་བཅད་པ་སྟེ། སྤང་བར་བྱ་བའི་དོན་ཕྱི་མ་གསལ་བར་བྱེད་པའོ། །གང་གིས་ཇི་ལྟར་འཇུག་པ་དེ་བསྟན་པར་བྱ་སྟེ། དེ་ལ་ཐོས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་ཐོས་པའི་བག་ཆགས་ཀྱི་རྗེས་སུ་མཐུན་པའོ། །གང་དུ་འཇུག་པའི་གནས་ནི་སྔར་བསྟན་པ་སྟེ། དེ་ཡང་ཐེག་པ་
ཆེན་པོའི་བག་ཆགས་ལས་ཡང་དག་པར་བྱུང་བའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་བསྡུས་པ་ཉིད་དུ་བལྟ་བར་བྱའོ། །ཡང་ཇི་ལྟར་འཇུག་པ་དེ་སྟོན་པར་བྱེད་པ་ནི་ཚོལ་བ་རྣམ་པ་བཞི་སྟེ། དེ་སྟོན་པར་བྱེད་པ་ཡང་མིང་དང་དོན་དང་། ངོ་བོ་ཉིད་ལ་སོགས་པ་ཚིག་བཞི་པོ་དེ་དག་གིས་ཇི་ལྟ་བ་བཞིན་དུ་ཡོངས་སུ་
ཤེས་པ་མདོར་སྟོན་ཏེ་མིང་དང་། དོན་དང་། ངོ་བོ་ཉིད་དང་། ཁྱད་པར་དུ་བཏགས་པ་དང་། ངོ་བོ་ཉིད་དང་། ཁྱད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་ཁྱད་པར་གང་བཏགས་པ་དེ་བཞིན་དུ་བྱས་པའོ། །མིང་ཁྱད་པར་དུ་བཏགས་པ་ནི་ཞེས་བྱ་བ་ནི་དེ་མི་དམིགས་པ་ཞེས་བྱ་བའི་དོན་
ཏོ། །མི་དམིགས་པ་ནི་མིང་དེའི་ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་ཙམ་དཔྱོད་པར་བྱེད་པའོ། །གང་གི་ཕྱིར་དེ་ལྟར་ན་མིང་དེའི་ངོ་བོ་ཉིད་དང་ཁྱད་པར་མེད་པ་དེས་ན་མིང་དེའི་ངོ་བོ་ཉིད་བཏགས་པ་ཙམ་དུ་འཛིན་པའོ། །གང་ཡང་དག་པར་དཔྱོད་པ་ནི་ཡོངས་སུ་ཚོལ་བའོ། །གང་མི་དམིགས་པ་ནི་ཡང་དག་པ་ཇི་ལྟ་བ་
เล่ม ๑๓๔ · หน้า 161b
བཞིན་དུ་ཡོངས་སུ་ཤེས་པའོ། །འཇུག་ཅེས་ནི་ཇི་སྐད་བྱ། ཅི་འདྲ་བར་འཇུག་ཅེ་ན་ཞེས་བྱ་བ་ནི་དཔེ་དྲིས་པའོ། །དེ་ལ་དེ་ཙམ་ཉིད་ཅེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །རྒྱུ་མཚན་དང་ལྟ་བ་དང་བཅས་པ་གཉིས་ཞེས་བྱ་བ་ནི། རྒྱུ་མཚན་དང་ལྟ་བ་དང་བཅས་པའི་རྣམ་པར་ཤེས་པ་བསྟན་
ཏེ། རྒྱུད་རབ་ཏུ་གནས་པ་དང་། རྒྱུ་མཚན་དུ་སྣང་བ་ཞེས་བྱ་བར་གྲགས་པ་དེ་ལྟ་བུའི་རྣམ་པར་ཤེས་པ་གཅིག་ཉིད་རྣམ་པ་སྣ་ཚོགས་སུ་འབྱུང་བ་སྟེ། མྱུར་བ་ཉིད་དུ་བརྒྱུད་མར་འབྱུང་བས་སོ། །གསུམ་པོ་འདི་དག་ཉིད་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ། །དེ་ལ་ངོ་བོ་ཉིད་
གསུམ་ལ་འཇུག་པ་ནི་དཔེ་བསྟན་ཏེ། རྣམ་པ་དྲུག་ལ་ཡང་དག་པའི་དོན་གསལ་ཞེས་བྱ་བ་ལ། དོན་གྱི་རྣམ་པ་དྲུག་ལ་ཡང་དག་པའི་དོན་རྣམ་པར་གསལ་བ་ཙམ་ནི་རྣམ་པར་གསལ་བའོ། །ཡིད་ཀྱི་བརྗོད་པར་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས་ཞེས་བྱ་བ་ནི་དོན་གང་ཡིན་པ་དེ་ཀུན་དུ་བརྟགས་
པ་ཙམ་ཡིན་ནོ་ཞེས་དེ་ལྟར་ཀུན་དུ་བརྟགས་པ་ལ་འཇུག་པར་འགྱུར་རོ། །ངོ་བོ་ཉིད་ཀྱི་རྣམ་པར་རིག་པའི་ངོ་བོ་ཙམ་ལ་འཇུག་ཅེས་བྱ་བ་ནི་ཡིད་ཀྱི་བརྗོད་པ་དེ་དག་གིས་རྣམ་པར་རིག་པ་ཙམ་ཉིད་དུ་བཟུང་ནས་གཞན་གྱི་དབང་ལ་འཇུག་པར་འགྱུར་རོ།། །།བམ་པོ་ལྔ་པ། དོན་དུ་སྣང་བ་ཐམས་ཅད་
འབྱུང་བའི་སྐབས་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རིག་པ་ཙམ་གྱི་རྣམ་པར་ཡང་མི་འབྱུང་ན་དེ་དོན་གྱི་རྣམ་པར་སྣང་བ་འབྱུང་བ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་ཉིད་དུ་བརྟགས་ན་ཡང་དོན་དུ་འགྱུར་བས། དེའི་ཕྱིར་དེ་ལས་གཞན་པ་དེ་བཞིན་ཉིད་མངོན་སུམ་ཉིད་དུ་
འགྱུར་བ་ཡིན་ནོ། །གནས་སྐབས་དེ་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ་ཞེས་བྱ་བ་ལ་དམིགས་པར་
བྱེད་པ་ནི་ཡེ་ཤེས་དང་དམིགས་པར་བྱ་བ་དེ་ནི་དེ་བཞིན་ཉིད་དེ། དེ་དག་མཉམ་པ་ཉིད་དུ་གྱུར་པ་ནི་ནམ་མཁའ་ཉིད་དུ་གཟུང་བ་དང་། འཛིན་པ་མེད་པར་གནས་པ་ཞེས་བྱ་བའི་ཐ་ཚིག་སྟེ། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་མེད་པ་ནི་རྣམ་པར་མི་རྟོག་པའོ། །དེ་ལྟར་ན་ཡོངས་སུ་གྲུབ་པ་ཉིད་
เล่ม ๑๓๔ · หน้า 162a
ལ་ཞུགས་པ་ཡིན་ནོ། །གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་ཞེས་བྱ་བ་ནི་དེའི་མིང་ཅི་རྣམ་པ་ཇི་སྙེད་ཅེས་བྱ་བའི་ཐ་ཚིག་ལས་དེའི་མིང་གི་བྱེ་བྲག་ཚིགས་སུ་བཅད་པས་བསྟན་ཏོ། །དེ་ལ་ཆོས་ཀྱི་མིང་ནི་གཟུགས་དང་། ཚོར་བ་དང་། མིག་
ཅེས་བྱ་བ་ལ་སོགས་པའོ། །གང་ཟག་གི་མིང་ནི་སངས་རྒྱས་བཤེས་གཉེན་དང་། དད་པས་རྗེས་སུ་འབྲང་བ་ཞེས་བྱ་བ་ལ་སོགས་པའོ། །ཡང་ཆོས་ཀྱི་མིང་ནི་མདོ་སྡེ་ལ་སོགས་པའོ། །དོན་གྱི་མིང་ནི་ཆོས་དེ་དག་ལ་བརྟེན་པའི་དོན་ཏོ། །བསྡུས་པའི་མིང་ནི་སེམས་ཅན་ཞེས་བྱ་བ་ལྟ་བུའོ། །རྒྱས་པའི་
མིང་ནི་དེ་དག་ཉིད་རེ་རེ་ནས་བརྗོད་པ་ལྟ་བུའོ། །རིགས་ཀྱི་མིང་ནི་ཡི་གེའི་ཕྱི་མོ་རྣམས་སོ། །མ་དག་པའི་མིང་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །དག་པའི་མིང་ནི་སློབ་པ་རྣམས་ཀྱིའོ། །མཐར་ཐུག་པ་རྣམས་ཀྱི་མིང་ནི་གང་འདྲེས་པའི་ཆོས་ལ་དམིགས་པ་སྟེ། ས་བཅུ་པ་ལྟ་བུའོ། །དེ་ལ་དོན་ཐམས་
ཅད་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཡེ་ཤེས་ཀྱི་དམིགས་པའོ། །དེ་ལྟ་བུའི་རྣམ་པ་ནི་བྱང་ཆུབ་སེམས་དཔའི་མིང་གི་ཡུལ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཞེས་བྱ་བ་ནི་གང་གིས་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པར་གྱུར་པའོ། །སེམས་ཅན་ཐམས་ཅད་ལ་སེམས་
མཉམ་པ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླའོ་ཞེས་སེམས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སེམས་མཉམ་པ་ཞེས་བྱ་བ་ནི་འདི་ལྟར་དེ་དག་དང་སེམས་མཉམ་པ་ཉིད་ཐོབ་པའོ། །སངས་རྒྱས་ཐམས་ཅད་དང་སེམས་མཉམ་པ་
ཞེས་བྱ་བ་ནི་གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་གནས་སྐབས་དེས་ཐོབ་པར་གྱུར་པ་སྟེ། དེ་ཐོབ་པས་སངས་རྒྱས་ཐམས་ཅད་དང་སེམས་མཉམ་པ་ཐོབ་པར་གྱུར་པའོ། །ཞི་གནས་དང་ལྷག་མཐོང་གི་ཤེས་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཞེས་བརྗོད་པའི་ཤེས་པའོ། །ཀུན་གཞི་
རྣམ་པར་ཤེས་པའི་ས་བོན་རྒྱུ་མཚན་དང་བཅས་པའི་རྒྱུ་མཚན་སྤངས་ནས་ཞེས་བྱ་བ་ལ་རྒྱུ་མཚན་དང་བཅས་པ་ཞེས་བྱ་བ་ནི་རྒྱུ་མཚན་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་སྟེ། གང་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ཅན་ནོ། །ཡང་རྒྱུ་མཚན་སྨོས་པ་ནི་དེའི་
เล่ม ๑๓๔ · หน้า 162b
ས་བོན་དེ་དག་གི་དམིགས་པའི་རྒྱུ་མཚན་བསྟན་པའི་དོན་ཏོ། །དེ་ལྟར་བྱས་ནས་ས་བོན་དེ་དག་རྒྱུ་དང་འབྲས་བུ་དང་བཅས་པར་སྤངས་པ་བསྟན་པར་འགྱུར་རོ། །དེའི་རྗེས་ལས་ཐོབ་པ་ལ་དགོས་པ་ཅི་ཡོད། གལ་ཏེ་རྣམ་པར་མི་རྟོག་པས་སྒྲིབ་པ་ཐམས་ཅད་སྤངས་པ་དང་སངས་རྒྱས་
ཀྱི་ཆོས་རྣམས་ཀུན་ཏུ་བསྒྲུབ་པར་འགྱུར་རོ་ཞེ་ན། རྒྱུ་དང་བཅས་པའི་འབྲས་བུའི་ཆོས་རྣམས་དེས་བསྟན་པར་མི་ནུས་ཏེ། དེ་ནི་མི་རྟོག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗེས་ལ་ཐོབ་པས་རྒྱུ་དང་འབྲས་བུའི་ཆོས་རྣམས་སྟོན་པར་བྱེད་དེ། རྟོག་པ་ཡིན་པ་དང་། སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པ་
བཞིན་དུ་ཕྱིན་ཅི་མ་ལོག་པར་འགྱུར་བའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ལས་ཐམས་ཅད་རབ་ཏུ་སྐྱེ་བ་ཞེས་བྱ་བ་ནི་གང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ལས་བྱུང་བ་རྣམས་སོ། །རྣམ་པར་རིག་པའི་མཚན་མ་ཐམས་ཅད་དེ། རྣམ་པར་རིག་པའི་རྒྱུར་གྱུར་པ་ལས་སྒྱུ་མ་བྱས་པ་བཞིན་དུ་རྗེས་
ལས་ཐོབ་པའི་ཕྱིན་ཅི་ལོག་མེད་པར་འབྱུང་བས་ཡང་དུས་ཐམས་ཅད་དུ་སྟོན་པར་བྱེད་དོ། །ཐམས་ཅད་དུ་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་ཡིན་པས་དེའི་ཕྱིར་འདིར་ཡང་དེ་བསྟན་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ཡང་དག་པར་བརྟེན་པ་ཞེས་བྱ་བ་ནི་ངེས་པར་
འབྱེད་པའི་ཆ་དང་མཐུན་པ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་རྟོགས་པ་དང་ཉེ་བ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་དུས་སུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣམ་པར་གནས་པ་བསྟན་པ་ཞེས་བྱ་བ་ནི་གང་སྒྱུ་ཇི་ལྟར་རྣམ་པར་གནས་པ་ས་བཅུ་པར་སའི་རྣམ་པར་གནས་པ་བསྟན་པའོ། །འདྲེས་པ་
ལ་དམིགས་པ་ཞེས་བྱ་བ་ནི་མཁས་པས་དམིགས་པའི་གནས་ལ་དམིགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའོ། །དེའི་རྗེས་ལ་ཐོབ་པ་ཞེས་བྱ་བ་ནི་རྣམ་པར་གཞག་པ་སྟེ། དེ་ནི་འཇིག་རྟེན་པ་ཞེས་བརྗོད་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་དང་རྗེས་སུ་མཐུན་པའི་ཕྱིར་
རོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པ་འབའ་ཞིག་ནི་འཇིག་རྟེན་པ་ལ་རེག་པ་མ་ཡིན་པས་སོ། །དེ་བས་ན་གཅིག་ཏུ་ཞུགས་པར་མི་བརྗོད་དོ། །དེ་གནས་གྱུར་ནས་ཞེས་བྱ་བ་ནི་འདྲེས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གནས་གྱུར་པའོ། །སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་ཐོབ་པར་ཞེས་བྱ་བ་ནི་
เล่ม ๑๓๔ · หน้า 163a
སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་ཐོབ་པར་འགྱུར་བ་ཞེས་སྦྱར་བར་བྱའོ། །མྱ་ངན་འདས་པའི་ཁྱད་པར་ནི་ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་འཛིན་པར་བྱེད་ཀྱི་ཉན་ཐོས་ནི་མ་ཡིན་ནོ། །ཡོངས་སུ་དག་པའི་ཁྱད་
པར་ནི་ཞེས་བྱ་བ་ལ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་སྤོང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཡིན་གྱི་ཉན་ཐོས་རྣམས་ནི་མ་ཡིན་ནོ། །ཇི་ལྟ་བུར་དེ་ཁོ་ན་ཉིད་ལ་འཇུག་པ་དེ་ཚིགས་སུ་བཅད་པ། མིང་དང་དངོས་གཉིས་
ཕན་ཚུན་དུ། །གློ་བུར་ཡིན་པར་ཡོངས་སུ་བཙལ། །ཞེས་བྱ་བ་ལ། མིང་ནི་དོན་ལ་གློ་བུར་བ་ཡིན་ལ། དོན་ནི་མིང་ལ་གློ་བུར་བ་སྟེ། དེའི་བདག་ཉིད་མ་ཡིན་པ་ཉིད་དོ། །ཡོངས་སུ་བཙལ་ཞེས་བྱ་བ་ནི་མཉམ་པར་གཞག་པས་བལྟ་བར་བྱའོ། །བཏགས་པ་རྣམ་པ་གསུམ་པོ་ལ། །དེ་ཙམ་ཉིད་དུ་
བཙལ་བར་བྱ། །ཞེས་བྱ་བ་ནི་དོན་གྱི་ངོ་བོ་དང་ཁྱད་པར་མ་ཡིན་པ་བཏགས་པའི་དོན་དང་། བཏགས་པའི་ཁྱད་པར་དེ་ཙམ་པ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། འདི་ལྟར་གང་གི་
ཕྱིར་ཚོལ་བ་རྣམ་པ་བཞི་ཞེས་བྱ་བའི་རྒྱུ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་མེད་པར་ནི་རྟོག་པ་གསུམ་དང་། མཐོང་བ་གསུམ་ལ་ཞེས་བྱ་བ་ལ། དོན་མེད་པར་བརྟགས་པ་རྣམ་པ་གསུམ་མཐོང་བ་སྟེ། མིང་དུ་བརྟགས་པ་དང་། ངོ་བོར་བརྟགས་པ་དང་།
ཁྱད་པར་དུ་བརྟགས་པའོ། །དོན་མེད་པ་ནི་དོན་མེད་པ་ཉིད་དོ། །མཐོང་བ་གསུམ་ལ་ཞེས་བྱ་བ་ནི་དོན་མེད་ན་རྟོགས་པ་ཡང་མེད་པར་འགྱུར་བ་སྟེ། གང་གི་ཕྱིར་བརྟག་པར་བྱ་བ་ཡོད་ན་དེ་ལ་དམིགས་པ་ཡོད་དེ། དེའི་ཕྱིར་དོན་མེད་པར་གྱུར་ན་རྟོག་པར་བྱེད་པ་ཡང་མེད་པར་བལྟའོ་ཞེས་བྱ་བའི་ཐ་ཚིག་གོ། །
གསུམ་ལ་འཇུག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལ་འཇུག་པའོ། །དེ་ལ་མིང་དང་དོན་གཉིས་ཕན་ཚུན་གློ་བུར་བ་ཉིད་དུ་མཐོང་བ་ཉིད་དུ་མཐོང་བར་གྱུར་ན་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་བཞུགས་པ་ཡིན་ནོ། །མིང་གི་ངོ་བོ་ཉིད་བརྟགས་པ་དང་། ཁྱད་པར་དུ་བརྟགས་པ་ཙམ་དུ་མཐོང་བ་ན་གཞན་གྱི་
เล่ม ๑๓๔ · หน้า 163b
དབང་གི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །བརྟགས་པ་དེ་ཉིད་མཐོང་བ་ན་ཡོངས་སུ་གྲུབ་པ་ལ་ཞུགས་པ་ཡིན་ཏེ། དེ་ལྟ་བུ་ནི་གསུམ་ལ་འཇུག་པ་ཡིན་ནོ། །གང་གིས་དེ་ཁོ་ན་ཉིད་ལ་འཇུག་པའི་དོན་གྱི་མན་ངག་སྦྱིན་པར་བྱེད་དེ། དེ་ལ་དོན་གྱི་ཚིགས་སུ་བཅད་པ། གཟུགས་བརྙན་ཡིད་དུ་མཐོང་བ་ནི། །ཞེས་
བྱ་བ་ལ། ཆོས་དང་དོན་དུ་སྣང་བ་གང་ཡིན་པའི་གཟུགས་བརྙན་དེ་ཡིད་ཡིན་ནོ་ཞེས་མཐོང་བའོ། །གང་གིས་མཐོང་ཞེ་ན། བྱང་ཆུབ་སེམས་དཔས་སོ། །གང་གི་དུས་ན་ཞེ་ན། མཉམ་གཞག་པས་སོ། །དོན་གྱི་འདུ་ཤེས་བཟློག་ནས་སུ། །རང་གི་འདུ་ཤེས་ངེས་པར་གཟུང་། །ཞེས་བྱ་བ་ནི་དེའི་དུས་
ན་དོན་གྱི་འདུ་ཤེས་བོར་ནས་རང་གི་སེམས་ཉིད་ཆོས་དང་དོན་གྱི་རྣམ་པ་དེ་ཡིན་པར་གཟུང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནང་དུ་སེམས་གནས་སོ། །ཞེས་བྱ་བ་ན་གང་གི་སེམས་འདི་ལྟར་གནས་པར་གྱུར་པ་སྟེ། དོན་ནི་མེད་དོ། །དེ་ལྟ་ན་ཡང་སེམས་ལ་སེམས་གནས་པར་འགྱུར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །གཟུང་བ་མེད་པར་རྟོགས་པར་བྱོས། །ཞེས་བྱ་བ་ནི། གཟུང་བ་མེད་པར་ཤེས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཕྱིར་འཛིན་པ་མེད་རྟོགས་ཀྱིས། །ཞེས་བྱ་བ་ནི་གང་གི་ཕྱིར་གཟུང་བར་བྱ་བའི་དོན་ཡོད་པ་མ་ཡིན་པས་འཛིན་པར་བྱེད་པའི་སེམས་ཉིད་ཀྱང་རིགས་པ་མ་ཡིན་པ་
ཉིད་དུ་འགྱུར་རོ། །དེས་ན་དམིགས་པ་མེད་ལ་རེག །ཅེས་བྱ་བ་ནི། དེའི་ཕྱིར་ན་དེ་ལས་གཞན་པའི་དེ་བཞིན་ཉིད་ལ་རེག་པར་འགྱུར་རོ་ཞེས་སྨྲས་པ་ཡིན་ཏེ། དེ་བཞིན་ཉིད་ནི་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལས་གཞན་པ་མངོན་པར་རྟོགས་པའི་ཚིགས་སུ་བཅད་པ་ཇི་ལྟར་མདོ་སྡེའི་རྒྱན་
ལས་བསྟན་པ་ལས་གང་དེ་ལས་རྟོགས་པར་དཀའ་བ་དེ་བསྟན་པར་བྱས་པ། མཐའ་ཡས་ཕ་རོལ་མེད་ཅེས་བྱ་བ་སྟེ། ཕ་རོལ་རིང་བས་ཇི་ལྟར་ཚིག་ལ་མཐའ་མེད་ཅེས་བྱ་བ་ལྟ་བུ་སྟེ། དེ་ལ་མཐའ་མེད་པ་མ་ཡིན་ན་ཡང་མང་པོ་ཉིད་ལ་མཐའ་མེད་ཅེས་བྱ་བའི་བརྗོད་པ་འཐོབ་སྟེ། འདི་ཡང་དེ་དང་
འདྲའོ། །ཅིའི་ཚོགས་རྣམས་ཤེ་ན། བསོད་ནམས་ཡེ་ཤེས་ཀྱིའོ། །དེ་ལ་སྦྱིན་པ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་ག་སྟེ། དེའི་དོན་གྱི་ཐབས་ཀྱི་
เล่ม ๑๓๔ · หน้า 164a
བརྩོན་འགྲུས་ནི་ཡེ་ཤེས་སོ། །གང་སེམས་ཅན་གྱི་དོན་གྱི་བརྩོན་འགྲུས་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་གཉིས་ཏེ། དེ་ལ་གང་ཡང་ཚད་མེད་པ་རྣམས་ལ་དམིགས་པའི་བསམ་གཏན་གྱི་བསོད་ནམས་
སོ། །དེ་ལས་གཞན་པ་དག་ནི་ཡེ་ཤེས་ཀྱི་ཚོགས་སོ། །གང་ཞེ་ན། བྱང་ཆུབ་སེམས་དཔའ་ཉིད་དོ། །ཆོས་ལ་སེམས་པ་ལེགས་པར་རྣམ་ངེས་ཕྱིར། །ཞེས་བྱ་བ་ནི། གང་ཏིང་ངེ་འཛིན་གྱི་རྗེས་ལ་ཆོས་རྣམས་སེམས་པར་བྱེད་པ་དེ་ལགས་པར་རྣམ་པར་ངེས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །
དོན་གྱི་རྣམ་པ་བརྗོད་པའི་རྒྱུས་བྱུང་རྟོགས། །ཞེས་བྱ་བ་ལ། དོན་གྱི་རྣམ་པ་བརྗོད་པའི་རྒྱུས་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའོ། །དེ་འདྲ་བའི་སེམས་ཙམ་ཉིད་ལ་གནས་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ནི་འདི་ལྟར་དོན་དུ་སྣང་བ་འདི་དག་ནི་སེམས་ཙམ་ཉིད་དོ་ཞེས་བྱ་བར་ཤེས་པའོ། །དེ་བས་གཉིས་ཀྱི་མཚན་
ཉིད་བྲལ་བ་ཡི། །ཆོས་ཀྱི་དབྱིངས་ནི་མངོན་སུམ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་དེ་ལས་གཞན་པའི་དེ་བཞིན་ཉིད་མངོན་སུམ་ཉིད་དུ་འགྱུར་བའོ། །དེ་ལས་གཞན་པ་ཇི་ལྟར་མངོན་སུམ་ཉིད་དུ་འགྱུར་ཞེ་ན། དེ་བསྟན་པར་བྱ་བའི་ཕྱིར། སེམས་ལ་གཞན་མེད་པར་ནི་
བློས་རྟོགས་ནས། །དེ་ཕྱིར་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་བྱ་བ་ལ། སེམས་ལས་གཞན་པའི་དམིགས་པར་བྱ་བའི་དོན་མེད་ལ་དེ་མེད་པས་དམིགས་པར་བྱེད་པའི་སེམས་ཀྱང་མེད་པ་ཉིད་འཐོབ་པ་སྟེ། དེ་གཉིས་ཀྱི་མེད་པ་ཉིད་བྱང་ཆུབ་སེམས་དཔས་རྟོགས་ནས། དེ་དང་མི་ལྡན་ཆོས་ཀྱི་དབྱིངས་
ལ་གནས། །ཞེས་བྱ་བ་སྟེ། དོན་དེ་དག་དང་སེམས་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །རྟོག་མེད་ཤེས་སྟོབས་ཞེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་སོ། །མཉམ་པའི་རྗེས་སོང་བས་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བའོ། །
ཀུན་ནས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་དོ། །ཇི་ལྟར་མཐོང་བའི་ཆོས་དེ་དག་ཉིད་དུས་རྟག་ཏུ་མཐོང་བར་ནི་རྟག་པར་ཡང་ངོ་། །དེའི་གནས་ཐིབས་པོ་ཉེས་པ་བསགས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་དེའི་གནས་ཏེ་རྒྱུའོ། །ཐིབས་པོ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པར་དཀའ་བ་ཉིད་དོ། །
เล่ม ๑๓๔ · หน้า 164b
ཉེས་པ་བསགས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཐུབ་པས་གསུངས་པའི་ལེགས་ཆོས་ལེགས་གཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་དེ་བློ་བཞག །ཅེས་བྱ་བ་ལ། རྩ་བ་དང་བཅས་པའི་སེམས་ཀྱིས་དམིགས་པ་གང་
ལ་བློ་ངེས་པར་བཞག་པ་སྟེ། དེ་བཞིན་ཉིད་དེ་ལའོ། །དེ་ལ་རྩ་བའི་སེམས་ནི་གང་དེ་བཞིན་གཤེགས་པ་མ་ལུས་པའི་སྟོན་པ་བསྡུས་པ་ལ་དམིགས་པ་སྟེ། དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་བལྟའོ། །དྲན་པའི་རྒྱུད་ནི་རྟོག་པ་ཙམ་ཤེས་ནས། །ཞེས་བྱ་བ་ལ། དེ་ཡང་རྩ་བའི་
སེམས་ལ་གནས་པ་སྟེ། བསྟན་པའི་རྗེས་ལ་ཐོབ་པའི་དོན་ཏེ། འདས་པ་དྲན་པ་ནི་དྲན་པའི་རྒྱུད་དེ་གང་རྣམ་པར་རྟོག་པ་ཙམ་དུ་གྱུར་པའོ། །རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལ་ཐོབ་པ་དེ་དག་གཉི་གས་ཀྱང་། ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏེ་སངས་རྒྱས་ཉིད་དུའོ། །བརྟན་མྱུར་ཏེ་བྱང་ཆུབ་
སེམས་དཔའ་ཉིད་དོ། །ཚིགས་སུ་བཅད་པ་དེ་རྣམས་ཀྱི་བསྡུས་པའི་དོན་ནི་དང་པོས་ནི་ཚོགས་ཀྱི་ལམ་མོ། །གཉིས་པའི་ཕྱེད་ཀྱིས་ནི་སྦྱོར་བའི་ལམ་མོ། །ཕྱེད་ཕྱི་མ་དང་གསུམ་པས་ནི་མཐོང་བའི་ལམ་མོ། །བཞི་པས་ནི་བསྒོམ་པའི་ལམ་མོ། །ལྔ་པས་ནི་མཐར་ཕྱིན་པའི་ལམ་མོ། །གང་
གི་ཚེ་ཞུགས་པ་དེའི་ཚེ་ལྷག་པའི་བསམ་པ་རྣམ་པར་དག་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཀུན་ཏུ་སྤྱོད་པའི་སྦྱོར་བ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པ་སྦྱོར་བ་ཐམས་ཅད་དུ་སྦྱོར་བའོ། །བསྟན་པ་ལ་མོས་པ་ཞེས་བྱ་བ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རབ་ཏུ་ལྡན་པའི་ཤིན་ཏུ་ཟབ་པ་དེ་དག་ལ་
ཡང་ངོ་། །རོ་མྱང་བ་ཡིད་ལ་བྱེད་པ་སྟེ། དེ་དག་གི་ཡོན་ཏན་མཐོང་བར་རོ་མྱང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་ཇི་ལྟ་བུའི་ལྷག་པའི་བསམ་པས་མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ངེས་པ་དེ་ལྟ་བུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟ་བུ་མངོན་
པར་དགའ་བའོ། །རེ་ཞིག་ལྷག་པའི་བསམ་པ་དག་པ་དེ་དག་ཉིད་ཀྱི་མཚན་ཉིད་གང་ཡིན། གང་གིས་དེ་དག་ཡོངས་སུ་བཟུང་བ་ཡིན་ཞེ་ན། གང་གི་རྗེས་ཐོགས་སུ་ཚིགས་སུ་བཅད་པ་དག་གིས་དེའི་མཚན་ཉིད་སྟོན་པར་བྱེད་དེ། དེ་ལ་རེ་ཞིག་མོས་པས་སྤྱོད་པའི་ས་ལ་ཚོགས་ལེགས་
เล่ม ๑๓๔ · หน้า 165a
པར་བསགས་པ་དང་། དཀར་པོའི་ཆོས་རྣམས་ཀུན་རྫོགས་པ་ཉིད་དོ། །བཟོད་རྣོན་ཐོབ་དང་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པ་བཟོད་པ་རྣམ་པ་གསུམ་ལས་བཟོད་པའི་མཆོག་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་དམིགས་ནས་དག་པར་འགྱུར་བ་དེ་བསྟན་པར་བྱ་
བའི་ཕྱིར། ཐེག་ཆེན་ལ་ཞེས་བྱ་བ་སྟེ། གང་དུ་ཞེ་ན། ཟབ་ཅིང་རྒྱ་ཆེ་བསྟན་པ་ལའོ། །དེ་ཉིད་ནི་རང་གི་ཐེག་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་ལ་བཟོད་པ་ནི་ཆོས་བདག་མེད་པའོ། །རྒྱ་ཆེ་བ་ནི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །ཡིད་ལ་བྱེད་པ་ཇི་ལྟ་བུས་རྣམ་པར་དག་པ་
དེ་བསྟན་པའི་ཕྱིར་གལ་ཏེ་རྟོག་པ་ཙམ་དུ་ཆོས་ཐམས་ཅད་རྟོགས་པ་དེའི་ངོ་བོ་ཉིད་དེ་བསྟན་པར་བྱ་སྟེ། འདོད་པ་དང་ནི་མོས་པ་དག །དག་པ་བསམ་པ་དག་པ་ཉིད་ཡིན་ནོ། །དེ་ལ་འདོད་པ་ནི་མངོན་པར་འདོད་པའོ། །མོས་པ་ནི་དད་པའོ། །དེའི་རྟགས་གང་ཡིན་པ་དེ་བསྟན་པར་བྱ་སྟེ། སྔ་ལ་སོགས་སུ་ནི་ཐོག་
མར་བསམ་པ་དག་པའོ། །དེར་ཞེས་བྱ་བ་ནི་བསམ་པ་དག་པ་དེར་སངས་རྒྱས་རྣམས་ནི་མཐོང་བར་འགྱུར་བ་སྟེ། དེ་ནི་རྟགས་སོ། །ཆོས་ཀུན་ཞེས་བྱ་བ་ནི་མཉམ་པར་གཞག་པའི་དུས་སོ། །དེའི་ཕན་ཡོན་གང་ཡིན་པ་དེ་བསྟན་པར་བྱ་སྟེ། དེ་ལ་གནས་པ་ནི་བྱང་ཆུབ་ཉེ་བར་རྟོགས་གྱུར་ནས་ཏེ། དེ་ཐོབ་པར་བྱེད་
པའི་ཐབས་རྙེད་པས་ཚེགས་མེད་པར་འཐོབ་པར་འགྱུར་བའོ། །བསམ་པ་དག་པ་གང་ཡིན་པ་དང་། རྒྱུ་ཅི་འདྲ་བ་དང་། ཇི་ལྟ་བུའི་བཟོད་པ་དང་། དམིགས་པ་གང་ཡིན་པ་དང་། ཇི་ལྟ་བུའི་ཡིད་ལ་བྱེད་པ་དང་། རྟགས་གང་ཡིན་པ་དེ་ཚིགས་སུ་བཅད་པ་དེ་དག་གིས་བསྟན་ཏེ། དེ་དག་ནི་ལྷག་པའི་བསམ་པ་
དག་པའི་ལུས་རྣམ་པར་གཞག་པའོ། །ཆུད་ཟ་བའི་རྒྱུ་འཆལ་པའི་ཤེས་རབ་ཅེས་བྱ་བ་ལ། དེ་ལ་ཤེས་རབ་འཆལ་པའི་ནི་ཕྱིན་ཅི་ལོག་ཏུ་འཛིན་པ་སྟེ། ཇི་ལྟར་མུ་སྟེགས་པ་ལྟ་བུའོ། །དེས་ཀྱང་དེ་ཆུད་ཟ་བར་འགྱུར་རོ། །ལྷག་མའི་དོན་ནི་གོ་སླ་བའོ། །མི་མཐུན་པའི་ཕྱོགས་དང་། གཉེན་
པོས་གྲངས་རྣམ་པར་གཞག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་ཀྱིས་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་རྒྱུའི་དངོས་པོས་ནི་རྣམ་པར་གཞག་པའི་རྣམ་གྲངས་གཉིས་པ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ལྷག་པ་
เล่ม ๑๓๔ · หน้า 165b
ཡང་མ་ཡིན་ཞིང་ཆད་པ་ཡང་མ་ཡིན་པ་སྟེ། རྣམ་པར་གཡེང་བ་མེད་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་རྟོགས་པར་འགྱུར་
ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་གི་དོན་ལྷག་མ་ནི་གོ་སླ་བའོ། །གང་གི་ཕྱིར་རྣམ་པར་གཞག་པའི་རྒྱུ་གསུམ་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་རྗེས་སུ་མཐུན་པས་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ཉིད་ལ་རྗེས་སུ་མཐུན་པའི་ཕྱིར་ན་འདི་ལྟར་
དྲུག་ཏུ་འགྱུར་ཏེ། དེའི་ཕྱིར་ན་ཡང་དྲུག་ཏུ་རྣམ་པར་གཞག་གོ། །སེམས་མཉམ་པར་གཞག་པ་རྣམས་མཉམ་པར་གཞག་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་མཉམ་པར་གཞག་པ་རྣམས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཡོངས་སུ་
སྨིན་པར་བྱེད་པས་སོ། །གདམས་པར་བྱ་བ་རྣམས་ཞེས་བྱ་བ་ནི་གདམས་ངག་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པ་ལ་སོགས་པ་རྣམས་མཚན་ཉིད་གང་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འཐོབ་ཅེ་ན། གང་གི་ཕྱིར་འཇིག་རྟེན་པ་དང་ཉན་ཐོས་ལ་སོགས་པ་དག་ལ་ཡང་སྦྱིན་པ་
ལ་སོགས་པ་ཡོད་པས་དེས་ན་འདི་དག་གི་མཚན་ཉིད་ངེས་པར་བརྗོད་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ལ་གནས་དམ་པ་ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་གནས་པ་ཡིན་པའི་ཕྱིར་རོ། །དངོས་པོ་དམ་པ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་མཐའ་དག་ཀུན་དུ་སྤྱོད་པ་ནི་གཞན་
ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་འདིར་དངོས་པོ་མཐའ་དག་ཡོངས་སུ་སྤྱོད་པ་ཡིན་ནོ། །ཆེད་དུ་བྱ་བ་དམ་པ་ཞེས་བྱ་བ་ནི་སྦྱིན་པ་གང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཆེད་དུ་བྱེད་པའོ། །ཐབས་ལ་མཁས་པ་དམ་པ་ཞེས་བྱ་བ་ནི་འདིར་འཁོར་གསུམ་ཡོངས་སུ་དག་
པའི་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་སྟེ། སྦྱིན་པར་བྱ་བར་ཡང་མ་ཡིན། སྦྱིན་པ་པོར་ཡང་མ་ཡིན་ལ། ལེན་པ་པོར་ཡང་རྟོག་པར་མི་བྱེད་པའོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པར་གྱུར་པའོ། །ཡོངས་སུ་བསྔོ་བ་
เล่ม ๑๓๔ · หน้า 166a
དམ་པ་ཞེས་བྱ་བ་ནི་འདི་ལྟར་སྦྱིན་པ་ལ་སོགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །རྣམ་པར་དག་པ་དམ་པ་ཞེས་བྱ་བ་ནི་གང་གིས་གང་གི་ཚེ་སངས་རྒྱས་སུ་འགྱུར་བ་ཉིད་ཀྱི་སྦྱིན་པ་ལ་སོགས་པ་རྣམས་ཏེ། དེ་ཡང་ཉོན་མོངས་པའི་
སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་རྣམ་པར་གྲོལ་བ་ཀུན་ཏུ་སྒྲུབ་པར་གྱུར་པའོ། །སྦྱིན་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པ་ཡང་དེ་ཡིན་ནམ་ཞེས་དྲིས་པའི་ཕྱོགས་དེ་བསྟན་པར་བྱ་སྟེ། སྦྱིན་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི་གང་ཕ་རོལ་
ཏུ་ཕྱིན་པ་དྲུག་དང་བྲལ་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་ཡིན་ལ་སྦྱིན་པ་མ་ཡིན་པ་ནི་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡོངས་སུ་བསྡུས་པའོ། །སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་སྦྱིན་པའོ། །སྦྱིན་པ་ཡང་མ་ཡིན་པ་རོལ་ཏུ་ཕྱིན་པ་ཡང་མ་
ཡིན་པ་ནི་ཚུལ་ཁྲིམས་ལ་སོགས་པ་དྲུག་པོ་དེ་དག་དང་བྲལ་བའོ། །དེ་བཞིན་དུ་མུ་བཞི་པོ་ཐམས་ཅད་ལ་བལྟ་བར་བྱའོ། །ངེས་པའི་ཚིག་བལྟ་བར་བྱ་སྟེ། རེ་ཞིག་ཐམས་ཅད་ཀྱི་སྤྱིའི་ངེས་པའི་ཚིག་ནི་ཕ་རོལ་ཏུ་སོང་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། འཇིག་རྟེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྦྱིན་པ་
ལ་སོགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཕྱིན་པས་དེས་ན་ཕ་རོལ་ཏུ་ཕྱིན་པའོ། །སོ་སོའི་ནི་རྒྱུའི་དུས་ན་སེར་སྣ་མ་བཅོམ་པར་སྦྱིན་པ་གཏོང་བར་མི་བྱེད་པའི་ཕྱིར་དང་། འབྲས་བུའི་དུས་ན་ནི་དབུལ་བ་ལུས་འཛིན་པར་བྱེད་པའི་ཕྱིར་དང་། ལོངས་སྤྱོད་ཆེན་པོ་དང་། བསོད་ནམས་ཀྱི་ཚོགས་སྦྱིན་པར་བྱེད་པས་
སྦྱིན་པའོ། །རྒྱུའི་དུས་ན་འཆལ་པའི་ཚུལ་ཁྲིམས་ཞི་བར་བྱེད་པ་དང་། འབྲས་བུའི་དུས་ན་ངན་འགྲོ་ཞི་བར་བྱེད་པ་དང་། བདེ་འགྲོ་དང་ཏིང་ངེ་འཛིན་ཐོབ་པར་བྱེད་པས་ཚུལ་ཁྲིམས་སོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ངེས་པའི་ཚིག་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱ་སྟེ། བདག་དང་
གཞན་དག་ལ་བདེ་བར་བྱེད་པས་ཞེས་བྱ་བ་ལ་བདག་ཉིད་ངན་འགྲོ་དང་། ཁོན་དུ་འཛིན་པ་དང་། ཁྲོ་བ་ལ་སྦྱོར་བར་མི་བྱེད་ཅིང་། ཕ་རོལ་དག་ཀྱང་བདེ་བར་བྱེད་དེ། དེ་དག་ལ་སྡུག་བསྔལ་སྐྱེད་པར་མི་བྱེད་དོ། །བསྒོམ་པ་རྣམ་པ་ལྔར་བལྟ་བར་བྱ་སྟེ་ཞེས་བྱ་བ་དེ་ལ་ཀུན་ཏུ་སྤྱོད་པ་ལ་སྦྱོར་བ་ནི་ཀུན་ཏུ་སྤྱོད་པ་
เล่ม ๑๓๔ · หน้า 166b
ལ་བསྒོམ་པའོ། །བྱ་བ་སྒྲུབ་པ་བསྒོམ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཛད་པ་ཤིན་ཏུ་སྦྱངས་པ་འབད་པ་མེད་པ་མངའ་བས་ཀུན་ཏུ་སྤྱོད་པ་མེད་བཞིན་དུ་ཡང་སངས་རྒྱས་རྣམས་ཀྱི་སྐུའི་གནས་སྐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་བྱ་བ་སྒྲུབ་པ་འབྱུང་བར་འགྱུར་བའོ། །དེ་
ལྟ་བུ་རེ་ཞིག་བསྒོམ་པའོ། །དེ་སྙེད་ཀྱི་དུས་སྐད་ཅིག་མ་གཅིག་ཏུ་ཞེས་བྱ་བ་ལ། གང་དེ་ལྟ་བུའི་གྲངས་མེད་པ་གསུམ་ལ་སོགས་པའི་ཚད་ཀྱི་དུས་སྐད་ཅིག་མ་གཅིག་ཏུ་བྱས་ལ། དེ་ལྟ་བུའི་སྐད་ཅིག་མས་ཇི་སྲིད་བྱང་ཆུབ་པར་གྱུར་པ་དེ་སྲིད་ཀྱི་དུས་སུ་སྐད་ཅིག་རེ་རེ་ལ་བདག་གི་ལུས་ཞེས་བྱ་བ་ལ་
སོགས་པ་རྩ་བའི་གཞུང་གི་རྗེས་སུ་འབྲངས་ནས་བལྟ་བར་བྱ་སྟེ་གོ་སླའོ། །རིམ་པ་དེ་ལྟ་བུ་ཉིད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དེ་སྲིད་དུ་དེ་ལྟ་བུའི་ཚུལ་ཁྲིམས་ལ་སོགས་པའི་སེམས་གཅིག་ཉིད་སྐྱེད་པར་བྱེད་པ་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་
གང་བ་སྐད་ཅིག་རེ་རེ་ལ་སྤྱོད་ལམ་བཞི་བྱེད་ཅིང་ཡོ་བྱད་ཐམས་ཅད་དང་མི་ལྡན་པ་ཡང་ཞེས་བྱ་བ་ལ། འདིས་ནི་གནས་མེད་ཅིང་ཡོ་བྱད་ཐམས་ཅད་དང་མི་ལྡན་པ་ཉིད་བསྟན་ཏོ། །ངེས་པར་བྱས་པའི་སྒྲིབ་པ་ཐམས་ཅད་ཀྱང་བཤིག་པར་འགྱུར་ན་ཞེས་བྱ་བ་ནི་ངེས་པར་བཤིག་པ་ཙམ་གྱིས་རྣམ་པར་སྨིན་
པར་མི་ནུས་པར་འདོད་པའོ། །ཡང་ན་ངན་འགྲོར་འགྲོ་བའི་གཉེན་པོ་ཉིད་ཡིན་པའི་ཕྱིར་བསམ་པ་རྒྱ་ཆེན་པོ་ཉིད་ནི་མི་ངོམས་པའི་བསམ་པའོ། །འདི་ལྟར་དེ་དག་ཉིད་རྒྱུན་རིང་པོར་ཡང་མི་འདོར་བའི་བསམ་པ་དེ་ཡོད་པས་ན་རྒྱུན་རིང་པོའི་བསམ་པ་སྟེ། རྒྱུན་རིང་དུ་ཞེས་བྱ་བ་ནི་དུས་རིང་དུའོ། །དོན་ལྷག་
མ་ནི་གོ་སླའོ། །ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་དང་། རབ་ཏུ་དབྱེ་བ་བསྟན་པ་དེ་བཤད་པར་བྱ་སྟེ། གང་གི་ཕྱིར་སྦྱིན་པ་རྣམ་པ་གསུམ་ཡིན་ཞེ་ན། ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྟེ། འདི་ལྟར་ཆོས་ཀྱི་སྦྱིན་པ་ནི་གཞན་གྱི་དགེ་བའི་རྩ་བ་ཉེ་བར་བརྟན་པར་བྱེད་པའོ། །ཟང་ཟིང་གི་
སྦྱིན་པ་ནི་འདིའི་ལུས་བརྟན་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པ་ནི་དེ་ཉིད་ཀྱི་སེམས་བརྟན་པར་བྱེད་པ་སྟེ། དེའི་ཕྱིར་རྒྱུ་དེས་ན་སྦྱིན་པ་རྣམ་པ་གསུམ་དུ་བསྟན་ཏོ། །ཚུལ་ཁྲིམས་ཀྱང་རབ་ཏུ་གནས་པའི་ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་ཏེ། ལྷག་མ་གཉིས་པོ་དག་གི་དོན་གྱི་
เล่ม ๑๓๔ · หน้า 167a
གནས་ཡིན་པའི་ཕྱིར་ཏེ། འདི་ལྟར་སྡོམ་པ་ལ་གནས་པའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་མངོན་པར་སྒྲུབ་པས་རྟེན་དུ་གྱུར་པ་ཉིད་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་
པས་རྟེན་དུ་གྱུར་པའོ། །བཟོད་པ་ཡང་གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི་གང་གཞན་གྱིས་གནོད་པ་བྱེད་པ་ལ་ཁྲོ་བ་རབ་ཏུ་སྤོང་བ་ཉིད་དོ། །དེའི་དབང་གིས་འཁོར་བའི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་སྟེ། གང་གི་སྟོབས་ཀྱིས་འཁོར་བའི་སྡུག་བསྔལ་གང་ཡིན་པ་དེས་ལྡོག་པར་མི་འགྱུར་བའོ། །
ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ནི་ཡང་ཆོས་གང་ལ་ངེས་པར་བརྟག་པ་དེ་ལ་འདོད་པ་སྟེ། དེ་ཡང་བཤད་མ་ཐག་པའི་བཟོད་པ་གཉིས་པོ་དག་གི་རྟེན་དུ་གྱུར་པའོ། །བརྩོན་འགྲུས་ཀྱི་ལུས་ཀྱང་རྣམ་པ་གསུམ་དུ་གཞག་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས། བརྟན་པ་དང་ལྡན་པ་
པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་ཅན་དང་། ཕ་རོལ་གནོན་པ་བརྟན་པ་དང་། བླངས་པ་མི་འདོར་ཞིང་ཞེས་གསུངས་པའི་ཚིག་དེ་དག་བརྩོན་འགྲུས་ཀྱི་ལུས་རྣམ་པར་གཞག་པ་གསུམ་དང་སྦྱར་བར་བྱའོ། །དེ་ལ་གོ་ཆའི་བརྩོན་འགྲུས་ནི་བརྟན་པ་དང་ལྡན་པ་ཉིད་དུ་འགྱུར་རོ། །དང་པོར་སྦྱོར་བའི་བརྩོན་
འགྲུས་ནི་བརྩོན་འགྲུས་དང་ལྡན་པར་འགྱུར་རོ། །སྦྱོར་བའི་དུས་སུ་མི་ཞུམ་པ་དང་། མི་འཁྲུགས་པ་དང་། ཆོག་པར་མི་འཛིན་པ་ཞེས་བྱ་བ་དག་རིམ་པ་ཇི་ལྟ་བ་བཞིན་དུ་སྤྲོ་བ་ཅན་དང་། ཕ་རོལ་གནོན་པ་བརྟན་པ་དང་། བླངས་པ་མི་འདོར་བ་ཞེས་བྱ་བ་འདི་དག་གིས་བསྟན་པ་ཡིན་ནོ། །གང་གི་ཕྱིར་གང་
དག་དང་པོར་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དུ་བརྟན་པ་དང་ཡང་ལྡན་ལ། སྦྱོར་བའི་དུས་སུ་བརྩོན་འགྲུས་དང་ལྡན་དུ་ཟིན་ཀྱང་སེམས་ཞུམ་པར་གྱུར་ན་མ་ཡིན་པས་དེ་ལྟ་བས་ན་དེའི་གཉེན་པོར་སྤྲོ་བ་ཅན་ཏེ། གང་སེམས་སྤྲོ་བ་དང་ལྡན་པ་དེ་སེམས་ཞུམ་པར་མི་འགྱུར་ཏེ། ཞུམ་པ་ནི་འདིར་སེམས་འགོང་
བའི་བདག་ཉིད་དུ་འདོད་དོ། །སེམས་ཞུམ་པ་མེད་དུ་ཟིན་ཀྱང་འཁྲུགས་པར་གྱུར་ན་སངས་རྒྱས་ཉིད་ལས་ལྡོག་པར་འགྱུར་བས་དེས་ན་དེའི་གཉེན་པོར་མི་འཁྲུགས་པའི་བརྩོན་འགྲུས་བསྟན་ཏེ། དེ་ཡང་ཕ་རོལ་གནོན་པ་བརྟན་པ་ཞེས་བྱ་བས་ཕ་རོལ་གནོན་པ་བརྟན་པ་ཉིད་དུ་བསྟན་ཏོ། །འདི་ལྟར་ཕ་
เล่ม ๑๓๔ · หน้า 167b
རོལ་གནོན་པ་བརྟན་པ་ཉིད་ནི་སྡུག་བསྔལ་གྱིས་ལྡོག་པར་མི་འགྱུར་རོ། །སྡུག་བསྔལ་གྱིས་ལྡོག་པར་མི་འགྱུར་དུ་ཟིན་ཀྱང་གང་ཉུང་ཟད་ཀྱིས་ཆོག་པར་འཛིན་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བས། དེའི་ཕྱིར་ཆོག་པར་མི་འཛིན་པའི་བརྩོན་འགྲུས་ཞེས་བྱ་བར་ཡང་བསྟན་ཏེ། ཅུང་ཟད་ཀྱིས་
ཆོག་པར་མི་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་བླངས་པ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏེ། དོན་དེ་དག་ཉིད་ཀྱིས་ནི་བརྩོན་འགྲུས་རྣམ་པ་གསུམ་བཤད་པ་ཡིན་ནོ། །ཡང་གནས་པའི་བསམ་གཏན་ནི་གང་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པས་གནས་པའོ། །མངོན་པར་སྒྲུབ་པ་
ནི་གང་གིས་མངོན་པར་ཤེས་པ་དྲུག་མངོན་པར་བསྒྲུབ་པའོ། །བྱ་བ་སྒྲུབ་པའི་བསམ་གཏན་ཞེས་བྱ་བ་ནི་གང་བསམ་གཏན་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ནི་བྱ་བ་སྒྲུབ་པའི་བསམ་གཏན་ནོ། །བསམ་གཏན་རྣམ་པ་གསུམ་གྱི་དོན་ནི་དེ་དག་ཉིད་དོ། །ཤེས་རབ་ཀྱི་ལུས་རྣམ་པར་གཞག་
པ་གསུམ་གྱི་དོན་ནི་གོ་སླའོ། །འདི་དག་བསྡུས་པར་ཇི་ལྟར་བལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་འདི་དག་གིས་དགེ་བའི་ཆོས་རྣམས་ཇི་ལྟར་བསྡུ་ཞེས་བལྟ་བར་བྱའོ། །གང་གི་ཕྱིར་དེ་དག་ཏུ་འདི་དག་བསྡུས་པའི་ཕྱིར་འདི་དག་ཏུ་ཡང་དེ་དག་བསྡུས་པ་ཡིན་པར་བལྟ་བར་བྱའོ། །འདི་དག་གིས་
དགེ་བའི་ཆོས་ཐམས་ཅད་བསྡུས་ཞེས་བྱ་བ་ནི་འདིར་དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུ་འདོད་དོ། །དེའི་མཚན་ཉིད་ཅེས་བྱ་བ་ལ། དེའི་མཚན་ཉིད་ནི་ཤེས་རབ་བོ། །དེའི་རྒྱུ་མཐུན་པ་ཞེས་བྱ་བ་ལ། དེ་ནི་ཇི་ལྟར་མངོན་པར་ཤེས་པ་དང་། སྟོབས་བཅུ་ལ་སོགས་
པའི་ཡོན་ཏན་གཞན་དག་གི་ཡང་རྒྱུར་མཐུན་པར་གྱུར་པའོ། །དེ་དང་མཐུན་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་ནི་དེ་དང་མཐུན་པར་བལྟ་བར་བྱ་སྟེ། གང་ཡང་དཀར་པོའི་ཆོས་རྣམས་ཐམས་ཅད་ཡང་དག་པར་བསྡུས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དེས་བསྟན་ཏོ། །དེ་དག་གི་མི་མཐུན་པའི་ཕྱོགས་
རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཇི་ལྟར་བསྡུས་པ་དེ་བསྟན་པར་བྱའོ། །དེ་ལ་དེའི་མཚན་ཉིད་དེ་ཞེས་བྱ་བ་ནི་དེའི་མཚན་ཉིད་འདོད་ཆགས་པ་ལ་སོགས་པ་དག་གོ། །དེའི་གཞི་ཞེས་བྱ་བ་ནི་གཞི་སྟེ། ཇི་ལྟར་སེར་སྣའི་གཞི་དང་། མ་དད་པ་ཉིད་དང་། ལྟ་བ་ལོག་པ་ལ་སོགས་
เล่ม ๑๓๔ · หน้า 168a
པའོ། །དེའི་འབྲས་བུ་ཞེས་བྱ་བ་ནི་ཇི་ལྟར་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁྲོ་བ་ལ་སོགས་པའི་འབྲས་བུའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ཕན་ཡོན་བསྟན་པར་བྱ་བ་ནི། ཁ་ན་མ་ཐོ་བ་མེད་པར་མངོན་པར་མཐོ་བ་སྟེ། ཇི་ལྟར་ཕྱི་རོལ་པའི་ལྟ་བུ་ནི་མ་ཡིན་ཏེ།
དེ་དག་གི་མངོན་པར་མཐོ་བ་ཉིད་ཡིན་ན་ཡང་ཁ་ན་མ་ཐོ་བ་དང་བཅས་པས་དམན་པ་ཉིད་ཡིན་པ་དང་། ཡང་དེ་དག་ནི་མི་རྟག་པ་ཉིད་ཡིན་པས་སོ། །ཡང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་མི་རྟག་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ནི་བདག་འབའ་ཞིག་
གི་དོན་ཡིན་གྱི། གཞན་གྱི་མ་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་སེམས་ཅན་གྱི་དོན་བྱ་བར་ཉེ་བར་གནས་པ་ཞེས་བསྟན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འབྲས་བུའི་ཕན་ཡོན་ནི། ཁ་ན་མ་ཐོ་བ་མེད་པ་ལ་སོགས་པ་འདི་དག་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སུམ་བརྒྱ་པ་ལ་སོགས་པ་ལས་ཕ་རོལ་ཏུ་ཕྱིན་པ་གཅིག་བསྟན་པར་བྱས་པ་དེར་གང་ཐམས་ཅད་བསྟན་པ་ཡིན་ནོ་ཞེས་བྱ་བ་དེའི་དགོངས་པ་གང་ཡིན་ཞེ་ན། གཅིག་ལ་རབ་ཏུ་སྦྱོར་བ་ན་ཐམས་ཅད་ཀྱི་བྱེད་པ་འགྲོ་བར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ལ་སྦྱིན་པ་བྱེད་པ་ནི་ལུས་དང་ངག་བསྡམས་ནས་སྦྱིན་པར་བྱེད་པ་
ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེད་པ་ཡིན་ནོ། །སྦྱིན་པའི་རྒྱུ་དང་འབྲས་བུ་ཤེས་པ་ཉིད་ནི་ཤེས་རབ་ཀྱི་བྱེད་པ་སྟེ། ལྷག་མ་རྣམས་ཀྱི་བྱེད་པ་ལ་ཡང་སྦྱར་བར་བྱའོ། །དེའི་རྒྱུ་དང་འབྲས་བུའི་བྱེ་བྲག་ལས་བརྩམས་པ་ནི་ཤེས་བྱ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་པོ་ཀུན་ཏུ་འགྲོ་བའི་དོན་དང་། གཟུངས་དང་ཏིང་
ངེ་འཛིན་གྱི་སྒོ་ལ་དབང་བའི་དོན་གྱི་བར་དུའོ། །དེ་ལ་ཤེས་བྱ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ནི་ལུས་དང་ས་ལ་ཤེས་བྱའི་རྣམ་པ་རེ་རེ་སྟེ། དེ་ཡང་མ་རིག་པའི་དབང་གིས་མི་ཤེས་པ་ཡིན་པས་དེའི་ཕྱིར་དེ་ལྟ་བུའི་མ་རིག་པའི་གཉེན་པོར་ས་བཅུ་པའོ། །ཡང་ན་དེའི་མི་མཐུན་པའི་ཕྱོགས་རྣམ་པ་བཅུ་ལས་ས་བཅུར་གཞག་
སྟེ། དེའི་མི་མཐུན་པའི་ཕྱོགས་རྣམ་པ་བཅུ་གང་ཞེ་ན། སོ་སོའི་སྐྱེ་བོ་ཉིད་དང་། བདེན་པ་ལ་ལུས་ལ་སོགས་པས་ཕྱིན་ཅི་ལོག་ཏུ་སྒྲུབ་པ་དང་དབུལ་བ་ཉིད་དོ། །ཐོས་པ་དང་། བསམས་པ་དང་། བསྒོམས་པ་བརྗོད་པ་ཉིད་དོ། །ཉོན་མོངས་པ་ཕྲ་བ་ཀུན་ཏུ་རྒྱུ་བ་སྟེ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་
เล่ม ๑๓๔ · หน้า 168b
ལྟ་བ་ལ་སོགས་པས་བསྡུས་པའོ། །དེ་ཡང་ཆུང་བའི་རྣམ་པ་ཉིད་ཀྱི་ཕྱིར་དང་། ཡིད་ལ་བྱེད་པ་དང་བཅས་པའི་དམིགས་པ་ཉིད་ཀྱི་ཕྱིར་དང་། ཀུན་ཏུ་སྤྱོད་པའི་རིང་དུ་སོང་བ་ཉིད་ནི་ཕྲ་བ་ཡིན་པར་རིག་པར་བྱའོ། །ཐེག་པ་དམན་པས་མྱ་ངན་ལས་འདའ་བ་དང་། མཚན་མ་རྒྱ་ཆེན་པོ་ལ་ཀུན་ཏུ་སྤྱོད་པ་
དང་། མཚན་མ་ཕྲ་མོ་ལ་ཀུན་ཏུ་སྤྱོད་པ་དང་། མཚན་མ་མེད་པར་མངོན་པར་འདུ་བྱེད་པ་དང་སེམས་ཅན་གྱི་དོན་བྱེད་པ་ལ་མངོན་པར་འདུ་བྱེད་པ་མེད་པ་དང་། ཐོབ་པར་བྱ་བའི་ཆོས་ལ་གཙོ་བོར་བྱ་བ་མེད་པའོ། །དེ་ལ་སྔོན་དུ་འགྲོ་བའི་དོན་ལས་བརྩམས་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་སྟེ། འདི་ལྟར་
ཆོས་གང་ཡང་བདག་མེད་པའི་བདག་ཉིད་མ་ཡིན་པའོ། །མཆོག་གི་དོན་ཞེས་བྱ་བ་ནི་དེ་ནི་ས་གཉིས་པའི་ཡེ་ཤེས་སོ། །རྒྱུ་མཐུན་པའི་དོན་གྱི་མཆོག་ནི་གོང་དུ་ཐེག་པ་ཆེན་པོའི་ཆོས་བསྟན་པའི་རྒྱུ་མཐུན་པའོ། །མཆོག་ཅེས་བྱ་བ་ནི་ས་གསུམ་པར་གྱུར་པའི་ཡེ་ཤེས་སོ། །གང་ལ་བདག་ཏུ་འཛིན་པ་ཡོད་པ་
དེ་ནི་ཀུན་དུ་འཛིན་པ་ཅན་ཏེ། ཇི་ལྟར་བདག་ཏུ་འཛིན་པ་མེད་པ་ནི་བྱང་གི་སྒྲ་མི་སྙན་ནོ། །དེ་ལ་འདི་ལྟ་བུའི་ཆོས་ཀྱི་དབྱིངས་ཐོབ་པར་གྱུར་པ་ནི་གང་ལ་ཡང་བདག་གིར་འཛིན་པ་འབྱུང་བར་མི་འགྱུར་ཏེ། འདི་ལྟར་དེ་ལྟ་བུའི་ཡེ་ཤེས་ནི་བཞི་པ་ལས་འབྱུང་བར་འགྱུར་རོ། །དེ་ཉིད་རྒྱུ་ཐ་དད་པ་མེད་པ་སྟེ།
ཇི་ལྟར་མིག་ལ་སོགས་པ་སེམས་ཅན་སོ་སོ་ལ་ཡོད་པ་རྣམས་ཉིད་ཐ་དད་པ་མ་ཡིན་པར་ཤེས་པ་དེ་ནི་ལྔ་པའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མ་ཡིན་པ་སྟེ་དག་པ་ཉིད་ཀྱི་ཡེ་ཤེས་དེ་ནི་དྲུག་པའོ། །མདོ་སྡེ་ལ་སོགས་པ་
སྣ་ཚོགས་ཀྱི་དོན་ཐ་དད་པ་མེད་པ་ཉིད་ཀྱི་ཡེ་ཤེས་ནི་བདུན་པའོ། །དེ་ནི་ཉོན་མོངས་པ་སྤངས་པས་བྲི་བ་མེད་ཅིང་སྤེལ་བས་རྣམ་པར་བྱང་བ་ལ་འཕེལ་བ་མེད་པ་དང་། རྒྱུ་མཚན་ལ་དབང་བའི་གནས་དང་། ཞིང་ལ་དབང་བའི་གནས་ཤེས་པ་དེ་ནི་བརྒྱད་པའོ། །དེ་ལ་རྒྱུ་མཚན་ལ་དབང་བ་ནི་འདི་ལྟར་དེ་
འདོད་པར་གྱུར་ན་མཚན་མ་དེ་མངོན་སུམ་དུ་བྱེད་པར་འགྱུར་བའོ། །ཞིང་ལ་དབང་བ་ནི་ཇི་ལྟར་གསེར་གྱི་རང་བཞིན་དུ་སྒྱུར་བར་འདོད་ན་ཡང་དེར་འགྱུར་བ་དེ་ནི་དེ་ལ་དབང་བའོ། །སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་གནས་ནི་དགུ་པའོ། །ལུས་ལ་སོགས་པའི་ལས་ལ་དབང་བའི་གནས་
เล่ม ๑๓๔ · หน้า 169a
ནི་བཅུ་པའོ། །གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བ་ཉིད་ཀྱི་གནས་ཀྱི་དོན་ཀྱང་བཅུ་པ་སྟེ། མ་རིག་པ་འདི་ཡང་ཉན་ཐོས་རྣམས་ཀྱི་ནི་ཉོན་མོངས་པ་ཅན་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ས་ལ་མི་འཇུག་པས་སོ། །དང་པོ་ཉིད་ཀྱིས་ཐམས་ཅད་རབ་ཏུ་རྟོགས་པར་གྱུར་ན། ཡང་ཅིའི་ཕྱིར་
སོ་སོའི་རིམ་པ་གཞག་པར་བྱེད་ཅེས་རྒོལ་བ་ལ་དེས་ལན་གདབ་པའི་ཕྱིར་གང་ལ་གནས་པའི་གནས་པ་དེའི་དབང་གིས་ས་རྣམ་པར་གཞག་པར་བྱ་སྟེ། ཇི་ལྟར་དང་པོ་ཉིད་ཀྱིས་ཐམས་ཅད་ཡང་དག་པར་སོ་སོར་རྟོགས་ན་ཅིའི་ཕྱིར་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། འདི་ལྟར་བདག་དང་གཞན་གྱི་དོན་ཡང་དག་པར་བསྒྲུབ་
པའི་ནུས་པ་དེའི་ཚེ་དང་པོ་ཐོབ་པ་ཡིན་པས་སོ། །ཡང་ཉན་ཐོས་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་མངོན་པར་རྟོགས་པའི་དུས་ན་ནི་བདག་གི་དོན་ཡང་དག་པར་བསྒྲུབ་པའི་ནུས་པ་ནི་ཐོབ་ཀྱི། དེ་དག་གིས་གཞན་གྱི་དོན་གྱི་ནི་མ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་ལྟ་བུ་དེ་ལྟ་བུའི་དགའ་བ་འབྱུང་བར་མི་འགྱུར་རོ། །ཅིའི་
ཕྱིར་དྲི་མ་མེད་པ་ཞེས་བྱ་བ་ནི་གང་གིས་དེ་རང་བཞིན་གྱི་ཚུལ་ཁྲིམས་ཅན་དུ་གྱུར་པ་ཉིད་ཡིན་གྱི། དང་པོ་བཞིན་དུ་སོ་སོར་བརྟགས་པའི་ཚུལ་ཁྲིམས་ཅན་ནི་མ་ཡིན་ནོ། །དེས་ན་འདི་ལྟར་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་རིང་དུ་བྱེད་པའི་ཕྱིར། དེ་ནི་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཉིད་ཡིན་ནོ། །གང་གི་ཕྱིར་ས་གསུམ་པ་ལ་
འོད་བྱེད་པའོ་ཞེས་བྱ་ཞེ་ན་འདི་ལྟར་དེ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ལས་འབྲལ་བར་མི་འགྱུར་ཏེ། དེ་ལས་ཉམས་པ་མེད་པ་ན་ཐེག་པ་ཆེན་པོའི་ཆོས་ཀྱི་སྣང་བ་འབྱུང་བར་འགྱུར་བས་སོ། །གང་གི་ཕྱིར་བཞི་པ་ལ་འོད་འཕྲོ་བ་ཞེས་བྱ་ཞེ་ན། འདི་ལྟར་དེ་ཡིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་གནས་པར་གྱུར་པ་
ན། དེ་ལ་གནས་པར་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྲེག་པར་བྱེད་པས་སོ། །ཅིའི་ཕྱིར་ས་ལྔ་པ་ལ་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་ཞེ་ན། གང་གིས་དེ་བདེན་པར་ཤེས་པའི་རྣམ་པར་མི་རྟོག་པ་དང་། འཇིག་རྟེན་པའི་བཟོ་དང་བསྟན་བཅོས་ལ་སོགས་པ་རྣམ་པར་རྟོག་པ་དང་
བཅས་པ་ཀུན་ཏུ་སྒྲུབ་པར་བྱེད་པ་ན་དེ་དག་འགལ་བས་ཤིན་ཏུ་དཀའ་བ་དང་། དེ་གཉིས་འགལ་བ་ཡང་མངོན་པར་སྒྲུབ་པར་བྱེད་པ་ན་སྡུག་བསྔལ་བས་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །ཡང་གང་གི་ཕྱིར་དྲུག་པ་ལ་མངོན་དུ་གྱུར་པ་ཞེས་བྱ་ཞེ་ན། འདི་ལྟར་དེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལ་
เล่ม ๑๓๔ · หน้า 169b
གནས་པར་གྱུར་པ་ན། །དེ་ནས་དེ་རྣམ་པར་མི་རྟོག་པ་ལ་གནས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་ཀུན་ནས་ཉོན་མོངས་པའི་ཆོས་མ་ཡིན་རྣམ་པར་དག་པའི་ཆོས་ཀྱང་མ་ཡིན། བདུན་པ་མངོན་པར་འདུ་བྱེད་པ་དང་ལྡན་པ་དང་། བརྒྱད་པ་མངོན་པར་འདུ་བྱེད་
པ་མེད་པ་ལ་མངོན་དུ་ཕྱོགས་པར་གྱུར་པས་སོ། །ཅིའི་ཕྱིར་ས་བདུན་པ་ལ་རིང་དུ་སོང་བ་ཞེས་བྱ་ཞེ་ན། འདི་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་དེའི་མཐར་འགྲོ་བར་འགྱུར་བ་ཡིན་པ་དང་། གང་གི་ཕྱིར་མཚན་མ་ཐམས་ཅད་ཀྱིས་མི་བསྐྱོད་པས་མངོན་པར་འདུ་བྱེད་པ་དང་བཅས་པར་གྱུར་པས་སོ། །ཅིའི་ཕྱིར་
ས་བརྒྱད་པ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། མཚན་མ་མེད་པ་དང་། མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པ་སྟེ། རང་གི་ངང་གིས་འཇུག་པའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ས་དགུ་པ་ལ་ལེགས་པའི་བློ་གྲོས་ཞེས་བྱ་ཞེ་ན། ལེགས་པའི་བློ་ནི་ལེགས་པའི་བློ་
གྲོས་ཏེ། འདིར་སོ་སོ་ཡང་དག་པར་རིག་པ་ནི་འདིར་བློ་གྲོས་ཀྱི་སྒྲས་བསྟན་ཏེ། ཡེ་ཤེས་དེ་ནི་འདིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ཅིའི་ཕྱིར་ས་བཅུ་པ་ལ་ཆོས་ཀྱི་སྤྲིན་ཞེས་བྱ་ཞེ་ན། གང་གིས་ཆོས་ཐམས་ཅད་བསྡུས་པ་ལ་དམིགས་པའོ། །འདི་ལྟར་དེ་ལ་ཡེ་ཤེས་ནི་སྤྲིན་ལྟ་བུའོ། །ཏིང་ངེ་
འཛིན་དང་གཟུངས་ཀྱི་སྒོ་རྣམས་ནི་ཆར་གྱི་ཆུ་ལྟ་བུའོ། །དེ་ཡང་ཡེ་ཤེས་དེའི་ཁོང་ན་གནས་པ་སྟེ། འདི་ལྟར་ནམ་མཁའ་སྤྲིན་གྱིས་ཁེབས་པར་བྱས་ནས་གནས་པ་ལྟར་འདྲེས་པའི་ཆོས་ལ་དམིགས་པའི་ཡེ་ཤེས་ཀྱིས་ཀྱང་སྒྲིབ་པ་རྒྱ་ཆེན་པོ་རྣམས་མི་མངོན་པར་བྱེད་དོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་
པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་སྤྲིན་གྱིས་ནམ་མཁའ་རྒྱས་པར་འགེངས་པ་ལྟར་ཆོས་ཀྱི་སྐུས་བྱང་ཆུབ་སེམས་དཔའི་རྟེན་ལ་རྒྱས་པར་འགེངས་སོ། །འདིར་འགེངས་པ་ནི་སྤྲོས་པའོ། །འགྲུབ་པས་ཐོབ་པ་ནི་ཞེས་བྱ་བ་ནི་གང་གིས་ས་འདི་རྣམས་བསྒོམ་པ་ལས་མཐར་ཕྱིན་པར་འགྱུར་བའོ་ཞེས་
བལྟ་བར་བྱའོ། །ཇི་ལྟར་ས་འདི་དག་རེ་རེ་ཞིང་བསྒོམ་པ་སྒོམ་པར་འགྱུར་བ་དེ་བསྟན་པར་བྱ་བ་ནི་ས་རྣམ་པ་ལྔ་སྟེ། ཡང་དེ་ནི་ཞི་གནས་དང་ལྷག་མཐོང་དག་བསྒོམ་པ་ན་དེ་དག་གཉི་ག་ཡང་རྣམ་པ་ལྔས་བསྒོམས་ཏེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་སྐབས་ཐམས་ཅད་འཇིག་པར་བྱེད་
เล่ม ๑๓๔ · หน้า 170a
པ་ཞེས་བྱ་བ་ནི་འདི་ལྟར་གནས་ངན་ལེན་ཞེས་བྱ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་ཐོག་མ་མེད་པའི་དུས་ཅན་གྱི་བག་ཆགས་ཞེས་བྱ་བ་སྟེ། སྒྲིབ་པ་དེའི་ཚོགས་དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་ཀྱི་སྐད་ཅིག་རེ་རེ་ལ་
སྟོབས་ཆུང་བར་བྱེད་པའམ། ཚོགས་འཇིག་པར་བྱེད་པ་ནི་འདིར་འཇིག་པར་བྱེད་པར་བཞེད་དོ། །ཡང་སྟོབས་ཆུང་བར་བྱེད་པ་ནི་འཇིག་པར་བྱེད་པའོ། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བ་སྟེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང་ཞེས་བྱ་བ་ལ་ཕྱོགས་བཅུར་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་
རབ་ཏུ་ཤེས་པ་སྟེ། གཞུང་ཁ་ཏོན་ལེགས་པར་བྱང་བ་བཞིན་ནོ། །རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་བརྟགས་པ་མ་ཡིན་པ་རྣམས་དེ་ལ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་ལ་དགོས་པ་ཡོངས་སུ་གྲུབ་པ་དང་རབ་ཏུ་ལྡན་པ་ནི་འདིའི་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་བརྟགས་པ་མ་
ཡིན་པ་རྣམས་དེ་ལ་ཀུན་ཏུ་འབྱུང་བ་སྟེ། འདིར་སངས་རྒྱས་ཉིད་ནི་དགོངས་པ་ཡོངས་སུ་རྫོགས་པའོ་ཞེས་འདོད་དོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་ཅེས་བྱ་བ་ནི་དེ་ལ་ཡོངས་སུ་རྫོགས་པ་ནི་ས་བཅུ་པའོ། །ཡོངས་སུ་
གྲུབ་པ་ནི་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ལ་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའོ། །གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་འདི་ལྟར་རྒྱུ་དེ་ལས་ཀྱང་སངས་རྒྱས་ཀྱི་སའི་བར་དུ་འཇུག་པར་འགྱུར་བའོ། །གཙོར་ནི་ས་བཅུ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྒོམ་པར་འགྱུར་ཏེ་ཞེས་བྱ་བ་ལ། འདི་ལྟར་
ས་བཅུ་པ་ལས་འབྱུང་བ་བཞིན་དུ་སྟེ། དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འཇུག་པ་ནས་ཇི་སྲིད་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གཙོ་བོར་འཇུག་པས་ན་བཅུ་པོ་དག་ཏུ་བཅུ་བསྟན་པ་ཡིན་ལ། འདི་ལྟར་ཡང་ས་ཐམས་ཅད་ལ་ཐམས་ཅད་ཀྱང་བསྒོམ་པར་བྱ་བ་ཡིན་ནོ། །དྲུག་ཏུ་
ནི་དྲུག་ཅེས་བྱ་བ་ནི་གོ་རིམས་བཞིན་བསྟན་པ་ཡིན་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕྱི་ནས་བསྟན་ལ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་བསྟན་པ་ལྟ་བུ་ནི་མ་ཡིན་ནོ། །ཕྱི་མ་བཞི་ནི་ཞེས་བྱ་བ་ནི་ཇི་ལྟར་བསྟན་པར་བྱ་བ་བཞི་པའོ། །གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་དེར་ཐབས་ལ་
เล่ม ๑๓๔ · หน้า 170b
མཁས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་པོ་དག་ཀྱང་འདུས་པར་འགྱུར་བ་ཉིད་ཡིན་ནོ། །གང་ཡང་བཅུར་བསྟན་པ་དེར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་རྗེས་ལ་ཐོབ་པས་བསྡུས་པ་ཉིད་པས་ནི་དེ་ལས་གཞན་པའི་ཐབས་ལ་མཁས་པ་ལ་སོགས་པའི་ཕ་རོལ་ཏུ་
ཕྱིན་པར་འགྱུར་རོ། །དེས་ན་ཕྱི་མ་རྣམས་ལ་འདི་དག་སྒོམ་པར་འགྱུར་བ་ཡིན་ནོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་དེ་སྟོན་པར་བྱེད་པ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཐུན་མོང་ཉིད་ནི་དགེ་བའི་རྩ་བ་བསགས་པ་རྣམས་སེམས་ཅན་རྣམས་ལ་ཇི་ལྟ་བ་བཞིན་
དུ་འབྱུང་བར་བྱེད་པའོ། །དེ་ཡང་བསྟན་པར་བྱ་སྟེ། གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་བྱ་བ་དེ་ལྟ་བུའི་བསམ་པ་དང་མཐུན་པའོ། །དེས་ན་གང་སུ་དག་དེ་ལྟ་བུའི་སེམས་དང་། དེ་
ལྟ་བུའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་བྱ་བ་དེས་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཐབས་ལ་མཁས་པའི་ཤེས་རབ་དང་སྙིང་རྗེ་དག་བསྟན་ཏེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དགེ་བའི་རྩ་བ་བསགས་པ་རྣམས་སྙིང་རྗེས་ནི་སེམས་ཅན་ཐམས་ཅད་
དང་ཐུན་མོང་དུ་བྱེད་དོ། །ཤེས་རབ་ཀྱིས་ནི་བརྒྱ་བྱིན་ལ་སོགས་པ་ཉིད་དུ་ཡང་ཡོངས་སུ་སྔོ་བར་མི་བྱེད་དོ། །དེས་ན་ཉོན་མོངས་པ་འབྱུང་བར་ཡང་མི་འགྱུར་ཏེ། ཡོངས་སུ་ཤེས་པའི་ཕྱིར་རོ། །འཁོར་བ་ཡང་ཡོངས་སུ་མི་གཏོང་ལ། དེར་ཡང་ཀུན་ནས་ཉོན་མོངས་པ་འབྱུང་བར་མི་འགྱུར་བ་ནི་ཐབས་ལ་
མཁས་པར་འགྱུར་བ་ཡིན་ཏེ། འདི་ནི་ཐབས་ལ་མཁས་པའོ། །གང་སྨོན་ལམ་སྣ་ཚོགས་ཀྱི་རྒྱུའི་དབང་གིས་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་ཀྱི་རྐྱེན་སྡུད་པ་དེ་ལྟ་བུ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཡིན་ཏེ། སྨོན་ལམ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་མ་ལ་
ཞེས་བྱ་བ་ལ་ཕྱི་མའི་རྒྱུ་མཚན་ནི་ཕྱི་མ་སྟེ་འདི་ནི་རྒྱུ་མཚན་བདུན་པ་ཡིན་ཏེ། དེའི་ཚེ་སྨོན་ལམ་སྣ་ཚོགས་བསྒོམ་པས་དེས་ནི་ཕྱི་མ་ལ་འདི་དག་རྣམས་སྒོམ་པར་འགྱུར་བ་ཡིན་ཏེ། དེའི་དབང་གིས་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་ཀྱི་རྐྱེན་སྡུད་པ་འཐོབ་བོ། །མདོ་གཞན་ལས་སྟོབས་གཉིས་བསྟན་པ་ནི་
เล่ม ๑๓๔ · หน้า 171a
སོ་སོར་རྟོག་པའི་སྟོབས་དང་། བསྒོམ་པའི་སྟོབས་སོ། །ཡང་གལ་ཏེ་བསྒོམ་པའི་སྟོབས་མེད་པ་ནི་སོ་སོར་རྟོག་པའི་སྟོབས་ཀྱིས་འཇུག་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་གང་གིས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་ནས་ཕ་རོལ་ཏུ་ཕྱིན་པ་
རྒྱུན་མི་འཆད་པར་འབྱུང་བར་འགྱུར་ཏེ། འདི་དག་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་གང་ཡིན་པ་དེ་བསྟན་པར་བྱ་སྟེ། ཡེ་ཤེས་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་རྣམ་པར་འཇོག་པ་སྟེ། གང་
གིས་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། ལྷན་ཅིག་ཏུ་ཆོས་དང་ལྡན་པའི་དོན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དོན་ཡང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་གཞག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་དེ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལ་ཕ་རོལ་ཏུ་ཕྱིན་
པའི་སྡེ་སྣོད་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དོ། །ས་བཅུ་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཉིད་ཡིན་གྱི་ཉན་ཐོས་ཀྱི་ནི་མ་ཡིན་ནོ། །དེ་བསྡུས་པ་ཉིད་ཀྱི་ཡང་ཕྱིར་ན་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ནི་ས་ཐམས་ཅད་ལ་འབྱུང་བར་འགྱུར་བ་ཡིན་ནོ། །སངས་རྒྱས་ཀྱི་
ཞིང་རབ་འབྱམས་ཐམས་ཅད་དུ་སངས་རྒྱས་བྱུང་བ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བསྒོམས་པ་ཡིན་པའི་ཕྱིར་ས་འདི་རྣམས་ནི་ཤིན་ཏུ་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་རྣམ་གྲངས་དེ་ནི་ཡུལ་གྱི་མཆོག་ཉིད་དུ་བསྟན་ལ་དང་པོར་བསྟན་པ་ཡང་ཡིན་ནོ། །ཡང་ཡུལ་དེ་ནི་ཤིན་ཏུ་གནས་པར་གྱུར་པ་
ཡིན་པ་དང་། ཉེ་བ་ན་གནས་པའི་ཡུལ་གཞན་གྱི་གཙོ་བོར་གྱུར་པ་ཉིད་ཀྱིས་དེ་ནི་མཆོག་ཡིན་ནོ། །གང་ཟག་ལྔ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་རྫོགས་པར་འགྱུར་ཏེ་ཞེས་བྱ་བ་ལ། དེ་ལ་རེ་ཞིག་མོས་པས་སྤྱོད་པས་ན་མོས་པས་སྤྱོད་པ་སྟེ། དེ་ནི་མོས་པས་སྤྱོད་པའི་ས་བསྐལ་པ་གྲངས་མེད་
པ་གཅིག་གིས་རྫོགས་པར་འགྱུར་རོ། །གང་ཡོངས་སུ་རྫོགས་པས་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། དེ་ཁོ་ན་ཉིད་སོ་སོར་རིག་པར་འགྱུར་རོ། །དེ་ནི་ཡང་ས་བཅུ་པོ་ཐམས་ཅད་དུ་ལྷག་པའི་བསམ་པ་རྣམ་པར་དག་པས་སྤྱོད་པར་འགྱུར་རོ། །དེ་ནི་ཡང་ས་དྲུག་པ་ལ་ནི་མཚན་མ་དང་
เล่ม ๑๓๔ · หน้า 171b
བཅས་པར་སྤྱོད་དོ། །བདུན་པ་ལ་ནི་མཚན་མ་མེད་པར་སྤྱོད་ཅིང་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ཏེ། གྲངས་མེད་པ་གཉིས་པས་གྲུབ་པར་འགྱུར་བ་ཡིན་ནོ། །བརྒྱད་པ་ལ་ཞུགས་པ་ནི་མངོན་པར་འདུ་བྱེད་པ་མེད་པ་ཡིན་ཏེ། མངོན་པར་འདུ་བྱེད་པ་མེད་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པ་ནི་མ་ཡིན་
ནོ། །མངོན་པར་འདུ་བྱེད་པ་མེད་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པ་ཉིད་ནི་དགུ་པ་དང་བཅུ་པ་ལ་ཡིན་ཏེ། གང་ཟག་དེའི་ནི་བསྐལ་པ་གྲངས་མེད་པ་གསུམ་པས་སོ། །དེ་ལྟ་བུ་དག་ནི་གང་ཟག་གཅིག་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམ་པར་གཞག་པ་བཞིན་དུ་རྣམ་པར་
གཞག་པའི་ཁྱད་པར་གཞན་རྣམ་པ་ལྔར་འགྱུར་བ་ཡིན་ནོ། །གང་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་སེམས་དཔའ་བསྒོམ་པ་རྫོགས་པར་འགྱུར་ཞེས་བསྟན་པ་དེ་ཐོག་མ་མེད་པའི་དུས་ནས་འཁོར་བ་ན་གནས་པའི་ཚེ་སྦྱིན་པ་ལ་སོགས་པ་བྱིན་པས་ཀྱང་འདི་ལྟར་སངས་རྒྱས་འབྱུང་བ་དང་ཕྲད་པར་
གྱུར་པས་གང་དེ་ལྟ་བུའི་བསྐལ་པ་གྲངས་མེད་པ་གསུམ་པོ་དེ་དང་པོ་གང་ནས་བརྩམས་ནས་བསྟན་པ་ཡིན་ཞེ་ན། དེ་ཚིགས་སུ་བཅད་པས་བསྟན་པར་བྱ་སྟེ། བཟང་དང་སྨོན་པའི་སྟོབས་ཅན་དང་། །ཞེས་བྱ་བ་ནི། དགེ་བའི་རྩ་བའི་སྟོབས་ཅན་དུ་འགྱུར་བ་དང་། སྨོན་ལམ་གྱི་སྟོབས་ཅན་དུ་འགྱུར་བའོ། །དེ་ལ་དགེ་བའི་རྩ་བའི་སྟོབས་
ཅན་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པར་བལྟ་བར་བྱའོ། །སྨོན་ལམ་གྱི་སྟོབས་ཀྱིས་ནི་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པ་ཡིན་པར་བལྟ་བར་བྱའོ། །སེམས་བརྟན་ཁྱད་པར་འགྲོ་བ་ཞེས་བྱ་བ་ནི། སེམས་བསྐྱེད་པ་བརྟན་པ་ཅན་དུ་འགྱུར་བ་དང་ཁྱད་པར་དུ་འགྲོ་
བར་འགྱུར་བའོ། །དེ་ལ་སེམས་བསྐྱེད་པ་བརྟན་པ་ནི། དགེ་བའི་བཤེས་གཉེན་གྱི་དབང་གིས་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བར་བལྟ་བར་བྱའོ། །ཁྱད་པར་དུ་འགྲོ་བ་ཉིད་ནི་སྐྱེ་བ་གཞན་དང་གཞན་དུ་མཐོང་བའི་ཆོས་ཉིད་ལ་དགེ་བ་རྣམས་འཕེལ་བར་འགྱུར་ཞིང་ཉམས་པར་མི་འགྱུར་བར་
བལྟ་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཇི་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཉན་ཐོས་ལ་སོགས་པ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། རབ་ཏུ་དབྱེ་བའི་ཁྱད་པར་དང་། །ཞེས་བྱ་བ་ལ། འདི་ལྟར་ཉན་ཐོས་རྣམས་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཅིག་པུ་ཡོད་ཀྱི་དགེ་
เล่ม ๑๓๔ · หน้า 172a
བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱང་མ་ཡིན། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱང་མ་ཡིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞེས་བྱ་བ་ལ། དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྲོག་གཅོད་པ་ལ་སོགས་པ་ནི་ཐུན་མོང་གིའོ། །ས་བརྐོ་བ་
དང་རྩྭ་གཅོད་པ་ལ་སོགས་པ་ནི་ཐུན་མོང་མ་ཡིན་པ་སྟེ། གང་ཡང་བཅས་པའི་ཁ་ན་མ་ཐོ་བའི་བསླབ་པ་ཕྱི་མ་རྣམས་སོ། །ཉན་ཐོས་ཀྱི་ལྟུང་བར་འགྱུར་བ་དེ་ལ་བྱང་ཆུབ་སེམས་དཔའི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་དབྱར་གྱི་ནང་དུ་ཉན་ཐོས་རྣམས་སོང་བར་གྱུར་ན་ལྟུང་བ་ཡིན་ནོ། །སེམས་ཅན་གྱི་དོན་མཐོང་ལ་
མ་སོང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟུང་བ་ཡིན་ལ། སོང་ན་ནི་ལྟུང་བ་མེད་དོ། །ཁ་ན་མ་ཐོ་བ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཁ་ན་མ་ཐོ་བ་མེད་པས་ཕན་འདོགས་པར་བྱེད་ཀྱི། ཇི་ལྟར་བུད་མེད་ཁྱེར་ལ་ཤོག་ཅེས་བྱ་བ་ལྟ་བུས་ནི་མ་ཡིན་ཏེ། གང་གི་
ཕྱིར་ཡང་དེ་ནི་གཞན་གྱིས་ཡོངས་སུ་གཟུང་བ་ཡིན་པས་ཁ་ན་མ་ཐོ་བ་མེད་པར་ཡང་ཇི་ལྟར་འགྱུར། དེ་བས་ན་དེ་དང་འདྲ་བའི་དོན་གཞན་ཡང་ཡོངས་སུ་སྤངས་ལ་ཁ་ན་མ་ཐོ་བ་མེད་པས་ཕན་གདགས་པར་བྱའོ། །སེམས་ཀྱི་ལྟུང་བ་ཞེས་བྱ་བ་ནི་གང་འདོད་པ་དང་གནོད་སེམས་ལ་སོགས་པའི་རྣམ་པར་རྟོག་པ་
ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟུང་བ་ཡིན་གྱི། ཉན་ཐོས་རྣམས་ཀྱི་ནི་མ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་གསུམ་ནི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་དེ་ཕ་རོལ་ཏུ་ཕྱིན་པ་ལས་ཐ་དད་དུ་རྣམ་པར་གཞག་པར་བྱ་ཞེ་ན། གང་གི་ཕྱིར་ཐ་དད་དུ་རྣམ་པར་གཞག་པར་བྱ་བ་
དེ་བསྟན་པར་བྱ་སྟེ། འདི་ལྟར་བསླབ་པ་རྣམས་ཕན་ཚུན་རྒྱུའི་ངོ་བོ་རྣམ་པར་གཞག་པར་བྱ་སྟེ། ཚུལ་ཁྲིམས་ལ་བརྟེན་ནས་ནི། བསམ་གཏན་བསྐྱེད་པར་བྱ་བ་ཡིན་ནོ། །བསམ་གཏན་ལ་བརྟེན་ནས་ནི་ཤེས་རབ་བསྐྱེད་པར་བྱ་བ་ཡིན་ནོ། །སྣ་ཚོགས་དང་ཚད་མེད་པའི་བསླབ་པ་རྒྱ་ཆེ་བ་ཞེས་བྱ་བ་ནི། བྱང་
ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་སྣ་ཚོགས་པ་དང་ཚད་མེད་པ་སྟེ། གང་གི་ཕྱིར་དེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། དེ་དག་ལ་ཕན་འདོགས་པ་ནི་དགོངས་པའོ། །བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་འདི་ལྟར་དེས་སེམས་ཅན་ཚད་མེད་པའི་བསོད་ནམས་
เล่ม ๑๓๔ · หน้า 172b
ཀྱི་ཚོགས་ཡོངས་སུ་འཛིན་གྱི་ཉན་ཐོས་རྣམས་ཀྱིས་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་དེ་ལ་ཕན་པ་ལ་འགོད་པ་ནི་ཕན་པའི་བསམ་པའོ། །གང་དགེ་བའི་རྩ་བ་འདི་ལ་འབྲས་བུ་ཅི་ཡོད་པ་དེ་གང་ཟག་འདིས་ཐོབ་པར་གྱུར་ཅིག་ཅེས་བྱ་བ་ནི་
བདེ་བའི་བསམ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་རྒྱ་ཆེ་བ་ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་ཁྲིམས་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་འགྱུར་གྱི་ཉན་ཐོས་རྣམས་ཀྱི་ནི་མ་ཡིན་ནོ།། །།བམ་པོ་དྲུག་པ། ཟབ་པ་ཉིད་ནི་གང་བྱང་ཆུབ་སེམས་དཔའ་
ཐབས་ལ་མཁས་པའི་རྣམ་པ་དེ་ལྟ་བུས་ཞེས་བྱ་བ་དེ་ལ། བྱང་ཆུབ་སེམས་དཔའ་ཇི་ལྟ་བ་དེ་ལྟ་བུའི་ཐབས་ལ་མཁས་པའི་རྣམ་པའི་ནུས་པ་ཅན་དུ་འགྱུར་བ་དེ་བསྟན་པར་བྱ་སྟེ། གལ་ཏེ་རེ་ཞིག་འདི་ལྟར་ཤེས་ཏེ། གང་ཟག་འདི་ནི་འདིར་མི་དགེ་བ་མཚམས་མེད་པ་ལ་སོགས་པ་དང་ལྡན་པར་བྱའོ་ཞེས་གལ་ཏེ་
ཕ་རོལ་གྱི་སེམས་ཤེས་པར་གྱུར་ན། གལ་ཏེ་དེ་ལས་བཟློག་པར་བྱ་བའི་ཐབས་གཞན་མེད་ན། འདི་ངེས་པར་འདི་ལྟར་བསད་ན་ནི་བདེ་འགྲོར་འགྲོ་བར་འགྱུར་ལ། ངེས་པར་ལས་འདི་བྱས་ན་ནི་ངེས་པ་ཁོ་ནར་ངན་འགྲོར་འགྲོ་བར་འགྱུར་བར་ཤེས་ཤིང་དེ་ལྟ་བུར་རིག་པར་གྱུར་ན། གང་འདི་ལྟར་སེམས་
བསྐྱེད་པར་བྱ་སྟེ། འདི་ལྟར་ཡང་བདག་གིས་ལས་འདི་བྱས་པས་བདག་ངན་སོང་དུ་འགྲོ་བ་དེ་ནི་འདོད་ཀྱི། འདི་ད་ལྟར་གྱི་སྡུག་བསྔལ་ཅུང་ཟད་ལ་སྦྱར་བས་མ་འོངས་པའི་བདེ་བ་ཐོབ་པར་འགྱུར་བར་བྱའོ་ཞེས་དེས་འདི་ལྟར་སྨན་པ་དང་འདྲ་བའི་སེམས་བསྐྱེད་ནས་བསད་པར་གྱུར་ཀྱང་བསོད་
ནམས་མ་ཡིན་པ་མེད་ཀྱི། བསོད་ནམས་ཉིད་མང་དུ་འཕེལ་བར་འགྱུར་ཏེ། གང་བསོད་ནམས་ཉིད་མང་དུ་འཕེལ་བར་འགྱུར་བ་དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་འགྱུར་བ་སྟེ། འདི་ལྟ་བུ་ནི་ཤིན་ཏུ་ཟབ་པའོ། །གང་ཡང་སྤྲུལ་པའི་ལུས་དང་ངག་གི་ལས་
ཀྱང་བྱང་ཆུབ་སེམས་དཔའི་ཟབ་པའི་ཚུལ་ཁྲིམས་སུ་རིག་པར་བྱ་སྟེ། དེས་རྒྱལ་སྲིད་ཀྱང་བྱེད་ཅིང་སེམས་ཅན་ལ་གཙེ་བ་སྣ་ཚོགས་བསྟན་ནས་སེམས་ཅན་འདུལ་བ་ལ་འགོད་དོ་ཞེས་བྱ་བ་ལ། གང་ཡང་སྤྲུལ་པའི་ངོ་བོ་ཉིད་ནི་སྤྲུལ་པ་སྟེ། འདི་ལྟར་དེ་ཡང་རྒྱལ་པོ་མེ་ཡིས་གཞོན་ནུ་ནོར་བཟངས་ལ་ཇི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด