ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๓ · หน้า 267a
རྫོགས་པར་བྱས་ཏེ། བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་གསུངས་སོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པ་ཡིན་
ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་དུ་འབྱུང་ངོ་། །གནས་དང་གནས་མིན་ཤེས་པ་བཅུ། །ཞེས་བྱ་བ་ལ་གནས་དང་། གནས་མ་ཡིན་པ་ནི་གནས་དང་གནས་མིན་ཏེ། དེ་མཁྱེན་པ་ཉིད་སྟོབས་ཡིན་ནོ། །དེ་ནི་ཤེས་པ་བཅུ་ཡིན་ཏེ། ཤེས་པ་བཅུའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན།
གནས་དང་གནས་མ་ཡིན་པ་ནི་མདོར་བསྡུ་ན་འདུས་བྱས་དང་འདུས་མ་བྱས་སོ། །དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་རྣམས་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་དབྱེའོ། །དེ་བཞིན་དུ་འདུས་མ་བྱས་ཀྱང་དགེ་བ་
དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེའོ། །དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་ཆོས་བཅུ་ཆར་ཡིན་ཏེ། དེ་ཆོས་བཅུ་ཆར་ལ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཤེས་པ་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་གཞི་དང་འདུས་མ་བྱས་དགེ་བའོ། །རྗེས་སུ་
ཤེས་པ་ནི་བདུན་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དྲུག་དང་འདུས་མ་བྱས་དགེ་བའོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་དག་གི་ནི་དྲུག་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སོ། །འགོག་པ་ཤེས་པའི་ནི་གཅིག་སྟེ། འདུས་
མ་བྱས་དགེ་བ་ཁོ་ནའོ། །ལམ་ཤེས་པའི་ནི་གཉིས་ཏེ། ཟག་པ་མེད་པ་དག་གོ། །གཞན་གྱི་སེམས་ཤེས་པའི་ནི་གསུམ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་དང་། ཟག་པ་མེད་པ་མཚུངས་པར་ལྡན་པ་དག་གོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་ཡུལ་ནི་ཆོས་དགུ་ཡིན་ཏེ། འདུས་མ་བྱས་
ལུང་དུ་མ་བསྟན་པ་མ་གཏོགས་སོ། །དེ་ལྟར་བྱས་ན་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ཡང་ཇི་ལྟར་ན་ཆོས་བཅུ་ལ་གནས་དང་གནས་མ་ཡིན་པ་ཞེས་བྱ་ཞེ་ན། སྲིད་པ་ནི་གནས་སོ། །མི་སྲིད་པ་ནི་གནས་མ་ཡིན་པའོ། །ཡང་ན་བུད་མེད་སངས་རྒྱས་ཉིད་བྱེད་པར་
เล่ม ๑๔๓ · หน้า 267b
འགྱུར་བ་གང་ཡིན་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སྐྱེས་པ་བྱེད་བར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡིན་ནོ། །བུད་མེད་ཚངས་པ་ཉིད་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སྐྱེས་པ་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡིན་ནོ་ཞེས་
བྱ་བ་དང་། དེ་བཞིན་དུ་སྡུག་བསྔལ་འགོག་པ་འདི་ནི་གནས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་ཞུགས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ལས་འབྲས་ལ་བརྒྱད་ཅེས་བྱ་བ་ནི་ལས་ཟག་པ་དང་བཅས་པ་དང་དེའི་རྣམ་པར་སྨིན་པ་ནི་
སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པས་བསྡུས་པའི་ཕྱིར་འགོག་པ་དང་ལམ་ཤེས་པ་དག་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པ་དེ་དག་ལ་དམིགས་པའི་ཤེས་པ་བརྒྱད་སྲིད་དོ། །བསམ་གཏན་སྩོགས། །དབང་པོ་མོས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་དག་ལ་བསམ་གཏན་ལ་སོགས་པ་
ཡོད་པས་ན་བསམ་གཏན་ལ་སོགས་པ་སྟེ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའོ། །བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་
པར་འཇུག་པ་དང་འགོག་པའི་སྙོམས་པར་འཇུག་པ་དང་གཉིས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དབང་པོ་ནི་དབང་པོ་རྣམས་སོ། །མོས་པ་ནི་སེམས་ལས་བྱུང་བའོ། །བསམ་གཏན་ལ་སོགས་པ་དང་། དབང་པོ་རྣམས་དང་མོས་པ་དག་ཅེས་ཟླས་དབྱེ་བ་ཡིན་ཏེ། དེ་དག་ལ་ནི་
འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུའོ། །ཇི་ལྟ་ཞེ་ན། བསམ་གཏན་ལ་སོགས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་བྱེ་བྲག་གིས་དེ་དག་ལ་དམིགས་པའི་ཤེས་པ་དགུ་སྲིད་དོ། །དེ་དག་འདུས་བྱས་ཡིན་པའི་ཕྱིར་འགོག་
པ་ཤེས་པ་ནི་མ་ཡིན་ནོ། །དད་པ་ལ་སོགས་པའི་དབང་པོ་དག་ལ་ཡང་དབང་པོ་ཆུང་ངུ་དང་། འབྲིང་དང་ཆེན་པོའི་བྱེ་བྲག་གིས་གཙོ་བོ་དང་གཙོ་བོ་མ་ཡིན་པ་མཁྱེན་པ་གང་ཡིན་པ་དེ་ནི་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་
เล่ม ๑๔๓ · หน้า 268a
བྱེ་བྲག་གིས་ཐ་དད་པ་དེ་དག་ལ་ཡང་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་སྲིད་དོ། །མོས་པ་སྣ་ཚོགས་པ་དེ་དག་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་གསུམ་པ་ཡིན་པས་དེ་དག་ལ་དམིགས་པའི་ཕྱིར་དེ་ཁོ་ན་བཞིན་དུ་འགོག་པ་ཤེས་པ་མ་གཏོགས་
པ་ཤེས་པ་དགུ་སྲིད་དེ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱང་དེ་དང་འདྲའོ། །དེ་ལ་ཁམས་ནི་སློབ་དཔོན་འདུས་བཟང་ན་རེ། སྔོན་གོམས་པའི་བག་ཆགས་ཀྱིས་ཡང་དག་པར་གྲུབ་པའི་བསམ་པ་ལ་བྱའོ་ཞེས་ཟེར་རོ། །དེ་ཡང་སེམས་དང་སེམས་ལས་བྱུང་བ་ཁྱད་པར་ཅན་དེ་དང་དེ་
དག་ཡིན་ཏེ། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ལ་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ལམ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ལམ་ནི་དམྱལ་བ་ལ་སོགས་པར་འགྲོ་
བ་མང་པོ་ཞིག་ཡོད་དེ། དམྱལ་བར་འགྲོ་བའི་ལམ་ནས་ལྷར་འགྲོ་བ་དང་འགོག་པར་འགྲོ་བའི་བར་ཡིན་ནོ། །དེ་ལ་དམྱལ་བར་འགྲོ་བའི་ལམ་གང་ཡིན་པ་དེ་ནི་རྒྱུ་ཡིན་ཏེ་དེ་དག་གིས་བསྒྲུབ་པའི་ཕྱིར་རོ། །ལམ་ནི་སྒྲུབ་པ་ཡིན་པར་རུང་སྟེ། དེས་བྲལ་བསྒྲུབ་པར་བྱེད་ན་འགོག་པ་གོ་ཇི་ལྟ་
ཞེ་ན། དེ་ཡང་སྒྲུབ་པ་ཡིན་ཏེ། དེར་བསྒྲུབ་པའི་ཕྱིར་རོ། །ཡང་ན་བསྒྲུབས་པའི་འབྲས་བུ་ཡིན་པའི་ཕྱིར་སྒྲུབ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ལམ་འབྲས་བུ་དང་བཅས་པར་གཟུང་ན་ནི་ཞེས་བྱ་བ་སྨོས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདིར་རྒྱུན་ཡིན་པར་འདོད་དེ། འདི་
ལྟར་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་འབྱུང་ངོ་། །འཇིག་ཚོགས་འབྱུང་བ་དང་བྲལ་བར་འགྲོ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འབྱུང་བ་ནི་འདིར་ཀུན་འབྱུང་བ་ཡིན་པར་འདོད་དེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་
པོ་ཆེན་པོ་འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ་། །འབྲལ་བ་ནི་འཇིག་ཚོགས་འགོག་པ་ཡིན་ནོ། །འདི་ལ་དེ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཡོད་པས་ན་ཐམས་ཅད་དུ་འགྲོ་བའོ། །འདི་ནི་ཐམས་ཅད་དུ་འགྲོ་བ་ཡང་ཡིན་ལ་ལམ་ཡང་ཡིན་པས་ཐམས་ཅད་དུ་འགྲོ་བའི་
เล่ม ๑๔๓ · หน้า 268b
ལམ་སྟེ། དེ་མཁྱེན་པའོ། །དེ་ཉིད་སྟོབས་ཡིན་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཏེ། དེ་ནི་ཤེས་པ་བཅུ་ཡིན་པར་སྦྱར་བར་བྱའོ། །གལ་ཏེ་ཟག་པ་ཟད་པ་ཤེས་པ་འགོག་པ་ཤེས་པ་ཁོ་ན་ཡིན་ན་ཞེས་བྱ་བ་ནི་ཟག་པ་རྣམས་ཟད་ཅིང་འགག་པར་ཤེས་པ་སྟེ། ཟག་པ་མེད་
པའི་འགོག་པ་ལ་དམིགས་པའི་ཤེས་པ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཤེས་པ་དྲུག་ཡིན་ཏེ། འགོག་པ་ཤེས་པའི་རིགས་ཁོ་ན་ཆོས་ཤེས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པར་བྱས་པའི་ཕྱིར་རོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུད་ལ་ཞེས་བྱ་བ་ནི་ཟག་པ་ཟད་པ་ན་ཤེས་པ་གང་
ཡིན་པ་དེ་ནི་ཟག་པ་ཟད་པའི་ཤེས་པའོ་ཞེས་བྱ་བའི་དོན་ཏེ། ཟག་པ་ཟད་པའི་རྒྱུད་ལ་ནི་ཤེས་པ་ཐམས་ཅད་འབྱུང་བས་ཤེས་པ་བཅུ་ཡིན་ནོ། །གཞན་དུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འཛམ་བུའི་གླིང་ལས་གཞན་དུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །སྟོབས་བཅུ་ནི་
འཛམ་བུའི་གླིང་གི་སྐྱེས་པའི་རྟེན་ཅན་ཡིན་ཏེ། སངས་རྒྱས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཤེས་པ་རྣམ་པ་བཅུ་པོ་དེ་ཉིད་གཞན་གྱི་ནི་སྟོབས་ཞེས་མི་བྱའི་ཞེས་བྱ་བ་ནི་གཞན་ལ་ནི་དེ་ཡོད་མོད་ཀྱི་ཐོགས་པ་ཡོད་པའི་ཕྱིར་སྟོབས་མ་ཡིན་གྱི། གང་ཐོགས་པ་མེད་པ་
དེ་སྟོབས་མ་འདྲེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རབ་ཏུ་འབྱུང་བར་འདོད་པའི་ཕྱིར་བཏང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རབ་ཏུ་འབྱུང་བར་འདོད་པ་ནི་རབ་ཏུ་འབྱུང་བར་འདོད་པའོ། །རབ་ཏུ་འབྱུང་བར་འདོད་པའི་མི་དེ་སླར་བཏང་བ་ན་ནི་རབ་ཏུ་འབྱུང་བར་འདོད་པའི་མི་ཕྱིར་
བཏང་བའོ། །འདི་ནི་ཇི་ལྟར་གཞན་གྱི་ཤེས་པ་ཐོགས་པར་འགྱུར་བའི་དཔེར་བརྗོད་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འདོད་པའི་མི་ཞིག་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པར་བལྟས་ན། མ་མཐོང་ནས་སླར་བཏང་སྟེ་རབ་ཏུ་མ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །
བཅོམ་ལྡན་འདས་ཀྱིས་ནི་གཟིགས་ནས་རབ་ཏུ་བྱུང་ངོ་། །དེའི་དབང་དུ་བྱས་ནས་དགེ་སློང་རྣམས་ཀྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཉིད་ཀྱིས་གང་དགྲ་བཅོམ་པ་ཉིད་འཐོབ་པའི་ལས་དེ་བྱས་ཏེ། ལས་རྣམས་ནི་སའི་ཁམས་ལ་རྣམ་པར་མི་སྨིན།
เล่ม ๑๔๓ · หน้า 269a
ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་གསུངས་སོ། །ཡང་འདི་སྐད་དུ། འབྱུང་ཁུངས་རྡོ་ཡི་གསབ་གསེབ་ན། །བག་ལ་ཞ་བའི་གསེར་བཞིན་དུ། །
ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་མཐོང་། །ཞེས་བྱ་བ་གསུངས་སོ་ཞེས་གྲག་གོ། །སྐྱེ་བ་ལ་སོགས་པའི་མཐའ་མ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འཆི་འཕོ་བའི་མཐའ་མ་ཤེས་པ་བསྡུའོ། །སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱ་བ་ལ། སྲེད་མེད་ཅེས་བྱ་བ་འདི་ནི་
སྟོབས་ཀྱི་མིང་ཡིན་ནོ། །གང་ལ་སྟོབས་དེ་ཡོད་པ་དེ་མིང་སྲེད་མེད་ཀྱི་བུ་ཞེས་བྱ་བ་སྟེ། སྟོབས་མཆོག་དང་ཚན་པོ་ཆེ་བཞིན་ནོ། །བཙུན་པ་ཞེས་བྱ་བ་ནི་དཔེས་སྟོན་པའི་གནས་བརྟན་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སྐུའི་སྟོབས་ཐུགས་ཀྱི་སྟོབས་བཞིན་དུ་མི་འདོད་ན་ཡེ་ཤེས་ཀྱི་སྟོབས་
མཐའ་ཡས་པ་བཟོད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བཟོད་པའི་ངང་ཚུལ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ཚིགས་ན་ཞེས་བཤད་པར་རུས་པའི་ཚིགས་ཀྱི་ཁྱད་པར་ཉེ་བར་དགོད་པའི་ཕྱིར། ཀླུ་མདུད་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སངས་རྒྱས་རྣམས་ཀྱི་ཚིགས་ནི་
ཀླུ་མདུད་པ་ལྟ་བུ་ཡིན་ནོ། །གླུ་མདུད་པ་ནི་ཀླུ་སྦྲེལ་བ་ཡིན་ནོ། །རང་སངས་རྒྱས་རྣམས་ཀྱི་ཚིགས་ནི་ལུ་གུ་རྒྱུད་ལྟ་བུ་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ནི་གཟེར་བུས་བཏབ་པ་ལྟ་བུ་ཡིན་ནོ། །གླང་ཆེན་སྩོགས། བདུན་ཅུས་ཀླགས་པའི་སྟོབས་ཡིན་ནོ། །ཞེས་བྱ་བ་ནི་གླང་ཆེན་ལ་སོགས་པ་
སྟེ། གླང་པོ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་དང་བདུན་ཡིན་ནོ། །དེའི་སྟོབས་བཅུར་བསྒྲེས་པ་སྟེ། ཇི་ལྟ་ཞེ་ན། སྨྲས་པ་གླང་པོ་ཆེ་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་
ཡིན་ནོ། །དེ་བཞིན་དུ་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་ཚན་པོ་ཆེ་གཅིག་གི་སྟོབས་ཡིན་པ་ནས། དེ་བཞིན་དུ་སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུ་གཅིག་གི་སྟོབས་ཡིན་ཏེ། འདི་ནི་གོང་དུ་བཅུར་བསྒྲེ་བའི་ལུགས་ཡིན་ནོ། །གོང་དུ་བཅུ་འགྱུར་དུ་
เล่ม ๑๔๓ · หน้า 269b
སྐྱེད་པ་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཕྱེད་ཡིན་ཞེས་བྱ་བ་ནི་དང་པོར་དེ་ཁོ་ན་བཞིན་དུ་བསྡོམས་ལ་སྟོབས་མཆོག་ལ་སོགས་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ། །དེ་གཉིས་སུ་བསྒྱུར་བ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ནོ། །སློབ་དཔོན་ནི་ཇི་ལྟར་ཆེས་ཆེ་བ་དེ་ལྟར་རུང་ངོ་ཞེས་ཕྱོགས་
སྔ་མ་ཉིད་གཞུང་འཛུགས་ཏེ། གཏན་ཚིགས་ནི་དེ་ལྟ་མ་ཡིན་ན། མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །གཞན་དུ་ན་ལྷས་བྱིན་གྱིས་བསད་པའི་གླང་པོ་ཆེ་ཞབས་ཀྱི་མཐེ་བོས་ར་བ་དང་འོབས་བདུན་འདོར་བར་ཡང་མི་འགྱུར་རོ། །འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་
ཡིན་ཞེས་བྱ་བ་ནི་སྟོབས་འདི་ནི་འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་ཡིན་གྱིས་འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བདུན་ལས་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་གཟུགས་ཡིན་ཞེས་བྱ་བ་ནི་གཞན་དག་ན་རེ་སྟོབས་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་འཇམ་པ་ཉིད་ལ་སོགས་པ་
སྔར་བཤད་པ་དག་ལས་དོན་གཞན་དུ་གྱུར་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་ལྔ་བཅུ་དྲུག་པ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་ཤཱ་རིའི་བུ་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་ཡིན་ཏེ། མི་འཇིགས་པ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །བཞི་གང་ཞེ་ན། ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ན་
ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་ཡང་རུང་འགའ་ཡང་ཆོས་དང་མཐུན་པས་རྒོལ་ཞིང་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་ངས་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་པ་དང་འཇིགས་པ་
མེད་པར་གྱུར་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་། ཚངས་པའི་འཁོར་ལོ་བསྐོར། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་འདི་ནི་མི་འཇིགས་པ་དང་པོ་ཡིན་ནོ། །ཀྱེ་མ་ང་ཟག་པ་ཟད་པ་ལ་འདི་ན་ཟག་པ་འདི་དག་མ་སྤངས་སོ་
เล่ม ๑๔๓ · หน้า 270a
ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གཉིས་པ་ཡིན་ནོ། །འདི་ནི་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ན་བར་དུ་གཅོད་པར་མི་འགྱུར་རོ་
ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གསུམ་པ་ཡིན་ནོ། །འདི་ན་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པའི་ལམ་དུ་གསུངས་པ་ངེས་པར་འབྱིན་པ་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་ལ་སྡུག་བསྔལ་གྱི་མཐར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་མ་
ཡིན་ནོ་ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ཏེ། །འདི་ནི་མི་འཇིགས་པ་བཞི་པ་ཡིན་ནོ་ཞེས་འབྱུང་ངོ་། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་མངོན་
པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། དེ་ཁོ་ན་བཞིན་དུ་ཆོས་རྣམས་རྣམ་པ་བཅུར་ཕྱེ་ནས་སྦྱར་བར་བྱའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཤེས་པ་དྲུག་གམ་བཅུ་དང་ས་བཅུ་གཅིག་གིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་ཟག་པ་ཟད་པར་གྱུར་
པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། འདིར་ཡང་ཁོ་ན་བཞིན་དུ་ཆོས་རྣམས་རྣམ་པ་བཅུར་ཕྱེ་ནས་ཤེས་པ་དྲུག་གམ་བཅུར་སྦྱར་བར་བྱའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་འགོག་པ་དང་། ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་དང་། ས་ཐམས་ཅད་ཀྱིས་
བསྡུས་པ་ཇི་ལྟ་བར་ངས་གང་དག་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་མི་འཇིགས་པ་གསུམ་པ་ཡང་དེ་དང་འདྲའོ། །འདིར་ཡང་དེ་ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཁོ་ན་བར་དུ་གཅོད་པ་ཡིན་
གྱི། འགོག་པ་དང་ལམ་གྱི་བདེན་པས་བསྡུས་པ་ནི་མ་ཡིན་པས། ཤེས་པ་བརྒྱད་དོ་ཞེས་སྦྱར་བར་བྱའོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་འམ་དགུ་དང་། ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ངས་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་
เล่ม ๑๔๓ · หน้า 270b
པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །འདི་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ལམ་འབྲས་བུ་དང་བཅས་པ་གཟུང་ན་ནི་ཤེས་པ་བཅུའོ་དེ་འབྲས་བུ་མེད་པ་གཟུང་ན་ནི་དགུའོ་ཞེས་བྱ་བར་སྦྱར་རོ། །མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་འདི་དག་གིས་ཀྱང་
མི་སྐྲག་པར་འགྱུར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ནི་ཤེས་པ་རྣམས་མི་འཇིགས་པ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་ནི་ཤེས་པས་བྱས་པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེས་འཆད་དོ། །ཡང་ན་མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་ཞེས་བྱ་བ་ནི་འདི་ཐམས་ཅད་སློབ་
དཔོན་གྱི་ཚིག་ཁོ་ན་ཡིན་ཏེ། འདི་ལྟར་དེ་ནི་འཇིགས་པའི་གཉེན་པོས་སེམས་ལས་བྱུང་བའི་ཆོས་ཡིན་ལ་འཇིགས་པ་ཡང་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ཤེས་པ་རྒྱུར་གྱུར་པ་འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་བས་ན་ཇི་ལྟར་ཤེས་པ་ཉིད་མི་འཇིགས་པ་ཡིན་ཏེ། ཤེས་པས་བྱས་
པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེའོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་འཁོར་ལ་རྗེས་སུ་སྟོན་པར་འོས་སོ། །
གསུམ་གང་ཞེ་ན། དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཐུགས་རྗེ་ཅན། དོན་བཞེད་པ་ཕན་པར་བཞེད་པ་ཐུགས་རྗེ་སྟེ། ཉན་ཐོས་རྣམས་ལ་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདི་ནི་ཁྱེད་ལ་བདེ་བར་བྱེད་པ་འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་ཆོས་སྟོན་པར་མཛད་ཅིང་། ཉན་ཐོས་དེ་དག་དེ་ལ་
ཉན་པར་བྱེད། རྣ་བ་གཏོད་པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལས་མི་འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་དགྱེས་པར་ཡང་མི་འགྱུར་གྱི། ཡིད་བདེ་བ་ཡང་མ་ཡིན་ཐུགས་ཡ་ཡ་
པོར་ཡང་མི་འགྱུར་གྱི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་
เล่ม ๑๔๓ · หน้า 271a
དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་དེ་དག་དེ་ལ་ཉན་པར་མི་བྱེད། །རྣ་བ་གཏོད་པར་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་མི་བྱེད། སྟོན་པའི་བསྟན་པ་ལས་
འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ། ཐུགས་མ་རངས་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་
འཕགས་པས་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་ཁ་ཅིག་ནི་དེ་ལ་ཉན་པར་བྱེད་པ་ནས་སྟོན་པའི་
བསྟན་པ་ལས་མི་འགལ་བའི་བར་དུ་བྱེད་ལ། ཁ་ཅིག་ནི་ཉན་པར་མི་བྱེད་པ་ནས་སྟོན་པའི་བསྟན་པ་ལས་འགལ་བའི་བར་དུ་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་དགྱེས་པར་ཡང་མི་འགྱུར། ཡིད་བདེ་བ་ཡང་མ་ཡིན། ཐུགས་ཡ་ཡ་པོར་ཡང་མི་འགྱུར་ལ། ཀུན་ནས་མནར་སེམས་
སུ་ཡང་མི་འགྱུར། །མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ། ཐུགས་མ་རངས་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་
ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡིན་ནོ་ཞེས་འབྱུང་ངོ་། །དྲན་དང་ཤེས་རབ་ཅེས་བྱ་བ་ནི་གཉི་གའི་ངོ་བོ་ཉིད་ཡིན་པར་སྟོན་ཏེ། དྲན་པ་དང་ཤེས་བཞིན་དུ་ཞེས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་ཉན་ཐོས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་གི་
ཚེ་ཉན་ཐོས་ཉོན་མོངས་པ་སྤངས་པ་ཡང་སློབ་མ་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་དག་ལ་ཀུན་དུ་དགའ་བ་སྟེ། རྗེས་སུ་ཆགས་པ་འམ། ཀུན་ནས་མནར་སེམས་ཏེ་ཞེ་སྡང་མི་འབྱུང་ན། ཅིའི་ཕྱིར་འདི་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐུན་མོང་མ་ཡིན་པ་རྣམས་ཞེས་
เล่ม ๑๔๓ · หน้า 271b
བ་ཞེ་ན། བག་ཆགས་དང་བཅས་པར་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཀུན་དུ་དགའ་བ་ལ་སོགས་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །བག་ཆགས་ཞེས་བྱ་བ་འདི་ཅི་ཞེ་ན། ཉན་ཐོས་རྣམས་ལས་གང་ཞིག་གིས་སྔོན་ཉོན་མོངས་པ་གང་སྤྱད་པ་དེའི་དེས་བྱས་པའི་ལུས་དང་ངག་གི་
གཡོ་བར་འགྱུར་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ནི་བག་ཆགས་ཞེས་བྱའོ། །བཙུན་པ་གོ་ཆ་མཐའ་ཡས་ན་རེ་བག་ཆགས་ནི་ལུང་དུ་མ་བསྟན་པའི་སེམས་ཀྱི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས་ཡང་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཉན་ཐོས་རྣམས་གང་གི་ཡིན་པ་ནི་ཉན་ཐོས་
རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་གྱི། ཉན་ཐོས་ཀྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་ཡིན་ནོ། །གུས་པར་ཉན་པ་དང་གུས་པར་མ་ཉན་པ་དང་གཉིས་པོ་དེ་དག་ལ་སྟེ། ཉན་ཐོས་དེ་དག་གུས་པར་ཉན་པ་དང་གུས་པར་མི་ཉན་པ་དང་། གཉི་ག་
དག་ལ་ཉན་པ་དང་ཐོས་པ་དང་ལྡན་པའི་དེ་ཁོ་ན་ལ་དེ་མི་འབྱུང་བ་སྟེ། ཀུན་དུ་དགའ་བ་དང་། ཀུན་ནས་མནར་སེམས་མི་འབྱུང་བ་ཡ་མཚན་རྨད་དུ་བྱུང་བར་རྣམ་པར་གཞག་གི་གཞན་ཉན་ཐོས་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཀུན་རྫོབ་ཤེས་པའི་
ངོ་བོ་ཉིད་མ་ཡིན་གྱི་སྙིང་རྗེ་བཞིན་དུ་ཞེ་སྡང་མེད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་སེམས་ཅན་ཐམས་ཅད་ལ་དམིགས་པར་ཡང་འགྲུབ་པར་མི་འགྱུར་ཏེ། ཁམས་གསུམ་པའི་སེམས་ཅན་ལ་དམིགས་པར་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་སྙིང་རྗེ་ནི་ཁམས་གསུམ་པ་ལ་
དམིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པའི་ཕྱིར། འདོད་པ་ན་སྤྱོད་པའི་སེམས་ཅན་ལ་དམིགས་པ་ཡིན་ཏེ། འདི་ཡང་དེ་དང་འདྲ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་འགྲུབ་པར་མི་
འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ནའི་རྣམ་པ་ཅན་ཡིན་གྱི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་མ་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཅན་དེ་ལྟ་བུར་མི་འགྱུར་བ་ཞིག་ན་
เล่ม ๑๔๓ · หน้า 272a
སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་འདོད་དེ། དེའི་ཕྱིར་ཀུན་རྫོབ་ཤེས་པའི་ངོ་བོ་ཉིད་ཡིན་ནོ། །ཆེན་པོའི་སྒྲར་བརྗོད་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར་འདི་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི། བསོད་
ནམས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱི་
ཚོགས་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་གཉི་གར་གཏོགས་པའི་ཕྱིར་རྣམ་པ་གཉི་ག་ཡིན་ཏེ། བརྩོན་འགྲུས་མེད་པར་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། བཟོད་པ་བསྒོམ་པ་ཡང་མེད་པས་བརྩོན་འགྲུས་ནི་བསོད་ནམས་ཀྱི་
ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་མེད་པར་ཤེས་རབ་མི་འབྱུང་བས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་ཡང་བྱམས་པ་ལ་སོགས་པ་ཚད་མེད་པ་རྣམ་པ་བཞི་བསྒོམ་པའི་ཕྱོགས་དང་མཐུན་པ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་
པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་ཕྱོགས་དང་མཐུན་པའི་བསམ་གཏན་ནི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དག་གིས་ཡང་དག་པར་འགྲུབ་ཅིང་འགྲུབ་
པའི་ཕྱིར། ཐུགས་རྗེ་འདི་ཆེ་བས་ན་ཐུགས་རྗེ་ཆེན་པོའོ། །རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་སྡུག་བསྔལ་གསུམ་ཆར་ལ་ཡང་དམིགས་ཀྱི། སྙིང་རྗེ་བཞིན་དུ་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ལ་དམིགས་པ་ནི་མ་ཡིན་ནོ། །དམིགས་པ་ནི་ཁམས་གསུམ་པའི་
སེམས་ཅན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་དམིགས་ཀྱི། སྙིང་རྗེ་བཞིན་དུ་འདོད་པའི་ཁམས་སུ་སྐྱེས་པ་ཁོ་ན་ལ་དམིགས་པ་ནི་མ་ཡིན་ཏེ། སྤྱོད་ཡུལ་འདོད་པའི་སེམས་ཅན་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །མཉམ་པ་ཉིད་ནི་
เล่ม ๑๔๓ · หน้า 272b
སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པར་འདྲ་བར་འཇུག་སྟེ། དེའི་ཕྱིར་ཡང་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །དེ་བས་ཆེས་ཆེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་
རབ་ཀྱི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་རྣོ་བའི་ཕྱིར་ཏེ། ཇི་ལྟར་དེས་ཐུགས་རྗེ་ཆེ་བ་ལྟར་སྙིང་རྗེ་ནི་དེ་ལྟ་མ་ཡིན་ནོ། །ཐ་དད་དུ་བྱ་བ་ནི་ཁྱད་པར་རོ། །ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། ཐུགས་
རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་སྡུག་བསྔལ་གཅིག་གི་རྣམ་པ་ཅན་ཡིན་པའི་ཕྱིར་ལ། ཐུགས་རྗེ་ཆེན་པོ་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་
ཡིན་པའི་ཕྱིར་ཏེ། འོག་མ་ཐམས་ཅད་ལ་ཡང་གྲངས་བཞིན་དུ་སྦྱར་བར་བྱའོ། །བསམ་གཏན་བཞི་དང་བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དག་ནི་བསམ་
གཏན་དང་པོ་སྨོས་པས་བསྡུས་པའི་ཕྱིར་ས་དྲུག་པ་ཞེས་ནི་མ་བཤད་དོ། །ཐུགས་རྗེ་ཆེན་པོ་ནི་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ཏེ་ཏིང་ངེ་འཛིན་ཐམས་ཅད་ལས་སུ་རུང་བ་ཉིད་ཀྱིས་དེ་ཁོ་ནས་དེ་སྐྱེད་པར་ནུས་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང་། སངས་རྒྱས་ཀྱི་རྒྱུད་ལས་སྐྱེས་པ་ཡིན་
པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་བསྡུའོ། །འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་ལ། ཐུགས་རྗེ་ཆེན་པོ་
ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་འཐོབ་པོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་ཅེས་བྱ་བ་ནི་སྙིང་རྗེ་ནི་ཉན་ཐོས་ལ་སོགས་པར་སྙིང་རྗེ་བར་བྱེད་པ་འབའ་ཞིག་ཏུ་ཟད་པས་ཡིད་ལ་ཉམ་ང་བ་འབའ་ཞིག་ཏུ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་སྟེ་འཁོར་བའི་འཇིགས་པ་ལས་ནི་
เล่ม ๑๔๓ · หน้า 273a
ཡོངས་སུ་མི་སྐྱོབ་པོ། །ཐུགས་རྗེ་ཆེན་པོས་ནི་བཅོམ་ལྡན་འདས་ཐུགས་རྗེ་བར་མཛད་པ་ནི་འཁོར་བའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པོ། །མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེས་ནི་སྡུག་བསྔལ་བ་ཁོ་ན་ལ་སྙིང་རྗེ་བའི་ཕྱིར་མི་འདྲ་བར་སྙིང་རྗེ་བར་
བྱེད་དེ། ཐུགས་རྗེ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་རྗེ་བར་མཛད་པའི་ཕྱིར་རོ། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་ཚེ་རབས་སྔ་མ་དག་གི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སྔར་བཤད་པས་ཡང་དག་པར་འགྲུབ་
པོ། །ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་ཅེས་བྱ་བ་ལ། ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཆོས་ཀྱི་རྒྱུན་གྱི་ཚོགས་སམ་གནས་ཡོངས་སུ་གྱུར་པ་ཡིན་ནོ། །དོན་སྤྱོད་པ་ཞེས་བྱ་བ་ལ། །དོན་ནི་འཇིག་རྟེན་གྱི་མཐོ་རིས་དང་བྱང་གྲོལ་མཛད་པའོ། །དེ་སྒྲུབ་པ་ནི་དོན་སྤྱོད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་གཞན་གྱི་དོན་
མཛད་པའི་རྒྱུ་ཐུགས་རྗེ་ཆེན་པོ་ནི་འདྲའོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །ཇི་ལྟ་ཞེ་ན། ཡུན་ཤིན་ཏུ་རིང་བ་དང་ཡུན་ཐུང་ངུར་འཚོ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དུས་ཇི་ལྟ་བ་བཞིན་དུ་སྐྱེ་དགུ་རྣམས་ཀྱི་ཚེ་རིང་བའི་ཚེ་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་ཚེ་རིང་བར་འབྱུང་ལ། ཐུང་
བའི་ཚེ་ནི་ཐུང་བར་རོ། །དེ་བཞིན་དུ་ཅི་རིགས་པར་འཇིག་རྟེན་གྱི་རྒྱལ་རིགས་བཀུར་བའི་ཚེ་ནི་རྒྱལ་རིགས་སུ་འབྱུང་ལ། བྲམ་ཟེ་བཀུར་བའི་ཚེ་ནི་བྲམ་ཟེར་རོ། །དུས་ཇི་ལྟ་བ་བཞིན་དུ་འོད་སྲུངས་ལ་སོགས་པའི་རིགས་དང་། གཽ་ཏ་མ་ལ་སོགས་པའི་རིགས་སུ་ཡང་འབྱུང་ངོ་། །དེ་བཞིན་དུ་འཇིག་རྟེན་པའི་
བོང་ཚོད་ཆུང་བའི་ཚེ་ནི་སྐུ་བོང་ཚོད་ཆུང་ལ། བོང་ཚོད་ཆེ་བའི་ཚེ་ནི་སྐུ་བོང་ཚོད་ཆེ་བའོ། །རྒྱུ་ཕུན་སུམ་ཚོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་མཚན་ཉིད་དོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ནི་འགྲོ་བའི་དོན་སྤྱོད་པའི་མཚན་ཉིད་དོ། །
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་ཞེས་བྱ་བ་ལ། བསོད་ནམས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་ངོ་བོ་ཉིད་དོ། །ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དག་སྟེ། བསོད་ནམས་དང་ཡེ་ཤེས་དེ་དག་ཐམས་ཅད་ཀྱི་ཚོགས་སོ། །དེ་གོམས་པ་ནི་ཡང་དང་ཡང་དུ་སྦྱོར་བའོ། །
เล่ม ๑๔๓ · หน้า 273b
ཡུན་རིང་པོ་ནས་གོམས་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུའོ། །བར་ཆད་མེད་པའི་གོམས་པ་ཞེས་བྱ་བ་ནི་བར་ཆད་དང་བཅས་པ་མ་ཡིན་པར་རོ། །གུས་པར་བྱས་ཏེ་གོམས་པ་ཞེས་བྱ་བ་ནི་གུས་པ་དྲག་པོས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་
ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པས། ཡེ་ཤེས་ལ་སོགས་པ་ཕུན་སུམ་ཚོགས་པ་བཞིར་འགྱུར་བས་དེ་དག་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱ་བར་རྣམ་པར་གཞག་གོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་འཆད་པར་འགྱུར་ལ། དེ་བཞིན་དུ་སྤངས་པ་ཕུན་སུམ་ཚོགས་པ་དང་།
མཐུ་ཕུན་སུམ་ཚོགས་པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་འཆད་པར་འགྱུར་བས་འདི་དག་ནི་དེའི་ཚེ་ཉིད་ལ་འཆད་པར་འགྱུར་རོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཇི་ལྟ་ཞེ་ན། །ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་
ཐར་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དང་འཁོར་བ་སྟེ། དེ་དག་གི་སྡུག་བསྔལ་ལས་གཏན་དུ་ཐར་པར་མཛད་པ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་ཉན་
ཐོས་ཀྱི་ཐེག་པ་ལ་སོགས་པ་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པའོ། །དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ་ཡང་ན་ཕན་འདོགས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་དེ་ཡིན་ནོ། །མ་བསྟན་པར་མཁྱེན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་གྱིས་སོ། །ཐམས་ཅད་མཁྱེན་
པ་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་མ་ལུས་པར་ཐུགས་སུ་ཆུད་པའི་དོན་གྱིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཀུན་མཁྱེན་པའི་དོན་གྱིས་སོ། །མ་འབད་པར་མཁྱེན་པ་ཞེས་བྱ་བ་ནི་བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པའི་དོན་གྱིས་སོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་
ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཁམས་གསུམ་པ་ཆད་པའི་ཕྱིར་རོ། །གཏན་དུ་སྤངས་པ་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་སོ། །བག་ཆགས་དང་བཅས་ཏེ་སྤངས་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་
เล่ม ๑๔๓ · หน้า 274a
ཅད་སྤངས་པའོ་ཞེས་བྱ་བ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཕྱིའི་ཡུལ་སྤྲུལ་པ་དང་ཡོངས་སུ་བསྒྱུར་བ་དང་། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ལ་སྤྲུལ་པ་ནི་ཕྱིའི་ཡུལ་སྔོན་མེད་པ་འབྱིན་པའོ། །ཡོངས་སུ་བསྒྱུར་བ་ནི་རྡོ་ལ་སོགས་པ་གསེར་
ལ་སོགས་པའི་དངོས་པོར་མཛད་པའོ། །བྱིན་གྱིས་རློབ་པ་ནི་ཡུན་རིང་དུ་གནས་པར་མཛད་པའོ། །སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་ནི་སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པར་མཛད་པ་ལ་མངའ་ཕུན་སུམ་ཚོགས་པས་སོ། །བསྒྲིབས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྒྲིབས་
པ་ལ་གཤེགས་པ་དང་། ནམ་མཁའ་ལ་གཤེགས་པ་དང་། ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པའོ། །ཆུང་ངུར་མང་པོ་འཇུག་པར་མཛད་པ་ནི་ཁྱོད་ཆུང་ངུའི་ནང་དུ་གླང་པོ་ཆེ་ལ་སོགས་པ་མང་པོ་འཇུག་པར་མཛད་པ་སྟེ། བསྒྲིབས་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་བར་གཤེགས་པ་དང་། ཆུང་
ངུར་མང་པོ་འཇུག་པར་མཛད་པ་སྟེ། དེ་དག་ལ་མངའ་ཕུན་སུམ་ཚོགས་པ་ཞེས་བྱ་བར་སྦྱར་རོ། །ཡ་མཚན་གྱི་ཆོས་ནར་མ་རང་བཞིན་གྱིས་འབྱུང་བ་རྣམ་པ་སྣ་ཚོགས་རྣམ་པ་དུ་མ་དེ་དག་ཕུན་སུམ་ཚོགས་པ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གཤེགས་པ་ན་མཐོན་དམན་མཉམ་པར་
འགྱུར་ཏེ་མཐོང་བ་གང་ཡིན་པ་དེ་ནི་དམའ་བར་འགྱུར་ལ། དམའ་བ་གང་ཡིན་པ་དེ་ནི་མཐོན་པོར་འགྱུར་རོ། །ལོང་བ་རྣམས་ཀྱིས་ནི་མིག་འཐོབ་པོ། །འོན་པ་རྣམས་ཀྱིས་ནི་རྣ་བ་འཐོབ་པོ། །སྨྱོན་པ་རྣམས་ཀྱིས་ནི་དྲན་པ་འཐོབ་བོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་ཏེ། ཐམས་ཅད་མདོ་ལས་ཇི་སྐད་
འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །མཚན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུ་དང་། གཙུག་ཏོར་ལ་སོགས་པ་སུམ་ཅུ་རྩ་གཉིས་ཕུན་སུམ་ཚོགས་པའོ། །དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སོར་མོ་ཟླུམ་པ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་
བུ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཕུན་སུམ་ཚོགས་པའོ། །སྟོབས་ཕུན་སུམ་ཚོགས་པ་ནི་སྲེད་མེད་ཀྱི་བུའི་སྟོབས་སོ། །འདིའི་སྐུ་གདུང་རྡོ་རྗེ་ལྟ་བུར་སྲ་བས་ན་སྐུ་གདུང་རྡོ་རྗེ་ལྟར་སྲ་བའོ། །སྐུ་གདུང་རྡོ་རྗེ་ལྟར་སྲ་བའི་ངོ་བོ་སྟེ། དེ་ཕུན་སུམ་ཚོགས་པས་ན་སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་
เล่ม ๑๔๓ · หน้า 274b
པའོ། །དེ་ལྟར་ན་དེ་དག་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་ཀུན་ནས་མདོར་བསྡུས་པ་ཡིན་ཏེ། སྐྱེས་བུ་དམ་པ་རབ་ཏུ་དང་བ་སྐྱེད་པ་གང་སུ་ཡང་རུང་བ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་། སྟོད་པ་དང་། བསྟོད་པར་འགྱུར་བ་དེ་དག་ཐམས་ཅད་ནི་ཕུན་སུམ་ཚོགས་པ་དམ་པ་གསུམ་པོ་
འདི་ཁོ་ནས་སོ། །འདི་ལ་བསྐལ་པ་གྲངས་མེད་པ་དུ་མ་ཡོད་པས་ན་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་གལ་ཏེ་དེ་བྱིན་གྱིས་རློབ་པར་མཛད་ན། དེ་ལྟར་ན་དེ་དག་གི་ཆེ་བའི་བདག་ཉིད་དེ་མཐའ་དག་མཁྱེན་པ་དང་བརྗོད་པར་སྤྱོད་དེ། དེའི་རབ་ཏུ་དབྱེ་བ་མཐའ་ཡས་
པས་ཤིན་ཏུ་མང་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །རེ་ཞིག་དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡོན་ཏན་རྣམས་དང་ཡེ་ཤེས་རྣམས། །མཐུ་དང་ཕན་འདོགས་པ་ཞེས་ཟླས་དབྱེ་བ་ཡིན་ནོ། །མཐའ་ཡས་པ་ཡང་ཡིན་ལ་རྨད་དུ་བྱུང་བ་ཡང་ཡིན་པས་ཞེས་གཞི་མཐུན་པར་བསྡུ་བ་ཡིན་ནོ། །དེ་དག་
ཉིད་རིན་པོ་ཆེ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་དེ་དག་གི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རང་གི་ཡོན་ཏན་དབུལ་བས་རྗེས་སུ་དཔོག་པར་གྱུར་པས་མོས་པ་བཅོམ་ཞིང་དགའ་བ་བཅོམ་པར་གྱུར་པ་རྣམས་ནི་སངས་རྒྱས་ལ་གུས་པའི་བར་དུ་མི་བྱེད་དེ། དད་པར་མི་བྱེད་དོ་ཞེས་བྱ་
བའི་ཐ་ཚིག་གོ། །དད་པ་ཙམ་གྱིས་ཞེས་བྱ་བ་ནི་མི་རྟོགས་པར་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པར་མ་ངེས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པར་ངེས་པ་རྣམས་ལས་ནི་རྒལ་བར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ལྷ་དག་གི་ནང་ན་ཡོད་པས་ན་ལྷའི་ཡིན་ནོ། །འབྲས་བུ་མེད་པ་མ་ཡིན་པ་དང་། ཡིད་དུ་
འོང་བ་དང་། མཆོག་ཏུ་གྱུར་པ་དང་། མྱུར་བ་དང་མཐའ་བཟང་བའི་ཕྱིར་རོ་ཞེས་བྱ་བ་ལ། འབྲས་བུ་མེད་པ་མ་ཡིན་པ་ནི་འབྲས་བུ་འབྱིན་པར་ངེས་པར་གནས་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་ནི་འབྲས་བུ་ལྷའི་ཡུལ་ཡིན་པའི་ཕྱིར་རོ། །འབྲས་བུ་མཆོག་ཏུ་གྱུར་པ་ནི་འབྲས་བུ་མང་བའི་ཕྱིར་རོ། །འབྲས་བུ་
མྱུར་བ་ནི་འབྲས་བུ་མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་མཐའ་བཟང་བ་ནི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་ཡིན་ཏེ། དེ་བཞིན་གཤེགས་པ་ནི་དེ་དག་མངའ་བའི་ཕྱིར་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱའོ། །བྱ་བ་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་ཕན་པའོ། །
เล่ม ๑๔๓ · หน้า 275a
ཅི་རིགས་པར་ཞེས་བྱ་བ་ནི་ཇི་སྲིད་པར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ཉོན་མོངས་པ་མེད་པ་དང་། །སྨོན་ནས་ཤེས་པ་ལ་སོགས་པ་ཁ་ཅིག་ནི་ཉན་ཐོས་དང་ཐུན་མོང་ཡིན་ནོ། །མངོན་པར་ཤེས་པ་དང་། བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་ཁ་
ཅིག་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་བསྡུའོ། །འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ་ཞེ་སྡང་ངམ་ང་རྒྱལ་སྐྱེ་བར་མི་འགྱུར་བ་ཞེས་བྱ་བ་ནི་དེས་བདག་ཉིད་མཐོང་བ་ལ་སོགས་པ་ཡོངས་སུ་སྤོང་
བའི་ཕྱིར་ཏེ། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་ལས་མ་ལངས་པ་དེས་བདག་མཐོང་ནས་འདིའི་འདོད་ཆགས་སྐྱེ་བར་མ་གྱུར་ཅིག །འདིའི་ཞེ་སྡང་དང་། འདིའི་ང་རྒྱལ་དང་། འདིའི་བག་མེད་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བར་མངོན་པར་རྟོགས་པར་གྱུར་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་རྗེས་སུ་མཐུན་པར་
བྱེད་དོ། །འདི་ནི་གཞན་གྱི་སེམས་སྲུང་བའི་ཐབས་ཀྱི་ཁྱད་པར་ཡིན་གྱི། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ་སྐྱེས་པ་ཙམ་ཁོ་ནའི་མཐུས་གཞན་དག་གི་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་བཟུང་ངོ་། །ཉོན་མོངས་པར་མི་བྱེད་པས་ན་ཞེས་བྱ་བ་ནི་ཉོན་མོངས་པར་བྱེད་པར་མི་
འགྱུར་བས་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་བཞི་པ་ནི་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་དེའི་ས་པ་ཁོ་ན་ཡིན་གྱི། ས་གཞན་པ་ནི་མ་ཡིན་ནོ། །ཡོངས་སུ་སྤང་བར་མི་ནུས་སོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་རོ། །ཉོན་མོངས་པ་བཞི་དང་བཅས་པ་ནི་
འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཉོན་མོངས་པ་བཞི་མེད་པ་ནི་ཀུན་དུ་འགྲོ་བ་མཐོང་བས་སྤང་བར་བྱ་བ་དག་ཡིན་ཏེ། ཀུན་དུ་འགྲོ་བ་ནི་རང་གི་ས་མཐའ་དག་ལ་དམིགས་པའི་ཕྱིར་གཞན་གྱི་རྒྱུད་ལ་དམིགས་པ་ཡང་ཡོད་པས་ཡོངས་སུ་སྤང་བར་མི་ནུས་སོ། །དེའི་དམིགས་པ་ཐམས་ཅད་
ཅད་དོ་ཞེས་བྱ་བ་ནི་ཐམས་ཅད་ལ་དམིགས་པས་དམིགས་པ་ཐམས་ཅད་དོ། །ཡང་ན་འདིའི་དམིགས་པ་ཐམས་ཅད་ཡིན་པས་དམིགས་པ་ཐམས་ཅད་དེ་ཉོན་མོངས་པ་མེད་པ་བཞིན་དུ་ཉོན་མོངས་པ་ཙམ་ལ་དམིགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་ལ་སོགས་པ་ལ་དམིགས་པ་ཡང་ཡིན་ནོ་ཞེས་
เล่ม ๑๔๓ · หน้า 275b
བྱ་བའི་ཐ་ཚིག་གོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཞེས་སྨོས་པ་ནི་གཞན་དག་གི་གཞུང་ལུགས་ལྟར་ན་གཟུགས་མེད་པ་ཡང་མཁྱེན་ཏོ་ཞེས་སྟོན་ཏེ། སངས་རྒྱས་རྣམས་ཀྱི་ཡུལ་དུ་མ་གྱུར་པ་ནི་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །སྨོན་ནས་ཤེས་པས་གཟུགས་མེད་པ་རྣམས་མངོན་སུམ་དུ་ནི་མི་ཤེས་
སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྨོན་ནས་ཤེས་པ་ནི་བསམ་གཏན་བཞི་པའི་ས་པ་ཡིན་ཏེ། རང་དང་འོག་སའི་ཡུལ་ཅན་ཡིན་ཞེས་འཆད་པར་འགྱུར་ལ། སྨོས་ནས་ཤེས་པ་ཡང་མངོན་པར་ཤེས་པ་དང་འདྲ་བ་ཡིན་པས་སོ། །རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་ལས་ཞེས་བྱ་བ་དེ་ལ་རྒྱུ་མཐུན་པ་ནི་དམན་
ཞིང་དམན་པ་ཡིན་ནོ། །སྤྱོད་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པ་ཡིན་ནོ། །དེ་ལྟར་ན་འབྲས་བུས་རྒྱུ་རྗེས་སུ་དཔག་ལ། རྒྱུས་ཀྱང་འབྲས་བུ་རྗེས་སུ་དཔག་གོ་ཞེས་བསྟན་པ་ཡིན་ཏེ། དེ་ནས་ཤི་འཕོས་པ་རྣམས་དང་། དེའི་སྙོམས་པར་འཇུག་པ་ཐོབ་པ་རྣམས་ཀྱི་དེ་གཉི་ག་འདིར་
མངོན་སུམ་པ་ཡིན་ནོ། །འདིར་དཔེ་ནི་ཞིང་པ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་ན་ཞིང་པས་འབྲས་བུས་ས་བོན་དང་ས་བོན་གྱིས་འབྲས་བུ་རྟོགས་པ་ལྟ་བུའམ། དཔེར་ན་ཞིང་པས་ཞིང་འདི་ལྟ་བུ་ལུས་ནི་འབྲུ་འདི་ལྟ་བུར་འགྱུར་རོ་ཞེས་བྱ་བར་ཤེས་པའམ། འབྲུ་མཐོང་ནས་འདིའི་ཞིང་ནི་འདི་འདྲའོ་ཞེས་རྗེས་སུ་
དཔག་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ལུས་ཞི་བ་མཐོང་ནས་འདི་ནི་གཟུགས་མེད་པ་ནས་ཤི་འཕོས་པའོ་ཞེས་བྱ་བ་དང་། གཟུགས་མེད་པ་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་རྗེས་སུ་དཔོག་གོ། །སྨོན་པ་སྔར་བཏང་བ་ཞེས་བྱ་བ་ནི་གཏོད་པ་སྔར་བཏང་བ་སྟེ། སྨོན་ཅིང་གཏོད་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་
ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཡུལ་དུ་ཡང་ཇི་ཙམ་ཞིག་གྱུར་པ་དེ་ཙམ་ཤེས་ལ། རང་སངས་རྒྱས་ཀྱི་བར་དུ་ཡང་རང་གི་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་འདིར་བསྟན་པའི་ཆོས་ཡིན་ནོ། །ཆོས་ཞེས་བྱ་བའི་སྒྲ་ནི་
དོན་དུ་མ་སྟེ། འདི་ལྟ་སྟེ། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་རབ་ཏུ་བཤད་དོ་ཞེས་བྱ་བ་དེར་ནི་བཤད་པའི་ཆོས་ཡིན་ནོ། །ཆོས་
เล่ม ๑๔๓ · หน้า 276a
གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་བྱ་བ་དེར་ནི་སྒྲུབ་པའི་ཆོས་ཡིན་ནོ། །ཆོས་ལ་སྐྱབས་སུ་འགྲོའོ་ཞེས་བྱ་བ་དེར་ནི་འབྲས་བུའི་ཆོས་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་བཟློག་པར་མི་ནུས་པའོ། །དེ་བཞིན་
ཞེས་བྱ་བའི་སྒྲ་ནི་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་འདི་གཉིས་ཁོ་ན་དང་སྦྱར་ཏེ། དམིགས་པ་ལ་སོགས་པ་ནི་ལོགས་ཤིག་སྨོས་པའི་ཕྱིར་རོ། །རིགས་པ་དང་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་ཅེས་བྱ་བ་ལ་རིགས་པ་ནི་དོན་དང་འབྲེལ་པའོ། །ཐགས་ཐོགས་
མེད་པ་ནི་ཐོགས་པ་མེད་པའོ། །རིགས་པ་དང་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ནི་རིགས་པ་དང་ཐགས་ཐོགས་མེད་པར་མངོན་པར་བརྗོད་པའོ། །དེའི་ངོ་བོ་སྟེ། རིགས་པ་དང་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དེ་ལའོ། །ཏིང་ངེ་འཛིན་ལ་དབང་བ་ནི་ཏིང་ངེ་འཛིན་ལ་དབང་བའོ། །
ཏིང་ངེ་འཛིན་ལ་དབང་བ་གསལ་བར་བྱ་ཞིང་མི་བརྗེད་པར་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་བ་གསལ་བར་བྱའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་དེ་ལ་ཐོགས་པ་མེད་པར་ཤེས་པ་ཡིན་པས་ཁྱད་པར་ཡོད་དོ། །ཇི་ལྟར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཤེས་པ་དགུའི་རང་བཞིན་ཡིན་ཞེ་ན། ངག་ལ་
དམིགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ཆོས་དང་རྗེས་དང་ཟད་པ་དང་། མི་སྐྱེ་བ་དང་། ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ལ། ལམ་ལ་དམིགས་པ་གང་ཡིན་པ་དེ་ནི་ལམ་དང་། ཆོས་དང་། རྗེས་དང་། ཟད་པ་དང་། མི་སྐྱེ་བ་དང་། ཀུན་རྫོབ་དང་། གཞན་གྱི་སེམས་ཤེས་
པའི་རང་བཞིན་ཡིན་པས་མདོར་བསྡུ་ན་ཤེས་པ་དགུའི་རང་བཞིན་ཡིན་ཏེ། འགོག་པ་ཤེས་པ་མ་གཏོགས་སོ། །གལ་ཏེ་དོན་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུ་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པར་ཤེས་པ་བཅུའི་དམིགས་པར་མི་འགྱུར་བའི་ཆོས་གང་ཡིན་པ་དེ་ནི་མེད་དོ། །གལ་ཏེ་དོན་མྱ་ངན་ལས་འདས་པ་
ཡིན་ན་ནི་ཤེས་པ་དྲུག་སྟེ་ཞེས་བྱ་བ་ནི་འགོག་པ་ཤེས་པ་ནི་ཆོས་ཤེས་པ་ལ་སོགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །མིང་གི་ཚོགས་ལ་སོགས་པ་དང་། ངག་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་ལ་སོགས་པ་ཟད་པ་མེད་པ་ནི་སྡུག་བསྔལ་གྱི་ཕྱོགས་གཅིག་གམ། ཀུན་འབྱུང་
เล่ม ๑๔๓ · หน้า 276b
བའི་ཕྱོགས་གཅིག་ལ་རང་གི་མཚན་ཉིད་ཀྱི་རྣམ་པར་མི་དམིགས་སོ། །འོ་ན་ཅི་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྤྱིའི་མཚན་ཉིད་དུ་དམིགས་ཏེ། དེའི་ཕྱིར་ཀུན་རྫོབ་ཤེས་པའི་རང་བཞིན་དག་ཡིན་ནོ། །ཡན་ཆད་ན་མིང་གི་ཚོགས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་ན་ཆོས་
སོ་སོ་ཡང་དག་པར་རིག་པ་མེད་དོ་ཞེས་སྟོན་པར་བྱེད་དེ། གང་ན་མིང་གི་ཚོགས་ཡོད་པ་དེ་ཉིད་ན་ཚིག་དང་ཡི་གེའི་ཚོགས་ཀྱང་ཡོད་དོ་ཞེས་བྱ་བར་ཚུལ་འདྲ་བས་མིང་གི་ཚོགས་མེད་པར་བརྗོད་པས་ཚིག་དང་ཡི་གེའི་ཚོགས་ཀྱང་མེད་པར་གྲུབ་པ་ཡིན་ནོ། །ཡན་ཆད་ན་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་
བསམ་གཏན་གཉིས་པ་ལ་སོགས་པ་ན་སྟེ། མདོ་ལས་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་འདི་དག་ནི་སྙོམས་པར་ཞུགས་པ་ན་ཡང་མིང་དང་དོན་ལ་སོགས་པ་ལ་དམིགས་པ་ཉིད་ཡིན་ལ། ལངས་ནས་ཡང་དེའི་རྗེས་ལ་ཐོབ་པའི་ཤེས་པ་ཐོགས་པ་
མེད་པས་མིང་དང་དོན་ལ་སོགས་པ་ལ་དམིགས་པ་ཉིད་ཡིན་ནོ། །སྨྲ་བ་ནི་དེའི་རྗེས་ལས་ཐོབ་པ་ཁོ་ན་ཡིན་ནོ། །ཕོ་དང་མོ་ལ་སོགས་པའི་ཚིག་བླ་དགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དུས་དང་བྱེད་པ་པོ་ལ་སོགས་པ་བསྡུའོ། །ཚིག་བླ་དགས་ནི་རྣམ་གྲངས་ཡིན་ནོ། །ཡང་ན་དེའི་དབང་དུ་བྱས་
པའི་ཚིག་ནི་ཚིག་བླ་དགས་སོ། །དེ་ལ་ཐགས་ཐོགས་མེད་པར་ཞེས་བྱ་བ་ནི་ཚིག་བླ་དགས་དེ་ལའམ། ཚིག་དང་ཡི་གེའི་ཚོགས་དེ་ལའོ། །དེ་ཉིད་ཀྱིས་འདི་དག་གི་གོ་རིམས་དྲུག་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚིག་དང་ཡི་གེའི་རྗེས་སུ་འབྲངས་ནས་དོན་རྟོགས་པ་དང་། དེའི་གཅིག་དང་། གཉིས་དང་
མང་པོ་དང་། མོ་དང་། ཕོ་ལ་སོགས་པའི་བླ་དགས་དང་། དེ་ལ་ཐགས་ཐོགས་མེད་པར་དེའི་ཕྱིར་གོ་རིམས་དྲུག་པ་ཡིན་ནོ། །དེའི་ཕྱིར་གཟུགས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །སོགས་པས་ན་སེམས་སོ་ཞེས་
འབྱུང་བ་ལ་སོགས་པའི་ངེས་པའི་ཚིག་བསྡུའོ། །ལན་དང་ལན་སྤོབས་པས་ན་སྤོབས་པ་ཡིན་ནོ་ཞེས་བྱ་བ་ནི་བརྩད་པའི་ཚུལ་གྱིས་སོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་སྔོན་གྱི་སྦྱོར་བ་ནི་རྩིས་ཡིན་ནོ། །དོན་སོ་སོ་ཡང་དག་པར་རིག་པའི་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །ངེས་
เล่ม ๑๔๓ · หน้า 277a
པའི་ཚིག་སོ་སོ་ཡང་དག་པར་རིག་པའི་ནི་སྒྲ་རིག་པ་ཡིན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ནི་གཏན་ཚིགས་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །དེ་ནི་རྣམ་དྲུག་ཅེས་བྱ་བ་ནི་བསམ་གཏན་བཞི་པ་ལ་ལ་ནི་ཉོན་མོངས་པ་
མེད་པའི་བདག་ཉིད་ཡིན་ལ། ལ་ལ་ནི་སྨོན་ནས་ཤེས་པའི་བདག་ཉིད་ཡིན་ནོ། །ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་གསུམ་གྱི་བདག་ཉིད་ཡིན་ནོ། །ལ་ལ་ནི་དེ་དག་ལ་མ་གཏོགས་པར་རབ་ཀྱི་མཐའ་པ་འབའ་ཞིག་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་གསུམ་ཞེས་བྱ་བ་ནི་དེ་ན་རྟོག་པ་མེད་པའི་ཕྱིར་
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མ་གཏོགས་ཏེ། དེ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པས་སློང་བར་བྱེད་དོ། །འོ་ན་ཇི་ལྟར་ཁྱད་པར་མེད་པ་དྲུག་པོ་དེ་དག་རབ་མཐའ་པས་ཞེས་དེ་སྐད་དུ་བཤད་ཅེ་ན། དེའི་ཕྱིར་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་དེའི་སྟོབས་ཀྱིས་འཐོབ་པ་ཡིན་གྱི།
དེ་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འོ་ན་ཅི་ཞེ་ན། འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་ཞེས་བྱ་བའི་ཐ་ཚིག་གོ། །ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཞེས་བྱ་བ་ནི་ས་ཀུན་གྱིས་མཐུན་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །འདི་ལ་མཐར་རབ་ཏུ་ཕྱིན་པ་ཡོད་
པའི་ཕྱིར་རབ་ཀྱི་མཐའ་པའོ། །མུ་བཞི་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མུ་བཞི་པ་ནི་དྲི་མ་རྣམ་པ་བཞི་ཡིན་པ་དེ་དང་འདྲའོ། །རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མངོན་པར་ཤེས་པ་དྲུག་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་།
སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །འདིར་མདོ་ནི་འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་
ནས་གཅིག་ཏུ་འགྱུར། །ཞེས་བྱ་བ་ནས་འདི་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་བར་འབྱུང་བ་ཡིན་ཏེ། གཞུང་རྒྱས་པར་ནི། རྫུ་འཕྲུལ་རྐང་པ་ཏིང་ངེ་འཛིན། །ཞེས་བྱ་བ་དེར་བྲིས་པར་བལྟ་བར་བྱའོ། །དེ་བཞིན་དུ་འདི་ན་དགེ་སློང་ལྷའི་རྣ་བ་རྣམ་པར་དག་
เล่ม ๑๔๓ · หน้า 277b
པ་མི་ལས་འདས་པས་མི་དང་མི་མ་ཡིན་པའི་སྒྲ་ཐག་རིང་པོ་ན་ཡོད་པ་གང་དག་ཡིན་པ་འམ། ཐག་ཉེ་བ་ན་ཡོད་པ་གང་དག་ཡིན་པ་ཡང་རུང་གཉི་ག་ཐོས་ཏེ། འདི་ནི་ལྷའི་རྣ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །འདི་ན་དགེ་སློང་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་
པས་སེམས་ཅན་རྣམས་མཐོང་སྟེ་ཞེས་བྱ་བ་ནས་འདི་ནི་ལྷའི་མིག་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་བར་གཞུང་མདོ་མང་པོ་ལས་འབྱུང་བ་བཞིན་ནོ། །འདི་ན་དགེ་སློང་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་
བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་བར་དང་། འདི་ན་དགེ་སློང་སེམས་ཅན་གཞན་དང་གང་ཟག་གཞན་དག་ནི་ཡིད་ཀྱི་རྟོག་པ་དང་དཔྱོད་པ་ཡིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་བྱ་
བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་
དང་། རྣམ་པར་གཡེངས་པ་དང་། ཀུན་དུ་བསྡུས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། རྣམ་པར་མ་ཞི་བ་དང་། རྣམ་པར་ཞི་བ་དང་། མཉམ་པར་བཞག་པ་དང་། རྣམ་པར་བཞག་པ་མ་ཡིན་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། སེམས་
རྣམ་པར་མ་གྲོལ་བ་ལ་སེམས་རྣམ་པར་མ་གྲོལ་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་རྣམ་པར་གྲོལ་བ་ལ་སེམས་རྣམ་པར་གྲོལ་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདི་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་
ཞེས་བྱ་བའོ། །འདི་ན་དགེ་སློང་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་
เล่ม ๑๔๓ · หน้า 278a
བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར། །སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་རྣམ་པར་
གྲོལ་ལོ་ཞེས་བྱ་བར་ཡེ་ཤེས་མཐོང་བར་འགྱུར་ཞིང་། བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདི་ནི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བ་གཞུང་མདོ་
མང་པོ་ལས་འབྱུང་བ་བཞིན་ནོ། །རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཏོ། །དེའི་ཡུལ་ནི་སྤྲུལ་པ་དང་འགྲོ་བ་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པའོ། །དེ་མངོན་དུ་བྱ་བ་ནི་མངོན་སུམ་དུ་འགྱུར་བ་ཡིན་པས་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །ལྷའི་རྣ་བ་དེ་ལས་བྱུང་བའི་ཤེས་པ་སྟེ།
དེ་མངོན་དུ་བྱ་བ་ནི་ལྷའི་རྣ་བ་ཤེས་པ་མངོན་དུ་བྱ་བའིའོ། །སེམས་ཀྱི་རྣམ་གྲངས་ནི་ཁྱད་པར་ཏེ། ཆགས་པ་དང་། སྡང་བ་དང་། རྨོངས་པ་ཞེས་བྱ་བའམ། ཡང་ན་རྣམ་གྲངས་ནི་གོ་རིམས་ཡིན་ཏེ། རེས་འགའ་ནི་ཆགས་སོ། །རེས་འགའ་ནི་སྡང་ངོ་། །རྨོངས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ཤེས་པ་སྟེ། དེ་མངོན་
དུ་བྱ་བའིའོ། །སྔོན་གྱི་གནས་དེ་རྗེས་སུ་དྲན་པ་སྟེ། དེ་ཤེས་པ་དེ་མངོན་དུ་བྱ་བའིའོ། །འཆི་འཕོ་བ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་དག་གོ། །དེ་དག་ཤེས་པ་སྟེ། དེ་མངོན་དུ་བྱ་བའིའོ། །ཟག་པ་རྣམས་ཟད་པ་དེ་ཤེས་པ་སྟེ། དེ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་རེ་རེ་ལ་སྦྱར་བར་བྱའོ། །དེ་
དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ཡིན་པ་དང་འདྲའོ། །སེམས་ལ་ཤེས་པ་ལྔ་ཡིན་ནོ་ཞེས་བྱ་བ་ལ་སེམས་ལ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པའོ། །དེ་ནི་ཤེས་པ་ལྔའི་ངོ་བོ་
ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ནི་ཆོས་དང་། རྗེས་དང་ལམ་དང་གཞན་གྱི་སེམས་ཤེས་པ་ཉིད་སྲིད་ལ། ཟག་པ་དང་བཅས་པ་ནི་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་ཉིད་སྲིད་པའི་ཕྱིར་རོ། །སྟོབས་བཞིན་ནོ་ཞེས་བྱ་བ་ནི་ཟག་པ་ཟད་པའི་སྟོབས་ཤེས་པ་ཇི་ལྟ་
เล่ม ๑๔๓ · หน้า 278b
བ་བཞིན་ནོ། །གལ་ཏེ་ཟག་པ་ཟད་པ་ཤེས་པ་ཟག་པ་ཟད་པ་ལ་དམིགས་པ་ཡིན་ན་ནི་ཤེས་པ་དྲུག་ཡིན་ཏེ། འགོག་པ་ཤེས་པ་ནི་ཆོས་དང་རྗེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བའི་ཕྱིར་ལ། ཀུན་རྫོབ་ཤེས་པ་ཡང་འགོག་པ་ལ་དམིགས་པ་ཉིད་སྲིད་པའི་ཕྱིར་རོ། །གལ་ཏེ་ཟག་པ་ཟད་པའི་
ཤེས་པ་གང་ཡིན་པ་དེ་ཡིན་ན་ནི་ཤེས་པ་བཅུ་སྟེ། ཟག་པ་ཟད་པའི་རྒྱུད་ལ་ཤེས་པ་བཅུ་ཆར་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་ཟག་པ་ཟད་པ་ལ་དམིགས་པར་འགྱུར་བ་མངོན་པར་ཤེས་པ་གང་ཡིན་པ་དེ་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཡིན་ན་ནི་ཤེས་པ་དྲུག་
ཡིན་ཏེ། དེ་དང་འདྲའོ། །གལ་ཏེ་ཟག་པ་ཟད་པའི་མངོན་པར་ཤེས་པ་གང་ཡིན་པ་དེ་ཡིན་ན་ནི་ཤེས་པ་བཅུ་སྟེ། དེ་དང་འདྲའོ། །འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་བྱའོ་ཞེས་བྱ་བ་ནི་སྟོབས་བཞིན་ནོ་ཞེས་སྨོས་པ་འདི་ཁོ་ནས་ཀྱང་དོན་འདིར་འགྱུར་ལ། གང་གི་ཕྱིར་ལྔ་ཁོ་ན་བསམ་
གཏན་བཞི་དག་ནའོ་ཞེས་ངེས་པར་གཟུང་བ་དེའི་ཕྱིར་ཡང་མངོན་པར་ཤེས་པ་དྲུག་པ་འདི་ནི་ས་ཐམས་ཅད་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །རེ་ཞིག་གསུམ་ནི་མེད་དེ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། མིག་གི་མངོན་པར་ཤེས་པ་དག་གོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་དམིགས་པ་
ཡིན་པའི་ཕྱིར་ཏེ། གཟུགས་མེད་པ་རྣམས་ནི་གཟུགས་ཀྱི་འདུ་ཤེས་བཤིག་པའི་ཕྱིར་གཟུགས་ལ་མི་དམིགས་སོ། །གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ཀྱི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཟུགས་ལ་དམིགས་པའི་
ལམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གཟུགས་འདི་འདྲ་བས་ན་སེམས་འདི་འདྲ་བར་འགྱུར་རོ་ཞེས་བྱ་བ་ཡིན་ན། གཟུགས་མེད་པ་རྣམས་ནི་གཟུགས་ལ་མི་དམིགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ཡང་མེད་དེ། མཐར་གྱིས་སྔོན་གྱི་གནས་གཞན་རྗེས་སུ་དྲན་
པས་མངོན་པར་འགྲུབ་པའི་ཕྱིར་རོ། །འདི་ལྟར་མཐར་གྱིས་བདག་ཉིད་ཀྱི་གནས་གཞན་དག་རྗེས་སུ་དྲན་པས་སྒྲུབ་པར་བྱེད་ན། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་འཆད་པར་འགྱུར་བས་གཟུགས་མེད་པ་རྣམས་ཀྱང་འདོད་པ་ན་སྤྱོད་པའི་ཆོས་ལ་
เล่ม ๑๔๓ · หน้า 279a
མི་དམིགས་ལ། བདག་ཉིད་ཀྱི་གནས་གཞན་འདོད་པ་ན་སྤྱོད་པ་དེ་དག་ཀྱང་མངོན་པར་བསྒྲུབ་པའི་དུས་ན་དེའི་དམིགས་པ་ཡིན་པས་དེའི་ཕྱིར་དེའི་ས་པ་མེད་དོ། །གནས་དང་རུས་ལ་སོགས་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་ནས་ཤི་འཕོས་ནས་ཀྱང་ཆེ་གེ་མོ་ཞིག་ཏུ་
སྐྱེས་སོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟར་མདོ་ལས། གང་དུ་བདག་མིང་འདི་ཞེས་བྱ། རིགས་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེའི་མཐའ་ན་འདི་སྲིད་
ཅིག་ཡིན་པར་གྱུར་ན། སེམས་ཅན་ནི་དེ་དག་བྱུང་ངོ་། །བདག་གནས་དེ་ནས་ཤི་འཕོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གླེང་གཞི་དང་བཅས་པར་རྗེས་སུ་དྲན་ནོ་ཞེས་
གསུངས་ན། གཟུགས་མེད་པ་རྣམས་ནི་གནས་དང་རུས་ལ་སོགས་པ་ལ་དམིགས་པ་དང་། ས་འོག་མ་ལ་དམིགས་པ་མ་ཡིན་པས་འདིའི་ཕྱིར་ཡང་གཟུགས་མེད་པའི་ས་པ་མ་ཡིན་ནོ། །ཇི་ལྟར་གཞན་གྱི་སེམས་ཤེས་པ་གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་ཞེ་ན།
དེའི་ཕྱིར་གཞན་གྱི་སེམས་ཤེས་པར་འདོད་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཏོད་ཅེས་བྱ་བ་ནི་གཏོད་པར་བྱེད་པའོ། །མཚན་མ་བཟུང་ནས་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་ཡོངས་སུ་བཅད་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ལུགས་ལས་བཟློག་སྟེ་ཞེས་བྱ་བ་ནི་སེམས་དེའི་ལུགས་ལས་བཟློག་པ་སྟེ།
འགགས་མ་ཐག་པའི་གནས་སྐབས་གཞན་རྣམས་ཡིད་ལ་བྱེད་དོ། །ཐོད་རྒལ་དུ་ཡང་དྲན་ནོ་ཞེས་བྱ་བ་ཚེ་གཅིག་གམ་གཉིད་ཐོད་རྒལ་དུ་རྒལ་ནས་ཀྱང་དྲན་ནོ། །གནས་གཙང་མ་རྣམས་ཇི་ལྟར་དྲན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ནའོ། །གནས་གཙང་མ་རྣམས་འདིར་འོང་བ་
ནི་མེད་དེ་ཕྱིར་མི་འོང་བ་ཡིན་པའི་ཕྱིར་རོ། །དེས་ན་འདིར་དེ་དག་ཉམས་སུ་མྱོང་བ་མེད་དོ། །དེར་ཡང་མ་ཡིན་ཏེ་སོ་སོའི་སྐྱེ་བོ་རྣམས་དེར་མི་སྐྱེ་བའི་ཕྱིར་རོ། །ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ་ཞེས་བྱ་བ་ནི་དེས་གནས་གཙང་མ་པའི་ལྷ་རྣམས་ནི་འདི་ལྟ་བུ་ཡིན་ནོ་ཞེས་ཐོས་པས་སོ། །ཉམ་སུ་མྱོང་བ་རྣམ་
เล่ม ๑๔๓ · หน้า 279b
གཉིས་ཏེ། །མཐོང་བས་ཉམས་སུ་མྱོང་བ་དང་། །ཐོས་པས་ཉམས་སུ་མྱོང་བའོ། །ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་བསྐྱེད་དོ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ནི་བསམ་གཏན་གྱིས་བསྡུས་པ་ཡིན་པས་དེས་གཟུགས་མེད་པ་ན་སྤྱོད་པའི་སེམས་མི་འཛིན་ན་ནི་ཇི་ལྟར་ཕ་རོལ་པོའི་རྒྱུད་
ལ་བརྟེན་ནས་སྐྱེད་ཅེ་ན། ཕ་རོལ་པོའི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པའི་མཚན་མ་བཟུང་ནས་ཞེས་བྱ་བ་རྒྱས་པར་སྦྱར་རོ། །གཞན་དག་ཅེས་བྱ་བ་ནི་གང་དག་གཟུགས་མེད་པ་ནས་ཤི་འཕོས་པ་མ་ཡིན་པ་དེ་དག་གི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ནི་རང་གི་རྒྱུད་ལ་བརྟེན་ནས་སྐྱེད་
དེ་སླ་བའི་ཕྱིར་རོ། །རྫུ་འཕྲུལ་ལ་སོགས་པའི་ཞེས་བྱ་བ་ནི་རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། ལྷའི་མིག་གི་མངོན་པར་ཤེས་པ་གསུམ་པོ་དག་གི་སྟེ། གོ་རིམས་བཞིན་དུ་རྫུ་འཕྲུལ་གྱི་སྦྱོར་བ་ནི་ཡང་བ་ཡིད་ལ་བྱེད་པ་ཡིན་ནོ། །ལྷའི་རྣ་བའི་སྦྱར་བ་ནི་སྒྲ་ཡིད་ལ་བྱེད་པ་ཡིན་ནོ། །ལྷའི་མིག་གི་ནི་སྣང་
བ་ཡིད་ལ་བྱེད་པ་ཡིན་ནོ། །འདི་དག་ཇི་ལྟར་འཐོབ་ཅེ་ན་ཞེས་བྱ་བ་ནི་འཐོབ་པའི་དབང་དུ་བྱས་ནས་འདྲི་བ་སྟེ། མངོན་སུམ་དུ་འགྱུར་བ་ནི་འདྲིས་པ་དང་མ་འདྲིས་པ་གཉི་ག་ཡང་སྦྱོར་བ་ཁོ་ནས་ཡིན་ནོ། །མ་འདྲིས་པ་རྣམས་ནི་སྦྱོར་བས་ཞེས་བྱ་བ་ནི་བྱེ་བྲག་ཅན་ཏེ་སྔོན་མ་བསྐྱེད་པ་ཐམས་ཅད་དོ། །ཐམས་ཅད་
ཀྱང་སྦྱོར་བས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་འཐོབ་པ་གང་དག་ཡིན་པ་དང་། སྦྱོར་བས་འཐོབ་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་། །སྒྲ་མ་གཏོགས་སོ་ཞེས་བྱ་བ་ནི་སྒྲ་ནི་རྒྱུན་ཆད་པའི་ཕྱིར་སྤྲུལ་པར་མི་བྱེད་དེ། འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་
བཞི་ཞེས་འཆད་པར་འགྱུར་རོ། །འོ་ན་ཅི་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མིག་གི་མངོན་པར་ཤེས་པའི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ཡིན་ན། འོ་ན་ཇི་ལྟར་ཤི་འཕོས་པ་དང་སྐྱེ་བ་ཤེས་པས་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་ནོ་ཞེས་བྱ་བ་དེ་ལྟ་བུར་ཤེས་ཏེ། མིག་
གི་རྣམ་པར་ཤེས་པས་ནི་ངག་དང་ཡིད་ཀྱི་ལས་དང་ལྡན་པར་མི་འཛིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལོག་པར་ལྟ་བ་བསྡུའོ། །དེ་ནི་དེས་མི་ཤེས་སོ་ཞེས་བྱ་བ་ནི་ངག་དང་ཡིད་ཀྱི་ལས་དང་ལྡན་པ་ལ་སོགས་པ་དེ་ནི་མིག་གི་རྣམ་པར་ཤེས་པ་དེས་མི་ཤེས་སོ། །འོ་ན་གང་གིས་ཤེས་ཤེ་ན། དེ་ལས་
เล่ม ๑๔๓ · หน้า 280a
གཞན་པ་མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཡིད་ཀྱི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ཞེས་བྱ་བ་ནི་སྔོན་གྱི་གནས་དང་ཟག་པ་ཟད་པའི་མངོན་པར་ཤེས་པ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་དག་ཡིན་ནོ། །ཇི་ལྟར་
ཟག་པ་ཟད་པའི་མངོན་པར་ཤེས་པ་དྲན་པ་ཉེ་བར་གཞག་པ་བཞིའི་རང་བཞིན་ཡིན་ཞེ་ན། ཤེས་པ་བཅུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་དྲུག་གི་ངོ་བོ་ཉིད་ཡིན་ན་ཡང་ལུས་དང་ཚོར་བ་དང་སེམས་དྲན་པ་ཉེ་བར་གཞག་པ་མ་འོངས་པ་དག་འཐོབ་བོ། །འོ་ན་ཇི་ལྟར་དེ་དག་བསམ་གཏན་བཞི་པའི་
ས་པར་འགྲུབ་ཅེས་བྱ་བ་ནི་མིག་གི་ཤེས་པ་དང་། རྣ་བའི་ཤེས་པ་དང་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ནི་མེད་དེ། མིག་དང་རྣ་བའི་ཤེས་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་དག་ཀྱང་གཉིས་པ་ལ་སོགས་པ་ན་མེད་པའི་ཕྱིར་ཏེ། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་
རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་ཁྱད་པར་འགྱུར་རོ། །རྟེན་གྱི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟེན་མིག་དང་རྣ་བའི་དབང་གིས་དེ་དག་གི་ཤེས་པ་དག་ཀྱང་བསམ་གཏན་བཞི་པའི་ས་པ་ཉིད་ཡིན་ཏེ། མིག་དང་རྣ་བ་དག་ནི་བསམ་གཏན་བཞི་པའི་ས་པར་རྣམ་
པར་གཞག་གོ། །དེ་ནི་གཙོ་བོའམ་ཕལ་ཆེ་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཙོ་བོར་གྱུར་པས་ན་གཙོ་བོ་སྟེ། ཕལ་ཆེ་བ་ཡང་དེ་དང་འདྲའོ། །མངོན་པར་ཤེས་པ་དགེ་བ་ནི་གཙོ་བོར་གྱུར་པས་དེའི་ཕྱིར་དེ་ལ་ལྟོས་ནས་མངོན་པར་ཤེས་པ་བཅུ་ནི་ཤེས་རབ་དགེ་བའི་ཞེས་བསྟན་པར་མཛད་དོ། །ཡང་ན་མངོན་
པར་ཤེས་པ་ཕལ་ཆེར་དགེ་བ་ཡིན་པས་དེའི་ཕྱིར་དེ་སྐད་དུ་བསྟན་ཏེ། མོན་སྲེན་སྡེའུ་ལ་སོགས་པ་ཡོད་བཞིན་དུ་ཡང་མོན་སྲན་གྲེའུའི་ཕུང་པོ་ཞེས་ཐ་སྙད་འདོགས་པ་བཞིན་ནོ། །སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་བྱ་བ་ནས་གོ་རིམས་བཞིན་དུ་ཞེས་བྱ་བའི་བར་འབྱུང་བ་ནི་རེ་ཞིག་
སྐལ་ལྡན་ཁྱད་པར་ཅན་ལ་སོགས་པ་ན་རེ་སྔོན་གྱི་གནས་རྗེས་སུ་དྲན་པས་ནི་སྔོན་གྱི་མཐའ་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་པས་ནི་བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །ཟག་པ་ཟད་པའི་མངོན་པར་ཤེས་པས་ནི་འདི་ལས་སྲིད་པ་གཞན་མི་ཤེས་སོ་
เล่ม ๑๔๓ · หน้า 280b
ཞེས་ཕྱི་མའི་མཐའ་ལ་ཀུན་དུ་རྨོངས་པ་སེལ་བར་བྱེད་དོ་ཞེས་ཟེར་ཏེ། འཆད་པར་བྱེད་པ་དེ་དག་གི་བསམ་པ་ནི་དུས་ཀྱི་རིམ་པ་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་ཞེས་བྱ་བ་ཡིན་པས་དེ་ལྟ་བས་ན་དོན་གྱི་ཚུལ་ནི་དེ་ལྟ་བུ་ཡིན་ནོ་སྙམ་པ་ཡིན་ནོ། །སློབ་དཔོན་འདུས་
བཟང་ན་རེ། སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་བྱ་བ་སྔོན་གྱི་གནས་མངོན་པར་ཤེས་པས་ནི་སྔོན་གྱི་མཐའ་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་པས་ནི་ཕྱི་མའི་མཐའ་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ།། །།བམ་པོ་ལྔ་
བཅུ་བདུན་པ། ཟག་པ་ཟད་པའི་མངོན་པར་ཤེས་པས་ནི་བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །དེའི་ཕྱིར་གསུམ་ཁོ་ན་རིག་པ་ཉིད་ཡིན་ཏེ། སྔ་མས་ནི་བདག་དང་གཞན་གྱི་རྒུད་པ་མཐོང་ནས་ཀུན་དུ་སྐྱོ་བ་སྐྱེ་བའི་ཕྱིར་རོ། །བར་མས་ནི་གཞན་ཁོ་ནའི་སྟེ། དེ་ལྟར་ཀུན་དུ་སྐྱོ་ན་གསུམ་པས་ཡང་དག་
པའི་དོན་རྟོགས་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་གང་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། སློབ་དཔོན་འདུས་བཟང་གིས་བཤད་པ་ཁོ་ན་རིག་པའི་ངོ་བོ་ཡིན་པར་བལྟ་བར་བྱའོ། །སློབ་དཔོན་གྱི་དགོངས་པ་ཡང་དེ་ལྟ་བུ་ཉིད་ཡིན་པར་མངོན་ཏེ། འདི་ལྟར་སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་
ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ་ཞེས་བཤད་ནས། འདི་དག་གིས་ནི་གོ་རིམས་བཞིན་དུ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ་ཞེས་བཤད་དོ། །མངོན་པར་ཤེས་པ་གསུམ་ཁོ་ན་རིག་པ་གསུམ་ཡིན་ནོ་ཞེས་
བྱ་བ་ཅི་མངོན་ཞེ་ན། འདི་ལྟར་མདོ་ཉིད་ལས་འདི་སྐད་དུ་མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང་། མི་སློབ་པའི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་རིག་པ་དང་། མི་སློབ་པའི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་ཞེས་འབྱུང་བས་རིག་པ་གསུམ་དུ་
རྣམ་པར་གཞག་པའི་ཕྱིར་ལ། འདི་སྐད་དུ་སྡེ་སྣོད་གསུམ་པ་ཡིན། རིག་པ་གསུམ་ཡིན་ཞེས་ཀྱང་འབྱུང་བས་སོ། །མི་སློབ་པའི་རིག་པ་ཡིན་ནོ་ཞེས་བྱ་བ་ནི། ཟག་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་གཉིས་ནི་ཞེས་བྱ་བ་ནི་སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བའི་མངོན་པར་ཤེས་
เล่ม ๑๔๓ · หน้า 281a
པ་དག་ནི་ཟག་པ་ཟད་པ་དང་བཅས་པའི་ཕྱིར་སློབ་པ་ཡང་མ་ཡིན་ལ་མི་སློབ་པ་ཡང་མ་ཡིན་ནོ། །གོ་རིམས་བཞིན་དུ་ཆོ་འཕྲུལ་གསུམ་ཡིན་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་གྱི་མངོན་པར་ཤེས་པ་དག་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཀྱི་མངོན་པར་ཤེས་པ་
ནི་ཀུན་རྗོད་པའི་ཆོ་འཕྲུལ་ཏེ། ཁྱོད་ཀྱི་སེམས་ནི་འདི་འདྲའོ་ཞེས་བྱ་བ་ཡིན་ནོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞེ་འགྲས་པ་དང་བར་མར་གནས་པ་རྣམས་ཀྱི་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་
བརྟེན་ནས་བཤད་པ་ཡིན་ནོ། །མི་འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་ཟག་པ་ཟད་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །འབྱོར་པར་བྱེད་ཅེས་བྱ་བ་ནི་འགྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཐག་རིང་པོ་ལ་ཉེ་བར་མོས་ནས་ཞེས་བྱ་བ་ནི་མོས་པས་གྲུབ་པ་ནི་མོས་པ་ལས་བྱུང་བ་སྟེ། ཐག་རིང་པོ་
གང་ཡིན་པ་དེ་ཉེ་བར་མོས་ཤིང་དེས་མྱུར་དུ་འགྲོ་བའི་ཕྱིར་མོས་པ་ལས་བྱུང་བ་ཞེས་བྱའོ། །ཕྱིའི་སྐྱེ་མཆེད་བཞི་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ནི་སྤྲུལ་པར་མི་བྱེད་དེ། དེ་སྤྲུལ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་དང་གཞན་གྱི་ལུས་དང་འབྲེལ་པའོ་ཞེས་བྱ་བ་ནི་བདག་ཉིད་
སེང་གེར་བསྒྱུར་བའམ་གླང་པོ་ཆེར་བསྒྱུར་བ་གང་ཡིན་པ་དེ་ནི་བདག་གི་ལུས་དང་འབྲེལ་པ་ཡིན་ནོ། །བདག་ཉིད་ལས་ཕྱི་རོལ་དུ་སེང་གེའམ་གླང་པོ་ཆེར་སྤྲུལ་པ་གང་ཡིན་པ་དེ་ནི་གཞན་གྱི་ལུས་དང་འབྲེལ་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་རྣམ་པ་གཉིས་ཡིན་ཞེས་བྱ་བ་ནི་བདག་དང་གཞན་གྱི་ལུས་དང་
འབྲེལ་པའོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲ་བས་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་ཁམས་སུ་སྐྱེས་པ་སྤྲུལ་པ་འདོད་པ་ན་སྤྱོད་པ་དང་། །གཟུགས་ན་སྤྱོད་པ་དང་རྣམ་པ་གཉིས་སྤྲུལ་པར་བྱེད་ལ། དེ་ཡང་བདག་གི་ལུས་དང་འབྲེལ་པ་དང་། གཞན་གྱི་ལུས་དང་འབྲེལ་པ་དང་རྣམ་པ་གཉིས་ཡིན་པས་
རྣམ་པ་བཞི་ཡིན་པ་དེ་བཞིན་དུ། གཟུགས་ཀྱི་ཁམས་སུ་སྐྱེས་པ་ཡང་རྣམ་པ་བཞི་སྤྲུལ་པར་བྱེད་པས་མདོར་བསྡུ་ན་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །གོས་དང་རྒྱན་བཞིན་དུ་མི་ལྡན་ནོ་ཞེས་བྱ་བ་ནི་དཔེར་ན་གོས་དང་རྒྱན་རང་གི་ལུས་དང་འབྲེལ་པ་དག་ཀྱང་སེམས་ཅན་དུ་མི་བགྲང་བའི་ཕྱིར་རམ། དབང་པོའི་
เล่ม ๑๔๓ · หน้า 281b
རྟེན་དང་མ་འབྲེལ་པའི་ཕྱིར་མི་ལྡན་པ་དེ་དག་འདྲའོ། །སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་གཟུགས་དང་རེག་བྱའི་སྐྱེ་མཆེད་དོ། །དྲི་དང་རོའི་སྐྱེ་མཆེད་ནི་མ་ཡིན་ཏེ། མི་ལྡན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྒྲའི་སྐྱེ་མཆེད་ཀྱང་མ་ཡིན་ཏེ་འཆད་པའི་ཕྱིར་རོ། །གཞན་དག་ན་རེ་བསྣུན་པ་
ལས་འབྱུང་བའི་ཕྱིར་རོ་ཞེས་ཟེར་ཏེ། གློ་བུར་བ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །བསམ་གཏན་གཉིས་པའི་འབྲས་བུ་ནི་གསུམ་སྟེ་ཞེས་བྱ་བ་ནི་ས་འོག་མ་པ་དེ་གཉིས་དང་རང་གི་ས་པའོ། །བཞི་དང་ལྔར་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་ས་པ་ནི་བཞི་སྟེ། ས་འོག་
མ་པ་གསུམ་དང་རང་གི་ས་པའོ། །བསམ་གཏན་བཞི་པའི་ས་པ་ནི་ལྔ་སྟེ། ས་འོག་མ་པ་བཞི་དང་རང་གི་ས་པའོ་ཞེས་བྱ་བ་ཡིན་ནོ། །བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྤྲུལ་པ་པོས་སྤྲུལ་པ་བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་སྤྲུལ་པ་
གང་ཡིན་པ་དེ་ནི་བསམ་གཏན་དང་པོའི་ས་པའི་སྤྲུལ་པ་དེའི་འབྲས་བུ་སྟེ། བསམ་གཏན་དང་པོའི་འབྲས་བུ་ལས་ཁྱད་པར་དུ་འཕགས་ཏེ། སྤྲུལ་པ་བསམ་གཏན་གཉིས་པའི་འབྲས་བུ་དེ་ནི་བསམ་གཏན་གཉིས་པའི་ས་པར་འགྲོ་བའི་བསམ་གཏན་དང་པོའི་འབྲས་བུ་ནི་དེར་མི་འགྲོའོ། །འོ་ན་ཅི་ཞེ་
ན། བསམ་གཏན་དང་པོའི་ས་པ་ཁོ་ནར་འགྲོ་བས། འགྲོ་བའི་བྱེ་བྲག་གི་སྒོ་ནས་ཁྱད་པར་ཡོད་དོ། །དེ་བཞིན་དུ་བསམ་གཏན་གསུམ་པ་ལ་སོགས་པའི་འབྲས་བུ་ལ་ཡང་སྦྱར་བར་བྱའོ། །རྙེད་པ་ནི་བསམ་གཏན་བཞི་ཡིན་ནོ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་རྣམས་ཀྱང་བསམ་གཏན་གྱི་དངོས་གཞི་
དག་བཞིན་དུ་འདོད་ཆགས་དང་བྲལ་བའི་སྒོ་ནས་རྙེད་དོ། །སྤྲུལ་པའི་སེམས་ནི་བསམ་གཏན་དག་པ་པའི་མཇུག་ཐོགས་སུ་སྐྱེ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་མངོན་སུམ་དུ་གྱུར་པ་ན། དང་པོ་གང་ཡིན་པ་དེ་ནི་དག་པ་པ་ལས་སྐྱེའོ། །སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་ཞེས་བྱ་བ་ནི་གཉིས་པ་ལ་
སོགས་པའི་རྒྱུན་གྱི་ཚེའོ། །སྤྲུལ་པའི་སེམས་ལས་ཀྱང་བསམ་གཏན་དག་པ་པ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་ལས་ལངས་པའི་ཚེའོ། །སྤྲུལ་པའི་སེམས་ཞེས་བྱ་བ་ནི་རྒྱུན་གྱི་ཚེའོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་ལ་གནས་པའོ། །ས་གོང་མ་པ་ཞེས་བྱ་
เล่ม ๑๔๓ · หน้า 282a
བ་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་སྟེ། བསམ་གཏན་དང་པོའི་ས་པས་སྨྲར་འཇུག་གོ། །ཡན་ཆད་བསམ་གཏན་གཉིས་པ་ལ་སོགས་པ་ན་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དང་བཅས་པའི་སེམས་མེད་པའི་ཕྱིར་རོ། །
འདི་ལྟར་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ་ཞེས་འབྱུང་བས་སོ། །སྤྲུལ་པའི་སེམས་མེད་པའི་ཕྱིར་སྤྲུལ་པ་མེད་ན་ཞེས་བྱ་བ་ནི་རྒྱུ་མཚན་མེད་ན་རྒྱུ་མཚན་ལས་བྱུང་བ་ཡང་མེད་པས་ཡོད་པ་མ་ཡིན་ན། ཇི་ལྟར་སྤྲུལ་པ་འདི་སྨྲར་འཇུག་སྙམ་དུ་བསམས་པ་ཡིན་ནོ། །བྱིན་གྱིས་བརླབས་ནས་གཞན་
འཇུག་ཕྱིར། །ཞེས་བྱ་བ་ནི་སྤྲུལ་པ་པོ་གནས་པར་འདོད་པས་སྤྲུལ་པའི་སེམས་ཀྱིས་སྤྲུལ་པ་སྤྲུལ་ནས། དེ་ཡང་འདི་གནས་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ནས་དེའི་འོག་ཏུ་གཞན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དང་བཅས་པའི་སེམས་ཀྱིས་སྨྲར་འཇུག་གོ། །
སྔོན་གྱི་བསམ་པའི་རྒྱུན་རྗེས་སུ་འབྲང་བའི་ཕྱིར་ཏེ། དེས་སྔར་སྤྲུལ་པ་སྤྲུལ་པར་བྱའོ། །དེས་བྱིན་གྱིས་བརླབ་པར་བྱའོ། །དེ་སྨར་གཞུག་གོ་སྙམ་དུ་སེམས་ལ་རྣམ་པར་གཞག་པས་སོ། །གནས་སྐབས་གཉིས་ལ་བྱིན་གྱི་རླབས་སྲིད་པའི་ཕྱིར་ཅི་གསོན་པོ་ཁོ་ན་ལ་བྱིན་གྱི་རླབས་ཡོད་དམ་ཞེས་འདྲིའོ། །
འཕགས་པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་འཕགས་པ་འོད་སྲུངས་ཆེན་པོའི་མོས་པས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་བྱ་བ་ནི་ལྷ་ལ་སོགས་པ་རེས་འགའ་ནི་གཞན་དག་ལ་ཕན་གདགས་པའི་ཕྱིར་སྤྲུལ་པར་བྱེད་ལ། རེས་འགའ་ནི་རྣམ་
པར་འཚེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་དག་གིས་བྱས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷ་ལ་སོགས་པས་བྱས་པའི་སྤྲུལ་པའི་བདག་དང་གཞན་དང་འབྲེལ་པ་ནི་སྐྱེ་མཆེད་དགུ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར་ཏེ། འདི་ལྟར་དེ་ལ་སྒྲ་
མེད་པའི་མིག་ལ་སོགས་པའི་སྐྱེ་མཆེད་དང་། གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པས་སོ། །སྒྲ་ནི་རྒྱུན་མེད་པའི་ཕྱིར་སྤྲུལ་པར་མི་བྱེད་དོ། །སེམས་མེད་པ་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ཀྱང་སྤྲུལ་པར་མི་བྱེད་དོ། །སྤྲུལ་པ་སེམས་མེད་དོ་ཞེས་བྱ་བ་ཅི་མངོན་ཞེ་ན། བསྟན་བཅོས་
เล่ม ๑๔๓ · หน้า 282b
ལས་ཏེ། འདི་སྐད་དུ་སྤྲུལ་པ་དེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བརྗོད་པར་བྱའམ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་མ་ཡིན་པ་ཞེས་བརྗོད་པར་བྱ། སྨྲས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ་ཞེས་བརྗོད་པར་བྱའོ། །རྒྱུར་བྱས་པའི་གཟུགས་ཅན་ནམ། རྒྱུར་བྱས་པའི་གཟུགས་ཅན་མ་
ཡིན་པ་ཞེས་བརྗོད་པར་བྱ། སྨྲས་པ་རྒྱུར་བྱས་པའི་འབྲས་བུ་གཟུགས་ཅན་ནོ་ཞེས་བརྗོད་པར་བྱ་སྟེ། སེམས་མེད་པ་ཞེས་ཀྱང་བརྗོད་པར་བྱའོ། །གང་གི་སེམས་ཀྱི་དབང་གིས་འཇུག་ཅེས་བརྗོད་པར་བྱ། སྨྲས་པ། སྤྲུལ་པ་པོའི་སེམས་ཀྱི་དབང་གིས་འཇུག་གོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །
གལ་ཏེ་སྐྱེ་མཆེད་དགུ་པ་སྤྲུལ་པར་བྱེད་ན་དབང་པོ་སྤྲུལ་པའི་ཕྱིར་ཇི་ལྟར་སྔོན་མེད་པའི་སེམས་ཅན་འབྱུང་བར་མི་འགྱུར་ཏེ། དབང་པོ་རྣམས་ནི་སེམས་ཅན་དུ་སྟོན་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དབང་པོ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་གང་གི་ཕྱིར་མིག་ལ་སོགས་པའི་དབང་པོ་ལྔ་རང་དང་གཞན་
གྱི་ལུས་དང་འབྲེལ་པའི་སྤྲུལ་པ་གཟུགས་དང་དྲི་དང་། རོ་དང་རེག་བྱའི་ངོ་བོ་ཉིད་དང་ཐ་མི་དད་པར་གནས་པ་དེའི་ཕྱིར་སྐྱེ་མཆེད་དགུ་པ་ཞེས་བྱ་བའི་དབང་པོ་ནི་སྤྲུལ་པར་མི་བྱེད་དེ། འདི་ནི་གྲུབ་པའི་མཐའ་ཡིན་ནོ། །རང་དང་གཞན་གྱི་ལུས་དང་མ་འབྲེལ་པ་སྤྲུལ་པར་བྱེད་པ་གང་ཡིན་པ་དེ་ནི་སྐྱེ་མཆེད་བཞི་
པ་ཁོ་ན་ཡིན་ནོ། །དཔེར་ན་ང་ལས་གཞོན་ནུ་དང་། སྲིད་པ་བར་མ་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་འདི་གཉིས་ནི་ལས་ལས་སྐྱེས་པའི་རྫུ་འཕྲུལ་གྱི་དཔེར་བརྗོད་པ་ཡིན་ནོ། །དེ་དག་ཅི་ལྷའི་ཁོ་ན་ཡིན་ནམ་ཞེས་བྱ་བ་ནི་ལྷའི་ཞེས་བྱ་བ་སྒྲ་འདི་དངོས་ཤིག་ཡིན་ནམ། འོན་ཏེ་ཉེ་བར་བཏགས་པ་ཞིག་ཡིན་སྙམ་དུ་
སེམས་པ་སྟེ། གལ་ཏེ་དེ་དག་ལྷ་ལ་ཡོད་པས་ན་ལྷའིའོ་ཞེས་བྱ་བའི་དོན་དུ་གཟུང་ན་ནི་སྒྲ་འདི་དངོས་ཡིན་པར་འགྱུར་རོ། །འོན་ཏེ་ལྷའི་དང་འདྲ་བས་ལྷའིའོ་ཞེས་བྱ་བ་ནི་ཉེ་བར་བཏགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བ་དང་། ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་ལྟ་བུ་ཞེས་
བྱ་བ་ནི་ཉེ་བར་བཏགས་པ་ཉིད་ཀྱི་དཔེ་ཡིན་པར་སྟོན་ཏོ། །རྣམ་པར་ཤེས་པ་དང་བཅས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ཉམས་སུ་མྱོང་བའི་སྒོ་ནས་བསྒྲུབ་པའི་ཕྱིར་རྟག་ཏུ་རྣམ་པར་ཤེས་པ་དང་བཅས་པས་བརྟེན་པས་མཚུངས་པ་ཁོ་ན་ཡིན་ནོ། །ཞར་བ་དང་ནོངས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་ཞར་བ་
เล่ม ๑๔๓ · หน้า 283a
ནི་གཏན་མ་ཚང་བའོ། །ནོངས་པ་ནི་ཡོ་བའོ། །ཐམས་ཅད་མི་མཐོང་བ་ཞེས་བྱ་བ་ནི་དོན་གྱིས་ནི་འདི་སྐད་དུ་ལྷའི་མིག་གིས་ནི་རྒྱབ་ལོགས་སུ་ཡང་མཐོང་ལ་མདུན་དུ་ཡང་མཐོང་གི །ལྷའི་མིག་མ་ཡིན་པས་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ལྷའི་རྣ་བ་ལ་སོགས་པ་
བཞི་ཡང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷའི་མིག་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་བསྡུས་ཏེ། ལྷའི་རྣ་བ་ལ་སོགས་པ་བཞི་པོ་འདི་ཡང་སྐྱེ་བས་འཐོབ་པ་ཡོད་དོ། །གང་དག་གིས་ལྷའི་མིག་སྐྱེ་བས་འཐོབ་པ་ཡིན་ཞེ་ན། འདོད་པ་ན་སྤྱོད་པའི་ལྷ་རྣམས་
དང་། ཀླུ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་ཀྱིའོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །རྫུ་འཕྲུལ་གྱིས་འགྲོ་བ་དང་། སྤྲུལ་པ་ཡང་མེད་དོ། །ལྷའི་རྣ་བ་དང་མིག་ཀྱང་འཐོབ་པ་མེད་དོ། །རང་དང་གཞན་གྱི་རྒྱུད་དུ་ཡོངས་སུ་དཔྱོད་པ་མེད་པའི་
ཕྱིར་གཞན་གྱི་སེམས་ཤེས་པ་ཡང་མེད་དོ། །འདོད་པ་དང་གཟུགས་ན་སྤྱོད་པའི་སེམས་ཅན་ལྟ་བུར་སྔོན་གྱི་གནས་རྗེས་སུ་དྲན་པ་ཡང་མེད་དེ། དེ་ལྟ་བུའི་ལུས་ཡང་དག་པར་མི་འགྲུབ་པའི་ཕྱིར་རོ། །ཡང་ན་འདོད་པ་དང་གཟུགས་ན་སྤྱོད་པའི་སེམས་ཅན་ལྟ་བུར་མངོན་པར་ཤེས་པ་ཐམས་ཅད་ཀྱང་
མེད་དེ། དེ་ལྟ་བུའི་ལུས་ཡང་དག་པར་མི་འགྲུབ་པའི་ཕྱིར་རོ། །ཇི་ལྟར་བསྒོམས་པའི་འབྲས་བུ་དགེ་བ་ཁོ་ན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་དཔེའོ། །འགྲོ་བ་གཞན་ན་གནས་པས་ནི་རྟག་ཏུ་ཤེས་སོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ན་གནས་པས་ནི་གཞན་གྱི་སེམས་ཤེས་པ་
དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དེ་དག་གིས་དེ་རྟག་ཏུ་ཤེས་ཏེ། སྡུག་བསྔལ་གྱི་ཚོར་བས་མཉེན་པའི་ཕྱིར། མི་ལ་སྐྱེ་བས་ཐོབ་པ་མེད། ཅེས་བྱ་བ་ནི་མི་རྣམས་ཀྱི་རྫུ་འཕྲུལ་ལ་སོགས་པ་ཇི་སྐད་བཤད་པ་དེ་ནི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་། རྟོག་གེ་དང་། རིག་པ་དང་། སྨན་གྱི་
ལས་ཀྱིས་བྱས་པ་ནི་ཡོད་ཀྱི། །སྐྱེས་ནས་ཐོབ་པ་ནི་མེད་དོ། །འོ་ན་རང་བཞིན་གྱིས་ཚེ་རབས་དྲན་པ་གང་ཡིན་པ་ཇི་ལྟ་བུ་ཞེས་བྱ་བ་ནི་ཚེ་རབས་དྲན་པ་ཉིད་ནི་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་ལ། དེ་ཡང་སྐྱེས་ནས་འབྱུང་བས་ཇི་ལྟར་རོ། །འདི་སྐྱེས་ནས་ཐོབ་པ་མ་ཡིན་སྙམ་དུ་བསམས་པ་ཡིན་ནོ། །
เล่ม ๑๔๓ · หน้า 283b
དེ་དག་གིས་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ཞེས་སྨོས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ནི་ལས་ཀྱི་ཁྱད་པར་གྱིས་འགྲུབ་པ་ཡིན་ནོ། །སྐྱེས་ནས་ཐོབ་པ་ཞེས་བྱ་བ་ནི་གང་ཐམས་ཅད་ཀྱི་སྐྱེས་པའི་དུས་ཉིད་ན་རང་བཞིན་གྱིས་འཐོབ་པ་ཡིན་གྱི་དཔེར་ན་བྱ་རྣམས་ནམ་མཁའ་ལ་འགྲོ་བ་
ལྟ་བུ་སྐྱེས་པའི་དུས་ཀྱི་འོག་ཏུ་ཡང་གང་ཡང་རུང་བའི་ནི་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་དེ་དག་གི་དེ་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ནོ། །ཇི་ལྟ་ཞེ་ན། རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསྒོམས་པའི་འབྲས་བུ་ནི་ཇི་སྐད་དུ་བཤད་པ་ལྟ་བུ་ཡིན་ནོ། །སྐྱེ་བས་ཐོབ་པ་ནི་ལྷ་ལ་
སོགས་པ་ཡིན་ནོ། །ལས་ལས་སྐྱེས་པ་ནི་དཔེར་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ལྟ་བུ་ཡིན་ནོ། །ཆོས་མངོན་པའི་འགྲེལ་བཤད་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་དོན་གསལ་བ་ཞེས་བྱ་བ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་བདུན་
པའོ།། །།བདུན་པའི་འོག་ཏུ་མཛོད་ཀྱི་གནས་བརྒྱད་པ་ཉེ་བར་དགོད་པའི་འགྲེལ་པ་བསྟན་པའི་ཕྱིར། ཤེས་པའི་སྐབས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཤེས་པའི་སྐབས་ཤེས་པ་བཅུའི་སྐབས་ཀྱིས་ཤེས་པའི་རང་བཞིན་ཤེས་པའི་ངོ་བོ་ཉིད་སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་
པར་རིག་པའི་ཤེས་པ་ལ་སོགས་པ་བཤད་ཟིན་ཏོ། །རང་བཞིན་གཞན་ཏིང་ངེ་འཛིན་ལ་སོགས་པ་བརྗོད་པར་བྱའོ། །ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པ་དག་ཀྱང་ཡོན་ཏན་གྱི་རྟེན་ཡིན་པར་ནི་འདོད་མོད་ཀྱི། ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་མ་ཡིན་ནོ། །བསམ་
གཏན་རྣམས་ནི་ཡོན་ཏན་རྣམས་ཀྱི་རྟེན་ཡིན་ནོ། །བསམ་གཏན་རྣམས་ནི་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་རྒྱུའི་བསམ་གཏན་དང་འབྲས་བུའི་བསམ་གཏན་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་རྩེ་གཅིག་པ་ཞེས་བྱ་བ་ནི་སེམས་དགེ་བ་རྣམས་ཀྱི་རྩེ་གཅིག་པའོ། །བྱེ་བྲག་མེད་པར་ཞེས་བྱ་བ་
ནི་བསམ་གཏན་ཐམས་ཅད་ཀྱི་མཚན་ཉིད་ཀྱང་འདི་ཡིན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་རྣམས་ནི་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཡང་ན་བྱེ་བྲག་མེད་པར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཙམ་སྨོས་པ་ཡིན་ནོ། །དབྱེ་ན་ནི། རྗེས་འབྲང་བཅས་ན་
เล่ม ๑๔๓ · หน้า 284a
ཕུང་པོ་ལྔ། །ཞེས་བྱ་བ་ཡིན་ཏེ། འདིར་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དམིགས་པ་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་སེམས་རྣམས་ཀྱི་དམིགས་པ་གཅིག་པ་ཉིད་དོ། །ཡང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱང་དམིགས་
པ་གཅིག་པ་ཉིད་ཡིན་ན། ཅིའི་ཕྱིར་སེམས་རྣམས་ཀྱི་དམིགས་པ་གཅིག་པ་ཉིད་ཅེས་བྱའི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཞེས་ནི་མི་བྱ་ཞེ་ན་གཙོ་བོ་ཡིན་པའི་ཕྱིར་རོ། །སེམས་དམིགས་པ་གཅིག་པ་དག་ཁོ་ན་ཏིང་ངེ་འཛིན་ཡིན་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་
སེམས་ཀྱི་ཡོན་ཏན་དང་ངོ་བོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། སེམས་རྣམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི། གང་གིས་དེ་དག་རྩེ་གཅིག་ཅིང་མཉམ་པར་གཞག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ཏེ། དཔེར་ན་བྱེ་བྲག་པའི་ལུགས་ཀྱིས་དཀར་པོའི་ཡོན་ཏན་དང་ལྡན་པའི་ཕྱིར་རས་ཡུག་
དཀར་པོ་ཡིན་ལ། ཡོན་ཏན་དེ་ཉིད་འདི་ལ་ཡོད་པས་ནི་དཀར་པོ་ཅན་ཞེས་བྱ་བ་དེ་དང་འདྲའོ་ཞེས་ཟེར་རོ། །སྐད་ཅིག་མ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་ནི་མ་ཡིན་ནམ། ཅི་ན་འདི་སྐད་དུ་གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ཞེས་བརྗོད་གལ་ཏེ་གཉིས་པ་དེ་ལས་
རྣམ་པར་མི་གཡེང་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་འདི་སྙམ་དུ་སེམས་གཉིས་པ་ཏིང་ངེ་འཛིན་དེའི་སྒོ་ནས་དམིགས་པ་དེ་ལས་རྣམ་པར་མི་གཡེང་བ་ཡིན་ནོ་སྙམ་དུ་སེམས་ན། མཚུངས་པར་ལྡན་པ་ལ་ཏིང་ངེ་འཛིན་དོན་མེད་པ་ཡིན་ནོ། །སེམས་དང་པོ་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་
གང་ཡིན་པའི་མཚུངས་པར་ལྡན་པ་དེ་ལས་ཏིང་ངེ་འཛིན་དོན་མེད་པ་ཡིན་ཏེ། ཏིང་ངེ་འཛིན་གྱིས་དེ་ལ་བྱ་བ་ནི་མི་བྱེད་ཀྱི། གཉིས་པ་ལ་བྱ་བ་བྱེད་པའི་ཕྱིར་རོ། །གཞན་ཡང་རྒྱུ་གང་ཁོ་ན་ལས་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དུ་འདོད་པའི་རྒྱུ་དེ་ཁོ་ན་ལས་སེམས་རྣམས་ཀྱི་དམིགས་
པ་གཅིག་པ་ཉིད་དུ་ཡང་ཅིའི་ཕྱིར་མི་འདོད། ཏིང་ངེ་འཛིན་དོན་གཞན་དུ་གྱུར་པས་ཅི་ཞིག་བྱ་སྙམ་དུ་བསམས་པ་ཡིན་ནོ། །མ་ཡིན་ཏེ། ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ས་མང་པོ་པ་ཡོད་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ནི་ཐལ་བར་མི་འགྱུར་ཏེ།
เล่ม ๑๔๓ · หน้า 284b
སེམས་གང་ཞིག་ཏིང་ངེ་འཛིན་སྟོབས་ཆུང་བ་དེ་དང་མཚུངས་པར་ལྡན་པ་དེ་ནི་རྩེ་གཅིག་པ་མ་ཡིན་ལ་སེམས་གང་ཞིག་སྟོབས་ཅན་དང་མཚུངས་པར་ལྡན་པ་དེ་ནི་རྩེ་གཅིག་པ་ཡིན་པས་ཏིང་ངེ་འཛིན་ས་མང་པོ་པ་ཉིད་ཡིན་ཡང་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་མི་
འགྱུར་རོ། །སེམས་རྩེ་གཅིག་པ་དག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་རྩེ་གཅིག་པ་དག་ཁོ་ན་ཏིང་ངེ་འཛིན་ཡིན་གྱི། །དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །འདི་ལྟར་མདོ་ལས་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱ་བ་ནི་ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། བསམ་གཏན་བཞིའོ་
ཞེས་བྱ་བ་ཐམས་ཅད་དང་། དེ་བཞིན་དུ་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞི་ཁོ་ན་ཡིན་ནོ་ཞེས་བཤད་དོ། །མདོ་འདི་ནི། རྫུ་འཕྲུལ་རྐང་པ་ཏིང་ངེ་འཛིན། །ཅེས་བྱ་བ་དེར་བྲིས་སོ། ཇི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཚུལ་ཁྲིམས་ཁོ་ན་ཡིན་གྱི་དེ་ལས་གཞན་པ་
མ་ཡིན་ལ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡང་ཤེས་རབ་ཁོ་ན་ཡིན་གྱི། དེ་ལས་གཞན་པ་མ་ཡིན་པ་དེ་བཞིན་དུ་ལྷག་པའི་སེམས་ཀྱི་བསླབ་པ་ཡང་སེམས་ཁོ་ན་ཡིན་གྱི་དེ་ལས་གཞན་པ་ནི་མ་ཡིན་པས་སེམས་ལས་མ་གཏོགས་པའི་ཏིང་ངེ་འཛིན་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ལྷག་པའི་
སེམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་མིན་པར་འདོད་དོ། །ཡང་ཇི་ལྟར་མདོ་དེ་ཉིད་ལས་ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་དང་། ལྟ་བ་ཡོངས་སུ་དག་པའི་གཙོ་བོ་དང་། རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་ཞེས་བཤད་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ཚུལ་ཁྲིམས་ལས་གཞན་པ་
མ་ཡིན་ལ། དེ་བཞིན་དུ་ལྟ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་དག་པ་ཡང་དེ་དག་ལས་གཞན་པ་མ་ཡིན་པ་དེ་ཁོ་ན་དང་འདྲ་བར་སེམས་ཡོངས་སུ་དག་པ་ཡང་སེམས་ལས་གཞན་པ་མ་ཡིན་ཏེ། སེམས་ཡོངས་སུ་དག་པ་ནི་བསམ་གཏན་བཞིའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་
པས་སོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ནི་གལ་ཏེ་བསམ་གཏན་རྣམས་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ན། ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་རོ། །ཏིང་ངེ་འཛིན་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་བསམ་གཏན་དུ་ཐལ་བར་འགྱུར་ཏེ། ཏིང་ངེ་འཛིན་ནི་
เล่ม ๑๔๓ · หน้า 285a
ས་མང་པོ་པ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ། ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ། ཏིང་ངེ་འཛིན་ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་བསམ་གཏན་གྱི་མིང་དུ་བཏགས་པའི་ཕྱིར་ཉི་མ་བཞིན་ནོ། །དཔེར་ན་གང་ཞིག་ཕུལ་དུ་ཕྱིན་པར་སྣང་བར་
བྱེད་པ་དེ་ཁོ་ན་ཉི་མ་ཡིན་གྱི། སྲིན་བུ་མེ་ཁྱེར་ལ་སོགས་པ་ནི་མ་ཡིན་པ་དེ་དང་འདྲའོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་དེ་ནི་ཞི་གནས་དང་ལྷག་མཐོང་རྟ་གཉའ་སྦྲེལ་བས་ཤིང་རྟ་འདྲེན་པ་དང་འདྲ་བས་ཟུང་དུ་འབྲེལ་བར་ངང་གིས་འབྱུང་བའོ། །དེའི་ཕྱིར་མདོ་ལས་
མཐོང་བའི་ཆོས་ལ་བདེ་བར་གནས་པ་ཞེས་བཤད་དོ། །ལམ་སླ་བ་ཞེས་བྱ་བ་ནི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ཉིད་ལམ་སླ་བ་ཞེས་བཤད་དོ་ཞེས་བྱ་བར་སྦྱར་ཏེ། སླ་བའི་ཕྱིར་དེས་ནི་ཤིན་ཏུ་ཡང་སེམས་པར་བྱེད་དོ། །ཉོན་མོངས་པ་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དགེ་བའི་
ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་ཡིན་ན། །ཉོན་མོངས་པ་ཅན་རོ་མྱང་བ་དང་མཚུངས་པར་ལྡན་པ་ཇི་ལྟར་བསམ་གཏན་ཉིད་དུ་བཤད་ཅེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །བསམ་གཏན་ནི་རྣམ་པ་གསུམ་སྟེ་རོ་མྱང་བ་དང་མཚུངས་པར་ལྡན་པ་དང་། དག་པ་དང་། ཟག་པ་མེད་པའོ་ཞེས་
འབྱུང་བའི་ཕྱིར་རོ། །ལོག་པར་ངེས་པར་སེམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལོག་པར་ངེས་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ཀྱང་ལོག་པར་ངེས་པར་སེམས་པའི་ཕྱིར་དེར་ཐལ་བར་འགྱུར་རོ་
ཞེ་ན། མ་ཡིན་ཏེ་དེ་དང་མཐུན་པ་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ་དེ་ནི་དེ་ལྟར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་དང་མཐུན་པ་མཚར་གཅིག་མཚན་ཉིད་མང་པོ་མི་མཐུན་པ་མེད་པའི་ཉོན་མོངས་པ་ཅན་ལ་བསམ་གཏན་ཞེས་མིང་དུ་བཏགས་པ་སྟེ་ས་བོན་རུལ་བ་བཞིན་ནོ། །དཔེར་ན་རྡོ་ལ་སོགས་པ་ས་བོན་མ་
ཡིན་པ་ཁ་ཅིག་ནི་དེའི་རིགས་དང་མཚན་ཉིད་ཤིན་ཏུ་མི་འདྲ་བའི་ཕྱིར་ས་བོན་རུལ་པ་ཞེས་མི་བྱའོ། །འོ་ན་ཅི་ཞེ་ན། ས་བོན་གྱི་རིགས་ཉིད་ཉམས་པ་གང་ཡིན་པ་དེ་ཁོ་ན་ལ་ས་བོན་རུལ་བའོ་ཞེས་མིང་དུ་འདོགས་པ་དེ་དང་འདྲའོ། །བསམ་གཏན་མི་དགེ་བ་དག་ཀྱང་གསུངས་སོ་ཞེས་བྱ་བ་ནི་འདོད་པའི་འདོད་
เล่ม ๑๔๓ · หน้า 285b
ཆགས་ཀྱིས་ཀུན་ནས་དཀྲིས་པ་དེ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ནང་དུ་བྱས་ནས་སེམས་པར་བྱེད། རབ་ཏུ་སེམས་པར་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། འདིས་ནི་འདོད་པའི་འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་པ་ཡང་བསམ་གཏན་ཉིད་ཡིན་པས་ཉེས་པ་མེད་དོ། །
ཞེས་སྟོན་པར་བྱེད་དོ། །དུ་བ་དང་མེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་འདི་ན་དུ་བ་ཡོད་པས་ཞེས་དུ་བ་སྨོས་པས་མེ་ཡང་སྨྲས་པ་ཡིན་ཏེ། མེ་མེད་ན་དུ་བ་མི་འབྱུང་བས་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །མེད་ན་མི་འབྱུང་བ་འདི་ཉིད་ཀྱིས་དུ་བ་གཙོ་བོ་ཡིན་ནོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ཀྱི་གང་ན་མེ་ཡོད་པ་
དེ་ན་དུ་བ་ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་ལྕགས་བཞུ་བ་དང་མདག་མ་ལ་སོགས་པ་ལ་མེ་ཁོ་ན་འཛིན་གྱི་དུ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དུ་བ་ནི་གཙོ་བོ་ཡིན་པའི་ཕྱིར་སྔར་སྨོས་ཏེ། ནོར་ལྷ་དང་སྲིད་སྒྲུབ་བཞིན་ནོ། །དེ་ལྟ་མ་ཡིན་ན་ནི་མེ་ཞེས་བྱ་བའི་སྒྲ་སྔར་སྨོས་པར་འགྱུར་རོ། །ཡང་ལྷན་ཅིག་སྤྱོད་པ་ཇི་ལྟ་བུ་
རྟོག་པ་མེད་པར་ནི་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་མེད་དོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་དགའ་བ་དང་བདེ་བ་དང་ལྡན་པ་མ་ཡིན་པས་རྟོག་པ་མེད་པ་ལྟར་དཔྱོད་པ་འདི་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་བས་ན་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ལྡན་ཞེས་དགའ་
བ་དང་བདེ་བ་དང་བཅས་པར་སྟོན་པས་དཔྱོད་པ་འདི་ཁྱད་པར་དུ་བྱས་པ་ཡིན་ཏེ། བསམ་གཏན་དང་པོ་ནི་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྟོག་པ་དང་དགའ་བ་དང་བདེ་བ་དང་ལྡན་པའོ་ཞེས་མདོར་བྱས་ན་ཉེས་
པ་ཅི་ཡོད་ཅེ་ན། དེ་ལྟར་བྱ་བར་ནི་མི་ནུས་ཏེ། ཡན་ལག་ལྔ་ལྔ་སྤངས་པ་ཡིན། །ཞེས་འཆད་པར་འགྱུར་བ་བསམ་གཏན་གཉིས་པ་ནི་རྟོག་པ་སྤངས་པའོ་ཞེས་བྱས་ན་བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་གཉིས་པར་འགྱུར་རོ། །གཞན་ཡང་བསམ་གཏན་དང་པོ་ཡན་ལག་བཞི་པར་
བསྟན་པའི་མཇུག་ནས་གོ་རིམས་བཞིན་འདི་སྐད་དུ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བཤད་དོ། །དེ་ལ་བསམ་གཏན་དང་པོ་ལ་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ཏིང་ངེ་འཛིན་དག་
เล่ม ๑๔๓ · หน้า 286a
ཡོད་པས་ཡན་ལག་དེ་བཞི་དང་ཐམས་ཅད་ཀྱི་དང་པོར་བཤད་པ་རྟོགས་པ་དང་། ཡན་ལག་ལྔ་པ་ཞེས་བྱ་བའོ། །གཉིས་པ་ཡང་རྟོག་པ་མེད་ཅིང་དཔྱོད་པ་མེད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་
སོ་ཞེས་འབྱུང་སྟེ། ཡན་ལག་བཞི་པོ་འདི་དག་ལས་ཡན་ལག་དང་པོ་དཔྱོད་པའི་མཚན་ཉིད་སྤངས་པ་ཡིན་ནོ། །གསུམ་པ་ཡང་འདི་སྐད་དུ། དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་སུ་གནས་ཤིང་ཞེས་བྱ་བ་ནས་རྒྱས་པར་བདེ་བར་གནས་སོ་ཞེས་བརྗོད་པ་བསམ་གཏན་
གསུམ་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་འབྱུང་བ་ཡིན་ཏེ། ཡན་ལག་གཞན་དགའ་བའི་མཚན་ཉིད་ཀྱང་སྤངས་པ་ཡིན་ནོ། །བཞི་པ་ཡང་འདི་སྐད་དུ། བདེ་བ་ཡང་སྤངས་ཤིང་ཞེས་བྱ་བ་ནས་རྒྱས་པར་སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་
དྲན་པ་ཡོངས་སུ་དག་པ་ཅན་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་འབྱུང་བ་ཡིན་ཏེ། ཡན་ལག་བདེ་བ་ཡང་སྤངས་པས་དེ་ལ་ཏིང་ངེ་འཛིན་འབའ་ཞིག་ལུས་སོ། །དེའི་ཕྱིར་འདི་སྐད་དུ། དཔྱོད་དང་དགའ་དང་བདེ་དང་ལྡན། །ཞེས་མདོར་བྱས་སོ། །དེ་དག་གི་
ཡང་སྐྱེ་བ་རྣམས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་འབྱུང་བའི་ཕྱིར་རོ། །རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་
པ་ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པར་བྱེད་པས་དབེན་པའོ། །ལམ་གང་གིས་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་སོ། །ཡང་ན་རྣམ་པར་གྲོལ་བའི་ལམ་གྱིས་ཀྱང་ཡིན་ཏེ། དེ་དང་འབྲས་བུ་གཅིག་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དེས་འདོད་
ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །ཞེས་བྱ་བ་ནི་འདི་ལ་གཟུགས་ཀྱི་འདུ་ཤེས་བཤིག་པ་ཡོད་པས་ན་གཟུགས་ཀྱི་འདུ་ཤེས་བཤིག་པའོ། །འདི་དག་ལ་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ་བས་ན་གཟུགས་ཀྱི་འདུ་
เล่ม ๑๔๓ · หน้า 286b
ཤེས་བཤིག་ཅེས་བྱའོ། །རེ་ཞིག་འདི་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་ནི་སྡེ་པ་གཞན་དག་གོ། །གལ་ཏེ་ཡོད་ན་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བའོ། །ཆུང་ཟད་སེར་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཆང་ཆུང་ཙམ་སེར་བ་ལ་ཅུང་ཟད་སེར་བ་ཞེས་བྱ་བ་དེ་བཞིན་དུ། གཟུགས་ཅུང་ཟད་ཅིག་
ཡོད་པ་ལ་གཟུགས་མེད་པ་ཞེས་བྱའོ། །དེ་དག་མེད་ན་དེ་ལུས་དང་ངག་མེད་ན་ཇི་ལྟར་དེ་དག་གི་སྡོམ་པ་སྟེ་ལུས་དང་ངག་གི་སྡོམ་པ་དག་ཏུ་འགྱུར། གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་མེད་པར་ནི་གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་ལས་གྱུར་པ་མི་རུང་ངོ་། །གལ་ཏེ་ཟག་པ་མེད་པའི་སྡོམ་
པ་བཞིན་ནོ་ཞེས་བྱ་བ་ནི་དེ་ལ་འདི་སྙམ་དུ་ཇི་ལྟར་ཟག་པ་མེད་པའི་འབྱུང་བ་དག་མེད་བཞིན་དུ་ཡང་ཟག་པ་མེད་པའི་སྡོམ་པ་འབྱུང་བ་ལས་གྱུར་པའི་གཟུགས་ཡོད་པ་དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་དག་ཀྱང་མེད་མོད་ཀྱི། འོན་ཀྱང་གཟུགས་མེད་པ་ན་སྤྱོད་པའི་སྡོམ་པ་འབྱུང་བ་ལས་
གྱུར་པའི་གཟུགས་ཡོད་དོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། ཟག་པ་དང་བཅས་པའི་འབྱུང་བ་ཡོད་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་འབྱུང་བ་དག་ཡོད་པས་དེ་དག་གཟུགས་མེད་པ་རྣམས་ན་ཡོད་ཅིང་། ཟག་པ་མེད་པའི་འབྱུང་བ་དག་ནི་མེད་དེ། དེའི་ཕྱིར་ཟག་པ་མེད་པའི་སྡོམ་པ་ནི་
གང་དུ་སྐྱེས་པ་དེ་ན་ཡོད་པའི་ཟག་པ་དང་བཅས་པ་དག་རྒྱུར་བྱས་ནས་སྐྱེས་པས་མི་འདྲ་བའི་ཕྱིར་རྟོག་པ་འདི་ནི་རུང་བ་མ་ཡིན་ནོ། །སྙོམས་པར་འཇུག་པ་ལ་ཡང་དེ་དགག་པ་བཤད་དོ་ཞེས་བྱ་བ་ནི་སྐྱེ་བའི་གཟུགས་བཀག་པ་འདི་ཉིད་ཀྱིས་སྙོམས་པར་འཇུག་པ་ལ་ཡང་གཟུགས་བཀག་པར་བཤད་
པ་ཡིན་པས་འདི་ལ་འབད་པ་གཞན་ནི་མི་བྱའོ། །ཇི་ལྟ་ཞེ་ན། གལ་ཏེ་ལུས་དང་ངག་གི་སྡོམ་པ་ཙམ་ཞིག་གོ་ཞེ་ན། དེ་དག་མེད་ན་ཇི་ལྟར་དེ་དག་གི་སྡོམ་པར་འགྱུར། འབྱུང་བ་མེད་པར་ནི་འབྱུང་བ་ལས་གྱུར་པ་མི་རུང་ངོ་། །གལ་ཏེ་ཟག་པ་མེད་པའི་སྡོམ་པ་བཞིན་ནོ་ཞེ་ན་མ་ཡིན་ཏེ། ཟག་
པ་དང་བཅས་པའི་འབྱུང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ན་རེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ནས་ཞེས་འབྱུང་བས་སྙོམས་པར་འཇུག་པ་ལ་ཡང་དེ་དགག་པར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་གཟུགས་མེད་པའི་སྙོམས་པར་
เล่ม ๑๔๓ · หน้า 287a
འཇུག་པ་ལ་ཡང་གཟུགས་མེད་ལ་གཟུགས་མེད་པར་སྐྱེ་བ་དག་ལ་ཡང་མེད་དོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་བོང་ཚོད་ཆུང་བའི་ཕྱིར་རོ་ཞེ་ན་ནི་ཞེས་བྱ་བ་ནི་འོན་ཏེ་རྡུལ་ཕྲ་རབ་ཙམ་གྱི་གཟུགས་ཤིག་ཡོད་པ་དེའི་ཕྱིར་དེ་དག་ལ་གཟུགས་ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་
བར་འདོད་ན་ནི་ཕྲ་བའི་ཕྱིར་ཆུའི་སྐྱེ་བོ་གཟུགས་བལྟར་མི་སྣང་བ་དག་ལ་ཡང་ཐལ་བར་འགྱུར་ཏེ། གཟུགས་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དང་བའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་དེ་ལ་འདི་སྙམ་དུ་གཟུགས་དང་བའི་ཕྱིར་གཟུགས་མེད་པ་དག་ཡིན་ནོ་སྙམ་དུ་སེམས་ན། སྲིད་
པ་བར་མ་དང་། གཟུགས་ན་སྤྱོད་པ་དག་ལ་ཡང་ཐལ་བར་འགྱུར་ཏེ། སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་དག་ལ་ཡང་ཐལ་བ་ནི་དང་བའི་ཕྱིར་རྡོ་རྗེའི་རི་ལ་ཡང་ཐོགས་པ་མེད་པར་འགྲོ་བས་དེ་དག་ལ་ཡང་ཐལ་བར་འགྱུར་རོ། །སྙོམས་པར་འཇུག་པ་བཞིན་དུ་སྐྱེ་བ་ཁྱད་པར་དུ་འཕགས་
པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་མཐའ་ཡས་ལ་སོགས་པའི་སྙོམས་པར་འཇུག་པ་དག་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ་དེ་བཞིན་དུ་དག་གི་སྐྱེ་བའི་ཁྱད་པར་ཡང་དང་བ་དང་ཆེས་དང་བ་དང་ཆེས་ཤིན་ཏུ་དང་བའོ་ཞེས་ཁས་བླང་དགོས་སོ། །དེའི་ཕྱིར་སྙོམས་པར་འཇུག་པ་བཞིན་
དུ་སྐྱེ་བ་ཆེས་ཤིན་ཏུ་དང་བས་ཞེས་བྱ་བར་ཁྱད་པར་དུ་འཕགས་པའི་ཕྱིར་དེ་ཁོ་ན་གཟུགས་མེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་ཡང་གཟུགས་མེད་པར་སྐྱེ་བའི་གཟུགས་ནི་དང་བའི་ཕྱིར་ས་འོག་མ་པའི་དབང་པོས་མི་འཛིན་པས་གཟུགས་མེད་པ་རྣམས་ཞེས་བྱ་བའོ་ཞེ་ན། བསམ་གཏན་དུ་
སྐྱེ་བའི་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལྟར་སྦྱར་ཏེ། བསམ་གཏན་དུ་སྐྱེ་བའི་གཟུགས། བསམ་གཏན་གཉིས་པའི་ས་པ་ཡང་ས་འོག་མ་པའི་དབང་པོ་སྟེ། བསམ་གཏན་དང་པོའི་ས་པའི་དབང་པོས་མི་ཟིན་ལ། དེ་བཞིན་དུ་ས་གོང་མ་པའི་ཆེས་ཤིན་ཏུ་དང་བའི་ཕྱིར་
བསམ་གཏན་བཞི་པའི་ས་པའི་གཟུགས་ཀྱང་བསམ་གཏན་གསུམ་པའི་ས་པའི་བར་གྱི་དབང་པོས་མི་ཟིན་ཏོ། །དེ་ལྟར་ན་བསམ་གཏན་དུ་སྐྱེས་པའི་གཟུགས་ཀྱང་ས་འོག་མ་པའི་དབང་པོས་མི་ཟིན་པའི་ཕྱིར། གཟུགས་མེད་པ་དེ་དང་ཁྱད་པར་ཅི་ཞིག་ཡོད་ན་འདི་ལྟར་ཆེས་ཤིན་ཏུ་གསལ་བའི་
เล่ม ๑๔๓ · หน้า 287b
ཚུལ་འདྲ་བ་ཡང་དེ་དག་ཁོ་ན་གཟུགས་མེད་པར་འདོད་ཀྱི་གཟུགས་ན་སྤྱོད་པ་རྣམས་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་ན་གཟུགས་མེད་དོ། །འོན་ཏེ་ཁམས་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་ཏེ། འདོད་པའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་ཡིན་ལ། གཟུགས་ཀྱིས་
རབ་ཏུ་ཕྱེ་བ་ནི་གཟུགས་ཀྱི་ཁམས་ཡིན་གྱི། གཟུགས་མེད་པའི་ཁམས་ཀྱི་མིང་ནི་དོན་དང་མཐུན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདོད་རྒྱལ་བ་ཡིན་ནོ་ཞེ་ན། ཁམས་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི། གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལ་རིགས་པ་ཅི་
ཞིག་ཡོད། དེ་ལྟར་རིགས་པས་གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ་ཞེས་བཀག་ནས་ལུང་སྨོས་ཏེ་དོགས་པ་ཟློག་པར་བྱེད་དོ། །དེ་ལ་གཟུགས་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་གལ་ཏེ་ཚེ་དང་དྲོད་གཉིས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་གཟུགས་མེད་པ་དག་ན་གཟུགས་
ཡོད་པ་ཉིད་གྲུབ་བོ་ཞེ་ན་ཞེས་བྱ་བའི་ཚིག་འདི་ནི་རེ་རེ་ལ་སྦྱར་བར་བྱའོ། །ཇི་ལྟ་ཞེ་ན། གལ་ཏེ་ཚེ་དང་དྲོད་གཉིས་འདྲེས་པར་གསུངས་པའི་ཕྱིར། གཟུགས་ཡོད་པ་ཉིད་དུ་གྲུབ་བོ་ཞེ་ན་ཞེས་བྱ་བ་སྟེ། དེ་ལ་འདི་སྙམ་དུ་མདོ་ལས། ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་
ཡིན་པའི་ཆོས་འདི་དག་ནི་འདྲེས་པ་སྟེ། མ་འདྲེས་པ་མ་ཡིན་ནོ་ཞེས་རྒྱས་པར་འབྱུང་བས་དེའི་ཕྱིར་དེ་ན་ཚེ་ཡོད་ན་དྲོད་ཀྱང་ཡོད་པར་འགྱུར་ལ། དྲོད་ནི་གཟུགས་ཡིན་ནོ་ཞེས་བྱ་བར་གྲུབ་བོ་སྙམ་དུ་སེམས་ནའོ། །གལ་ཏེ་འདམ་བུའི་ཤོག་གཉིས་བཞིན་དུ་མིང་དང་གཟུགས་དག་ཕན་ཚུན་
བསྟེན་ཏོ་ཞེས་གསུངས་པའི་ཕྱིར་གཟུགས་མེད་པ་དག་ན་གཟུགས་ཡོད་པ་ཉིད་དུ་འགྲུབ་བོ་ཞེ་ན་ཞེས་བྱ་བ་སྟེ། མདོ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་དཔེར་ན་འདམ་བུའི་ཤོག་གཉིས་གནམ་དུ་བསྒྲེངས་ཏེ་ཕན་ཚུན་བསྟེན་ཅིང་འདུག་པ་དེ་ལ་འགའ་ཞིག་གིས་གཅིག་བོར་ན་ཅིག་ཤོས་འགྱེལ་
བར་འགྱུར་ལ་ཅིག་ཤོས་བོར་ན་ཡང་ཅིག་ཤོས་འགྱེལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་མིང་དང་གཟུགས་ཀྱང་ཕན་ཚུན་བརྟེན་ཅིང་གནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པའི་ཕྱིར་དེ་ལྟ་
เล่ม ๑๔๓ · หน้า 288a
བས་ན་གཟུགས་མེད་པ་དག་ན་གཟུགས་ཡོད་པ་ཉིད་དུ་འགྲུབ་བོ་ཞེ་ན་ཞེས་བྱ་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས། ཉིང་མཚམས་སྦྱོར་བའི་མཚན་ཉིད་ཀྱི་སྐབས་སུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པའི་ཕྱིར་དེ་ལྟ་བས་ན་
གཟུགས་མེད་པ་དག་ན་གཟུགས་ཡོད་དོ་ཞེས་བྱ་བར་གྲུབ་བོ་ཞེ་ན་ཞེས་བྱ་བ་ཡིན་ནོ། །གཟུགས་ནས་འདུ་བྱེད་ཀྱི་བར་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མདོ་ལས་དགེ་སློང་དག་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ། གཟུགས་ལ་དམིགས་པ། གཟུགས་ལ་བརྟེན་པ་གནས་
སོ། །དགེ་སློང་དག་གང་ལ་ལ་ཞིག་འདི་སྐད་དུ་བདག་ནི་གཟུགས་དང་ཚོར་བ་ནས་འདུ་བྱེད་ཀྱི་བར་དག་ལས་གཞན་དུ་རྣམ་པར་ཤེས་པར་འགྲོ་བའམ་འོང་བར་སྨྲའོ་ཞེས་ཟེར་ན། དེའི་ངག་དེ་ནི་དེའི་ཚིག་ཙམ་དུ་ཟད་དོ་ཞེས་གསུངས་ཏེ། ལུང་འདི་དང་སྦྱར་ན་ཡང་གཟུགས་མེད་པ་དག་ན་གཟུགས་
ཡོད་དོ་ཞེས་བྱ་བར་འགྲུབ་བོ་ཞེས་དེ་སྙམ་དུ་སེམས་ན་མ་ཡིན་ཏེ། དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་ལས་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལས་སོ། །འདིར་དགོངས་པའི་དོན་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཚེ་ཁོ་ན་ལས་དགོངས་ནས་དེ་
སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟར། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་ཉལ་བ་ནི། །ཇི་ལྟར་ཤིང་ལ་སེམས་མེད་བཞིན། །ཞེས་འབྱུང་ངོ་། །གཟུགས་མེད་པའི་ཁམས་ན་ནི་ལུས་ཀྱང་མེད་ན་ལུས་འཇིག་པ་ལྟ་ག་ལ་ཞིག་ཡོད། གཟུགས་
ཀྱི་ཁམས་ན་ནི་ལུས་ཡོད་མོད་ཀྱི་ལུས་འཇིག་པར་མངོན་པ་ནི་མེད་དོ། །གང་ཡང་མིང་དང་གཟུགས་དག་ཕན་ཚུན་བསྟེན་པ་ཉིད་དུ་གསུངས་པ་དེ་ཡང་འདོད་པ་དང་། གཟུགས་ན་སྤྱོད་པ་ཁོ་ན་ལས་དགོངས་ཏེ་གསུངས་སོ་ཞེས་བྱ་བར་མངོན་ཏེ། གཉི་ག་ཡོད་ན་ཕན་ཚུན་བསྟེན་པ་ཉིད་སྲིད་པས་སོ། །
གང་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་འདི་ལ་རྐྱེན་རྣམ་པར་ཤེས་པ་ཡོད་པས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ་ཞེས་དེ་སྐད་དུ་དྲུག་པའི་དོན་དུ་འབྲུ་མང་པོ་པར་ཚིག་བསྡུས་པ་ཡིན་ནོ། །འདིར་ཅི་རྣམ་པར་ཤེས་པ་འདོད་པ་ན་སྤྱོད་པའི་འདུ་བྱེད་ཀྱི་རྐྱེན་
เล่ม ๑๔๓ · หน้า 288b
ཅན་ནས། གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་ཀྱི་རྐྱེན་ཅན་གྱི་བར་ཐམས་ཅད་མིང་དང་གཟུགས་ཀྱི་རྐྱེན་ཡིན་ནམ། འོན་ཏེ་མིང་དང་གཟུགས་ཐམས་ཅད་རྣམ་པར་ཤེས་པའི་རྐྱེན་ཅན་ཡིན་ཞེ་ན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་འདི་ལ་བདག་ནི་མིང་དང་གཟུགས་
ཐམས་ཅད་ཀྱི་རྐྱེན་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་གི་རྣམ་པར་ཤེས་པ་ཐམས་ཅད་མིང་དང་གཟུགས་ཀྱི་རྐྱེན་ཡིན་ནོ་ཞེས་བྱ་བར་ནི་ངེས་པར་མི་བཟུང་ངོ་ཞེས་ཟེར་ཏེ། རྣམ་པར་ཤེས་པ་ཅུང་ཟད་ཅིག་ནི་མིང་ཁོ་ནའི་རྐྱེན་ཡིན་ཏེ། གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་ཀྱི་རྐྱེན་
ཅན་གང་ཡིན་པའོ། །ཅུང་ཟད་ཅིག་ནི་མིང་དང་གཟུགས་ཀྱི་རྐྱེན་ཡིན་ཏེ། འདོད་པ་དང་། གཟུགས་ན་སྤྱོད་པའི་འདུ་བྱེད་ཀྱི་རྐྱེན་ཅན་གང་ཡིན་པའོ། །དེས་ན་འདི་སྐད་དུ་མིང་དང་གཟུགས་འདིའི་རྐྱེན་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་གྱི། མིང་དང་གཟུགས་འདི་འདུས་པ་ཁོ་ནའི་རྐྱེན་ནི་མ་
ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྲིད་པའི་ཕྱིར་དེ་སྐད་དུ་བཤད་པར་ཟད་དེ། འདི་ལྟར་རྫུས་ཏེ་སྐྱེ་བ་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཁོ་ན་ཡིན་གྱི། མིང་དང་གཟུགས་ནི་མ་ཡིན་ནོ། །སྐྱེ་མཆེད་དྲུག་མ་གྲུབ་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་ནི་མིང་དང་གཟུགས་ཞེས་བྱའོ། །
དོན་འདི་ཉིད་མདོ་ལས་ཀྱང་སྟོན་ཏེ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། འོན་ཀྱང་མིང་དང་གཟུགས་དེ་ནུར་ནུར་པོ་ཉིད་དུ་བརྒྱལ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་ཞུགས་ནས་མྱུར་བ་ཁོ་ནར་འདོར་
བར་བྱེད་ན་འོན་ཀྱང་མིང་དང་གཟུགས་དེ་འདི་ལྟ་བུ་ཉིད་དུ་མངོན་པར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གང་གི་ཚེ་བྱིས་པའམ་གཞོན་ནུ་མའམ་གཞོན་ནུ་མའི་རྣམ་པར་ཤེས་པ་ཆད་ཅིང་ཞིག་ལ་མེད་པར་གྱུར་ན། འོན་ཀྱང་མིང་དང་གཟུགས་དེ་འཕེལ་ཞིང་རྒྱས་པར་
འགྱུར་རམ། བཙུན་པ་མ་ལགས་སོ། །དེ་ལྟ་བས་ན་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། མིང་དང་གཟུགས་ཀྱང་རྣམ་པར་ཤེས་པའི་རྐྱེན་ཅན་ཡིན་ལ། རྣམ་པར་ཤེས་པ་གང་ཡིན་པ་ཡང་མིང་དང་གཟུགས་ཀྱི་རྐྱེན་ཅན་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །
เล่ม ๑๔๓ · หน้า 289a
འདིར་ཅི་གཟུགས་ལ་སོགས་པ་དེ་དག་ཐམས་ཅད་མེད་ན་དེ་བཀག་གམ་ཞེས་བྱ་བ་ནི་འོང་བ་དང་འགྲོ་བ་བཀག་པའོ། །དེ་ལ་འཇིག་རྟེན་སྔ་མ་ནས་སྲིད་པ་བར་མའི་རྒྱུན་གྱིས་འདིར་སྐྱེ་བ་ནི་འོང་བའོ། །སྲིད་པ་བར་མའི་རྒྱུན་གྱིས་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་
ཕ་རོལ་དུ་སྐྱེ་བ་ནི་འགྲོ་བའོ། །འོན་ཏེ་གཟུགས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་འགའ་ཞིག་ཀྱང་ཞེས་བྱ་བ་ནི་འདི་དཔྱད་པར་བྱ་དགོས་སོ། །བདག་ནི་ཐམས་ཅད་མེད་ན་དེ་བཀག་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་དཔྱད་པར་མི་བྱའོ་ཞེ་ན་ཞེས་
བྱ་བ་ནི་གལ་ཏེ་འདི་སྙམ་དུ་མདོའི་ཚིག །ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པ་ཞེས་བྱ་བ་ནས། རྒྱས་པར་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ་གནས་སོ་ཞེས་བྱ་བའི་བར་འདི་ནི་ཁྱད་པར་མེད་པར་གསུངས་པ་ཡིན་ཏེ། མདོའི་ཚིག་འདི་དང་སྦྱར་ན་འདོད་པ་
དང་གཟུགས་ན་སྤྱོད་པའི་ཚེ་ལས་དགོངས་ཏེ་གསུངས་སམ་ཞེས་བྱ་བ་ནས་དེ་དག་ཐམས་ཅད་མེད་ན་དེ་བཀག་གམ་ཞེས་བྱ་བའི་བར་ལྟ་བུར་བྱེ་བྲག་ཏུ་ནི་མ་ཕྱེའོ་སྙམ་དུ་སེམས་ན། འདིར་སྨྲས་པ། ཧ་ཅང་ཐལ་བར་འགྱུར་ཏེ། བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཚེ་མེད་པར་ཕྱིའི་དྲོ་བ་ཡང་
ཡོད་པར་མི་འགྱུར་ཏེ། འདི་སྐད་དུ་ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་། ནང་གི་དྲོ་བ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་ཁྱད་པར་དུ་ནི་མ་བྱས་སོ། །ཕྱིའི་གཟུགས་ཤིང་དང་རྩིག་པ་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་རྣམ་པར་ཤེས་པ་ལ་བརྟེན་པ་ཉིད་དུ་
འགྱུར་ཏེ། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་གནས་པ་བཞི་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཁྱོད་ཀྱི་ལྟར་ན་རྣམ་པར་ཤེས་པ་གནས་པ་བཞི་ཁྱད་པར་མེད་པར་གསུངས་པའི་ཕྱིར་གཟུགས་མེད་པའི་ཁམས་ན་གཟུགས་ཡོད་པ་ཉིད་བཞིན་དུ་ཟས་བཞི་
གསུངས་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡང་ཁམ་དུ་བྱེད་པའི་ཟས་ཡོད་པས་ཐལ་བར་འགྱུར་རོ། །མདོ་ལས་ནི་འདི་སྐད་དུ་ཟས་བཞི་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །བཞི་གང་ཞེ་ན། ཁམ་
เล่ม ๑๔๓ · หน้า 289b
གྱི་ཟས་རགས་པ་དང་ཕྲ་བ་དང་། གཉིས་པ་རེག་པའི་ཟས་དང་། གསུམ་པ་ཡིད་ལ་སེམས་པའི་ཟས་དང་། བཞི་པ་རྣམ་པར་ཤེས་པའི་ཟས་སོ་ཞེས་འབྱུང་སྟེ། དེ་ལྟར་སེམས་ཅན་རྣམས་གནས་པར་བྱ་བའི་ཕྱིར་ཟས་བཞི་ཁྱད་པར་མེད་པར་གསུངས་ཀྱི་འདོད་པ་ན་སྤྱོད་པ་རྣམས་ཞེས་བྱེ་
བྲག་ཏུ་ནི་མ་མཛད་པའི་ཕྱིར་ཁྱོད་ཀྱི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡང་ཁམ་གྱི་ཟས་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་སྡེ་པ་གཞན་དག་འདི་སྙམ་དུ་སྤྱིར་བསྟན་པ་ལ་དམིགས་
ཀྱིས་བསྩལ་བ་ཡོད་དེ། འཆར་བྱེད་ལ་སོགས་པའི་མདོ་ལས། ལུས་ཞིག་ནས་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཏེ། ལྷ་ཡིད་ཀྱི་ལུས་ཅན་འགའ་ཞིག་ཏུ་སྐྱེའོ་ཞེས་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཏེ་ཞེས་གསུངས་པའི་ཕྱིར་དང་དགའ་བའི་ཟས་ཞེས་
གསུངས་པའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་དག་འཇིག་རྟེན་འཇིག་པའི་དུས་གང་ཡིན་པ་དེ་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་བའི་ལྷའི་རིས་སུ་སྐྱེ་བར་འགྱུར་ཞིང་དེ་དག་གཟུགས་བཟང་པོ་ཡིད་ལས་བྱུང་བ་དབང་པོ་མ་ཚང་བ་མེད་ཅིང་ངན་པ་མ་ཡིན་པ། ཡན་ལག་
དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་བརྟན་པ་རང་གི་འོད་ཅན་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན་ཚེ་རིང་བ་དུས་རིང་པོར་གནས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མདོ་དག་ལས་གསུངས་པའི་ཕྱིར་ཁམ་དུ་བྱེད་པའི་ཟས་ཡོད་པར་ཐལ་བར་མི་
འགྱུར་རོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་གཟུགས་མེད་པ་དག་ན་ཡང་གཟུགས་ཡོད་པར་ཐལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམིགས་ཀྱིས་བསྩལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་
དམིགས་ཀྱིས་བསྩལ་བ་གཅིག་ཡིན་ནོ། །གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་རྣམས་ལས་འདས་ནས་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་སེམས་ཅན་དག་ཡོད་ཅེས་བྱ་བ་ནི་གསུམ་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་
เล่ม ๑๔๓ · หน้า 290a
རྣམས་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི་བཞི་པ་ཡིན་ནོ། །གཟུགས་ཤིག་ཡོད་ན་ཞེས་བྱ་བ་ནི་གལ་ཏེ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྐྱེ་བ་དག་ལ་གཟུགས་ཤིག་ཡོད་པར་གྱུར་ན། གཟུགས་ཡོད་ཕན་ཆད་རང་གི་གཟུགས་གདོན་མི་ཟ་
བར་འདུ་ཤེས་པར་བྱེད་པར་འགྱུར་བས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཞེས་འབྱུང་བ་སྨོས་པར་མི་འགྱུར་བ་ཞིག་ན་སྨོས་ཏེ། དེའི་ཕྱིར་ཡང་དེ་ན་གཟུགས་མེད་དོ། །གལ་ཏེ་ས་འོག་མ་པའི་གཟུགས་རགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
གལ་ཏེ་འདི་སྙམ་དུ་གཟུགས་མེད་པའི་རྣམ་པར་ཐར་པ་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ས་འོག་མ་པའི་གཟུགས་རགས་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་བདག་ཁམ་གྱི་ཟས་ལ་ཡང་མཚུངས་སོ་ཞེས་ཟེར་རོ། །ཇི་ལྟ་ཞེ་ན། ཁམ་དུ་བྱེད་པའི་ཟས་ཟ་
བའི་ལྷ་རྣམས་ལས་འདས་ཏེ་ཞེས་བྱ་བ་ནི་ས་འོག་མ་པའི་ཁམ་གྱི་ཟས་རགས་པ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། གཟུགས་ན་སྤྱོད་པའི་ཁམ་གྱི་ཟས་ཕྲ་བ་ལས་དགོངས་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་ས་འོག་མ་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་
མེད་པ་དག་ཅེས་བྱ་ན་ནི་བསམ་གཏན་རྣམས་ཀྱང་ས་འོག་མ་པ་ལས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་གཟུགས་མེད་པར་ཐལ་བར་འགྱུར་རོ། །ཇི་ལྟ་ཞེ་ན། བསམ་གཏན་དང་པོར་ནི་འདོད་པ་ན་སྤྱོད་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བ་ཡིན་ལ། དེ་བཞིན་དུ་བསམ་གཏན་བཞི་པའི་
བར་དུ་གོང་ནས་གོང་དུ་གཟུགས་རགས་པ་ལས་ངེས་པར་འབྱུང་བ་ཡིན་པས་གཟུགས་མེད་པར་ཐལ་བར་འགྱུར་རོ། །ཚོར་བ་ལ་སོགས་པ་ལས་ཀྱང་ངེས་པར་འབྱུང་བ་ཡིན་པར་ཅིའི་ཕྱིར་མ་བཤད་ཅེས་བྱ་བ་ནི་གལ་ཏེ་རང་གི་ས་པའི་གཟུགས་ཡོད་བཞིན་དུ་ཡང་ས་འོག་མ་པའི་གཟུགས་ཡོད་
བཞིན་དུ་རགས་པ་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་དག་ཅེས་བྱ་བ་ནི་རང་གི་ས་པའི་ཚོར་བ་ཡོད་བཞིན་དུ་ཡང་གཟུགས་མེད་པ་རྣམས་ནི་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་ཚོར་བ་མེད་པའོ་ཞེས་ཀྱང་ཅིའི་ཕྱིར་མ་བཤད། སོགས་པ་ཞེས་བྱ་བའི་སྒྲ་ནི་རང་གི་
เล่ม ๑๔๓ · หน้า 290b
ས་པའི་རྣམ་པར་ཤེས་པ་ཡོད་བཞིན་དུ་རྣམ་པར་ཤེས་པ་མེད་པའོ་ཞེས་བྱ་བའི་བར་དུ་ཅིའི་ཕྱིར་མ་བཤད་ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ས་འོག་མ་པའི་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བའི་ཕྱིར་ཏེ། ས་འོག་མ་པའི་ཚོར་བ་ལ་སོགས་པ་རགས་པ་ལས་ངེས་པར་འབྱུང་བའི་
ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་རྣམ་པ་ཟད་པ་ལས་འདས་པ་ཞེས་བྱ་བ་ནི་གཟུགས་མེད་པ་དག་ནི་སྙོམས་པར་འཇུག་པ་དང་། སྐྱེ་བ་ལ་གཟུགས་ཀྱི་རྣམ་པ་གང་ཅི་ཡང་རུང་རགས་པའམ། ཕྲ་བའམ། ནང་གིའམ། ཕྱིའི་ཡང་རུང་སྟེ་དེ་ཐམས་ཅད་ལས་འདས་པ་ཡིན་ནོ། །ཚོར་བ་ལ་
སོགས་པའི་རྣམ་པ་ལས་ནི་མ་ཡིན་ཏེ། གཟུགས་མེད་པ་དག་ནི་སྙོམས་པར་འཇུག་པ་དང་། སྐྱེ་བ་ལ་ཚོར་བ་ཐམས་ཅད་ལས་འདས་པ་མ་ཡིན་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པའི་བར་བརྗོད་
པར་བྱའོ། །དེའི་ཕྱིར་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཞེས་གསུངས་ཀྱི་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཞེས་ནི་མ་གསུངས་སོ། །དེ་ལྟ་བས་ན་ཁོ་བོ་ཅག་དེ་སྐད་དུ་སྨྲ་བ་ལ་ནི་ས་འོག་མ་པའི་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བའི་ཕྱིར་ཚོར་བ་ལ་སོགས་པ་ལས་ཀྱང་
ངེས་པར་འབྱུང་བ་ཡིན་པར་ཅིའི་ཕྱིར་མ་བཤད་ཅེས་བྱ་བའི་ཐལ་བ་འདིར་མི་འགྱུར་རོ། །སྨྲས་པ། གལ་ཏེ་གཟུགས་མེད་པ་རྣམས་གཟུགས་རྣམས་ལས་ངེས་པར་བྱུང་བ་ཡིན་ན། འོ་ན་མདོ་ལས་ང་ནི་སྲིད་པས་སྲིད་པ་ལས་འབྱུང་བར་མི་སྨྲའོ་ཞེས་གསུངས་པ་གང་ཡིན་པ་དེ་ཇི་ལྟར་ན་གཟུགས་
མེད་པའི་སྲིད་པས་གཟུགས་ཀྱི་སྲིད་པ་ལས་ངེས་པར་འབྱུང་ཞེ་ན། སྲིད་པས་སྲིད་པ་ལ་ངེས་པར་མི་འབྱུང་བར་གསུངས་པ་ནི་དེ་ཉིད་ཀྱིས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་དེ་སྐད་དུ་བཤད་པར་ཟད་དོ། །ཐམས་ཅད་དང་གཏན་དུ་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། ཐམས་ཅད་ལས་ངེས་པར་
འབྱུང་བ་མ་ཡིན་པ་ནི་གཟུགས་ཀྱི་སྲིད་པས་འདོད་པའི་སྲིད་པ་ལས་ངེས་པར་འབྱུང་མོད་ཀྱི། དེས་གཟུགས་མེད་པའི་སྲིད་པ་ལས་ཀྱང་ངེས་པར་འབྱུང་བ་ནི་མ་ཡིན་ནོ། །དེས་འདོད་པའི་སྲིད་པ་ལས་གཏན་དུ་ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། ཡང་འོང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་མེད་
เล่ม ๑๔๓ · หน้า 291a
པའི་སྲིད་པས་ཀྱང་གཟུགས་ཀྱི་སྲིད་པ་ལས་ངེས་པར་བྱུང་གི་འདོད་པའི་སྲིད་པ་ལས་ནི་མ་ཡིན་ལ་གཟུགས་མེད་པའི་སྲིད་པས་གཟུགས་ཀྱི་སྲིད་པ་ལས་གཏན་དུ་ངེས་པར་འབྱུང་བ་ཡང་མ་ཡིན་ནོ། །ཇི་ལྟར་གནས་པ་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེར་ནི་རིས་དང་
སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གསུམ་པོ་ཞེས་བྱ་བ་ནི་གཟུགས་མེད་པ་ཞེས་བྱ་བར་སྦྱར་བའི་ཕྱིར་ཕོའི་རྟགས་ཀྱིས་བསྟན་པ་ཡིན་ནོ། །དེ་ལྟར་སྦྱོར་ཕྱིར་ཞེས་བྱ་བ་ནི་སྦྱོར་བའི་དུས་ན་ནམ་མཁའ་ལ་སོགས་པར་འགྱུར་གྱི་གཞན་ན་ནི་ཅི་
རིགས་པར་ཆོས་གཞན་དག་ལ་ཡང་དམིགས་སོ་ཞེས་སྟོན་ཏོ། །དམན་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་པའང་མ་ཡིན་པའོ་ཞེས་བྱ་བ་ནི་ཅིའི་ཕྱིར་གཟུགས་མེད་པ་བཞི་པ་འདུ་ཤེས་ཅན་ཞེས་ཀྱང་མི་བྱ་ལ་འདུ་ཤེས་མེད་པ་ཞེས་ཀྱང་མི་བྱ་ཞེ་ན། དམན་པའི་ཕྱིར་ཏེ། དམན་ཕྱིར་ཞེས་བྱ་བ་ནི་རྒྱུ་
གང་གིས་གཟུགས་མེད་པ་བཞི་པ་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བའི་རྒྱུ་དེ་ཉིད་བརྗོད་པ་ཡིན་ནོ། །མིང་དང་དོན་དང་མཐུན་པར་བཏགས་པའི་ཕྱིར་འདིའི་སྦྱོར་བ་ཡང་དེ་ལྟ་བུ་ཡིན་པར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་དེ་ལ་ཡང་འདི་ལྟར་སྦྱོར་མོད་ཀྱི་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །འདུ་ཤེས་ནི་འབྲས་སོ་ཞེས་བྱ་བ་ནི་འབྲས་དང་འདྲ་བས་ན་འབྲས་ཏེ་ཟུག་རྔུའི་བར་དུ་ཡང་དེ་དང་འདྲའོ། །འདུ་ཤེས་མེད་པ་པ་ནི་ཀུན་དུ་རྨོངས་པའོ་ཞེས་བྱ་བ་ནི་འདུ་ཤེས་མེད་པ་ཡང་ཀུན་དུ་རྨོངས་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་ཤེས་ཏེ། འདུ་ཤེས་ཀུན་དུ་ཆད་པའི་ཕྱིར་རོ་སྙམ་
དུ་བསམས་པ་ཡིན་ནོ། །འདི་ནི་ཞི་བ་ཞེས་བྱ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་སྨོས་ཏེ། འདུ་ཤེས་དམན་པ་ལ་མངོན་པར་དགའོ།། །།བམ་པོ་ལྔ་བཅུ་བརྒྱད་པ། འདིར་ཅིའི་ཕྱིར་དེ་དག་གིས་དེ་ལ་དེ་ལྟར་འཛིན་ཞེས་དྲི་བར་བྱ་སྟེ། དེ་དག་
གིས་ཞེས་བྱ་བ་ནི་དེ་ལ་སྙོམས་པར་འཇུག་པ་དག་གིས་སོ། །དེ་ལ་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལྟར་འཛིན་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེ་སྐད་དུ་ཡོངས་སུ་འདྲི་བས་བརྒལ་བས་ནི་འདུ་ཤེས་རྣམས་ཆུང་བའི་ཕྱིར་
เล่ม ๑๔๓ · หน้า 291b
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ་ཞེས་བྱ་བ་འདི་གདོན་མི་ཟ་བར་བརྗོད་དགོས་པས་དེ་ཉིད་བཤད་དོ། །སྙོམས་པར་འཇུག་པའི་དངོས་གཞིའི་རྫས་ཞེས་བྱ་བ་ནི་དེ་དག་གི་ཡན་ལག་ནི་ཉེ་བར་མི་དགོད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་བདུན་ནི་རྣམ་པ་གསུམ་ཡིན་ཞེ་ན།
རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་དང་དག་པ་པ་རྣམས་དང་། ཟག་པ་མེད་པ་རྣམས་སོ་ཞེས་བྱ་བ་སྨོས་སོ། །ཟག་པ་མེད་པ་ནི་མེད་དོ་ཞེས་བྱ་བ་ནི་འདུ་ཤེས་དམན་པའི་ཕྱིར་རོ། །རོ་མྱོང་བར་བྱེད་པ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ་ཞེས་བྱ་བ་དག་པ་པ་ལས་སོ། །གང་གིས་རོ་
མྱོང་བར་བྱེད་པ་དེ་ལ་ནི་སྙོམས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་རོ་མྱོང་བ་དང་མཚུངས་པར་ལྡན་པ་ལའོ། །ཡན་ལག་བཞི་པའི་དམག་ཡན་ལག་ལས་དོན་གཞན་དུ་གྱུར་པ་མ་ཡིན་པས་ཇི་ལྟ་བར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་དང་འདྲ་སྟེ། དོན་གཞན་མ་ཡིན་ནོ་ཞེས་རང་གི་གཞུང་
ལུགས་སྟོན་པར་བྱེད་དོ། །དགའ་བ་ལ་སོགས་པ་ཞེས་བྱ་བ་ནི་སྔར་བཤད་པ་དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དང་ནང་རབ་ཏུ་དང་བ་སྟེ། གཉིས་པ་ནི་ཡན་ལག་བཞི་པ་ཡིན་ནོ། །གསུམ་པ་ལ་ལྔ་བཏང་སྙོམས་དང་ཞེས་བྱ་བ་ནི་འདི་འདུ་བྱེད་ཀྱི་བཏང་སྙོམས་ཡིན་པར་བཟུང་
སྟེ། དགའ་བ་ལ་རྩོལ་བ་མེད་པའི་མཚན་ཉིད་གང་ཡིན་པའོ། །དྲན་པ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་མི་བརྗེད་པ་ཡིན་ནོ། །ཤེས་བཞིན་ནི་དྲན་པ་མི་བརྗེད་པ་ཡིན་ནོ། །བཞི་པ་ལ་བཏང་སྙོམས་ཡོངས་སུ་དག་པ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་ཡོངས་སུ་དག་པ་ནི་བཏང་སྙོམས་ཡོངས་སུ་དག་པ་
སྟེ། ས་འོག་མ་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །སྐྱོན་ནི་བརྒྱད་འཆད་པར་འགྱུར་རོ། །དྲན་པ་ཡོངས་སུ་དག་པ་ཡང་དེ་དང་འདྲའོ། །བསམ་གཏན་དང་པོ་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ན་ཡོད་པའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ་ཞེས་བྱ་བ་ནི་གང་གི་ཕྱིར་གཉིས་པ་ལ་སོགས་པ་ན་ནང་རབ་ཏུ་
དང་བ་ལ་སོགས་པ་འཕེལ་བས་སོ། །ཇི་ལྟ་ཞེ་ན། མུ་བཞི་སྟེ་བསམ་གཏན་དང་པོ་ན་ཡོད་ལ་གཉིས་པ་ན་མ་ཡིན་པ་ཡང་ཡོད། གཉིས་པ་ན་ཡོད་ལ་དང་པོ་ན་མ་ཡིན་པ་ཡང་ཡོད། གཉི་ག་ན་ཡོད་པ་ཡང་ཡོད། །གཉི་ག་ན་མ་ཡིན་པ་ཡང་ཡོད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་
เล่ม ๑๔๓ · หน้า 292a
ཐམས་ཅད་ཕན་ཚུན་སྦྱར་བར་བྱའོ་ཞེས་བྱ་བ་ཇི་ལྟ་ཞེ་ན། ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གསུམ་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བཏང་སྙོམས་དང་
དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །མུ་བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་
དང་བདེ་བ་དག་གོ། །གཉིས་པ་ནི་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དང་། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པའོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་
དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་གསུམ་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་། དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་
ལ་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་། དགའ་བ་དང་བདེ་བ་དག་གོ། །གཉིས་པ་ནི་ཏིང་ངེ་འཛིན་མ་གཏོགས་པ་དེའི་ཡན་ལག་རྣམས་སོ། །གསུམ་
པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གསུམ་པ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་ནི་ཏིང་ངེ་འཛིན་མ་གཏོགས་པ་དེའི་ཡན་ལག་རྣམས་སོ། །གཉིས་པ་ནི་ཏིང་ངེ་འཛིན་མ་གཏོགས་
པ་དེའི་ཡན་ལག་རྣམས་སོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་ཏེ། འདི་ནི་དེ་དག་ལས་གཅིག་དབྲི་བ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན་ཞེས་བྱ་བ་ཇི་སྐད་དུ་བརྗོད་ཅེ་ན། །དེ་དག་
เล่ม ๑๔๓ · หน้า 292b
ནི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཡིན་ཏེ་ཞེས་རྒྱས་པར་བཤད་ནས། ཡང་མིང་གི་སྒོ་ནས་ནི་དེ་ལྟའོ། །རྫས་སུ་བཅུ་གཅིག །རྫས་སུ་ནི་དེ་དག་བཅུ་གཅིག་ཡིན་ཏེ། བསམ་གཏན་དང་པོའི་ས་པ་ནི་ལྔ་པའོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་ལྷག་གོ། །གསུམ་པ་ལ་ནི་བཏང་
སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་རྣམས་སོ་ཞེས་སྨོས་པའི་ཕྱིར་རོ། །བདེ་བའི་དབང་པོ་དང་མི་ལྡན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་བདེ་བའི་དབང་པོ་མི་སྲིད་པའི་ཕྱིར་རོ། །བསམ་གཏན་གསུམ་ཆར་ན་ཡང་སེམས་ལས་བྱུང་བའི་བདེ་བའི་དབང་པོ་མེད་པ་ཁོ་ནའོ། །འོ་ན་ཅི་ཞེ་ན།
ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་རྣམ་པར་གཞག་སྟེ། མཉམ་པར་གཞག་པའི་གནས་ཀྱི་བར་སྐབས་སུ་ཀུན་འབྱུང་བའི་ཕྱིར་རོ། །འདི་ནི་དཔེས་སྟོན་པ་རྣམས་ཀྱི་ཕྱོགས་ཡིན་ནོ་ཞེས་གྲག་སྟེ། དེ་དག་གི་ལྟར་ན་བདེ་བའི་དབང་པོ་ས་གཉིས་པ་འདོད་པ་དང་བསམ་གཏན་དང་པོའི་ས་པ་ཁོ་ནར་མ་ཟད་
དོ། །འོ་ན་ཅི་ཞེ་ན། བདེ་བའི་དབང་པོ་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་གསུམ་པའི་ས་པའི་བར་ས་བཞི་པ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱེ་བྲག་ཏུ་བཤད་པ་ལས། མདོ་སྡེ་པའི་བཙུན་པས་ཆོས་མངོན་པ་པ་རྣམས་ཀྱི་ལྟར་ན་ཟོ་ཆུན་རྒྱུད་མོ་ལྟ་བུར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་
འོག་ནས་གོང་དུ་འདྲེན་ཏོ་ཞེས་བཤད་དེ། དེའི་འདོད་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཡང་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ། །ཚིག་དེ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ཞེས་བྱ་བ་ནི་སེམས་ལས་བྱུང་བ་ཞེས་འབྱུང་བ་གང་ཡིན་པ་དེའོ། །
བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་བསྟན་པ་ལས་འདི་སྐད་དུ། དགའ་བ་ལས་འདོད་ཆགས་དང་བྲལ་ནས། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དུ་གནས་ཤིང་བདེ་བ་ལུས་ཀྱིས་མྱོང་ལ་གང་འཕགས་པ་རྣམས་ཀྱིས་བཏང་
སྙོམས་དང་དྲན་པ་དང་ཤེས་བཞིན་དང་ལྡན་ཞིང་བདེ་བ་ལ་གནས་སོ་ཞེས་བརྗོད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བཤད་དོ། །གལ་ཏེ་དེ་སེམས་ལས་བྱུང་བ་ཡིན་པར་གྱུར་ན་ཇི་ལྟར་དེ་ལུས་ཀྱིས་མྱོང་བར་འགྱུར། ཡིད་ཀྱི་ལུས་ཀྱིས་ཞེས་བྱ་བ་ནི་ཡིད་ཀྱི་ཚོགས་ཀྱིས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด