ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๓ · หน้า 293a

སོ། །དེ་སྐད་དུ་བཤད་དེ་ཡོན་ཏན་ཅི་ཞིག་ཡོད་ཅེས་བྱ་བ་ནི་བདེ་བ་ཡིད་ཀྱིས་མྱོང་ལ་ཞེའམ། བདེ་བ་མྱོང་ལ་ཞེས་དེ་སྐད་དུ་བརྗོད་པར་བྱ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །བསམ་གཏན་བཞི་པ་ལ་ཤིན་ཏུ་སྦྱངས་པ་མང་བཞིན་དུ་བདེ་བ་མ་སྨོས་པའི་ཡང་ཕྱིར་

རོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་ཤིན་ཏུ་སྦྱངས་པའི་བདེ་བ་མང་བ་ཡིན་ཞིང་ཆེས་ཕལ་ཆེ་བ་ཡིན་ཏེ། བསམ་གཏན་གཞན་དག་པས་བསམ་གཏན་བཞི་པ་ཆེས་ཤིན་ཏུ་སྦྱངས་པའི་ཕྱིར་རོ། །དེ་མང་བཞིན་དུ་ཡང་བདེ་བ་མ་སྨོས་ཏེ། བསམ་གཏན་བཞི་པ་ལ་བདེ་བ་མ་བརྗོད་དོ། །བདེ་བ་དེ་

མ་བརྗོད་པའི་ཕྱིར་བསམ་གཏན་གསུམ་པ་ལ་ཚོར་བའི་བདེ་བ་ཁོ་ན་ཡོད་དོ་ཞེས་བྱ་བར་ཤེས་ཀྱི། བཞི་པ་ལ་ནི་ཚོར་བའི་བདེ་བ་ཡོད་པ་མ་ཡིན་པས་དེ་ལ་མ་བརྗོད་དོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་ཏུ་སྦྱངས་པ་བདེ་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་

བསམ་གཏན་དང་པོ་དང་གཉིས་པ་དག་ལ་ནི་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་ཏུ་སྦྱངས་པ་ཡོད་པས་དེ་དག་གིས་ནི་བདེ་བ་ཞེས་བཤད་དོ། །བསམ་གཏན་བཞི་པའི་ཤིན་ཏུ་སྦྱངས་པ་ནི་བདེ་བའི་ཚོར་བ་དང་མཐུན་པ་མ་ཡིན་པས་མ་བཤད་དོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་གསུམ་པ་ན་ཡོད་

པའི་ཤིན་ཏུ་སྦྱངས་པ་བདེ་བར་མ་གསུངས་པ་ཡང་ཅིའི་ཕྱིར་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པ་ཡང་བདེ་བའི་ཚོར་བ་དང་མཐུན་པ་ཡིན་ན། ཅིའི་ཕྱིར་དེ་ལ་ཤིན་ཏུ་སྦྱངས་པའི་བདེ་བ་མ་བཤད། ཁྱེད་ཀྱིས་ནི་དེ་ལ་ཚོར་བའི་བདེ་བ་ཁོ་ན་རྣམ་པར་གཞག་གི་ཤིན་ཏུ་སྦྱངས་པའི་བདེ་བ་ནི་མ་ཡིན་

ཏེ། བདེ་བ་གཉིས་མི་སྨོས་པའི་ཕྱིར་རོ། །གལ་ཏེ་བཏང་སྙོམས་ཀྱིས་བཅོམ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་བསམ་གཏན་གསུམ་པའི་བཏང་སྙོམས་ནི་ལས་སུ་རུང་བའི་མཚན་ཉིད་ཡིན་ཏེ། དེས་ཤིན་ཏུ་སྦྱངས་པ་བཅོམ་པས་མ་བརྗོད་དོ་ཞེས་བྱ་བར་འདོད་ན་མ་ཡིན་ཏེ། བཏང་སྙོམས་ཁོ་

ནས་དེ་འཕེལ་བའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། བཏང་སྙོམས་ཁོ་ནས་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པའི་བདེ་བ་འཕེལ་བའི་ཕྱིར་རོ། །གནོད་པར་བྱེད་པའི་རྒྱུ་ཉིད་ཀྱི་འཕེལ་བར་རུང་བ་མ་ཡིན་ན། ཇི་ལྟར་བཏང་སྙོམས་ཁོ་ནས་དེ་འཕེལ་ཞེ་ན། དེའི་ཕྱིར་སྔ་མ་གཉིས་པས་དེ་ཁྱད་པར་

เล่ม ๑๔๓ · หน้า 293b

དུ་འཕགས་པས་ཞེས་བྱ་བ་སྨོས་ཏེ། སྔ་མ་བསམ་གཏན་དང་པོ་དང་གཉིས་པའི་ཤིན་ཏུ་སྦྱངས་པ་དག་པས་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། བསམ་གཏན་སྔ་མ་དག་པས་གསུམ་པ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གང་གི་ཚེ་ཞེས་བྱ་བ་རྒྱས་

པར་འབྱུང་བ་ནི་གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ལས་སྐྱེས་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ། གནས་པ་དེའི་ཚེ་འདིའི་ཆོས་ལྔ་ནི་སྤོང་བར་འགྱུར་ལ། ཆོས་ལྔ་པོ་ནང་རབ་ཏུ་དང་བ་དང་། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་ཏིང་ངེ་འཛིན་

ནི་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འབྱུང་ངོ་། །ཤིན་ཏུ་སྦྱངས་པ་དང་བདེ་བ་དག་གཞན་མ་ཡིན་པ་ཉིད་ཡིན་ན་ཇི་ལྟར་འདི་དག་ལྔ་ཉིད་དུ་འགྱུར། དོན་གཞན་ཉིད་ཡིན་ན་ནི་བསམ་གཏན་གསུམ་ཆར་ན་ཡང་བདེ་བ་ལུས་ཀྱི་ཁོ་ན་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །གལ་ཏེ་

སྙོམས་པར་ཞུགས་པ་ལ་ཇི་ལྟར་ལུས་གྱི་རྣམ་པར་ཤེས་པ་འབྱུང་ཞེ་ན། འདིར་སྨྲས་པ། ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་ཞེས་བརྗོད་པ་བདེ་བ་མྱོང་བར་འགྱུར་བ་བདེ་བའི་ཚོར་བ་དང་མཐུན་པའི་རླུང་གིས་ལུས་ལ་རྒྱས་པའི་ཕྱིར་ཏེ།

ལུས་ལ་ཁྱབ་པའི་ཕྱིར་རོ། །ཅི་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པ་འབྱུང་བ་ཁོ་ནའོ། །གལ་ཏེ་ཕྱི་རོལ་དུ་རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པས་ཕྱི་རོལ་དུ་རྣམ་པར་གཡེངས་པའི་ཕྱིར་ཏེ། ཕྱིའི་ཡུལ་ལ་

རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་ཉམས་པར་འགྱུར་རོ་སྙམ་དུ་སེམས་ན་མ་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ནི་དེ་ལྟར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་ལས་སྐྱེས་པ་ལུས་ཀྱི་ནང་དུ་བྱུང་བ་སྟེ། ཕྱི་རོལ་དུ་བྱུང་བ་མ་ཡིན་པ་ཞེས་བྱ་བའི་ཐ་

ཚིག་གོ། །ལུས་ཀྱི་བདེ་བ་ལུས་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བའི་བདེ་བ་ནི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་ཏིང་ངེ་འཛིན་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱིར་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་

เล่ม ๑๔๓ · หน้า 294a

ལྡང་བར་མི་འགྱུར་ཏེ། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མངོན་དུ་གྱུར་མ་ཐག་ཏུ་ཏིང་ངེ་འཛིན་ཉེ་བར་གནས་སོ་སྙམ་དུ་བསམས་པ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལུས་ཀྱི་རྣམ་པར་ཤེས་པས་གཟུགས་ན་སྤྱོད་པའི་རེག་བྱ་མི་འཛིན་པའི་ཕྱིར་

ལུས་ཀྱི་རྣམ་པར་ཤེས་པ་དེ་ནི་གཟུགས་ན་སྤྱོད་པ་ཁོ་ན་ཡིན་གྱི་འདོད་པ་ན་སྤྱོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དང་མཚུངས་པར་ལྡན་པའི་བདེ་བ་ནི་བསམ་གཏན་གྱི་ཡན་ལག་ཏུ་མི་འགྲུབ་བོ་ཞེ་ན། ཤིན་ཏུ་སྦྱངས་པའི་རྣམ་པར་ཤེས་པ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་

པའི་སྒོ་ནས་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོས་གཟུགས་ན་སྤྱོད་པ་འཛིན་ཏེ་མཉམ་པར་གཞག་པའི་ལུས་ཀྱི་དབང་པོ་གང་ཡིན་པ་དེ་ནི་ས་གོང་མ་པའི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་དུ་འགྱུར་བའི་གནས་སྐབས་དེར་འགྱུར་བ་ཡིན་ནོ། །ཟག་པ་མེད་པ་དག་ཏུ་ཡང་འགྱུར་རོ་ཞེས་བྱ་བ་ནི་

ཤིན་ཏུ་སྦྱངས་པའི་མཚན་ཉིད་ཀྱི་རེག་བྱ་དང་དེ་ལ་དམིགས་པ་ལུས་ཀྱི་རྣམ་པར་ཤེས་པ་སྟེ། རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དེ་དག་ཟག་པ་མེད་པར་ཡང་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡན་ལག་ཅུང་ཟད་ཅིག་ནི་ཟག་པ་དང་བཅས་པ་ཅུང་ཟད་ཅིག་ནི་ཟག་པ་མེད་པ་ཡིན་ན་མི་རུང་བས་ཞེས་བྱ་

བ་སྨོས་ཏེ། གལ་ཏེ་དེ་སྙམ་དུ་སེམས་ན། ལུས་ཀྱི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པས་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བར་འགྱུར་བ་

གང་ཡིན་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་དུ་འབྱུང་བའི་ཕྱིར་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་ཟག་པ་

མེད་པར་འདོད་དོ། །གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཇི་སྟེ་འདི་སྐད་དུ་གང་གི་ཕྱིར་ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པ་དེའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་ཉེ་བར་འདོགས་ཀྱི་དེ་བྱང་ཆུབ་ཀྱི་ཡན་ལག་ནི་མ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ན།

เล่ม ๑๔๓ · หน้า 294b

ཟག་པ་མེད་པ་ཉིད་ཀྱང་དེ་དང་འདྲ་སྟེ། རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དེ་དག་ནི་ཟག་པ་མེད་པ་དང་མཐུན་པའི་ཕྱིར་ཟག་པ་མེད་པ་ཞེས་ཉེ་བར་འདོགས་ཀྱི། ཟག་པ་མེད་པ་ཉིད་ནི་མ་ཡིན་པས་དེ་ལྟར་ན་འདི་དག་ཟག་པ་མེད་པ་ཉིད་ཡིན་ནོ། །གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཞེས་བྱ་བ་

རྒྱས་པར་འབྱུང་བ་ནི་གལ་ཏེ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་དང་། གཟུགས་རྣམས་ཇི་སྙེད་པ་དང་། མིག་གི་རྣམ་པར་ཤེས་པ་གཞན་ཇི་སྙེད་པ་དང་། ལུས་ཇི་སྙེད་པ་དང་། རེག་བྱ་རྣམས་ཇི་སྙེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཇི་སྙེད་པའོ་ཞེས་འབྱུང་

བའི་མདོ་འདི་དང་འགལ་ལོ་ཞེས་དེ་སྙམ་དུ་སེམས་ན་མ་ཡིན་ཏེ། རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་གཞན་ལས་དགོངས་ཏེ་གསུངས་པའི་ཕྱིར་ཤིན་ཏུ་སྦྱངས་པ་དེ་ལ་མ་གཏོགས་པའི་རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དེ་ལ་མ་གཏོགས་པའི་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ལས་

དགོངས་ཏེ་གསུངས་པའི་ཕྱིར་རོ། །གལ་ཏེ་ཟག་པ་མེད་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཟག་པ་མེད་པ་སྟེ། ཟག་པ་མེད་པ་རྣམ་པར་གཞག་པ་ལ་ཡན་ལག་ཅུང་ཟད་ཅིག་ནི་ཟག་པ་དང་བཅས་པ་ཅུང་ཟད་ཅིག་ནི་ཟག་པ་མེད་པར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ནི་གལ་ཏེ་རེག་བྱ་དང་ལུས་ཀྱི་

རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་ལ། དེ་དག་ལས་གཞན་པ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་ཉེས་པ་དེར་འགྱུར་རོ་སྙམ་དུ་སེམས་ན། འདིར་ཅིག་ཅར་མ་ཡིན་པའི་ཕྱིར་ཉེས་པ་ཅི་ཞིག་ཡོད་ཅེས་བྱ་བ་སྨོས་ཏེ། གང་གི་ཚེ་ཟག་པ་མེད་པའི་ཡན་ལག་ཀུན་དུ་འབྱུང་བ་དེའི་ཚེ་

ཟག་པ་དང་བཅས་པ་ཀུན་དུ་མི་འབྱུང་ལ། གང་གི་ཚེ་ཟག་པ་དང་བཅས་པ་ཀུན་དུ་འབྱུང་བ་དེའི་ཚེ་ཟག་པ་མེད་པ་ཀུན་དུ་མི་འབྱུང་བས་དེ་ནི་ཉེས་པ་མེད་དོ། །གལ་ཏེ་བདེ་བ་དང་དགའ་བ་ཕྲད་པ་མེད་པའི་ཕྱིར་ཏེ། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་ཕྲད་པ་མེད་ཅིང་ཅིག་ཅར་མ་ཡིན་པའི་

ཕྱིར་བསམ་གཏན་དང་པོ་ཡན་ལག་ལྔ་པར་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་སྙམ་དུ་སེམས་ན། དེ་ནི་ཉེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། སྲིད་པའི་ཕྱིར་བསྟན་པས་རྟོག་པ་དང་དཔྱོད་པ་བཞིན་ནོ། །ཇི་ལྟར་བསམ་གཏན་དང་པོ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་བྱ་བ་རྟོག་པ་དང་དཔྱོད་

เล่ม ๑๔๓ · หน้า 295a

པ་དག་རྣམ་གྲངས་ཀྱིས་འབྱུང་བ་ལྟར་བདེ་བ་དང་དགའ་བ་དག་ཀྱང་དེ་དང་འདྲ་སྟེ། སྲིད་པའི་ཕྱིར་བསྟན་པས་དེ་ནི་ཉེས་པ་མེད་དོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་རྣམ་གྲངས་ཀྱིས་འབྱུང་ངོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ནོ་

ཞེ་ན་སྨྲས་པ། སྒྲུབ་པ་ཡིན་ནོ། །ཇི་ལྟ་ཞེ་ན། རྟོག་པ་དང་དཔྱོད་པ་དག་འགལ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་སེམས་རྩིང་བ་དེའི་ཚེ་ཞིབ་པ་ཉིད་མེད་ལ། གང་གི་ཚེ་ཞིབ་པ་ཉིད་དེའི་ཚེ་རྩིང་བ་ཉིད་མེད་པས་འགལ་བའི་ཕྱིར་རྟོག་པ་དང་དཔྱོད་པ་དག་ཅིག་ཅར་མ་ཡིན་ནོ། །ཉེས་པ་

སྨོས་པའི་ཕྱིར་ཞེས་སྨོས་པ་ནི་རྩིང་བ་དང་ཞིབ་པ་ཉིད་ས་དང་རྣམ་པའི་བྱེ་བྲག་གིས་ལྟོས་པ་ཅན་ཡིན་ན་ནི་སྲིད་པའི་རྩེ་མོའི་བར་ལ་རྟོག་པ་དང་དཔྱོད་པ་དག་ཡོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁ་ཅིག་ནི་ཉེས་པ་མ་སྨོས་པའི་ཕྱིར་ཞེས་འདོན་ཏེ། ཕྲད་པ་མེད་པ་ལ་ཉེས་པ་འགའ་

ཡང་མ་སྨོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡན་ལག་གཉིས་དང་གསུམ་དང་བཞི་བོར་ནས་ཞེས་བྱ་བ་ནི་ཡན་ལག་གཉིས་བོར་ནས་བསམ་གཏན་གཉིས་པ་རྣམ་པར་གཞག་སྟེ། དེ་ན་རྟོག་པ་དང་དཔྱོད་པ་དག་མེད་པའི་ཕྱིར་རོ། །ཡན་ལག་གསུམ་བོར་ནས་བསམ་གཏན་གསུམ་པ་རྣམ་པར་

གཞག་སྟེ། དེ་ན་དགའ་བ་ཡང་མེད་པས་སོ། །ཡན་ལག་བཞི་བོར་ནས་བསམ་གཏན་བཞི་པ་རྣམ་པར་གཞག་སྟེ། དེ་ནི་བདེ་བ་ཡང་མེད་དོ། །འདུ་ཤེས་ལ་སོགས་པ་ནི་ཡན་ལག་ཉིད་དུ་བཤད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་འདུ་ཤེས་ལ་སོགས་པ་ནི་བསམ་གཏན་གཞན་དག་ལ་བོར་བ་མེད་

པས་སོ། །ཡང་ན་ཅིའི་ཕྱིར་ལྔ་ཁོ་ན་ཡན་ལག་ཉིད་ཡིན་ཞེས་བྱ་བ་ནི་གལ་ཏེ་དོན་འདི་ཡིན་པར་མི་དགོངས་ནའོ། །གལ་ཏེ་ཕན་པའི་ཕྱིར་ལྔ་ཁོ་ན་ཡན་ལག་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་རྟོག་པ་དང་དཔྱོད་པ་གཉིས་པས་དྲན་པ་དང་ཤེས་རབ་དག་ཆེས་ཕན་པའི་ཕྱིར་རོ། །ཇི་ལྟར་དྲན་པ་

དང་ཤེས་རབ་དག་ཕན་པར་འདོད་པ་དེ་ལྟར་རྟོན་པ་དང་དཔྱོད་པ་དག་ནི་ཆེས་ཕན་པ་མ་ཡིན་ཏེ། དྲན་པ་ཉེ་བར་གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ལ་ཞུམ་པ་དང་རྒོད་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་དཔྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་རྣལ་འབྱོར་

เล่ม ๑๔๓ · หน้า 295b

སྤྱོད་པའི་ས་མཐོང་བས་དཔྱོད་པར་བྱ་བ་ཡིན་ནོ་ཞེས་སློབ་དཔོན་གྱིས་དེར་བལྟ་བར་ཁུངས་འབྱིན་པ་ཡིན་ནོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་པར་བལྟ་སྟེ། ཆོས་གཞན་དག་ཡོད་བཞིན་དུ་ཅིའི་དབང་དུ་བྱས་ནས་རྟོག་པ་ལ་སོགས་པ་ཁོ་ན་ཡན་ལག་ཉིད་དུ་རྣམ་པར་གཞག་ཅེ་ན་དེ་ཙམ་གྱིས་

གཉེན་པོ་དང་། ཕན་ཡོན་དང་། དེ་གཉི་གའི་རྟེན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཟུགས་མེད་པ་དག་ལ་ནི་ཡན་ལག་རྣམ་པར་གཞག་པ་མེད་དོ། །ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདི་སྐད་དུ་གཉེན་པོའི་ཡན་ལག་གི་ཕྱིར་དང་། ཕན་ཡོན་གྱི་ཡན་ལག་གི་

ཕྱིར་དང་། དེ་གཉི་གའི་རྟེན་གྱི་ཡན་ལག་གི་ཕྱིར་ཞེས་བཤད་པ་ཡིན་ཏེ། རེ་ཞིག་བསམ་གཏན་དང་པོ་ལ་གཉེན་པོའི་ཡན་ལག་ནི་རྟོག་པ་དང་དཔྱོད་པ་ཡིན་ཏེ། དེ་དག་གིས་འདོད་པའི་གནོད་སེམས་དང་། རྣམ་པར་འཚེ་བ་སྤོང་བའི་ཕྱིར་རོ། །ཕན་ཡོན་གྱི་ཡན་ལག་ནི་དགའ་བ་དང་བདེ་བ་ཡིན་

ཏེ། རྟོག་པ་དང་དཔྱོད་པ་དག་གིས་མི་མཐུན་པའི་ཕྱོགས་སྤངས་ནས་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་འཐོབ་པའི་ཕྱིར་རོ། །དེ་གཉི་གའི་རྟེན་གྱི་ཡན་ལག་ནི་སེམས་རྩེ་གཅིག་པ་ཉིད་ཡིན་ཏེ། རྟེན་གྱི་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་

གཏན་གཉིས་པ་ལ་གཉེན་པོའི་ཡན་ལག་ནི་ནང་རབ་ཏུ་དང་བ་ཡིན་ཏེ། དེས་རྟོག་པ་དང་དཔྱོད་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་དག་ཡིན་ཏེ། སྔ་མ་བཞིན་ནོ། །བསམ་གཏན་གསུམ་པ་ལ་གཉེན་པོའི་ཡན་ལག་ནི་བཏང་སྙོམས་དང་།

དྲན་པ་དང་། ཤེས་བཞིན་ཡིན་ཏེ་དེ་དག་གིས་དགའ་བ་སྤོང་བའི་ཕྱིར་རོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་གོ་རིམས་བཞིན་དུ་ཡན་ལག་ལྷག་མ་དག་ཡིན་ཏེ་སྔ་མ་བཞིན་ནོ། །བསམ་གཏན་བཞི་པ་ལ་གཉེན་པོའི་ཡན་ལག་ནི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་

དག་པ་ཡིན་ཏེ། དེ་དག་གིས་བསམ་གཏན་དག་ན་བདེ་བ་སྤོང་བའི་ཕྱིར་རོ། །ཕན་ཡོན་གྱི་ཡན་ལག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡིན་ནོ། །དེ་གཉི་གའི་རྟེན་གྱི་ཡན་ལག་ནི་སེམས་རྩེ་གཅིག་པ་ཉིད་ཡིན་ནོ། །རབ་ཏུ་དང་བ་དད་པ་ཡིན། །ཞེས་བྱ་བ་ནི་དད་

เล่ม ๑๔๓ · หน้า 296a

པ་ཉིད་རབ་ཏུ་དང་བ་ཡིན་པས་རབ་ཏུ་དང་བ་དད་པ་ཡིན་ནོ། །རྫས་གཞན་མེད་ན་ཇི་ལྟར་སེམས་ལས་བྱུང་བ་ཉིད་དུ་འགྲུབ་ཅེས་བྱ་བ་ནི་རྟོག་པ་ལ་སོགས་པའོ། །སྐལ་ལྡན་ཁྱད་པར་ཅན་ན་རེ་སེམས་ལ་སྣ་ཚོགས་པ་ཡོད་པའི་ཕྱིར་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་

ཀྱང་སེམས་ལས་འབྱུང་བ་ཡིན་ཏེ། ཡིད་ཀྱི་བརྗོད་པ་ཚོལ་བའི་གནས་སྐབས་ནི་རྟོག་པའོ། །ཡིད་ཀྱི་བརྗོད་པ་སོ་སོར་རྟོག་པའི་གནས་སྐབས་ནི་དཔྱོད་པའོ། །སེམས་ཀྱི་གནས་སྐབས་དག་ཀུན་ནས་སློང་བར་བྱེད་པ་ནི་རྟོག་པའོ། །དེ་ལས་གཞན་པའི་གནས་སྐབས་ནི་དཔྱོད་པའོ་ཞེས་ཟེར་རོ། །

སེམས་ཀྱི་གནས་སྐབས་རྣམ་པར་མ་གཡེངས་པ་ནི་ཏིང་ངེ་འཛིན་ཏོ། །སེམས་ཀྱི་གནས་སྐབས་རབ་ཏུ་ཞི་བར་འབྱུང་བ་ནི་ནང་རབ་ཏུ་དང་བའོ། །བསམ་གཏན་དག་ན་ཡོད་པའི་བདེ་བ་ནི་ཡིད་བདེ་བ་ཡིན་པར་མི་རུང་བ་ཉིད་ཀྱི་ཞེས་བྱ་བ་ནི་བདེ་བའི་ཚོར་བའི་ངོ་བོ་ཉིད་དུ་འདྲ་ན་ཡིད་ཀྱི་ཡིན་ཡང་ཅིའི་

ཕྱིར་ཡིད་བདེ་བ་ལ་བདེ་བ་ཞེས་མི་བརྗོད་ཅེ་ན། རྒྱུ་ཡོད་དེ་དགའ་བ་འདི་ནི་ཉེ་བར་མ་ཞི་བ་ཡིན་པས་དེ་ནི་སེམས་མཉམ་པར་གཞག་པ་དེ་ཡང་གཡེངས་པ་ལྟ་བུ་དང་། ཁེངས་པ་ལྟ་བུ་དང་། དགའ་བ་དང་བཅས་པ་དང་། གད་མོ་དང་བཅས་པ་དང་། འཕྱར་བ་ལྟ་བུར་རྣམ་པར་འཇོག་སྟེ།

གང་གི་ཚེ་ཉེ་བར་ཞི་བར་གྱུར་པ་དེའི་ཚེ་ས་གཞན་ཐོབ་ན་དེའི་རིགས་ཅན་ཉིད་ཀྱི་ཚོར་བ་ལ་བདེ་བ་ཞེས་བྱའོ། །ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ས་པའི་ཉོན་མོངས་པ་རྣམས་ལས་མ་གྲོལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པས་རྙོགས་པའི་ཕྱིར་རོ་

ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱིས་རབ་ཏུ་མ་དང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་བདེ་བས་བསླད་པའི་ཕྱིར་དྲན་པ་དང་ཤེས་བཞིན་མེད་དོ། །ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་

རོ་ཞེས་བྱ་བ་ནི་དེའི་ས་པའི་ཉོན་མོངས་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་པའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་རྫོགས་པ་དག་མེད་དོ། །དེ་གཉིས་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དག་ནི་དགེ་བའི་ས་མང་པོ་པ་ལས་བྱུང་བ་སྟེ། དད་དང་

เล่ม ๑๔๓ · หน้า 296b

བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལས་འབྱུང་། །ཞེས་འབྱུང་བའི་ཕྱིར་རོ། །ཡང་ཅི་ཕྱོགས་སྔ་མ་ལྟར་ན་བསམ་གཏན་ཉོན་མོངས་པ་ཅན་དག་ལ་ཡང་དེ་དག་ཡོད་དམ་ཞེ་ན་སྨྲས་པ་མེད་དོ། །

ཅིའི་ཕྱིར་དེ་སྐད་དུ་མ་བཤད་ཅེ་ན། མ་བཤད་བཞིན་དུ་འགྲུབ་པའི་ཕྱིར་རོ། །གཞན་དག་ན་རེ་དགེ་བའི་ས་མང་པོ་པ་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དག་མ་སྨོས་པའི་ཕྱིར་དེ་དག་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །དབུགས་དག་ཅེས་བྱ་བ་ནི་དབུགས་འབྱུང་བ་དང་། དབུགས་རྔུབ་པ་

དག་སྟེ་གཉིས་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་འདིར་གཉིས་ཀྱི་ཚིག་ཏུ་བསྟན་ཏོ། །གཞན་དག་ན་རེ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དག་གིས་གཡོ་བར་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་བསམ་གཏན་སྔ་མ་གསུམ་རྟོག་པ་ལ་སོགས་པས་གཡོ་བར་བྱེད་དེ། བསམ་གཏན་

དང་པོ་ནི་རྟོག་པ་དང་དཔྱོད་པ་དག་གིས་གཡོ་ལ། གཉིས་པ་ནི་དགའ་བས། གསུམ་པ་ནི་བདེ་བས་གཡོ་བ། དེ་ལྟར་བཞི་པ་ནི་སྐྱོན་བརྒྱད་དང་བྲལ་བའི་ཕྱིར་དེ་དག་གིས་མི་གཡོ་སྟེ། མདོ་ལས། དཔེར་ན་རླུང་མེད་པའི་མར་མེ་རླུང་གིས་མི་གཡོ་བ་དེ་དང་འདྲའོ་ཞེས་གསུངས་སོ་ཞེས་ཟེར་རོ། །

དང་པོར་གཏོགས་ཞེས་བྱ་བ་ནི་བསམ་གཏན་དང་པོས་བསྡུས་པ་ཡིན་ནོ། །སྤྲུལ་པའི་སེམས་བཞིན་དུ་ཞེས་བྱ་བ་ནི་ས་དེ་པའི་སྤྲུལ་པ་སྤྲུལ་པར་འདོད་པའི་སྤྲུལ་པ་པོ་གང་དག་ཡིན་པ་ས་འོག་མའི་སྤྲུལ་པའི་སེམས་མངོན་སུམ་དུ་བྱེད་པ་དེ་དང་འདྲའོ། །དམན་པའི་ཕྱིར་དགེ་བ་ཡང་མ་ཡིན་ནོ་ཞེས་

བྱ་བ་ནི་བསམ་གཏན་དང་པོའི་ས་པའི་དགེ་བ་དེ་ནི་བསམ་གཏན་གཉིས་པའི་ས་པ་བས་དམན་ཞིང་ཐ་ཆད་ཡིན་པས་དེའི་ཕྱིར་མངོན་སུམ་དུ་མི་བྱེད་དེ། དགོངས་པའི་ཕྱིར་དེ་དག་བསམ་གཏན་དང་པོའི་ས་པ་མངོན་སུམ་དུ་བྱེད་ཀྱི་གུས་པས་ནི་མ་ཡིན་ནོ། །དགེ་བ་དེ་ནི་རྣམ་པར་སྨིན་པ་དང་བཅས་པ་

ཡིན་ན་དེ་དག་ནི་དེའི་རྣམ་པར་སྨིན་པ་དོན་དུ་གཉེར་བ་མ་ཡིན་པས་དགེ་བའི་སེམས་མངོན་དུ་བྱ་བ་ལ་འབད་པ་མི་བྱེད་དོ། །འདོད་ཆགས་བྲལ། སྐྱེ་བ་ལས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་སོ། །སྐྱེ་བས་ཤེ་འམ་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པ་ཡིན་ཏེ། དེ་དང་མི་ལྡན་པ་

เล่ม ๑๔๓ · หน้า 297a

ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བས་བསམ་གཏན་ནམ་གཟུགས་མེད་པ་དག་པ་པ་འཐོབ་སྟེ། འདོད་པ་ལས་འདོད་ཆགས་དང་བྲལ་བས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ་དག་པ་པ་དང་པོ་རྣམ་པ་གསུམ་འཐོབ་ལ། དེ་བཞིན་དུ་ཅི་ཡང་

མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བས་ནི་སྲིད་པའི་རྩེ་མོ་འཐོབ་པའི་བར་དུའོ། །སྲིད་པའི་རྩེ་མོ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་ཁོ་ནས་འཐོབ་བོ། །ས་འོག་མར་སྐྱེ་བ་ལས་ཞེས་བྱ་བ་ནི་གོང་ནས་ས་འོག་མར་སྐྱེ་བ་ན་དེ་འཐོབ་བོ། །སྦྱོར་བ་ལས་

ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཞེས་བྱ་བ་ནི་དེའི་འཐོབ་པ་དེ་ནི་འདོད་ཆགས་དང་བྲལ་བ་དང་སྐྱེ་བས་བྱས་པ་མ་ཡིན་ནོ། །ཡོངས་སུ་ཉམས་པ་ལས་ཀྱང་ཉམས་པའི་ཆ་དང་མཐུན་པ་ཞེས་བྱ་བ་ནི། གནས་པའི་ཆ་དང་མཐུན་པ་ལས་ཡོངས་སུ་ཉམས་ན་ཉམས་པའི་ཆ་དང་མཐུན་པ་འཐོབ་བོ། །

དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཡོངས་སུ་ཉམས་པས་ཀྱང་ཉམས་པའི་ཆ་དང་མཐུན་པ་འཐོབ་པའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་ཉམས་པ་དང་། སྐྱེ་བས་འཐོབ་པ་དང་འདོར་བར་འགྱུར་བ་ཡང་སྦྱར་བར་བྱའོ། །ཇི་ལྟ་ཞེ་ན། དག་པ་པ་ཡོངས་སུ་ཉམས་པས་འཐོབ་ལ་ཡོངས་སུ་ཉམས་

པས་འདོར་བ་ཡོད་དམ་ཞེ་ན། ཡོད་དོ། །དག་པ་པ་སྐྱེ་བས་འཐོབ་ལ་སྐྱེ་བས་འདོར་བ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དོ། །ཇི་ལྟ་ཞེ་ན། བསམ་གཏན་དང་པོ་ཉམས་པའི་ཆ་དང་མཐུན་པའོ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་དང་པོ་ནི་ཚངས་པའི་འཇིག་རྟེན་ས་གསུམ་གྱི་ཁྱད་པར་ཅན་ཏེ། ཚངས་

པའི་འཇིག་རྟེན་སྐྱེ་བ་ན་ཞེས་འབྱུང་བའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ་ཞེས་བྱ་བ་ནི། འདི་ལྟར་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བས་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་ཉོན་མོངས་པ་དང་མཐུན་པའི་ཕྱིར། དེའི་ས་པའི་

ཉོན་མོངས་པ་བཞིན་དུ་འདོར་ཏེ། དེའི་ཕྱིར་ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ་ཞེས་བྱ་བའོ། །རེ་ཞིག་དྲི་བ་དང་པོའི་ལན་ནི་དེ་ལྟ་བུ་ཡིན་ནོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འཐོབ་ཅེས་བྱ་བ་ནི་གལ་ཏེ་

เล่ม ๑๔๓ · หน้า 297b

ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་ན་ཡང་ས་དེ་པའི་ཉོན་མོངས་པ་བཞིན་དུ་ཡོངས་སུ་ཉམས་པའི་ཆ་དང་མཐུན་པ་དེ་འཐོབ་བོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འདོར་རོ་ཞེས་བྱ་བ་ནི་

གང་གི་ཚེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་དག་པ་པ་འདོར་རོ། །གོང་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ན་འཐོབ་ཅེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནི་དེའི་ས་པའི་ཉོན་མོངས་པ་བཞིན་དུ་ཉམས་

པའི་ཆ་དང་མཐུན་པ་འཐོབ་བོ། །དེ་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་དེ་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ། །དབང་པོ་འཕོ་བ་ལས་ཀྱང་སློབ་པ་དང་མི་སློབ་པ་འཐོབ་བོ་ཞེས་བྱ་བ་ནི་དད་པས་མོས་པ་མཐོང་བས་ཐོབ་པ་ཉིད་དུ་གྱུར་ན་སློབ་

པ་འཐོབ་ལ་དུས་ཀྱིས་རྣམ་པར་གྲོལ་བ་ཡང་མི་གཡོ་བ་རྟོགས་ན་མི་སློབ་པ་འཐོབ་པོ། །མཐར་གྱི་ས་པས་མི་འཐོབ་པའི་ཕྱིར་གདོན་མི་ཟ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་མཐར་གྱི་ས་པ་ཞིག་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པ་ལ་ནི་མི་འཐོབ་བོ། །རང་གི་ས་པའི་དག་པ་པ་

དང་ཟག་པ་མེད་པ་དག་ཅེས་བྱ་བ་ནི་ལངས་པའི་ཚེ་དང་རྒྱུན་གྱི་ཚེའོ། །བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ཞེས་བྱ་བ་ནི་སྤེལ་མ་དང་སྤེལ་མ་མ་ཡིན་པ་ལུགས་བཞིན་སྙོམས་པར་འཇུག་པ་དང་ཐོད་རྒལ་དུ་སྙོམས་པར་འཇུག་པ་ནའོ། །རང་གི་ས་པའི་དག་པ་པ་དང་། ཟག་པ་མེད་པ་

ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་ཡང་དེ་ཁོ་ན་བཞིན་ཏེ། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ནའོ། །སྲིད་པའི་རྩེ་མོའི་དག་པ་པ་ཁོ་ན་སྟེ། ཟག་པ་མེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞེན་པའི་ཕྱིར་ཟག་པ་མེད་པ་མེད་དོ་ཞེས་བཤད་དེ།

ལུགས་དང་མཐུན་པར་སྙོམས་པར་འཇུག་པ་ལས་ལངས་པའི་ཚེ་དེ་འབྱུང་ངོ་། །བསམ་གཏན་གསུམ་པ་དང་བཞི་པ་དང་། དང་པོའི་ས་པ་པའི་ཞེས་བྱ་བ་ནི་སྤེལ་མ་དང་། སྤེལ་མ་མ་ཡིན་པ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་དང་ཐོད་རྒལ་དུ་སྙོམས་པར་འཇུག་པའི་དུས་དག་

เล่ม ๑๔๓ · หน้า 298a

ནའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པའི་ས་པ་བཞི་ཞེས་བྱ་བ་ནི་དུས་དེ་དག་ཉིད་དུའོ། །གསུམ་པོ་ཞེས་བྱ་བ་ནི་ཟག་པ་མེད་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་གཞན་གྱི་མཇུག་ཐོགས་སུ་ཡང་རྫས་བཅུ་སྦྱར་

བར་བྱའོ་ཞེས་བྱ་བ་ནི། འདི་ལྟ་སྟེ། བསམ་གཏན་གསུམ་པའི་མཇུག་ཐོགས་སུ་བཅུ་སྟེ། རང་གི་ས་པ་དག་པ་པ་དང་ཟག་པ་མེད་པ་དང་གཉིས་དང་བསམ་གཏན་བཞི་པ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་པ་བཞི་དང་། དེ་བཞིན་དུ་བསམ་གཏན་དང་པོ་དང་གཉིས་པའི་ས་པ་བཞིའོ། །

བསམ་གཏན་བཞི་པའི་མཇུག་ཐོགས་སུ་བཅུ་སྟེ། རང་གི་ས་པ་དག་པ་པ་དང་ཟག་པ་མེད་པ་དང་གཉིས་དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་པ་བཞི་དང་། བསམ་གཏན་གཉིས་པ་དང་གསུམ་པའི་ས་པ་བཞིའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་

སུ་བཅུ་སྟེ། རང་གི་ས་པ་གཉིས་དང་རྣམ་ཤེས་དང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པ་དང་། བསམ་གཏན་གསུམ་པ་དང་བཞི་པའི་ས་པ་བཞི་འབྱུང་བས་དེ་ལྟར་ན་བཅུར་འགྱུར་རོ། །རྗེས་སུ་ཤེས་པའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་རྣམས་ནི་ས་གོང་མ་དང་འོག་

མ་ལ་དམིགས་པའི་ཕྱིར་ཐལ་བར་འགྱུར་བ་ཡོད་པས་འདི་བྱེ་བྲག་ཏུ་བཤད་དོ། །དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཤེས་པ་དེའི་རྟེན་ནི་འོག་མ་ཡིན་ཏེ། འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ལ་དམིགས་པ་ཡང་འོག་མ་ཡིན་ཏེ། འདོད་པའི་སྡུག་

བསྔལ་ལ་སོགས་པ་ལ་དམིགས་སོ། །དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་ཆོས་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པ་དག་ལ་སྙོམས་པར་མི་འཇུག་གོ། །ལྷག་མ་ནི་ཟག་པ་མེད་པ་ལས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་ལྷག་མ་ཇི་ལྟར་ཟག་པ་མེད་པ་ལས་རང་གི་ས་པའི་དག་པ་

པ་དང་ཟག་པ་མེད་པ་དག་དང་ས་གོང་མ་དང་ས་འོག་མ་པ་གསུམ་པའི་བར་འབྱུང་བ་བཞིན་ནོ། །བསམས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་འགའ་ཞིག་གིས་འདི་སྙམ་དུ་བདག་གིས་ནམ་ཕྱེད་དམ། ཟླ་བ་ཤར་བའམ་ཟླ་བ་ནུབ་པའི་ཚེ་སད་པར་བྱའོ་སྙམ་དུ་བློ་བསྐྱེད་ནས་ཉལ་ན་རྒྱུན་

เล่ม ๑๔๓ · หน้า 298b

སྔོན་གྱི་བསམ་པའི་རྗེས་སུ་འཇུག་པའི་ཕྱིར་དུས་དེ་ཁོ་ནར་སད་པར་འགྱུར་རོ། །ཇི་ལྟར་དེ་ལྟར་བསམས་ནས་ཉལ་བ་དེ་འདོད་པའི་དུས་སུ་སད་པར་འགྱུར་བ་ལྟར་འདི་ཡང་དེ་དང་འདྲ་འོ། །རྣམ་པ་ཐམས་ཅད་དུ་མི་སྐྱེའོ་ཞེས་བྱ་བ་ནི་རང་གི་ས་པ་ཡང་མི་སྐྱེ་ལ་ས་འོག་མ་པ་ཡང་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་

གོ། །སྙོམས་པར་འཇུག་པའི་དུས་ཀྱི་ཕྱིར་དེ་སྐད་དུ་བཤད་ཀྱི་ཞེས་བྱ་བ་ནི་དག་པ་པ་དང་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རང་གི་ས་པའི་ཉོན་མོངས་པ་ཅན་ཁོ་ན་སྐྱེའི་གཞན་གྱི་ས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཇི་སྐད་དུ་ཞེ་ན། དག་པ་ལས། དེ་བཞིན་རང་གི་ས་པའི་ཉོན་མོངས་

ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་ཞེས་དེ་སྐད་དུའོ། །ཤི་འཕོ་བའི་ཚེ་ནི་འཆི་བའི་སྲིད་པ་ནའོ། །སྐྱེ་བས་ཐོབ་པའི་དག་པ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱེ་བའི་བསམ་གཏན་དག་ན་སྐྱེ་བས་ཐོབ་པའི་དགེ་བ་མཉམ་པར་གཞག་པ་མ་ཡིན་པ་གང་ཡིན་པ་དེ་

ཡང་བསམ་གཏན་དག་པ་པ་ཞེས་བྱ་བས་དེ་འདིར་ཤི་འཕོ་བའི་ཚེ་ཞེས་བྱ་བ་འདི་རྒྱས་པར་སྨོས་སོ། །ཅིའི་ཕྱིར་ཞེ་ན། འཆི་བའི་སྲིད་པ་ནི་མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་སྙོམས་པར་འཇུག་པའི་བསམ་གཏན་དག་པ་པ་མེད་པས་སོ། །དེའི་ཕྱིར་ས་ཐམས་ཅད་པའི་ཉོན་

མོངས་པ་སྐྱེའོ་ཞེས་བྱ་བ་སྨོས་ཏེ། ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་པ་ཅན་མཉམ་པར་གཞག་པ་མ་ཡིན་པ་རང་གི་ས་པ་དང་ས་གོང་མ་པ་དང་འོག་མ་པ་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །ས་འོག་མ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ཡོད་ན་དེར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །

ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་སོ་ཞེས་བྱ་བ་ནི་གོང་ན་མེད་པའི་ཕྱིར་རོ། །ཟག་པ་མེད་པ་ནི་དེ་ལས་སྐྱེའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་སོ། །ཉམས་པ་དང་གནས་པའི་ཆ་དང་མཐུན་པ་དག་གོ་ཞེས་བྱ་བ་ནི་ཉམས་པའི་ཆ་དང་མཐུན་པ་ནི་རྒྱུན་གྱི་དུས་སུའོ། །

གནས་པའི་ཆ་དང་མཐུན་པ་ནི་ཁྱད་པར་དུ་འགྲོ་བའི་དུས་སུའོ། །ཉམས་པའི་ཆ་དང་མཐུན་པ་མ་གཏོགས་སོ་ཞེས་བྱ་བ་ནི་ཁྱད་པར་གྱི་ཆ་དང་མཐུན་པ་ལས་རྣམ་པར་ཉམས་པ་གནས་པའི་ཆ་དང་མཐུན་པ་ཡོངས་སུ་མ་བཏང་ན་དེ་ཉིད་སྐྱེ་བར་རུང་བའི་ཕྱིར་རོ། །དེ་གཅིག་པུ་སྐྱེའོ་ཞེས་བྱ་བ་ནི་

เล่ม ๑๔๓ · หน้า 299a

ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་ཉིད་རྒྱུན་གྱི་ཚུལ་གྱིས་སོ། །འབྲེལ་པ་དང་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ་ཞེས་བྱ་བ་ནི་ལུགས་དང་མཐུན་པའི་གོ་རིམས་བཞིན་དང་ལུགས་དང་མི་མཐུན་པའི་གོ་རིམས་བཞིན་དུའོ། །བྱེད་དེ་ཞེས་བྱ་བ་ནི་བྱེད་པའི་མ་འཇོག་པ་ཞེས་

བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དམན་པའི་ཕྱིར། སྲིད་རྩེར་འཕགས་པ་ཅི་ཡང་མེད། །ཅེས་བྱ་བ་ལ། འཕགས་པ་ནི་ཟག་པ་མེད་པ་སྟེ། སྲིད་པའི་རྩེ་མོར་སྐྱེས་པ་ནི་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ཤིང་མངོན་སུམ་དུ་གྱུར་པ་ལས་ཟག་པ་སྤོང་བར་འགྱུར་

རོ། །ནི་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསྩལ་བའི་དོན་སྟོན་པར་བྱེད་དོ། །རང་གི་མེད་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་པའི་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཟག་པ་མེད་པ་དེ་ཉེ་བའི་ཕྱིར་

ཏེ་ཐག་ཉེ་བའི་ཕྱིར་རོ། །ས་རྣམས་ནི་སྲེད་པས་ཡོངས་སུ་བཅད་པའི་ཕྱིར་ཞེས་བྱ་བ་ནི་ས་གང་གི་སྲེད་པ་གང་ཡིན་པ་དེ་ནི་ས་དེ་ཁོ་ན་ལ་རྒྱས་པར་འགྱུར་བའི་ཕྱིར་དེས་ས་དེ་ཡོངས་སུ་བཅད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་གོང་མ་ཉིད་དུ་ཡང་འགྲུབ་པར་མི་འགྱུར་བ་ཁོ་ན་སྟེ། ས་གཅིག་པའི་

གནས་གཞན་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་གཞན་གསུམ་གསུམ་པ་རྣམས་དང་། བརྒྱད་པོ་དག་ལྟག་འོག་ཏུ་འདུག་ཀྱང་ས་གཅིག་པ་ཉིད་དུ་འགྲུབ་སྟེ། སྲེད་པའི་འཆོལ་བར་འགྲོ་བ་དང་ལྡན་པའི་ཕྱིར་རོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་

ཡིན་ནོ་ཞེས་བྱ་བ་ནི་དེ་དོན་དུ་གཉེར་བ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་པས་སོ། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱ་བ་ལ་གཟུགས་མེད་ཅེས་སྨོས་པ་ནི་བསམ་གཏན་བསྩལ་བའི་ཕྱིར་ཏེ། བསམ་གཏན་དག་ནི་ཀུན་དུ་ལྟ་བ་

ཡིན་པའི་ཕྱིར་དངོས་གཞི་ཡང་ཟག་པ་དང་བཅས་པའི་དངོས་པོ་འོག་མ་ལ་དམིགས་པར་འགྱུར་རོ། །དངོས་གཞི་ཞེས་སྨོས་པ་ནི་ཉེར་བསྡོགས་བསྩལ་བའི་ཕྱིར་ཏེ། གཟུགས་མེད་པའི་ཉེར་བསྡོགས་དག་ནི་ས་འོག་མ་པ་ཟག་པ་དང་བཅས་པ་ལ་དམིགས་སོ། །དགེ་བ་ཞེས་སྨོས་པ་ནི་

เล่ม ๑๔๓ · หน้า 299b

རོ་མྱང་བ་དང་མཚུངས་པར་ལྡན་པ་བསྩལ་བའི་ཕྱིར་དང་། གཉི་ག་དགེ་བར་བསྡུ་བའི་ཕྱིར་རོ། །གལ་ཏེ་གཟུགས་མེད་པ་ཞེས་བྱ་བ་དེ་ཁོ་ན་ཞིག་བརྗོད་ན་ནི་གཟུགས་མེད་པའི་དངོས་གཞི་རོ་མྱང་བ་དང་མཚུངས་པར་ལྡན་པ་དག་ཀྱང་སྤྱོད་ཡུལ་ཟག་པ་མེད་པ་འོག་མ་ཅན་ཡིན་ནོ་ཞེས་བྱ་བ་

སྲིད་པར་འགྱུར་བས་འདི་སྐད་དུ་གཟུགས་མེད་པ་ཟག་པ་དང་བཅས་པ་དག་ཅེས་འཛིན་པར་འགྱུར་རོ། །ཟག་བཅས་ཞེས་སྨོས་པ་ནི་ཟག་པ་མེད་པ་བཟློག་པའི་ཕྱིར་ཏེ། ཆོས་འོག་མ་ཟག་པ་མེད་པ་དག་ནི་གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པར་འགྱུར་རོ། །འོག་

མ་ཞེས་སྨོས་པ་ནི་གོང་མ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། ཟག་པ་དང་བཅས་པས་གོང་མ་པ་ནི་དམིགས་པར་སྲིད་པའི་ཕྱིར་རོ། །དམིགས་པ་ཟག་པ་མེད་པ་ནི་ཞེས་བྱ་བ་སྨོས་ནས། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ཞེས་བྱ་བ་སྟོན་ཏེ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་

ཞེས་བྱ་བ་ལ། ཕྱོགས་དང་མཐུན་པ་ཞེས་སྨོས་པས་ནི་སྡུག་བསྔལ་ལ་སོགས་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་དང་དེ་དག་དང་། ལྷན་ཅིག་འབྱུང་བ་རྣམས་གཟུང་ངོ་། །ཐམས་ཅད་ཅེས་བྱ་བ་ནི་དབང་པོ་དང་རིགས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པས་དགུ་པ་རིལ་གཟུང་ངོ་། །

ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་མ་ཡིན་ཏེ། འདོད་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་ཐག་རིང་བའི་ཕྱིར་རོ། །ས་འོག་མ་པའི་འགོག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་གོང་དུ་ས་འོག་མ་པ་ལ་འཛིན་པར་ཐལ་བར་འགྱུར་རོ་ཞེས་རྣམ་པར་བཤད་ཟིན་ཏོ། །

ཟག་པ་མེད་པས་ཉོན་མོངས་པ་རྣམས་སྤོང་ངོ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཟག་པ་མེད་པ་གང་ཞིག་སྲེད་པ་དེས་ཉོན་མོངས་པ་རྣམས་ཅི་རིགས་པར་སྤོང་ངོ་། །ཟག་པ་མེད་པ་གང་གིས་ཤེ་ན། དངོས་གཞིས་ཏེ། ཉེར་བསྡོགས་ནི་ཉེར་བསྡོགས་པས་ཀྱང་ཞེས་

དམིགས་ཀྱིས་བསྩལ་བའི་ངོ་བོར་འཆད་པར་འགྱུར་རོ། །དག་པ་པས་ཀྱང་མི་སྤོང་ན། །ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་མི་སྤོང་ན་ཞེས་བྱ་བའི་ཐ་ཚིག་དབང་དུ་བྱས་པ་ཡིན་ནོ། །ཉོན་མོངས་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱིས་ཉོན་མོངས་པ་སྤོང་པ་མི་སྲིད་

เล่ม ๑๔๓ · หน้า 300a

པ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་དག་པ་པས་ཉོན་མོངས་པ་དག་མི་སྤོང་ཞེ་ན། འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་པ་ལ་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ས་འོག་མ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དག་པ་པས་ཀྱང་ས་འོག་མ་

པའི་ཉོན་མོངས་པ་རྣམས་མི་སྤོང་ན་ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ཉིད་དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དེ་ཉིད་དེའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །

དེའི་གཉེན་པོ་མ་ཡིན་པ་ནི་དེའི་གཉེན་པོ་མ་ཡིན་པའོ། །དེའི་ངོ་བོ་ནི་ཉིད་དེ། དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པའི་ཉོན་མོངས་པ་རྣམས་སྤོང་བར་མི་འགྱུར་ཏེ། སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བ་ནི་མ་ཡིན་ནོ། །ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་

མ་ཡིན་ནོ་ཞེས་བྱ་བ་ནི་ས་གོང་མ་པའི་ཉོན་མོངས་པ་རྣམས་ནི་ས་འོག་མ་པའི་དག་པ་པས་མི་སྤོང་སྟེ། ཉོན་མོངས་པ་རྣམས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དམན་པ་ལ་བརྟེན་ནས་ཁྱད་པར་ཅན་རྣམས་སྤོང་བར་ནི་རུང་བ་མ་ཡིན་ཏེ། དེའི་ཕྱིར་དག་པ་པས་ཀྱང་ཉོན་མོངས་པ་རྣམས་

མི་སྤོང་ན་ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དག་པ་པས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཟག་པ་མེད་པས་ཀྱང་ཞེས་བྱ་བ་ཡིན་ཏེ། སྲིད་པའི་སྒོ་ནས་དེ་སྐད་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ས་འོག་མ་པའི་གཉེན་པོ་ཡིན་པའི་

ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་སྤོང་ལ། བསམ་གཏན་དང་པོའི་ས་པ་རྣམས་ནི་བསམ་གཏན་གཉིས་པའི་ཉེར་བསྡོགས་ཀྱིས་སྤོང་བ་ནས་དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ནི་འདུ་ཤེས་མེད་

འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་སྤོང་བའི་བར་དུའོ། །གང་གིས་དེ་ལ་འཇུག་པ་ཞེས་བྱ་བ་ནི་ཉེར་བསྡོགས་གང་གིས་བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དེ་དག་ལ་འཇུག་པའོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ་ཞེས་བྱ་བ་ནི་རོ་མྱོང་བ་དང་མཚུངས་

เล่ม ๑๔๓ · หน้า 300b

པར་ལྡན་པ་ལ་སོགས་པའི་བྱེ་བྲག་གིས་སོ། །དེ་དག་ལ་ཚོར་བ་ཡང་དེ་དང་འདྲ་བར་ཡོད་དམ་ཞེས་བྱ་བ་ནི་ཅི་བསམ་གཏན་དང་པོ་དང་གཉིས་པ་ན་ནི་དགའ་བ་ཡོད་ལ། གསུམ་པ་ལ་ནི་བདེ་བ། བཞི་པ་ལ་ནི་བཏང་སྙོམས་ཞེས་བཤད་པ་ལྟར་ཉེར་བསྡོགས་དག་ལ་ཡང་དེ་དང་འདྲ་འམ་

ཞེས་བྱ་བ་ཡིན་ནོ། །བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་དག་ཀྱང་ཡིན་ཏེ་འབད་དེ་དྲང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ལམ་ནི་དགའ་བ་དང་བདེ་བ་དག་དང་མཚུངས་པར་ལྡན་པ་ཡིན་ན། ཉེར་བསྡོགས་དེ་དག་ནི་འབད་དེ་དྲང་

དགོས་པས་མངོན་པར་འདུ་བྱ་བ་དང་བཅས་པར་འབྱུང་བ་ཡིན་ཏེ། དེའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཡང་ས་འོག་མ་ལས་ཡིད་བྱུང་བ་དང་མ་བྲལ་བའི་ཕྱིར་དགའ་བ་དང་བདེ་བ་དག་དང་མི་ལྡན་ཏེ། དེའི་ཕྱིར་ཡང་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་

པར་ལྡན་ནོ། །འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །གལ་ཏེ་རོ་མྱང་བ་དང་མཚུངས་པར་ལྡན་པར་གྱུར་ན། འདོད་ཆགས་དང་བྲལ་བའི་ལམ་ཡིན་པར་མི་འགྱུར་ཏེ། སྲེད་པ་དང་མཚུངས་པར་ལྡན་པའི་ལམ་གྱིས་ནི་ཉོན་

མོངས་པ་སྤོང་བར་མི་འགྱུར་རོ། །ཡང་ན་འདི་ལྟར་སྦྱར་ཏེ། འབད་དེ་དྲང་བར་བྱ་བ་ཡིན་པའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་དག་ཀྱང་ཡིན་ལ། ས་འོག་མ་ལས་ཡིད་བྱུང་བ་དང་མ་བྲལ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་ཞེས་བྱ་བར་རྒྱུ་

གཉིས་ཀྱིས་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་དུ་བརྗོད་དོ། །ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་བརྒྱད་ཅར་ན་ཡང་གང་གི་ཉེར་བསྡོགས་

གང་ཡིན་པ་དེའི་ཉེར་བསྡོགས་ཀྱི་སེམས་ཉོན་མོངས་པ་ཅན་མཉམ་པར་གཞག་པ་མ་ཡིན་པ་དེས་ཉིང་མཚམས་སྦྱོར་རོ་ཞེས་བྱ་བ་འདི་ནི་གྲུབ་པའི་མཐའ་ཡིན་ནོ། །དེའི་ཕྱིར་འདི་སྐད་དུ་ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི་ཞེས་བྱ་བ་

เล่ม ๑๔๓ · หน้า 301a

རྒྱས་པར་སྨོས་སོ། མི་ལྕོགས་པ་མེད་པ་རོ་མྱང་བ་དང་མཚུངས་པར་ཡང་འདོད་དོ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ནི་བསལ་བའི་ཕྱིར་ཇི་ལྟར་དེ་ཟག་པ་མེད་པ་ཡང་སྲིད་པ་དེ་བཞིན་དུ་རོ་མྱང་བ་དང་མཚུངས་པར་ལྡན་པ་ཡང་ཡིན་ནོ་སྙམ་དུ་བསམས་པའོ། །སློབ་

དཔོན་འདུས་བཟངས་ན་རེ་དངོས་གཞི་ལ་སྙོགས་པའི་ཕྱིར་རོ་མྱང་བའི་སྙོམས་པར་འཇུག་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །བསམ་གཏན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་དངོས་གཞི་དེ་ཉིད་རྟོག་པ་དང་བྲལ་བས་ཁྱད་པར་དུ་འཕགས་པར་གྱུར་པ་ལ་བསམ་

གཏན་ཁྱད་པར་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་བསམ་གཏན་དང་པོ་ལ་ཁྱད་པར་ཡོད་དེ། ལ་ལར་ནི་རྟོག་པ་དང་དཔྱོད་པ་དག །ལ་ལར་ནི་དཔྱོད་པ་ཁོ་ན་ཡིན་པ་ལྟར་གཉིས་པ་ལ་སོགས་པ་ལ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་བསམ་གཏན་

གཉིས་པ་ལ་སོགས་པ་ལ་བསམ་གཏན་ཁྱད་པར་ཅན་རྣམ་པར་མི་གཞག་གོ། །དེ་གཉིས་ཀྱི་ཕྱིར་ལམ་དཀའ་བ་ཡིན་ནོ་ཞེས་བྱ་བ་ནི་མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །རྟོག་པ་ཙམ་ཞིག་བཀག་པའི་ཕྱིར་ཞེས་བྱ་བ་ནི། རྟོག་མེད་བསམ་གཏན་ཁྱད་

པར་ཅན། །ཞེས་སྨོས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ་ཞེས་བྱ་བ་ནི་མཚན་མ་མེད་པ་ལས་བྱུང་བས་ན་མཚན་མ་མེད་པའོ། །རྣམ་པ་བཅུ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་སྟེ་གཉིས་དང་ཀུན་འབྱུང་གི་རྣམ་པ་བཞི་

དང་། ལམ་གྱི་རྣམ་པ་བཞི་སྟེ། དེ་དག་ནི་རྣམ་པ་བཅུ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་སྟེ་སྡུག་བསྔལ་དེའི་རྒྱུ་ཀུན་འབྱུང་བས་ཡིད་འབྱུང་བའི་ཕྱིར་རོ། །ཅི་ཞེ་ན་སྨོན་པ་མེད་པ་ཡིན་ཏེ། འཁོར་

བ་མ་བྱས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ལམ་ཡང་གདོན་མི་ཟ་བར་གཟིངས་ལྟ་བུར་དོར་བར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་དེ་གཟིངས་ཞེས་བྱ་བ་ནི་གཟིངས་སོ། །འདི་ལ་དེ་དང་འདྲ་བ་ཡིན་པས་ན་ལམ་ནི་གཟིངས་ལྟ་བུའོ། །དེའི་ངོ་བོ་ནི་ཉིད་དེ། ལམ་ནི་གཟིངས་ལྟ་བུའི་ཕྱིར་གདོན་མི་ཟ་བར་དོར་བར་

เล่ม ๑๔๓ · หน้า 301b

བྱ་བ་ཉིད་ཡིན་ནོ། །དེ་ལྟ་བས་ན་སྨོན་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། །དཔེར་ན་གཟིངས་ལ་བརྟེན་ནས་ཆུ་བོ་རྒལ་བ་ནི་དེ་གདོན་མི་ཟ་བར་དོར་བར་བྱ་བ་ཡིན་པའི་ཕྱིར་གཟིངས་ལ་འཆེལ་ཏེ་མི་འདུག་པ་དེ་བཞིན་དུ་ལམ་ལ་བརྟེན་ནས་རྒལ་བ་ཡང་དེ་གདོན་མི་ཟ་བར་དོར་བར་བྱ་བ་ཡིན་

པའི་ཕྱིར་ལམ་ལ་འཆེལ་ཏེ་མི་འདུག་གོ། །དེའི་རྣམ་པ་ཅན་ཞེས་བྱ་བ་ནི་དེ་དག་གི་རྣམ་པ་བཅུ་པོ་ཇི་སྐད་དུ་བཤད་པ་ཅན་ནོ། །དེ་ལས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དེ་ལས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་ཏེ། འདིས་ནི་དེ་གདོན་མི་ཟ་བར་སྤོང་བར་བྱ་བ་ཉིད་དུ་སྟོན་ཏོ། །

མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་ལས་འདའ་བར་མངོན་དུ་ཕྱོགས་པ་ཞེས་བྱ་བ་དེ་ནི་མ་བཤད་ཀྱང་ཁོང་དུ་ཆུད་པ་ཉིད་དོ། །སྟོང་པ་དང་བདག་མེད་པ་དག་གིས་ནི་ཡིད་མི་འབྱུང་ངོ་ཞེས་བྱ་བ་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་གིས་ནི་རྣལ་འབྱོར་པ་ཡིད་འབྱུང་བར་མི་འགྱུར་རོ། །སྡུག་

བསྔལ་གྱི་བདེན་པ་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་དག་ཏུ་དམིགས་མོད་ཀྱི་དེ་དག་གིས་སྡུག་བསྔལ་དེ་ལས་ཡིད་འབྱུང་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཏེ། སྟོང་པ་དང་བདག་མེད་པ་དག་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱ་ངན་ལས་

འདས་པ་ཡང་སྟོང་པ་དང་བདག་མེད་པའི་མཚན་ཉིད་ཡིན་ན། དེ་དག་གིས་མྱ་ངན་ལས་འདས་པ་དེ་ལས་ཡིད་འབྱུང་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་གི་རྣམ་པ་ཅན་མ་ཡིན་ནོ། །འཇིག་རྟེན་པ་རྣམས་ནི་ས་བཅུ་གཅིག་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་

དང་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་དང་གཟུགས་མེད་པ་དག་ནའོ། །གང་ན་ལམ་ཡོད་པ་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་དང་བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་མ་གཏོགས་པའི་ས་རྣམས་ནའོ། །ཐར་པའི་སྒོ་ཡིན་

པའི་ཕྱིར་ཞེས་བྱ་བ་ནི་སྒོའི་དོན་ནི་སྒོ་མོའི་དོན་ཏོ་ཞེས་སྟོན་ཏོ། །སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་། མཚན་མ་མེད་པ་ལ་དམིགས་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་དང་། སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་

เล่ม ๑๔๓ · หน้า 302a

མེད་པ་མཚན་མ་མེད་པ་ཞེས་བྱའོ། །སྟོང་པ་དང་མི་རྟག་པར་ཞེས་བྱ་བར་ནི་གྲངས་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་འདི་ནི་བདག་གི་མ་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་རྣམ་པར་དམིགས་ཀྱི་བདག་མེད་པའི་རྣམ་པར་ནི་མ་ཡིན་ནོ། །

སྨྲས་པ་འདིར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་པའི་རྣམ་པ་ཁོ་ན་ཡིན་གྱི། སྟོང་པ་ཉིད་ལྟར་བདག་མེད་པའི་རྣམ་པ་ཡང་ཡིན་པ་ནི་མ་ཡིན་པ་གང་ཡིན་པ་དེ་ཅིའི་ཕྱིར་ཞེ་ན། འདིར་སྨྲས་པ་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་ལ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །སྨྲས་

པ་ཅིའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་ལས་སྐྱེའི། བདག་མེད་པའི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་ལས་མ་ཡིན་ཞེ་ན། འདིར་སྨྲས་པ་དེ་སྐྱེ་བ་དང་མཐུན་པའི་ཕྱིར་ཏེ་སྟོང་པ་ཉིད་ཀྱི་རྣམ་པ་ཅན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ཁོ་ན་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་

ཏིང་ངེ་འཛིན་དེ་སྐྱེ་བ་དང་མཐུན་པར་གནས་ཀྱི་བདག་མེད་པའི་རྣམ་པ་ནི་མ་ཡིན་ནོ། །ཇི་ལྟར་སྟོང་པར་མཐོང་བ་དེ་བཞིན་དུ་བདག་མེད་པར་མཐོང་བ་ནི་སྐྱོ་བར་བྱེད་པ་མ་ཡིན་ཏེ། སྲིད་པ་དག་ལ་བདག་མེད་པར་མཐོང་བཞིན་དུ་ཡང་སྟོང་པར་མ་མཐོང་བའི་ཕྱིར་འཁོར་བ་ལ་མངོན་པར་དགའ་བ་

ཡོད་དེ། དཔེར་ན་ལམ་དུ་ཞུགས་པ་ནི་འདྲོན་པོ་ངོ་མི་ཤེས་པ་མཐོང་བས་ཀྱང་དགའ་ལ་གཅིག་པུ་ནི་དེས་སྟོང་པའི་ཕྱིར་མི་དགའ་བ་དེ་དང་འདྲའོ།། །།བམ་པོ་ལྔ་བཅུ་དགུ་པ། མི་རྟག་པའི་རྣམ་པར་དམིགས་སོ་ཞེས་བྱ་བ་ནི་རྣམ་པ་བཅུའི་ནང་ནས་སོ། །སྡུག་བསྔལ་བར་ཡང་མ་

ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་སྡུག་བསྔལ་དུ་མི་དམིགས་ཏེ། འཕགས་པ་དང་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་དུ་འདོད་དོ། །ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་རྐྱེན་གྱི་

རྣམ་པ་དག་ཏུ་ཡང་མ་ཡིན་ཏེ། ཟག་པ་མེད་པ་ནི་ཀུན་མི་འབྱུང་བ་ལ་སོགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་སློབ་པའི་ཏིང་ངེ་འཛིན་དེ་ནི་སུན་དབྱུང་བར་བྱ་བ་ཡིན་ན། ལམ་གྱི་རྣམ་པ་

เล่ม ๑๔๓ · หน้า 302b

དག་ཀྱང་སུན་འབྱིན་པའི་ངོ་བོ་མ་ཡིན་པས་དེའི་ཕྱིར་ཏིང་ངེ་འཛིན་དེ་ལ་ལམ་གྱི་རྣམ་པ་དག་ཏུ་མི་དམིགས་སོ། །འགོག་པའི་རྣམ་པ་དག་ཏུ་ནི་འབྲེལ་པ་མེད་པ་ཉིད་པས་དེ་དག་ཏུ་ནི་མི་བསམ་མོ། །ལྷག་མ་ནི་མི་རྟག་པའི་རྣམ་པ་ཁོ་ནར་རོ། །མ་བརྟགས་ཟད་པ་ལ་ཞེས་བྱ་བ་ནི་སོ་སོར་མ་བརྟགས་

པས་འགོག་པ་ལ་ཞེས་བྱ་བའི་ཐ་ཚིག་སྟེ། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སོ་སོར་མ་བརྟགས་པས་འགོག་པ་ལ་འདི་ནི་ཞི་བའོ་ཞེས་ཞི་བར་དམིགས་སོ། །དེའི་སོ་སོར་མ་བརྟགས་པས་འགོག་པ་ཇི་ལྟ་བུ་ཞེ་ན། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་

དེའི་རྗེས་ལ་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་ཟག་པ་མེད་པ་གཞན་འདའ་བ་གང་དག་ཡིན་པ་སྟེ། གལ་ཏེ་དེ་དག་བྱུང་བར་མ་གྱུར་ན་མི་སློབ་པའི་མཚན་མ་མེད་པའི་སྐད་ཅིག་མ་རྣམས་འབྱུང་བར་འགྱུར་རོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཞན་དེ་དག་སྐྱེ་བའི་དུས་ན་མི་སློབ་པའི་

མཚན་མ་མེད་པའི་སྐད་ཅིག་མ་དེ་དག་རྐྱེན་མ་ཚང་བས་སོ་སོར་མ་བརྟགས་པས་འགོག་པར་འགྱུར་ཏེ། སོ་སོར་མ་བརྟགས་པས་འགོག་པ་དེ་ལ་ཞི་བའི་རྣམ་པར་དམིགས་སོ། །ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ལ་མི་དམིགས་སོ། །

ཅིའི་ཕྱིར་ཟག་པ་མེད་པ་ལ་སོ་སོར་བརྟགས་པས་འགོག་པ་མེད་ཅེ་ན། མི་མཐུན་པ་མེད་པའི་ཕྱིར་ཏེ། གང་ཞིག་འཕགས་པ་རྣམས་དང་མི་མཐུན་པ་དེ་ནི་ལྡན་པ་བྲལ་བར་བྱ་བའི་ཕྱིར་དེ་དག་སྒྲིམ་མོ། །བྲལ་བ་ཡང་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ། དེའི་ཕྱིར་ཟག་པ་མེད་པ་ལ་སོ་སོར་བརྟགས་

པས་འགོག་པ་མེད་དོ། །གཞན་ཡང་མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སོ་སོར་བརྟགས་པས་འགོག་པ་མེད་པའི་ཕྱིར་དང་སོ་སོར་མ་བརྟགས་པས་འགོག་པ་ཡང་དེའི་ཕྱིར་རྒོལ་བར་འགྱུར་བའི་ཕྱིར་དེ་ལ་དགའ་བ་ཁོ་ནས་དེ་རྣམ་པར་སུན་འབྱིན་པར་འདོད་པ་ན། དེའི་སོ་སོར་མ་བརྟགས་པས་

འགོག་པ་ཁོ་ན་ལ་དམིགས་ཏེ། འཇིག་རྟེན་ན་ཡང་དགྲ་དང་བསྡོངས་ནས་གསད་པར་བྱ་བ་གསོད་པ་སྣང་ངོ་། །འགོག་པ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་ལྟར་མི་རྟག་པ་ཉིད་ཀྱི་འགོག་པ་དང་ཐུན་མོང་ཡིན་ཏེ། དེའི་ངོ་བོ་ནི་ཉིད་དེ། མི་རྟག་པ་ཉིད་ཀྱི་འགོག་པ་

เล่ม ๑๔๓ · หน้า 303a

དང་ཐུན་མོང་ཡིན་པ་ཉིད་དེ། དེའི་ཕྱིར་སོ་སོར་མ་བརྟགས་པས་འགོག་པ་འདི་ལ་འགོག་པའི་རྣམ་པར་མི་དམིགས་སོ། །དེ་ལྟ་མ་ཡིན་ན་དེ་ལ་ཞི་བའི་རྣམ་པར་ཁྱད་པར་དུ་འཕགས་པ་དམིགས་པར་མི་འགྱུར་རོ། །འགོག་པའི་རྣམ་པས་ནི་མི་རྟག་པ་ཉིད་ཀྱི་འགོག་པ་ཁོ་ནས་སོ་སོར་མ་

བརྟགས་པས་འགོག་པ་དེ་སུན་ཕྱུང་བ་ཉིད་དུ་འགྱུར་ལ། དེ་སུན་ཕྱུང་ན་ཡང་མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་སུན་ཕྱུང་བར་མ་གྱུར་ཏོ་སྙམ་དུ་བསམས་པ་ཡིན་ནོ། །སོ་སོར་མ་བརྟགས་པས་འགོག་པ་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་གྱ་ནོམ་པའི་རྣམ་པར་ཡང་མ་ཡིན་ཏེ། གྱ་ནོམ་པ་ནི་དགེ་

བ་ཡིན་གྱི་ལུང་དུ་མ་བསྟན་པ་ནི་མ་ཡིན་པས་དེའི་ཕྱིར་གྱ་ནོམ་པའི་རྣམ་པར་མི་དམིགས་སོ། །སོ་སོར་མ་བརྟགས་པས་འགོག་པ་ནི་བྲལ་བ་མ་ཡིན་པའི་ཕྱིར་ངེས་པར་བྱུང་བའི་རྣམ་པར་མི་དམིགས་ཏེ། ཀུན་ནས་ཉོན་མོངས་པ་དང་བྲལ་བ་ནི་ཀུན་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བ་ཡིན་པར་

འདོད་དོ། །དེ་ལྟ་བས་ན་སོ་སོར་མ་བརྟགས་པས་འགོག་པས་འཁོར་བ་ལས་ངེས་པར་བྱུང་བ་མ་ཡིན་ཏེ། འདི་ལྟར་ཆོས་དགེ་བ་དང་མི་དགེ་བ་ཁ་ཅིག་གི་སོ་སོར་མ་བརྟགས་པས་འགོག་པ་ཡོད་བཞིན་དུ་དེ་དག་གི་ཐོབ་པ་མ་ཆད་པའི་ཕྱིར་དེ་དག་དང་ལྡན་པ་ཁོ་ན་ཡིན་ནོ། །འཕགས་པའི་ལམ་ལ་སྡང་བའི་

ཕྱིར་ཞེས་བྱ་བ་ཇི་ལྟར་སྡང་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་རྣམ་པས་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །མི་གཡོ་ལ་ཞེས་བྱ་བའི་མི་གཡོ་བའི་ཆོས་ཅན་ལ་སྟེ། དབང་པོ་རྣོ་བའི་ཕྱིར་དེ་སྐྱེད་པའི་མཐུ་ཡོད་ཀྱི་དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ། །དེ་དག་གི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་

བའི་ཕྱིར་ཀུན་དུ་ཆགས་པའི་གནས་སུ་འགྱུར་བ་མི་སློབ་པའི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་དག་ལ་རྒྱབ་ཀྱིས་ཕྱོགས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གཞན་དག་ལ་སྙོམས་པར་འཇུག་གོ། །རྒྱ་ཆེར་འབྱུང་ཞེས་བྱ་བ་ནི་མདོ་ལས་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་

བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ནས། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཟག་པ་ཟད་པར་འགྱུར་བ་ཡང་ཡོད་ཅེས་བྱ་བའི་བར་འབྱུང་བ་ཡིན་ནོ། །དེ་ལ་ཀུན་དུ་བསྟེན་པ་ནི་བསྟེན་པ་བསྒོམས་པས་སོ། །གོམས་པར་བྱས་པ་ནི་མི་མཐུན་པ་སྤངས་

เล่ม ๑๔๓ · หน้า 303b

པས་སོ། །ལན་མང་དུ་བྱས་པ་ནི་མི་མཐུན་པ་ཐག་བསྲིང་བས་སོ། །དེ་དང་པོ་ཡིན་པའི་ཕྱིར་གཞན་དང་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་དཔེར་བརྗོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་ངེས་པ་མེད་ཅེས་བྱ་བ་ལ། ཚེ་ཕྱི་མ་ནི་མ་འོངས་པའི་སྐྱེ་བའོ། །དེར་

བདེ་བར་གནས་པ་སྟེ། འདི་ནི་དེའི་ཆེད་དུ་གདོན་མི་ཟ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། བསམ་གཏན་དང་པོ་ལས་ཉམས་པ་རྣམས་དང་། གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་ཚེ་ཕྱི་མ་ལ་བདེ་བར་གནས་པ་མེད་པའི་ཕྱིར་རོ། །ཤེས་པ་མཐོང་བར་

འགྱུར་བ་ཞེས་བྱ་བ་ནི་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་བསྡུའོ། །དེ་ལ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རྣམ་པར་རྟོག་པའོ། །མཐོང་

བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་རྟོག་པ་མེད་པའོ། །སྨྲས་པ་ལྷའི་མིག་གི་མངོན་པར་ཤེས་པ་ནི་ཤེས་པ་མཐོང་བར་འགྱུར་བ་ཡིན་ནོ་ཞེས་བཤད་པ་ལྷའི་མིག་གི་མངོན་པར་ཤེས་པ་ནི་ཏིང་ངེ་འཛིན་བསྒོམ་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ་འདི་ནི་འབྲས་བུ་ལ་རྒྱུ་བཏགས་པ་

ཡིན་ཏེ། རྒྱུ་ཏིང་ངེ་འཛིན་བསྒོམ་པ་གང་གི་འབྲས་བུ་ལྷའི་མིག་གི་མངོན་པར་ཤེས་པ་ཡིན་པའི་འབྲས་བུ་དེ་ལ་ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ་ཞེས་རྒྱུ་ཉེ་བར་བཏགས་སོ། །གང་དག་གི་ཕྱོགས། རྣམ་གྲོལ་ལམ་བློ་རྣམ་པ་དྲུག །ཅེས་བྱ་བ་འདི་ཡིན་པ་དེ་དག་གི་ལྟར་ན་ནི་

མངོན་པར་ཤེས་པ་དྲུག་ཡིད་ཀྱི་རྣམ་པར་གྲོལ་བའི་ལམ་བསམ་གཏན་གྱིས་བསྡུས་པ་ཁོ་ན་ཡིན་པས་དེ་ནི་ཀླན་ཀར་མི་རུང་བ་ཉིད་དེ། རྣམ་པར་གྲོལ་བའི་ལམ་དེ་དག་ནི་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །ཆོས་མངོན་པའི་མཛོད་སེམས་པ་རྣམས་ཀྱི་ལྟར་ན་ནི་ཕྱོགས་གོང་མ་ཁོ་ན་ལྟར་ཁོང་དུ་ཆུད་པར་

བྱ་སྟེ། ལྷའི་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་མངོན་པར་ཤེས་པ་ཉིད་དུ་འདོད་པའི་ཕྱིར་རོ། །ཁམས་གསུམ་པ་དང་ཟག་པ་མེད་པ་ཞེས་བྱ་བ་ལ། ཁམས་གསུམ་པ་ནི་མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་

เล่ม ๑๔๓ · หน้า 304a

པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའོ། །ཟག་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་དང་ཐོད་རྒལ་གྱི་སྙོམས་པར་འཇུག་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་སོགས་པ་སྟེ། འདིར་ནི་ཏིང་ངེ་འཛིན་དང་

མཚུངས་པར་ལྡན་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་ལ་ཏིང་ངེ་འཛིན་བསྒོམ་པའོ་ཞེས་བྱ་བར་ཉེ་བར་བཏགས་པ་ཡིན་ནོ། །ཤེས་རབ་རབ་ཏུ་རྣམ་པར་དབྱེ་བར་འགྱུར་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཁྱད་པར་ཕུལ་དུ་ཕྱིན་པར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་འདི་ནི་བདག་ཉིད་ལ་ཉེ་

བར་གཏོད་པ་ཡིན་ཏེ་ཞེས་བྱ་བ་ལ། །རང་ལ་ཉེ་བར་གཏོད་པ་ནི་བདག་ཉིད་ལ་ཉེ་བར་གཏོད་པའོ། །བདག་ཉིད་ཀྱི་དབང་དུ་མཛད་དེ་བཤད་ཅེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ལས་ཀྱི་མཐའ་ལ་གཟིགས་པའི་ཆེད་དུ་ཕྱིར་བྱུང་སྟེ། ཤིང་འཛམ་བུའི་དྲུང་དུ་བསམ་གཏན་དང་པོ་བསྐྱེད་དོ། །བྱང་

ཆུབ་ཀྱི་ཤིང་དྲུང་དུ་ནི་ཐུན་དང་པོ་ལ་ལྷའི་བུའི་བདུད་བཅོམ་ནས་ལྷའི་སྤྱན་བསྐྱེད་དེ། ལྷའི་སྤྱན་དེས་འཆི་འཕོ་བ་དང་སྐྱེ་བའི་གནས་ཉམ་ང་བར་སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར་གུང་ཐུན་ལ་བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་རྣམས་མངོན་

སུམ་དུ་མཛད་དེ། འདིའི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་དེ་དག་ནི་ཤེས་རབ་རབ་ཏུ་རྣོན་པོར་བྱེད་པར་འགྱུར་བ་ཡིན་ནོ། །དེའི་འོག་ཏུ་ཐུན་གསུམ་པ་ལ་བསམ་གཏན་བཞི་པ་ལ་བརྟེན་ཏེ། ངེས་པར་ཞུགས་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་དབང་དུ་མཛད་དོ། །

གང་གི་ཕྱིར་དེ་ལྟར་ཆོས་སྟོན་པ་བདག་ཉིད་ལ་ཉེ་བར་གཏོད་པ་ཡིན་པ་དེའི་ཕྱིར་བསམ་གཏན་ཐ་མ་བཞི་པ་ཁོ་ནའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་ཞེས་བྱ་བའོ། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཚད་མེད་པའི་འདུ་ཤེས་སུ་བྱ་བའི་བྱེད་རྒྱུ་ཡིན་ནོ། །གྲངས་བཞིན་

ནོ་ཞེས་བྱ་བ་ནི་གནོད་སེམས་མང་བ་རྣམས་ཀྱི་ནི་དེ་སྤང་བའི་ཕྱིར་བྱམས་པའོ། །རྣམ་པར་འཚེ་བ་མང་བ་རྣམས་ཀྱི་ནི་དེ་སྤོང་བའི་ཕྱིར་སྙིང་རྗེའོ། །མི་དགའ་བ་མང་བ་རྣམས་ཀྱི་ནི་དེ་སྤང་བའི་ཕྱིར་དགའ་བའོ། །འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱི་ནི་དེ་དག་སྤང་བའི་ཕྱིར་བཏང་

เล่ม ๑๔๓ · หน้า 304b

སྙོམས་སོ། །འདོད་པའི་འདོད་ཆགས་ཀྱི་གཉེན་པོ་ཉིད་དུ་ཁྱད་པར་ཅི་ཞིག་ཡོད་ཅེ་ན་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་མང་བ་རྣམས་ཀྱི་ཕྱིར་སེམས་པ་ཡིན་ནོ། །ཕ་དང་མ་དང་བུ་དང་ཉེ་དུའི་འདོད་ཆགས་ཀྱི་གཉེན་པོ་ནི་ཞེས་བྱ་བ་ནི་མི་འབྲེལ་བ་མེད་པ་དག་ལ་ཇི་ལྟ་བ་དེ་བཞིན་དུ་དེ་དག་ལ་བཏང་སྙོམས་

སུ་བྱེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་ཆགས་པས་དྲངས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་གནོད་སེམས་ཆགས་པས་དྲངས་པ་ཡིན་པ་དེའི་ཕྱིར་ཆགས་པའི་གཉེན་པོའི་ངོ་བོ་ཉིད་སྟོན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ནི་གཉི་གའི་རང་བཞིན་ཡིན་ན་རུང་ངོ་ཞེས་བྱ་བ་ནི་མ་ཆགས་

པའི་རང་བཞིན་དང་ཞེ་སྡང་མེད་པའི་རང་བཞིན་ཡིན་ན་རུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཞེ་སྡང་དག་གི་གཉེན་པོ་ཡིན་པའི་ཕྱིར་རོ། །འདིར་ཆོས་གཅིག་ལ་གཉི་གའི་རང་བཞིན་ཡིན་ནོ་ཞེས་བྱ་བར་ནི་མི་བཟུང་ངོ་། །འོ་ན་ཅི་ཞེ་ན། མ་ཆགས་པ་དང་ཞེ་སྡང་མེད་པ་དག་

ལ་བཏང་སྙོམས་ཀྱི་སྒྲ་འཇུག་པ་ཡིན་ནོ། །ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་ཤོག་ཤིག་སྙམ་དུ་བསམས་པ་ཡིན་ནོ། །ཀྱེ་མ་སེམས་ཅན་རྣམས་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག་སྙམ་དུ་བསམས་པ་ཡིན་ཏེ། དེ་སྐད་དུ་འཆད་པར་འགྱུར་རོ། །བར་

མར་གནས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་སུ་མ་ལྷུང་བ་ཉིད་ཀྱིས་རྗེས་སུ་ཆགས་པ་ཡང་མེད། ཞེ་འགྲས་པ་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་དང་མི་ལྡན་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་ཡོད་པར་མོས་པའི་ཕྱིར་ཇི་ལྟར་ན་ཕྱིན་ཅི་ལོག་པ་ཉིད་དུ་མི་

འགྱུར་ཞེ་ན། གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བར་གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཡང་ན་བསམ་པ་ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བ་ལ། བསམ་པ་ནི་དགེ་བའི་ཆོས་ཏེ། སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་པའི་

སེམས་དང་སེམས་ལས་བྱུང་བ་འཁོར་དང་བཅས་པ་དེ་དག་ཡིན་ཏེ། བསམ་པ་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་ཕྱིན་ཅི་ལོག་ཉིད་མ་ཡིན་ནོ། །ཇི་ལྟར་བསམ་པ་ཕྱིན་ཅི་ལོག་ཉིད་མ་ཡིན་ཞེ་ན། མོས་པར་འདུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མོས་པའི་འདུ་ཤེས་པ་ནི་མོས་པར་འདུ་ཤེས་པའོ། །དེ་ལྟ་བས་ན་

เล่ม ๑๔๓ · หน้า 305a

ཇི་ལྟར་མོས་པ་དེ་ཁོ་ན་ལྟར་འདུ་ཤེས་ཏེ། འདི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་གཅོད་དོ། །གལ་ཏེ་མི་དགེ་བ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འཛིན་པས་སོ། །མ་ཡིན་ཏེ། དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་

ཞེ་ན། དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་དགེ་བ་ཡིན་ཞེ་ན། གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་ཞེས་བྱ་བ་སྨོས་ཏེ། བྱམས་པ་ནི་གནོད་སེམས་མེད་པའི་རང་བཞིན་ཡིན་པས་གནོད་སེམས་ཀྱི་གཉེན་པོའོ། །སྙིང་རྗེ་ནི་སྡུག་བསྔལ་སེལ་བའི་རྣམ་པ་ཡིན་པས་སྡུག་བསྔལ་ཉེ་

བར་བསྒྲུབ་པ་རྣམ་པར་འཚེ་བའི་གཉེན་པོ་ཡིན་ནོ། །དགའ་བ་ནི་ཡིད་བདེ་བའི་ངོ་བོ་ཡིན་པའི་ཕྱིར་མི་དགའ་བའི་གཉེན་པོའོ། །བཏང་སྙོམས་ནི་བར་མར་གནས་པའི་ཕྱིར་འདོད་པའི་འདོད་ཆགས་དང་གནོད་སེམས་དག་གི་གཉེན་པོ་ཡིན་པས་སོ། །དེ་ལ་དམིགས་པའི་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་

སེམས་ཅན་ལ་དམིགས་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ནི་སྣོད་ཀྱིས་སྣོད་ན་གནས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་སྣོད་ཀྱིས་སྣོད་ཅན་སེམས་ཅན་གྱི་འཇིག་རྟེན་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པ་དང་། དངོས་གཞི་སྦྱོར་བ་སྨོས་པའི་

ཕྱིར་རོ་ཞེས་བྱ་བ་ནི་ཅི་རིགས་པར་གསུམ་ཆར་ཡང་ས་དྲུག་དང་ལྔ་དང་བཅུ་པ་ཉིད་ཡིན་པ་དག་གི་རྒྱུ་བརྗོད་པ་ཡིན་ཏེ་དེ་ལས་མཉམ་པར་གཞག་པ་མ་ཡིན་པ་ནི་འདོད་པའི་ཁམས་དང་སྦྱོར་བ་ནི་ཉེར་བསྡོགས་དག་ཡིན་པར་ཅི་རིགས་པར་སྦྱར་རོ། །ས་དྲུག་པར་རྣམ་པར་གཞག་པ་ལ་ནི་ཉེར་བསྡོགས་མི་ལྕོགས་

པ་མེད་པ་ཡང་ཡིན་པར་འདོད་དེ། གསལ་བ་ཉིད་ཀྱིས་དངོས་གཞི་དང་འདྲ་བའི་ཕྱིར་རོ། །ས་སྔ་མ་རྣམ་པར་གཞག་པ་ལ་ལ་ནི་དངོས་གཞི་དག་ཁོ་ན་བཟུང་སྟེ། བསམ་གཏན་ཁྱད་པར་ཅན་ནི་དངོས་གཞིའི་བསམ་གཏན་དང་པོའི་ཁྱད་པར་ཡིན་པའི་ཕྱིར་རོ། །ས་བཅུ་པ་རྣམ་པར་གཞག་པ་ལ་ནི་མཉམ་པར་

གཞག་པ་མ་ཡིན་པ་འདོད་པའི་ཁམས་ཀྱང་ཡིན་པར་འདོད་ལ། སྦྱོར་བར་གྱུར་པ་ཉེར་བསྡོགས་རྣམས་ཀྱང་ཡིན་པར་བཟུང་ན་དངོས་གཞི་དག་ལྟ་སྨོས་ཀྱང་ཅི་དགོས། བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་གཞི་ནི་བསམ་གཏན་དག་པ་པའི་ས་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ།

เล่ม ๑๔๓ · หน้า 305b

བསམ་གཏན་དག་པ་པ་དག་གིས་ནི་ཉོན་མོངས་པ་མི་སྤོང་ངོ་ཞེས་སྔར་བཤད་ཟིན་ཏོ། །མོས་པ་ཡིད་ལ་བྱེད་པའི་ཕྱིར་དེ་དག་གི་ཉོན་མོངས་པ་རྣམས་མི་སྤོང་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་སྤང་ན། སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་དེ་དག་གིས་མི་སྤོང་སྟེ། ཆོས་

ཀྱི་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པས་ཉོན་མོངས་པ་སྤོང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་དག་གི་སྦྱོར་བས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱམས་པ་ལ་སོགས་པའི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་རོ། །དེ་དག་གི་གཉེན་པོ་ཉིད་དུ་བཤད་

དོ་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་གཉེན་པོ་ཉིད་དུ་བཤད་དེ། དེ་དག་ནི་རྣམ་པར་གནོན་པའི་སྤོང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་ཞེས་བྱ་བ་ལ། འདི་ལྟར་བར་ཆད་མེད་པའི་ལམ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་གནོད་སེམས་

ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པ་རྣམས་དེ་དག་གིས་ཐག་སྲིང་བར་བྱེད་དེ། དེའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །ཇི་ལྟ་ཞེ་ན། སྟོན་པར་བྱེད་དེ། བྱམས་པ་ལ་སོགས་པ་གསུམ་པོ་དག་འདོད་པའི་ཁམས་ཀྱི་ས་པ་དང་མི་ལྕོགས་པ་མེད་པའི་ས་པ་རྣམས་ནི་དངོས་

གཞིའི་ཚད་མེད་པ་དང་འདྲ་བ་དག་ཡོད་དོ། །སྦྱོར་བ་དང་དམིགས་པ་དང་རྣམ་པ་དང་ངོ་བོ་ཉིད་འདྲ་བའི་ཕྱིར་དངོས་གཞི་དག་དང་འདྲ་བ་ཡིན་ནོ། །ཚད་མེད་པ་གསུམ་པོ་དེ་དག་གིས་ཉོན་མོངས་པ་དེ་རྣམས་རྣམ་པར་མནན་ནས་སྤོང་བའི་ལམ་བར་ཆད་མེད་པའི་ལམ་རྣམས་ཀྱིས་རབ་ཏུ་སྤོང་བར་བྱེད་དོ། །རྐྱེན་སྟོབས་

དང་ལྡན་པ་རྙེད་ཀྱང་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་རྐྱེན་སྟོབས་དང་ལྡན་པ་རྙེད་དུ་ཟིན་ཀྱང་ཉོན་མོངས་པ་དེ་དག་གིས་མངོན་དུ་འགྱུར་བའི་སྒོ་ནས་མི་བརྫི་བ་ཡིན་ནོ། །ཆེན་པོ་ལ་ཞེས་བྱ་བ་ནི་མཛའ་བོའི་ཕྱོགས་ལ་སྟེ། མཛའ་བོའི་ཕྱོགས་ལ་ནི་བྱམས་པར་བྱ་སླ་བས་སོ། །རྒྱས་པར་བྱེད་དོ་

ཞེས་བྱ་བ་ནི་ཁྱབ་པར་བྱེད་དོ། །སྔོན་གྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་སྣང་བའི་སྒོ་ནས་ཞེས་བྱ་བ་ནི་སྔོན་བསོད་ནམས་ཀྱི་འབྲས་བུ་སྣང་བའི་སྒོ་ནས་གང་ཟག་དགེ་བའི་རྩ་བ་ཀུན་དུ་ཆད་པ་ལ་ཡང་འདིས་ནི་གང་གིས་ན་འདིའི་གཟུགས་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པའི་

เล่ม ๑๔๓ · หน้า 306a

བསོད་ནམས་ཞིག་བྱས་པར་གྱུར་ཏོ་ཞེས་ཡོན་ཏན་གཟུང་བར་ནུས་ལ། རང་སངས་རྒྱས་ལ་ཡང་འདིས་ནི་གང་གིས་ན་འདི་ལ་འདི་ལྟ་བུའི་གཟུགས་ལ་སོགས་པ་མེད་པའི་བསོད་ནམས་མ་ཡིན་པ་ཞིག་གདོན་མི་ཟ་བར་བྱས་པར་གྱུར་ཏོ་ཞེས་སྐྱོན་གཟུང་བར་ནུས་སོ། །སྡུག་བསྔལ་

ལས་ཐར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་སྙིང་རྗེ་ལ་སྦྱོར་བར་བྱེད་དོ། །མངོན་པར་དགའ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་དགའ་བ་ལ་སྦྱོར་བར་བྱེད་དོ། །དགའ་བ་དང་མི་ལྡན་ནོ་ཞེས་བྱ་བ་ནི་གསུམ་པ་དང་བཞི་པ་དག་ན་ཡིད་བདེ་བ་མེད་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ཅེས་

བྱ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཇི་སྐད་དུ་ཞེ་ན། རྣམ་པར་ཐར་པ་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་

གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་

རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱེད་དེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པ་སྟེ། འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་ཅད་དུ་ནམ་མཁའ་

མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པ་སྟེ། འདི་ལྟ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་

ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པ་སྟེ། འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་

เล่ม ๑๔๓ · หน้า 306b

སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པ་སྟེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་

སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཚོར་བ་དང་འདུ་ཤེས་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ་ཞེས་འབྱུང་ངོ་། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་བདག་ཉིད་ཀྱི་གཟུགས་རྣམས་ལ་རྣམ་པར་མ་བཤིག་པར་

ཕྱི་རོལ་གྱི་གཟུགས་རྣམས་ལ་ཡང་ལྟ་བ་ཡིན་ནོ། །རྣམ་པར་བསྔོས་པ་ལ་སོགས་པར་དམིགས་པའི་ཕྱིར་ཚུལ་ནི་མི་སྡུག་པ་བཞིན་རིག་པར་བྱའོ་ཞེས་བྱ་བ་ནི་འདོད་ཆགས་ལྷག་པའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོ་ལས་བརྩམས་ཏེ་ཅི་རིགས་པར། མི་སྡུག་མ་ཆགས་ས་བཅུ་དང་། །

དམིགས་པ་འདོད་སྣང་མིས་སྐྱེད་དགེ །ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །གྲངས་བཞིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་ནི་བསམ་གཏན་དང་པོའི་ས་པའི་རྣམ་པར་ཐར་པ་ཡིན་ལ། བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་

ཡང་བསམ་གཏན་གཉིས་པའི་ས་པའི་རྣམ་པར་ཐར་པ་ཡིན་ཏེ། འདི་གཉིས་ཀྱང་ཐག་བསྲིང་བའི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྨྲས་པ་བསམ་གཏན་གཉིས་པ་ལ་སོགས་པ་ནི་ཁ་དོག་གི་འདོད་ཆགས་མེད་དོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །

གང་ཞིག་ཡུལ་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་ངེས་པར་དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་ལ། བསམ་གཏན་གཉིས་པ་ལ་སོགས་པ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པས་དེའི་ཕྱིར་དེ་དག་ནི་ཁ་དོག་གི་འདོད་ཆགས་དང་བྲལ་བའོ་

ཞེས་བྱ་བར་གྲུབ་བོ། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །ཞེས་བྱ་བ་ནི་དག་པ་པ་དང་། ཟག་པ་མེད་པའོ། །གཞན་ན་ཡང་མཉམ་པར་མ་བཞག་པ་ཡོད་དེ་ཞེས་བྱ་བ་ནི་གཟུགས་མེད་པ་དག་གི་རྣམ་པར་སྨིན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལས་བསམས་ནས་བརྗོད་པ་ཡིན་

เล่ม ๑๔๓ · หน้า 307a

ནོ། །ཕྱོགས་སྔ་མ་ལ་ནི་གཟུགས་མེད་པ་མཉམ་པར་མ་བཞག་པ་ཞེས་བྱ་བ་འཆི་བའི་སྲིད་པའི་གནས་སྐབས་ཁོ་ནའི་ཡིན་པར་སྟོན་ཏོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་

སྒྲས་ནི་དངོས་གཞི་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་ས་འོག་མ་པ་ལ་རྒྱབ་ཀྱིས་ཕྱོགས་པར་རྣམ་པར་ཐར་པ་དག་ཅེས་བྱ་བ་དེའི་ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་འོག་མ་ལ་དམིགས་པས་

རྣམ་པར་ཐར་པ་ཞེས་བྱ་བའི་མིང་མི་འཐོབ་ཀྱི་རྣམ་པར་གྲོལ་བའི་ལམ་དག་ནི་གོང་མ་ལ་དམིགས་པའི་ཕྱིར་མིང་འཐོབ་བོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་བརྒྱད་པའོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །འདུ་ཤེས་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཞེས་བྱ་བ་ནི་འདུ་ཤེས་

ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྣམ་པར་ཐར་པའོ། །ཡང་ན་འདུ་ཤེས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྣམ་པར་ཐར་པའོ། །སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་

སྙོམས་པར་འཇུག་པའི་སྒྲིབ་པ་ནི་སྒྲིབ་པ་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་གཉིས་ཀྱི་དམིགས་པ་ནི་རྣམ་པར་བསྔོས་པ་ལ་སོགས་

པའི་གཟུགས་ཡིད་དུ་མི་འོང་བ་འོ། །གསུམ་པའི་དམིགས་པ་ནི་ཡིད་དུ་མི་འོང་བའོ། །དེའི་རྒྱུ་དང་འགོག་པ་དག་ཅེས་བྱ་བ་ནི་སྡུག་བསྔལ་དེའི་ཀུན་འབྱུང་བ་དང་འགོག་པ་དག་གོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཅེས་བྱ་བ་ནི་གོང་མ་དང་། འོག་མ་དང་། རང་གི་ས་པ་

ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་མ་བརྟགས་པས་འགོག་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་མ་བརྟགས་པས་འགོག་པ་ཡང་གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གང་དང་རང་གི་སའི། །སྡུག་བསྔལ་

เล่ม ๑๔๓ · หน้า 307b

སོགས་དང་རྗེས་ཤེས་ཕྱོགས། །ཞེས་བྱ་བ་འདིར་མ་སྨོས་པའི་ཕྱིར་རོ། །སྨྲས་པ་སོ་སོར་མ་བརྟགས་པས་འགོག་པ་གང་ཞིག་དེ་དག་གིས་དམིགས་པ་ཡིན་ཞེ་ན། འདིར་སྨྲས་པ། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་ཏེ། གཟུགས་

མེད་པའི་རྣམ་པར་ཐར་པ་དེ་དག་ནི་མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་པ་སྲིད་པས་སོ། །དེ་དག་ཀྱང་ཉེར་བསྡོགས་བདུན་མ་གཏོགས་པས་གཞན་བཅུ་གཅིག་པོ་འདོད་པའི་ཁམས་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་

གཟུགས་མེད་པ་དག་ནི་བརྒྱད་ན་ཡོད་དོ། །བསྟན་བཅོས་ནི་ཁ་བསྐང་བ་དང་བཅས་པ་ཡིན་པས་བསྟན་བཅོས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ནམ་མཁའ་ཡང་གཅིག་ཡིན་ནོ་ཞེས་བྱ་བར་བརྗོད་པར་བྱ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པ་ཡིན་ནོ། །བསམ་གཏན་གཉིས་པའི་ས་པའི་ཁ་

དོག་གི་འདོད་ཆགས་མེད་པའི་ཕྱིར་ཞེས་བྱ་བ་ནི་སྤང་བར་བྱ་བ་བསམ་གཏན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་མེད་པ་ནི་མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །བདེ་བའི་སྙིང་པོས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། བདེ་བའི་སྙིང་པོ་ནི་བདེ་བ་ཐམས་

ཅད་ཀྱི་གོང་ན་འདུག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྐྱེད་པའི་ཕྱིར་ཏེ། གཡོ་བར་བྱས་པའི་ཕྱིར་བསམ་གཏན་གསུམ་པ་ལ་རྣམ་པར་ཐར་པ་རྣམ་པར་མི་གཞག་གོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་ན། ཅིའི་ཕྱིར་སྡུག་པའི་རྣམ་པར་ཐར་པ་སྐྱེད་པར་བྱེད་

ཅེ་ན་དེའི་ཕྱིར་མི་སྡུག་པས་རྒྱུད་ཞུམ་པར་རབ་ཏུ་དགའ་བར་བྱ་བའམ། རྟག་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །རྣམ་པར་ཐར་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་ཉེ་བར་བསྡུའོ། །འཕགས་པའི་རྫུ་འཕྲུལ་ཅི་ཞེ་ན། མངོན་པར་བསྒྲུབ་པའི་

ཆེད་དུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཐར་པ་ལ་སོགས་པ་ཐག་བསྲིང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་དབང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལ་དབང་བ་ཉིད་དེ་ཡང་ཉོན་མོངས་པ་མེད་པ་ལ་སོགས་

เล่ม ๑๔๓ · หน้า 308a

པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཆེད་ཡིན་ནོ། །དེ་ཡང་གང་གིས་དངོས་པོ་ཡོངས་སུ་བསྒྱུར་བ་དང་བྱིན་གྱིས་རློབ་པ་དང་ཚེ་གཏོང་བ་ལ་སོགས་པ་བྱེད་པའོ་ཞེས་བྱ་བ་ནི་དེ་ལ་དངོས་པོ་ཡོངས་སུ་བསྒྱུར་བ་ནི་དངོས་པོ་གང་ཞིག་ལ་ཇི་ལྟར་མོས་པ་དེ་ཁོ་ན་བཞིན་དུ་དེར་འགྱུར་བ་སྟེ། ཇི་ལྟར་

གསེར་ལ་སར་བྱ་བ་དེ་ལྟར་མོས་པའི་ཕྱིར་རོ། །བྱིན་གྱིས་རློབ་པ་ནི་དངོས་པོ་བསྟན་པ་ལ་དུས་འདི་སྲིད་དུ་གནས་པར་གྱུར་ཅིག་སྙམ་པ་སྟེ། ཚེ་གཏོང་བ་ཡང་དེ་དང་འདྲའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རི་རབ་རྡུལ་ཕྲ་རབ་ཀྱི་ནང་དུ་འཛུད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། གཞན་ཡང་མདོ་སྡེ་ལས་བལྟ་

བར་བྱའོ། །ཅིའི་ཕྱིར་གསུམ་པ་དང་བརྒྱད་པ་དག་ཁོ་ན་མངོན་སུམ་དུ་བྱ་བར་བཤད་ལ་གཞན་དག་ནི་མ་ཡིན་ཞེས་བྱ་བ་ལ། ཇི་ལྟར་གསུམ་པ་མངོན་སུམ་དུ་བྱ་བར་བཤད་ཅེ་ན། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་འབྱུང་ངོ་། །བརྒྱད་པ་ཡང་འདུ་ཤེས་དང་

ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་འབྱུང་བས་སོ། །དེ་ལ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་དག་ལ་སྙོམས་པར་ཞུགས་ཏེ་གནས་པ་ཞེས་བྱ་བའི་དོན་ཏོ་

ཞེ་ན་འདིར་སྨྲས་པ། རྣམ་པར་ཐར་པ་དང་པོ་དང་གཉིས་པ་བས་རྣམ་པར་ཐར་པ་གསུམ་པ་གནས་གྱུར་པའི་སྒོ་ནས་གཟུགས་ཅན་གྱི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤངས་པས་གཙོ་བོ་ཡིན་པའི་ཕྱིར་གསུམ་པ་མངོན་སུམ་དུ་བྱ་བར་བཤད་དོ། །དེ་བཞིན་དུ་བརྒྱད་པ་ཡང་གནས་གྱུར་པའི་སྒོ་ནས་གཟུགས་

མེད་པའི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་གཙོ་བོ་ཡིན་པས་མངོན་དུ་བྱ་བར་བཤད་དོ། །ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ནི་གཟུགས་ཀྱི་ཁམས་དང་སའི་མཐའ་ན་གནས་པ་ཡིན་ལ་སྲིད་པའི་རྩེ་མོ་ཡང་གཟུགས་མེད་པའི་ཁམས་དང་སའི་

མཐའ་ན་གནས་པ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བའི་བར་འབྱུང་བའོ། །དེ་ཁོ་ན་བཞིན་

เล่ม ๑๔๓ · หน้า 308b

དུ་ནང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ཞེས་བྱ་བ་ནས་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་ནང་གཟུགས་མེད་པར་

འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་

དང་དཀར་པོ་རྣམས་ལ་ལྟ་སྟེ་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་

ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་ལྟ་བུ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་

པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་ལྟ་བུ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ་ཞེས་བྱ་བའི་བར་དང་། ནང་གཟུགས་

མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་

ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པ་ཡིན་ནོ་ཞེས་བྱ་བའི་བར་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་དཔེར་ན་སྐར་མ་པ་བ་སངས་སམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་

เล่ม ๑๔๓ · หน้า 309a

ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བྱ་བའི་བར་འབྱུང་སྟེ། སྔ་མ་བཞི་དང་འདི་བཞིན་བརྒྱད་དུ་འགྱུར་རོ། །གཉིས་ནི་རྣམ་པར་

ཐར་པ་དང་པོ་བཞིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཐར་པ་དང་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་བདག་ལ་ཡོད་པའི་གཟུགས་ལ་ལྟ་ཞིང་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་དག་ཀྱང་དེ་དང་འདྲའོ། །དེ་གཉིས་ལས་གཅིག་ནི་བདག་ཡོད་པའི་

གཟུགས་ལ་ལྟ་ཞིང་ཕྱི་རོལ་ན་ཡོད་པའི་གཟུགས་ལ་ལྟ་སྟེ་འདི་སྐད་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཉིས་པ་ཡང་དེ་ཁོ་ན་དང་འདྲ་སྟེ། ཁྱད་པར་ནི་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་ལྟ་བ་ཞེས་བྱ་བ་འདི་ཡོད་དོ། །གཞན་ཡང་

ཇི་ལྟར་རྣམ་པར་ཐར་པ་དང་པོ་བསམ་གཏན་དང་པོའི་ས་པ་དང་། འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་དང་། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་པ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །གཉིས་ནི་གཉིས་

པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཐར་པ་གཉིས་པའི་མཚན་ཉིད་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་དེ་ལྟ་བུ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་། བཞི་པ་དག་ཀྱང་དེ་དང་མཚན་ཉིད་དེ་དང་འདྲ་སྟེ། དེ་དག་ཀྱང་འདི་

སྐད་དུ་འབྱུང་སྟེ། གསུམ་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞེས་འབྱུང་ངོ་། །བཞི་པ་ནི་ནང་གཟུགས་མེད་པར་ཡང་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་

ལྟ་ཞིང་ཞེས་འབྱུང་ངོ་། །གཞན་ཡང་ཇི་ལྟར་རྣམ་པར་ཐར་པ་གཉིས་པ་བསམ་གཏན་གཉིས་པའི་ས་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་དང་གཟུགས་ན་སྤྱོད་པའི་གཟུགས་ལ་དམིགས་པ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་བཞི་པ་

เล่ม ๑๔๓ · หน้า 309b

ཡང་དེ་དང་འདྲའོ། །གཞན་སྡུག་པའི་རྣམ་པར་ཐར་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་ས་པ་དང་། གཟུགས་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་ལ་དམིགས་པ་ཡིན་པ་ལྟར་སྔོན་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་ཟིལ་གྱིས་གནོན་པའི་སྐྱེ་

མཆེད་དག་ཀྱང་དེ་དང་འདྲ་སྟེ། འདིར་ནི་ཁ་དོག་བཞི་ཅན་རྣམ་པར་ཕྱེ་ནས་བཟུང་བ་འབའ་ཞིག་ཏུ་ཟད་དོ། །སྡུག་པའི་རྣམ་པར་ཐར་པའི་ངོ་བོ་ཉིད་མ་ཆགས་པ་ཡིན་པ་ལྟར་འདི་དག་གི་ཡང་དེ་དང་འདྲའོ། །ཇི་ལྟར་སྡུག་པའི་རྣམ་པར་ཐར་པ་འདི་འཁོར་དང་བཅས་པར་བཟུང་བས་ཕུང་པོ་ལྔའི་རང་

བཞིན་ཡིན་པ་ལྟར་འདི་དག་ཀྱང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ་ཞེས་བྱ་བ་ནི་དམིགས་པ་ཟིལ་གྱིས་གནོན་པ་མ་ཡིན་པའོ། །ཇི་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་གིས་དམིགས་པ་ཟིལ་གྱིས་གནོན་ཅེ་ན། དེའི་ཕྱིར་ཇི་ལྟར་འདོད་

པ་བཞིན་དུ་མོས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་དག་གིས་སྔོན་པོ་དང་སེར་པོ་ལ་སོགས་པར་མོས་པའི་ཕྱིར་ཏེ། སྐད་ཅིག་ལ་སྔོན་པོ་དང་སྐད་ཅིག་ལ་སེར་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའམ་རྣམ་པར་བསྔོས་པ་ལ་སོགས་པ་ཡིད་དུ་མི་འོང་བ་ཡིད་དུ་འོང་བར་མོས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྐྱེ་བའི་

ཕྱིར་རོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་སྡུག་པར་དམིགས་ཀྱང་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དག་གིས་དམིགས་པ་ཟིལ་གྱིས་གནོན་པ་ཡིན་ནོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་བར་ཆད་མེད་པར་ཟད་པར་ས་ལ་སོགས་པར་

རྒྱས་ཤིང་ཁྱབ་པར་བྱེད་པས་དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་འབྱུང་

བའི་ཕྱིར་རོ། །ཁ་ཅིག་ན་རེ་རླུང་གི་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གང་དག་རླུང་ལ་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་མི་འདོད་པ་དེ་དག་ན་རེ་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ཞེས་བྱ་བ་ནི་འཇུག་པ་

เล่ม ๑๔๓ · หน้า 310a

ཉིད་འཇུག་པ་ལས་བྱུང་བ་ཅན་ཡིན་པའམ་འཇུག་པ་ལས་བྱུང་བ་ཡིན་ནོ། །གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་ཐར་པ་དག་པས་གོང་མ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཁྱད་པར་དུ་འཕགས་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་པས་

གོང་མ་ཟད་པར་གྱི་སྐྱེ་མཆེད་ཁྱད་པར་དུ་འཕགས་ཏེ། འདི་སྐད་དུ་རྣམ་པར་ཐར་པ་དག་བསྐྱེད་ནས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་ལ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་བསྐྱེད་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །འགོག་པ་ལས་

གཞན་པའི་རྣམ་པར་ཐར་པ་ཞེས་བྱ་བ་ནི་དེ་ནི་གཅིག་ཏུ་འཕགས་པའི་རྒྱུད་ལ་ཡོད་པའི་ཕྱིར་རོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདྲིས་པ་དག་ཡིན་ནོ། །སྦྱོར་བ་ལས་བྱུང་བ་ནི་མ་འདྲིས་པ་དག་ཡིན་ནོ། །ལྷག་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ལྷག་མ་

གང་ཞིག་ཡིན་ཞེ་ན། རྣམ་པར་ཐར་པ་དང་པོ་གསུམ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བརྒྱད་དེ་དེ་དག་ནི་མིའི་རྟེན་ཅན་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུང་གི་མཐུས་སྐྱེད་པའི་ཕྱིར་ཏེ་ལྷ་ལ་སོགས་པ་གཞན་ན་ནི་ལུང་མེད་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་

གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སམ། གཟུགས་ཀྱི་ཁམས་སུ་སྟེ། ས་གོང་དུ་སྐྱེས་པ་དེའི་གོང་མའི་བསམ་གཏན་དང་གཟུགས་མེད་པ་གང་ཡིན་པ་དེ་ནི་དེ་བས་ཁྱད་པར་དུ་འཕགས་པས་གཟུགས་མེད་པ་དང་

བསམ་གཏན་གྱི་ཁྱད་པར་རོ། །གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་དེ་ལུང་མེད་པར་ཇི་ལྟར་སྐྱེད་དེ། ལྷག་མ་ནི་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལུང་གི་མཐུས་སྐྱེད་པའི་ཕྱིར་རོ་ཞེས་བཤད་པས་དེའི་ཕྱིར་འབྲེལ་པ་དེས་ན་ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཞེས་བྱ་བ་རྒྱས་པར་

འདྲིའོ། །རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ་ཞེས་བྱ་བ་ནི་ཉེ་བ་ལས་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ཇི་ལྟ་ཞེ་ན། འགའ་ཞིག་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ནས་དེ་ལས་ཡོངས་སུ་ཉམས་ཏེ་རྗེས་ཁོ་ན་ལ་གཟུགས་ཀྱི་

เล่ม ๑๔๓ · หน้า 310b

ཁམས་སུ་སྐྱེ་ན་གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པའི་ཕྱིར་དེ་ལ་གཟུགས་ཀྱི་ཁམས་སུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེའོ། །ཡང་དང་ཡང་དུ་གོམས་པ་ལས་ཀྱང་འགའ་ཞིག་གཟུགས་མེད་པའི་སྙོམས་པར་འཇུག་པ་

ལ་ཡང་དང་ཡང་དུ་མཉམ་པར་བཞག་ནས་དེ་ལས་ཡོངས་སུ་ཉམས་ཏེ། གཟུགས་ཀྱི་ཁམས་སུ་སྐྱེ་ན་དེའི་གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་སུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེའོ། །དེ་བཞིན་དུ་རྣམ་

ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡོངས་སུ་ཉམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པ་ལ་ཡང་དེ་ཁོ་ན་བཞིན་དུ་དེའི་སྙོམས་པར་འཇུག་པ་སྐྱེ་སྟེ། དེའི་གོང་དུ་སྐྱེས་པ་ལ་ཡང་དེ་དང་འདྲའོ། །ལས་ཀྱི་སྟོབས་ཀྱིས་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་

པར་སྨིན་པ་ཉེ་བར་གནས་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བས་ནི་གོང་མ་གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་ནུས་སོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པ་ལ་ལས་ཀྱི་

སྟོབས་ཀྱིས་ནི་ས་གོང་མ་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་ལས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལས་འདོད་ཆགས་དང་བྲལ་བས་ནི་གོང་དུ་སྐྱེ་བར་མི་ནུས་སོ། །རྒྱུ་དང་ལས་

ཀྱི་སྟོབས་དེ་དག་གིས་བསམ་གཏན་དང་པོ་ལ་སོགས་པར། བསམ་གཏན་གཉིས་པ་ལ་སོགས་པ་ཇི་ལྟར་སྐྱེ་ཞེ་ན། རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ལམ་གྱི་སྟོབས་ཀྱིས་ནི་ས་གོང་མའི་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །ཆོས་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་

ཆོས་ཉིད་ཅེས་བྱ་བ་འདི་ཅི་ཞེ་ན། མདོ་སྡེ་པ་ཁ་ཅིག་ན་རེ་ཆོས་འཇུག་པ་ཤས་ཆེན་པོ་འདི་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དེ་སྐྱེས་པའི་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ། རང་བཞིན་དང་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་

เล่ม ๑๔๓ · หน้า 311a

སྨྲ་བ་ཁ་ཅིག་ན་རེ་ཡང་། གཞན་ལས་དེའི་ལུང་མ་མནོས་པར་ཚེ་རབས་སྔ་མའི་སྐལ་བ་མཉམ་པའི་རྒྱུ་ལས་རྒྱུ་མཐུན་པའི་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་ཡིན་ནོ་ཞེས་ཟེར་རོ། །དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འཇིག་པའི་དུས་དེ་ན་

དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་ཞེས་བྱ་བའི་ཐ་ཚིག་སྟེ། འཇུག་པ་ནི་ཆོས་དེ་དག་ཉིད་ཀྱི་བྱེད་པ་གང་ཡིན་པའོ། །འདི་དག་ལ་འཇུག་པ་ཤས་ཆེ་ཞིང་མཆོག་ཏུ་གྱུར་པ་ཡོད་པས་ན་འཇུག་པ་ཤས་ཆེ་བ་དག་གོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །འདི་སྐད་དུ་དགེ་བ་དེ་དག་བདག་ཉིད་མཆོག་ཏུ་གྱུར་པ་

ཐོབ་པའི་ཕྱིར་ཏེ། དེ་སྐྱེ་བ་དང་མཐུན་པའི་བདག་ཉིད་དུ་རེད་པའི་ཕྱིར་གཞན་ལས་ལུང་མནོས་པ་མེད་པར་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཡོད་ན་བསམ་གཏན་སྐྱེའོ་ཞེས་བཤད་པ་ཡིན་ནོ། །ཆོས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ཀྱི་

རྣམ་པ་ཁམས་དང་ས་དང་། དམིགས་པ་དང་རྣམ་པ་ལ་སོགས་པ་སྟེ་ཅི་རིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བྱ་བ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་པའི་ཆོས་དེ་སྟེ་གྲངས་བཞིན་དུ་ལུང་ནི་སྨྲ་བར་བྱེད་པ་གང་དག་ཡིན་པ་དེ་དག་དེ་འཛིན་པར་བྱེད་པ་ཡིན་ལ།

རྟོགས་པ་ནི་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་འཛིན་པར་བྱེད་པ་ཡིན་ནོ། །རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ཞེས་བྱ་བ་ནི་ལོ་སྟོང་དུ་གནས་སོ་ཞེས་བྱ་བའོ། །ལུང་ནི་ཡུན་རིང་དུ་གནས་སོ་ཞེས་བྱ་བ་ནི་ལོ་སྟོང་གི་འོག་ཏུ་ཡང་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱོགས་འདི་དག་ཉིད་རིགས་པར་ལྟའོ། །གང་

ཡིན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་ཆོས་མངོན་པའི་མཛོད་ཀྱི་མཚན་ཉིད་འདི་ལས་ཆོས་མངོན་པ་བཤད་པ་གང་ཡིན་པ་འདི་ཉིད་སྟོན་པས་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མཚན་ཉིད་དུ་བཤད་དམ་ཞེ་ན། དེའི་ཕྱིར། བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི།

ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་བྱ་བ་འདི་རྒྱས་པར་སྨོས་ཏེ། ཁ་ཆེའི་ཡུལ་ན་འཁོད་པས་ན་ཁ་ཆེའོ། །བྱེ་བྲག་ཏུ་བཤད་པས་རྩེན་པས་ན་བྱེ་བྲག་ཏུ་སྨྲ་བའོ་ཞེས་དེ་ནི་རྣམ་པར་བཤད་ཟིན་ཏོ། །ཁ་ཆེ་ཡིན་ལ་བྱེ་བྲག་ཏུ་སྨྲ་བ་མ་ཡིན་པ་ཡང་ཡོད་དེ། འདུལ་བ་ཤེས་པ་ལ་སོགས་

เล่ม ๑๔๓ · หน้า 311b

པ་དང་། མདོ་སྡེ་པ་བཙུན་པ་ལ་སོགས་པ་གང་དག་ཡིན་པའོ། །བྱེ་བྲག་ཏུ་སྨྲ་བ་ཡིན་ལ་ཁ་ཆེ་མ་ཡིན་པ་ཡང་ཡོད་དེ། ཉི་འོག་པའི་བྱེ་བྲག་ཏུ་སྨྲ་བ་གང་དག་ཡིན་པའོ། །དེ་བས་ན་ཁྱད་པར་གཉི་ག་སྨོས་ཏེ། བདག་གིས་ནི་འདིར་དེ་དག་གི་ལུགས་ཀྱི་གྲུབ་པའི་ཆོས་མངོན་པ་གང་ཡིན་པ་དེ་ཕལ་

ཆེར་བཤད་དོ། །ཤུགས་ཀྱིས་ན་གཞན་གྱི་ལུགས་ཀྱིས་གྲུབ་པ་ཡང་བསྟན་ཏོ་ཞེས་བཤད་པ་ཡིན་ནོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་སམ། གཞན་གྱི་ལུགས་ཀྱང་རུང་ཚིག་འདི་ལ་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གིས་ཉེས་ཏེ་བདག་གི་སྐྱོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དམ་

ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་བྱ་བ་སྨོས་ཏེ། རྟོགས་པ་དང་ལུང་གི་མཚན་ཉིད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ལ་སྟེ་བརྗོད་པ་ལ་ཚད་མ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་སྲས་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡིན་ཏེ། ཆོས་ཐམས་ཅད་

རྣམ་པ་ཐམས་ཅད་དུ་རྟོགས་པར་བྱ་བ་ལ་ཐུགས་གཅུགས་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་མིག་ཏུ་གྱུར་པ་ལམ་དང་ལམ་མ་ཡིན་པ་ཡང་དག་པར་སྟོན་པར་བྱེད་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་

ལས་འདས་ཤིང་སྟེ། འདིས་ནི་འཇིག་རྟེན་ལོང་བར་གྱུར་པ་ཉིད་སྟོན་ཏོ། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །ཞེས་བྱ་བ་ལ། དཔང་དུ་གྱུར་པ་ནི་མངོན་སུམ་དུ་མཐོང་བ་སྟེ། བཅོམ་ལྡན་འདས་ཀྱི་དཔང་དུ་གྱུར་པའི་སྐྱེ་བོ་བཅོམ་ལྡན་འདས་ནི་ལམ་དང་ལམ་མ་ཡིན་པ་མཁྱེན་པ་ཡིན་

ནོ་ཞེས་བྱ་བར་དེ་ཁོ་ན་ཉིད་རྟོགས་པ་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ཟད་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ན་མ་རིག་པའི་མུན་པས་དེ་ཁོ་ན་ཉིད་མ་མཐོང་བ་རང་དགར་གྱུར་པ་བཅོས་སུ་མི་བཏུབ་པ་རང་གི་ལྟ་བས་རྟོག་གེ་ངན་པར་ཞུགས་པ་ཁྱེད་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་

ཚིག་དང་དོན་གྱི་སྒོ་ནས་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པ་འདིས་ནི་སྔར་བཤད་པའི་ཚིགས་སུ་བཅད་པའི་དོན་གྱི་གཏན་ཚིགས་ཀྱི་ངོ་བོ་ཉེ་བར་བཀོད་པ་ཡིན་ཏེ།

เล่ม ๑๔๓ · หน้า 312a

སངས་རྒྱས་དང་སངས་རྒྱས་ཀྱི་སྲས་རྣམས་ཡོངས་སུ་མྱ་ངན་ལས་འདས་ཏེ། འགྲོ་བ་མགོན་མེད་པ་ན་བསྟན་པ་ནུབ་པར་བྱེད་པའི་རྒྱུ་ལྟ་བ་ལ་སོགས་པ་སྐྱོན་གྱི་དྲི་མ་རང་ཉམས་སུ་གྱུར་པས་དགའ་མགུར་རང་དགར་དེང་སང་འཇིག་རྟེན་འདི་ན་སྤྱོད་དོ། །དེ་བས་ན་དེ་

ལྟར་ལྐོག་མར་སྲོག་ཕྱིན་འདྲ་སྟེ་སྲོག་ལྐོག་མར་ཕྱིན་པ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རིག་ལ་སྐྱོན་རྣམས་ཀྱང་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས་ཞེས་བྱ་བ་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་

བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་བརྒྱད་པའོ།། །།བམ་པོ་དྲུག་ཅུ་པ། ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེས་བྱ་བ་ནི། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །

ཞེས་འབྱུང་བས་དོན་གྱིས་ནི་སློབ་དཔོན་གྱིས་འདི་ཁོ་ན་ཐར་པའི་ཐབས་ཡིན་གྱི་འདི་ལས་ཐར་པའི་ཐབས་གཞན་མེད་དེ། དེ་ལྟ་བས་ན་ཐར་པ་འདོད་པ་རྣམས་ཀྱིས་འདི་ལ་བག་ཡོད་པར་བྱའོ་ཞེས་བཤད་པས། གླེང་བ་པོས་ཀྱང་ཅི་འདི་ལས་ཞེས་བྱ་བ་རྒྱས་པར་འདྲི་བ་ལ་མེད་དོ་ཞེས་བྱ་བ་

སྨྲས་སོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། མུ་སྟེགས་ཅན་རྣམས་ནི་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལ་ཞེན་པ་ཡིན་པས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའོ། །དེའི་ངོ་བོ་ནི་ཉིད་དེ། དེའི་ཕྱིར་གཞན་ལ་ཐར་པ་མེད་དོ། །དོན་

འདི་ནི་བསྟོད་པ་བྱས་པས་ཀྱང་བཤད་དེ། ཡིད་ལ་ང་རུ་འཛིན་དང་བཅས་ན་སྐྱེ་རྒྱུན་ཞི་མ་འགྱུར། །བདག་ཏུ་ལྟ་བ་ཡོད་ན་སྙིང་ལས་ངར་འཛིན་མི་གཡོ་ལགས། །གང་ཕྱིར་འགྲོ་ལ་བདག་མེད་སྨྲ་བའི་སྟོན་པ་གཞན་མེད་པ། །དེའི་ཕྱིར་ཁྱོད་ཀྱི་ལུགས་ལས་ཉེར་ཞི་བྱེད་པའི་ལམ་གཞན་མེད། །

ཅེས་བྱ་བ་ཡིན་ནོ། །འདི་ལ་སྒྲུབ་པ་ནི་སེར་སྐྱ་དང་འུག་པ་པ་ལ་སོགས་པ་ལ་ནི་ཐར་པ་མེད་དེ། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བའི་སྐྱེས་བུ་བཞིན་ནོ། །ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་དུ་འཇིག་རྟེན་

เล่ม ๑๔๓ · หน้า 312b

འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་ལྟ་བ་ཐ་དད་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ལྟ་བུ་སྟེ། བདག་ཏུ་ལྟ་བ་ཡོད་ན་བདག་ལ་ཆགས་པ་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་འབྱུང་ངོ་། །བདག་ཏུ་མངོན་པར་བརྗོད་པ་འདི་

ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི་ཞེས་བྱ་བ་ལ། བདག་ཏུ་མངོན་པར་བརྗོད་པ་ནི་བདག་ཏུ་འདོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་བྱ་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕུང་པོའི་རྒྱུད་ལས་གཞན་པ་བརྟགས་པ་ལ་ནི་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། མངོན་སུམ་དང་

རྗེས་སུ་དཔག་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་མེད་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ལུང་ནི་རྗེས་སུ་དཔག་པའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་

པ་ཡིན་ཏེ་ཞེས་བྱ་བ་ལ་བར་ཆད་བྱེད་པ་མེད་ན་ཞེས་བྱ་བ་ནི་དམིགས་པའི་བགེགས་བྱེད་པ་ཧ་ཅང་ཉེ་བ་དང་ཧ་ཅང་རིང་བ་ལ་སོགས་པ་མེད་ནའོ། །མངོན་སུམ་ཞེས་བྱ་བ་ནི་དམིགས་པའི་ཁྱད་པར་ཡིན་ཏེ། མངོན་སུམ་ཉིད་དུ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དམིགས་པ་

ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ་འདིས་དམིགས་པར་བྱེད་པས་ན་དམིགས་པའོ། །ཡུལ་དྲུག་ཅེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་དང་ཆོས་ཀྱི་སྐྱེ་མཆེད་ཚོར་བ་ལ་སོགས་པའི་མཚན་ཉིད་དང་རྣལ་འབྱོར་པའི་ཡུལ་ལུང་དང་རྣམ་པར་རྟོག་པ་ལས་འདས་

པའོ། །ཡིད་ཅེས་བྱ་བ་ཅི་ཞེ་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། འགགས་མ་ཐག་པའི་ཡིད་ནི་མཇུག་ཐོགས་སུ་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཆགས་པའམ་སྡང་བའམ། བདེ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་དེ་ལྟ་བུ་ལ་

སོགས་པ་རྣམ་པར་ཤེས་སོ། །གཞན་དག་ན་རེ་རང་རིག་པས་དམིགས་སུ་ཞེས་ཟེར་རོ། །མངོན་སུམ་རྣམ་པ་གཉིས་པོ་འདི་ནི་གཟུང་བའི་རྣམ་པ་དང་འཛིན་པའི་རྣམ་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དུ་མངོན་སུམ་མི་འཇུག་པ་དེར་ནི་རྗེས་

เล่ม ๑๔๓ · หน้า 313a

སུ་དཔག་པས་དམིགས་པ་ཡིན་ནོ། །དཔེར་ན་དབང་པོ་ལྔ་ལྟ་བུའོ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལྟ་བུའོ། །རྒྱུ་ཞིང་དང་ཆུ་ལ་སོགས་པ་ཡོད་ཀྱང་རྒྱུ་གཞན་ས་བོན་གྱི་མཚན་ཉིད་མེད་ན་འབྲས་བུ་མེད་པར་མཐོང་ལ་ས་བོན་དེ་ཡོད་ན་ནི་ཡང་མྱུ་གུ་ཡོད་པར་

མཐོང་ངོ་། །དཔེར་ན་མྱུ་གུ་ལྟ་བུའོ་ཞེས་བྱ་བ་ནི་དཔེ་ཉེ་བར་བཀོད་པ་ཡིན་ནོ། །དེ་ལྟར་དཔེ་ཉེ་བར་བཀོད་ནས་དངོས་བསྟན་པའི་ཕྱིར་ཡུལ་སྣང་བར་གྱུར་པ་དང་རྒྱུ་ཡིད་ལ་བྱེད་པ་ཡོད་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དུ་གྱུར་པ་དང་། དེ་སྐྱེད་པ་རྒྱུ་ཡིད་

ལ་བྱེད་པ་ཡོད་དུ་ཟིན་ཀྱང་ཡུལ་འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པར་མཐོང་ལ་ཡང་ཡོད་པར་མཐོང་ངོ་། །གང་དག་གི་ཞེ་ན། གྲངས་བཞིན་དུ་སྟོན་ཏེ། ལོང་བ་དང་འོན་པ་ལ་སོགས་པའི་ནི་མེད་དོ། །མ་ལོང་བ་དང་མ་འོན་པ་ལ་སོགས་པའི་ཡོད་དོ། །སྩོགས་པ་ཞེས་བྱ་

བའི་སྒྲས་ནི་སྣའི་དབང་པོ་ལ་སོགས་པ་ཉམས་པའི་བསྡུའོ། །དེའི་ཕྱིར་དེ་ལ་ཡང་རྒྱུ་གཞན་མ་ངེས་པའི་ངོ་བོ་ཅི་ཞིག་གྲངས་བཞིན་དུ་མེད་པ་དང་ཡོད་པ་ཁོ་ནར་ངེས་སོ། །དེ་ཡང་ཅི་ཞིག་ཡིན་ཞེ་ན། སྨྲས་པ་ལྟོས་པར་བྱ་བའི་རྒྱུ་གཞན་གང་ཡིན་པ་དེ་ནི་དབང་པོ་སྟེ་མིག་ལ་སོགས་པ་ཡིན་ནོ་

སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་སྒྲུབ་པ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་སྐྱེད་པར་བྱེད་པར་འདོད་པ་ཡུལ་དང་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དངོས་པོ་འདི་ནི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། རེས་འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་རོ། །གང་ཞིག་རེས་

འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་པར་བྱེད་པ་དེ་ནི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །དཔེར་ན་མྱུ་གུ་སྐྱེད་པར་བྱེད་པ་ཞིང་དང་ཆུ་དང་ས་བོན་གྱི་མཚན་ཉིད་ཀྱི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་མྱུ་གུ་སྐྱེད་པར་བྱེད་པ་རེས་འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་

པར་བྱེད་པ་ལྟ་བུ་སྟེ། ས་བོན་ཡོད་པའི་གནས་སྐབས་ན་མྱུ་གུ་སྐྱེད་པར་བྱེད་པའི་ཕྱིར་དང་། ས་བོན་མེད་པའི་གནས་སྐབས་ན་རང་གི་འབྲས་བུ་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །ཡུལ་དང་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དངོས་པོ་དེ་ཡང་དེ་དང་འདྲ་སྟེ། དེ་ནི་མ་ལོང་བ་དང་མ་འོན་པའི་

เล่ม ๑๔๓ · หน้า 313b

གནས་སྐབས་ན་ནི་རང་གི་འབྲས་བུ་རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་མཚན་ཉིད་སྐྱེད་པར་བྱེད་པ་ཡིན་ལ། ལོང་བ་དང་འོན་པའི་གནས་སྐབས་ན་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་རྒྱུ་གཞན་དང་ལྷན་ཅིག་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ནི་དབང་པོ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་

ན་དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་གཅོད་དེ། འདི་ལ་རྒྱུ་གཞན་ཞིག་ཡོད་དོ་ཞེས་བྱ་བ་དེ་ཁོ་ན་ཙམ་ཞིག་ཏུ་ཡོངས་སུ་གཅོད་ཀྱི་དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེ་ན་འདི་ནི་དྲང་སྲོང་ཆེན་པོའི་སྨོན་ནས་ཤེས་པའི་ཡོངས་སུ་བཅད་པའི་ཕྱིར་དང་། མིག་གི་རྣམ་པར་ཤེས་པ་ལ་

སོགས་པའི་རྒྱུ་མིག་གི་དབང་པོ་ལ་སོགས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ལ། ཐམས་ཅད་རྩོད་པ་མེད་པའི་ཕྱིར་གྲུབ་པ་ཁོ་ན་ཡིན་ནོ། །བདག་ནི་དེ་ལྟར་ཡོད་པ་མ་ཡིན་པས་བདག་མེད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །སྒྲུབ་པ་ནི་དོན་གྱིས་ན་འདི་སྐད་དུ་བདག་ནི་མེད་དེ། ཚད་མས་

མི་དམིགས་པའི་ཕྱིར་གཏན་མེད་པ་ལྟ་བུའོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་ཡོད་དེ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་བརྗོད་དགོས་པའི་ཕྱིར་རོ། །གལ་ཏེ་དེ་ཡོད་ན་དེ་སྨྲོས་ཤིག །ཚིག་ཙམ་གྱིས་ནི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ་

ཞེས་བཟློག་ཏུ་མི་རུང་ངོ་། །འོ་ན་གང་གནས་མའི་བུ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་གནས་མའི་བུ་ནི་འཕགས་པ་མང་པོས་བཀུར་བའི་སྡེ་པ་དག་སྟེ། འདིས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་མ་ངེས་སོ་ཞེས་སྟོན་པར་བྱེད་དེ། གནས་མའི་བུ་

རྣམས་ནི་སངས་རྒྱས་པ་ཡིན་པའི་ཕྱིར་ཐར་པ་མི་འདོད་པ་མ་ཡིན་ནོ། །ཡང་ན་བདག་མེད་དོ་ཞེས་བྱ་བ་འདིས་ཕྱོགས་འདི་སྐྱོན་དང་བཅས་པ་ཡིན་ནོ་ཞེས་ཕྱོགས་སྔ་མ་འགལ་བར་སྟོན་ཏེ། གནས་མའི་བུའི་སྡེ་དག་རང་གི་ཕྱོགས་ཡིན་པས་སོ། །འདི་ནི་རེ་ཞིག་དཔྱད་པར་བྱ་བ་

ཡིན་ཏེ་ཞེས་བྱ་བ་ནི་དེའི་སྡེའི་གང་ཟག་བཏགས་པར་ཡོད་པ་ཡིན་པས་ཉེས་པ་མེད་དོ་སྙམ་དུ་བསམས་པའོ། །རྫས་སུ་ཞེས་བྱ་བ་ནི་ཅི་ཞིག་བཏགས་པར་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེས་གླེངས་པ་དང་། སློབ་དཔོན་གྱིས་གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་

เล่ม ๑๔๓ · หน้า 314a

པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི་རྫས་སུ་ཡོད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཇི་ལྟར་གཟུགས་ལ་སོགས་པ་སྒྲ་ལ་སོགས་པ་ལས་དངོས་པོ་ཐ་དད་པ་ལྟར་འདོད་ན་ནི་གཟུགས་ནི་སྒྲ་ལས་མཚན་ཉིད་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གང་ཟག་

རྫས་སུ་ཡོད་དོ་ཞེས་ཁས་བླངས་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཇི་ལྟར་འོ་མ་དང་ཁྱིམ་དང་། དམག་ལ་སོགས་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་དང་རྩྭ་དང་ཤིང་དང་སོ་བག་དག་དང་། གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་

པ་དེ་དག་ལས་དངོས་པོ་གཞན་ཡིན་པར་མི་འདོད་ཀྱི། དེ་དག་ཉིད་ཀྱི་སྤྱི་ཙམ་དུ་ཟད་དོ་ཞེས་བྱ་བ་དེ་ལྟར་འདོད་ན་ནི། གང་ཟག་བཏགས་པར་ཡོད་དོ་ཞེས་ཁས་བླངས་པ་ཡིན་ཏེ། གཟུགས་ལ་སོགས་པ་དང་རྩྭ་ལ་སོགས་པ་དང་། གླང་པོ་ཆེ་ལ་སོགས་པ་ལས་གཞན་པ་འོ་མ་དང་། ཁྱིམ་

དང་དམག་ཅེས་བྱ་བའི་དངོས་པོ་ནི་ཅི་ཡང་མེད་དོ། །དེ་ལས་ཅིར་འགྱུར་ཞེས་བྱ་བ་ནི་དེ་ལས་ཉེས་པ་ཅིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་གལ་ཏེ་རྫས་སུ་ཡོད་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་ལ་བརྟེན་ནའོ། །གང་ཟག་དེ་རང་བཞིན་ཐ་དད་པའི་ཕྱིར་ཏེ་མཚན་ཉིད་ཐ་དད་པའི་ཕྱིར་ཕུང་པོ་

རྣམས་ལས་གཞན་ནོ་ཞེས་བརྗོད་པར་བྱའི་ཕུང་པོའི་སྤྱི་ཙམ་ནི་མ་ཡིན་ནོ། །ཕན་ཚུན་གྱི་ཕུང་པོ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མཚན་ཉིད་ཐ་དད་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ལས་ཚོར་བའི་ཕུང་པོ་གཞན་ཡིན་པ་ལྟར་ཕུང་པོ་དག་ལས་གང་ཟག་ཀྱང་དེ་དང་འདྲ་བར་འགྱུར་ཏེ། གང་ཟག་ནི་གཟུགས་

ཀྱི་ཕུང་པོ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ་ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བུར་ཡང་ཐལ་བར་འགྱུར་ཞེས་བྱ་བ་ནི་འདུས་མ་བྱས་ཡིན་པ་

དེའི་ཕྱིར་གནས་མའི་བུ་རྣམས་མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་རོ། །དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ནི། མཁའ་ལ་ཆར་ཉིས་ཅི་ཞིག་བྱ། །དེ་གཉིས་འབྲས་བུ་པགས་པ་ཡོད། །གལ་ཏེ་པགས་འདྲ་དེ་མི་རྟག །གལ་ཏེ་མཁའ་འདྲ་འབྲས་བུ་མེད། །སྙམ་དུ་

เล่ม ๑๔๓ · หน้า 314b

བསམས་པ་ཡིན་ནོ། །ལོང་བ་ལྟ་བུའི་ཚིག་དོན་མི་གསལ་བ་འདི་ཞེས་བྱ་བ་འདི་ལོང་བ་དང་འདྲ་བས་ན་ལོང་བ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་མི་གསལ་བ་སྟེ། དོན་མི་མངོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་རྣམས་ལ་དམིགས་ནས་ཞེས་བྱ་བ་ནི་བཟུང་ནས་ཞེས་བྱ་བའི་དོན་ཏེ། ཇི་ལྟར་

དཔེར་ན་གཟུགས་ལ་སོགས་པ་བཟུང་ནས་འོ་མ་འདོགས་ཀྱི། གཟུགས་ལ་སོགས་པ་ལ་མ་གཏོགས་པའི་འོ་མ་མེད་པ་ལྟར་གང་ཟག་ཀྱང་དེ་དང་འདྲ་བས་གང་ཟག་བཏགས་པའི་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་རྣམས་ལ་

བརྟེན་ཏེ་གནས་ནས་སོ། །སྐྱོན་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཕུང་པོ་དེ་དག་ཉིད་ལ་གང་ཟག་འདོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་ཟག་འདོགས་པའི་རྐྱེན་ནི་ཕུང་པོ་དག་ཡིན་གྱི་གང་ཟག་ནི་མ་ཡིན་ནོ། །གང་ཟག་ནི་དེ་ཁོ་ན་བཞིན་དུ་བཏགས་པའི་ཡོད་པ་ཡིན་

པས་སྐྱོན་དེ་ཉིད་དུ་འགྱུར་རོ། །ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ་ཞེས་བྱ་བ་ལ། གནས་མའི་བུ་རྣམས་ཀྱི་བསམ་པ་ནི་གང་ཟག་རྫས་སུ་ཡོད་པ་ལ་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །

དངོས་པོ་གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་པ་གང་ཞིག་རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་འདོགས་པ་དེ་ནི་རྫས་སུ་ཡོད་དེ། དཔེར་ན་མེ་ལྟ་བུའོ་སྙམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་གཞན་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། འཇིག་རྟེན་དང་འགལ་བ་དང་

རང་གི་གྲུབ་པའི་མཐའ་དང་འགལ་བ་སྟོན་པར་བྱེད་དོ། །རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདུས་མ་བྱས་ལྟ་བུར་རོ། །ཆད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཕུང་པོ་བཞིན་དུའོ། །རེ་ཞིག་འཇིག་རྟེན་ན་ནི་ཤིང་ལ་སོགས་པ་མེ་འབར་བ་ལ་བུད་ཤིང་ཞེས་བྱ་བ་རྒྱས་པར་འབྱུང་བ་

འདིས་ནི་དཔེ་མ་གྲུབ་པ་ཉིད་དུ་སྟོན་ཏེ། མེ་དང་བུད་ཤིང་དག་ནི་གཞན་པ་ཉིད་དུ་འདོད་དོ། །དེས་དེ་ཚིག་པ་དང་སྲེག་པར་བྱེད་ཅེས་བྱ་བ་ནི་མེ་དེས་བུད་ཤིང་དེ་ཚིག་པར་བྱེད་སྲེག་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་གཞོབ་ཏུ་འབྱིན་ཅིང་ཐལ་བར་རློག་གོ། །རྒྱུར་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་

เล่ม ๑๔๓ · หน้า 315a

བྱ་བ་ནི་ཐལ་བར་རློག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་ཚིག་པ་དང་སྲེག་པར་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་དག་ཡིན་ནོ་ཞེས་ཟེར་རོ། །བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བུད་ཤིང་དང་མེ་དེ་གཉི་ག་འབྱུང་བ་ཆེན་པོ་བཞི་དང་རྒྱུར་བྱས་པའི་གཟུགས་བཞི་པོ་

གཟུགས་ནས་རེག་བྱའི་བར་ཞེས་བྱ་བ་རྫས་བརྒྱད་པ་ཡིན་ཏེ། གྲུབ་པའི་མཐའ་ལས། འདོད་ན་དབང་པོ་མེད་པ་ཡི། །སྒྲ་མེད་རྡུལ་ཕྲན་རྫས་བརྒྱད་དོ། །ཞེས་བྱ་བའི་ཕྱིར་རོ། །དུས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་བུད་ཤིང་ནི་སྔ་ལ་མེ་ནི་འཕྱིའོ། །དུས་ཐ་དད་པ་དག་ཀྱང་གཞན་པ་ཉིད་

དུ་མཐོང་སྟེ་ས་བོན་དང་མྱུ་གུ་དག་ལྟ་བུའོ། །མི་རྟག་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བ་དང་ལྡན་པ་གཟུགས་ལ་སོགས་པ་མི་རྟག་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་ཉིད་ལ་ཞེས་བྱ་བ་ནི་དེ་གཉི་གའི་མཚན་ཉིད་ཀྱི་སྤྱི་ལའོ། །དེ་གཉིས་ཀྱང་མཚན་ཉིད་ཐ་

དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་བོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་མཚན་ཉིད་དེ་ལྟ་བུ་དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་སྟེ། སའི་ཁམས་ལ་སོགས་པའི་མཚན་ཉིད་གཞན་ཡིན་པའི་ཕྱིར་རོ། །མཚན་ཉིད་ཐ་དད་པ་རྣམས་ནི་གཞན་ཉིད་ཡིན་པར་མཐོང་

སྟེ། གཟུགས་དང་ཚོར་བ་ལ་སོགས་པ་ལྟ་བུའོ། །རྒྱུར་བྱས་པའི་དོན་ཡང་བརྗོད་དགོས་ཏེ་ཞེས་བྱ་བ་ནི་གཞན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་དེའི་རྒྱུ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་འབྱུང་བ་གསུམ་གྱི་མཚན་ཉིད་ཀྱི་བུད་ཤིང་དེ་ནི་དྲོ་བའི་མཚན་ཉིད་ཀྱི་མེ་དེའི་རྒྱུར་

རུང་བ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཕྱིར་བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །དེ་གདགས་པའི་རྒྱུ་ཡང་མ་ཡིན་ཞེས་བྱ་བ་ནི་མེ་གདགས་པའི་འོ། །གལ་ཏེ་རྒྱུར་བྱས་པའི་དོན་རྟེན་གྱི་དོན་ནམ་ཞེས་བྱ་བ་ནི་བུད་ཤིང་རྒྱུར་བྱས་ནས་ཞེས་བྱ་བ་བུད་ཤིང་ལ་བརྟེན་ནས་ཞེས་བྱ་

བའི་ཐ་ཚིག་གོ། །ལྷན་ཅིག་འབྱུང་བའི་དོན་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་དོན་བུད་ཤིང་དང་ལྷན་ཅིག་འབྱུང་བ་ཉིད་དུ་བཟུང་ནས་ཞེས་བྱ་བའི་དོན་ཏོ། །རྟེན་ནམ་ལྷན་ཅིག་འབྱུང་བ་དག་ཡིན་པར་འགྱུར་ཞེས་བྱ་བ་ནི་རྟེན་དུ་གྱུར་པ་དང་ལྷན་ཅིག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་

เล่ม ๑๔๓ · หน้า 315b

སྟེ། གནས་མའི་བུ་རྣམས་གཞན་ཉིད་དུ་གསལ་བར་དམ་འཆའ་བ་ཡིན་ནོ། །ད་མད་ན་ཞེས་བྱ་བ་ནི་ཕུང་པོ་མེད་ནའོ། །འབྱུང་བ་གཞན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་པ་དེ་ཡང་ཞེས་བྱ་བ་ནི་དྲོ་བ་ཉིད་དང་

ལྡན་པ་འབའ་ཞིག་དྲོ་བར་མ་ཟད་ཀྱི་གཞན་མེ་འབར་བ་དང་འབྲེལ་པའི་ས་ལ་སོགས་པ་དེ་ཡང་དྲོ་བར་འགྲུབ་པོ། །དེའི་ཕྱིར་ཇི་ལྟར་དེ་གཞན་ཉིད་ཡིན་ན་ཉེས་པ་མེད་པ་ལྟར་འདི་ཡང་དེ་དང་འདྲའོ། །དེས་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་མེད་པར་འགྱུར་རོ། །ཤིང་ལ་སོགས་

པ་ཞེས་བྱ་བ་ནི་ཤིང་དང་རྩྭ་དང་བ་ལང་གི་ལྕི་བ་ལ་སོགས་པའོ། །བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་གང་ཟག་གོ། །བརྗོད་པར་མི་བྱ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཤེས་བྱ་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བར་རོ། །འོ་ན་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། དེ་ནི་འདས་པ་ལ་སོགས་པ་ལས་ལྔ་པ་ཡང་མ་ཡིན་ལ་ལྔ་པ་མ་

ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ཀྱང་མིག་ལ་སོགས་པ་ཡོད་ན་དེ་དམིགས་པའི་ཕྱིར་མིག་ལ་སོགས་པ་རྒྱུར་བྱས་ནས་གཟུགས་འདོགས་སོ་ཞེས་བཏགས་པ་ཡིན་པར་བརྗོད་པར་བྱའོ། །དམིགས་པར་བྱེད་ན་ཞེས་བྱ་

བ་ནི་ཉེ་བར་མཚོན་པར་བྱེད་ན་སྟེ། དེའི་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ་གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་དང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་བར་དུ་

ཡིན་པ་དང་མ་ཡིན་པར་བརྗོད་པར་མི་བྱ་བ་ཡང་དེ་དང་འདྲའོ། །འོ་མ་འམ་ཆུ་དམིགས་པར་བྱེད་ན་ཞེས་བྱ་བ་ནི་དཔེར་བརྗོད་པ་གཉིས་སོ། །དེ་ལྟ་བས་ན་དེ་ནི་འདི་སྐད་དུ་གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འོ་མ་དམིགས་པར་བྱེད་ན་ནི་འོ་མ་མིག་

གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ། །དེ་བཞིན་དུ་གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་

เล่ม ๑๔๓ · หน้า 316a

ལ་བརྟེན་ནས་ཆུ་དམིགས་པར་བྱེད་ན་ནི་ཆུ་མིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་འདི་ཐམས་ཅད་ཀྱང་བརྗོད་

པར་བྱའོ། །འོ་མ་དང་ཆུ་གཉིས་བཞི་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ་ཞེས་བྱ་བ་ནི་གལ་ཏེ་གཟུགས་རྣམས་ཞེས་བྱ་བ་ནས་རེག་བྱ་རྣམས་ཞེས་བྱ་བའི་བར་དུ་བརྗོད་ན་ནི་འོ་མ་དང་ཆུ་བཞི་ཚན་དུ་ཐལ་བར་འགྱུར་ཏེ་འོ་མ་དང་ཆུ་རྣམ་པ་བཞི་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ནི་གློ་བུར་

པ་ཡིན་པས་འདིར་མ་གཏོགས་སོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པ་འདུས་པའི་སྤྱི་ཁོ་ན་ལ་འོ་མ་འམ་ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ཀྱི་སྤྱི་ཁོ་ན་ལ་གང་ཟག་འདོགས་སོ་ཞེས་བྱ་བར་གྲུབ་བོ། །གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ་ཞེས་བྱ་བ་དང་།

གཟུགས་རྣམས་དམིགས་ན་གང་ཟག་དམིགས་ཞེས་བྱ་བ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཅེ་ན། ཕྱོགས་སྔ་མ་ལ་ནི་གཟུགས་རྣམས་རྒྱུ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ལ་ནི་རྒྱུ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་རྣམས་རྒྱུར་བྱས་ནས་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན་

ནོ། །དེ་ལ་གལ་ཏེ་གཟུགས་རྣམས་རྒྱུ་ཉིད་ཡིན་པར་འདོད་ལ་གང་ཟག་དེ་ཡང་ཕུང་པོ་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ་ཞེ་ན། འོ་ན་ནི་ཁྱེད་ལ་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ལྟ་བུར་ཐལ་བར་འགྱུར་ཏེ། ཇི་ལྟར་ཁྱེད་ཀྱི་གཟུགས་རྣམས་གང་ཟག་དམིགས་པའི་

རྒྱུ་ཡིན་ལ་དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱ་བ་ལྟར། སྣང་བ་དང་མིག་དང་ཡིད་ལ་བྱེད་པ་དག་ཀྱང་གཟུགས་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་སྣང་བ་ལ་སོགས་པ་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ། །དེ་དག་ནི་དེ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་བ་

ལ་སོགས་པ་དེ་དག་ནི་གཟུགས་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་ཟག་གཟུགས་ལས་རང་བཞིན་ཐ་མི་དད་པར་འགྱུར་ཏེ། དམིགས་པ་དེ་ཁོ་ནས་དམིགས་པར་བྱ་བ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །གཟུགས་ཁོ་ན་ལ་དེ་འདོགས་པར་ཞེས་བྱ་བ་ནི་གང་ཟག་དེ་འདོགས་

เล่ม ๑๔๓ · หน้า 316b

པར་ཏེ་འགྱུར་ན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །འདི་ནི་གཟུགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམིགས་པ་གཅིག་པ་ཉིད་ཡིན་ན་གཟུགས་དང་གང་ཟག་དག་ཡོངས་སུ་གཅོད་པར་མི་འགྱུར་རོ། །འོན་ཏེ་འདི་ནི་གཟུགས་སོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་དེ་

ལྟར་ཡོངས་སུ་མི་གཅོད་ན་ནི་ཇི་ལྟར་གཉི་ག་དམ་བཅའ། གཟུགས་ཁོ་ན་དམ་བཅའ་དགོས་པར་འགྱུར་ཏེ། དེ་དམིགས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ཇི་ལྟར་ཞེ་ན། གང་ཡང་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལ་བརྟེན་ནས་གང་ཟག་

དམིགས་པར་བྱེད་ཅེས་སྨྲས་པའི་ཚིག་དེའི་དོན་ཅི་ཞིག་ཡིན་ཞེ་ན། ཅི་རེ་ཞིག་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ། འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན། གལ་ཏེ་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་

བྱའོ་ཞེ་ན་ནི། དེ་ལྟ་ན་ནི་འོ་ན་སྒྲ་ཡང་རྣ་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། དེ་དག་ནི་དེ་མི་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེ་ན་ནི། ཅི་དམིགས་པ་དེ་ཁོ་ནས་དམིགས་སམ་འོན་ཏེ་གཞན་གྱིས། གལ་ཏེ་

དེ་ཁོ་ནས་སོ་ཞེ་ན་ནི་གང་ཟག་སྒྲ་ལས་རང་བཞིན་ཐ་མི་དད་པའམ། སྒྲ་ཁོ་ན་ལ་དེ་འདོགས་པར་འགྱུར་ན་འདི་ནི་སྒྲའོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཡོངས་སུ་གཅོད་འོན་ཏེ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི་གཟུགས་ཀྱང་ཡོད་དོ། གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་

དམ་བཅའ་སྟེ། དམིགས་པའི་དབང་གིས་དེ་ཡོད་པར་དམ་བཅའ་བར་ཟད་དོ། །ཕྱོགས་འདིས་ཆོས་ཀྱི་བར་དག་ལས་ཀྱང་སྦྱར་བར་བྱའོ། །སྔོན་པོ་ལས་སེར་པོ་ལྟ་བུ་ཞེས་བྱ་བ་ནི་གང་གི་ཚེ་ཡོངས་སུ་གཅོད་པས་སྔོན་པོ་དམིགས་པ་དེའི་ཚེ་སེར་པོ་མི་དམིགས་སོ། །ཕྱིས་དམིགས་

པ་ནི་དམིགས་པ་གཞན་གྱིས་དམིགས་ཏེ་སེར་པོ་དེ་ཡང་སྔོན་པོ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲགས་སོ། །དེ་ལྟ་ན་གང་ཟག་ཀྱང་དམིགས་པ་གཞན་གྱིས་དམིགས་པས་གཟུགས་ལས་གཞན་པར་འགྱུར་རོ། །དེ་བཞིན་དུ་སྐད་ཅིག་མ་ལས་སྐད་ཅིག་མ་གཞན་གཞན་ཡིན་པ་བཞིན་ནོ་ཞེས་

เล่ม ๑๔๓ · หน้า 317a

དཔེར་བརྗོད་པར་བྱའོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ཇི་ལྟ་ཞེ་ན། འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་པར་དམིགས་པའི་ཕྱིར་གཞན་ཡིན་པར་འགྱུར་ཏེ། དཔེར་ན་རྫ་བོ་ཆེའི་སྒྲ་ལས་རྫ་རྔའི་སྒྲ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་

གཞན་བཞིན་ཏེ། ཇི་སྐད་དུ་གོང་དུ་སྔོན་པོ་ལས་སེར་པོ་ལྟ་བུ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་གཞན་བཞིན་ནོ་ཞེས་བཤད་པ་ལྟ་བུའོ། །འོན་ཏེ་གཞན་གྱིས་སོ་ཞེ་ན་ནི་ཞེས་བྱ་བ་ནས་རྒྱས་པར་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱ་བས་ན་ཡུལ་མཚན་ཉིད་ཐ་དད་པ་དང་མཚན་ཉིད་ཐ་དད་

མ་ཡིན་པ་དུས་ཐ་དད་པར་དམིགས་པས་གཞན་པ་ཉིད་དུ་བསྟན་པ་ཁོ་ན་ཡིན་ནོ། །འོ་ན་གཟུགས་དང་གང་ཟག་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཇི་ལྟར་གཟུགས་དང་གང་ཟག་དག་གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ། དེ་དག་དམིགས་པ་དག་

ཀྱང་གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་ན་འོ་ན་ནི་དེས་ན་འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་དམིགས་པ་འདུས་བྱས་དེ་ཡང་བརྗོད་པར་བྱ་བ་མ་ཡིན་པས་གྲུབ་པའི་མཐའ་ཉམས་པ་ཡིན་ནོ། །གྲུབ་པའི་མཐའ་གང་ཟག་ཁོ་ན་བརྗོད་པར་བྱ་བ་

མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ཉམས་པར་འགྱུར་ཏེ། འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འདི་ཡོད་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་འདི་གཟུགས་རྣམས་སམ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་མ་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་

ཀྱིས་གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་འདི་གསུངས་ཏེ། དེ་སྐད་དུ་གསུངས་པས་གང་ཟག་ནི་བརྗོད་པར་བྱ་བ་ཁོ་ན་ཡིན་གྱི་བརྗོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྒྲ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་གང་ཟག་

ནི་གཟུགས་ཀྱི་རྣམ་པར་ཤེས་པས་མི་དམིགས་ཏེ། དེའི་དམིགས་པའི་རྐྱེན་དུ་མ་གྱུར་པའི་ཕྱིར་སྒྲ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདིར་དྲི་བཞིན་ནོ། །རོ་བཞིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། དེ་བཞིན་དུ་འདི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་མི་

เล่ม ๑๔๓ · หน้า 317b

དམིགས་པ་ཉིད་དུ་བརྗོད་པར་བྱ་སྟེ་འདི་ནི་ཕྱོགས་ཡིན་ནོ། །ཉེ་བར་དགོད་པ་འདིས་ནི་དམ་བཅས་པ་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པའི་སྐྱོན་བརྗོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་གཉིས་ལ་བརྟེན་ནས་ཞེས་གསུངས་ཀྱི་གསུམ་ལ་བརྟེན་ནས་སྐྱེའོ་ཞེས་ནི་མ་

གསུངས་པས་འདིས་ནི་མདོ་དང་འགལ་བ་ཡིན་ནོ། །དགེ་སློང་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུ་ནི་མིག་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེ་བའི་རྐྱེན་ནི་རྒྱུ་ཡིན་ནོ། །རིང་བ་ནི་རྐྱེན་ཁོ་ན་ཡིན་ནོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་ནི་རྒྱུའོ། །རྐྱེན་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་

རོ། །གཞན་དག་ན་རེ་འདི་གཉིས་ནི་རྣམ་གྲངས་ཡིན་ནོ་ཞེས་ཟེར་རོ། །གང་ཟག་གཟུགས་ལས་གཞན་ཡིན་ཞེས་བྱ་བའི་ཕྱོགས་སུ་ཐལ་བར་འགྱུར་ཏེ། རྣ་བའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་སྒྲ་བཞིན་ནོ། །དེ་བཞིན་དུ་གང་ཟག་སྒྲ་ལས་གཞན་ཡིན་ཞེས་བྱ་བའི་

ཕྱོགས་སུ་ཐལ་བར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་ཟག་གཟུགས་དང་སྒྲ་དག་ལས་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་སུ་ཐལ་བར་འགྱུར་ཏེ། སྣའི་རྣམ་པར་ཤེས་པས་རྣམ་པར་

ཤེས་པར་བྱ་བ་ཡིན་པའི་ཕྱིར་དྲི་བཞིན་ནོ་ཞེས་བྱ་བ་སྟེ། འདི་ནི་སྦྱོར་བའི་ཕྱིར་ཕྱོགས་ཡིན་ནོ། །རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ཡིན་གྱི་ཞེས་འབྱུང་བའི་ཕྱིར་གང་ཟག་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་འདི་དག་གི་རྟེན་ཡིན་ནོ་ཞེས་བྱ་བ་འདི་ནི་ཞར་ལ་བཤད་

པར་ཟད་ཀྱི་འདི་དཔེར་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཡིད་ནི་དབང་པོ་འདི་དག་གི་རྟེན་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་ལྟོས་པའི་དབང་པོ་རྣམས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་ཟག་ཡུལ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་མདོ་སྡེ་ཚད་མར་བྱ་ནའོ། །དེས་ན་ཅིར་

འགྱུར་ཞེ་ན། གལ་ཏེ་ཡུལ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གི་ཡུལ་ཡང་མ་ཡིན་ན་འོ་ན་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བ་རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མདོ་ལས་གཞན་གྱིས་གཞན་གྱི་སྤྱོད་

เล่ม ๑๔๓ · หน้า 318a

ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་མིག་ལ་སོགས་པ་ལྔའི་ཚད་མར་བྱས་ན་རང་གི་ཡུལ་འཁྲུལ་པ་མེད་དོ། །རང་གི་ཡུལ་ལ་འཁྲུལ་པ་མེད་ན་ཡང་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ནི་ཡིད་

ཀྱི་དབང་པོ་ཡང་འཁྲུལ་པ་མེད་པར་འགྱུར་ཏེ། མདོ་ལས་དབང་པོ་དྲུག་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཕྱིར་རོ། །འགའ་ཞིག་གིས་སྲོག་ཆགས་དྲུག་པོ་ཁྱི་དང་བྱ་དང་ཝ་དང་ཆུ་སྲིན་བྱིས་པ་གསོད་དང་སྦྲུལ་དང་སྤྲེའུ་རྣམས་སྦྲེལ་ནས་བར་དུ་མདུད་པ་བོར་ཏེ། བོར་བ་དེ་དག་

གྲོང་དང་ནམ་མཁའ་དང་། དུར་ཁྲོད་དང་། ཆུའི་ནང་དང་གྲོག་མཁར་དང་། ནགས་ཚལ་གྱི་ནང་འདོད་པའི་ཕྱིར་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་དེ་བཞིན་དུ་དབང་པོ་དྲུག་པོ་འདི་དག་ཀྱང་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་ཡིན་ནོ་ཞེས་དེ་ལྟར་འདིར་དཔེ་ཙམ་དུ་བྱའོ། །གལ་ཏེ་མདོའི་ཚིག་ཡོད་

བཞིན་དུ་ཡང་ཡིད་ཀྱི་དབང་པོ་འཁྲུལ་པ་ཡིན་ན་ནི། དེ་ལྟ་ན་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་འཁྲུལ་པར་འགྱུར་རོ། །འཁྲུལ་ན་ནི་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པར་འགྱུར་རོ་ཞེ་ན། །འདིར་དེ་ནི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་ཀྱི་ཞེས་བྱ་

བ་རྒྱས་པར་སྨོས་ཏེ། སྲོག་ཆགས་དྲུག་པ་ལྟ་བུའི་མདོ་དེ་ལས་ནི། མིག་ལ་སོགས་པའི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་སོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་དབང་པོ་ལྔ་ལ་མཐོང་བ་ལ་སོགས་པར་འདོད་པར་མི་སྲིད་པའི་ཕྱིར་རོ། །འདི་ལྟར་འདི་དག་ལ་

མཐོང་བ་དང་ཐོས་པ་ལ་སོགས་པར་འདོད་པ་མི་སྲིད་དེ། གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ནི་རྣམ་པར་ཤེས་པ་ཞེས་མིག་གི་རྣམ་པར་ཤེས་པ་ལ་ཡང་མཐོང་བ་ལ་སོགས་པར་འདོད་པ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་འདི་དག་ལ་མཐོང་བ་དང་ཐོས་པ་ལ་སོགས་པ་འདོད་པ་མི་སྲིད་ཅེ་ན། རྣམ་

པར་རྟོག་པ་མེད་པའི་ཕྱིར་རོ། །དེ་དག་གི་དབང་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོ་ཡིན་པར་གསུངས་ཏེ་དབང་པོ་དང་འདྲ་བའི་ཕྱིར་རོ། །དེ་ནི་དེ་དག་གི་དབང་གིས་དྲངས་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། གལ་ཏེ་མིག་གི་སྒོ་དང་རྣ་བ་ལ་སོགས་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་

เล่ม ๑๔๓ · หน้า 318b

ལ་སོགས་པ་སྐྱེས་པར་མ་གྱུར་ན་གཞན་དུ་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཅན་དེ་སྐྱེ་བར་འགྱུར། དེའི་ཕྱིར་དེ་དག་གི་དབང་གིས་དྲངས་པ་ཡིན་ནོ་ཞེས་བྱ་བར་ཤེས་པས་ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་སོགས་པ་ལྟ་བུ་དེ་རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་

ཞིང་གཟུགས་ལ་སོགས་པ་འདོད་པ་ཡིན་ནོ། །ཡིད་ཀྱི་དབང་འབའ་ཞིག་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ཀྱི་དབང་གིས་དྲངས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པ་མིག་ལ་སོགས་པའི་ཡུལ་ལ་མི་འདོད་པ་ཉིད་དོ། །འོ་ན་ཅི་ཞེ་ན། རང་

གི་ཡུལ་ཆོས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་ཏེ། དེའི་ཕྱིར་གལ་ཏེ་དེ་ལྟ་ན་ཡིད་ཀྱི་དབང་པོ་ཡང་འཁྲུལ་པ་མེད་པར་འགྱུར་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་ཉེས་པ་མེད་དོ། །གང་ཟག་ནི་མ་ཡིན་པས་ཞེས་བྱ་བ་ཅི་ཞེ་ན་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའོ། །དེ་ལྟ་བས་ན་

གང་ཟག་འདི་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། དོན་གྱིས་ན་འདི་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བཤད་ཀྱི་དོན་གྱི་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་ནི་མ་བཤད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ནི་

ཡུལ་འདྲ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མིག་ལ་སོགས་པ་ནི་རྣམ་པར་ཤེས་པར་བྱ་བ་ཡང་ཡིན་གྱི་མངོན་པར་ཤེས་པར་བྱ་བ་འབའ་ཞིག་ཏུ་ནི་མ་ཟད་དོ། །བདག་མེད་པས་ཞེས་བྱ་བ་ནི་མིག་གིས་ཏེ། མིག་གི་རྣམ་པར་ཤེས་པས་ཞེས་བྱ་བའི་དོན་ཏོ། །ངེས་པའི་དོན་གྱི་མདོ་ལ་བརྟེན་པར་

གསུངས་ཞེས་བྱ་བ་ནི་དགེ་སློང་དག་བཞི་པོ་འདི་དག་ནི་བརྟེན་པ་ཡིན་ནོ། །བཞི་གང་ཞེ་ན། ཆོས་ལ་བརྟེན་གྱི་གང་ཟག་ལ་མ་ཡིན་པ་དང་། དོན་ལ་བརྟེན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་ལ་བརྟེན་གྱི་དྲང་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་བརྟེན་གྱི་རྣམ་པར་ཤེས་པ་

ལ་མ་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །བཏགས་པ་ལ་ལྷུང་བར་ཟད་ཅེས་བྱ་བ་ནི་གང་ཁོ་ན་ལ་ཐ་སྙད་གདགས་པའི་དོན་དུ་བདག་གོ་ཞེས་གདགས་པར་བྱ་བ་དེ་ཁོ་ན་ལ་བདག་ཏུ་མངོན་པར་ཞེན་པར་ཟད་དོ། །འདིར་དཔེར་བརྗོད་པ་ནི། འདི་ལ་བདག་གམ་སེམས་ཅན་མེད། །ཅེས་བྱ་བ་འདི་དང་།

เล่ม ๑๔๓ · หน้า 319a

གང་ཟག་དམིགས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །དེ་ཡང་འགའ་ཡང་མི་དམིགས་སོ། །ཞེས་བྱ་བ་འདི་ཡང་དཔེར་བརྗོད་པ་ཡིན་ཏེ། གང་ཞིག་སྟོང་པ་ཉིད་གོམས་པར་བྱེད་པའི་རྣལ་འབྱོར་པ་ཡང་མེད་དོ། །བདག་ཏུ་ལྟ་བ་དང་ཞེས་བྱ་བ་ནས་སྲོག་ཏུ་ལྟ་བར་

འགྱུར་ཞེས་བྱ་བའི་བར་ནི་ཉེས་དམིགས་དང་པོའོ། །མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར་ཞེས་བྱ་བ་ནི་གཉིས་པའོ། །ལམ་གོལ་བར་ཞུགས་པར་འགྱུར་ཞེས་བྱ་བ་ནི་གསུམ་པའོ། །འདིའི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང་ཞེས་བྱ་བ་ནས་རྣམ་པར་གྲོལ་བར་མི་འགྱུར་ཞེས་བྱ་བའི་

བར་ནི་བཞི་པའོ། །འདིའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ལྔ་པའོ། །འོ་ན་ནི་དེ་དག་གི་སྟོན་པ་ཡང་སངས་རྒྱས་མ་ཡིན་ཞེས་བྱ་བ་ནི་དེ་དག་ལ་སངས་རྒྱས་ཀྱི་བཀའ་ཚད་མ་མ་ཡིན་པས་སོ་སྙམ་དུ་བསམས་པའོ། །འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་

བྱ་བ་འདི་འགའ་ཞིག་གིས་མདོ་སྡེ་རྣམས་སྒྲོ་བཏགས་སོ་སྙམ་དུ་བསམས་པ་ཡིན་ནོ། །སྡེ་པ་གཞན་ཐམས་ཅད་ལས་ཞེས་བྱ་བ་ནི་གོས་དམར་བའི་སྡེ་པ་ལ་སོགས་པ་ལས་སོ། །མདོ་དང་མི་འགལ་བ་ནི་མདོ་སྡེ་དང་འགལ་བ་མེད་པའོ། །ཆོས་ཉིད་དང་ཡང་མི་འགལ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་

ཆོས་ཉིད་དང་ངོ་། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་དེ་དག་ནི་བདག་གི་ངོ་བོ་ཉིད་ཀྱང་མ་ཡིན་ལ། དེ་དག་ལ་ཡང་བདག་མེད་པས་ཆོས་ཐམས་ཅད་ནི་བདག་མེད་པའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་མིག་དང་གཟུགས་རྣམས་ནས། ཡིད་དང་ཆོས་རྣམས་ཀྱི་བར་ལའོ། །

བདག་མེད་པ་ནི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་རྣམས་ཡིན་ནོ་ཞེས་སྨྲས་ན་རེ་ཞིག་སྔར་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་བསལ་ཏེ། བདག་གཞན་ཡིན་པའི་ཕྱིར་དེ་ནི་བོར་བར་འགྱུར་རོ། །

དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་མེད་པས་སོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྗེས་སུ་དྲན་པ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་རྗེས་སུ་དྲན་པར་གྱུར་ཏམ། རྗེས་སུ་དྲན་ནམ་རྗེས་སུ་དྲན་པར་འགྱུར་གྱི་གང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด