ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๔ · หน้า 239a
དེ་ནི་དེའི་གཟུགས་བརྙན་ལྟ་བུ་ཞིག་སྟེ། དེ་ལ་གཟིགས་ནས་བསམ་གཏན་དང་མངོན་པར་མཁྱེན་པ་མངོན་དུ་མ་མཛད་བཞིན་དུ་མ་འོངས་པ་མཁྱེན་པ་ཡིན་གྱི། མངོན་སུམ་དུ་མཛད་པས་མངོན་སུམ་དུ་གཟིགས་པ་ནི་མ་ཡིན་ནོ། །མཁྱེན་པ་དེ་ནི་དུ་བ་ལས་
མེ་ལྟར་རྗེས་སུ་དཔག་པ་ལས་བྱུང་བ་ཡིན་ཏེ། རྒྱུ་དང་འབྲས་བུའི་འབྲེལ་པ་མངོན་སུམ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །དེའི་ཕྱིར་མ་འོངས་པ་ལ་མི་ལྟོས་པ་ཁོ་ནར་འདས་པ་མཁྱེན་པ་དེ་བཞིན་དུ་འདས་པ་ལ་མི་ལྟོས་པར་ཡང་མ་འོངས་པ་མཁྱེན་པ་ཡིན་ནོ། །མ་འོངས་པའི་གོ་རིམས་ངེས་
པར་མེད་ན་བཅོམ་ལྡན་འདས་ཀྱིས་བཞེད་པ་ཙམ་གྱིས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཐོགས་སུ་མ་འོངས་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་མཁྱེན། འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ཞེས་ཏེ། གཟུགས་ལ་སོགས་པ་ཡུལ་ད་ལྟར་བ་རྣམས་མིག་གི་རྣམ་
པར་ཤེས་པ་དག་གིས་ཉམས་སུ་མ་བསྟར་བར་ཡིད་ཀྱི་རྣམ་པར་ཤེས་པས་མཁྱེན་པ་ནི་མ་ཡིན་ནམ་ཞེ་ན། འདིའི་ལན་དུ་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་འོངས་པའི་གོ་རིམས་ངེས་པར་གནས་པ་མེད་ན་ཞེས་བྱ་བ་འབྱུང་སྟེ།
ངེས་པར་གནས་པའི་ངེས་པར་བྱེད་པའི་རྒྱུ་ནི་མཚུངས་པ་དེ་མ་ཐག་པའི་རྒྱུ་ཡིན་ན། དེ་ནི་མ་འོངས་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཆོས་ཀྱི་མཆོག་གི་འཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་བ་ངེས་པའི་རྒྱུ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ན། དེ་ནི་མ་འོངས་
པའི་དུས་ན་མེད་པས་ངེས་པ་མེད་པར་སྐྱེ་བར་ཐར་བར་འགྱུར་རོ། །གང་ཞིག་གང་ལ་རག་ལས་ཏེ་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ནི་ཆོས་ཀྱི་མཆོག་ལ་རག་ལས་པ་ཡིན་གྱི། གཞན་ལ་རག་ལས་པ་འམ་བཟློག་
པ་ནི་མ་ཡིན་ནོ། །དེའི་ཕྱིར་ཆོས་ཀྱི་མཆོག་ནི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཁོ་ན་སྐྱེའི། ཆོས་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་ན། དེ་ལ་རག་ལས་པ་གང་
เล่ม ๑๔๔ · หน้า 239b
གིས་བྱས་ཤེ་ན། ནུས་པ་ཐ་དད་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ངེས་པས་མཐུན་པ་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར་ས་བོན་དང་མྱུ་གུ་ལ་སོགས་པ་རྣམས་ཀྱི་གོ་རིམས་ངེས་པ་མེད་པར་འགྱུར་ན།
ས་བོན་དང་མྱུ་གུ་རྣམས་ལ་གོ་རིམས་ངེས་པ་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར། ནུས་པ་ཐ་དད་པའི་ཕྱིར་གང་ཞིག་སྐྱེ་བ་གང་ལ་རག་ལས་པ་ཁོ་ན་དེའི་མཇུག་ཐོགས་སུ་སྐྱེའི་གཞན་ནི་མ་ཡིན་ནོ། །སེམས་གཞན་དང་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། འདི་ལྟར་
དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་དག་ནི། སེམས་དང་སེམས་ལས་བྱུང་བ་གཞན་དང་འབྲེལ་པ་མ་ཡིན་ནོ། །དེ་དག་གི་ཐ་མ་ཉིད་ནི་སེམས་གཞན་དང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐ་མ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་དེ་
དག་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །དེ་ལྟ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དྲུག་པོ་འགགས་མ་ཐག་པའི་རྣམ་པར་ཤེས་པ་ཡིད་ཡིན་ནོ་ཞེས་བཤད་ན། འདིར་ནི་དེ་གང་གི་འདས་མ་ཐག་པར་འགྱུར་བའི་རྣམ་པར་ཤེས་པ་དེ་ཡོད་པ་མ་ཡིན་ནོ། །
ཡིད་ནི་རྟེན་གྱི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་གྱི་ཞེས་རྒྱས་པར་འབྱུང་ངོ་། །ཤེས་པ་དེ་མ་ཐག་པ་མེད་ན་ཇི་ལྟར་རྟེན་གྱི་དངོས་པོ་ཡིན་ཞེ་ན། དེའི་རྟེན་གྱི་དངོས་པོར་གནས་པའི་ཕྱིར་ཏེ། མཇུག་ཐོགས་ཀྱི་ཤེས་པ་ཡོད་དམ་མེད་ཀྱང་བླ་སྟེ་རྟེན་གྱི་དངོས་པོར་ཁྱད་པར་མེད་པའི་
ཕྱིར་རོ། །དཔེར་ན་མིག་སྐྱེས་པ་ན་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གནས་པ་བཞིན་ཏེ། གལ་ཏེ་རྒྱུ་གཞན་མ་ཚང་བས་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ན་དེར་མིག་གིས་ཅི་ཉེས། རྒྱུ་གཞན་མ་ཚང་བ་ནི་དགྲ་བཅོམ་པ་ལ་ཡང་སྲིད་པའི་ལས་དང་ཉོན་མོངས་
པ་མེད་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་བྱེད་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ། འབྲས་བུ་སྐྱེ་བས་རབ་ཏུ་ཕྱེ་བ་ཡིན་གྱི་ཡིད་ལྟར་གནས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། མཚུངས་པ་དེ་མ་ཐག་པ་དེ་སྐྱེ་བ་ལ་མངོན་དུ་
เล่ม ๑๔๔ · หน้า 240a
ཕྱོགས་པའི་ཆོས་གང་འབྲས་བུར་བཟུང་དེ་ནི་ཐམས་ཅད་དམ་ཞེས་རྒྱས་པར་སྨོས་སོ། །དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་དག་གིས་ནི་འབྲས་བུ་བཟུང་བ་མ་ཡིན་ཏེ། དེའི་ཕྱིར་དེ་དག་སྐྱེས་བུའི་བྱེད་པ་མེད་པ་ཡིན་
པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །གང་དག་ལ་སེམས་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་ཡོད་པ་དེ་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནོ། །སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་ཕྱིར་ན་སེམས་ཀྱི་དེ་མ་ཐག་པ་རྐྱེན་ནོ། །སེམས་མེད་
པའི་སྙོམས་པར་འཇུག་པ་ལས་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་སོ། །སྡང་བའི་སེམས་ཞེས་བྱ་བ་ལ། དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་སྙོམས་པར་འཇུག་པའི་སེམས་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་
གྱི། སེམས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སྙོམས་པར་འཇུག་པའི་སྐད་ཅིག་མ་རྣམས་ཀྱིས་བར་དུ་བཅད་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་དག་ཀྱང་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོས་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་མ་
ཡིན་ལ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་ཡིན་ཏེ། སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅན་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་དེ་ནི་སྐྱེ་བ་ལ་སོགས་པ་དག་གི་མཚུངས་པ་དེ་མ་
ཐག་པའི་རྐྱེན་མ་ཡིན་པས་དེ་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་ལ། སེམས་ཀྱི་དེ་མ་ཐག་པ་ཅན་ནི་ཡིན་ཏེ། སྐད་ཅིག་མ་གཞན་གྱིས་མཆོད་པའི་ཕྱིར་རོ། །སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་ན་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་
ཅན་ནི་མ་ཡིན་ཏེ། །སེམས་དང་སེམས་ལས་བྱུང་བ་སྙོམས་པར་འཇུག་པ་གཉིས་དང་བཅས་པ་རྣམས་ཁོ་ན་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དུ་འདོད་དོ། །སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པའོ་ཞེས་བྱ་བ་ལ། ཅི་ཞེ་ན། སེམས་ཀྱི་དེ་མ་ཐག་པ་ཅན་ཡིན་གྱི།
เล่ม ๑๔๔ · หน้า 240b
སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །མུ་གསུམ་པ་ནི་ཞེས་བྱ་བ་ལ། སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་སྟེ། དེ་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ། སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །སེམས་དང་བཅས་པའི་གནས་སྐབས་དག་གོ་ཞེས་བྱ་བ་
ལ། གང་གི་ཚེ་སེམས་ལས་སེམས་གཞན་སྐྱེ་བ་དེའི་ཚེ་སེམས་དང་སེམས་ལས་བྱུང་བ་ཕྱི་མ་རྣམས་སེམས་སྔ་མས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ། སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །མུ་བཞི་པ་ནི་ཞེས་བྱ་བ་ལ། སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་
པ་དང་། ལྡང་བའི་སེམས་ཀྱི་སྐྱེ་བ་ལ་སོགས་པ་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་ལ། སྐད་ཅིག་མ་གཞན་གྱིས་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་མ་ཡིན་ནོ། །གསུམ་པ་དང་བཞི་པ་གང་དག་ཡིན་པ་དེ་དག་
ནི་དང་པོ་དང་གཉིས་པ་དག་གོ། །དང་པོ་དང་གཉིས་པ་གང་དག་ཡིན་པ་དེ་དག་ནི་གསུམ་པ་དང་བཞི་པ་དག་ཡིན་པར་བཤད་དོ་ཞེས་བྱ་བ་ལ། སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་འདི་ནི་དེར་མུ་གསུམ་པ་ཡིན་ལ་འདིར་ནི་དང་པོ་སྟེ། མཚུངས་པ་དེ་མ་ཐག་
པའི་རྐྱེན་གྱིས་བསྐྱེད་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ལ། སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་སྦྱོར་བའི་སེམས་སྙོམས་པར་འཇུག་པ་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་
སྐྱེ་བ་ལ་སོགས་པ་ནི་དེར་མུ་བཞི་པ་ཡིན་ལ། འདིར་ནི་གཉིས་པ་སྟེ། སྙོམས་པར་འཇུག་པ་དང་ཆོད་པ་མེད་པའི་ཕྱིར་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡིན་ལ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་ནོ། །སྙོམས་པར་འཇུག་པའི་སེམས་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་
ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །སེམས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་། སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་ནི་དེར་མུ་དང་པོ་ཡིན་ལ། འདིར་ནི་གསུམ་པ་སྟེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དང་།
เล่ม ๑๔๔ · หน้า 241a
སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡིན་ནོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པ་ནི་དེར་མུ་གཉིས་པ་ཡིན་ཏེ། ཆོས་དེ་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་དང་།
སྙོམས་པར་འཇུག་པའི་སྐད་ཅིག་མ་སྔ་མ་མེད་པའི་ཕྱིར། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་མ་ཡིན་ལ། སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །ད་ནི་ཇི་ལྟར་ལྡང་བའི་སེམས་ཡུན་རིང་མོ་ཞིག་ཏུ་ཆད་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་ཕྱིར་སེམས་གཞན་གྱིས་མ་ཆོད་
པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་བར་གཅོད་པར་བྱེད་པ་ནི་སེམས་ཡིན་ཏེ། ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བའི་ཡུལ་ལས་གཞན་པའི་ཆོས་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐམས་
ཅད་དམིགས་པ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཅི་རིགས་པར་ཞེས་བྱ་བ་སྨོས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་ནི་གཟུགས་སོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་ཡུལ་
གྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་དཔེ་ནི་དཔེར་ན་ཤིང་ལ་སོགས་པ་མི་སྲེག་ཀྱང་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་བུད་ཤིང་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བའོ། །སྐྱེ་མཆེད་དང་རྫས་དང་སྐད་ཅིག་ངེས་པས་ཞེས་བྱ་བ་འབྱུང་སྟེ། དེ་ལ་སྐྱེ་མཆེད་ངེས་པ་ནི་མིག་གི་རྣམ་པར་ཤེས་པ་མཚུངས་
པར་ལྡན་པ་དང་བཅས་པའི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ། གཞན་མ་ཡིན་པའོ། །རྫས་ངེས་པ་ནི་གཟུགས་སྔོན་པོ་འཛིན་པར་བྱེད་པའི་དམིགས་པ་ནི་དེ་ཁོ་ན་ཡིན་ལ་སེར་པོ་ལ་སོགས་པ་མ་ཡིན་ནོ། །སྐད་ཅིག་མ་ངེས་པ་ནི་སྐད་ཅིག་མ་གང་ཞིག་གང་གི་དམིགས་པ་ཡིན་པ་དེ་ཁོ་ན་དེའི་དམིགས་པ་
ཡིན་ལ། གཞན་མ་ཡིན་པའོ། །བདག་ཉིད་ཇི་ལྟ་བར་ཞེས་བྱ་བ་ལ། གང་གི་དམིགས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་སྒྲ་ལ་སོགས་པ་དག་ལ་དེ་དང་འདྲ་བར་སྦྱར་བར་བྱའོ། །སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་འདི་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་སྟེ། མིག་གི་རྣམ་
เล่ม ๑๔๔ · หน้า 241b
པར་ཤེས་པ་ནི་མིག་གི་རྟེན་ཅན་ཁོ་ན་ཡིན་ནོ། །གཞན་གྱི་རྟེན་ཅན་མ་ཡིན་ནོ། །འདིའི་རྫས་ངེས་པ་ཡང་སྐྱེ་མཆེད་ངེས་པ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་བརྗོད་པར་བྱའོ། །སྐྱེས་པ་རྣམས་ནི་རྟེན་དང་ལྷན་ཅིག་ངེས་པ་དག་ཡིན་ཏེ། དེ་སྐྱེ་བ་རྟེན་མེད་
ན་མི་འབྱུང་བའི་ཕྱིར་རོ། །འདས་པ་རྣམས་ཀྱང་རྟེན་དང་ལྷན་ཅིག་པ་དག་ཡིན་ནོ་ཞེས་བྱ་བ་ནི་རྟེན་གང་དང་ལྷན་ཅིག་སྐྱེས་ནས་འགགས་པ་རྣམས་ཏེ། གཞན་དུ་ན་འདས་པའི་མིག་རྟེན་པ་དང་བཅས་པར་གཞག་ཏུ་མེད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་བྱ་བ་ལ། འདིས་ནི་བདག་ཉིད་མ་
གཏོགས་པའི་ཆོས་ཐམས་ཅད་ནི་བདག་པོའི་རྐྱེན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྐྱེན་འདི་ནི་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་དམིགས་པའི་རྐྱེན་དག་པས་ལྷག་པ་ཡིན་པས་ན་བདག་པོའི་རྐྱེན་ནོ། །འདི་ཇི་ལྟར་ལྷག་ཅེ་ན། རང་གི་ངོ་བོར་མ་གཏོགས་པའི་ཆོས་ཐམས་ཅད་བདག་པོའི་རྐྱེན་ཡིན་པ་
དེ་ལྟར་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་དམིགས་པའི་རྐྱེན་དག་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཡིན་ལ་ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་ནོ་ཞེས་འབྱུང་བ་ལས་ན། དམིགས་པའི་རྐྱེན་ཡང་ཆོས་ཐམས་ཅད་ཡིན་ཏེ། དེའི་ཕྱིར་གང་གིས་འདི་ཁོ་
ན་ལྷག་པར་བརྗོད་པ་འདི་ལ་དམིགས་པའི་རྐྱེན་ལས་ཕུལ་དུ་བྱུང་བ་ཅི་ཡོད་ཅེ་ན། ཕུལ་དུ་བྱུང་བ་ཡོད་དེ། སེམས་དང་སེམས་ལས་བྱུང་བ་དག་གི་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་ནམ་ཡང་དམིགས་པ་མ་ཡིན་གྱི། བདག་པོའི་རྐྱེན་ནི་ཡིན་པས་ཆོས་ཐམས་ཅད་བདག་པོའི་
རྐྱེན་བཞིན་དུ་དམིགས་པའི་རྐྱེན་མ་ཡིན་ཏེ། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བཤད་པའི་ཕྱིར་རོ། །ཡང་ན་ལྷག་པའི་རྐྱེན་ཡིན་ཏེ། །ཞེས་བྱ་བ་ལ། ལྷག་པའི་ཞེས་བྱ་བ་ནི་མང་པོའི་འོ། །ཐམས་ཅད་རང་གི་ངོ་བོར་མ་གཏོགས་པའི་ཞེས་བྱ་བ་ལ། ཐམས་ཅད་སེམས་དང་
སེམས་ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་མ་ཡིན་ཏེ། དམིགས་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ནའི་ཡིན་ཏེ། གཞན་དག་གི་དམིགས་པའི་རྐྱེན་མ་ཡིན་ནོ། །བདག་པོའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་དང་། གཞན་དག་གི་ཡང་ཡིན་ལ།
เล่ม ๑๔๔ · หน้า 242a
རང་གི་ངོ་བོའི་རང་གི་ངོ་བོ་ལྟ་བུའོ་ཞེས་བྱ་བ་ལ་ཅི་ཞེ་ན། རྐྱེན་བཞི་ཆར་གྱིས་ཀྱང་རྐྱེན་མ་ཡིན་ཏེ། རྐྱེན་གྱི་མཚན་ཉིད་ཇི་སྐད་དུ་བཤད་པ་མི་སྲིད་པའི་ཕྱིར་རོ། །འདུས་མ་བྱས་ཀྱི་འདུས་བྱས་ལྟ་བུ་དང་། །ཞེས་བྱ་བ་ལ། བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྒྱུ་གཉིས་པོ་དག་འགག་པ་ལ་
བྱ་བ་བྱེད་དོ་ཞེས་བྱ་བ་ལ། འགག་པ་ཁོ་ན་ལ་བྱ་བ་བྱེད་དོ་ཞེས་བྱ་བར་ངེས་པར་གཟུང་གི །གཉིས་པོ་དག་ཁོ་ན་ཞེས་བྱ་བར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བའི་དབང་དུ་བྱས་ནས་ཡིན་གྱི། འགག་པའི་དབང་དུ་བྱས་ནས་ནི་མ་ཡིན་ཏེ། བྱེད་པའི་དུས་ཁོ་ནར་འབྲས་བུ་འབྱུང་བའི་ཕྱིར་རོ། །བྱ་བ་ནི་རྣམ་པ་གསུམ་སྟེ། འབྲས་བུ་
འཛིན་པ་དང་། འབྲས་བུ་འབྱིན་པ་དང་། ཡུལ་ཉེ་བར་ལོངས་སྤྱོད་པའོ། །དེ་གཉིས་ནི་ལྷན་ཅིག་འབྱུང་བའི་འབྲས་བུ་ལ་བྱ་བ་བྱེད་དོ་ཞེས་བྱ་བ་ལ། ཇི་ལྟར་དེ་གཉིས་དེ་ལ་བྱ་བ་བྱེད་ཅེ་ན་ཕན་ཚུན་འབྲས་བུ་འཛིན་པ་དང་འབྱིན་པར་ནུས་པ་ཉིད་ཀྱིས་ཏེ། ཕན་ཚུན་བྲལ་བས་ཡུལ་འཛིན་པར་མི་འཐད་པའི་ཕྱིར་རོ། །
གསུམ་པོ་ནི་སྐྱེ་བ་ལའོ་ཞེས་བྱ་བ་ལ་སྐྱེ་བ་ཁོ་ན་ལའོ་ཞེས་བྱ་བར་ངེས་པར་གཟུང་ངོ་། །གང་གི་ཕྱིར་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་འཕངས་པའི་དབང་གིས་སྐྱེ་བ་དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པའི་རྒྱུ་དག་ནི་སྐྱེ་བཞིན་པ་ལ་བྱ་བ་བྱེད་དོ། །རེ་ཞིག་སྐལ་བ་མཉམ་པ་དང་། །ཀུན་དུ་འགྲོ་བའི་
རྒྱུ་གཉིས་པ་ནི་མཇུག་ཐོགས་སུ་རྒྱུ་མཐུན་པའི་འབྲས་བུ་ཡོད་པས་འབྲས་བུ་སྐྱེ་བཞིན་པ་ལ་བྱ་བ་བྱེད་པར་འགྱུར་ན། རྣམ་པར་སྨིན་པའི་རྒྱུ་ལ་ནི་མཇུག་ཐོགས་སུ་རྣམ་པར་སྨིན་པའི་འབྲས་བུ་མེད་པས་དེ་ཇི་ལྟར་སྐྱེ་བཞིན་པ་ལ་བྱ་བ་བྱེད་པར་རུང་ཞེ་ན། འདིར་བྱ་བའི་སྒྲས་ནི་ནུས་པ་ལ་བརྗོད་དེ། རྒྱུ་བསྐལ་པ་དུ་མས་
མ་ཆོད་པར་འགགས་ཀྱང་དེའི་མཐུ་ཁོ་ནས་དེའི་འབྲས་བུ་འབྱིན་པར་ནུས་པ་ལ་བྱ་བའི་སྒྲས་ཉེ་བར་འདོགས་སོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐྱེ་བ་ལ་བྱ་བ་བྱེད་དེ། དྲངས་ཏེ་སྐབས་འབྱེད་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་འགག་པ་ལ་བྱ་བ་བྱེད་དེ། ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་
ཡུལ་འཛིན་པའི་ཕྱིར་རོ། །འདི་ལྟར་དམིགས་པའི་རྐྱེན་ནི་འཛིན་པའི་དོན་གྱིས་རྣམ་པར་གཞག་སྟེ། འདས་པ་དང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ནི་གཟུང་བར་བྱ་བའི་དོན་འཛིན་པ་མ་ཡིན་ནོ། །བདག་པོའི་རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་ལ། འདིའི་བྱ་བ་ནི་མི་སྒྲིབ་པའི་ངོ་བོ་ཉིད་དུ་གནས་
เล่ม ๑๔๔ · หน้า 242b
པ་ཡིན་ཏེ། དེ་ནི་སྐྱེ་བ་དང་འགག་པ་ལ་ཁྱད་པར་མེད་པས་དེ་ནི་གནས་སྐབས་ཐམས་ཅད་དུ་བྱ་བ་བྱེད་པར་བརྗོད་དོ། །བཞི་ཡིས་སེམས་དང་སེམས་ལས་བྱུང་བ་རྣམས། །ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་བཞི་ཁོ་ནས་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱ་
བའི་དོན་ཏེ། རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་རྣམས་ཀྱིས་ཡིན་གྱི། གཅིག་གམ་གཉིས་སམ་གསུམ་གྱིས་ནི་མ་ཡིན་ནོ། །གཞན་དག་ན་རེ་ནི། ནི་ཞེས་བྱ་བའི་སྒྲས་ནི་རྒྱུ་བསྟན་པའི་དོན་དུ་སྟེ། གང་གི་ཕྱིར་སེམས་དང་སེམས་ལས་བྱུང་བ་ཡིན་པ་དེའི་ཕྱིར་བཞི་
དག་གིས་ཡིན་ཏེ། དམིགས་པའི་རྐྱེན་ནི་གཞན་ལ་བྱ་བ་མི་བྱེད་དོ་ཞེས་ཟེར་རོ། །དེ་ལ་ནི་འདི་དག་གི་རྒྱུའི་རྐྱེན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུ་ལྔ་པོ་ཐམས་ཅད་ནི་ཐམས་ཅད་ཀྱི་རྒྱུའི་རྐྱེན་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཅི་རིགས་པར་ཡིན་ནོ། །གང་ཞིག་གང་གི་གང་དག་གི་རྐྱེན་ཡིན་པ་དེ་ནི་སྔར།
ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་ཞེས་བྱ་བ་རྒྱས་པར་བཤད་ཟིན་ཏོ། །སྔ་མ་ཞེས་བྱ་བ་ནི་ཕྱིས་སྐྱེས་པ་གསལ་བར་བྱ་བའི་ཕྱིར་རོ། །དེ་ལྟ་ན་གཞན་དག་གིས་བར་དུ་མ་ཆོད་པ་ཡང་ཡིན་པར་ཐལ་ལོ་ཞེ་ན། གཞན་གྱིས་བར་དུ་མ་ཆོད་པ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། སེམས་
དང་སེམས་ལས་བྱུང་བ་དག་གིས་ཞེས་བྱ་བར་སྦྱར་རོ། །དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་རང་གི་རིགས་སྔར་སྐྱེས་པས་སྐབས་ཕྱེ་བ་ལ་རག་ལས་ཏེ། སྐྱེས་པའི་ཕྱིར་སྔ་མ་ཡིན་ཞིང་། དེ་དག་ལ་གཞན་དག་གིས་བར་དུ་མ་ཆོད་པ་ཡིན་ནོ། །ཅི་རིགས་པར་ཡུལ་ལྔ་པོ་དག་དང་ཞེས་བྱ་བ་ལ།
མིག་ལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ཀྱི་དམིགས་པའི་རྐྱེན་ནི་གོ་རིམས་བཞིན་དུ་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་ནི་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་པས་
རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་དོ་ཞེས་བྱ་བ་སྨོས་སོ། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །ཞེས་བྱ་བ་ལ། གསུམ་ཁོ་ནས་ཞེས་བྱ་བར་ངེས་པར་གཟུང་ངོ་། དམིགས་པའི་རྐྱེན་མེད་པ་ལ་རྒྱུ་སྨྲས་པ་ནི་དེ་དག་ནི་དམིགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །རྒྱུའི་རྐྱེན་ནི་རྣམ་པ་ལྔ་བཤད་
เล่ม ๑๔๔ · หน้า 243a
ན་འདི་གཉིས་ནི་རྣམ་པར་སྨིན་པ་དང་། ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་མི་སྲིད་དེ། དགེ་བ་ཡིན་པའི་ཕྱིར་དང་། ལྡན་པ་མ་ཡིན་པ་ཡིན་པའི་ཕྱིར་དང་། དེ་གཉིས་ཀྱི་ཕྱིར་དེ་ཉིད་ཀྱི་རྒྱུའི་རྐྱེན་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །ས་མཚུངས་པའི་ཞེས་བྱ་བ་འབྱུང་
སྟེ། དེ་ལ་འགོག་པའི་སྙོམས་པར་འཇུག་པའི་ས་མཚུངས་པ་ནི་སྲིད་པའི་རྩེ་མོའི་དགེ་བའི་ཕུང་པོ་བཞིའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་ནི་བསམ་གཏན་བཞི་པའི་ས་པའི་དགེ་བའི་ཕུང་པོ་ལྔའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །སྙོམས་པར་འཇུག་པའི་སེམས་མཚུངས་
པར་ལྡན་པ་དང་བཅས་པའོ་ཞེས་བྱ་བ་ནི་འགོགས་པའི་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་སྐད་ཅིག་མ་ཐམས་ཅད་ཀྱིའོ། །བདག་པོའི་རྐྱེན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་དོ། སེམས་ཀྱི་མངོན་
པར་འདུ་བྱེད་པ་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ། སེམས་ཀྱི་མངོན་པར་འདུ་བྱེད་པ་ནི་སེམས་ཀྱི་མངོན་པར་འདུ་བྱེད་པའོ། །དེ་གང་ཞིག་ཅེ་ན། སེམས་ཀྱི་འཇུག་པ་སྟེ། དེ་ལས་སྐྱེས་པ་དེ་ནི་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེས་པ་དག་གོ། །དེའི་དངོས་པོ་ནི་སེམས་ཀྱི་མངོན་
པར་འདུ་བྱེད་པ་ལས་སྐྱེས་པ་ཉིད་དེ། སེམས་ཀྱི་མངོན་པར་འདུ་བྱེད་པ་དེ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དེ་དག་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྡུས་པར་གྱུར་ཀྱང་། སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནོ། །སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་མཚུངས་པ་དེ་
མ་ཐག་པའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ལྟར་རྣལ་འབྱོར་པ་སེམས་དང་སེམས་ལས་བྱུང་བ་རྒྱུ་བ་ལ་ལྡང་བ་རྣམས་སེམས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ན། གལ་ཏེ་སེམས་དང་སེམས་ལས་བྱུང་བ་འདྲེན་པར་བྱེད་པ་ཡིན་ན་ནི། རྣལ་འབྱོར་པ་རྣམས་དེ་ལ་འདོད་
པ་སྐྱེ་བར་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྒྱུ་བ་ངེས་པར་འབྱིན་པ་ཡང་ཡིན་ལ། དེ་འདྲེན་པར་བྱེད་པ་འང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡིན་ནོ། །འདུ་ཤེས་མེད་པ་པ་ཡང་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པའི་ཕྱིར་གསུམ་གྱིས་ཡིན་པར་རིགས་པ་མ་ཡིན་ནམ་
เล่ม ๑๔๔ · หน้า 243b
ཞེ་ན། འདི་བརྗོད་པར་བྱ་བ་ཡིན་མོད་ཀྱི། རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པའི་ཕྱིར་རང་གི་ངང་གིས་འཇུག་པས་སེམས་ཀྱི་འདུ་བྱེད་ལས་སྐྱེས་པ་མ་ཡིན་པ་དེས་ན་མ་བརྗོད་དོ། །འདི་ནི་མདོ་ཕྱི་མར་བསྡུ་བར་ཤེས་པར་བྱའོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་བྱ་བ་ལ།
གཉིས་པོ་དག་ཁོ་ན་ལས་སྐྱེའོ་ཞེས་ངེས་པར་གཟུང་བ་ལས་ན་དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་དམིགས་པའི་རྐྱེན་ལས་མ་ཡིན་ལ། སེམས་དང་སེམས་ལས་བྱུང་བ་དང་སེམས་མེད་པའི་སྙོམས་པར་འཇུག་པ་དང་མཚན་ཉིད་མི་མཐུན་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་མ་
ཡིན་ནོ། །དེ་ལ་རྒྱུའི་རྐྱེན་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ཞེས་བྱ་བ་ལ་སོགས་པ་གོང་དུ་བཤད་པའི་རྗེས་སུ་འབྲངས་ཏེ། མཚུངས་པར་ལྡན་པའི་རྒྱུ་མ་གཏོགས་པ་ཅི་རིགས་པར་ཡིན་པར་རིག་པར་བྱའོ། །དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་སྐྱེའི་ཞེས་བྱ་བ་རྒྱས་པར་
འབྱུང་སྟེ། འདི་ལྟར་རང་གི་ལུགས་སྨྲས་པ་ཙམ་གྱིས་འདོད་པ་གྲུབ་པ་འམ་མི་འདོད་པ་དགག་པར་ནི་མི་རུང་སྟེ། དེའི་ཕྱིར་དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་ཁོ་ན་ལས་སྐྱེའི། འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་ལ་སོགས་པ་ནི་མེད་དོ་ཞེས་བྱ་བ་འདི་ལ་གཏན་ཚིགས་
བརྗོད་པར་བྱའོ། །འགྲོ་བའི་རྒྱུ་གང་ལ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་རྣམས་དང་པོར་ཡོད་པ་དེ་ནི་དེ་ཞེས་བྱའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དུས་དང་། ངོ་བོ་ཉིད་དང་། རྡུལ་ཕྲ་རབ་ལ་སོགས་པ་དག་གཟུང་ངོ་། །གལ་ཏེ་གཏན་ཚིགས་ཀྱིས་བྱས་པས་གྲུབ་པར་སེམས་ན་ཞེས་བྱ་བས་ནི་ཕྱོགས་དང་
པོ་དང་འགལ་བར་སྟོན་ཏེ། དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་སྐྱེའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་ལ་སོགས་པ་ནི་མེད་དོ་ཞེས་བྱ་བར་གྲུབ་པར་བྱ་བའི་ཕྱིར་དབང་ཕྱུག་ལ་སོགས་པ་ལས་གཞན་པའི་རྒྱུ་ཚོལ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་
དབང་ཕྱུག་ལས་གཞན་པའི་རྒྱུ་ཁས་བླངས་པས་སོ། །ཤེས་པར་བྱེད་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། གལ་ཏེ་དབང་ཕྱུག་ཡིན་ན་ཤེས་བྱེད་མ་ཡིན་ལ། དེ་ལྟ་ན་གྲུབ་པའི་བྱེད་པ་པོ་མ་ཡིན་པས་ཉེས་པ་དེ་ཉིད་དུ་འགྱུར་རོ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བྱ་བ་ལ་
เล่ม ๑๔๔ · หน้า 244a
སོགས་པ་ཞེས་བྱ་བའི་སྒྲས་ནི་ཡུལ་དང་དུས་དང་དངོས་པོ་ངེས་པ་རྣམས་བསྡུའོ། །དངོས་པོ་སྐྱེ་བའི་རིམ་པ་ནི་རྒྱུ་ཡོངས་སུ་འགྱུར་བ་ལ་ལྟོས་པ་ལས་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་ཡིན་གྲང་། དེ་ལ་རྟག་པའི་ཕྱིར་དབང་ཕྱུག་ལ་ཡོངས་སུ་འགྱུར་བ་
མེད་དོ། །འདི་ལྟར་ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བ་ཉིད་ཡིན་ན། དེ་ནི་གཞན་དུ་འགྱུར་བ་ཉིད་དུ་མི་རིགས་ཏེ། མི་རྟག་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཡོངས་སུ་འགྱུར་བ་ལ་ལྟོས་ཏེ་རིམ་པ་མི་རུང་ངོ་། །ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པས་ལྷན་ཅིག་བྱེད་པའི་རྐྱེན་མེད་
པའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུའི་རྒྱུ་མཚན་ཅན་ཡང་མེད་པ་ཉིད་དེ། དེས་ན་འགྲོ་བ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་ཏེ། དེ་དག་གི་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། ཇི་སྐད་དུ། གལ་ཏེ་འགྲོ་བ་དབང་ཕྱུག་གིས་བྱུང་ན། །འགྲོ་བ་རིམ་གྱིས་འབྱུང་བར་མི་འགྱུར་ཞིང་། །གང་གང་མཐོང་དེ་དེ་ཉིད་
ཡིན་པའི་ཕྱིར། སྐྱེ་དགུའི་འཁོར་བའི་འཁོར་ལོར་མི་འགྱུར་རོ། །ཞེས་བཤད་པ་ལྟ་བུའོ། །ཕྱིའི་མྱུ་གུ་ལ་སོགས་པ་དང་། ནང་གི་ནུར་ནུར་པོ་ལ་སོགས་པ་རྣམས་རིམ་གྱིས་འབྱུང་བར་ཡང་སྣང་ངོ་། །གང་གི་རྒྱུ་གང་ཞིག་སྔར་ལྷན་ཅིག་བྱེད་པའི་རྒྱུ་ལ་མི་ལྟོས་པ་དེ་ནི་ཕྱིས་ཀྱང་མ་ཡིན་ཏེ། ཁྱད་པར་
མེད་པའི་ཕྱིར་རོ། །དེས་ན་དབང་ཕྱུག་ལ་སོགས་པ་དག་ནི་འགྲོ་བའི་རྒྱུ་མ་ཡིན་ནོ། །དངོས་པོ་རྣམས་སྐྱེ་བ་ནི་ཡོད་ན་ཡོད་པའི་ཕྱིར་དང་། དེ་མེད་ན་མེད་པའི་ཕྱིར། རྒྱུའི་ཚོགས་པའི་དབང་གིས་ཡིན་ན། དབང་ཕྱུག་ལ་ནི་དེ་ལྟར་ཡོད་ན་ཡོད་པ་ཉིད་ཡོད་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ཡིན་པའི་
ཕྱིར་རོ། །དེ་བཞིན་དུ་དངོས་པོའི་སྐྱེ་བ་ཡུལ་དང་དུས་དང་དངོས་པོ་ངེས་པས་ཡིན་པར་ཡང་མི་འགྱུར་ཏེ། དེ་དག་རྒྱུ་མ་ཡིན་པའི་ཕྱིར་དེ་ལས་གཞན་པའི་ཡུལ་ལ་སོགས་པ་བཞིན་ནོ། །དེ་ནི་འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་ལ། དབང་ཕྱུག་རྒྱུ་ཉིད་ཡིན་ཡང་འདོད་པའི་དབང་
གིས་དངོས་པོ་རྣམས་ཀྱི་རིམ་པ་ལ་སོགས་པ་མི་འགལ་ལོ་ཞེ་ན། འོ་ན་འདོད་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། འདོད་པ་རྣམས་ནི་དབང་ཕྱུག་དང་ཕན་ཚུན་ལས་ཐ་དད་པ་ཡིན་ཏེ། དེའི་ཕྱིར་དེ་དག་དངོས་པོ་རྣམས་རིམ་གྱིས་སྐྱེ་བ་དང་། ཡུལ་དང་དུས་དང་དངོས་པོ་ངེས་པའི་རྒྱུ་ཡིན་
เล่ม ๑๔๔ · หน้า 244b
པས་རྒྱུ་དུ་མར་གྲུབ་བོ། །དེའི་ཕྱིར་ཕྱོགས་དང་པོ་དང་འགལ་བ་དེ་ཉིད་དུ་འགྱུར་རོ། །འདོད་པ་ཐ་དད་པ་དེ་ཡང་ཞེས་བྱ་བ་ལ། འདོད་པ་རྣམས་ཀྱི་རྒྱུ་ཡང་དབང་ཕྱུག་ཁོ་ན་ཡིན་ཏེ། དེའི་ཕྱིར་དངོས་པོའི་ཁྱད་པར་ལྷག་མ་འབའ་ཞིག་ཏུ་མ་ཟད་ཀྱི་འདོད་པ་ཐ་དད་པ་ཡང་ཅིག་ཅར་འབྱུང་བར་
འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་པའི་རྒྱུ་དབང་ཕྱུག་དེ་ཐ་མི་དད་པའི་ཕྱིར་རོ། །འདོད་པ་རྣམས་ཅིག་ཅར་འབྱུང་ན་ཡང་འགྲོ་བ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་ཏེ། ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་གཞན། ཐ་དད་པ་ལ་ལྟོས་ན་ནི། །ཞེས་བྱ་བ་ལ། འདོད་པ་དེ་རྣམས་
སོ་སོ་སོ་སོར་རྒྱུ་གཞན་ལ་ལྟོས་ཏེ་དབང་ཕྱུག་ལས་སྐྱེས་ལ། རྒྱུ་གཞན་པོ་དེ་དག་ཀྱང་དབང་ཕྱུག་ལྟར་རྟག་པ་མ་ཡིན་པ་དེའི་ཕྱིར་དེ་རྣམས་རིམ་གྱིས་འབྱུང་བར་མི་འགལ་ལོ་ཞེ་ན། དེ་ལྟ་ན་ཡང་དབང་ཕྱུག་ཁོ་ན་རྒྱུ་མ་ཡིན་པས་སླར་ཡང་ཕྱོགས་དང་པོ་དང་འགལ་ལོ། །དེ་དག་ཀྱང་རིམ་གྱིས་
སྐྱེ་བ་ལ་ནང་དང་ཕྱིའི་དངོས་པོ་འམ། འདོད་པ་དང་འདྲ་བར་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་པར་འགྱུར་ལ། དེ་ལྟ་ཡིན་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། འདིར་འདོད་པའི་རྒྱུ་དབང་ཕྱུག་ལས་གཞན་པ་ཁས་བླངས་པས་ཤཱཀྱའི་སྲས་པོའི་ལུགས་ཁས་བླངས་པར་འགྱུར་རོ་ཞེས་སྟོན་པར་
བྱེད་དོ། །གལ་ཏེ་དབང་ཕྱུག་གི་འདོད་པ་རྣམས་ཅིག་ཅར་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དབང་ཕྱུག་གི་རྒྱུ་ཅན་ཉིད་ཡིན་ཡང་རིམ་པ་ལ་སོགས་པ་རྣམས་མི་འགལ་ལོ་སྙམ་དུ་བསམས་པའོ། །འདོད་པ་ཇི་ལྟ་བར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་རིམ་གྱིས་སྐྱེ་བ་ལ་རྒྱུ་སྨྲས་
པའོ། །འདོད་པ་ཇི་ལྟ་བར་སྐྱེ་བ་དེ་ནི་ཡོད་པ་མ་ཡིན་ཏེ། འདོད་པ་དེ་དག་ལ་ཕྱིར་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུ་ཡོད་བཞིན་དུ་ལྷན་ཅིག་བྱེད་པའི་རྒྱུ་མེད་པ་འམ། འགལ་བའི་རྒྱུ་ཡོད་པ་ལས་འབྲས་བུ་མི་སྐྱེ་བར་འགྱུར་ན་འདོད་པ་རྣམས་ལ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཅིག་ཅར་ཡོད་ལ།
ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཡིན་ཞིང་། ཐམས་ཅད་ལ་འགལ་བའི་རྒྱུ་ཡང་མེད་དོ། །འདོད་པ་དག་ལ་བདག་ཉིད་ཀྱི་ཁྱད་པར་སྔ་ན་མེད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། དེ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ལ། རྒྱུ་གཞན་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་འདོད་པ་ཇི་ལྟ་བར་སྐྱེ་བ་
เล่ม ๑๔๔ · หน้า 245a
མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཐམས་ཅད་ཅིག་ཅར་སྐྱེ་བ་ཁོ་ནར་འགྱུར་རོ། །དབང་ཕྱུག་གི་འབྱིན་པའི་ཚོགས་འདི་སྙེད་ལ་དགོས་པ་ཅུང་ཟད་ཅིག་ཡོད་པ་ཡང་མ་ཡིན་ནོ། །དབང་ཕྱུག་ནི་འབྱིན་པའི་འབྱིན་པ་པོ་མ་ཡིན་ཏེ་དགོས་པ་དང་བྲལ་བའི་ཕྱིར་དབང་ཕྱུག་ལས་གཞན་པའི་
བྱེད་པ་པོ་བཞིན་ནོ། །དེས་ན་རྟོག་པ་འདི་ནི་ལོག་པ་ཡིན་ནོ། །གལ་ཏེ་དགའ་བ་ཡིན་ནོ་ཞེ་ན། དགའ་བ་ཉིད་བྱེད་ལ་རག་མོད། ཡང་ན་དེ་ལ་དབང་ཕྱུག་མ་ཡིན་པར་འགྱུར་ཏེ། དེའི་ཐབས་མེད་པར་མི་བྱེད་པའི་ཕྱིར་རོ། །གཞན་ཡང་དེ་ཁོ་ན་དང་འདྲའོ་ཞེས་བྱ་བ་ལ། ཇི་ལྟར་དགའ་བ་ལ་དབང་ཕྱུག་མ་
ཡིན་པ་དེ་བཞིན་དུ་ཁམས་གསུམ་པ་ལ་ཡང་མ་ཡིན་ཏེ། ཐོགས་པ་མེད་པའི་མཚན་ཉིད་ཅན་གྱི་དབང་ཕྱུག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཐབས་མེད་པར་དགའ་བ་བསྐྱེད་པར་མི་ནུས་པ་དེ་བཞིན་དུ་ཐབས་ཀྱང་ཐབས་གཞན་མེད་པར་མི་སྐྱེད་པས་ཐམས་ཅད་ལ་འདིའི་དབང་ཕྱུག་རྡུགས་པར་འགྱུར་རོ། །ཡང་ན་
ཐབས་བཞིན་དུ་དགའ་བ་ཡང་ཐབས་ལ་མི་ལྟོས་པ་ཁོ་ནར་བྱེད་པར་འགྱུར་རོ། །གནོད་པ་མང་པོ་དང་ཞེས་བྱ་བ་འབྱུང་སྟེ། གནོད་པ་ནི་ཆར་དང་རླུང་དང་གནམ་ལྕགས་དང་རིམས་དང་འཁྲུ་ནད་ལ་སོགས་པ་ཉེ་བར་འཚེ་བ་རྣམས་སོ། །འབྲེལ་པ་དག་ཅེས་བྱ་བ་ནི་ཉེ་བར་གཙེས་པ་དག་སྟེ། སྐྱེ་དགུ་དག་
བྱུང་ནས་གལ་ཏེ་དགའ་བར་འགྱུར་ན་ནི་དེ་ལ་ཕྱག་འཚལ་ལོ། །འདི་ནི་བསྟིང་ཚིག་ཡིན་ནོ། །དེ་ལས་བརྩམས་ནས་ཞེས་བྱ་བ་ལ་རྒྱས་པས་དྲག་པོ་བརྒྱ་པ་ལས་སྨོས་སོ། གང་ཕྱིར་མ་ལུས་སྲེག་པ་དང་། །ཞེས་བྱ་བ་ལ། གང་གི་ཕྱིར་མ་ལུས་པར་སྲེག་པ་དེའི་ཕྱིར་དྲག་པོ་ཞེས་བྱའོ། །དེ་བཞིན་དུ་གཞན་
ལ་ཡང་བརྗོད་པར་བྱའོ། །སྐྱེས་བུའི་བྱེད་པ་མངོན་སུམ་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པ་རྣམས་ཀྱིའོ། །རྒྱུ་རྣམས་ལས་གཞན་གྱི་བྱེད་པ་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ་འདི་ལྟར་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པ་ལ་
དེ་རྣམས་ལས་གཞན་པའི་བྱེད་པ་མི་སྣང་ངོ་། །ཇི་ལྟར་མིག་ལ་སོགས་པ་ཡོད་ན་རེས་འགའ་མིག་གི་རྣམ་པར་ཤེས་པ་སྐྱེ་ལ། རེས་འགའ་མི་སྐྱེ་བ་དེ་བཞིན་དུ། གལ་ཏེ་དབང་ཕྱུག་ཡོད་ན་ཡང་ཡིན་ན་ནི། དེ་ལྟ་ན་གཞན་གྱི་བྱེད་པ་རྟོགས་པར་འགྱུར་བ་ཞིག་གོ། །དབང་ཕྱུག་དེ་ལྷན་ཅིག་བྱེད་པའི་རྒྱུ་དང་པོ་
เล่ม ๑๔๔ · หน้า 245b
རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ནི་རང་གི་མཐུས་འབྲས་བུ་སྐྱེད་པར་བྱེད་པས་འདི་དག་ལ་དེ་དབང་ཕྱུག་ཉིད་མ་ཡིན་པར་འགྱུར་རོ། །དེ་ལ་དང་པོ་བྱུང་བ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟར་ན་སྐྱེས་བུའི་བྱེད་པ་མངོན་སུམ་ལ་སྙོན་པ་མ་བྱས་པ་དང་རྒྱུ་ལས་གཞན་
གྱི་བྱེད་པ་མི་སྣང་བར་ཡང་འགྱུར་བས་དབང་ཕྱུག་འཇིག་རྟེན་རྣམས་ཀྱི་རྒྱུ་ཉིད་ཡིན་ཡང་འགལ་བ་མེད་དོ། །དང་པོ་བྱུང་བ་དེ་ཡང་དབང་ཕྱུག་བཞིན་དུ་ཐོག་མ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དབང་ཕྱུག་ནི་དང་པོ་བྱུང་བ་བསྐྱེད་པར་བྱ་བ་ལ་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་དང་རྟག་པའི་ཕྱིར་རོ། །དེ་ལྟར་
ན་དང་པོ་བྱུང་བ་མེད་པའི་ཕྱིར་དང་པོ་བྱུང་བ་ཡང་རྒྱུ་དེ་ལས་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་གཙོ་བོ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ལ། གཙོ་བོ་ནི་སེམས་པ་མེད་པ་ཡིན་པས་འདོད་པའི་རྟོག་པ་མ་གཏོགས་པ་གཞན་ཐམས་ཅད་བརྗོད་པར་བྱའོ། །བློ་མ་སྦྱངས་པ་ནི་དོན་དམ་པའི་བསྟན་བཅོས་
དག་གིས་བློ་མ་སྦྱངས་པ་དག་གོ། །ཐམས་ཅད་ཕྱ་ལས་ནི་མ་ཡིན་ཏེ། སྐྱེས་བུའི་རྩལ་ཁོ་ན་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་རང་གི་རྣམ་པར་སྨིན་པའི་འབྲས་བུ་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་བྱ་བ་དེར་ཆོས་གཟུགས་ཅན་རྣམས་རྒྱུ་དང་བདག་པོའི་རྐྱེན་
གཉིས་ལས་སྐྱེའོ་ཞེས་བཤད་པ། དེ་ལ་གཟུགས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་འབྱུང་བ་རྣམས་འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པའི་རྒྱུའི་རྐྱེན་ཇི་ལྟར་ཡིན་པ་དང་འབྱུང་བ་ལས་གྱུར་པ་འབྱུང་བ་ལས་གྱུར་པ་དང་། འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཇི་ལྟར་ཡིན་པ་འདི་བརྗོད་པར་བྱའོ། །
རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་དོ་ཞེས་བདག་པོའི་རྐྱེན་ནི་ཤེས་པ་ཡིན་གྱི། རྒྱུའི་རྐྱེན་ནི་རྣམ་པ་མང་པོའི་ཕྱིར་མི་ཤེས་པ་དེའི་ཕྱིར་ན། དེའི་དབང་དུ་བྱས་ནས་ཇི་ལྟར་ན་འབྱུང་བ་རྣམས་ཞེས་རྒྱས་པར་དྲིས་སོ། །སྐལ་བ་མཉམ་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་གིས་སོ་ཞེས་བྱ་བ་ལ།
འབྱུང་བ་སྔར་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །རང་གི་ངོ་བོ་ཐ་དད་ཀྱང་བྱ་བ་གཅིག་ལ་ཞུགས་པའི་ཕན་ཚུན་མཐུན་པ་ཉིད་སྐལ་བ་མཉམ་པ་ཉིད་དོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ལྷན་ཅིག་སྐྱེས་པ་རྣམས་ཕན་ཚུན་ཏེ། ཐམས་ཅད་ཕན་ཚུན་མེད་པར་མི་སྐྱེ་བའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་
เล่ม ๑๔๔ · หน้า 246a
ཡིན་ནོ། །འབྱུང་བའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། འབྱུང་བ་རྣམ་པར་འགྱུར་ན་འབྱུང་བ་ལས་གྱུར་པས་འབྱུང་བའི་རྗེས་སུ་མཐུན་པར་བྱེད་དོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དེས་མཉམ་དུ་སྐྱེས་པ་དག་ལས་གང་ཡང་རུང་བ་ཞིག་ཇི་ལྟར་རྗེས་སུ་མཐུན་པར་བྱེད་
ཅེ་ན། མྱུ་གུ་དང་གྲིབ་མ་བཞིན་ནམ། མར་མེ་དང་སྣང་བ་བཞིན་ནོ། །དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འབྱུང་བ་དག་ལས་སྐྱེ་བའི་ཕྱིར་སྐྱེ་བའི་རྒྱུ་ཉིད་དོ། །དེའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་འགྱུར་བའི་རྒྱུ་ཉིད་དོ། །རྟེན་དུ་འགྱུར་བའི་ཕྱིར་རྟེན་པའི་རྒྱུ་ཉིད་དོ། །རྒྱུན་མི་འཆད་
པའི་རྒྱུ་ཡིན་པའི་ཕྱིར་གནས་པའི་རྒྱུ་ཉིད་དོ། འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཕེལ་བའི་རྒྱུ་ཉིད་དོ། །འདིར་སྨྲས་པ། སྐྱེ་དང་རྗེས་མཐུན་རྟེན་དང་ནི། །རྒྱུན་མི་འཆད་དང་འཕེལ་བ་ལས། །སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང་། །རྟེན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་བྱའོ། །རྣམ་པ་ལྔ་པོ་དེ་ཡང་བྱེད་
རྒྱུའི་རྒྱུ་ཁོ་ན་ཡིན་ཏེ། རྒྱུ་གཞན་མི་འཐད་པའི་ཕྱིར་རོ། །འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། འབྲས་བུ་ཐ་དད་པའི་ཕྱིར་རོ། །གཞན་ཡང་འབྱུང་བ་ལས་གྱུར་པ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ལ། འབྱུང་བ་རྣམས་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། ལྷན་
ཅིག་འབྱུང་བའི་རྒྱུ་ནི་དེ་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནོ། །མ་འོངས་པ་དང་ད་ལྟར་གྱི་འབྱུང་བ་ལས་གྱུར་པ་ནི་འདས་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་ནས་ཡིན་པར་ཡང་འདོད་དོ། །དེ་བཞིན་དུ་ཁ་ཅིག་འབྱུང་བ་རྣམས་དང་མི་ལྡན་ཡང་འབྱུང་བ་ལས་གྱུར་པ་དང་ལྡན་པ་ཡིན་ཏེ། ལྷན་ཅིག་འབྱུང་བའི་ཆོས་ཉིད་ནི་དེ་ལྟར་
མ་ཡིན་པས་འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནོ། །མཚུངས་པར་ལྡན་པའི་རྒྱུ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་དག་ཀྱང་མ་ཡིན་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་
པའི་ཕྱིར་རོ། །སྐལ་བ་མཉམ་པའི་ཕྱིར་ཡང་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་ཕྱིར་ལ་དུས་ཕྱིས་སྐྱེས་པ་དང་ཡང་མི་འདྲ་བའི་ཕྱིར་རོ། །འབྱུང་འགྱུར་རྣམ་གསུམ་ཕན་ཚུན་དུ། །ཞེས་བྱ་བ་ནི་ཅི་རིགས་པར་རོ། །ལུས་དང་ངག་གི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་
เล่ม ๑๔๔ · หน้า 246b
སྡོམ་པས་བསྡུས་པ་སྲོག་གཅོད་པ་ནས་ཚིག་ཀྱལ་པ་སྤོང་བའི་བར་འཆལ་བའི་ཚུལ་ཁྲིམས་རྣམ་པ་བདུན་སྤོང་བ་སྟེ། སྤོང་བ་བདུན་པོ་འདི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །སྔར་བྱུང་བ་ཐམས་ཅད་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ། དགེ་བ་དགེ་བའི་ཡིན་པ་ནས་ལུང་དུ་མ་བསྟན་པའི་བར་གྱི་
ཡིན་ནོ། །ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་མིག་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ལ། ལུས་དང་ངག་གི་ལས་ནི་རྒྱུར་བྱས་པའི་གཟུགས་དགེ་བ་དང་མི་དགེ་བ་སྟེ། དེས་རྣམ་པར་སྨིན་པ་འབྱུང་བ་ཆེན་པོ་དག་འཕེན་པ་ཡིན་ནོ། །རྒྱས་པར་བྱས་ན་ཉི་ཤུ་ཡིན་པར་མདོར་བསྡུས་ན་སེམས་བཅུ་
གཉིས་སོ་ཞེས་བྱ་བ་སྨོས་སོ། །དགེ་བ་ནི་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའོ། །མི་དགེ་བ་ནི་ཉོན་མོངས་པ་དང་ཉེ་བར་ཉོན་མོངས་པ་ལྷག་མ་དང་མཚུངས་པར་ལྡན་པའོ། །
དེ་དག་ལས་གཞན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་མི་དགེ་བ་མེད་དེ། ཇི་སྐད་དུ་འདོད་པ་དག་ལས་དབེན་ཞིང་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་འབྱུང་
བའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལ་རྣམ་པར་སྨིན་པ་མེད་པའི་ཕྱིར་བསྒྲིབས་པ་ཁོ་ན་ཡིན་གྱི། མི་དགེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པའི་སེམས་ཐམས་ཅད་བསྒྲིབས་པ་ཁོ་ན་ཡིན་ནོ། །སློབ་པའི་ཟག་པ་མེད་པ་ནི་སློབ་པའི་སེམས་སོ། །མི་སློབ་
པའི་ནི་མི་སློབ་པའི་སེམས་སོ། །སྙོམས་པར་འཇུག་པའི་ཚེ་དགེ་བ་དང་ཞེས་བྱ་བ་འབྱུང་བ་ལ། དགེ་བ་གང་གི་མཇུག་ཐོགས་སུ་དགེ་བ་གང་དང་ས་གང་གིས་བསྡུས་པ་འབྱུང་ཞེ་ན། འདོད་པ་ན་སྤྱོད་པའི་དགེ་བ་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་ཁོ་ན་ཡིན་གྱི། སྐྱེས་ནས་ཐོབ་པ་ནི་
མ་ཡིན་ཏེ། འདིར་སྐྱེས་པས་མངོན་དུ་བྱེད་པར་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ནི་མི་ལྕོགས་པ་མེད་པས་བསྡུས་པ་ཁོ་ན་འབྱུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་བསམ་གཏན་དང་པོའི་ཡང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་བསམ་གཏན་ཁྱད་པར་ཅན་གྱི་ཡང་ངོ་ཞེས་ཟེར་རོ། །བཙུན་པ་དབྱངས་
เล่ม ๑๔๔ · หน้า 247a
སྒྲོགས་ན་རེ་ནི་བསམ་གཏན་གཉིས་པའི་ས་པའི་བར་དུ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་མཉམ་པར་མ་བཞག་པས་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ལྟར་སས་བར་དུ་ཆོད་པ་འདྲེན་པར་མི་ནུས་སོ་ཞེས་ཟེར་རོ། །ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ་ཞེས་བྱ་བ་ལ། སྐྱེ་བའི་སྲིད་
པ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ན་སྐྱེས་ནས་ཐོབ་པའི་དགེ་བའི་མཇུག་ཐོགས་སུ་བསྒྲིབས་པ་ཡིན་གྱི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མངོན་དུ་འགྱུར་བ་ནི་མ་ཡིན་གྱི། རང་གི་ས་པའི་སེམས་ལ་རག་ལས་པའི་ཕྱིར་རོ། །གཟུགས་
མེད་པ་རྣམས་ནི་འདོད་པའི་ཁམས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་རྟེན་རིང་བ་ཉིད་ནི་འདི་ཡིན་ཏེ། ཇི་ལྟར་གཟུགས་སུ་གཏོགས་པའི་རྟེན་གྱིས་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་མངོན་དུ་བྱེད་པ་ལྟར། གཟུགས་མེད་པར་གཏོགས་པའི་རྟེན་གྱིས་འདོད་པར་གཏོགས་པའི་ཆོས་མངོན་དུ་མི་བྱེད་པའོ། །དེ་
ལ་རྣམ་པར་རིང་བ་ཉིད་ནི་འདི་ཡིན་ཏེ། ཇི་ལྟར་གཟུགས་ན་སྤྱོད་པས་རག་ལས་པ་ལ་སོགས་པའི་རྣམ་པ་དག་ཏུ་རྣམ་པར་བྱེད་པ་ལྟར་གཟུགས་མེད་པའི་སེམས་ཀྱིས་འདོད་པའི་ཁམས་རྣམ་པར་མི་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་རིང་བ་ཉིད་ཀྱིས་ཀྱང་རིང་བ་ཡིན་ནོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ་
གཟུགས་མེད་པ་དག་འདོད་པའི་ཁམས་ཀྱི་གཉེན་པོ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉེན་པོའི་རིང་བ་ཉིད་ཀྱིས་ཀྱང་རིང་བ་ཡིན་ནོ། །སློབ་པ་དང་མི་སློབ་པའོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་དགེ་བའི་མཇུག་ཐོགས་སུའོ། །ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བས་ནི་སྐྱབས་ཚོལ་བ་སྟེ། འདོད་
པ་ན་སྤྱོད་པའི་དགེ་བའི་སེམས་ལ་བརྟེན་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ། ས་གོང་མའི་སེམས་རྣམ་པ་དྲུག་གིས་འཆི་འཕོ་བ་ལ་འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་བཟློག་ཏུ་མེད་དོ། །ཟག་པ་མེད་པའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་
མོངས་པ་མངོན་དུ་འགྱུར་བ་ནི་ཡོད་པ་མ་ཡིན་ནོ། །དེ་ལས་བཞི་སྟེ། ས་འོག་མ་པའི་ཉོན་མོངས་པའི་མཇུག་ཐོགས་སུ་ས་གོང་མ་པའི་སེམས་མངོན་དུ་བྱེད་པ་མེད་ལ། ཟག་པ་མེད་པ་ཡང་མངོན་དུ་བྱེད་པ་མ་ཡིན་ནོ། །གཟུགས་ན་སྤྱོད་པའི་དགེ་བ་ལས་ཞེས་བྱ་བ་ལ། སྤྲུལ་པའི་སེམས་ནི་བསམ་གཏན་གྱི་འབྲས་
เล่ม ๑๔๔ · หน้า 247b
བུ་སྟེ། །དེ་ནི་བསམ་གཏན་ལ་མ་ཞུགས་པར་མངོན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བའི་ཚེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བ་བཟློག་ཏུ་མེད་ལ། གདོན་མི་ཟ་བར་བསམ་གཏན་གྱི་འབྲས་བུའི་མཇུག་ཐོགས་སུ་ཡང་བསམ་གཏན་ལ་
འཇུག་པར་བྱ་དགོས་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་གཟུགས་ན་སྤྱོད་པའི་དགེ་བ་དང་ཉོན་མོངས་པ་ཅན་དང་གཉིས་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཁོ་ནའོ། །གཟུགས་ན་དགེ་ལས་བཅུ་གཅིག་གོ། །ཞེས་བྱ་བ་ལ་རང་གི་ས་པ་གསུམ་དང་། འདོད་
པ་ན་སྤྱོད་པའི་བཞི་སྟེ། ལྡང་བའི་ཚེ་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་མི་དགེ་བ་དང་བསྒྲིབས་པ་དང་། ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དང་། སྙོམས་པར་འཇུག་པའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་དང་། སྙོམས་པར་འཇུག་པའི་ཚེ་
སློབ་པ་དང་མི་སློབ་པའོ། །གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་སེམས་ནི་རང་གི་ས་པའི་སེམས་ལ་རག་ལས་པའི་ཕྱིར་དེ་མ་གཏོགས་སོ། །དེ་ནི་དགུའི་མཇུག་ཐོགས་སུ་ཞེས་བྱ་བ་ལ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་
པ་གཉིས་ཏེ་སྙོམས་པར་འཇུག་པའི་ཚེ་དགེ་བ་དང་། སྤྲུལ་པའི་སེམས་དང་སྡང་བའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་པ་ལ་བརྟེན་པའི་ཕྱིར་ཉོན་མོངས་པ་ཅན་དང་། ལྡང་བའི་ཚེ་སློབ་པ་དང་མི་སློབ་པ་ལས་སོ། །འདོད་པ་ན་སྤྱོད་པའི་
ཉོན་མོངས་པ་ཅན་གཉིས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཅན་གྱི་སེམས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱི་སྦྱོར་བ་མ་ཡིན་ལ། དགེ་བའི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གསུམ་པོ་འདི་དག་མ་གཏོགས་སོ། །བསྒྲིབས་པ་བརྒྱད་ལས་ཞེས་
བྱ་བ་ལ། རང་གི་ས་པའི་གསུམ་དང་། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་ཚེ་དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་
เล่ม ๑๔๔ · หน้า 248a
འདོད་ཆགས་དང་མ་བྲལ་བ་ལ་གཟུགས་ཀྱི་ཁམས་སུ་ཉིང་མཚམས་སྦྱོར་བ་མེད་ལ། སློབ་པ་དང་མི་སློབ་པའི་སེམས་ཀྱིས་འཆི་འཕོ་བ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་བཞི་པོ་འདི་དག་མ་གཏོགས་སོ། །དེ་ལས་དྲུག་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བའི་ཚེ་ས་འོག་
མ་པའི་ཉོན་མོངས་པ་ཅན་གཉིས་དང་། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བའི་ཚེ་དགེ་བའོ། །གང་གི་ཕྱིར་སྦྱོར་བའི་སེམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་སློབ་པ་དང་མི་སློབ་པ་དང་། གཟུགས་མེད་པའི་དགེ་བ་མི་འབྱུང་ངོ་། །འོག་མ་
ལས་འདོད་ཆགས་དང་མ་བྲལ་བ་ལ་ནི་ས་གོང་མར་སྐྱེ་བ་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་ཅན་མི་འབྱུང་ངོ་། །ས་གཞན་གྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་སྙོམས་པར་འཇུག་པ་ན་དེའི་མཇུག་ཐོགས་སུ་མི་སྲིད་
དོ། །མ་བསྒྲིབས་པ་ནི་གསུམ་ལས་སོ། །ཞེས་བྱ་བ་ལ་དེ་ནི་ཉིང་མཚམས་སྦྱོར་བའི་སེམས་སུ་མི་རུང་ཞིང་། འདོད་པའི་ཁམས་ཀྱི་སྦྱོར་བ་ལས་བྱུང་བ་ཡང་མ་ཡིན་ལ། སློབ་པ་དང་མི་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ལྡང་བའི་སེམས་ཀྱང་མ་ཡིན་ཏེ། དེའི་ཕྱིར་རང་གི་ས་པ་གསུམ་ལས་ཡིན་ནོ། །དེ་ལས་
དྲུག་སྟེ་ཞེས་བྱ་བ་ལ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་། གཟུགས་མེད་པ་ན་སྤྱོད་པའོ། །སྦྱོར་བ་ལས་བྱུང་བའི་ཕྱིར་སློབ་པ་དང་མི་སློབ་པ་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དག་ཀྱང་དེ་ལས་མི་འབྱུང་བ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་གཟིར་བར་མི་བྱེད་པས་འདོད་པ་
ན་སྤྱོད་པའི་དགེ་བ་ཡང་དེའི་མཇུག་ཐོགས་སུ་མི་འབྱུང་ངོ་། །སྐྱེ་བ་དང་སྙོམས་པར་འཇུག་པ་ན་ས་གོང་མ་དང་འོག་མ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་དེའི་མཇུག་ཐོགས་སུ་མི་སྲིད་དོ། །གཟུགས་མེད་པའང་དེའི་ཚུལ་ལོ། །ཞེས་བྱ་བ་ལ། དེ་ནི་སྐྱེ་བ་དང་སྙོམས་པར་འཇུག་པའི་ཚེ་ས་འོག་མ་པའི་དགེ་བ་ལ་
སོགས་པ་རྣམས་ལས་སྲིད་པ་མ་ཡིན་ལ། སློབ་པ་དང་མི་སློབ་པ་དག་གི་མཇུག་ཐོགས་སུ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་གི་ས་པ་གསུམ་ཁོ་ན་ལས་འབྱུང་ངོ་། །ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་ལ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་དང་གཟུགས་ཀྱི་ཁམས་རྣམས་སོ། །
เล่ม ๑๔๔ · หน้า 248b
གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ལས་ནི་སེམས་དགུ་སྟེ། རང་གི་ས་པ་གསུམ་དང་། ལྡང་བའི་ཚེ་གཟུགས་སུ་གཏོགས་པའི་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་། སྙོམས་པར་འཇུག་པའི་ཚེ་སློབ་པ་དང་མི་སློབ་པའོ། །འདོད་པ་ན་སྤྱོད་
པའི་དགེ་བ་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ལ། འདོད་པའི་ཁམས་ལ་གཟུགས་མེད་པའི་ཁམས་བསྐལ་པ་ཡིན་པས་དེའི་ས་པའི་དགེ་བ་ནི་གཟུགས་མེད་པ་ན་སྤྱོད་པའི་ལྡང་བའི་སེམས་ཀྱང་མ་ཡིན་ཏེ། དེས་ན་དེའི་མཇུག་
ཐོགས་སུ་མི་རིགས་སོ། །ཇི་ལྟར་འདོད་པར་གཏོགས་པའི་སྤྲུལ་པའི་སེམས་གཟུགས་ན་སྤྱོད་པའི་སྦྱོར་བས་ཐོབ་པར་བྱ་བ་ཡིན་པ་ལྟར། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཟུགས་མེད་པའི་སྦྱོར་བས་ཐོབ་པར་བྱ་བ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ཡང་མ་གཏོགས་སོ། །
གཟུགས་ན་སྤྱོད་པའི་དགེ་བ་དང་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེ་ནའོ། །སློབ་པ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་ལྡང་བའི་ཚེ་ནའོ། །བསྒྲིབས་པ་ལས་བདུན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་ལ་བརྟེན་པའི་ཕྱིར་གཟུགས་ན་སྤྱོད་
པའི་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་དང་། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་དེ་བཞིན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་ལ། འདི་ལྟར་ས་འོག་མ་ལས་འདོད་ཆགས་
དང་མ་བྲལ་བ་ལས་གཟུགས་མེད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་མེད་ལ། དེས་སློབ་པའམ་མི་སློབ་པའི་ཏིང་ངེ་འཛིན་ལས་ལྡང་བ་ཡང་མ་ཡིན་པས་དེ་ནི་ལྔ་ལས་མི་འབྱུང་ངོ་། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ་ན་འདོད་པ་དང་གཟུགས་ན་སྤྱོད་པའི་དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་
དག་ལས་འབྱུང་ངོ་། །ཁམས་གསུམ་པའི་དགེ་བ་དང་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དག་ན་སྤྱོད་པ་རྣམས་སོ། དགེ་བ་སྨོས་པ་ནི་གཞན་བཟློག་པར་བྱ་བའི་ཕྱིར་རོ། །སློབ་པ་ལས་སོ་ཞེས་བྱ་བ་ནི་རྒྱུན་དུ་གཏོགས་པའི་ཕྱིར་རོ། །སློབ་པ་ནི་ཉིང་མཚམས་སྦྱོར་བའི་སེམས་མ་ཡིན་ལ།
เล่ม ๑๔๔ · หน้า 249a
དགེ་བ་སྦྱོར་བ་ལས་བྱུང་བ་ཡིན་པས་གཞན་གྱི་མཇུག་ཐོགས་སུ་མ་བྱུང་ངོ་། །དེ་ལས་ལྔ་ཞེས་བྱ་བ་ལ། ལྡང་བའི་ཚེ་ཁམས་གསུམ་པའི་དགེ་བ་རྣམས་དང་། རྒྱུན་དུ་གཏོགས་པའི་སློབ་པ་དང་། རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་མི་སློབ་པའི་ཤེས་པའོ། །བཤད་མ་ཐག་
པའི་ལྔ་པོ་དེ་དག་ཉིད་ལས་སོ་ཞེས་བྱ་བ་ལ་སྙོམས་པར་འཇུག་པའི་ཚེ་འདི་ཁམས་གསུམ་པའི་དགེ་བ་རྣམས་སོ། །རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ནི་སློབ་པ་ལས་སོ། །ཟད་པ་ཤེས་པའི་མཇུག་ཐོགས་སུ་ནི་མི་སྐྱེ་བ་ཤེས་པའོ། །དེ་ལས་སེམས་ནི་བཞི་པོ་དག་གོ་ཞེས་བྱ་བ་ལ། ལྡང་བའི་
ཚེ་ན་ཁམས་གསུམ་པའི་དགེ་བ་རྣམས་དང་མི་སློབ་པ་སྟེ། དཔེར་ན་ཟད་པ་ཤེས་པ་ལས་མི་སྐྱེ་བ་ཤེས་པ་བཞིན་ནོ། །མི་སློབ་པའི་མཇུག་ཐོགས་སུ་སློབ་པ་ནི་ནམ་ཡང་མི་འབྱུང་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བར་བཅད་པའི་ཕྱིར་ཏེ། ཉོན་མོངས་པ་ཀུན་དུ་སྤྱོད་པ་མེད་པར་ནི་ཡོངས་
སུ་ཉམས་པ་མེད་དོ། །སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་དགེ་བའི་ཞེས་བྱ་བ་འབྱུང་སྟེ། དེ་ལ་སྦྱོར་བ་ལས་བྱུང་བ་ནི་གང་སྦྱོར་བ་ཐོབ་པ་སྟེ། དེ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའོ། །དེ་ལ་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་འདོད་པའི་ཁམས་ན་བསྒོམས་
པ་ལས་བྱུང་བ་མེད་དོ། །གཟུགས་ཀྱི་ཁམས་ན་ནི་བསམས་པ་ལས་བྱུང་བ་མེད་དེ། དེ་དག་ནི་རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་སེམས་ཀྱི་ཏིང་ངེ་འཛིན་ཉིད་ཉེ་བར་གནས་པར་འགྱུར་རོ། །གཟུགས་མེད་པའི་ཁམས་ན་ནི་བསྒོམས་པ་ལས་བྱུང་བ་ཁོ་ན་སྟེ་གཞན་མེད་དོ། །སྐྱེས་ནས་ཐོབ་པའི་
དགེ་བ་ནི་སེམས་སྦྱོར་བ་མེད་པར་སྐྱེས་པ་ཉིད་ཀྱིས་འཐོབ་པ་གང་ཡིན་པ་སྟེ། འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །གཟུགས་མེད་པའི་ཁམས་སུ་ནི་སྐྱེ་བའི་སྲིད་པར་གང་གི་ཐོབ་པ་དང་པོ་སྐྱེ་བའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དང་།
སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་ཞེས་བྱ་བ་ལ་འདི་ནི་རྒྱུ་དང་ལས་ཀྱི་དབྱེ་བས་ཕྱེ་བ་ཡིན་ནོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །སྤྱོད་ལམ་ལས་འབྱུང་བ་ནི་སྤྱོད་ལམ་པའོ། །དེ་བཞིན་དུ་བཟོའི་གནས་པ་དང་། སྤྲུལ་པ་ལས་
เล่ม ๑๔๔ · หน้า 249b
བྱུང་བ་ནི་བཟོའི་གནས་པ་དང་སྤྲུལ་པ་པ་སྟེ། རྒྱུ་མཚན་གྱི་བདུན་པར་བཤད་པའི་ཕྱིར་རོ། །ཡང་ན་དེ་དག་ལ་དམིགས་ནས་སྐྱེ་བའི་ཕྱིར་དེ་དག་ལས་འབྱུང་བའོ། །སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་དང་གསུམ་ནི་ལས་ཀྱི་དབྱེ་བས་ཕྱེ་ལ། སྔ་མ་ནི་རྒྱུའི་དབྱེ་བས་ཕྱེ་བ་ཡིན་ནོ། །
གཟུགས་ན་བཟོ་མ་གཏོགས་པའོ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ཀྱི་གཞལ་མེད་ཁང་ལ་སོགས་པ་ཐམས་ཅད་ལས་ལས་སྐྱེས་པ་དང་། སྤྲུལ་པ་པ་ཡིན་གྱི་མཁན་བཟོས་བྱས་པ་ནི་ཅུང་ཟད་ཀྱང་མེད་དོ། །གཟུགས་ཅན་རྣམས་ལ་འགྲོ་བ་དང་འདུག་པ་ལ་སོགས་པ་ཡོད་པའི་ཕྱིར་སྤྱོད་ལམ་པ་
ཡོད་དོ། །གཟུགས་མེད་པའི་ཁམས་ན་སྤྱོད་ལམ་པ་དང་། བཟོའི་གནས་པ་དང་སྤྲུལ་པ་པ་རྣམས་མེད་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་དབྱེ་བ་མེད་དོ། །ཅིའི་ཕྱིར་གཟུགས་མེད་པའི་ཁམས་ན་སྤྱོད་ལམ་པ་ལ་སོགས་པ་རྣམས་མེད་ཅེ་ན་དེ་དག་གི་དམིགས་པ་ནི་གཟུགས་དང་དྲི་དང་
རོ་དང་རེག་བྱ་རྣམས་ཡིན་ནོ། །དེ་ལ་སྤྱོད་ལམ་པ་ལ་སོགས་པ་རྣམས་ཀྱི་དམིགས་པ་ནི་གོ་རིམས་བཞིན་དུ་རང་གི་ལུས་དང་མལ་སྟན་ལ་སོགས་པའི་གཟུགས་ལ་སོགས་པ་དང་། བཟོའི་གནས་ཀྱི་གཟུགས་ལ་སོགས་པ་དང་། སྤྲུལ་པའི་གཟུགས་ལ་སོགས་པ་རྣམས་སོ། །བཟོའི་གནས་པའི་
ནི་སྒྲ་ཡང་ཡིན་ནོ་ཞེས་བྱ་བ་ལ། འདོམས་པ་པོས་གང་སྨྲས་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་ནས་སློབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ལ་ངེས་པ་མ་སྨོས་པས་གཟུགས་ལ་སོགས་པ་རྣམས་དང་། གཞན་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཡིད་ཀྱི་རྣམ་པར་
ཤེས་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སྤྱོད་ལམ་གྱི་རྣམ་པར་རྟོག་པ་ལ་སོགས་པ་མངོན་པར་འདུ་བྱེད་པར་ཞུགས་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་གཏོགས་ཏེ། ད་ནི་རྣམ་པར་ཤེས་པ་དྲུག་ཅར་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་ཡིན་ནོ་ཞེས་བྱ་བ་ལ་དེ་དག་གི་སྦྱོར་
བའི་གནས་སྐབས་ན་འབྱུང་བའི་ཕྱིར་ན་སྦྱོར་བའོ། །ཇི་ལྟར་ཞེ་ན། མཐོང་བ་དང་རེག་པའི་བར་དུ་གྱུར་ནས་དེ་དག་སྐྱེ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་ནི་སྦྱོར་བ་མེད་དོ། །རྣམ་པར་སྨིན་པ་ནི་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །སྤྲུལ་པ་ནི་སྦྱོར་བ་ཡོད་མོད་ཀྱི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་
เล่ม ๑๔๔ · หน้า 250a
མ་ཡིན་ཏེ། དེ་ནི་བསམ་གཏན་གྱི་མཇུག་ཐོགས་སུ་འཇུག་པའི་ཕྱིར་རོ། །མངོན་པར་ཤེས་པའི་འབྲས་བུ་བརྗོད་པར་འདོད་པའི་ཕྱིར་འདིས་ཡི་དགས་དང་ཤ་ཟ་ལ་སོགས་པ་ལ་སྲིད་པར་ཐལ་བར་མི་འགྱུར་རོ། །གཞན་དག་ན་རེ་བཟོའི་གནས་པས་མངོན་པར་བསྒྲུབས་པ་
ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པ་བཟོའི་གནས་པས་མངོན་པར་བསྒྲུབས་པ་དེ་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དོ་ཞེས་ཟེར་རོ། །སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོ་མཐའ་དག་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་སྤྱོད་ལམ་པ་ལ་
སོགས་པ་ལས་ཐ་དད་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མིག་གི་སྐྱེ་མཆེད་ལ་དམིགས་པ་ནས་ཆོས་ཀྱི་སྐྱེ་མཆེད་ལ་དམིགས་པའི་བར་གཞན་ཡང་ཡོད་དོ་ཞེས་ཤེས་པར་བྱས་པར་འགྱུར་རོ། །མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ། དེ་ནི་གཟུགས་སུ་གཏོགས་
པའི་དགེ་བ་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་འབྱུང་གི །འདོད་པ་ན་སྤྱོད་པའི་མཇུག་ཐོགས་སུ་ནི་མ་ཡིན་ནོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེ་ནའོ། །དགེ་བ་སྦྱོར་བ་ལས་བྱུང་བ་ལ་གནས་པ་ལ་འཆི་འཕོ་བ་མི་སྲིད་
པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་ཁམས་གོང་མའི་བསྒྲིབས་པ་དག་མི་འབྱུང་ངོ་། །རང་གི་དགེ་བ་དང་ཉོན་མོངས་པ་ཅན་དག་དང་ཞེས་བྱ་བ་ལ། སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་དང་། བསྒྲིབས་པ་དང་མི་དགེ་བ་དང་། ལྡང་བའི་ཚེ་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་།
སློབ་པ་དང་མི་སློབ་པ་དང་། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་པ་ལ་བརྟེན་པའི་ཕྱིར་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་ངོ་། །རང་གི་ས་པ་ཡིན་ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལས་ནི་མ་ཡིན་ཏེ། སྟོབས་ཆུང་བ་དང་
མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེ་སྟེ། སྐྱེས་ནས་ཐོབ་པ་ལ་གནས་པ་ལ་འཆི་འཕོ་བ་དང་། གོང་མར་མཚམས་སྦྱོར་བ་སྲིད་པའི་ཕྱིར་རོ། །དེ་ནི་མངོན་པར་འདུ་བྱེད་པ་
เล่ม ๑๔๔ · หน้า 250b
མེད་པར་འཇུག་པའི་ཕྱིར་སློབ་པ་དང་མི་སློབ་པ་གཉིས་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སྦྱོར་བ་མ་ཡིན་པས་དེ་ལས་དེ་རྣམས་མི་འབྱུང་ངོ་། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་འབྲས་བུ་མ་གཏགས་པའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། ཉོན་
མོངས་པ་ཅན་དག་དང་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ཡིན་ཡང་ལྡང་བའི་སེམས་སུ་མི་འགལ་ལོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལ་གནས་པ་ལ་འཆི་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་
མེད་པ་ན་སྤྱོད་པ་རྣམས་ལ་ཡིན་པར་ཡང་བརྗོད་པར་བྱའོ། །གཟུགས་ན་སྤྱོད་པ་བཞི་དང་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་
ཕྱིར་དེ་དག་གི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་ལ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལ་རག་ལས་པའི་ཕྱིར་མངོན་པར་ཤེས་པའི་འབྲས་བུ་ཡང་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །
སྔ་མ་བཞིན་དུ་རང་གི་བདུན་ཁོ་ན་ལས་སོ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པའོ། །བཟོའི་གནས་པའི་མཇུག་ཐོགས་སུ་ནི་དྲུག་འབྱུང་སྟེ་ཞེས་བྱ་བ་ལ། འདི་ལྟར་དེ་ལ་གནས་པ་ལ་ནི་འཆི་བ་མེད་དེ། དེ་ལྟ་མ་ཡིན་ན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་སུས་
བཟློག་ཏུ་ཡོད། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལས་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཁོ་ན་འབྱུང་བའི་ཕྱིར་རོ། །མངོན་པར་ཤེས་པའི་འབྲས་བུ་རང་ཉིད་དང་ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་སོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའོ་ཞེས་བྱ་བ་ལ། འདི་ལྟར་
བསམ་གཏན་ལ་མ་ཞུགས་པར་མངོན་པར་ཤེས་པའི་འབྲས་བུ་ལས་ལྡང་བ་ཡོད་པ་མ་ཡིན་པས་མངོན་པར་ཤེས་པའི་འབྲས་བུ་ལས་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་འབྱུང་ངོ་། །དེ་ཡང་དེ་གཉིས་ཁོ་ན་ལས་སོ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་དང་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལས་སོ། །
เล่ม ๑๔๔ · หน้า 251a
ད་ནི་གཟུགས་ན་སྤྱོད་པ་དྲུག་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདོད་པ་ན་སྤྱོད་པའི་དགེ་བ་དག་ཅེས་བྱ་བ་ནི་ལྡང་བའི་ཚེ་ནའོ། །མངོན་པར་ཤེས་པའི་འབྲས་བུ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་སོ། །གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་
དང་། སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེའོ། །དེ་ནི་སེམས་བཅུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་ལས་ནི་སྙོམས་པར་འཇུག་པའི་ཚེ་ནའོ། །སྤྲུལ་པའི་མཇུག་ཐོགས་སུ་ནི་འཇུག་པའི་ཚེ་སྟེ། བསམ་གཏན་ལ་མ་ཞུགས་པ་ནི་བསམ་
གཏན་གྱི་འབྲས་བུ་ལ་གནས་པ་ལས་ལྡང་བ་ཡོད་པ་མ་ཡིན་ནོ། །སྤྱོད་ལམ་པ་དང་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གི་མཇུག་ཐོགས་སུ་ནི་མི་འབྱུང་སྟེ། སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ། །སྤྲུལ་པའི་སེམས་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་ཞིང་། །བསམ་གཏན་
ལ་མ་ཞུགས་པར་དེ་ལས་ལྡང་བ་ཡོད་པ་མ་ཡིན་པས་དེའི་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལས་ནི་ལྡང་བའི་ཚེ་ནའོ། །ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ས་འོག་མ་ལ་བརྟེན་པའི་ཕྱིར་ན་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་ངོ་། །སློབ་པ་
དང་མི་སློབ་པ་དག་ལས་ནི་ལྡང་བའི་ཚེ་ཁོ་ནའོ། །སྐྱེས་ནས་ཐོབ་པའི་མཇུག་ཐོགས་སུ་ནི་བརྒྱད་དེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེ་ནའོ། །མངོན་པར་ཤེས་པའི་འབྲས་བུ་ནི་མ་གཏོགས་ཏེ། སྦྱོར་བ་ལས་བྱུང་བ་ལ་རག་ལས་ཏེ་བདག་ཉིད་ཐོབ་པའི་ཕྱིར་
རོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེ་ནའོ། །འདོད་པ་ན་སྤྱོད་པའི་དགེ་བ་དང་། ཉོན་མོངས་པ་ཅན་བཞི་དང་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ས་འོག་མ་ལ་བརྟེན་པའི་
ཕྱིར་ན་དགེ་བ་དག་གོ། །དེ་ནི་སེམས་བཅུ་གཅིག་གི་མཇུག་ཐོགས་སུ་འབྱུང་སྟེ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པ་རྣམས་ལས་ནི་ཉིང་མཚམས་སྦྱོར་བའི་ཚེ་ན་སྟེ། སྦྱོར་བ་ལས་བྱུང་བ་དང་། བཟོའི་གནས་པ་དང་། མངོན་པར་ཤེས་པའི་འབྲས་བུ་རྣམས་ལས་འཆི་བ་མེད་ལ། འདོད་ཆགས་དང་
เล่ม ๑๔๔ · หน้า 251b
བྲལ་བ་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་དེར་མཚམས་སྦྱོར་བ་མེད་དེ། དེའི་ཕྱིར་གསུམ་ཁོ་ན་ལས་འབྱུང་ངོ་། །སྦྱོར་བ་ལས་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལས་འཆི་བ་མི་སྲིད་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །
སྤྱོད་ལམ་པའི་མཇུག་ཐོགས་སུ་ནི་བདུན་ཏེ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ། སྤྱོད་ལམ་པ་ནི་སྦྱོར་བའི་སེམས་ཡིན་པར་མི་རུང་སྟེ། སྟོབས་ཆུང་བ་
དང་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཕྱིར་དང་། གཞན་ལ་སེམས་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །ད་ནི་གཟུགས་མེད་པ་ན་སྤྱོད་པ་བཞིའི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ནི་ལྡང་
བའི་ཚེ་ནའོ། །འདོད་པ་ན་སྤྱོད་པ་ནི་མ་ཡིན་ཏེ་བསྐལ་པའི་ཕྱིར་རོ། །སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་འཇུག་པའི་ཚེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་མ་གཏོགས་པ་ཞེས་བྱ་བ་ལ་སྟོབས་ཆུང་བའི་ཕྱིར་དང་། མངོན་
པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་མི་འབྱུང་ངོ་། །སློབ་པ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་ལྡང་བའི་ཚེའོ། །ས་འོག་མ་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ཉིད་དང་གཟུགས་ན་སྤྱོད་པ་སྟེ་ཉིང་མཚམས་སྦྱོར་བའི་ཚེའོ། །ཉོན་མོངས་
པ་ཅན་གྱི་མཇུག་ཐོགས་སུ་ནི་བརྒྱད་དེ་ཞེས་བྱ་བ་ལ། གཟུགས་སུ་གཏོགས་པའི་དགེ་བ་ནི་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བའི་ལྡང་བའི་ཚེའོ། །ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །འདོད་པ་
དང་གཟུགས་ན་སྤྱོད་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །འོག་མའི་ཉོན་མོངས་པ་ཅན་གསུམ་མོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །སློབ་པའི་མཇུག་ཐོགས་སུ་ནི་དྲུག་སྟེ། ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་རྣམས་དང་། འདོད་པར་གཏོགས་
เล่ม ๑๔๔ · หน้า 252a
པའི་སྐྱེས་ནས་ཐོབ་པ་ནི་ལྡང་བའི་ཚེའོ། །སློབ་པ་ནི་རྒྱུན་ལ་ལྟོས་ནས་སོ། །མི་སློབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་ཀྱི་ཟད་པ་ཤེས་པ་ལྟ་བུའོ། །སྦྱོར་བ་ལས་བྱུང་བ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའོ། །སློབ་པ་ལས་སོ་ཞེས་བྱ་བ་ནི་རྒྱུན་ལ་ལྟོས་ནས་སོ། །མི་སློབ་
པའི་མཇུག་ཐོགས་སུ་ནི་ལྔ་ཞེས་བྱ་བ་ལ་ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་རྣམས་དང་། འདོད་པར་གཏོགས་པའི་སྐྱེ་གནས་ཐོབ་པ་ནི་ལྡང་བའི་ཚེའོ། །མི་སློབ་པ་ནི་རྒྱུན་ལ་ལྟོས་པའོ། །སྦྱོར་བ་ལས་བྱུང་བ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའོ། །སློབ་པ་ལས་ནི་རྡོ་རྗེ་ལྟ་བུའི་
ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཟད་པ་ཤེས་པ་ལྟ་བུའོ། །མི་སློབ་པ་ལས་ནི་ཟད་པ་ཤེས་པའི་མཇུག་ཐོགས་སུ་མི་སྐྱེ་བ་ཤེས་པ་ལྟ་བུའོ། །གལ་ཏེ་མི་སློབ་པ་ལས་སློབ་པ་མི་འབྱུང་ན། འོ་ན་ཇི་ལྟར་ན་མི་སློབ་པ་ལས་ཡོངས་སུ་ཉམས་པ་སློབ་པ་ཡིན་ཞེ་ན། འདི་ལྟར་ལངས་པ་མི་སློབ་པའི་ཏིང་ངེ་
འཛིན་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ཏིང་ངེ་འཛིན་ལ་གནས་པ་ལ་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །དེ་དག་ནི་སྤྱོད་ལམ་དང་བཟོའི་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་དང་། སྟོབས་ཆུང་བའི་ཕྱིར་དང་། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་ཞེས་བྱ་བ་ལ། སྤྱོད་ལམ་
པ་ནི་འགྲོ་བ་ལ་སོགས་པ་མངོན་པར་འདུ་བྱ་བ་ལ་ཞུགས་པ་ཡིན་ལ། བཟོའི་གནས་པ་ནི་འདི་ནི་འདི་ལྟར་བྱའོ་སྙམ་དུ་བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་ཏེ། དེའི་ཕྱིར་སྤྱོད་ལམ་དང་བཟོ་མངོན་པར་འདུ་བྱ་བ་ལྷུར་བྱེད་པ་ཉིད་ཀྱིས་དེ་དག་ལ་མངོན་པར་དགའ་བའི་ཕྱིར་སྦྱོར་བ་ལས་བྱུང་བ་འདྲེན་
པར་མི་ནུས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཕྱིར་གཟོ་བ་མེད་པར་འཇུག་པས་སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཞེས་བྱ་བ་སྟེ། དེས་ན་སྦྱོར་བ་ལས་བྱུང་བ་འདྲེན་པར་མི་ནུས་སོ། །སྤྱོད་ལམ་པ་དང་བཟོའི་གནས་པ་གཉིས་ནི་ལུང་དུ་
མ་བསྟན་པ་ཉིད་དུ་མཚུངས་ཀྱང་རྣམ་པར་སྨིན་པ་ལས་སྐྱེས་པ་བས་སྟོབས་ཆེ་སྟེ་མངོན་པར་འདུ་བྱེད་པ་ཅན་ཡིན་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་རྗེས་སུ་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་འདྲེན་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པས་
เล่ม ๑๔๔ · หน้า 252b
ཞེས་བྱ་བ་ལ། འབྱུང་བའི་སེམས་ནི་སྦྱོར་བ་ལས་བྱུང་བའི་སེམས་རྒྱུན་ཆད་པའི་སེམས་ཏེ། དེ་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཡིན་ཡང་རྒྱུན་ཆད་པ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་འབྱུང་བར་མི་འགལ་ལོ། །དེ་ལྟ་ན་འོ་ན་ཉོན་
མོངས་པ་ཅན་དག་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་སྦྱོར་བ་ལས་བྱུང་བའི་རྗེས་སུ་མི་མཐུན་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་དག་ལས་མི་འབྱུང་ན། དེ་ལྟ་ན་འོ་ན་ནི་ཡུལ་མངོན་པར་འདོད་པ་ལྷུར་ལེན་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་དང་། སྟོབས་ཆུང་བའི་ཕྱིར་ཉོན་
མོངས་པ་ཅན་དག་ལས་ཀྱང་སྦྱོར་བ་ལས་བྱུང་བ་འབྱུང་བར་མི་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཆོས་ནི་དགེ་བའི་ཆོས་ཀྱི་རྗེས་སུ་མཐུན་པར་མི་རུང་ངོ་། །འོན་ཀྱང་ཞེས་བྱ་བ་ནི་དེའི་རྗེས་སུ་མི་མཐུན་པ་ཡིན་མོད་ཀྱི་ཞེས་བྱ་བའོ། །ཉོན་མོངས་པ་ཀུན་དུ་འབྱུང་བས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
ཉོན་མོངས་པ་ཀུན་དུ་འབྱུང་བར་ཡོངས་སུ་ཤེས་པ་ཉིད་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་སོགས་པའི་རྣམ་པར་ཤེས་པ་ཡིན་ལ། དེ་ཡང་སྦྱོར་བ་ལས་བྱུང་བ་ཡིན་པས་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་བར་རིགས་སོ། །ཉོན་མོངས་པ་ཅན་ནི་སྟོབས་ཆུང་བ་ཡང་མ་ཡིན་ཏེ།
ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་བར་མི་འགལ་ལོ། །མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ཕྱིར་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་མངོན་པར་འདུ་བྱ་བ་མེད་པར་འབྱུང་ཞེ་ན། སྦྱོར་བ་ལ་མི་ལྟོས་པའི་ཕྱིར་རོ། །
འོ་ན་ཇི་ལྟར་དེ་གསལ་བ་ཉིད་ཡིན་ཞེ་ན་ལས་སུ་རུང་བའི་ཕྱིར་ཏེ། དེ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །གསལ་བའི་ཕྱིར་སྐྱབས་བྱེད་པར་ནུས་པས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་འབྱུང་ངོ་། །འདི་ནི་
མཇུག་ཐོགས་སུ་ནི་འདིའོ། །འདི་ནི་འདིའི་མཇུག་ཐོགས་སུའོ་ཞེས་སེམས་རྣམས་མཇུག་ཐོགས་ཉིད་དུ་འབྱུང་བ་བཤད་ལ། དེ་དག་ཀྱང་ཡིད་ལ་བྱེད་པའི་དབང་གིས་འབྱུང་བ་དེའི་ཕྱིར་ཡིད་ལ་བྱེད་པ་ནི་གསུམ་སྟེ་ཞེས་བྱ་བ་ཡིད་ལ་བྱེད་པ་ཉེ་བར་བཀོད་དོ། །རང་གི་མཚན་ཉིད་ཡིད་ལ་བྱེད་པ་ནི་གང་
เล่ม ๑๔๔ · หน้า 253a
གིས་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ཡིད་ལ་བྱེད་པ་སྟེ། གཟུགས་ནི་གནོད་པར་བྱར་རུང་བའི་མཚན་ཉིད་ཡིད་ལ་བྱེད་པ་ཅན། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རྣམ་པར་རིག་བྱེད་མཚན་ཉིད་ཅན་ནོ་སྙམ་པ་ལ་སོགས་པའི་
བར་རོ། །སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་ནི་གང་གིས་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་སྟེ། དེ་ནི་རྣམ་པ་བཅུ་དྲུག་དང་ལྡན་ནོ། །མི་རྟག་པ་ཉིད་ལ་སོགས་པ་རྣམས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དེའི་རྣམ་པ་ནི་སྤྱིའི་རྣམ་པ་སྟེ། རྣམ་པ་བཅུ་དྲུག་པོ་དེ་དག་དང་ལྡན་པའི་ཡིད་ལ་བྱེད་པ་ནི་སྤྱི་ཡིད་ལ་བྱེད་
པའོ། །མོས་པ་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཕྱིར་མོས་པ་ཡིད་ལ་བྱེད་པ་སྟེ། དེ་ནི་གང་གིས་མི་སྡུག་པ་དང་ཚད་མེད་པ་ལ་སོགས་པ་དག་ལ་མོས་པ་ལས་བྱུང་བའི་དམིགས་པ་ཡིད་ལ་བྱེད་པའོ། །ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་དག་ལ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྫུ་འཕྲུལ་ལ་
སོགས་པ་མངོན་པར་བསྒྲུབས་པའི་ཚེ་ཡང་བར་མོས་པ་ཡོངས་སུ་གཟུང་ངོ་། །སེམས་མངོན་པར་འདུ་བྱེད་པའི་དོན་གྱིས་ན་ཡིད་ལ་བྱེད་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་གལ་ཏེ་ཡིད་ལ་བྱེད་པ་རྣམ་པ་གསུམ་གྱི་མཇུག་ཐོགས་སུ་འཕགས་པའི་ལམ་མངོན་དུ་བྱེད་ན་སྟེ། དེའི་ཕྱིར་མི་སྡུག་པ་དང་
ལྷན་ཅིག་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུན་གྱིས་བར་དང་བཅས་པ་དང་བར་མེད་པར་འདྲེན་པའི་ཕྱིར་མི་སྡུག་པ་དང་ལྷན་ཅིག་པ་ཞེས་བྱའི་སེམས་གཅིག་ལ་ནི་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཕགས་པའི་ལམ་ཡིན་ལ། དེ་ཡང་མོས་པ་
ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འབྱུང་ཞིང་། རང་གི་མཚན་ཉིད་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་ཡང་འབྱུང་ངོ་ཞེས་དོན་གྱིས་བཤད་པ་ཡིན་ནོ། །དེ་ལྟར་ན་ཡིད་ལ་བྱེད་པ་གསུམ་འཕགས་པའི་ལམ་གྱི་སྦྱོར་བ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །གཞན་དག་ན་རེ་སྤྱི་ཡིད་ལ་བྱེད་པ་ཁོ་
ནའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མི་རྟག་པ་ལ་སོགས་པ་མཐོང་བ་ཉིད་ན་འཕགས་པའི་ལམ་སྐྱེ་བའི་ཕྱིར་དང་། གཞན་གཉིས་པོ་འཕགས་པའི་ལམ་དང་མི་འདྲ་བའི་ཕྱིར་རོ། །དེ་ལས་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཐམས་ཅད་ཀྱིས་ལྡང་བར་མི་འགལ་བས་འདིར་
เล่ม ๑๔๔ · หน้า 253b
ངེས་པ་མ་བྱས་སོ། །གལ་ཏེ་མོས་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་ལ་སྙོམས་པར་མི་འཇུག་ན་འོ་ན་མི་སྡུག་པ་དང་ལྷན་ཅིག་པའི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་ཇི་ལྟར་དྲང་ཞེ་ན། དེའི་ཕྱིར་མི་སྡུག་པས་སེམས་བཏུལ་ནས་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་དེ་ལྟར་ན་མི་
སྡུག་པ་ནི་སྤྱི་ཡིད་ལ་བྱེད་པའི་སྦྱོར་བ་ཡིན་པས་བརྒྱུད་པ་ལས་གསུངས་སོ་ཞེས་ཟེར་རོ། །གལ་ཏེ་མི་ལྕོགས་པ་མེད་པ་ལ་སོགས་པ་གསུམ་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ས་གསུམ་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་ནོ། །
མཐོང་བའི་ལམ་ས་གསུམ་ལ་བརྟེན་པའི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་ཐོས་པ་དང་བསམ་པ་དང་སྐྱེས་ནས་ཐོབ་པ་སྤྱི་ཡིད་ལ་བྱེད་པ་རྣམ་པ་བཅུ་དྲུག་དང་ལྡན་པ་མངོན་དུ་བྱེད་པར་འགྱུར་ཏེ། དེ་ནི་ཉེ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་
བ་ནི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་མཐོང་བའི་ལམ་གྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་སྤྱི་ཡིད་ལ་བྱེད་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོ་དང་། བསམ་གཏན་ཁྱད་པར་ཅན་གྱིས་བར་དུ་ཆོད་པའི་ཕྱིར་བསྐལ་པ་གོ་ཇི་ལྟར་
མངོན་དུ་བྱེད་པར་འགྱུར་ཞེས་བྱ་བའོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་བས་ཉེས་པ་འདི་མེད་དོ་ཞེ་ན། དེའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་དེ་དག་གི་ས་པ་ཡང་མ་ཐོབ་པོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འབྲས་
བུ་དང་པོའི་སྐད་ཅིག་མར་ནི་འཇིག་རྟེན་པ་བསྒོམ་པ་མི་འཐོབ་པའོ། །ཡང་གང་ཞིག་མ་ཐོབ་པ་དེ་གང་ཞེ་ན། ཉམས་པ་དང་གནས་པ་དང་ཁྱད་པར་གྱི་ཆ་དང་མཐུན་པ་དང་རྣམ་པ་གསུམ་མོ། །དེ་ལྟ་ན་འོ་ན་བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་
པ་ཁོ་ན་མངོན་དུ་བྱེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འཕགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་མཛད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི། འབྲས་བུ་ཐོབ་ཟིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། སྦྱོར་བའི་དགོས་པ་གྲུབ་ཟིན་པའི་ཕྱིར་ལ་འཕགས་
เล่ม ๑๔๔ · หน้า 254a
པའི་ལམ་གྱི་སྦྱོར་བ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཡིན་པས། དེའི་ཕྱིར་འབྲས་བུ་ལ་གནས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་བྱེད་པར་མི་རིགས་སོ། །དེས་ནི་དེ་དང་འདྲ་བ་སྤྱི་ཡིད་ལ་བྱེད་པ་ཞེས་བྱ་བ་ལ། ངེས་པར་མཐུན་པའི་
ཆ་དང་མཐུན་པ་དང་འདྲ་བ་དེ་མངོན་དུ་བྱེད་པར་འགྱུར་རོ། །དེ་ཉིད་སྟོན་པ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ་ནི་མི་བརྗོད་དོ། །ཞེས་བྱ་བ་ལ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་མངོན་དུ་གྱུར་ན་སྤྱིའི་ཡིད་ལ་བྱེད་པ་གཞན་བསྒོམ་པ་ཡོད་པ་མ་ཡིན་ཏེ། གང་
གི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་གྱུར་ན་རྣམ་པ་འདྲ་བ་ཁོ་ན་སྒོམ་པར་བྱེད་ལ། འདྲ་བ་ཡང་མཐོང་བའི་ལམ་ཁོ་ན་མ་འོངས་པ་ཉིད་ཀྱིས་བསྒོམ་ན། འདི་ནི་འདུ་བྱེད་ཀྱི་ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར་མི་འདྲ་བ་ཡིན་ནོ། །དེའི་ཕྱིར་འཕགས་པའི་ལམ་གྱི་མཇུག་
ཐོགས་སུ་ཡིད་ལ་བྱེད་པ་རྣམ་པ་གསུམ་མངོན་དུ་བྱེད་པ་ཡིན་ནོ། །མི་ལྕོགས་པ་མེད་པ་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེའི་ས་པ་ནི་མི་ལྕོགས་པ་མེད་པའི་ས་པ་སྟེ། ཤིན་ཏུ་གོམས་པའི་ཕྱིར་དང་འགལ་བ་ཡིན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་ཡིན་ནོ་ཞེས་བྱ་བ་
ནི་སྐྱེས་ནས་ཐོབ་པའི་དགེ་བའམ། ཐོས་པ་དང་བསམས་པ་ལས་བྱུང་བའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་བརྟེན་ནས་ཞེས་བྱ་བ་ལ། གལ་ཏེ་སྲིད་པའི་རྩེ་མོར་སྐྱེས་པ་ཡིན་ན་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་སྦྱོར་བ་ལས་བྱུང་བ་མངོན་དུ་བྱེད་དེ། ཆུང་བའི་ཕྱིར་སྐྱེས་ནས་འཐོབ་པ་ནི་མ་
ཡིན་ནོ། །དེ་ལས་གཞན་པའི་ས་རྣམས་སུ་ནི་རང་གི་ས་ཁོ་ན་སྟེ། སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །བསམས་པ་ལས་བྱུང་བ་ནི་མེད་དེ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་དེ་དག་སེམས་མེད་པར་རྩོམ་པ་དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་ཁོ་ན་ཉེ་བར་
གནས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ཤིན་ཏུ་གོམས་པའི་ཕྱིར་དང་། བསམ་པ་ཁ་ནང་དུ་བལྟས་ནས་འཇུག་པའི་ཕྱིར་དེ་དག་སེམས་པ་ན་ཏིང་ངེ་འཛིན་ཁོ་ནས་ཉེ་བར་གནས་པ་ཡིན་ནོ། །ཡིད་ལ་བྱེད་པ་ལྔའི་མཇུག་ཐོགས་སུ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་
เล่ม ๑๔๔ · หน้า 254b
དང་། བསམས་པ་ལས་བྱུང་བ་དང་། གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བ་ཉིད་ཀྱི་མཇུག་ཐོགས་སུ་ཡིན་གྱི། སྐྱེས་ནས་ཐོབ་པ་པ་དག་གི་མཇུག་ཐོགས་སུ་ནི་མ་ཡིན་ནོ། །འདི་ལ་རྒྱུ་ནི་
སྦྱོར་བ་ལ་རག་ལུས་པའི་ཕྱིར་རོ་ཞེས་བྱ་བའོ། །གང་རག་ལུས་ཤེ་ན་ལམ་མོ། །དེ་དག་ལས་སེམས་གང་ལ་དུ་ཞིག་རྙེད་ཅེ་ན་ཞེས་བྱ་བ་ནི་ངེས་པར་གདོན་མི་ཟ་བ་ཉིད་དུ་སྙམ་དུ་བསམས་པའོ། །ཁམས་གསུམ་པ་ཡི་ཉོན་མོངས་ཅན། །ཞེས་བྱ་བ་ལ་སོགས་པ་ལ། ཅི་སྐད་ཅིག་མ་
གཅིག་ལ་དྲུག་དང་དྲུག་དང་གཉིས་རྙེད་དམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། རེ་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་འགྱུར་ན་ཁམས་སུ་སླར་ཟློག་པ་དང་། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་ཡོངས་སུ་ཉམས་པ་རྣམས་ཀྱི་ཚེ་ཅི་རིགས་པར་ཡོངས་སུ་བགྲངས་ཏེ་དྲུག་
རྙེད་དོ། །ཐེ་ཚོམ་གྱིས་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་ཞེས་བྱ་བ་ལ། ཐེ་ཚོམ་ནི་ཉོན་མོངས་པ་ཅན་ཡིན་པས་དེ་དང་མཚུངས་པར་ལྡན་པའི་སེམས་ཀྱང་ཉོན་མོངས་པ་ཅན་ཡིན་ནོ། །ཉོན་མོངས་པ་ཅན་ཡིན་ན་ཇི་ལྟར་དགེ་བའི་རྩ་བ་དག་མཚམས་སྦྱོར་ཞེ་ན། རྒྱུ་དང་འབྲས་བུ་ལ་
སྐུར་པ་འདེབས་པའི་ལྟ་བ་ཡོངས་སུ་གཏོང་བ་ལས་སོ། །ཁམས་སུ་སླར་ལྡོག་པ་ལས་ཞེས་བྱ་བ་ལ། གང་གི་ཚེ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་འདོད་པ་ན་སྤྱོད་པའི་དགེ་བ་སྐྱེས་ནས་ཐོབ་པ་རྙེད་དོ། །དེ་ལྟར་ན་ཐེ་ཚོམ་དང་མཚུངས་
པར་ལྡན་པ་དང་། ཉིང་མཚམས་སྦྱོར་བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རྣམ་པ་གཉིས་ལས་དགེ་བའི་སེམས་རྙེད་དོ། །མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཚེ་གཟུགས་ཀྱི་ཁམས་སམ་གཟུགས་མེད་པའི་ཁམས་
ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་ཉིང་མཚམས་སྦྱོར་བའི་སེམས་མི་དགེ་བའམ་བསྒྲིབས་པ་མངོན་དུ་གྱུར་ན་འདོད་པ་ན་སྤྱོད་པའི་མི་དགེ་བ་དང་བསྒྲིབས་པའི་སེམས་རྙེད་དེ། གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་ཞེས་བྱ་བ་ལ། གང་གི་ཚེ་གཟུགས་མེད་པའི་ཁམས་ནས་
เล่ม ๑๔๔ · หน้า 255a
ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་ཡང་ལྡན་པ་རྙེད་དོ། །ས་འོག་མར་སྐྱེས་པ་ས་གོང་མ་པའི་ཉོན་མོངས་པ་དང་ལྡན་པས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སྔ་ནས་ལྡན་པའི་ཕྱིར་ཡང་མི་བགྲང་
ངོ་། །ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ན། འདོད་པར་གཏོགས་པའི་མི་དགེ་བ་དང་བསྒྲིབས་པ་རྙེད་ལ། འདོད་པར་གཏོགས་པའི་ཀུན་ནས་དཀྲིས་པས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་
ཡོངས་སུ་ཉམས་པ་ན་གཟུགས་སུ་གཏོགས་པའི་བསྒྲིབས་པ་ཡང་རྙེད་དོ། །དེ་ལྟར་ན་ཡོངས་སུ་ཉམས་པ་དང་ཉིང་མཚམས་སྦྱོར་བ་རྣམ་པ་གཉིས་ལས་འདོད་པར་གཏོགས་པའི་མི་དགེ་བ་དང་། འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྙེད་དོ། །
ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ་ཞེས་བྱ་བ་ལ། འདི་གཉིས་ནི་ཡོངས་སུ་ཉམས་པ་ཁོ་ན་ལས་རྙེད་ཀྱི་ཉིང་མཚམས་སྦྱོར་བ་ལས་ནི་མ་ཡིན་ནོ། །དེ་ལྟར་ན་འདི་དག་ནི་གང་དག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་ལ་རྙེད་པ་དྲུག་ཡིན་ཏེ།
འདོད་པ་ན་སྤྱོད་པ་དགེ་བ་དང་མི་དགེ་བ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་གསུམ་དང་། གཟུགས་དང་གཟུགས་མེད་པར་གཏོགས་པའི་སྒྲིབ་པ་དག་དང་སློབ་པའོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཡང་དྲུག་རྙེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་ན་སྤྱོད་པ་གསུམ་སྟེ།
སྐྱེས་ནས་ཐོབ་པའི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་སྤྲུལ་པའི་སེམས་སོ། །འདོད་པ་ན་སྤྱོད་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྤྲུལ་པའི་སེམས་ཉིད་དོ། །རྙེད་པའི་དུས་དག་མང་བའི་ཕྱིར་དུས་གང་གི་ཚེ་ཡིན་པ་མི་ཤེས་པས། ཁམས་སུ་སླར་ལོག་པ་ལས་ཞེས་བྱ་བ་སྨོས་ཏེ། གང་
གི་ཚེ་འདི་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་དེའི་ཚེ་ཉིང་མཚམས་སྦྱོར་བའི་སེམས་མངོན་དུ་གྱུར་པ་ན་སེམས་བཞི་པོ་འདི་དག་རྙེད་དོ། །གཟུགས་མེད་པ་ན་སྤྱོད་པའི་དོན་མོངས་པ་ཅན་དང་ཞེས་བྱ་བ་ལ། གང་གི་ཚེ་གཟུགས་ན་སྤྱོད་པའི་ཀུན་ནས་དཀྲིས་པས་
เล่ม ๑๔๔ · หน้า 255b
དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་དེའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པ་རྙེད་དོ། །གལ་ཏེ་ཡང་གནས་སྐབས་དེར་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ཡང་རྙེད་མོད་ཀྱི་དེ་ནི་སྔར་བགྲངས་ཟིན་པ་ཉིད་ཀྱི་ཕྱིར་ཡང་མི་བགྲང་ངོ་། །འདི་དག་ནི་སེམས་དྲུག་ཡིན་
ཏེ། གཟུགས་ན་སྤྱོད་པ་གསུམ་དང་། འདོད་པ་ན་སྤྱོད་པ་གཅིག་དང་། གཟུགས་མེད་པ་ན་སྤྱོད་པ་གཅིག་དང་སློབ་པའོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་གཉིས་རྙེད་དེ་ཞེས་བྱ་བ་ལ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཁོ་ན་གཟུགས་མེད་པ་ན་སྤྱོད་པའི་ཉོན་
མོངས་པ་ཅན་གྱི་སེམས་དང་མི་ལྡན་པས་དེ་ཉིད་གཟུགས་མེད་པར་གཏོགས་པའི་ཀུན་ནས་དཀྲིས་པས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ན་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྙེད་དོ། །འདི་གཉིས་ནི་ཡོངས་སུ་ཉམས་པ་ཁོ་ན་ལས་རྙེད་ཀྱི་ཁམས་སུ་
སླར་ལོག་པ་ལས་ནི་མ་ཡིན་ཏེ། དེའི་གོང་ན་ཁམས་གཞན་མེད་པའི་ཕྱིར་རོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གོ། །ཞེས་བྱ་བ་ལ། སྙོམས་པར་འཇུག་པ་ལས་ཞེས་བྱའོ། །གང་གི་ཚེ་འདིས་དང་པོར་བསམ་གཏན་གྱི་དངོས་གཞི་ཐོབ་པ་དེའི་ཚེ་གསུམ་རྙེད་དོ། །དགེ་བ་དེ་ཉིད་དང་ཞེས་བྱ་བ་ནི་གང་གི་རྙེད་
པས་གསུམ་རྙེད་པར་བརྗོད་པའོ། །འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་གོ་ཞེས་བྱ་བ་ནི་སྤྲུལ་པ་དག་གོ། །སློབ་པ་ལ་བཞི་ཞེས་བྱ་བ་ལ། གང་ཞིག་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འཕགས་པའི་ལམ་གྱིས་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་འདོད་པའི་
ཁམས་ལས་འདོད་ཆགས་དང་བྲལ་ཞིང་། བསམ་གཏན་དང་པོའི་ས་པའི་སེམས་རྙེད་པ་དེའི་ཚེ་དེས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཕྱིར་མི་འོང་བའི་འབྲས་དུས་བསྡུས་པའི་སློབ་པ་སྔོན་མ་བྱུང་བ་ཁྱད་པར་དུ་འཕགས་པ་རྙེད་པས་སློབ་པ་རྙེད་པ་ཞེས་བརྗོད་དོ། །འདོད་པ་དང་
གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ནི་སྤྲུལ་པའི་སེམས་དག་ཁོ་ནའོ། །གཟུགས་མེད་པ་ཡི་དགེ་བའོ། །ཞེས་བྱ་བ་ལ། ས་དྲུག་གི་འཕགས་པའི་ལམ་གྱིས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ནི་རྣམ་པར་གྲོལ་བའི་ལམ་དགུ་པ་གང་ཡིན་པ་དེར་དེ་
เล่ม ๑๔๔ · หน้า 256a
པའི་ཏིང་ངེ་འཛིན་ཐོབ་པ་ལས་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་རྙེད་དོ། །འཕགས་པའི་ལམ་སྨོས་པ་ནི་སློབ་པའི་སེམས་ཉེ་བར་བླང་བར་བྱ་བའི་ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་ན་ནི་དྲོ་བར་གྱུར་པའི་གནས་སྐབས་ཁོ་ནར་གཟུགས་ན་སྤྱོད་པའི་
དགེ་བ་རྙེད་པ་ཉིད་ཡིན་པས། ངེས་པ་ལ་འཇུག་པའི་གནས་སྐབས་སུ་མི་བགྲང་ངོ་། །འདོད་པ་ན་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་བྱེད་པ་ན་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་ནི་གསུམ་མོ། །གཟུགས་ཀྱི་ཁམས་ལས་འདོད་ཆགས་
དང་བྲལ་བར་བྱེད་པ་ནི་གཟུགས་མེད་པར་གཏོགས་པའི་དགེ་བའོ། །ལྷག་མ་དེ་ཞེས་བྱ་བ་འབྱུང་ངོ་། །ལྷག་མ་ཡང་གང་ཞིག་ཅེ་ན། ཁམས་གསུམ་གྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། འདོད་པར་གཏོགས་པ་གཟུགས་མེད་པར་གཏོགས་པའི་དགེ་བ་དང་མི་སློབ་པའོ། །དེ་ལ་
འདོད་པར་གཏོགས་པའི་དགེ་བའི་སེམས་མངོན་དུ་གྱུར་ན་འདོད་པར་གཏོགས་པའི་དགེ་བ་ཁོ་ན་རྙེད་དེ། མི་སློབ་པ་མངོན་དུ་གྱུར་ན་མི་སློབ་པ་ཁོ་ན་རྙེད་ཀྱི་གཞན་མི་རྙེད་པའི་བར་དུ་ཡང་དེ་དང་འདྲའོ། །འདི་ལྟར་ཉོན་མོངས་པ་ཅན་གྱི་སེམས་ནི་ཡོངས་སུ་ཉམས་པ་དང་། ཉིང་མཚམས་
སྦྱོར་བ་དག་གི་ཚེ་རྙེད་ན། སེམས་འདི་དག་ནི་ཡོངས་སུ་ཉམས་པ་དང་ཉིང་མཚམས་སྦྱོར་བ་དག་གི་ཚེ་མི་སྲིད་དོ། །གཞན་དག་ནི་ཞེས་བྱ་བ་ནི་སྤེལ་མ་མཁན་དག་གོ། །ཁྱད་པར་མེད་པར་ཞེས་བྱ་བ་ལ། ཁམས་ཀྱི་དབྱེ་བས་ཉོན་མོངས་པ་ཅན་དབྱེ་བ་ཁས་མ་བླངས་པར་ཉོན་མོངས་པ་ཅན་གྱི་སེམས་
ལ་དགུ་རྙེད་དོ་ཞེས་ཟེར་རོ། །ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པ་བཞི་པོ་དགེ་བ་དང་། མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་ན་སྤྱོད་པ་གསུམ་པོ་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་།
མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ། །དགེ་བའི་སེམས་ལ་དྲུག་ཡིན་ཏེ། །ཞེས་བྱ་བ་འདིར་ཡང་ཁམས་གསུམ་པ་ཁོ་ན་ཤེས་པར་བྱ་བའོ། །དེ་ལ་དགེ་བའི་སེམས་ལ་ནི་དྲུག་སྟེ། འདོད་ཆགས་དང་
เล่ม ๑๔๔ · หน้า 256b
བྲལ་བ་ཐོབ་པ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་སྤྲུལ་པའི་སེམས་དག་དང་། དེ་པའི་ཏིང་ངེ་འཛིན་ཐོབ་པ་ལས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དག་དང་། ངེས་པ་ལ་འཇུག་པའི་ཚེ་སློབ་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པའི་ཚེ་མི་སློབ་པ་སྟེ། སེམས་དྲུག་པོ་
འདི་དག་ནི་དགེ་བའི་སེམས་ལ་རྙེད་དོ། །དགེ་བའི་སེམས་ལ་འདུན་པ་རྙེད། །ཅེས་བྱ་བ་འདིར་ཡང་ཁམས་གསུམ་པ་ཡང་སྲིད་དོ་ཞེས་བསྟན་པའི་ཕྱིར། དེར་ནི་དགེ་བའི་སེམས་ལ་འདུན་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་ཞེ་ན་དེའི་ཕྱིར། ཡང་དག་པའི་ལྟ་བས་དགེ་བའི་རྩ་བ་ཉིང་
མཚམས་སྦྱོར་བ་ལས་ཞེས་བྱ་བ་སྨོས་ཏེ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་འབྱུང་བའི་ཕྱིར་རོ། །ལུང་མ་བསྟན་ལ་དེ་ཉིད་དོ། །ཞེས་བྱ་བ་ལ། ལུང་དུ་མ་བསྟན་པའི་སེམས་རྙེད་པ་ལ་ནི་ལུང་དུ་མ་བསྟན་པ་དེ་ཉིད་རྙེད་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་ཞེ་ན། མ་བསྒྲིབས་ལ་
ལུང་དུ་མ་བསྟན་པའི་སེམས་ཀྱིས་ནི་ཉིང་མཚམས་སྦྱོར་བ་མ་ཡིན་ལ། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཞིང་། ཡོངས་སུ་ཉམས་པ་ཡང་མ་ཡིན་ནོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་སྦྱོར་བས་འཐོབ་པས་ཅུང་ཟད་ཀྱང་མེད་ལ། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བའི་ཚེ་ཡང་མ་ཡིན་
ནོ། །ལྷག་མ་ནི་རྣམ་པར་བཤད་པ་འདི་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ། །ལྷག་མ་ཡང་གང་ཞིག་ཡིན་ཞེ་ན། ཉོན་མོངས་ཅན་གྱི་སེམས་ལ་ནི། །མཁས་པ་རྣམས་ཀྱིས་དགུ་རྙེད་བརྗོད། །ཅེས་གང་སྨྲས་པའོ། །འདི་གང་གི་ལྷག་མ་ཡིན་ཞེ་ན། དགེ་བའི་སེམས་ལ་དྲུག་ཡིན་ཏེ། །
ལུང་མ་བསྟན་ལ་དེ་ཉིད་དོ། །ཞེས་བྱ་བ་ཚིགས་སུ་བཅད་པ་ཕྱེད་ཕྱི་མའི་ཕྱེད་པོ་དོན་བཤད་ཟིན་པ་ཅན་གྱི་སྟེ། མཛོད་མཁན་འདི་ཉིད་ཀྱིས་དོན་བཤད་ཟིན་ཏོ། །རྣམ་པར་བཤད་པ་གང་གིས་འདིའི་དོན་ཁོང་དུ་ཆུད་པར་བྱ་ཞེ་ན། ཁམས་གསུམ་པ་ཡི་ཉོན་མོངས་པ་ཅན། །དྲུག་དང་དྲུག་དང་
གཉིས་རྙེད་དོ། །ཞེས་བྱ་བ་འདི་ཉིད་ཀྱིས་ཏེ། དེ་དག་ཁོ་ན་ཁྱད་པར་མེད་པར་དགུར་བྱས་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ། ཁམས་སུ་སླར་ལོག་པ་ལས་འདོད་པ་ན་སྤྱོད་པའི་དགེ་བ་དང་། མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་གསུམ་
เล่ม ๑๔๔ · หน้า 257a
དང་། གཟུགས་ན་སྤྱོད་པ་ལ་ཁམས་སུ་སླར་ལྡོག་པ་ལས་གཟུགས་ན་སྤྱོད་པ་གསུམ་དང་། འདོད་པ་ན་སྤྱོད་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ། །འདིའི་བསྡུ་
བའི་ཚིགས་སུ་བཅད་པ་ནི། །ལྡོག་ལས་འདོད་ཁམས་གསུམ་ཡིན་ཏེ། །གཟུགས་ན་བཞིའོ་དེ་བཞིན་དུ། །ཉམས་ལས་གཟུགས་མེད་གཏོགས་སློབ་སྟེ། །མ་ཕྱེད་དེ་བཞིན་གཤེགས་པར་བྱ། །ཞེས་བྱ་བ་འདི་ཡིན་ཏེ། འདི་ནི་དོན་གོ་ཟིན་པའི་ཕྱིར་ཡང་རྣམ་པར་མི་བཤད་དོ། །སྐྱེ་དང་སྙོམས་
པར་འཇུག་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་འདི་ནི། །ཁམས་གསུམ་པ་ཡི་ཉོན་མོངས་ཅན། །ཞེས་བྱ་བའི་ཐ་ཚིག་ལེའུར་བྱས་པ་དེ་ལས་རྙེད་པ་བཤད་པ་གང་ཡིན་པ་དེ་བསྡུ་བར་བྱ་བའི་ཕྱིར་རོ། །སྐྱེ་བའི་ཚེ་ཇི་ལྟར་རྙེད་ཅེ་ན། དགེ་བ་དང་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་
ལུང་དུ་མ་བསྟན་པ་རྣམས་ཏེ། ཁམས་གསུམ་སླར་ལོག་པ་ལས་དེ་དག་རྙེད་དོ། །སྙོམས་པར་འཇུག་པའི་ཚེ་ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དག་ནི་དེ་པའི་ཏིང་ངེ་འཛིན་ཐོབ་པ་ལགས་སོ། །འདོད་ཆགས་དང་བྲལ་བའི་ཚེ་ཇི་ལྟར་ཞེ་ན། སློབ་པ་ལ་བཞི། འཕགས་
པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་སྤྲུལ་པའི་སེམས་ལ་སོགས་པ་རྣམས་རྙེད་པར་བཤད་པ་ལྟ་བུའོ། །ཡོངས་སུ་ཉམས་པའི་ཚེ་ཇི་ལྟར་ཞེ་ན་ཇི་སྐད་དུ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ་ཞེས་བཤད་པ་
ལྟ་བུའོ། །དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བའི་ཚེ་ཇི་ཞེ་ན། ཐེ་ཚོམ་མམ་ཡང་དག་པའི་ལྟ་བས་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ལ་དགེ་བ་ལྟ་བུའོ། །སེམས་དེ་དང་ལྡན་པ་མིན་ལས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སེམས་རྣམས་དང་མི་ལྡན་པ་ལས་རྙེད་ཅེས་བྱ་བའི་ཐ་
ཚིག་གོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལས་དབང་པོ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གཉིས་པའི་འགྲེལ་བཤད་དོ།། །།ད་ནི་ཞེས་བྱ་བ་ལ། འདི་ནི་མཛོད་ཀྱི་གནས་གསུམ་པའི་
เล่ม ๑๔๔ · หน้า 257b
འགྲེལ་བསྟན་པར་བྱ་བའི་ཕྱིར་སྨོས་སོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ངེས་པས་སེམས་ལ་སོགས་པ་བསྟན་པ་བྱས་པ་ཞེས་བྱ་བ་ལ། ངེས་པའི་དངོས་པོ་ནི་ངེས་པ་ཡིན་པའམ། ངེས་པ་ཉིད་ངེས་པ་ཡིན་ཏེ། དེས་ན། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་
པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཞེས་སེམས་ལ་སོགས་པ་བསྟན་པ་བྱས་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཁམས་དང་དབང་པོ་ལ་སོགས་པ་བསྡུ་སྟེ། ཇི་སྐད་དུ། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་
ཁམས་ན་བཅུ་བཞིའོ། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་དབང་པོ་རྣམས་ཀྱང་། །དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་ཞེས་རྒྱས་པར་བཤད་ལ། ཐལ་མ་ཐག་ཏུ་ཡང་། ཁམས་གསུམ་པ་ཡི་ཉོན་
མོངས་ཅན། །ཞེས་བྱ་བ་ལ་སོགས་པ་བཤད་ན། འདོད་པ་དང་གཟུགས་དང་གཟུགས་མེད་པ་དེ་དག་གི་མཚན་ཉིད་མ་བསྟན་པ་ཡིན་པས་འདྲི་བ་ནི་དེ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དེ་དག་གང་ཡིན་པ་བརྗོད་པར་བྱ་སྟེ་ཞེས་བྱའོ། །དེའི་ཕྱིར། དམྱལ་བ་ཡི་དགས་
དུད་འགྲོ་དང་། །མི་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་དག་ལ་ཡིད་དུ་འོང་བ་ཅུང་ཟད་ཀྱང་མེད་པས་དམྱལ་བ་དག་གོ། །སྐོམ་པས་ཡོངས་སུ་ནོན་པས་ན་ཡི་དགས་སོ། །དུད་དེ་འགྲོ་བས་ན་དུད་འགྲོའོ། །ཡིད་ཤས་ཆེ་བའི་ཕྱིར་ན་མི་དག་གོ། །འཇིག་རྟེན་པ་རྣམས་ན་རེ་ཤེད་ཀྱི་བུ་ཡིན་
པས་ནའོ་ཞེས་ཟེར་རོ། །འདི་དག་གི་ཁང་ཁྱིམ་ནམ་མཁའ་ལ་ཡོད་པའམ། དེ་ལ་གནས་པས་ན་ལྷའོ། །རྩེ་བས་ན་ལྷ་སྟེ་རོལ་པས་ན་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ཆེན་པོའི་གནས་བཞི་ཡོད་པ་ནི་རྒྱལ་ཆེན་བཞིའི་རིས་པ་རྣམས་ཏེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་གླང་གི་ཤིང་
རྟ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འདི་དག་ལ་རྒྱལ་པོ་ཆེན་པོ་བཞིའི་དབང་ཕྱུག་ཡོད་པས་ན་རྒྱལ་ཆེན་བཞི་པ་རྣམས་སོ། །ལེགས་པར་བྱས་པ་ལྷན་ཅིག་ཏུ་བྱས་པ་དག་གིས་དེར་སྐྱེ་བས་ན་སུམ་ཅུ་རྩ་གསུམ་པ་རྣམས་སོ། །འཇིག་རྟེན་པ་རྣམས་ན་རེ་ནོར་ལྷ་བརྒྱད་དང་། ཐ་སྐར་གྱི་བུ་གཉིས་
เล่ม ๑๔๔ · หน้า 258a
དང་། དྲག་པོ་བཅུ་གཅིག་དང་། ཉི་མ་བཅུ་གཉིས་ཏེ། དེ་ལྟར་ན་ཉེ་དབང་སུམ་ཅུ་རྩ་གཉིས་དང་། དབང་པོ་གཅིག་སྟེ་སུམ་ཅུ་རྩ་གསུམ་མོ་ཞེས་ཟེར་ཏེ། གསུང་རབ་ལས་ཀྱང་དེའི་རྗེས་སུ་འབྲངས་ཏེ་དེ་ལྟར་མིང་བསྙད་དོ། །སྡུག་བསྔལ་དང་བྲལ་ཞིང་བྱེ་བ་ནི་འཐབ་བྲལ་བ་
རྣམས་སོ། །དགའ་བ་དང་ལྡན་ཞིང་ཉེ་བར་འབྲེལ་པར་གནས་པས་ན་དགའ་ལྡན་པ་རྣམས་ཏེ། འདི་ནི་དགའ་བ་མགུ་བའོ་དགའ་བ་རངས་པའོ་ཞེས་བྱ་བའི་སྐད་ཀྱི་དབྱིངས་དག་ལ་ཡིན་ནོ། །འདི་དག་ལ་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བས་འཕྲུལ་པ་ལ་དགའ་བ་ཡོད་པས་ན་འཕྲུལ་
དགའ་བ་རྣམས་སོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་དག་དབང་སྒྱུར་བར་བྱེད་པས་ན་གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །དམྱལ་བ་ཆེན་པོ་བརྒྱད་དེ་ཞེས་བྱ་བ་ལ། ཡང་སོས་ནི་གང་ན་སེམས་ཅན་ལུས་བཅད་ཅིང་གཏུབས་པས་འཆི་བ་རྣམས་ཡང་སོས་པས་ན་ཡང་སོས་སོ། །ཐིག་
ནག་ནི་གང་ན་སེམས་ཅན་རྣམས་ཐིག་ནག་པོས་བཏབ་ནས་འདྲ་བའོ། །བསྡུས་འཇོམས་ནི་གང་དུ་སེམས་ཅན་རྣམས་ངོས་གཉིས་ནས་ལུག་ལྟ་བུའི་རི་འོངས་ཏེ་འཇོམས་པའོ། །ངུ་འབོད་ནི་གང་དུ་སེམས་ཅན་རྣམས་གཟིར་བ་ན་མཆོག་ཏུ་རྣམ་པར་འགྱུར་ཞིང་ང་རོ་འབྱིན་པའོ། །གང་དུ་ཁྱད་པར་དུ་
ཡིན་པ་དེ་ནི་ངུ་འབོད་ཆེན་པོའོ། །ཚ་བ་ནི་གང་དུ་སེམས་ཅན་རྣམས་མེ་ལ་སོགས་པ་དག་གིས་གདུང་བར་བྱེད་པའོ། །གང་དུ་ཁྱད་པར་དུ་ཡིན་པ་དེ་ནི་རབ་ཏུ་ཚ་བའོ། །མནར་མེད་པ་ནི་གང་དུ་སེམས་ཅན་མེ་འབར་བས་ཏེ་པོར་བསྐོར་བ་རྣམས་ལ་བདེ་བའི་མནར་མེད་དོ། །ཡང་ན་སྡུག་བསྔལ་ལ་
བར་མཚམས་མེད་པའི་ཕྱིར་མནར་མེད་པའོ། །འཛམ་བུའི་གླིང་ནི་འཛམ་བུས་མཚོན་པའི་གླིང་ངོ་། །ཤར་གྱི་ལུས་འཕགས་ནི་ལྷུན་པོའི་ཤར་ནའོ། །ནུབ་ཀྱི་བན་གླང་སྤྱོད་ནི་གང་ཞིག་ནུབ་ན་ཡོད་པའོ། །བྱང་གི་སྒྲ་མི་སྙན་ནི་བྱང་ནའོ། །འདི་དག་ནི་མིང་སྟེ་གླིང་དེ་དག་ནི་འཇིག་རྟེན་ལ་
གྲགས་པར་ཟད་དོ། །བཤད་མ་ཐག་པའི་ལྷའི་རིགས་དྲུག་དང་ཞེས་བྱ་བ་ལ། དམྱལ་བ་བརྒྱད་དང་གླིང་བཞི་དང་། རྒྱལ་ཆེན་བཞི་ལ་སོགས་པ་བཤད་མ་ཐག་པ་དྲུག་དང་། ཡི་དགས་དང་དུད་འགྲོ་སྟེ། དེ་ལྟར་ན་གནས་ཉི་ཤུ་པོ་དེ་དག་ནི་འདོད་པའི་ཁམས་ཡིན་ནོ། །ཆུ་བུར་ཅན་ལ་
เล่ม ๑๔๔ · หน้า 258b
སོགས་པ་གྲང་བའི་དམྱལ་བ་བརྒྱད་ནི་ཡང་སོས་ལ་སོགས་པ་རྣམས་ཀྱི་ངོས་བཞིན་དེ་དག་གི་འཁོར་ལྟ་བུར་གནས་ཏེ། དེས་ན་གཙོ་བོ་མ་ཡིན་པའི་ཕྱིར་གྲང་བའི་དམྱལ་བ་རྣམས་ལོགས་ཤིག་ཏུ་མ་བསྟན་ལ། ཉི་ཚེ་བའི་དམྱལ་བ་རྣམས་ཀྱང་ཡུལ་དང་གྲངས་དང་ཚད་མ་ངེས་པས་ལོགས་ཤིག་ཏུ་མ་
བརྗོད་དོ། །དེ་ཉིད་ཀྱི་ཕྱིར་དམྱལ་བ་ཆེན་པོ་ཞེས་ཁྱད་པར་ལ་བརྟེན་ཏེ། གཞན་དག་ཀྱང་ཡོད་བཞིན་དུ་སྙམ་དུ་བསམས་པའོ། །དེར་སོ་སོར། བསམ་གཏན་ས་ནི་གསུམ་པ་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེ་ཞིག་བསམ་གཏན་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་
རེ་ཞིང་ས་རྣམ་པ་གསུམ་ཡིན་ནོ། །བཞི་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་ཕྱེ་བའི་ཕྱིར་དང་། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་འཕགས་པའི་ཡང་རྣམ་པ་ལྔར་ཕྱེ་བའི་ཕྱིར་ས་བརྒྱད་པ་ཉིད་དོ། །ལས་ཆེན་པོ་ལས་སྐྱེས་པའི་ཕྱིར་ཚངས་པའི་རིས་ན་ཡོད་པ་ནི་
ཚངས་རིས་རྣམས་སོ། །གཞན་དག་ནི་ཚངས་པའི་འཁོར་དུ་བྱུང་བའི་ཕྱིར་ཚངས་འཁོར་ཏེ། ཚངས་པའི་རིམ་གྲོ་པ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་མདུན་ན་འདོན་ལྟ་བུར་འདུག་པས་མདུན་ན་འདོན་ཏེ་ཞེས་འདོན་ཏོ། །ཚངས་པའི་མདུན་ན་འདོན་པར་བྱེད་པས་ན་ཚངས་པའི་མདུན་ན་འདོན་
རྣམས་སོ། །ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་དག་གིས་ཚངས་ཆེན་ཡིན་པས་ན་ཚངས་ཆེན་རྣམས་ཏེ། ཚངས་པ་ཡང་དེ་དག་ཡིན་ལ་ཚངས་པ་ཆེན་པོ་ཡང་ཡིན་པས་ན་ཚངས་ཆེན་ནོ། །འདི་དག་ལ་རང་གི་ས་ལ་ལྟོས་ནས་འོད་ཆུང་བས་ན་འོད་ཆུང་རྣམས་སོ། །འདི་དག་ལ་འོད་གཞལ་དུ་མེད་
པ་ཡོད་པས་ན་ཚད་མེད་འོད་རྣམས་སོ། །འདི་དག་ལ་སྤྲིན་ལས་གློག་ལྟར་གང་རུང་རུང་ནས་འོད་འབྱུང་ཞིང་འཕྲོ་བ་ཡོད་པས་ན་འོད་གསལ་རྣམས་སོ། །ཡིད་ཀྱི་ས་པའི་བདེ་བ་ལ་དགེ་བ་ཞེས་བརྗོད་དེ། འདི་དག་ལ་རང་གི་ས་ལ་ལྟོས་ནས་ཆུང་ངུ་ཡོད་པས་ན་དགེ་ཆུང་རྣམས་སོ། །འདི་དག་ལ་དགེ་
བ་གཞལ་དུ་མེད་པ་ཡོད་པས་ན་ཚད་མེད་དགེ་རྣམས་སོ། །འདི་དག་ལ་དགེ་བ་མཐའ་དག་ཡོད་པས་ན་དགེ་རྒྱས་རྣམས་ཏེ། དེ་བས་མཆོག་ཏུ་གྱུར་པའི་བདེ་བ་ནི་གཞན་ན་མེད་དོ་སྙམ་དུ་བསམས་པའོ། །འདི་དག་ལ་སྤྲིན་བཞིན་དུ་ས་དང་འབྲེལ་པ་མེད་པས་ན་སྤྲིན་མེད་རྣམས་ཏེ། དེའི་གཞལ་
เล่ม ๑๔๔ · หน้า 259a
མེད་ཁང་། སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །འདི་དག་མི་གཡོ་བའི་ལས་ལས་བྱུང་བའི་ཕྱིར་བསོད་ནམས་དག་ལས་སྐྱེས་པས་ན་བསོད་ནམས་སྐྱེས་རྣམས་སོ། །འདི་དག་ལ་གནས་གཞན་ལ་རག་ལས་པའི་འབྲས་བུ་ཆེན་པོ་སོ་སོའི་སྐྱེ་
བོ་པ་ཐམས་ཅད་པས་མཆོག་ཏུ་གྱུར་པ་འབྱུང་བས་ན་འབྲས་བུ་ཆེ་བ་རྣམས་སོ། །སོ་སོའི་སྐྱེ་བོ་དང་མ་འདྲེས་པའི་ཕྱིར་འདི་དག་གི་གནས་གཙང་མ་རྣམས་སོ། །དུས་ཐུང་ངུས་བདག་དང་གནས་གཏོང་ཞིང་འདོར་བར་མི་བྱེད་པས་ན་མི་ཆེ་བ་རྣམས་སོ། །གཞན་དག་ན་རེ་ནི་འདི་དག་ལ་ཉོན་མོངས་
པའི་ཚད་ཆེན་པོ་ལུས་པ་མེད་པས་ནའོ་ཞེས་ཟེར་རོ། །ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་བསྒོམས་པའི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་གདུང་བར་མི་བྱེད་པས་ན་མི་གདུང་བ་རྣམས་སོ། །ཡང་ན་བསམ་པ་དགེ་བའི་ཕྱིར་གཞན་དག་གདུང་བར་མི་བྱེད་པས་ན་མི་གདུང་བ་རྣམས་སོ། །སྣང་བ་ཡོངས་
སུ་དག་པའི་ཕྱིར་ལེགས་པར་སྣང་བས་ན་གྱ་ནོམ་སྣང་རྣམས་སོ། །མཐོང་བས་མཛེས་པའི་ཕྱིར་ཤིན་ཏུ་མཐོང་རྣམས་སོ། །སྙོམས་པར་འཇུག་པ་མཆོག་དང་ལྡན་པའི་ཕྱིར་དང་། དེའི་གོང་ན་གཞན་མེད་པའི་ཕྱིར་དེ་དག་འོག་མ་ཡིན་པས་ན་འོག་མིན་ཏེ། ཐུ་བོར་གྱུར་པའི་ཕྱིར་རོ། །གཞན་དག་ན་རེ་
བསགས་པའི་གཟུགས་ཀྱི་མཐའ་ཡིན་པའི་ཕྱིར་གཟུགས་མཐའ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་དེ་དག་ནི་གནས་བཅུ་བདུན་ཞེས་བྱ་སྟེ། གནས་ཀྱི་སྒྲས་གནས་པ་བསྟན་ཏོ། །དེ་ལྟར་ན་ཉི་འོག་པའི་ལུགས་ཀྱིས་ནི་གཟུགས་ཀྱི་ཁམས་གནས་བཅུ་བདུན་ཏེ། ཚངས་ཆེན་པ་རྣམས་ཚངས་པའི་
མདུན་ན་འདོན་པ་དག་པས་ཚེ་དང་ལུས་ཀྱི་ཚད་དང་རྟོག་པ་དང་ཚོར་བ་ལ་སོགས་པ་ཐ་དད་པས་ཐ་དད་པའི་ཕྱིར་ས་གཞན་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ་བཅུ་དྲུག་པ་ཡིན་ཏེ་ཚངས་པའི་མདུན་ན་འདོན་ཁོ་ན་དག་ན་ཚངས་པ་ཆེན་པོའི་གནས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡོད་དོ་ཞེའོ། །པགས་པ་བཞིན་དུ་
ཞེས་བྱ་བ་ནི་བང་རིམ་བཞིན་དུ་སྟེ། ས་གཞན་ནི་མེད་དོ། །གཟུགས་མེད་ཁམས་ན་གནས་མེད་དོ། །ཞེས་བྱ་བ་ལ། འདི་ལ་གནས་ཡོད་པ་མ་ཡིན་པས་ན་གནས་མེད་དོ། །གཟུགས་ཅན་ནི་འདས་པ་དང་མ་འོངས་པ་རྣམས་ཡུལ་ན་མི་གནས་པ་ཡིན་གྱི། ད་ལྟར་བ་ནི་མ་ཡིན་ནོ། །གཟུགས་ཅན་མ་ཡིན་
เล่ม ๑๔๔ · หน้า 259b
པ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པ་རྣམས་ནི་ཐོགས་པ་མེད་པའི་ཕྱིར་དུས་གསུམ་ཀར་ཡང་ཡུལ་ན་མི་གནས་པ་ཡིན་ལ། གཟུགས་མེད་པ་རྣམས་ཀྱང་གཟུགས་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཡུལ་ན་མི་གནས་སོ། །གལ་ཏེ་དེ་ལྟ་ན་འོ་ན་དེ་རྣམ་པ་བཞི་ཡིན་ཞེ་ན། སྐྱེ་བ་ལས་
ནི་རྣམ་པ་བཞི་ཞེས་བྱ་བ་སྨོས་སོ། །དེ་དག་ལ་ཡུལ་གྱིས་བྱས་པའི་བློ་ནི་མེད་དེ་ཞེས་བྱ་བ་ནི་ཡུལ་ན་མི་གནས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་དེ་ཉིད་དུ་སྐྱེ་ན་ཇི་ལྟར་ཡུལ་ན་མི་གནས་པ་ཡིན་ཞེ་ན། རྟེན་སྔ་མའི་སྒོ་ནས་དེ་ཉིད་དུ་སྐྱེའོ་
ཞེས་བྱ་བར་གདགས་ཀྱི་ཡུལ་དེ་ན་གནས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། གཟུགས་ཀྱི་ལུས་མེད་པའི་ཕྱིར་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །འོ་ན་འཆི་འཕོ་བ་རྣམས་ཀྱིས་སྲིད་པ་བར་མ་དེ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། ཡུལ་དེའི་ལུས་ལ་ཆགས་པས་འཇུག་པ་རྙེད་པ་
ལས་བག་ཆགས་ཡོངས་སུ་རྒྱས་པས་དེ་ནས་འཆི་འཕོ་བ་རྣམས་ཀྱི་སྲིད་པ་བར་མ་ཡང་དེ་ཉིད་དུ་འགྲུབ་པས་སྐྱེ་བའི་བྱེ་བྲག་གིས་རྣམ་པ་བཞི་ཉིད་ཡིན་པར་རིགས་སོ། །གལ་ཏེ་བླ་འོག་མེད་ན་དེ་དག་གི་གོ་རིམས་གང་གིས་བྱས་ཤེ་ན། འདོད་ཆགས་དང་བྲལ་བ་དང་སྙོམས་པར་
འཇུག་པས་བྱས་པ་དང་། ཚེ་དང་སྐྱེ་བས་བྱས་པ་ཞིག་སྟེ། དེ་དག་སྐྱེ་བའི་རྒྱུ་ནི་ཇི་ལྟ་ཇི་ལྟར་འབྲས་བུ་མང་བའི་ཕྱིར་རོ། །ཇི་ལྟར་སེམས་ཅན་གཟུགས་ཅན་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདྲི་བའི་བསམ་པ་ནི་འདི་ན་འདོད་པ་དང་གཟུགས་ཀྱི་ཁམས་དག་གི་སེམས་དང་
སེམས་ལས་བྱུང་བ་རྣམས་ནི་བདག་མེད་ན་གཟུགས་ལ་བརྟེན་ཏེ་འཇུག་པར་བརྟགས་ན། གཟུགས་མེད་པ་དག་ན་ནི་གཟུགས་མེད་དེ། དེས་ན་དེ་ན་རྟེན་མེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འཇུག་པར་མི་འགྱུར་རོ་སྙམ་པའོ། །དེའི་ཕྱིར་དེའི་རྟེན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེར་
ནི་རིས་དང་སྲོག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་གཞན་བསྡུ་བར་བྱ་བའི་ཕྱིར་ཏེ། དེ་དག་ཀྱང་སོ་སོའི་སྐྱེ་བོ་ཉིད་དང་ཐོབ་པ་དང་སྐྱེ་བ་ལ་སོགས་པའོ། །དེ་དག་གི་རྟེན་ཉིད་ནི་སེམས་དང་སེམས་ལས་བྱུང་བ་འཇུག་
เล่ม ๑๔๔ · หน้า 260a
པའི་རྒྱུ་མཚན་གྱི་དངོས་པོར་ཉེ་བར་འགྲོ་བ་གང་ཡིན་པ་དེ་ཡིན་ཏེ། གང་ཞིག་ཡོད་པ་དང་མེད་པ་དག་ན་གང་ཞིག་འཇུག་པ་དང་ལྡོག་པ་དེ་ནི་དེའི་རྟེན་ཞེས་བྱའོ། །ཆོས་མངོན་པ་ཞེས་བྱ་བ་སྨོས་པ་དེ་དག་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་མེད་པའི་ཕྱིར་རྟེན་གྱི་དངོས་
པོར་མི་རུང་ངོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་སེམས་ཅན་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡང་ཇི་ལྟར་གཟུགས་ཅན་དག་ན་རིས་དང་སྲོག་ལ་བརྟེན་ནས་འཇུག་པ་མ་ཡིན་པ་ཞེས་བྱ་བ་འདི་ཤེས་པར་བྱ་ཞེ་ན། ལུས་ཀྱི་དབང་པོ་མེད་ན་དེ་མེད་པའི་ཕྱིར་རོ། །
གང་ཞིག་གང་གི་རྟེན་ཡིན་པ་དེ་ནི་ནམ་ཡང་དེའི་རྟེན་མ་ཡིན་པར་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཅན་རྣམས་ཀྱིས་ཀྱང་དེ་གཉིས་ཁོ་ན་ལ་བརྟེན་ནས་འཇུག་པར་ཁས་བླང་བར་བྱ་དགོས་སོ། །སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཀྱི་རྒྱུད་ཅེས་ཚིག་ལྷག་མ་དང་སྦྱར་བར་བྱའོ། །
དེ་སྟོབས་ཆུང་བ་ཉིད་ནི་སེམས་ཀྱི་རྒྱུད་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར་ཏེ། སྟོབས་ཆུང་བ་ནི་རྟེན་སྟོབས་དང་ལྡན་པ་ལ་མ་ལྟོས་པར་འབྱུང་བར་མི་ནུས་སོ། །དེའི་ཕྱིར་དེ་ནི་གཟུགས་ལ་བརྟེན་ནས་འཇུག་གོ། །དེས་ན་རིས་དང་སྲོག་ཀྱང་བརྟེན་ནས་འཇུག་སྟེ། དེ་ཉིད་ཀྱང་སྟོབས་ཆུང་བའི་
ཕྱིར་རོ། །དེས་ན་ཅིའི་ཕྱིར་སྟོབས་དང་ལྡན་པ་ཉིད་ཡིན་ཞེས་བྱ་བ་ནི་གཟུགས་མེད་པའི་སེམས་ཀྱི་རྒྱུད་དེ་སྟེ། དེའི་ཕྱིར་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །སྙོམས་པར་འཇུག་པ་དེ་སྙོམས་པར་འཇུག་པ་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་
སྙོམས་པར་འཇུག་པ་དེ་ནི་གཟུགས་དང་བྲལ་བའི་འདུ་ཤེས་ཅན་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ན་གཟུགས་ལ་མི་ལྟོས་པར་རིས་དང་སྲོག་ལ་བརྟེན་ནས་འཇུག་སྟེ། དཔེར་ན་འདོད་ཆགས་དང་བྲལ་བའི་ཕྱིར་གཟུགས་ཀྱི་ཁམས་ན་
ཁམ་གྱི་ཟས་མེད་པར་ལུས་གནས་ལ། དེའི་འདོད་ཆགས་མ་བྲལ་བའི་ཕྱིར་འདོད་པའི་ཁམས་ན་ནི་མ་ཡིན་པ་བཞིན་ནོ། །འོ་ན་ནི་སྟོབས་དང་ལྡན་པས་ཏེ་སྙོམས་པར་འཇུག་པའི་ཁྱད་པར་གྱིས་སྐྱེད་པ་དེ་ཁོ་ནས་རིས་དང་སྲོག་ལ་ལྟོས་པ་མེད་པར་འཇུག་པར་འགྱུར་གྱི་རྟེན་གཞན་གྱིས་ཅི་ཞིག་བྱ།
เล่ม ๑๔๔ · หน้า 260b
ཇི་ལྟར་གཟུགས་ཅན་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་གཟུགས་རྣམས་ཀྱི་རིས་མཐུན་པ་དང་སྲོག་གི་དབང་པོ་གཟུགས་ལ་བརྟེན་ནས་ཡིན་པ་དེ་ལྟར་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་དེ་དག་ཅི་ལ་བརྟེན་ནས་ཡིན། དེ་གཉིས་ཉིད་ཕན་ཚུན་དུའོ་ཞེས་བྱ་བ་ལ། རིས་མཐུན་པ་ནི་
སྲོག་གི་དབང་པོ་ལ་བརྟེན་ནས་འཇུག་ལ། སྲོག་གི་དབང་པོ་ཡང་རིས་མཐུན་པ་ལ་བརྟེན་ནས་སོ། །དེ་གཉིས་ཞེས་བྱ་བ་ནི་རིས་མཐུན་པ་དང་སྲོག་གི་དབང་པོ་གཉིས་སོ། །སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་གི་རྒྱུ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར་སྟོབས་ཆུང་བ་ཉིད་དོ། །དེ་ན་ཞེས་
བྱ་བ་ནི་གཟུགས་མེད་པའི་ཁམས་ནའོ། །སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་རྒྱུ་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སེམས་ཀྱི་རྒྱུད་ལ་ཡང་མཚུངས་སོ། །དེ་གང་ཞེ་ན། ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་
པའི་ཕྱིར་སྟོབས་དང་ལྡན་པ་ཉིད་དེ། དེའི་ཕྱིར་རྟེན་མེད་པ་ཁོ་ནར་འཇུག་པར་འགྱུར་རོ། །ཡང་ན་སྐད་ཅིག་མ་དང་པོ་ལ་བརྟེན་ནས་གཉིས་པ་འཇུག་པ་ལ་སོགས་པའོ། །སེམས་དང་སེམས་ལས་བྱུང་བ་དག་ལ་ཡང་ཞེས་བྱ་བ་ལ། གལ་ཏེ་མི་བརྟེན་པའམ་འགག་པ་ལ་བརྟེན་པར་མི་འདོད་ན།
འོ་ན་ནི་དེ་དང་རིས་མཐུན་པ་དང་སྲོག་གི་དབང་པོ་གཉིས་ཕན་ཚུན་བསྟེན་ནས་འཇུག་པ་དེ་བཞིན་དུ་སེམས་ལ་བརྟེན་ནས་སེམས་ལས་བྱུང་བ་རྣམས་སམ། སེམས་ལས་བྱུང་བ་རྣམས་ལ་བརྟེན་ནས་སེམས་འཇུག་པས་དེ་ལས་གཞན་པའི་རྟེན་ཡོངས་སུ་རྟོག་པ་དགོས་པ་མེད་དོ། །གཞན་ཡང་སེམས་
ཀྱི་རྒྱུན་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་ཀྱི་རྒྱུན་གྱི་འཕེན་པའི་རྒྱུ་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་དོ། །སྲེད་པ་དང་བྲལ་བ་ཞེས་བྱ་བ་ནི་སྲེད་པ་དང་མི་ལྡན་ཞིང་བྲལ་བའོ། །གང་ཞེ་ན་གཟུགས་ལ་སྟེ། སེམས་ཀྱི་རྒྱུད་དེ་ནི་གཟུགས་ལ་མི་ལྟོས་པར་འཇུག་གོ། །རྒྱུ་དེ་ལ་
རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འདོད་པ་དང་ལྡན་པའི་ཁམས་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ལ། གནས་ཉི་ཤུ་ནི་འདོད་པའི་གཙོ་བོ་ཡིན་པའི་ཕྱིར་འདོད་པའི་སྒྲས་བརྗོད་དོ། །དེ་དང་ལྡན་པ་ནི་དེ་དང་བྲལ་བ་མ་ཡིན་པ་སྟེ། དེའི་
เล่ม ๑๔๔ · หน้า 261a
ཁོངས་སུ་འདུ་ཞེས་བྱ་བའི་དོན་ཏོ། །གནས་བཅུ་བདུན་ནི་གཟུགས་གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་སྒྲས་བསྙད་དེ། དེ་དང་ལྡན་པའི་ཁམས་ནི་གཟུགས་ཀྱི་ཁམས་སོ། །རྡོ་རྗེའི་སོར་གདུབ་ལྟ་བུ་དང་། །ཞེས་བྱ་བ་ལ། རྡོ་རྗེ་དང་ལྡན་པའི་སོར་གདུབ་སྟེ་འགུ་ཡའམ་
གདུ་བུ་ནི་རྡོ་རྗེའི་གདུ་བུ་ཡིན་པ་བཞིན་ནོ། །ན་ལེ་ཤམ་གྱི་བཏུང་བ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་ན་ལེ་ཤམ་དང་ལྡན་པའི་བཏུང་བ་ནི་ན་ལེ་ཤམ་གྱི་བཏུང་བ་ཡིན་པ་དེ་བཞིན་དུ། འདོད་པ་དང་ལྡན་པའི་ཁམས་ཀྱང་འདོད་པའི་ཁམས་
ལ་སོགས་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་གནས་མེད་པའི་ཕྱིར་རོ། །གཟུགས་མེད་པའི་ངོ་བོ་ནི་གཟུགས་མེད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཐོགས་པ་མེད་པ་ཉིད་དོ། །དེ་དང་ལྡན་པའི་ཁམས་ནི་ཞེས་བྱ་བ་ནི་ཐོགས་པ་མེད་པའི་བདག་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །
ཡང་ན་འདོད་པ་རྣམས་ཀྱི་ཁམས་ནི་ཞེས་བྱ་བ་འབྱུང་ངོ་། །འདོད་པ་རྣམས་ཀྱི་ཁམས་དེ་ཡང་གང་ཞིག་ཅེ་ན། གང་ཞིག་འདོད་པ་རྣམས་འཛིན་པའོ་ཞེས་བྱ་བ་སྨོས་ཏེ་སྲེལ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་
ལ། གཟུགས་རྣམས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཏེ། གང་ཞིག་གཟུགས་རྣམས་འཛིན་པའོ། །དེ་བཞིན་དུ་གཟུགས་མེད་པ་རྣམས་ཀྱི་ཁམས་ནི་གཟུགས་མེད་པའི་ཁམས་ཏེ། གང་ཞིག་གཟུགས་མེད་པ་རྣམས་འཛིན་པའོ། །འདོད་པ་རྣམས་ཀྱི་ཁམས་ནི་ཞེས་བྱ་བ་སྨོས་
པ་དེའི་ཕྱིར་འདོད་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཞེས་བྱ་བ་སྨོས་སོ། །ཁམ་གྱི་ཟས་དང་འཁྲིག་པ་དང་ལྡན་པའི་ཞེས་བྱ་བ་ནི་དེའི་རྒྱུ་མཚན་ཅན་དང་། དེའི་ཡུལ་ཅན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་འདོད་ཆགས་འདོད་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། འཇིག་རྟེན་
སྣ་ཚོགས་གང་དེ་འདོད་པ་མིན་ཞེ་ན་རྒྱ་ཆེར་འབྱུང་བའི་ལུང་ལས་སོ། །ཀུན་དུ་རྟོག་པས་སྐྱེད་པའི་འདོད་ཆགས་ནི་ཀུན་རྟོག་འདོད་ཆགས་ཏེ། དེ་ནི་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚིགས་སུ་བཅད་པ་འདི་ལས་ནི་ཀུན་དུ་རྟོག་པའི་འདོད་ཆགས་
เล่ม ๑๔๔ · หน้า 261b
ཁོ་ན་འདོད་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེ་ནི་མི་དགེའི་རྟོག་པ་ཀུན་རྟོག་ཚེ། །དགེ་སློང་ཡང་ནི་འདོད་སྤྱོད་ཅན་དུ་འགྱུར། །ཞེས་བྱ་བ་ལ། མངོན་དུ་གྱུར་པ་ཙམ་ཞིག་དེ་དག་གིས་ཉེ་བར་ལོངས་སྤྱོད་པ་ཡིན་པའི་ཕྱིར་རོ། །འདོད་པ་ཉེ་བར་ལོངས་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལུས་དང་
ངག་དང་ཡིད་ཀྱིས་སོ། །འཕགས་པ་ཤཱ་རིའི་བུས་ཞེས་བྱ་བ་ནི་གོང་དུ་སྨྲས་པ་ཁྱད་དུ་བསད་ནས་སྐྱོན་གཞན་སྨྲས་པའོ། །གལ་ཏེ་འཇིག་རྟེན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་པ་དག་ཡིན་ནོ་ཞེས་བྱ་བ་ཁྱོད་ཀྱི་ཕྱོགས་ཡིན་ཞིང་། སྟོན་པ་ཡང་ཁྱོད་
ཀྱིས་འདོད་ཆགས་དང་བྲལ་བར་ཁས་བླངས་ན། དེས་ན་ཁྱོད་ཀྱི་སྟོན་པ་འོང་འདོད་སྤྱོད་ཅན་དུ་འོང་སྟེ་འགྱུར་རོ། །གཟུགས་རྣམས་མཐོང་ནས་ནི་ཞེས་བྱ་བ་ནི་དཔེ་ཙམ་ཞིག་སྟེ། རེག་རྣམས་རེག་ན་ནི་ཞེས་བྱ་བའི་བར་དུ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་མཐོང་བ་དང་ཐོས་པ་དང་། བསྣམས་
པ་དང་མྱངས་པ་དང་། རེག་པ་རྣམས་ནི་ཡུལ་གྱི་འདོད་པ་རྣམས་ཉེ་བར་ལོངས་སྤྱོད་པ་ཡིན་པས་ཁྱོད་ཀྱི་སྟོན་པ་འདོད་ཆགས་དང་བྲལ་བ་ཡང་གཟུགས་ཀྱི་རེག་པ་ལ་སོགས་པ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པ་ཅན་ཉིད་དུ་འགྱུར་རོ། །ཁོ་བོའི་ལྟར་ན་ནི་དགེ་སློང་འདོད་ཆགས་དང་མ་བྲལ་བ་ཁོ་ན་འདོད་པ་
སྤྱོད་པ་ཅན་དུ་འགྱུར་གྱི་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ལ། དེ་ཡང་ཡིད་ཀྱི་སྒོ་ནས་འགྱུར་གྱི་ལུས་དང་ངག་གི་སྒོ་ནས་ནི་མ་ཡིན་ནོ། །འདི་ཙམ་གྱིས་ནི་དགེ་སློང་དགེ་སློང་མ་ཡིན་པར་འགྱུར་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕམ་པར་འགྱུར་བའི་ལྟུང་བ་དང་འབྲེལ་པ་ལས་ཡིན་ལ། དེ་
ཡང་ལུས་ཁོ་ནའི་སྒོ་ནས་ཡིན་ནོ། །དེའི་ཕྱིར་སྐྱེས་བུའི་ཀུན་དུ་རྟོག་པའི་འདོད་ཆགས་འདོད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཡང་ཅི་ཆོས་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དག་ཅེས་བྱ་བ་ནི་ཁ་ཅིག་དག་ཅེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་ན་ནི་སྙོམས་པར་འཇུག་པའི་
ཚེ། གཟུགས་དང་གཟུགས་མེད་པ་དང་ཟག་པ་མེད་པ་རྣམས་ཀུན་དུ་སྤྱོད་ལ། གཞན་གྱི་ཚེ་ནི་ཐོབ་པའོ། །གཟུགས་ཀྱི་ཁམས་ན་ནི་འདོད་པར་གཏོགས་པའི་སྤྲུལ་པའི་སེམས་དང་། གཟུགས་མེད་པ་དང་ཟག་པ་མེད་པའི་ཆོས་རྣམས་ཀུན་དུ་སྤྱོད་དོ། །གཟུགས་མེད་པའི་ཁམས་ན་ནི་ཟག་པ་མེད་པ་ཁོ་ན་
เล่ม ๑๔๔ · หน้า 262a
ཀུན་དུ་སྤྱོད་དོ། །སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པའོ། །འོ་ན་ཅི་ཞེ་ན། གང་དག་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དག་རྒྱས་པར་འགྱུར་བའོ་ཞེས་བྱ་བ་འབྱུང་སྟེ། ཅི་རིགས་པར་དམིགས་པ་འམ་མཚུངས་པར་ལྡན་པའི་སྒོ་ནས་སོ། །ད་ནི་འདི་རྟ་
དང་བྲེས་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ལ། འདི་རྟ་བརྟོད་སའི་ཡིན་པ་ནི་བྲེས་སོ། །གཉི་ག་ཡང་མི་ཤེས་པའི་ཕྱིར་བྲེས་དང་འདྲ་བ་ནི་བྲེས་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང་འདོད་ཆགས་དག་གིས་ཁམས་རྣམས་བསྒྲུབ་ཅིང་ཁམས་རྣམས་ཀྱིས་ཀྱང་འདོད་ཆགས་དག་ཡིན་པས་འདི་གཉིས་ཀ་ཡང་མི་འགྲུབ་པོ་
ཞེ་ན། གནས་བརྟན་པ་དེ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་འདོད་པའི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བའི་ཆོས་དེ་ཡང་འདོད་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གོང་མའི་གནས་དག་བཅུ་བདུན་ནི། །
ཞེས་གཟུགས་ཀྱི་ཁམས་གསུམ་གནས་བརྟན་པའི་གནས་དེ་དག་ལ་འོག་མའི་འདོད་ཆགས་དང་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་ཀྱི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བའི་ཆོས་དེ་ཡང་གཟུགས་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ། གཟུགས་མེད་ཁམས་ན་གནས་
མེད་དོ། །སྐྱེ་བ་ལས་ནི་དེ་རྣམ་བཞི། །ཞེས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བསྟན་པ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་མེད་པའི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བ་དེ་ཡང་གཟུགས་མེད་པ་དང་ལྡན་པ་ཡིན་ནོ། །དེ་ཉིད་བདེ་
བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་གྲངས་གཞན་གྱིས་བསྟན་པ་ནི་ཡང་ཞེས་བྱ་བ་སྟེ། བསམ་གཏན་དང་གཟུགས་མེད་པར་སྐྱེ་བ་དང་སྙོམས་པར་འཇུག་པ་དག་ལ་འདོད་ཆགས་པ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སོ། །སྤྲུལ་པའི་སེམས་ལ་ཇི་ལྟར་འདོད་པའི་འདོད་ཆགས་
པ་ཡིན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་རྣམས་ཁོ་ནའི་བསམ་གཏན་གྱི་འབྲས་བུ་ཡིན་ལ། འདོད་པ་ན་འདོད་ཆགས་དང་བྲལ་བ་ལ་འདོད་པའི་འདོད་ཆགས་འབྱུང་བ་ཡང་མ་ཡིན་ཞིང་། འདོད་པའི་འདོད་ཆགས་རྒྱས་པར་མི་འགྱུར་
เล่ม ๑๔๔ · หน้า 262b
བ་ནི་འདོད་པར་གཏོགས་པ་ཡིན་པར་འོས་པ་ཡང་ཡིན་ནོ་ཞེས་འགལ་བར་མཐོང་བ་ཅན་གྱི་དྲི་བའོ། །ཐོབ་པ་དང་ཡོངས་སུ་ཉམས་ནས་དེ་ལ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣལ་འབྱོར་པ་རྣམས་ནི་དེ་ལྟར་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ཀྱིས་འདོད་པ་ན་སྤྱོད་པའི་སྤྲུལ་པ་སྤྲུལ་པར་
བྱེད་དོ་ཞེས་ཐོས་ནས་དེ་ལ་དམིགས་པའི་འདོད་ཆགས་སྐྱེ་ལ། འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ཏེ། རྗེས་སུ་དྲན་ནས་སྤྲུལ་པའི་སེམས་ལ་ཆགས་པར་བྱེད་དོ། །ཡང་ན་སྤྲུལ་པའི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདོད་པ་ན་སྤྱོད་པའི་སྤྲུལ་པ་མཐོང་
ནས་ཨེ་མ་ཀྱི་ཧུད་བདག་ལ་ཡང་འདི་འདྲ་བའི་སེམས་ཡོད་པར་གྱུར་ཅིག་སྙམ་དུ་སྤྲུལ་པར་བྱེད་པའི་སེམས་ལ་ཡང་འདོད་པ་ཉོན་མོངས་པ་ཅན་འབྱུང་ངོ་། །ཡང་ན་དྲི་དང་རོ་སྤྲུལ་པའི་ཕྱིར་ན་སྤྲུལ་པའི་སེམས་དེ་འདོད་པ་ན་སྤྱོད་པ་ཉིད་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། གཟུགས་ན་སྤྱོད་པས་ནི་དེ་ཉིད་
མི་སྤྲུལ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ས་གཞན་གྱི་བསམ་གཏན་གྱི་འབྲས་བུ་ནི་ས་གཞན་གྱི་སྤྲུལ་པ་མི་སྤྲུལ་ལ། དེ་དག་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་དྲི་དང་རོ་སྤྲུལ་པར་ཡང་མི་རིགས་སོ། །གལ་ཏེ་ས་དང་ཁམས་སྐལ་བ་མི་མཉམ་པ་ལ་རྒྱས་པར་མི་འགྱུར་བའི་ཕྱིར་རང་གི་ཁམས་
པའི་ཕྲ་རྒྱས་ཐམས་ཅད་ཀྱི་ཁམས་བསྟན་པར་འགལ་བ་མེད་བཞིན་དུ། ཅིའི་ཕྱིར་འདོད་ཆགས་ཁོ་ནས་བསྙད་ཅེ་ན། ཕལ་ཆེར་རྒྱས་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ཡང་དང་ཡང་དུ་འདོད་ཆགས་ཁོ་ན་ལ་ཀུན་དུ་སྤྱོད་པ་ཡིན་ནོ། །ཡོངས་སུ་གཏུགས་པ་ཞེས་བྱ་
བ་ནི་ཟད་པ་ཞེས་བྱ་བའི་དོན་ཏོ། །གཉའ་ཤིང་ཙམ་ཞེས་བྱ་བ་ནི་ཆར་གྱི་རྒྱུན་གཉའ་ཤིང་གི་ཚད་དང་འདྲ་བའོ། །མཚམས་དང་བར་མེད་དོ་ཞེས་བྱ་བས་ནི་འདབ་ཆགས་པར་སྟོན་ཏོ། །སྟེང་དང་འོག་ཅེས་པ་ནི་མ་གསུངས་སོ་ཞེས་བྱ་བ་ལ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་རྣམས་ཐད་ཀར་གནས་པར་
བསྟན་ཏོ། །གང་འདོད་པའི་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་མ་ཡིན་ན་ཁམས་གསུམ་དག་མཐའ་ཡས་པའི་ཕྱིར་གཅིག་ཏུ་གྲོལ་བ་གཞན་དུ་བཅིངས་པས་ཐར་པ་མེད་པ་ཉིད་དུ་འགྱུར་རོ། །གཟུགས་དང་གཟུགས་མེད་པ་དག་ལས་ཀྱང་
เล่ม ๑๔๔ · หน้า 263a
དེ་དང་འདྲའོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། གང་གཟུགས་ཀྱི་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་ནི་ཐམས་ཅད་ལས་ཏེ། ཉོན་མོངས་པའི་གཉེན་པོར་མཚུངས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ལས་ཀྱང་དེ་དང་འདྲའོ། །དེ་ཁོ་ན་ཡོད་པའི་ཚངས་པའི་འཇིག་རྟེན་
དུ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དེ་ལྟ་མ་ཡིན་ན་སྟོན་པ་ལྟར་ཐམས་ཅད་ཀྱི་འགྲོ་བ་མཐའ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཁམས་རྣམས་བཤད་ཟིན་ཏོ། །ད་ནི་འགྲོ་བ་རྣམས་བརྗོད་པར་བྱ་སྟེ། དེ་དག་ཀྱང་གང་དང་གང་ན་ཡིན་པ་མི་ཤེས་ཏེ་དེའི་ཕྱིར་ཁམས་གསུམ་པོ་བཤད་པ་གང་ཡིན་པ།
དེར་དམྱལ་སོགས་པ་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་ཞེས་བྱ་བ་སྨོས་སོ། །དཔེར་ན་གྲོང་བུད་མེད་ལས་ཐ་དད་པ་ཡིན་པས་གྲོང་ན་བུད་མེད་ཡོད་དོ་ཞེས་བརྗོད་པ་ལྟར་རྟེན་དང་བརྟེན་པའི་དངོས་པོ་ནི་ཐ་དད་པ་ཉིད་དུ་མཐོང་བའི་ཕྱིར་ཏེ་དེ་ཉིད་ཀྱི་ཕྱིར། གང་གིས་ན་དེ་དག་ཁམས་དག་ཏུ་ཞེས་བྱ་བ་འདིར་
རྒྱས་པར་དྲིས་སོ། །ཁམས་རྣམས་ནི་འགྲོ་བ་འབའ་ཞིག་ཡིན་པར་མ་ཟད་ཀྱི། འོ་ན་ཅི་ཞེ་ན། འགྲོ་བ་མ་གཏོགས་པ་ཡང་ཡོད་དོ། །དེ་རྣམས་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་ཁམས་འགྲོ་བ་མ་གཏོགས་པ་ཡོད་པར་བསྟན་པའི་ཕྱིར་ཁམས་དག་ཏུ་འགྲོ་བ་རྣམས་
ཞེས་བྱ་བ་བཤད་དོ། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་བྱ་བ་ལ། ཉོན་མོངས་པ་ཅན་མ་ཡིན་པ་སྨོས་པ་ནི་ཉོན་མོངས་པ་ཅན་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ལུང་དུ་བསྟན་པ་མ་ཡིན་པ་སྨོས་པ་ནི་དགེ་བ་གསལ་བར་བྱ་བའི་ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་
རྟེན་གསལ་བར་བྱ་བའི་ཕྱིར་རོ། །འགྲོ་བ་རྣམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་དེ་དག་སེམས་ཅན་དུ་སྟོན་པ་ཉིད་དུ་བཤད་པར་འགྱུར་ཏེ། སེམས་ཅན་དུ་སྟོན་པ་ལ་རྣམ་པར་སྨིན་པ་སྲིད་པའི་ཕྱིར་རོ། །དེ་ལྟ་མ་
ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ་ཞེས་བྱ་བ་ནི་འགྲོ་བ་རྣམས་འདྲེས་པའི་ངོ་བོ་སྟེ་ཐ་མི་དད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་འགྲོ་བ་དག་ལུང་དུ་མ་བསྟན་པ་ཉིད་དུ་མི་འདོད་ན་ནི་སེམས་ཅན་རྣམས་ཕལ་ཆེར་འགྲོ་བ་གཞན་གྱི་དགེ་བ་དང་ཉོན་མོངས་པ་ཅན་དག་དང་ཡང་ལྡན་ནོ། །ལུང་དུ་མ་བསྟན་པ་དག་དང་ནི་
เล่ม ๑๔๔ · หน้า 263b
མ་ཡིན་ཏེ། དེ་དག་གི་ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་པའི་ཕྱིར་རོ། །ཡང་ན་འགྲོ་བ་ཐམས་ཅད་འགྲུབ་པར་འགྱུར་བའི་ལས་རྣམས་མི་ལ་སོགས་པའི་འགྲོ་བའི་རྒྱུ་ཡིན་ལ་དེ་རྣམས་ཀྱང་འགྲོ་བ་གཞན་དག་དེར་གཏོགས་པའི་ཕྱིར་ཏེ། དེ་ལྟར་ན་མི་ལ་སོགས་པའི་འགྲོ་བར་དམྱལ་བ་ལ་སོགས་པའི་འགྲོ་བ་
ཡོད་པར་ཐལ་བར་འགྱུར་རོ། །འགྲོ་བ་རྣམས་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པ་མེད་ལ། སྲིད་པ་བར་མའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་གོ་ག་ལས་ཤེ་ན། བསྟན་བཅོས་ལས་སོ་ཞེས་བསྟན་པའི་ཕྱིར་བཏགས་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེ་གནས་བཞིས་ནི་འགྲོ་བ་
ལྔས་བསྡུས་ཀྱི་ཞེས་འབྱུང་བ་ལས་ན། སྐྱེ་གནས་རྣམས་སེམས་ཅན་ཞེས་པ་ཁོ་ན་ཡིན་པའི་ཕྱིར་འགྲོ་བ་རྣམས་ཀྱང་སེམས་ཅན་ཞེས་བྱ་བ་ཁོ་ན་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །འགྲོ་བ་རྣམས་སེམས་ཅན་ཞེས་བྱ་བ་མ་ཡིན་པ་ཉིད་ཡིན་ན་ནི་སྐྱེ་གནས་དག་ཏུ་འདུ་བར་མི་འགྱུར་ཏེ། དཔེར་ན་
འགྲོ་བ་རྣམས་སུ་སྐྱེ་གནས་དག་མི་འདུ་བ་དག་བཞིན་ནོ། །འགྲོ་བ་ལྔས་ནི་སྐྱེ་གནས་བཞི་ཞེས་བྱ་བ་ལ་ཅི་ཞེ་ན། མ་བསྡུས་ཏེ་སྐབས་དང་སྦྱར་རོ། །ཅི་ཞིག་མ་བསྡུས་ཤེ་ན། སྲིད་པ་བར་མའོ་ཞེས་འབྱུང་བ་ལས་ན། དེ་བསྡུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱིས་བསྡུས་ཀྱང་། འགྲོ་བ་རྣམས་སུ་མ་འདུས་
པའི་ཕྱིར་འགྲོ་བ་སྲིད་པ་བར་མ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་སྐྱེ་བའི་སྲིད་པ་ལ་སོགས་པ་དང་འདྲ་བར་དེ་ཡང་འགྲོ་བས་བསྡུས་པར་འགྱུར་རོ། །དེའི་ཕྱིར་སྲིད་པ་བར་མ་འགྲོ་བའི་རང་བཞིན་མ་ཡིན་ནོ། །ཡང་འགྲོ་བ་སྲིད་པ་བར་མ་མ་ཡིན་ནོ་ཞེས་བྱ་བ་ལ། བསྟན་
བཅོས་གཉིས་པ་དཔེར་བརྗོད་པ་ནི་ཆོས་ཀྱི་ཕུང་པོ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། འདི་ལས་ནི་བསྒོམས་པ་ལས་བྱུང་བ་ལྟར་སྲིད་པ་བར་མ་པ་ཡང་དམྱལ་བ་ལ་སོགས་པའི་མིག་གི་དབང་པོ་ལས་ཐ་དད་པར་ལོགས་ཤིག་ཏུ་བསྟན་ཏེ། དེའི་ཕྱིར་དེ་ཡང་བསྒོམས་པ་
ལས་བྱུང་བ་ལྟར་དམྱལ་བ་ལ་སོགས་པའི་འགྲོ་བས་བསྡུས་པ་མ་ཡིན་པས་སྲིད་པ་བར་མ་འགྲོ་བའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གཞན་དུ་ན་ནི་དམྱལ་བ་ལ་སོགས་པའི་མིག་གིས་སྲིད་པ་བར་མ་པ་ཡང་བསྟན་པས་ཡང་ཅིའི་ཕྱིར་བརྗོད། བསྟན་བཅོས་ལས་སྲིད་པ་
เล่ม ๑๔๔ · หน้า 264a
བར་མ་འགྲོ་བ་རྣམས་ལས་ལོགས་ཤིག་ཏུ་མཛད་པ་འབའ་ཞིག་ཏུ་མ་ཟད་དེ་འོ་ན་ཅི་ཞེ་ན། མདོ་ལས་ཀྱང་སྲིད་པ་བར་མ་འགྲོ་བ་རྣམས་ལས་ལོགས་ཤིག་ཏུ་མཛད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲིད་པ་བར་མ་འགྲོ་བའི་རང་བཞིན་མ་ཡིན་པ་དང་། འགྲོ་བ་རྣམས་ལུང་དུ་མ་བསྟན་
པ་ཉིད་ཀྱི་ཁུངས་ནི་ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་དམྱལ་བ་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་སྨོས་པ་འདིས་ཡིན་ནོ། །རྒྱུ་དང་བཅས་པ་དང་འགྲོ་བ་དང་བཅས་པར་བཤད་དོ་ཞེས་བྱ་བ་ལ། འགྲོ་བ་རྣམས་ཀྱི་རྒྱུ་ནི་ལས་ཀྱི་སྲིད་པ་ཡིན་ལ། འགྲོ་བ་ནི་སྲིད་པ་བར་མ་ཡིན་ཏེ།
འདིས་འགྲོ་བར་བྱེད་པས་ན་ཞེས་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མདོའི་ཕྱིར་རོ། །དེའི་རྒྱུ་ཞེས་བྱ་བ་ནི་འགྲོ་བའི་རྒྱུ་ལས་ཀྱི་སྲིད་པ་སྟེ། འགྲོ་བ་དག་ལས་ལོགས་ཤིག་ཏུ་མཛད་པའི་ཕྱིར་འགྲོ་བ་རྣམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དུ་གྲུབ་པ་ཡིན་ནོ། །ཁ་ཆེ་བ་རྣམས་ཀྱང་
ཞེས་བྱ་བ་ལ། མདོ་དེ་ནི་ལུང་བཞིར་མ་འདུས་པའི་ཕྱིར་ཁ་ཡར་བ་ཞིག་དེ་དག་གིས་སྟོན་ཏོ། །དམྱལ་བའི་ཟག་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་དང་ངག་དང་ཡིད་ཀྱི་སྐྱོན་ནི་གཡོས་ཀུན་ནས་བསླངས་པ་དག་གོ། །ལུས་དང་ངག་དང་ཡིད་ཀྱི་སྐྱོན་ནི་ཞེ་སྡང་གིས་ཀུན་ནས་བསླངས་པ་དག་
གོ། །ལུས་དང་ངག་དང་ཡིད་ཀྱི་སྙིགས་མ་ནི་འདོད་ཆགས་ཀྱིས་ཀུན་ནས་བསླངས་པ་དག་གོ། །རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ལ། འགྲོ་བ་རྣམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཁུངས་ནི་འདི་ཡིན་ཏེ། རྣམ་པར་སྨིན་པ་ནི་མ་
བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པའི་གནས་སྐབས་ན་དམྱལ་བར་འགྱུར་གྱི། དེ་མྱོང་བར་འགྱུར་བའི་ལས་དང་ཉོན་མོངས་པའི་གནས་སྐབས་སུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་དེ་ལ་ཆོས་དེ་དག་མ་གཏོགས་པ་དམྱལ་བ་མི་དམིགས་སོ་ཞེས་བྱ་བ་ལ། དམྱལ་བ་
དག་ཏུ་གཟུགས་ལ་སོགས་པ་གང་དག་རྣམ་པར་སྨིན་པའི་བདག་ཉིད་དུ་གྲུབ་པ་དེ་དག་ཁོ་ན་དམྱལ་བ་ཡིན་གྱི། དེ་དག་ལས་གཞན་པའི་དམྱལ་བ་དགེ་བའམ་མི་དགེ་བའི་ཆོས་ནི་མི་དམིགས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཞེས་བྱ་བ་ཡང་གྲུབ་སྟེ། རྣམ་པར་སྨིན་པ་ནི་སེམས་ཅན་དུ་བརྗོད་པ་
เล่ม ๑๔๔ · หน้า 264b
ཡིན་པའི་ཕྱིར་རོ། །དམྱལ་བའི་འགྲོ་བ་ནི་འདིར་དཔེར་བརྗོད་པ་ཙམ་ཞིག་ཏུ་ཟད་དོ། །འོ་ན་རབ་ཏུ་བྱེད་པའི་གཞུང་ཞེས་བྱ་བ་ལ། འདིར་ཅི་ལ་ལན་གདབ་པར་བྱ། འགྲོ་བ་རྣམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་ཡིན་ལ། བསྒོམ་པས་སྤང་བར་
བྱ་བ་ལ་ཡང་བསྒོམ་པས་སྤང་བར་བྱ་བ་དང་། ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་རྒྱས་པར་འགྱུར་གྱི་གཞན་དག་ནི་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་སྨོས་པ་ལ་ལན་གདབ་པར་བྱ་དགོས་སོ། །རྣམ་པ་ལྔ་ཉིད་ཡིན་ན་ཡང་དེ་དག་དགེ་བ་དང་ཉོན་མོངས་པ་ཅན་ཉིད་དུ་ཡང་འགྱུར་རོ། །འགྲོ་བ་རྣམས་སུ་
ཉིང་མཚམས་སྦྱོར་བའི་སེམས་རྣམ་པ་ལྔ་ཡོད་དེ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །འཇུག་པ་དང་བཅས་པའི་འགྲོ་བ་སྨོས་པས་ཞེས་བྱ་བ་ལ། འདིར་འགྲོ་བ་སྨོས་པས་ནི་འཇུག་པ་དང་ལྷན་ཅིག་
པའི་འགྲོ་བ་གཟུང་སྟེ། འགྲོ་བའི་འཇུག་པ་ལ་འགྲོ་བ་ཉེ་བར་བཏགས་པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་འཇུག་པ་ཡང་ཉིང་མཚམས་སྦྱོར་བའི་སེམས་དག་ཡིན་ལ། ཉིང་མཚམས་སྦྱོར་བའི་སེམས་ཀྱི་འོག་རོལ་གྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྒྱུད་ལ་གྲོལ་བ་ཞེས་བརྗོད་དོ། །དེ་དག་ཀྱང་རྣམ་
པ་ལྔ་ཡིན་པ་དེའི་ཕྱིར་འགྲོ་བ་དག་ལ་ཕྲ་རྒྱས་ཐམས་ཅད་རྒྱས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ལ་དཔེ་སྨོས་པ་ནི་གྲོང་སྨོས་ན་གྲོང་གི་ཉེ་འཁོར་ཡང་སྨོས་པ་བཞིན་ནོ་ཞེས་བྱ་བའོ། །ཇི་ལྟར་གྲོང་སྨོས་ན་གྲོང་གི་ཉེ་འཁོར་སྨོས་པ་ཡིན་ཞེ་ན། གྲོང་འདི་ན་སཱ་ལུའི་ཞིང་ཡོད་དོ། །འབྲུའི་ཞིང་
ཡོད་དོ་ཞེས་སྨྲ་བའི་ཕྱིར་རོ། །དཔེར་ན་སྙིགས་མ་ལྔ་པོ་དག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་དང་། བསྐལ་པ་དང་། ཉོན་མོངས་པ་དང་། ལྟ་བ་དང་། སེམས་ཅན་གྱི་སྙིགས་མ་དག་ཏུའོ། །ཉོན་མོངས་པའི་རང་བཞིན་དུ་ཁྱད་པར་མེད་ཀྱང་ཉོན་མོངས་པ་དག་ལས་ལྟ་བའི་སྙིགས་མ་དག་ཐ་དད་དུ་གཞག་པ་
ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་པའི་ཕྱིར་རོ། །འགྲོ་བའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འགྲོ་བ་རྣམས་ཀྱི་རྒྱུ་ནི་ལས་ཀྱི་སྲིད་པ་ཡིན་ཏེ་དེའི་ཕྱིར་དེ་འགྲོ་བའི་རང་བཞིན་ཡིན་ཡང་། འགྲོ་བའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཐ་དད་དུ་སྨོས་སོ། །འདི་ནི་སྲིད་པ་བར་མ་ལ་ཡང་ཐལ་བར་འགྱུར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด