ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๔ · หน้า 212a

པའི་ལམ་ནི་དད་པས་མོས་པའི་ལམ་གཞན་དང་། མཐོང་བས་ཐོབ་པ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་དང་། གཞན་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དུས་ཀྱིས་རྣམ་པར་གྲོལ་བའི་ལམ་ནི་དུས་ཀྱིས་

རྣམ་པར་གྲོལ་བའི་ལམ་གཞན་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གྱི་ཡིན་ཏེ། དེ་ལྟར་ན་གཉིས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་གཞན་དང་། མཐོང་བས་ཐོབ་པ་དང་།

དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་སྟེ། དེ་ལྟར་ན་གསུམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མཐོང་བས་ཐོབ་པའི་ལམ་ནི་མཐོང་བས་ཐོབ་པའི་ལམ་གཞན་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གྱི་ཡིན་ཏེ། དེ་ལྟར་ན་གཉིས་ཀྱི་ཡིན་ནོ། །དུས་དང་མི་སྦྱོར་བར་རྣམ་པར་

གྲོལ་བའི་ལམ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གཞན་ཁོ་ནའི་ཡིན་ཏེ། དེ་ལྟར་ན་གཅིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ས་འོག་མ་དམན་པའི་ཕྱིར་འདྲི་བ་ནི། ཡང་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལ་དད་པས་རྗེས་སུ་འབྲང་བའི་ལམ་བསམ་གཏན་བཞི་

པའི་ས་པ་ནི་ས་འོག་མ་པའི་དད་པས་རྗེས་སུ་འབྲང་བའི་ལམ་མཉམ་སྟེ། གཉིས་ཀ་ཡང་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དད་པས་རྗེས་སུ་འབྲང་བའི་ལམ་ས་གོང་མ་པ་བས་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ས་འོག་མ་པ་ཁྱད་པར་ཅན་ཡིན་ཏེ། དབང་པོ་རྣོན་པོ་ཡིན་པའི་

ཕྱིར་རོ། །དེ་བཞིན་དུ་ཡང་ས་གོང་མ་པའི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དང་ནི། ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ས་འོག་མ་པ་མཉམ་པ་ཡིན་ཏེ། གཉིས་ཀ་ཡང་དབང་པོ་རྣོན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབང་པོའི་སྒོ་ནས་ས་གོང་མ་པའི་དད་པས་མོས་པ་དང་། མཐོང་བས་

ཐོབ་པ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་རྣམས་དང་། མཉམ་པ་དང་ཁྱད་པར་ཅན་ཡིན་པ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་རྒྱུས་རྒྱས་པའི་སྒོ་ནས་ཀྱང་ཡིན་ཏེ། ས་འོག་མ་པའི་བསྒོམ་པ་དང་། མི་སློབ་པའི་ལམ་དག་ནི་ས་གོང་མའི་

เล่ม ๑๔๔ · หน้า 212b

མཐོང་བའི་ལམ་པས་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ། །དེ་བཞིན་དུ་ས་གོང་མ་པའི་བསྒོམ་པའི་ལམ་པས་ས་འོག་མ་པའི་མི་སློབ་པའི་ལམ་ཁྱད་པར་ཅན་ཡིན་ནོ། །དེ་ལ་རྒྱུས་ཤིན་ཏུ་རྒྱས་པར་བྱས་པ་ནི་མཐོང་བའི་ལམ་ལ་སོགས་པ་དང་ཞེས་རྒྱས་པར་འབྱུང་བ་ལ།

སོགས་པ་ཞེས་བྱ་བ་སྨོས་པ་ནི་སྒོམ་པ་དང་། མི་སློབ་པའི་ལམ་ཉེ་བར་བསྡུ་སྟེ་ས་གོང་མ་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བས། ས་འོག་མ་པའི་སྡུག་བསྔལ་ལ་ཆོས་ཤེས་པ་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དེ་བཞིན་

དུ་ཆུང་ངུའི་ཆུང་ངུ་བས་ཆུང་ངུའི་འབྲིང་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ལ་དེ་བཞིན་དུ་ཆུང་ངུའི་འབྲིང་བས་ཆུང་ངུའི་ཆེན་པོའི་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་པ་ནས། ཆེན་པོའི་འབྲིང་བས་ཆེན་པོའི་ཆེན་པོའི་བར་དུ་ཁྱད་པར་ཅན་ཡིན་ཏེ། ཆེན་པོའི་ཆེན་པོ་པས་ནི་ཁྱད་

པར་ཅན་གཞན་མེད་དོ། །དད་པས་རྗེས་སུ་འབྲང་བའི་ལམ་ནི་དྲུག་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་སྨྲས་ན། དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དག་ནི་རྒྱུད་གཅིག་ལ་སྐྱེ་བ་མི་སྲིད་དོ་ཞེས་བྱ་བའི་ཕྱོགས་སྔ་མ་ཁོང་ན་ཡོད་པ་གསལ་བར་བྱ་བའི་ཕྱིར།

རྒྱུད་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དད་པས་རྗེས་སུ་འབྲང་བའི་ལམ་བྱུང་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་མི་སྐྱེ་བའི་ཆོས་ཅན་གྱི་རྒྱུའི་དངོས་པོར་འགྱུར་མོད་ཀྱི། དེ་མི་སྐྱེ་བ་ནི་རྐྱེན་མ་ཚང་བ་ལས་ཡིན་ཏེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་

ནོ་ཞེས་འབྱུང་བའི་ཕྱིར་རོ། །སྦྱོར་བྱུང་ཞེས་བྱ་བ་ལ། སྦྱོར་བ་ལས་བྱུང་བ་སྨོས་པ་ནི་སྐྱེས་ནས་ཐོབ་པ་དགག་པར་བྱ་བའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་ནི་སྦྱོར་བ་ལས་སྐྱེས་པའོ། །ཐོས་པ་ལས་བྱུང་བ་ནི་གང་དག་སངས་རྒྱས་ཀྱི་གསུང་རབ་ཐོས་པ་ལས་སྐྱེས་པ་ཡིན་གྱི། མུ་སྟེགས་ཅན་

གྱི་ཚིག་ཐོས་པ་ལས་སྐྱེས་པ་ནི་མ་ཡིན་ནོ། །བསམས་པ་ལས་བྱུང་བ་ནི་དེ་བསམས་པ་ཉིད་ལས་སྐྱེས་པ་དག་གོ། །བསྒོམས་པ་ལས་བྱུང་བ་ནི་མི་རྟག་པ་ལ་སོགས་པ་བསྒོམས་པ་ལས་སྐྱེས་པ་དག་གོ། །མཉམ་པ་དང་ཁྱད་པར་ཅན་དག་ཁོ་ནའི་རྒྱུ་ཡིན་གྱི། དམན་པ་རྣམས་ཀྱི་ནི་མ་ཡིན་ཏེ་

เล่ม ๑๔๔ · หน้า 213a

ཞེས་བྱ་བ་ལ། རྒྱུའི་འབྲས་བུ་དམན་པ་ནི་མི་རིགས་ཏེ། འབད་པ་འབྲས་བུ་མེད་པར་འགྱུར་དུ་འོང་བའི་ཕྱིར་རོ། །འདོད་པའི་ཁམས་ནི་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་བསྒོམས་པ་ལས་བྱུང་བ་མེད་དོ། །བསམས་པ་ལས་བྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་

བ་ལ། གཟུགས་ན་སྤྱོད་པ་རྣམས་ནི་རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་གང་གི་ཚེ་སེམས་པར་རྩོམ་པ་དེའི་ཚེ་དེ་དག་ཏིང་ངེ་འཛིན་ལ་ཉེ་བར་གནས་པར་འགྱུར་རོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་དག་གོ། །ཆུང་ངུའི་ཆུང་ངུའི་དག་ནི་ཐམས་ཅད་ཀྱི་ཡིན་ལ་

ཞེས་བྱ་བ་ལ། ཆུང་ངུའི་ཆུང་ངུ་དག་ནི་ཆུང་ངུའི་གཞན་མཉམ་པོ་རྣམས་དང་། ཆུང་ངུའི་འབྲིང་ལ་སོགས་པ་གཞན་ཁྱད་པར་ཅན་བརྒྱད་ཀྱི་ཡིན་ནོ། །ཆུང་ངུའི་འབྲིང་པོ་དག་ནི་བརྒྱད་ཀྱི་ཡིན་ལ། ཆུང་ངུའི་ཆེན་པོ་དག་ནི་བདུན་གྱི་ཡིན་ཞིང་། འབྲིང་གི་ཆུང་ངུ་དག་ནི་དྲུག་གི་ཡིན་པ་

ནས། ཆེན་པོའི་ཆེན་པོ་དག་ནི་ཆེན་པོའི་ཆེན་པོ་དག་ཁོ་ནའི་བར་གྱི་ཡིན་ནོ། །སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ནི་ཞེས་བྱ་བ་ལ། སྐྱེ་བས་ཐོབ་པ་ནི་སྐྱེས་ནས་ཐོབ་པ་སྟེ། དེ་འདི་དག་ལ་ཡོད་པས་ན་སྐྱེས་ནས་ཐོབ་པ་ཅན་ནོ། །རྣམ་པ་དགུ་པོ་དེ་དག་ཐམས་ཅད་ཕན་ཚུན་སྐལ་

བ་མཉམ་པའི་རྒྱུ་ཡིན་ཏེ། ཆུང་ངུའི་ཆུང་ངུ་དག་ཆུང་ངུ་དག་གི་ཡིན་པ་ནས་ཆེན་པོའི་ཆེན་པོ་དག་ཆུང་ངུའི་ཆུང་ངུ་དག་གི་བར་གྱི་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་ནི་དམན་པ་ཡིན་པར་མི་འདོད་ཀྱི། མངོན་པར་འདུ་བྱེད་པ་ཅན་མ་ཡིན་པའི་ནི་མ་

ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ། རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། སྦྱོར་བ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་ལ། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་

པ་ལ་སོགས་པ་བཞིའི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །སྤྱོད་ལམ་པ་ནི་གསུམ་གྱི་ཡིན་གྱི། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་དག་ནི་མངོན་པར་འདུ་བྱེད་པ་ཅན་མ་ཡིན་པ་ཉིད་ཀྱིས་དམན་པའི་ཕྱིར་རོ། །བཟོའི་གནས་པ་ནི་གཉིས་དག་གི་ཡིན་ལ།

เล่ม ๑๔๔ · หน้า 213b

སྤྲུལ་པ་ནི་སྤྲུལ་པ་རྣམས་ཁོ་ནའི་ཡིན་ཏེ། ཕྱི་མ་ཕྱི་མ་དག་ནི་ཆེས་མངོན་པར་འདུ་བྱེད་པ་ཅན་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སེམས་བསམ་གཏན་བཞིའི་འབྲས་བུ་འདོད་པ་ན་སྤྱོད་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ། དེ་ཡང་རིམ་པ་བཞིན་དུ་བཞི་དང་གསུམ་དང་གཉིས་དང་གཅིག་དག་གི་སྐལ་

བ་མཉམ་པའི་རྒྱུ་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ལ་བསམ་གཏན་གོང་མའི་འབྲས་བུ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལས་རྒྱུ་སྨྲས་པ་ནི་འབད་པ་འབྲས་བུ་མེད་པར་འགྱུར་དུ་འོང་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མངོན་པར་འདུ་བྱེད་པས་བསྐྱེད་པ་ནི་

མངོན་པར་འདུ་བྱེད་པ་ཅན་ཏེ། དེ་དག་རྣམ་པ་བཞི་ཆར་ཡང་མངོན་པར་འདུ་བྱེད་པ་ཅན་ཡིན་ནོ། །བསམ་གཏན་གོང་མའི་འབྲས་བུ་ནི་བསམ་གཏན་འོག་མའི་འབྲས་བུ་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་དེ་དག་གི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་གྱི། ལྷག་མ་རྣམས་

ནི་དེའི་ཡིན་ཏེ། དམན་པའི་ཕྱིར་དང་སྔར་སྐྱེས་པའི་ཕྱིར་རོ། །དེ་ཉིད་ལ་དཔེ་ནི། སཱ་ལུ་དང་ནས་ལ་སོགས་པ་ལྟ་བུའོ་ཞེས་བྱ་བའོ། །དེ་དག་གི་འབྲས་བུ་ནི་མཉམ་པའམ་ལྷག་པ་ཡིན་ཏེ། སཱ་ལུའི་ས་བོན་གཅིག་ལས་འབྲས་བུ་གཅིག་གམ་དུ་མ་འབྱུང་གི་དམན་པ་ནི་མ་ཡིན་ནོ། །

དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་དམན་པའི་མ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྐྱེས་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རང་

གི་རིགས་ཅན་མ་འོངས་པ་རྣམས་ཀྱི་རྒྱུ་མ་ཡིན་ཏེ། དམན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྣམ་པས་ཁྱད་པར་ཅན་ཉིད་ཡིན་ཏེ། ངེས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་

པའི་ཕྱིར་རོ། །ཁྱད་པར་ཅན་ཐམས་ཅད་དམན་པའི་ལྟ་བུའོ་ཞེས་བྱ་བ་ནི། དཔེར་ན་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན། མི་སློབ་པའི་ལམ་སྔར་སྐྱེས་པ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་ཕྱིས་སྐྱེས་པ་དག་གི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལྟ་བུའོ། །རྒྱུད་གཅིག་ལ་

เล่ม ๑๔๔ · หน้า 214a

ངེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་མ་སྐྱེས་པའི་སྔར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དུས་ཁོ་ནར་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་སྔོན་དུ་

ཐོབ་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་དེ་དག་ཐོབ་ནས་གཟོད་སྐྱེ་བས་དེ་དག་ཐོབ་པ་བས་ཕྱིས་སྐྱེས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་དེའི་སྐལ་བ་མཉམ་པའི་རྒྱུར་འགྱུར་བ་ཁོ་ན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྔར་ཐོབ་པ་ཞེས་སྨོས་ཀྱི།

སྔར་སྐྱེས་པ་ཞེས་ནི་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་བཤད་པ་ནི་འདི་ལྟར་འབྲས་བུ་སྔ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། གལ་ཏེ་འབྲས་བུ་ཆེས་སྔ་བར་འགྱུར་ན་ནི་རྒྱུ་དོན་མེད་པར་འགྱུར་ལ། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡིན་ན་ཡང་སྔ་ཕྱི་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་དག་འཆོལ་བར་འགྱུར་

རོ་ཞེས་སྔར་བཤད་ཟིན་ཏོ། །ཟག་པ་མེད་པའི་ཆོས་སྔར་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ནི་འབྲས་བུ་སྔར་སྐྱེས་པ་ཉིད་དང་། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཉིད་ཡོད་པ་མ་ཡིན་ནོ་སྙམ་སྟེ་དྲིས་པའོ། །འདི་ལྟ་སྟེ་འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ལ།

འབྲས་བུ་གོང་མ་ནི་དགྲ་བཅོམ་པ་ཉིད་དམ། ཕྱིར་མི་འོང་བའི་འབྲས་བུ་འམ་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་ཞེས་བྱ་བ་ལ་འོག་མ་ནི་ཕྱིར་མི་འོང་བའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། རྒྱུན་དུ་ཞུགས་པའི་འབྲས་བུའོ། །དེ་

ལ་འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་པ་འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་འབྲས་བུ་གོང་མའི་ལམ་སྔར་སྐྱེས་པ་ཡིན་ཡང་འབྲས་བུ་འོག་མས་བསྡུས་པའི་ལམ་ཕྱིས་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལྟ་བུ་སྟེ། དེ་ན་དམན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་

ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ཐོབ་པའི་སྡུག་བསྔལ་ལ་ཆོས་ཤེས་པ་དང་ལྷན་ཅིག་སྐྱེས་པ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་དང་། ལྷན་ཅིག་སྐྱེས་པ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པ་ལྟ་བུ་སྟེ།

เล่ม ๑๔๔ · หน้า 214b

དེ་དག་ནི་ཕྱིས་སྐྱེས་མོད་ཀྱི། སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་བས་དམན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་གོང་མ་གོང་མ་དང་ལྷན་ཅིག་སྐྱེས་པ་དག་ལ་ཡང་བརྗོད་པར་བྱའོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་

ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ན་འོ་ཞེས་ངེས་པར་གཟུང་བ་དང་རིམ་པ་གཞན་དུ་སྦྱར་བ་སྟེ། རྣམ་པ་གཞན་དུ་ངེས་པར་གཟུང་ན་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་བཀག་པ་མི་འདོད་

པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོ་ན་ནི་དམིགས་པ་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟ་ན་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ཉིད་

དུ་ཐལ་བར་འགྱུར་བ་ལྡོག་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུད་དང་དུས་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲས་པའོ། །འདི་ལྟར་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་ནི་རྣམ་པ་དང་དམིགས་པ་གཅིག་པ་དང་། དམིགས་

པ་དང་རྣམ་པ་ཐ་དད་པ་དག་གོ། །དེ་ལ་རྣམ་པ་དང་དམིགས་པ་གཅིག་པ་དག་ཅེས་བྱ་བ་སྨོས་པས་ནི་རྣམ་པ་དང་དམིགས་པ་ཐ་དད་པ་བཀག་གོ། །ཅིག་ཤོས་ནི་མ་བཀག་པས་ཐལ་བ་དེ་ཉིད་དུ་འགྱུར་རོ། །འོ་ན་ནི་དུས་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །དེ་ལྟ་ན་ཡང་རྒྱུད་ཐ་དད་པ་

པ་ལས་སྐྱེས་ཤིང་དུས་ཐ་མི་དད་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། མང་པོ་རྣམས་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་དག་གི་ལྟ་བུ། རྒྱུད་ཐ་དད་པ་ལས་སྐྱེས་པ། དུས་གཅིག་ཅིང་རྣམ་པ་དང་དམིགས་པ་གཅིག་པ་དག་ལ་ཡང་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཁྱད་པར་དེ་དག་

གིས་ནི་གཞན་དུ་ཡང་ཐལ་བར་འགྱུར་བ་དེ་ལྟ་བས་ན། རྟེན་མཚུངས་ཅན་རྣམས་སོ། །རྒྱུད་ཐ་དད་པ་རྣམས་ཀྱང་རིགས་ཀྱི་སྒོ་ནས་རྟེན་མིག་ལ་སོགས་པ་མཚུངས་པ་ཅན་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ་ཞེས་བྱ་བ་སྨོས་ཏེ། འདིས་ནི་སྐད་ཅིག་

เล่ม ๑๔๔ · หน้า 215a

མའི་དབང་དུ་བྱས་ནས་མཚུངས་པ་ཉིད་དུ་འདོད་ཀྱི། རིགས་ཀྱི་དབང་དུ་བྱས་ནས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡང་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་

ཁོང་ན་ཡོད་པའི་དྲི་བ་གཏན་ལ་དབབ་པར་བྱ་བའི་ཕྱིར། མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་མ་ཡིན་པ་ཡང་ཡོད་དེ། སེམས་ཀྱི་རྗེས་སུ་འཇུག་པའི་གཟུགས་དང་། སྐྱེ་

བ་ལ་སོགས་པ་དག་དང་། འབྱུང་བ་ཆེན་པོ་རྣམས་སོ། །མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་ཁོ་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ན། དེ་ལ་རྫས་ཁྱད་པར་མེད་པས་འདྲི་བ་ནི་ཡང་དོན་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཕན་ཚུན་འབྲས་བུའི་དོན་གྱིས་ན། །ཞེས་བྱ་བ་རྒྱས་པར་

འབྱུང་བ་ལ། ཇི་ལྟར་འགྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ཕན་ཚུན་འབྲས་བུ་ཉིད་དུ་འདོད་ལ། ཕན་ཚུན་འབྲས་བུ་ཉིད་ཀྱིས་ཀྱང་ལྷན་ཅིག་འབྱུང་བའི་

རྒྱུར་འདོད་དོ། །མཚུངས་པ་ལྔས་ཞེས་བྱ་བ་ནི་རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པའི་རྣམ་པ་དག་གིས་སོ། །མཚུངས་པར་ལྡན་པའི་དོན་གྱིས་ཞེས་བྱ་བ་ནི་མཚུངས་པར་འཇུག་པའི་དོན་གྱིས་ཏེ། ཇི་ལྟར་འགྲོན་པོ་ཕན་ཚུན་གྱི་སྟོབས་ཀྱིས་

ལམ་དུ་འགྲོ་བ་དེ་དག་ཟས་དང་བཏུང་བ་དང་། ཁྲུས་དང་། མལ་དང་སྟན་ལ་སོགས་པ་ཡོངས་སུ་ལོངས་སྤྱད་པའི་བྱ་བ་ལ་འདྲ་བར་སྦྱོར་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མ་འོངས་པའི་དུས་ནས་ད་ལྟར་བའི་དུས་སུ་འོང་བ་ན་གཅིག་མེད་ན་ཡང་ཐམས་ཅད་མཚུངས་

པར་མི་ལྡན་པས། འདི་ནི་དེ་དག་གི་རྒྱུའི་དངོས་པོ་ཡིན་ཏེ། དེ་ཡོད་ན་ཡོད་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་རྒྱུ་བཤད་ཟིན་ཏོ། །ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་ཞེས་བྱ་བ་ལ། ཉོན་མོངས་པ་སྨོས་པ་ནི་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་བྱ་བའི་ཕྱིར་

เล่ม ๑๔๔ · หน้า 215b

ཏེ། དེ་ནི་ཉོན་མོངས་པ་ཅན་རྣམས་དང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡིན་གྱི་འདི་ནི་ཉོན་མོངས་པ་རྣམས་ཁོ་ནའི་ཡིན་ནོ། །དེ་ལྟ་ཡིན་ན་གཞན་གྱི་ས་པ་དང་། མ་འོངས་པ་དང་། ཕྱིས་སྐྱེས་པ་དང་། ལྷན་ཅིག་སྐྱེས་པ་ཡང་ཀུན་དུ་འགྲོ་བའི་རྒྱུར་ཐལ་བར་འགྱུར་རོ་ཞེ་ན།

དེའི་ཕྱིར། རང་སར་ཀུན་འགྲོ་སྔ་ཞེས་བྱ་བ་སྨོས་སོ། །ཀུན་དུ་འགྲོ་བ་ཡང་དེ་དག་ཡིན་ལ། སྔ་བ་ཡང་ཡིན་པ་ནི་ཀུན་འགྲོ་སྔ་སྟེ། ཀུན་དུ་འགྲོ་བ་སྔར་སྐྱེས་པ་རྣམས་ཞེས་བྱ་བའི་དོན་ཏོ། །རང་གི་ས་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་འདས་པའམ། ད་ལྟར་བྱུང་བ་འང་རུང་སྟེ། སྔར་

སྐྱེས་པ་རྣམས་ནི་ཉོན་མོངས་པ་ཅན་ཐམས་ཅད་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ནོ། །འདི་སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རང་གི་རིས་སྨོས་པ་ནི་མ་བྱས་ཏེ། འདི་ལྟར་འདི་ནི་ཉོན་མོངས་པ་ཅན་གྱི་ཐུན་མོང་བའི་རྒྱུ་ཡིན་པ་ཉིད་ཀྱིས་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །

དེ་དག་ཀྱང་འོག་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ཀྱང་། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་དུ་འགྲོ། །ཞེས་བྱ་བ་སྟེ། དངོས་པོ་རིས་ལྔ་པོ་ཐམས་ཅད་ཀྱང་དམིགས་པར་འགྱུར་

བ་འམ། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འགྱུར་བས་ན་ཀུན་དུ་འགྲོ་བ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །རིས་གཞན་དག་གི་ཡང་ཞེས་

བྱ་བ་འདིས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལ་ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ཀུན་དུ་འགྲོ་བའི་རྒྱུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་གཞན་ཡིན་ལ། དེ་བཞིན་

དུ་གང་དག་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་དེ་དག་ཀྱང་རིས་གཞན་ཡིན་ནོ། །དེའི་ཕྱིར་རིས་གཞན་པོ་དེ་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་རང་གི་རིས་པ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །ཀུན་དུ་འགྲོ་བའི་རྒྱུ་སྔར་

เล่ม ๑๔๔ · หน้า 216a

སྐྱེས་པ་ནི་རིས་ལྔ་ཆར་གྱི་ཉོན་མོངས་པ་མ་སྐྱེས་པ་ཡང་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་ཏེ། དེའི་ཕྱིར་དེ་དག་གི་མཐུས་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་། ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་

བའི་རྩ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པའོ། །འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་ནོ་ཞེས་གསུངས་སོ། །འཕགས་པ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་སྤངས་པའི་ཕྱིར་ལ། སྤངས་པ་ཡང་རྒྱུའི་དངོས་པོར་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི། ཅི་འཕགས་པའི་

གང་ཟག་གི་ཞེས་བྱ་བ་རྒྱས་པར་སྨོས་པའོ། །འཕགས་པའི་གང་ཟག་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་ལ་མངོན་པར་འདོད་དེ། དེ་དག་ལ་ཉོན་མོངས་པ་ཀུན་དུ་སྤྱོད་པ་སྲིད་པའི་ཕྱིར་རོ། །ཁ་ཆེ་བ་རྣམས་ན་རེ་ཉོན་མོངས་པ་ཅན་ཐམས་

ཅད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་སྤངས་ཟིན་པའི་ཕྱིར་འཕགས་པའི་གནས་སྐབས་ན་རྒྱུའི་དངོས་པོར་འགྱུར་བར་མི་རུང་སྟེ། འོ་ན་ཅི་ཞེ་ན། དེ་དག་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ཁོ་ནར་རྒྱུའི་དངོས་པོར་རྣམ་པར་གནས་པ་ཡིན་ཏེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་ནམ་ཡང་

དེའི་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་དེ་དག་ནི་སྤངས་ཀྱང་། ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཉིད་དུ་བསྙད་དོ། །འདི་ལ་ཁུངས་ནི་འདི་ལྟར་རབ་ཏུ་བྱེད་པ་དག་ལས། མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ།

འདིར་ཀུན་དུ་འགྲོ་བའི་རྒྱུ་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པའི་ཁུངས་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཞེས་བྱ་བ་འདི་ཡིན་ཏེ། འདིར་འཕགས་པའམ་སོ་སོའི་སྐྱེ་བོའི་ཉོན་མོངས་པ་ཅན་ཞེས་བྱ་བར་ཁྱད་པར་དུ་མ་བྱས་པ་དེའི་ཕྱིར་ན་འཕགས་པའི་ཡང་ཡིན་ནོ་ཞེས་

བྱ་བར་རྟོགས་སོ། །མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བ་ཞེས་ཁྱད་པར་མེད་པ་ཡིན་ཡང་ཀུན་དུ་འགྲོ་བ་རྣམས་ཁོ་ན་གཟུང་ངོ་། །དེ་བཞིན་དུ་རྣམ་པར་སྨིན་པ་ཡང་ཁྱད་པར་མེད་པར་བརྗོད་དུ་ཟིན་ཀྱང་མི་དགེ་བ་རྣམས་ཁོ་ནའི་ཡིན་གྱི། ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་མ་ཡིན་

เล่ม ๑๔๔ · หน้า 216b

ནོ། །ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བའི་ཆོས་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཡང་མི་དགེ་བ་རྣམས་སོ་ཞེས་བྱ་བ་འདི་ཁུངས་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་ཡིན་ཏེ། དེ་དག་ཀྱང་ཁྱད་པར་མེད་པར་

མི་དགེ་བའི་ཆོས་རྣམས་ཀྱི་རྒྱུའི་དངོས་པོར་བསྟན་པས་འཕགས་པའི་མི་དགེ་བའི་ཆོས་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ནོ། །ལུང་དུ་མ་བསྟན་པའི་ཆོས་འདུས་བྱས་རྣམས་ཞེས་བྱ་བ་ལ། འདུས་བྱས་སྨོས་པ་

ནི་ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ལ། འདིར་རྒྱས་པར་ཞེས་བྱ་བ་སྨོས་པས་ནི་

སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ། འཇིག་

ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། དེ་ལ་མུ་དང་པོ་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདས་པ་དང་ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་

བྱ་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་

ཞེས་བྱ་བའི་གཞུང་འདི་འཕེན་པ་ཡིན་ནོ། །མ་གཏོགས་པ་དག་ལས་གཞན་པ་དེ་དག་གང་ཞེ་ན། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་མ་འོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་འོངས་པ་རྣམས་དང་། ཀུན་འབྱུང་

เล่ม ๑๔๔ · หน้า 217a

མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་མ་འོངས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་ཁོ་ན་སྟེ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ཁྱད་པར་དུ་མ་བྱས་པའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱི་ལྟར་འཕགས་པ་རྣམས་ཀྱི་

ཡང་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ཡིན་གྱི་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་རྣམ་པར་བཤད་པ་ཡིན་ནོ། །དེའི་ཕྱིར་འཕགས་པའི་གང་ཟག་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཀུན་དུ་འགྲོ་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །འོ་ན་བཏགས་པའི་བཤད་པ་ཞེས་

བྱ་བས་ནི་བསྟན་བཅོས་དང་འགལ་བར་སྟོན་ཏེ། གལ་ཏེ་འཕགས་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཀུན་དུ་འགྲོ་བའི་རྒྱུ་ལས་བྱུང་བ་སྟེ། མི་དགེ་བའི་ཆོས་རྒྱུ་ལས་བྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བ་དག་ཀྱང་

ཡིན་ནའོ། །འདྲི་བའི་བསམ་པ་ནི་མི་དགེ་བ་ནི་མི་དགེ་བའི་རྒྱུ་ལས་བྱུང་བ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་ན། ལུང་དུ་མ་བསྟན་པའི་རྒྱུ་ཅན་ནི་མ་ཡིན་ནོ་སྙམ་པའོ། །ཡོད་དེ་འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཞེས་བྱ་བ་ལ་སོགས་པ་ལ། སེམས་པ་

དེའི་རྒྱུ་ནི་མི་དགེ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་བདག་ཉིད་ཅན་ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །དེ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྒྱུ་ཅན་ཉིད་ཀྱང་ཡིན་མོད་ཀྱི། དེ་ནི་རྒྱུ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །

དེའི་རྒྱུ་ལུང་དུ་མ་བསྟན་པ་ཡང་སྤངས་པ་ཡིན་ཏེ། མཐོང་བས་སྤང་བར་བྱ་བ་ཡོངས་སུ་གཏུགས་ཏེ་སྤངས་པའི་ཕྱིར་ལ། མཐོང་བའི་ལམ་ལས་ཡོངས་སུ་ཉམས་པ་ཡང་མེད་པའི་ཕྱིར་རོ། །དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེ་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བ་

འདོད་ཆགས་ལ་སོགས་པའི་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ཇི་ལྟར་མ་སྤངས་ཤེ་ན། དེ་སྤངས་པ་ལས་ཡོངས་སུ་ཉམས་པའི་ཕྱིར་ཏེ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུས་བསྡུས་པའི་རྒྱུ་མི་དགེ་བ་ལ་

เล่ม ๑๔๔ · หน้า 217b

དགོངས་ནས་དེ་སྐད་དུ་གསུངས་པས་བསྟན་བཅོས་དང་འགལ་བ་མེད་དོ། །ཀུན་དུ་འགྲོ་བའི་རྒྱུ་བཤད་ཟིན་ཏོ། །རྣམ་སྨིན་རྒྱུ་ནི་མི་དགེ་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པའི་རྒྱུ་ནི་དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་སྟེ། དེ་དག་རྣམ་པར་སྨིན་པའི་

རྒྱུ་ཁོ་ནའོ་ཞེས་བྱ་བར་ནི་མ་ཡིན་ནོ། །ཟག་པ་དང་བཅས་པ་སྨོས་པ་ནི་ཟག་པ་མེད་པ་གསལ་བར་བྱ་བའི་ཕྱིར་རོ། །མི་དགེ་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་པས་དེ་ཁྱད་པར་དུ་མ་བྱས་སོ། །དང་ཞེས་བྱ་བའི་སྒྲ་ནི་རྒྱུ་ཐ་དད་ཀྱང་འབྲས་བུ་ཐ་མི་དད་པར་ཤེས་པར་བྱ་བའི་ཕྱིར་རོ། །

ཡང་ཅིའི་ཕྱིར་འདི་དག་ཁོ་ན་རྣམ་པར་སྨིན་པའི་རྒྱུ་ཡིན་གྱི་གཞན་ཡང་མ་ཡིན་ཞེ་ན། དེའི་ཕྱིར། རྣམ་པར་སྨིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་རྣམ་པར་སྨིན་པའི་ཆོས་ཅན་ཉིད་མ་ཡིན་

པར་བསྟན་པའི་ཕྱིར་དྲི་བ་ནི། ཅིའི་ཕྱིར་ལུང་དུ་མ་བསྟན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཇི་ལྟར་ས་བོན་རུལ་བ་དག་གིས་མངོན་པར་བརླན་ཡང་སྟོབས་ཆུང་བའི་ཕྱིར་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ལུང་དུ་མ་བསྟན་པ་ཡང་ཟག་པ་དང་བཅས་པའི་ཕྱིར་སྲེད་པས་མངོན་པར་བརླན་ཡང་

སྟོབས་ཆུང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ཡང་ཇི་ལྟར་ས་བོན་གྲུང་པོ་ཆུ་དག་གིས་མངོན་པར་མ་བརླན་པ་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཟག་པ་མེད་པ་རྣམས་ཀྱང་དགེ་བ་ཡིན་པའི་ཕྱིར་གྲུང་ཡང་སྲེད་པས་མངོན་པར་མ་བརླན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །གཅིག་

ནི་རང་གི་ནུས་པ་དང་བྲལ་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ལ། ཅིག་ཤོས་ནི་ལྷན་ཅིག་བྱེད་པའི་རྐྱེན་མ་ཚང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ལྡན་པ་མ་ཡིན་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ནི་འདོད་པའི་ཁམས་ལ་སོགས་པའི་ཆོས་ཅན་

ཡིན་པའི་ཕྱིར་གདོན་མི་ཟ་བར་འདོད་པའི་ཁམས་ལ་སོགས་པ་དང་ལྡན་པར་འགྱུར་ན། ལྡན་པ་མ་ཡིན་པ་ནི་རྣམ་པར་སྨིན་པ་དང་ལྡན་པའི་རྒྱུར་མི་རུང་སྟེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ཞེས་བྱ་བ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་དག་གོ། །རྣམ་པ་གཉིས་

เล่ม ๑๔๔ · หน้า 218a

ཀ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བ་ཉིད་ཀྱིས་གྲུང་པོ་ཡིན་པའི་ཕྱིར་རང་གི་ནུས་པ་དང་ལྡན་ལ། སྲིད་པས་མངོན་པར་བརླན་པའི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་དང་ལྡན་པ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ཅི་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ།

གལ་ཏེ་རྣམ་པར་སྨིན་པ་ཞེས་བྱ་བ་དངོས་པོ་སྒྲུབ་པ་ཡིན་ན་ནི་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། དེར་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་དྲུག་པའི་ཚིག་བསྡུ་བ་ཡིན་ནོ། །འོན་ཏེ་རྣམ་པར་སྨིན་པར་བྱ་བས་ན་རྣམ་པར་སྨིན་པ་ཡིན་ན་ནི་འདི་ནི་ལས་སུ་གྲུབ་པ་ཡིན་ཏེ། དེར་ནི་རྣམ་པར་

སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུའོ་ཞེས་གཞི་མཐུན་པ་ཡིན་ནོ། །དེས་ན་ཅིར་འགྱུར་ཞེས་བྱ་བ་ནི་འདིར་ཉེས་པ་གང་ཞིག་ཏུ་འགྱུར་ཞེས་བྱ་བའོ། །གལ་ཏེ་རྣམ་པར་སྨིན་པའི་རྒྱུ་ཡིན་ན་ནི། མིག་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེར་མི་འགྱུར་ཏེ། འདི་ལྟར་

མིག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ལས་ཏེ། ལས་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་ན་ནི། ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལས་ནི་རྣམ་

པར་སྨིན་པའི་རྒྱུ་ཡིན་པའི་ཕྱིར་ལ། རྣམ་པར་སྨིན་པ་ཡང་ལས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །གཉིས་ཀ་ལྟར་ཡང་རུང་ངོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའོ་ཞེས་ཚིག་བསྡུ་ན་ནི། རྒྱུའི་སྒྲ་མི་མངོན་པར་བྱས་པས་མིག་རྣམ་པར་

སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང་མི་འགལ་ལོ། །ཡང་ན་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ཡིན་ནོ་ཞེས་ཚིག་བསྡུ་ན་ཡང་འབྲས་བུའི་དུས་སུ་ཕྱིན་པའི་ལས་ལ་རྣམ་པར་སྨིན་པར་འགྱུར་བ་ན། རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་ལྟར་ན་ལས་ཀྱི་རྣམ་པར་

སྨིན་པ་ཞེས་བྱ་བ་དང་མི་འགལ་ལོ། །འབྲས་བུ་ནི་རྣམ་པར་སྨིན་པ་ཡིན་པས་རྣམ་པར་སྨིན་པ་ཞེས་བྱའོ། རྣམ་པར་སྨིན་པར་འགྱུར་བས་ནི་མ་ཡིན་ནོ། །མི་འདྲ་བར་སྨིན་པ་ནི་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་འབྲས་བུ་ནི་རྒྱུ་དང་མི་འདྲ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །

เล่ม ๑๔๔ · หน้า 218b

འདི་ལྟར་རྒྱུ་ནི་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་དག་ཡིན་ལ། འབྲས་བུ་ནི་ལུང་དུ་མ་བསྟན་པ་ཡིན་པས་རྒྱུ་དང་མི་འདྲ་བ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་བཤད་པའི་སྒོ་ནས། འདོད་པའི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཡང་

བསྟན་པར་བྱའོ། །ཐོས་པ་རྣམས་དང་དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ན་ཕུང་པོ་གཅིག་གོ། །ཐོབ་པ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པས་འབྲས་བུ་གཅིག་གོ། །ཐོབ་པ་རྣམས་ནི་ཐོབ་པ་དང་

ལྡན་པ་དང་འབྲས་བུ་ཐ་དད་ཀྱི། མཚན་ཉིད་རྣམས་ནི་མ་ཡིན་ཏེ། མཚན་གཞི་དང་གཉིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕུང་པོ་གཉིས་ལ་ཞེས་བྱ་བ་ལ། ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་

ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ལུས་དང་ངག་གི་ལས་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་གཅིག་ཁོ་ན་ཡིན་ཏེ། འབྲས་བུ་ཐ་དད་ན་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་འགལ་བའི་ཕྱིར་རོ། །ཕུང་པོ་གསུམ་པ་

ནི་ཁམས་གསུམ་ན་ཡང་མེད་དེ། སེམས་དང་སེམས་ལས་བྱུང་བ་རྣམས་གདོན་མི་ཟ་བར་འབྲས་བུ་གཅིག་པ་ཡིན་པའི་ཕྱིར་རོ། །ཕུང་པོ་བཞི་ལ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་དག་ནི་ཅི་རིགས་པར་ཕུང་པོ་བཞིས་བསྡུས་པ་ཡིན་ལ། དེ་དག་

གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ། །འདོད་པའི་ཁམས་ནི་མཉམ་པར་གཞག་པའི་སེམས་མེད་པས་རྗེས་སུ་འཇུག་པའི་གཟུགས་མི་སྲིད་པའི་ཕྱིར་ཕུང་པོ་ལྔ་པོ་ནི་ཡོད་པ་མ་ཡིན་ནོ། །ཕུང་པོ་བཞི་པོ་བཞི་ཆར་གྱི་ཡང་རྣམ་པར་སྨིན་པའི་འབྲས་བུ་ནི་

གཅིག་ཁོ་ནའི་ཡིན་གྱི་ཐ་དད་པ་ནི་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐོབ་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་སྟེ། ཐོབ་

เล่ม ๑๔๔ · หน้า 219a

པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཕུང་པོ་གཅིག་ཡིན་ལ། མཚན་ཉིད་དང་མཚན་གཞི་གཉིས་འབྲས་བུ་ཐ་མི་དད་པ་ཡིན་པའི་ཕྱིར་འབྲས་བུ་གཅིག་པ་ཡིན་

ནོ། །ཕུང་པོ་གཉིས་པ་ནི་ཞེས་བྱ་བ་ལ། བསམ་གཏན་དང་པོ་ཁོ་ནའི་རྣམ་པར་རིག་བྱེད་དགེ་བ་ཡིན་གྱི། བསམ་གཏན་གཉིས་པ་ལ་སོགས་པ་དག་གི་ནི་མ་ཡིན་ཏེ། དེའི་ས་པའི་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་ལ། ས་འོག་མ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཁོ་ན་

དེར་མངོན་དུ་བྱེད་པའི་ཕྱིར་རྣམ་པར་སྨིན་པ་མེད་དོ། །རྣམ་པར་རིག་བྱེད་ནི་གཟུགས་ཀྱི་ཕུང་པོའོ། །དེའི་སྐྱེ་བ་ལ་སོགས་པ་དག་ནི་འདུ་བྱེད་ཀྱི་ཕུང་པོའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ལ། དེ་ལ་རྗེས་སུ་འཇུག་པའི་གཟུགས་མེད་པའི་ཕྱིར་ཕུང་པོ་བཞི་པའོ། །མཉམ་པར་

བཞག་པ་ཞེས་བྱ་བ་ལ། དེ་ལ་རྗེས་སུ་འཇུག་པའི་གཟུགས་ཡོད་པའི་ཕྱིར་ཕུང་པོ་ལྔ་པའོ། །གཟུགས་མེད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེ་གཟུགས་ཐམས་ཅད་མེད་པས་ཕུང་པོ་གཅིག་པའམ། བཞི་པ་ཡིན་གྱི། ཕུང་པོ་གཉིས་པ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་

རྒྱུ་དེ་ནི་རྣམ་པ་དགུ་ཡིན་ཏེ། ཁམས་གསུམ་པ་ན་རིམ་བཞིན་དུ་རྣམ་པ་གསུམ་དང་། བཞི་དང་། གཉིས་ཡིན་པའི་ཕྱིར་རོ། །གང་གི་རྣམ་པར་སྨིན་པ་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཁ་ཅིག་ན་རེ་རིས་མཐུན་པ་དང་སྲོག་གི་དབང་པོ་ནི་འཕེན་པར་བྱེད་པའི་ལས་ཀྱི་འབྲས་བུ་ཁོ་

ན་ཡིན་ལ། གཞན་དག་ནི་གདོན་མི་ཟ་བར་འཕེན་པར་བྱེད་པའི་ཡིན་པ་ཁོ་ནར་མ་ཟད་ཀྱི། རྫོགས་པར་བྱེད་པའི་ཡང་ཡིན་ཏེ། དེ་བས་ན་སྲོག་གི་དབང་པོ་གང་གི་རྣམ་པར་སྨིན་པ་ཡིན་པ་དེའི་ནི་རིས་མཐུན་པ་དང་དེའི་སྐྱེ་བ་ལ་སོགས་པ་ཡང་ཡིན་པས་དེའི་རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐྱེ་མཆེད་ཁོ་

ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་མེད་པའི་ཁམས་སུ་སྐྱེས་པ་དགེ་བ་དང་ཉོན་མོངས་པ་ཅན་གྱི་སེམས་ཀུན་དུ་སྤྱོད་པའི་གནས་སུ་གྱུར་པའི་སྲོག་གི་དབང་པོ་མངོན་པར་འདོད་དེ། འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ནི་གནས་སྐབས་ཐམས་ཅད་དུ་སྐྱེ་མཆེད་གཞན་དང་

เล่ม ๑๔๔ · หน้า 219b

གཞན་ཡང་ཡོད་དོ་ཞེས་ཟེར་རོ། །གང་གི་ཡིད་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་གཉིས་ཏེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་རྣམ་པར་ཤེས་པ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཚོར་བ་ལ་སོགས་པ་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་དོ། །གང་གི་རེག་བྱའི་སྐྱེ་མཆེད་ཡིན་པ་ཡང་དེ་དང་

འདྲའོ་ཞེས་བྱ་བ་ལ། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ་དེའི་སྐྱེ་བ་ལ་སོགས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །འདིར་རེག་བྱའི་སྐྱེ་མཆེད་ནི་སེམས་ཅན་དུ་བགྲང་བ་ལ་རིག་པར་བྱའོ། །གང་གི་ལུས་ཀྱི་སྐྱེ་མཆེད་ཡིན་པ་དེའི་གསུམ་སྟེ། ལུས་ཀྱི་

སྐྱེ་མཆེད་ནི་འབྱུང་བ་ལས་གྱུར་པ་ཡིན་ལ། དེ་ཡང་འབྱུང་བ་ལ་ལྟོས་པའི་ཕྱིར་ལུས་ཀྱི་སྐྱེ་མཆེད་ནི་ལུས་ཀྱི་སྐྱེ་མཆེད་འབྱུང་བའི་བདག་ཉིད་ཅན་ལ་མི་ལྟོས་པ་མི་སྲིད་དོ། །དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །གང་གི་དང་དྲི་དང་རོའི་སྐྱེ་

མཆེད་དག་ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་རྣམས་ལས་ནི་གང་ཡང་རུང་བ་ཞིག་གོ། །དེ་དག་གི་རྟེན་འབྱུང་བ་ཆེན་པོ་དག་ནི་རེག་བྱའི་སྐྱེ་མཆེད་དོ། །དེ་དག་གི་སྐྱེ་བ་ལ་སོགས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་དོ། །མིག་ནི་ལུས་ལ་མི་འཁྲུལ་བའི་ཕྱིར་

དང་། འབྱུང་བ་ལ་བརྟེན་པའི་ཕྱིར་དང་། སྐྱེ་བ་ལ་སོགས་པ་མཚན་ཉིད་ལ་མི་འཁྲུལ་བའི་ཕྱིར་ན། གང་གི་རྣམ་པར་སྨིན་པ་མིག་གི་སྐྱེ་མཆེད་ཡིན་པའི་དེའི་སྐྱེ་མཆེད་བཞི་ཡིན་ནོ། །གང་གི་རྣ་བ་དང་སྣ་དང་ལྕེའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། དེ་དག་གི་

ཚུལ་ཡང་མིག་གི་དབང་པོ་དང་འདྲ་སྟེ། དེ་དག་ཀྱང་འབྱུང་བ་ཆེན་པོ་ལ་བརྟེན་པའི་ཕྱིར་དང་། སྐྱེ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་དང་། ལུས་ཀྱི་སྐྱེ་མཆེད་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །བཅུ་གཅིག་ནི་སྒྲ་མ་གཏོགས་པ་སྟེ། དེ་ནི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །ཡང་

ལས་འགའ་ཞིག་རྣམ་པར་སྨིན་པ་སྐྱེ་མཆེད་གཅིག་རྣམ་པར་སྨིན་པར་འགྱུར་ལ། འགའ་ཞིག་གི་བཅུ་གཅིག་སྨིན་པར་འགྱུར་བ་གང་ཡིན་པ་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་ལས་ཀྱི་འབྲས་བུ་སྣ་ཚོགས་པ་དང་། སྣ་ཚོགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཕྱིའི་ས་བོན་ལྟར་

เล่ม ๑๔๔ · หน้า 220a

ནང་གི་ལས་ཀྱི་ས་བོན་ཡང་བལྟ་བར་བྱའོ། །འདི་ལྟར་པད་མའི་ས་བོན་རྣམས་རྩ་བ་དང་། མྱུ་གུ་དང་། ལོ་མ་དང་། སྡོང་བུ་དང་། གེ་སར་དང་། ཟེའུ་འབྲུ་དང་། ལྟེ་བ་སྣ་ཚོགས་པ་ཡིན་པ་དང་། ཤིང་ནྱ་གྲོ་དྷ་ལ་སོགས་པ་སྡོང་བུ་དང་། ཡལ་ག་དང་།

ལྕུག་མ་དང་། ལོ་མ་དང་། ལོ་མ་ཕྲན་དང་། མྱུ་གུ་དང་། མེ་ཏོག་དང་། འབྲས་བུ་དུ་མ་དང་ལྡན་པ་དག་སྤྲིན་ལྟར་སྤྱོད་པར་སྣང་བ་དེ་བཞིན་དུ། ནས་དང་གྲོ་ལ་སོགས་པ་དག་ནི་མ་ཡིན་ནོ། །ལས་དུས་གཅིག་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལས་འདས་པའི་རྣམ་པར་

སྨིན་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཡིན་ནོ། །ལས་དུས་གཉིས་པའི་ཞེས་བྱ་བ་ལ། འདས་པ་དང་ད་ལྟར་བའི་མ་འོངས་པ་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་བར་འོང་བའི་ཕྱིར་རོ་ཞེས་བྱ་བའོ། །བཟློག་པ་ནི་མ་ཡིན་ནོ་

ཞེས་བྱ་བ་ལ། ལས་སྐད་ཅིག་མ་དུ་མའི་རྣམ་པར་སྨིན་པ་སྐད་ཅིག་གཅིག་ནི་མ་ཡིན་ཏེ། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་དུ་འོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ལས་དང་ལྷན་ཅིག་ཏུ་རྣམ་པར་སྨིན་པ་ཡང་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ལ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་

པར་ལྡན་པའི་རྒྱུ་གཉིས་བྱེད་པ་དང་ལྡན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ནི་མི་འདྲ་བར་སྨིན་པ་ལ་ལྟོས་ཏེ་རྣམ་པར་གཞག་ན། དགེ་བ་དང་མི་དགེ་བའི་ཚོགས་པས་བསྡུས་པས་ནི་མི་འདྲ་བར་སྨིན་པ་ཡོད་པ་ཡང་མ་ཡིན་ནོ། །མཇུག་ཐོགས་སུ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ།

རྣམ་པར་སྨིན་པ་རྣམ་པར་སྨིན་པ་མ་ཡིན་ཏེ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་སྨིན་པའི་རྒྱུའི་མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ཀྱིས་དྲངས་པ་ཡིན་གྱི།

རྣམ་པར་སྨིན་པའི་རྒྱུ་ཉིད་ཀྱིས་ནི་མ་ཡིན་ཏེ། དེའི་མཇུག་ཐོགས་སུ་དགེ་བ་དང་མི་དགེ་བ་སྐྱེ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ལས་ཞེས་བྱ་བ་ལ། གང་གི་ཕྱིར་རྣམ་པར་སྨིན་པ་ནི་དེ་དང་ལྷན་ཅིག་ཏུ་སྨིན་པ་མ་ཡིན་ཞིང་། མཇུག་ཐོགས་སུ་ཡང་མ་ཡིན་ཏེ། རྒྱུན་ཡོངས་

เล่ม ๑๔๔ · หน้า 220b

སུ་འགྱུར་བའི་ཁྱད་པར་ལས་སྐྱེ་བའི་ཕྱིར་དང་། རྣམ་པར་སྨིན་པ་དག་དུས་ཡོངས་སུ་ཆད་པ་ཡིན་པའི་ཕྱིར་རོ། །འདི་དག་གི་དུས་ངེས་པ་དོན་གྱིས་ནི་བཤད་མོད་ཀྱི་ཞེས་བྱ་བ་ལ། དོན་གྱིས་ནི་བཤད་མོད་ཀྱི་སྒྲའི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ནི་རྣམ་པ་

གཉིས་ཏེ། རང་གི་སྒྲས་མངོན་པར་བརྗོད་པ་དང་། དོན་གྱིས་བཤད་པའོ། །ཇི་ལྟར་ཞེ་ན། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་བྱེ་བྲག་མེད་པར་བརྗོད་པས་དེ་ནི་དུས་གསུམ་པ་ཡིན་ནོ་ཞེས་བྱ་བར་དོན་གྱིས་བཤད་དོ། །སྔར་སྐྱེས་རྣམས་ཞེས་བརྗོད་པས་སྐལ་བ་

མཉམ་པའི་རྒྱུ་འདས་པ་དང་ད་ལྟར་བྱུང་བ་ཡིན་ནོ་ཞེས་བྱ་བར་བཤད་དོ། །སེམས་དང་སེམས་བྱུང་རྟེན་མཚུངས་རྣམས། །ཞེས་བྱེ་བྲག་མེད་པར་བརྗོད་པས་དུས་གསུམ་པ་ཡིན་ནོ་ཞེས་བཤད་དོ། །ཀུན་འགྲོ་སྔ་ཞེས་བརྗོད་པས་འདས་པ་དང་ད་ལྟར་བྱུང་བ་ཡིན་ནོ་ཞེས་བྱ་བར་

བཤད་དོ། །མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་བྱེ་བྲག་མེད་པར་བརྗོད་པས་དེ་ནི་དུས་གསུམ་པ་ཡིན་ནོ་ཞེས་བྱ་བར་དོན་གྱིས་བཤད་པ་ཡིན་ནོ། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བྱེ་བྲག་མེད་པར་བརྗོད་པས་བྱེད་རྒྱུ་དུས་གསུམ་པ་དང་། དུས་

ལས་རྣམ་པར་གྲོལ་བ་ཡིན་པར་དོན་གྱིས་བཤད་དོ། །འདིར་གཏན་ཚིགས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ལ། གང་ཞིག་ཅེ་ན། རྒྱུ་མཐུན་པའི་འབྲས་བུ་དང་བཅས་པའི་ཕྱིར་ལ། དེ་ཡང་མ་འོངས་པ་ལ་མི་རིགས་ཏེ། སྔ་ཕྱི་མེད་པའི་ཕྱིར་ལ། ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་

ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པོ་དག་ནི་དུས་གསུམ་པ། །གསུམ་པོ་དག་ནི་དུས་གསུམ་པ་ཁོ་ན་ཡིན་གྱི། གསུམ་པོ་དག་ཁོ་ན་དུས་གསུམ་པ་ནི་མ་ཡིན་ཏེ། བྱེད་རྒྱུའི་རྒྱུ་ཡང་དུས་གསུམ་པ་ཡིན་པའི་ཕྱིར་རོ། །དེ་ཡང་དུས་གསུམ་པ་ཁོ་ནའོ་ཞེས་བྱ་བར་ནི་

ངེས་པར་མི་གཟུང་སྟེ། འདུས་བྱས་དང་འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བྱེད་རྒྱུའི་རྒྱུ་ནི་དུས་ངེས་པ་མ་བསྟན་པས་ཞེས་བྱ་བ་སྨོས་སོ། །རྒྱུ་དང་འབྲས་བུ་དག་ཕན་ཚུན་ལྟོས་ཏེ་འཇུག་པའི་ཕྱིར་འདྲི་བ་ནི། རྒྱུ་དེ་དག་གང་གི་ཡིན་པའི་ཞེས་བྱ་བ་རྒྱས་

เล่ม ๑๔๔ · หน้า 221a

པར་འབྱུང་ངོ་། །འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་བྱ་བ་ལ། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་གཏོགས་པ། འདུས་བྱས་དང་འདུས་མ་བྱས་གཞན་ཐམས་ཅད་ནི་འབྲས་བུ་ཡིན་ནོ་ཞེས་བསྟན་

པར་འགྱུར་རོ། །ནམ་མཁའ་བྱ་བ་མ་ཡིན་པའི་ཕྱིར་དང་། འཐོབ་པ་མ་ཡིན་པའི་ཕྱིར་འབྲས་བུ་ཡིན་ལ། རྐྱེན་མ་ཚང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་འབྲས་བུ་མ་ཡིན་ཏེ། དེ་ནི་མངོན་པར་འདོད་པ་མ་ཡིན་པ་དང་། འབད་

པས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ལྟར་ལམ་གྱིས་ཐོབ་པ་མ་ཡིན་ན། དེ་བསྒྲུབ་པར་བྱ་བའི་ཕྱིར་བསྟན་བཅོས་སྨྲས་པ་ནི་བསྟན་བཅོས་ལས་འབྲས་བུའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་

སོགས་པ་རྒྱས་པར་འབྱུང་བ་ལ། འབྲས་བུ་མེད་པའི་རྒྱུ་འམ། རྒྱུ་མེད་པའི་འབྲས་བུ་མེད་དེ། རྒྱུ་དང་འབྲས་བུ་དག་ནི་ཕན་ཚུན་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་འདུས་མ་བྱས་རྒྱུ་ཡིན་པའི་ཕྱིར་དེ་དག་གི་རྒྱུ་ཡིན་པའི་འབྲས་བུར་ཡང་འགྱུར་ལ། འབྲས་བུ་ཡིན་པའི་ཕྱིར་དེ་

གང་གི་འབྲས་བུ་ཡིན་པའི་རྒྱུར་ཡང་འགྱུར་རོ། །མི་འགྱུར་ཏེ། འདི་ལྟར་འདུས་བྱས་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱུ་དང་འབྲས་བུའི་དངོས་པོར་མཚུངས་བཞིན་དུ་འདུས་བྱས་ཁོ་ན་ལ་རྒྱུ་དང་འབྲས་བུ་དག་ཡོད་ཀྱི། འདུས་མ་བྱས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་

དེ་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར། རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལ་རྒྱུ་རྣམ་པ་དྲུག་མེད་ལ། འདི་ལ་འབྲས་བུ་ཡང་མེད་དེ། འདུས་མ་བྱས་ཡིན་པའི་ཕྱིར་དང་། འབྱུང་བར་འགལ་བའི་ཕྱིར་རོ། །འདི་ལ་རྒྱུ་དང་འབྲས་བུའི་མཚན་

ཉིད་མི་རིགས་པ་རྒྱས་པར་བརྗོད་པར་བྱ་སྟེ། དེ་ལ་བྱེད་རྒྱུའི་རྒྱུ་ཡང་མི་སྲིད་དེ། དེ་ནི་སྐྱེ་བཞིན་པ་ལ་གེགས་མི་བྱེད་པའི་ངོ་བོར་བཞག་ན། འདུས་མ་བྱས་ལ་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ། །སྐྱེ་བ་དང་ལྡན་པ་ཕན་ཚུན་རྒྱུ་དང་། འབྲས་བུ་དངོས་པོ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་བའི་

เล่ม ๑๔๔ · หน้า 221b

རྒྱུ་ཡང་མི་སྲིད་དོ། །འདུས་མ་བྱས་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་སྔར་སྐྱེས་པ་མེད་པས་སྐལ་བ་མཉམ་པའི་རྒྱུ་ཡང་མི་སྲིད་དོ། །སེམས་དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ཡང་མེད་དོ། །སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་

བྱ་བ་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མེད་དོ། །འདི་ལ་རྣམ་པར་སྨིན་པའི་རྒྱུ་ཡང་མི་སྲིད་དོ། ལྡན་པ་མ་ཡིན་པའི་ཕྱིར་དང་། རྟག་པའི་ཕྱིར་རོ། །གཞན་ཡང་རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ལ། བྲལ་བ་ནི་དགེ་བ་ཡིན་པས་འདི་ལ་རྣམ་པར་སྨིན་པའི་རྒྱུ་

མེད་དོ། །དེ་ལྟར་ན་རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་འདུས་མ་བྱས་འབྲས་བུ་མ་ཡིན་ནོ། །འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་ཡང་འདུས་མ་བྱས་ལ་འབྲས་བུ་མེད་དོ་ཞེས་སྟོན་ཏོ། །འདི་ལྟར་འདུས་མ་བྱས་ལ་བདག་པོའི་འབྲས་བུ་ནི་མི་སྲིད་དོ། བདག་པོའི་འབྲས་བུ་ནི། སྔོན་

བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་ལྷན་ཅིག་འབྱུང་བ་དང་། ཕྱིས་འབྱུང་བར་འདོད་ན། དེ་ནི་སྐྱེ་བ་དང་ལྡན་པ་ཡང་མ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ཡང་མི་སྲིད་དོ། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་བྱ་བ་ཡིན་ན། འདུས་མ་བྱས་ནི་

སྐྱེ་བ་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་འང་མི་སྲིད་དེ། འདུས་མ་བྱས་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་སྐྱེས་བུའི་རྩལ་མེད་པའི་ཕྱིར་རོ། །འདི་ལ་རྣམ་པར་སྨིན་པའི་འབྲས་བུ་ཡང་མི་རུང་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་དང་དགེ་བ་ཟག་

པ་དང་བཅས་པས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ལམ་གྱི་རང་བཞིན་མ་ཡིན་པའི་ཕྱིར་ན་འདི་ལ་བྲལ་བའི་འབྲས་བུ་ཡང་མི་སྲིད་དེ། དེ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱི་འབྲས་བུ་ཡིན་ནོ། །གཞན་ཡང་དུས་ལས་གྲོལ་བ་ལ་འབྲས་བུ་འཛིན་པ་དང་འབྱིན་པའི་མཐུ་མེད་པའི་

ཕྱིར་ཡང་འབྲས་བུ་མེད་དེ། ཇི་སྐད་དུ། ལྔ་ནི་ད་ལྟར་འབྲས་བུ་འཛིན། །ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་ལམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ནི་དངོས་པོར་འབྱུང་བ་ལ་བྱེད་པ་དང་བྲལ་བ་ཁོ་ན་ཡིན་པར་འདོད་དོ་སྙམ་པ་ནི་འདྲི་བའི་བསམས་པའོ། །འདི་ལྟར་དེ་

เล่ม ๑๔๔ · หน้า 222a

ནི་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་ཞེས་བྱ་བ་ལ། གང་ཞིག་སྐྱེ་བཞིན་པ་གང་ཞིག་ལ་གེགས་མི་བྱེད་པའི་ངོ་བོར་གནས་པ་དེ་ནི་དེའི་བྱེད་རྒྱུའི་རྒྱུ་ཡིན་ན། འདུས་མ་བྱས་ནི་སྐྱེ་བ་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ལམ་འདིའི་བྱེད་རྒྱུའི་རྒྱུ་མ་ཡིན་ནོ། །

འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་བྱ་བ་འདིར་བྲལ་བ་འབྲས་བུའི་ངོ་བོར་གྲགས་པས་དེའི་ཕྱིར་ད་ནི་དེ་གང་གི་འམ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལམ་འདིའི་བྱེད་རྒྱུའི་རྒྱུར་མི་འདོད་ནའོ། །ཡང་ན་དེའི་རྒྱུར་མི་འདོད་ན་ཇི་ལྟར་དེ་འབྲས་བུ་ཡིན་ཞེ་ན། དེ་གང་གི་འབྲས་བུ་

ཡིན་ཞེས་གང་སྨྲས་པ་དེའི་ལན་ནི། ལམ་གྱི་འབྲས་བུ་ཡིན་ཏེ་ཞེས་བྱ་བའོ། །ཡང་ཇི་ལྟར་ན་འབྲས་བུ་ཡིན་ཞེས་བྱ་བ་དེའི་ལན་ནི་དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གི་ཕྱིར་འདུས་མ་བྱས་ལམ་གྱི་སྟོབས་ཀྱིས་འཐོབ་པ་དེའི་ཕྱིར་འདུས་མ་བྱས་ལམ་གྱི་འབྲས་བུ་

ཡིན་ཏེ། དེ་ལྟར་ན་ལམ་བྱེད་རྒྱུའི་རྒྱུ་ཉིད་མ་ཡིན་ནོ། །འོ་ན་ནི་དེ་ལམ་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ལམ་དེ་ཐོབ་པ་དེ་ཁོ་ན་ལ་ནུས་པའི་ཕྱིར་ཐོབ་པ་ཁོ་ན་ལམ་གྱི་འབྲས་བུ་ཡིན་གྱི། བྲལ་བ་ནི་ལམ་གྱི་འབྲས་བུ་མ་ཡིན་ཏེ། དེ་ལ་ནུས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལམ་མྱ་ངན་

ལས་འདས་པ་ལ་བྱེད་པ་མེད་པའི་ཕྱིར་འབྲས་བུ་མ་ཡིན་ནོ། །བདག་ཉིད་ཐམས་ཅད་ཀྱིས་འབྲས་བུ་མ་ཡིན་པ་ཉིད་འགག་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང་ནུས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར་ཐོབ་པ་ལ་ཡང་ནུས་པ་གཞན་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཐོབ་པ་ལ་ནི་བྱེད་པ་པོ་

ཉིད་ཀྱིས་ནུས་པ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་མྱུ་གུ་ལ་ས་བོན་བཞིན་ནོ། །བྲལ་བ་ལ་ནི་ཐོབ་པར་བྱེད་པ་ཉིད་ཀྱིས་ནུས་པ་ཡིན་ཏེ། ལམ་མེད་པར་ནི་བྲལ་བ་མི་འཐོབ་པོ། །དེ་ལྟ་བས་ན་རེ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུ་རྣམས་ནི་དངོས་པོ་འབྱུང་བའི་རྒྱུ་

མཚན་ཡིན་པའི་ཕྱིར་ལམ་ནི་ཇི་ལྟར་ཡང་བྲལ་བའི་རྒྱུ་མ་ཡིན་གྱི་བྲལ་བ་ནི་འདིའི་འབྲས་བུ་ཡིན་ནོ། །ཡང་མྱ་ངན་ལས་འདས་པ་རྒྱུ་མེད་པ་རྒྱུར་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་ན་མངོན་པར་འདོད་པའི་དོན་ནུས་པས་ཐོབ་པ་དག་ལ་འབྲས་བུ་ཞེས་བྱ་བར་གྲགས་ལ། མྱ་ངན་ལས་

เล่ม ๑๔๔ · หน้า 222b

འདས་པ་དེ་ཡང་འཕགས་པའི་ལམ་གྱི་ནུས་པས་འཐོབ་པས་དེའི་འབྲས་བུ་ཞེས་བྱ་བ་ལ། རྒྱུ་མེད་པ་ཉིད་ནི་དེ་ཐོབ་པར་བྱ་བ་ལ་འཕགས་པའི་ལམ་རྒྱུ་དྲུག་པོ་ཉིད་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཁོ་ན་ཡིད་ལ་བཞག་ནས་ལམ་བསྒོམ་པ་ལ་འཇུག་གི་དེའི་ཐོབ་པ་བ་ཡིད་ལ་བཞག་

ནས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་ཉིད་གཙོར་ལམ་གྱི་འབྲས་བུ་ཡིན་གྱི་དེའི་ཐོབ་པ་ནི་མ་ཡིན་ཏེ། ལམ་ནི་དེ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤངས་པ་ཁོ་ན་དགེ་སྦྱོང་གི་འབྲས་བུར་གསུངས་ཀྱི་སྤངས་པའི་ཐོབ་པ་ནི་མ་ཡིན་ནོ། །

ཡང་བདག་པོའི་འབྲས་བུ་ཡང་མེད་ན་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། བྱེད་རྒྱུའི་རྒྱུ་ཡིན་པའི་ཕྱིར་འདི་ལ་བདག་པོའི་འབྲས་བུ་ཁས་བླང་བར་བྱ་སྟེ། དེ་ཁས་མི་ལེན་ན་བྱེད་རྒྱུའི་རྒྱུ་ཉིད་དུ་ཁས་བླངས་པ་དང་འགལ་ལོ། །འགལ་བ་མེད་དེ། སྐྱེ་བ་ལ་

གེགས་མི་བྱེད་པའི་ངོ་བོས་བྱེད་རྒྱུའི་རྒྱུ་ཡིན་པའི་ཕྱིར་ལ། འདས་པ་དང་ད་ལྟར་བྱུང་བ་ལ་འབྲས་བུ་འབྱིན་པ་དང་། འཛིན་པ་ངེས་པའི་ཕྱིར་མ་འོངས་པ་ད་ལྟར་དུས་དང་བྲལ་བ་ལ་དེའི་ནུས་པ་མེད་པས་འདི་ལ་འབྲས་བུ་མི་འདོད་དོ། །འདི་ལ་འབྲས་བུ་ཡོད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་

རྒྱས་པར་འབྱུང་བ་ལ། ལྔ་པོ་ད་ལྟར་འབྲས་བུ་འཛིན། །གཉིས་ནི་འབྱིན་པར་བྱེད་པ་ཡིན། །ཞེས་དུས་ཀྱིས་བསྡུས་པ་ཁོ་ན་ལ་འབྲས་བུ་འཛིན་པ་དང་འབྱིན་པ་བཤད་ན། འདུས་མ་བྱས་ལ་ནི་ད་ལྟར་བ་ཉིད་མེད་པའི་ཕྱིར་འབྲས་བུ་འཛིན་པ་མི་སྲིད་ལ། འདས་པ་དང་ད་ལྟར་

བ་ཉིད་མེད་པའི་ཕྱིར་འབྲས་བུ་འབྱིན་པ་མི་སྲིད་དོ། །དེའི་ཕྱིར་འདི་ལ་དངོས་ཀྱི་རྟོག་པས་རྒྱུ་དང་འབྲས་བུ་དག་མེད་མོད་ཀྱི། འོན་ཀྱང་བཏགས་པའི་རྟོག་པས་རྒྱུ་ཉིད་དང་འབྲས་བུ་ཉིད་དུ་བསྙད་དོ། །རྒྱུ་མ་ཡིན་ནོ་ཞེས་ནི་རྣམ་གྲངས་ཀྱིས་གསུངས་སོ་ཞེས་བྱ་བ་ལ། དོན་གྱིས་

གསུངས་ཀྱི་སྒྲ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་ཞེས་འདིར་གཟུགས་ལ་སོགས་པ་རྣམས་ཀྱི་རྒྱུ་དང་རྐྱེན་མ་ལུས་པར་སྨོས་པའི་ཕྱིར་དང་། དེ་དག་ཀྱང་ཁྱད་པར་མེད་པར་མི་རྟག་པ་ཉིད་དུ་བསྒྲུབས་པའི་ཕྱིར་རྒྱུ་རྟག་པ་

เล่ม ๑๔๔ · หน้า 223a

མེད་དོ་ཞེས་གསུངས་པར་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་ཟེར་བ་ནི་ཆོས་མངོན་པ་པ་སྟེ་བྱེད་རྒྱུའི་རྒྱུར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་ཡང་མི་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་བྱེ་བྲག་མེད་པར་མི་རྟག་པ་

ཉིད་དུ་བསྒྲུབས་པའི་ཕྱིར་རོ་ཞེས་ཟེར་རོ། །མདོ་སྡེ་པ་ན་རེ་སྐྱེད་པའི་ཞེས་བཀར་བའི་ཕྱིར་འགྱུར་ཏེ། གང་དག་རྣམ་པར་ཤེས་པའི་དམིགས་པ་ཙམ་ཡིན་ལ། སྐྱེད་པར་བྱེད་པ་མ་ཡིན་པ་དེ་དག་རྟག་པ་ཉིད་དུ་མི་འགལ་ལོ་ཞེས་ཟེར་རོ། །ཆོས་མངོན་པ་པ་ན་རེ་རྒྱུ་རྣམས་ཀྱང་དེ་ཁོ་ན་

ལྟར་ཡིན་ཏེ། བྱེད་རྒྱུའི་རྒྱུ་ཐམས་ཅད་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་ཟེར་རོ། །རྐྱེན་ནི་བཞི་པོ་ཞེས་བྱ་བའི་མདོ་དེ་ལས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི། མ་བསྒྲིབས་པའི་རྒྱུ་ཡིན་པར་ནི་མདོ་གང་ལས་ཀྱང་མ་གསུངས་སོ། །ཡང་ན་མདོ་ལས་འདུས་

མ་བྱས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི། མ་བསྒྲིབས་པའི་རྒྱུ་ཡིན་པར་ནི་མ་གསུངས་སོ་ཞེས་བྱ་སྟེ། དེའི་ཕྱིར་མདོ་ལས་འདུས་མ་བྱས་རྒྱུའི་དངོས་པོར་མི་འགྲུབ་པོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་ན་ཞེས་བྱ་བ་ལ། རྩ་བའི་བསྡུ་བ་ཉམས་པ་སེམས་ལ་བཞག་

ནས་དེ་སྐད་དུ་སྨྲས་པ་ཡིན་ནོ། །མདོ་ནུབ་ཀྱང་བཀག་པའི་ཕྱིར་མདོ་གཞན་ལས་མ་གསུངས་པར་ཤེས་ལ། མ་བཀག་ཀྱང་མདོ་མ་ལུས་པར་རྗེས་སུ་འཇུག་པའི་ཕྱིར་མ་གསུངས་སོ་ཞེས་བྱ་བར་རྟོགས་པར་ནུས་ཀྱི། གཞན་དུ་ནི་མ་ཡིན་ཏེ། དེ་ལྟ་བས་ན་མ་བཀག་པའི་ཕྱིར་

དང་རྩ་བའི་བསྡུས་པ་ཉམས་པའི་ཕྱིར་མ་གསུངས་སོ་ཞེས་ངེས་པར་གཟུང་བར་མི་ནུས་སོ། །གཞན་ན་རེ་སྐྱེད་པར་བྱེད་པའི་ཞེས་འབྱུང་བའི་ཕྱིར། འདི་ལས་བཅོམ་ལྡན་འདས་ཀྱིས་འདུས་མ་བྱས་རྒྱུ་ཉིད་དང་རྐྱེན་ཉིད་དུ་མཚོན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདི་སྐད་དུ་གཟུགས་

ཀྱི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་ན་ཞེས་གསུངས་པར་འགྱུར་བ་ཞིག་གོ། །དེའི་ཕྱིར་འདུས་མ་བྱས་རྒྱུར་གྱུར་པ་ཡོད་ཅིང་། རྐྱེན་དུ་གྱུར་པ་ཡོད་ཀྱི། འགའ་ཞིག་སྐྱེས་པར་བྱེད་པ་ནི་མ་ཡིན་ནོ། །རྒྱུ་ནི་རྣམ་པ་གཉིས་ཏེ། སྐྱེད་པར་

เล่ม ๑๔๔ · หน้า 223b

བྱེད་པ་དང་། འགལ་བར་མི་བྱེད་པའོ་ཞེས་འདི་ནི་བྱེད་རྒྱུའི་རྒྱུ་བསམ་པར་བཤད་ཟིན་ཏོ་ཞེས་ཟེར་རོ། །ཡང་བྲལ་བ་ཞེས་བྱ་བ་འདི་ཅི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རབ་ཏུ་གྲགས་པའི་དོན་གྱིས་མ་གྲགས་པའི་དོན་ངེས་པར་བྱེད་པ་ཡིན་ན། འདིར་གཉིས་ཀ་ཡང་དོན་མ་གྲགས་པ་ཡིན་པས་

ཕན་ཚུན་བསྟེན་པར་འགྱུར་ཏེ། རྟ་དང་བྲེས་བཞིན་ནོ། །འདིར་དེའི་རང་གི་ངོ་བོ་ནི་འཕགས་པ་རྣམས་ཁོ་བོས་ཞེས་བྱ་བ་ལ། འདི་ནི་ལུང་གིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་སྟོན་ཏོ། །མདོ་སྡེ་པ་རྣམས་ན་རེ་སོ་སོའི་བརྟགས་པས་འགོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདུས་མ་བྱས་

ཐམས་ཅད་རྫས་སུ་མེད་དོ་ཞེས་ཟེར་རོ། །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་གཟུགས་ནི་ཚོར་བ་ལ་སོགས་པ་དག་ལས་དངོས་པོ་གཞན་ཡིན་ཞིང་། ཚོར་བ་ལ་སོགས་པ་དག་ཀྱང་གཟུགས་ལས་གཞན་ཡིན་པ་དེ་བཞིན་དུ་འདུས་མ་བྱས་ནི།

འདུས་མ་བྱས་སམ། ཕན་ཚུན་ལས་དངོས་པོ་གཞན་མ་ཡིན་ཏེ། དེའི་ཕྱིར་རྫས་སུ་མེད་དོ། །འོ་ན་ཅི་ཞེ་ན། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲ་ནི་དངོས་པོ་གཞན་དང་གཞན་དགག་པར་བྱ་བའི་ཕྱིར་ཏེ། རེག་བྱ་སྔ་ན་མེད་པ་འམ།

ཞིག་ནས་མེད་པ་ལ། ནམ་མཁའ་ཞེས་བྱ་བར་གདགས་སོ། །འདི་ལྟར་མུན་པའི་ནང་དག་ན་ཞེས་བྱ་བས་ནི་དེ་གཞུང་འཛུགས་པར་བྱེད་དོ། །མ་རྙེད་ན་ཞེས་བྱ་བ་ལ། མ་ཕྲད་ན་ནམ་མཁའོ་ཞེས་འཛེར་ཏོ། །ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་འགགས་ནས་ཞེས་བྱ་བ་རྒྱས་

པར་འབྱུང་བ་ལ། ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་རྣམས་འགགས་ནས་སོ། །རྐྱེན་གཞན་མ་ཚང་བས་ཀྱང་མི་སྐྱེ་བས་དེའི་ཕྱིར་སོ་སོར་བརྟགས་པའི་སྟོབས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཕྲ་རྒྱས་དང་སྐྱེ་བ་གཞན་མི་སྐྱེ་བའི་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །དེའི་ཕྱིར་དེ་ལྟར་ན། ཕུང་

པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་སོ་སོར་བརྟགས་པའི་འགོག་པ་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་ཏེ། འདི་ལྟར་བདེན་པ་གཉིས་འགགས་པ་ནི་སོ་སོར་བརྟགས་པའི་འགོག་པ་ཡིན་ནོ། །དེ་ལ་ཕྲ་རྒྱས་ནི་ཀུན་འབྱུང་གི་བདེན་པ་

เล่ม ๑๔๔ · หน้า 224a

ཡིན་ལ། སྐྱེ་བ་ནི་སྡུག་བསྔལ་གྱི་བདེན་པའོ། །ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་ས་བོན་འགགས་ནས་རྒྱུ་མེད་པས་སོ་སོར་བརྟགས་པའི་སྟོབས་ཀྱིས་ཉོན་མོངས་པ་སྐྱེས་པ་དང་འགལ་བའི་རྟེན་ཐོབ་པས་ཉོན་མོངས་པ་ཕྲ་རྒྱས་འདོད་ཆགས་ལ་སོགས་

པ་མ་འོངས་པ་མི་སྐྱེ་བ་ནི་ཉོན་མོངས་པ་འགོག་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ད་ལྟར་བ་འགག་པ་དང་སོ་སོར་བརྟགས་པའི་སྟོབས་ཉིད་ཀྱིས་ཡང་སྲིད་པའི་སྐྱེ་བར་མཚམས་མི་སྦྱོར་ཞིང་མི་སྐྱེ་བ་ནི་སྐྱེ་བ་འགོག་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སོ་སོར་བརྟགས་

པ་མེད་པ་ཁོ་ནར་རྐྱེན་ཟས་ལ་སོགས་པ་མ་ཚང་བས་བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་མི་སྐྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་ནོ། །སྡེ་པ་གཞན་དག་ན་རེ་བྱ་བ་ལ། ཉོན་མོངས་པའི་བག་ཆགས་དང་རྗེས་སུ་འབྲེལ་པའི་རྟེན་སྐྱེ་བ་དང་འགལ་བའི་ཕྱིར་ཉོན་

མོངས་པ་སྐྱེ་བ་དང་འགལ་བའི་སྐྱེས་པས་ན་ཕྲ་རྒྱས་རྣམས་མི་སྐྱེ་བ་ལ་ཤེས་རབ་ཀྱི་ནུས་པ་ཡོད་དོ། དེའི་ཕྱིར་དེ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སྡུག་བསྔལ་མི་སྐྱེ་བ་གང་ཡིན་པ་དེ་ལ་ནི་ཤེས་རབ་ཀྱིས་བྱེད་པ་མེད་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མ་ཡིན་ཏེ།

དེ་ནི་སྡུག་བསྔལ་སྐྱེ་བའི་རྒྱུ་ཉོན་མོངས་པ་མ་ཚང་བས་འཐོབ་པས་འདིར་སོ་སོར་བརྟགས་པས་འགོག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་སོ་སོར་བརྟགས་པ་མེད་པར་ཞེས་བྱ་བ་ལ། སྡུག་བསྔལ་མི་སྐྱེ་བ་དེ་ཡང་སྟེ། རྒྱུ་མ་ཚང་བ་ནི་སོ་སོར་བརྟགས་པ་མངོན་དུ་འགྲོ་བ་ཡིན་

པའི་ཕྱིར་སོ་སོར་བརྟགས་པ་མེད་པར་མི་འགྲུབ་པས་སོ་སོར་བརྟགས་པས་འགོག་པ་ཁོ་ན་ཡིན་ནོ། །རང་གི་ངང་གིས་འགག་པའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་མེད་པར་འགག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་སོ་སོར་བརྟགས་པས་འགོག་པ་ནི་མི་རྟག་པས་འགོག་པ་ཁོ་ན་ཡིན་

ནོ་ཞེས་སྨྲས་པར་འགྱུར་རོ། །མ་ཞིག་ན་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། རང་གི་ངང་གིས་འགག་པ་དེ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། །གལ་ཏེ་སོ་སོར་བརྟགས་པས་འགོག་པ་ཡང་སོ་སོར་བརྟགས་པ་སྔོན་དུ་འགྲོ་བའི་ཕྱིར་མི་རྟག་པར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ལ། ཉོན་

เล่ม ๑๔๔ · หน้า 224b

མོངས་པ་དང་སྐྱེ་བ་མི་སྐྱེ་བ་ནི་སོ་སོར་བརྟགས་པ་སྔོན་དུ་འགྲོ་བ་ཡིན་ཏེ། དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཡང་མི་རྟག་པར་འགྱུར་རོ། །མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་མི་སྐྱེ་བ་དེ་ནི་སྔ་ནས་ཡོད་པ་ཁོ་ན་ཡིན་ནོ། །གལ་ཏེ་དེ་དག་མི་སྐྱེ་བ་དེ་སྔ་ནས་ཡོད་པ་ཁོ་ན་ཡིན་ལ།

ཇི་ལྟར་དེ་ལ་ཤེས་རབ་ཀྱི་ནུས་པ་ཡོད་ཅེ་ན། དེའི་ཕྱིར་ཆོས་གང་དག་སོ་སོར་བརྟགས་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གེགས་མ་བྱས་པ་ཅན་རྣམས་སྐྱེ་བ་ལ་ཞེས་བྱ་བ་ལ། གང་དུས་ལས་སྐྱེ་བ་ལ་གེགས་མ་བྱས་པ་ཡོད་པས་ན། སྐྱེ་བ་ལ་གེགས་མ་བྱས་པ་སྟེ། དེ་

དག་སྐྱེ་བ་ལ་གེགས་བྱེད་པའི་དངོས་པོ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པའི་ནུས་པ་ཡིན་ནོ། །གང་གི་ཕྱིར་རྒྱུ་དང་རྐྱེན་ལ་ལྟོས་ཏེ་རེས་འགའ་སྐྱེ་བར་འགྱུར་བ་ལས་ཤེས་རབ་སྐྱེས་པས་དེ་དག་སྐྱེ་བ་ལ་གེགས་བྱེད་པའི་དངོས་པོ་ཡིན་གྱི། ཤེས་རབ་ཀྱིས་མི་སྐྱེ་བ་སྔ་ནས་ཡོད་པ་མ་

ཡིན་པ་སྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མི་རྟག་པ་ཉིད་མེད་ལ། དེ་ལ་ཤེས་རབ་ཀྱི་ནུས་པ་མེད་པས་ཡང་མ་ཡིན་ནོ། །གལ་ཏེ་མེ་སྐྱེ་བ་ཁོ་ན་མྱ་ངན་ལས་འདས་པ་ཡིན་གྱི། ཆོས་མངོན་པ་པ་རྣམས་ཀྱི་ལྟར་རྫས་གཞན་ཞིག་མ་ཡིན་ནོ། དེ་ལྟ་

ན་འོ་ན། འདས་པ་ད་ལྟར་བྱུང་བའི་སྡུག་བསྔལ་དག་སྐྱེས་ཟིན་པ་ཉིད་ཀྱིས་མི་སྐྱེ་བ་མེད་པའི་ཕྱིར་མདོའི་ཚིག་ནི་ཇི་ལྟར་དྲང་། མྱ་ངན་ལས་འདས་པ་རྫས་སུ་གྱུར་པར་ཁས་མ་བླངས་པར་འདི་དྲང་བར་མི་ནུས་སོ་སྙམ་དུ་བསམས་པའོ། །དབང་པོ་ལྔ་ནི་དད་པ་ལ་སོགས་པ་དག་

གོ། །ཀུན་དུ་བསྟེན་པ་ནི་མཐོང་བའི་ལམ་དུའོ། །གོམས་པར་བྱས་པ་ནི་བསྒོམ་པའི་ལམ་དུའོ། །ལན་མང་དུ་བྱས་པ་ནི་མི་སློབ་པའི་ལམ་ལའོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཞེས་བྱ་བ་ལ། འདས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་ལ་ནི་རང་གི་ངོ་

བོས་སྤངས་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གཟུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་ཞེས་བྱ་བ་ལ། འདུན་པ་ནི་འདོད་པའོ། །འདོད་ཆགས་ནི་མངོན་པར་ཞེན་པའོ། །དེ་ལྟར་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་སྡུག་བསྔལ་སྤངས་པ་

เล่ม ๑๔๔ · หน้า 225a

ཡིན་དང་། མྱ་ངན་ལས་འདས་པ་རྫས་སུ་ཡོད་པར་བརྟགས་པ་མེད་བཞིན་དུ་དུས་གསུམ་པའི་སྡུག་བསྔལ་སྤངས་པར་རུང་ངོ་། །ཇི་ལྟ་ཞེ་ན། སོ་སོར་བརྟགས་པའི་སྟོབས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་ལ་དམིགས་

པའི་ཉོན་མོངས་པ་ཕྲ་རྒྱས་གཏན་མི་སྐྱེ་བའི་ཕྱིར་རོ། །དེར་ཡང་ཞེས་བྱ་བ་ནི་འདོན་པའི་བྱེ་བྲག་ལའོ། །ཚུལ་ནི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཁོ་ནས་དེ་སྤངས་པ་ཡིན་ཏེ། སོ་སོར་བརྟགས་པའི་སྟོབས་ཀྱིས་འདས་པ་དང་མ་འོངས་པ་དང་

ད་ལྟར་བྱུང་བའི་ཉོན་མོངས་པ་ལ་དམིགས་པའི་ཕྲ་རྒྱས་གཏན་མི་སྐྱེ་བའི་ཕྱིར་རོ། །ཡང་ན་དགོངས་པ་ནི་ཞེས་བྱ་བ་ནི་འདོན་པའི་བྱེ་བྲག་ཉིད་ལ་ཉོན་མོངས་པ་རྣམས་རང་གི་ངོ་བོས་སྤང་བའི་དགོངས་པ་འཆད་པའོ། །སྐྱེ་བ་སྔ་མ་ལ་བྱུང་བ་ནི་ཚེ་རབས་སྔ་མའོ། །སྐྱེ་བ་འདི་ལ་བྱུང་བ་ནི་ཚེ་འདི་པའོ། །

དེ་ལྟར་བཤད་ན་འདས་པ་དང་ད་ལྟར་བྱུང་བའི་ཉོན་མོངས་པ་སྐད་ཅིག་མ་ཡིན་པ་གསལ་བར་འགྱུར་རོ། །འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཇི་ལྟར་སྲེད་པ་རྣམ་པར་སྤྱད་པ་དག་ལ་ཞེས་བྱ་བ་སྨོས་སོ། །སྲེད་པ་རྣམ་པར་སྤྱད་པ་དག་ལ་ནི་ཐེ་ཚོམ་ཟ་བར་འགྱུར་བ་དག་སྟེ་གཡོ་བར་གྱུར་པ་དག་ཅེས་བྱ་

བའི་དོན་ཏོ། །འདས་པ་དང་མ་འོངས་པའི་དུས་ཀྱི་སྐད་ཅིག་མ་གཅིག་གི་དབང་དུ་མཛད་ནས་ཡིན་པར་ནི་མི་རུང་ཞེས་འདས་པ་དང་ད་ལྟར་བའི་ཚེ་རབས་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེས་བྱ་བར་ཤེས་ཏེ། དེ་བཞིན་དུ་འདིར་ཡང་ཚེ་རབས་སྔ་མ་པ་དང་། ཚེ་འདི་པའི་ཉོན་མོངས་པའི་རྒྱུན་མཐའ་

དག་དང་སྦྱར་གྱི། སྐད་ཅིག་མ་གཅིག་དང་ནི་མ་ཡིན་ནོ། །སྲེད་པ་རྣམ་པར་སྤྱད་པ་བཅོ་བརྒྱད་པོ་དེ་དག་ནི་དགེ་སློང་དག་ངའོ་སྙམ་པའི་ཡོད་ན་ང་འདི་ལྟ་བུའོ་སྙམ་པ་འབྱུང་བར་འགྱུར་ཞིང་། ང་འདི་འདྲའོ་སྙམ་པ་དང་། ང་དེ་ལྟ་མ་ཡིན་ནོ་སྙམ་པ་དང་། ང་བཟང་ངོ་སྙམ་པ་དང་། ང་

ངན་ནོ་སྙམ་པ་འབྱུང་བར་འགྱུར་རོ། །དེ་ལ་འབྱུང་བར་འགྱུར་རོ་སྙམ་པར་འབྱུང་བར་འགྱུར་ཞིང་། དེ་ལ་འབྱུང་བར་མི་འགྱུར་རོ་སྙམ་པ་དང་། འདི་ལྟ་བུར་འབྱུང་བར་འགྱུར་རོ་སྙམ་པ་དང་། འདི་འདྲ་བར་འབྱུང་བར་འགྱུར་རོ་སྙམ་པ་དང་། དེ་ལྟ་མ་ཡིན་པར་འབྱུང་བར་འགྱུར་རོ་སྙམ་པ་འབྱུང་བར་

เล่ม ๑๔๔ · หน้า 225b

འགྱུར་རོ། །དེ་ལ་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང་། དེ་ལ་འདི་ལྟ་བུར་གྱུར་ཅིག་སྙམ་པ་དང་། འདི་འདྲ་བར་གྱུར་ཅིག་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་དང་། གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་འདྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་།

དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་དག་གི་ཁྱད་པར་ནི་འོག་ཏུ་བཤད་པར་བྱ་འོ། །ཉོན་མོངས་པ་གཉིས་པོ་དེས་ཀྱང་ཞེས་བྱ་བ་ནི་ཚེ་རབས་སྔ་མ་པ་དང་། ཚེ་འདི་པ་པས་སོ། །རྒྱུད་འདི་ལ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལའོ། །ས་བོན་གྱི་དངོས་པོ་

ནི་ནུས་པའོ། །འདི་ལྟར་ཉོན་མོངས་པ་གཉིས་པོ་དེས་ཀྱང་རྒྱུད་ཉོན་མོངས་པ་མ་འོངས་པ་སྐྱེད་པར་ནུས་པར་བྱས་པ་དེས་འདི་ལ་ས་བོན་གྱི་དངོས་པོ་བཞག་ལ་ཞེས་བྱ་སྟེ། ས་བོན་གྱི་དངོས་པོ་དེ་སྤངས་པས་ཚེ་རབས་སྔ་མ་པ་དང་། ཚེ་འདི་པའི་ཉོན་མོངས་པ་གཉིས་པོ་དེ་ཡང་སྤངས་པ་ཡིན་

ནོ། །ཇི་སྲིད་དུ་དེས་གཞག་པའི་ས་བོན་གནས་པ་དེ་སྲིད་དུ་ནི་ཉོན་མོངས་པ་འགགས་ཀྱང་སྤངས་པ་མ་ཡིན་ལ། དེས་གཞག་པའི་ས་བོན་གྱི་དངོས་པོ་སྤངས་ན་ནི་དེ་ཡང་སྤངས་པར་རྣམ་པར་གཞག་གོ། །དཔེར་ན་རྣམ་པར་སྨིན་པ་ཟད་པས་ཞེས་བྱ་བ་ལ། ལས་སྔར་འགགས་ཀྱང་

ཇི་སྲིད་དུ་དེས་གཞག་པའི་རྣམ་པར་སྨིན་པའི་འབྲས་བུ་མ་ཟད་པ་དེ་སྲིད་དུ་ཟད་དོ་ཞེས་མི་བྱ་ལ། དེ་ཟད་ན་ནི་ལས་དེ་ཟད་པར་འགྱུར་བ་ལྟ་བུའོ། །དེས་གཞག་པའི་ས་བོན་མེད་པས་མ་འོངས་པའི་སྡུག་བསྔལ་ལམ་ཉོན་མོངས་པ་ཇི་ལྟར་སྤང་ཞེ་ན། དེའི་ཕྱིར་མ་འོངས་པའི་སྡུག་བསྔལ་ལམ་

ཉོན་མོངས་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ས་བོན་སྐྱེ་བ་མི་སྲིད་ཅིང་ས་བོན་མེད་པའི་ཕྱིར་གཏན་མི་སྐྱེ་ལ། ས་བོན་མེད་པ་ཡང་སོ་སོར་བརྟགས་པའི་སྟོབས་ཁོ་ནས་ཡིན་ཏེ། དེ་ལྟར་ན་དུས་གསུམ་གྱི་སྡུག་བསྔལ་ལས་ཉོན་མོངས་པ་སྤངས་པར་གཞག་གོ། །འགགས་ཟིན་པ་འདས་པ་

དང་། འགགས་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བྱུང་བ་ལ་ནི་འབད་པ་སྟེ་གཉེན་པོ་སྐྱེད་པའི་འབད་པ་དོན་དང་བཅས་པར་མི་འགྱུར་ཏེ། དགོས་པ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་བྱ་བ་ལ། འདོད་ཆགས་

เล่ม ๑๔๔ · หน้า 226a

དང་བྲལ་བ་ནི་འདོད་ཆགས་ཟད་པ་སྟེ། སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བའི་དོན་ཏོ། །རྟག་པའི་ཕྱིར་འདུས་བྱས་དག་པས་མཆོག་ཡིན་ལ། དགེ་བའི་ཕྱིར་འདུས་མ་བྱས་དག་པས་མཆོག་ཡིན་པར་བཤད་དེ། དེ་ལྟར་ན་མྱ་ངན་ལས་འདས་པ་འདུས་བྱས་དང་འདུས་

མ་བྱས་ཀྱི་ཆོས་ཀྱི་མཆོག་ཀྱང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མདོ་དང་འགལ་ལོ། །འདི་ལྟར་དངོས་པོ་མེད་པ་ནི་མཚན་ཉིད་མེད་པས་ཆོས་ཉིད་མ་ཡིན་ལ། བརྗོད་དུ་མེད་པ་ནི་བརྗོད་དུ་མེད་པ་དག་པས་མཆོག་ཉིད་ཀྱང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་

ཞིག་རང་གི་མཚན་ཉིད་འཛིན་པས་ཆོས་ཞེས་བྱ་ཞིང་། ཆོས་གཞན་དག་པས་ཁྱད་པར་དུ་འཕགས་པའི་གང་ཡིན་པ་དེ་ནི་དོན་གཞན་དུ་གྱུར་པ་ཅུང་ཟད་ཅིག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཇི་ལྟར་ན་མེད་པ་རྣམས་ཀྱི་མཆོག་མེད་པར་འོས་ཞེས་བྱ་བར་སྨོས་སོ། །ཇི་ལྟར་མེད་པ་ནམ་མཁའ་ལ་སོགས་པ་འདུས་

མ་བྱས་རྣམས་ཀྱི་མཆོག་མེད་པ་འདོད་ཆགས་དང་བྲལ་བ་ཡིན་པར་འོས་འདུས་མ་བྱས་མེད་པ་ཁོ་ནའོ་ཞེས་ཀྱང་མི་སྨྲ་སྟེ། དེས་ན་མདོ་དང་འགལ་བ་མེད་དོ། །གལ་ཏེ་ཡོད་ལ་རྫས་སུ་ཡོད་པ་མ་ཡིན་པ་དེས་ན། དེ་ཇི་ལྟ་བུ་ཞིག་ཡིན་པར་བརྗོད་པར་བྱའོ། །དེ་ནི་ཁོ་བོ་ཅག་གིས་ཇི་སྐད་དུ་བཤད་པ་

དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ལ། ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཞིང་། སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་སོ་སོར་བརྟགས་

པ་མ་ཡིན་པས་འགོག་པ་སྟེ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ཡོད་པ་མ་ཡིན་པའི་བདག་ཉིད་ལ་ཡོད་ཅེས་བྱ་ཞེ་ན། དཔེར་ན་སྒྲ་ལ་སྔ་ན་མེད་པ་ཡང་ཡོད། ཕྱིས་མེད་པ་ཡང་ཡོད་ཅེས་བྱ་མོད་ཀྱི། འོན་ཀྱང་དངོས་པོ་མེད་པ་ཡོད་དོ་ཞེས་བྱ་བའི་སྒྲ་སྦྱར་བས་ཡོད་པར་མི་འགྲུབ་སྟེ། ཡོད་དོ་ཞེས་

བྱ་བའི་སྒྲ་ནི་ཚིག་ཕྲད་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ཡོད་དོ་ཞེས་ཀྱང་བྱ་ལ། ཡོད་པ་ཡང་མ་ཡིན་པ་ཞེས་བྱ་བར་རོ། །ཇི་ལྟར་མེད་པ་རྣམས་ཀྱི་མཆོག་མེད་པ་ཡིན་པར་འོས་ཞེས་གང་སྨྲས་པ་དེའི་ལན་ནི། མེད་པ་ཡང་ཁ་ཅིག་ཅེས་བྱ་བ་རྒྱས་པར་

เล่ม ๑๔๔ · หน้า 226b

འབྱུང་བའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། གང་གནོད་པ་ཐམས་ཅད་དང་གཏན་བྲལ་བ་དེ་ནི་ཞེས་བྱ་བ་སྨོས་ཏེ། ནད་མེད་པ་བཞིན་ནོ། །ཅིའི་ཕྱིར་འདི་བསྔགས་པ་ཐོབ་པར་འོས་ཤེ་ན། གདུལ་བྱ་རྣམས་དེ་ལ་འདུན་པར་བྱ་བའི་ཕྱིར་ཏེ། གདུལ་བྱ་བདག་ལ་ཆགས་པ་དང་ལྡན་པ་རྣམས་དེ་ལ་སྐྲག་

པར་འགྱུར་རོ། །ནམ་མཁའ་ནི་གནོད་པ་ཐམས་ཅད་མེད་པ་མ་ཡིན་ཏེ། རེག་བྱ་མེད་པ་ཙམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་གཏན་བྲལ་བ་ཡིན་མོད་ཀྱི། གནོད་པ་ཐམས་ཅད་དང་ནི་མ་ཡིན་ཏེ། སྐྱེ་བ་དང་མི་ལྡན་པ་རྣམས་ཁོ་ནའི་དེ་རྙེད་

པའི་ཕྱིར་རོ། །དེ་ལྟར་ན་གཞན་དག་པས་དེ་མཆོག་ཡིན་པས་བསྔགས་པ་ཐོབ་པར་འོས་སོ། །རང་གི་མཚན་ཉིད་མེད་ཀྱང་འདས་པ་དང་མ་འོངས་པ་ལྟར་ཆོས་ཀྱི་ཐ་སྙད་ཀྱང་ཅིའི་ཕྱིར་མི་འདོད། བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། མཛོད་ཀྱི་གནས་ལྔ་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། འདི་

ལ་བཤད་ཟིན་ཏོ། །ཇི་སྐད་བཤད་ཅེ་ན། འདུལ་བ་རྣམས་དེ་ལ་འདུན་པར་བྱ་བའི་ཕྱིར་ཞེས་བྱ་བར་ཏེ། བརྗོད་དུ་མེད་པ་ཉིད་ཡིན་ཡང་སྔ་ན་མེད་པ་ལ་སོགས་པ་ལྟར་དེ་དག་ཕན་ཚུན་ཁྱད་པར་དུ་འགྱུར་རོ། །འགོག་པ་འཕགས་པའི་བདེན་པ་ཡིན་པར་མི་འགྱུར་ཏེ། ཞེས་བྱ་བ་ལ། གང་

ཞིག་ཅི་ཡང་མ་ཡིན་པ་དེ་ནི་ཇི་ལྟར་དེའི་བདེན་པ་འམ། བརྫུན་པ་ཞེས་བྱ། རེ་ཞིག་འགོག་པའི་བདེན་པའི་དོན་འདི་གང་ཡིན་ཅི་རྫས་ཀྱི་དོན་ཡིན་ནམ། འོན་ཏེ་ཕྱིན་ཅི་མ་ལོག་པའི་དོན་ཡིན་ནམ། གལ་ཏེ་རྫས་ཀྱི་དོན་ཡིན་ན་ནི། དེ་ལྟ་ན་ཀུན་རྫོབ་ཀྱི་བདེན་པ་མེད་པར་ཐལ་བར་འགྱུར་ཏེ།

དེའི་ཕྱིར་ཕྱིན་ཅི་མ་ལོག་མ་ལོག་པའི་དོན་ཁས་བླང་བར་བྱ་དགོས་ལ། དེ་ལྟར་ན་སྡུག་བསྔལ་ལྟར་སྡུག་བསྔལ་འགོག་པ་ཡང་བདེན་པ་ཉིད་དུ་མི་འགལ་ལོ། །དེ་ཉིད་བསྟན་པའི་ཕྱིར་འཕགས་པ་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སྡུག་

བསྔལ་ཉིད་དུ་གཟིགས་ཀྱི། བདེ་བ་ཞེས་བྱ་བར་མ་ཡིན་པས་སྡུག་བསྔལ་འཕགས་པའི་བདེན་པར་བརྗོད་པ་དེ་བཞིན་དུ་སྡུག་བསྔལ་འགོག་པ་ཡང་འཕགས་པ་རྣམས་ཀྱིས་སྡུག་བསྔལ་མེད་པའི་མཚན་ཉིད་ཁོ་ནར་གཟིགས་པ་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བརྗོད་

เล่ม ๑๔๔ · หน้า 227a

དོ། །ཇི་ལྟར་མེད་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་གསུམ་པ་ཉིད་དུ་འགྱུར་ཞེ་ན། གཉིས་པའི་འོག་ཏུ་མཐོང་བ་དང་། བསྟན་པས་ན་གསུམ་པ་ཡིན་ཏེ། བདེན་པ་མངོན་པར་རྟོགས་པའི་ཚེ་གཉིས་པ་ཀུན་འབྱུང་གི་བདེན་པའི་འོག་ཏུ་རང་གི་

ཤེས་རབ་ཀྱིས་མཐོང་བ་དང་། སྟོན་པའི་ཚེ་གཞན་གཉིས་ཀྱིས་འོག་ཏུ་བསྟན་པས་གསུམ་པ་ཞེས་བྱའོ། །ཅིར་འགྱུར་ཞེས་བྱ་བ་ནི་སྐྱོན་ཅིར་འགྱུར་ཞེས་བྱ་བའོ། །ཅི་ཞིག་ཏུ་ཡང་འགྱུར་ཞེས་བྱ་བ་ནི་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེས་བྱ་བའོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བསྐྱངས་

པར་འགྱུར་རོ་ཞེས་བྱ་བ་ནི་ཡོན་ཏན་འདིར་འགྱུར་རོ་ཞེས་བྱ་བའོ། །ཡང་དག་པ་མ་ཡིན་པ་ཀུན་བརྟགས་པར་འགྱུར་ཞེས་བྱ་བ་ནི་སྐྱོན་ཅིར་འགྱུར་ཞེས་གང་སྨྲས་པ་དེའི་ལན་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་སྐྱོན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཚིག་ཙམ་གྱིས་འདི་

བསྒྲུབ་པར་མི་ནུས་སོ་ཞེས་རྒྱུ་དྲིས་པའོ། །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དངོས་པོ་ཡིན་པ་དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རང་གི་ངོ་བོས་མངོན་སུམ་གྱིས་དམིགས་པ་ཡིན་ལ། ཡང་ན་མིག་ལ་

སོགས་པ་ལྟར་འབྲས་བུའི་སྒོ་ནས་རྗེས་སུ་དཔག་པས་དམིགས་པ་ཡིན་ན། འདི་ལ་ནི་གཉིས་ཀ་ཡང་མེད་པས་འདུས་མ་བྱས་དངོས་པོ་མ་ཡིན་ནོ་ཞེས་བྱ་བར་གཟུང་སྟེ། འདི་ནི་ལན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །དངོས་པོ་ཆེ་གེ་མོ་ཞིག་གི་ཞེས་བྱ་བ་ནི་འདོད་ཆགས་ལ་

སོགས་པའི་དངོས་པོའི་འོ། །རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ནོར་དང་བདག་པོ་དང་། ཡན་ལག་དང་། ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་གྱི་འབྲེལ་པ་རྣམས་ལ་སོགས་པ་རྣམས་གཟུང་

སྟེ། འགོག་པ་ནི་དངོས་པོའི་འབྲས་བུ་མ་ཡིན་ཞིང་། རྒྱུ་མ་ཡིན་ལ། ནོར་དང་བདག་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །བཀག་པ་ཙམ་དུ་ནི་རུང་ངོ་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་གྱི་འབྲེལ་པའི་དབང་དུ་བྱས་ནས་བཤད་པ་སྟེ། སྒྲ་དང་མི་རྟག་པ་ཉིད་

เล่ม ๑๔๔ · หน้า 227b

བཞིན་ནོ། །དེ་ནི་དེའི་གནས་སྐབས་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དངོས་པོ་གཞན་ཉིད་ཡིན་ན་ཡང་ཉོན་མོངས་པ་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་སེམས་གཉིས་ལ་འགོག་པ་གཉིས་བལྟ་བར་བྱ་སྟེ། བར་ཆད་མེད་པའི་ལམ་དང་ལྷན་ཅིག་ཏུ་ཉོན་མོངས་པའི་ཐོབ་པ་

འགག་ལ། རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་ཏུ་སོ་སོར་བརྟགས་པའི་འགོག་པ་ཐོབ་པོ། །ཉོན་མོངས་པའི་ཐོབ་པ་མ་འགགས་པར་ནི་བྲལ་བའི་ཐོབ་པ་མི་ཐོབ་པ་སྟེ། དེ་ལྟར་ན་ཉོན་མོངས་པ་གང་གི་ཐོབ་པ་འགགས་ནས་འགོག་པ་གང་ཐོབ་པ་དེ་ནི་དེའི་ཡིན་ནོ་ཞེས་ཐ་སྙད་

འདོགས་སོ། །འདི་ལ་ཡང་རྒྱུ་དང་འབྲས་བུ་ལ་སོགས་པའི་འབྲེལ་པ་མེད་པའི་ཕྱིར་འདྲི་བ་ནི། འོ་ན་དེ་ཐོབ་པར་ངེས་པའི་རྒྱུ་གང་ཞིག་ཡིན་ཞེས་བྱ་བའོ། །ཉོན་མོངས་པ་འདིའི་ཐོབ་པ་ཆད་པས་འགོག་པ་འདི་ཁོ་ན་འཐོབ་ཀྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་འགའ་ཡང་

མེད་དེ། སྔར་བཤད་པའི་འབྲེལ་པ་རྣམས་མི་སྲིད་པའི་ཕྱིར་རོ། །ཡང་ན་འདི་ནི་འདོད་ཆགས་ཀྱི་བྲལ་བའི་ཐོབ་པ་ཡིན་གྱི། གཞན་གྱི་བྲལ་བའི་ནི་མ་ཡིན་ནོ་ཞེས་ངེས་པའི་རྒྱུ་མེད་དེ། འདོད་ཆགས་ཀྱི་ཐོབ་པ་ཆད་པ་རྒྱུ་མ་ཡིན་པའི་ཕྱིར་དང་། ལམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །

ཆེ་གེ་མོ་ཞིག་གི་མེད་པའོ་ཞེས་དགག་པ་ཙམ་དུ་ནི་མི་རུང་ངོ་ཞེས་གང་སྨྲས་པ་དེ་ལ་ལུང་དང་འགལ་བ་བསྟན་པའི་ཕྱིར། མདོ་ལས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟར་བའི་སྐྱེ་བ་ལ་མྱ་ངན་ལས་འདས་པ་ཐོབ་པ་ནི་ཕུང་པོ་ལྷག་

མ་དང་བཅས་པའི་དབྱིངས་ཀྱི་གནས་སྐབས་ན་ཡིན་ཏེ། དེས་ནི་མེད་པ་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་ན་ཇི་ལྟར་འཐོབ་པར་འགྱུར། དེའི་ཕྱིར་མདོ་ལས་ཐོབ་པར་གསུངས་པའི་ཕྱིར་མྱ་ངན་ལས་འདས་པ་ཡོད་པ་ཁོ་ན་ཡིན་པར་བཞེད་དོ། །མེད་པ་ཡིན་ཡང་ཐོབ་པ་མི་འགལ་

ལོ་ཞེས་བསྟན་པའི་ཕྱིར་གཉེན་པོ་ཐོབ་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཉོན་མོངས་པ་དང་ཡང་སྲིད་པ་ནི་ཉོན་མོངས་པ་དང་ཡང་སྲིད་པ་དག་སྟེ། དེ་དག་གི་སྐྱེ་བ་ནི་ཉོན་མོངས་པ་དང་ཡང་སྲིད་པའི་སྐྱེ་བའོ། །ཉོན་མོངས་པ་དང་ཡང་སྲིད་པ་དེའི་སྐྱེ་བ་དེ་དང་ཤིན་ཏུ་འགལ་བའི་རྟེན་ནི།

เล่ม ๑๔๔ · หน้า 228a

ཉོན་མོངས་པ་དང་ཡང་སྲིད་པའི་སྐྱེ་བ་དང་། ཤིན་ཏུ་འགལ་བའི་རྟེན་ཏེ། དེ་ཐོབ་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །གཉེན་པོའི་སྟོབས་ཀྱིས་འགལ་བའི་རྟེན་ཐོབ་ཅིང་འབྲུ་མེས་ཚིག་པ་དང་འདྲ་བའི་རྟེན་དེ་ལྟ་བུའི་དེ་ཐོབ་པའི་ཕྱིར་

ཉོན་མོངས་པ་འམ་སྐྱེ་བ་ཡང་མི་འབྱུང་བས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་སྟེ། གཉེན་པོ་ནི་འདིར་བར་ཆད་མེད་པའི་ལམ་མོ། །དེ་ཐོབ་པ་ན་མངོན་དུ་བྱེད་པའི་ངོ་བོའོ། །འདི་ལྟར་དེ་ནི་དེས་སྤང་བར་

བྱ་བའི་ཉོན་མོངས་པའི་ས་བོན་དང་རྗེས་སུ་འབྲེལ་པའི་རྟེན་སྐྱེ་བ་དང་འགལ་བས། དེའི་མཇུག་ཐོགས་སུ་ཉོན་མོངས་པའི་ས་བོན་རྟོག་པའི་རྟེན་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་གཉེན་པོས་ཉོན་མོངས་པ་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་ཐོབ་པོ། །ཉོན་མོངས་པ་མ་ལུས་པ་སྐྱེ་བ་དང་འགལ་

བའི་རྟེན་ཐོབ་ན་ཡང་སྐྱེ་བ་མི་འབྱུང་སྟེ། དེ་ལྟར་ན་དེ་ནི་སྐྱེ་བ་འབྱུང་བ་དང་འགལ་བར་ཡང་འགྱུར་རོ། །འདི་ལྟར་ཉོན་མོངས་པའི་ས་བོན་མ་འགགས་ན་ནི་ཉོན་མོངས་པ་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་མི་ཐོབ་ལ། གཉེན་པོ་མ་སྐྱེས་ན་ཉོན་མོངས་པའི་ས་བོན་མི་འགག་གོ། །ལུང་

ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་དཔེར་བརྗོད་པ་ནི་འབྱུང་བ་མེད་པ་ཞེས་བྱ་བ་འདི་ཡིན་ཏེ། མི་སྐྱེ་བའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་འབྱུང་བ་འགག་པ་ཙམ་གྱི་དབང་དུ་བྱས་ནས་འབྱུང་བ་མེད་པ་ཞེས་ཁུངས་སུ་བཤད་པས། དེའི་ཕྱིར་འདི་

ཡིན་ན་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། འདིར་མི་འབྱུང་བས་ཁྱད་པར་དུ་གྱུར་པའི་དངོས་པོ་ཉིད་བསྟན་གྱི། འབྱུང་བ་བཀག་པ་ཙམ་ནི་མ་ཡིན་པས་འདི་ནི་མྱ་ངན་ལས་འདས་པ་མི་སྐྱེ་བ་ཙམ་དུ་ཤེས་པར་བྱ་བ་ལ་ཁུངས་མ་ཡིན་ནོ་ཞེ་ན། བདུན་པ་འདི་ནི་ནུས་པ་མེད་པར་བལྟའོ་ཞེས་བྱ་བ་རྒྱས་

པར་འབྱུང་སྟེ། མངོན་པར་འདོད་པའི་དོན་བསྒྲུབ་པར་བྱ་བ་ལ་ཞེས་བྱ་བར་སྦྱར་རོ། །འདིར་ཡིན་ན་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ཡིན་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་དེ་ཡོད་ན་ནི་ཞེས་བྱ་བར་སྦྱར་ན་ནི་སྟེ། འདི་ཡོད་ན་མི་འབྱུང་བ་དེ་ནི་འབྱུང་བ་མེད་དོ་ཞེས་བྱ་བ་ཡིན་

เล่ม ๑๔๔ · หน้า 228b

ན་ནི་མྱ་ངན་ལས་འདས་པ་རྟག་པའི་ཕྱིར་རྟག་ཏུ་མི་འབྱུང་བ་ཁོ་ནར་འགྱུར་རོ། །རྟེན་གྱི་དོན་མི་སྲིད་པས་ན་གཞན་དུ་ཉེ་བར་བཀོད་དོ། །གང་ཁོ་ནས་ཞེས་བྱ་བ་ནི་ལམ་གྱིས་སོ། །དེ་ཐོབ་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་རོ། །དེ་ཉིད་ཡོད་དམ་ཞེས་བྱ་བ་ནི་མངོན་དུ་

གྱུར་པ་ནའོ། །ཐོབ་ན་ཞེས་བྱ་བ་ནི་རྙེད་ན་སྟེ། ལམ་དང་སྦྱར་རོ། །སྡུག་བསྔལ་མི་འབྱུང་བར་འདོད་པར་གྱིས་ཤིག་ཅེས་བྱ་བ་ནི་གཞན་མྱ་ངན་ལས་འདས་པ་དོན་མེད་པ་བརྟགས་པ་ཅི་ཞིག་བྱ་ཞེས་བྱ་བའོ། །དེ་ཡི་སེམས་ཀྱི་རྣམ་པར་ཐར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་

ཀྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས་ནའོ། །གང་གི་ཕྱིར་འདས་པ་མྱ་ངན་ལས་འདས་པ་ཡིན་ཞིང་མྱ་ངན་ལས་འདའ་བ་པོ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ཉིད་མེད་པས་ན། ཆོས་མངོན་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་

རེ། འདིའི་དོན་ནི་འདི་མ་ཡིན་ནོ་ཞེས་བྱ་བ་ནི། དངོས་པོ་མེད་པ་ནི་ལུས་མེད་པ་དང་། རང་གི་ངོ་བོ་མེད་པ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་སྒྲའི་དོན་དུ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་དོན་མ་ཡིན་ན། འོ་ན་གང་ཡིན་ཞེ་ན། དངོས་པོ་ནི་རྣམ་པ་ལྔའོ། །རང་

བཞིན་གྱི་དངོས་པོ་ནི་ཞེས་བྱ་བ་ནི་རང་བཞིན་ཉིད་དངོས་པོའོ། །དངོས་པོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དམིགས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏེ། དམིགས་པ་ཉིད་དངོས་པོ་ཡིན་པ་ནི་དམིགས་པའི་དངོས་པོའོ། །ལྡན་པའི་དངོས་པོ་ཞེས་བྱ་བ་ལ། ལྡན་པའི་དངོས་པོ་ནི་ལྡན་

པའི་དངོས་པོའོ། །རྒྱུའི་དངོས་པོ་ནི་ཞེས་བྱ་བ་ནི་རྒྱུ་ཉིད་དངོས་པོ་ཡིན་པ་ནི་རྒྱུའི་དངོས་པོའོ། །ཡོངས་སུ་གཟུང་བའི་དངོས་པོ་ཞེས་བྱ་བ་ལ། ཡོངས་སུ་གཟུང་བ་འམ། ཡོངས་སུ་འཛིན་པའི་དངོས་པོ་ནི་ཡོངས་སུ་གཟུང་བའི་དངོས་པོ་སྟེ། ཡོངས་སུ་འཛིན་པ་ནི་འདིར་བདག་གིར་བྱེད་

པའོ། །དེའི་ཕྱིར་འདིར་རྒྱུའི་དངོས་པོའི་སྒྲར་གསུངས་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །གང་གི་ཕྱིར་ཆོས་མངོན་པ་ལས་འདུས་མ་བྱས་རྣམས་རྒྱུ་མེད་པ་ཉིད་དུ་གྲུབ་ཀྱི། རང་གི་ངོ་བོ་མེད་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །ཡང་འབྲས་བུ་འདི་དག་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

เล่ม ๑๔๔ · หน้า 229a

འཆད་པར་འགྱུར་བའི་མཚན་ཉིད་ཅན་རྣམ་པར་སྨིན་པ་དང་། བདག་པོ་དང་། རྒྱུ་མཐུན་པ་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུ་ཞེས་བྱ་བ་ལྔ་པོ་གང་དག་ཡིན་པ་དེ་དག་ལས་འབྲས་བུ་གང་ཞིག་རྒྱུ་དྲུག་པོ་དེ་ལས་རྒྱུ་གང་གི་ཡིན་ཞེ་ན། དེ་ལ་རེ་ཞིག་

བྲལ་བའི་འབྲས་བུ་ནི་རྒྱུ་གང་གི་ཡང་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །ཞེས་བྱ་བ་ལ། འདིར་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་རྒྱུ་ཁོ་ནའི་ཡིན་ནོ་ཞེས་ངེས་པར་གཟུང་གི །རྣམ་པར་སྨིན་པའི་འབྲས་བུ་ཁོ་ན་ཞེས་བྱ་བར་ནི་མ་ཡིན་ཏེ། བདག་པོའི་

འབྲས་བུ་མ་བཀག་པའི་ཕྱིར་རོ། །བདག་པོའི་འབྲས་བུ་དང་པོའི་ཡིན། །ཞེས་བྱ་བ་ལ། འདི་བདག་པོ་ཡིན་པ་ནི་བདག་པོའི་འོ། །འདིར་ངེས་པར་གཟུང་བ་གཉིས་ཀ་ཡང་སྐྱོན་དང་བཅས་པས་ངེས་པར་གཟུང་བར་མི་བྱ་སྟེ། འདི་ལྟར་བྱེད་རྒྱུའི་རྒྱུ་འགའ་ཞིག་ལ་སྐྱེས་བུ་བྱེད་པའི་

འབྲས་བུ་ཡང་ཡོད་ལ། གཞན་དག་ལ་ཡང་བདག་པོའི་འབྲས་བུ་ཡོད་པ་ཡིན་ནོ། །དེ་ལྟར་ན་ནི་འོ་ན་བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་བྱ་བའི་འབྲས་བུ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་པོའི་འབྲས་བུ་ལྟར་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་ཤེས་

པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་འབྲས་བུ་མེད་པ་མ་ཡིན་ནོ། །དེ་ཉིད་དབང་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མི་སྒྲིབ་པའི་ངོ་བོར་གནས་པ་གང་ཡིན་པ་ཁོ་ནའོ། །བྱེད་རྒྱུའི་རྒྱུ་ལ་སྐྱེད་པའི་དངོས་པོ་ཡང་ཡོད་དེ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་དངོས་པོ་ཡང་ངོ་། །འདིས་ནི་འདུས་མ་བྱས་མ་གཏོགས་

པ་བྱེད་རྒྱུ་བྱེད་པ་པོ་དང་བཏང་སྙོམས་པ་དང་རྣམ་པ་གཉིས་ཀ་ལ་ཡང་བདག་པོའི་འབྲས་བུ་ཡོད་དོ་ཞེས་བྱ་བར་ཤེས་པར་བྱ་བར་འགྱུར་ཏེ། ཇི་སྐད་དུ། སྔོན་འབྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འཆད་དོ། །འདི་ལྟ་སྟེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་

དག་ལ་ཞེས་བྱ་བ་ལ། མིག་ལ་སོགས་པའི་སྐྱེ་མཆེད་བཅུ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་བྱེད་རྒྱུའི་རྒྱུ་ལས་གཞན་པ་ལྷན་ཅིག་འབྱུང་བ་ལ་སོགས་པའི་རྒྱུ་མ་ཡིན་ནོ། །ཡིད་དང་ཆོས་ཅི་རིགས་པར་ཡིད་ཀྱི་རྣམ་པར་ཤེས་པའི་སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་

เล่ม ๑๔๔ · หน้า 229b

བ་དང་། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུ་དག་ཀྱང་ཡིན་ཏེ། དེའི་ཕྱིར་བཅུ་པོ་དག་ཁོ་ན་སྨོས་ཀྱི། ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ནི་མ་ཡིན་ནོ། །སྣོད་ཀྱི་འཇིག་རྟེན་ལ་ཞེས་བྱ་བ་ལ། སྣོད་ཀྱི་འཇིག་རྟེན་ནི་ལུང་དུ་མ་བསྟན་པ་དང་། འདོད་དགུར་མི་འཇུག་པ་དང་།

དགེ་བ་དང་མི་དགེ་བའི་ལས་ཀྱིས་བསྐྱེད་པ་ཡིན་ཡང་རྣམ་པར་སྨིན་པའི་འབྲས་བུ་མ་ཡིན་ཏེ། རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་ལ། སེམས་ཅན་བརྗོད་ཅེས་མཚན་ཉིད་བྱས་པའི་ཕྱིར་རོ། །དེ་ལས་གཞན་པའི་རྒྱུ་མི་སྲིད་པ་ལས་ནི་དེའི་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་ནོ། །དེ་ལྟ་བུ་ལ་

སོགས་པ་སྦྱར་བར་བྱའོ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། བསྣམས་ནས་བལྟ་བར་འདོད་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པར་རོ། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །འབྲས་བུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་རྒྱུ་དང་འདྲ་བ་ཡིན་ཏེ། དེའི་ཕྱིར་

རྒྱུ་མཐུན་པའི་འབྲས་བུ་ནི་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་གི་ཡིན་པར་རྣམ་པར་གཞག་གོ། །སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བ་དག་ཁོ་ནའི་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་གི །རྒྱུ་མཐུན་པ་ཁོ་ན་ནི་མ་ཡིན་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་ཡང་

དེ་དག་གི་ཡིན་པའི་ཕྱིར་རོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་གཉིས་ཀྱི་ཡིན་ཏེ། འདི་ལྟར་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་བའི་འབྲས་བུ་ཁོ་ན་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །བདག་པོའི་འབྲས་

བུ་ཡང་དེ་དག་གིས་དེར་འགྱུར་མོད་གྱི། དེ་ནི་བྱེད་པ་པོ་མ་ཡིན་པའི་ཡང་ཡིན་པས་འདིར་བརྗོད་པར་མི་འདོད་དོ། །ཚིག་ལེའུར་བྱས་པས་སྦྱར་བའི་ཕྱིར་སྐྱེས་བུ་པ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པའི་ཕྱིར་སྐྱེས་བུའི་ངོ་བོ་ལས་མི་གཞན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །

སྐྱེས་བུའི་བྱེད་པ་ནི་བྱ་བ་དང་ལས་དང་བྱ་རྒྱུ་དང་། གཡོ་བ་ཞེས་བྱ་བ་ལས་དོན་གཞན་མ་ཡིན་ལ། བྱ་བ་ཡང་བྱ་བ་དང་ལྡན་པ་དག་ལས་གཞན་མ་ཡིན་པས་སྐྱེས་བུ་ཉིད་སྐྱེས་བུའི་བྱེད་པ་ཡིན་པར་བཤད་ཅིང་། དེའི་འབྲས་བུ་ནི་སྐྱེས་བུ་པར་བཤད་དོ། །ནང་གི་བྱེད་པའི་སྐྱེས་བུ་

เล่ม ๑๔๔ · หน้า 230a

མེད་པས་སྐྱེས་བུ་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཆོས་གང་གི་བྱེད་པ་གང་ཡིན་པ་དེ་ནི་དེའི་སྐྱེས་བུ་བྱེད་པའོ། །གལ་ཏེ་ནང་གི་བྱེད་པའི་སྐྱེས་བུ་མེད་པས་སྐྱེས་བུ་ཆོས་སྐྱེས་ཙམ་ཞིག་ཡིན་པ་དེའི་ཕྱིར་ཆོས་ཀྱི་བྱེད་པ་ཞེས་བྱ་བར་འགྱུར་གྱི། སྐྱེས་བུའི་བྱེད་

པ་ཞེས་བྱ་བར་ནི་མི་འགྱུར་རོ་ཞེ་ན། དེའི་ཕྱིར་སྐྱེས་བུའི་བྱེད་པ་ལྟ་བུ་ནི་སྐྱེས་བུ་བྱེད་པ་སྟེ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ལ་གྲགས་པའི་སྐྱེས་བུའི་བྱ་བ་ལ་སྐྱེས་བུ་བྱེད་པ་ཞེས་གྲགས་པས་དེའི་ཕྱིར། འཇིག་རྟེན་པས་བརྟགས་པའི་སྐྱེས་བུ་བྱེད་པ་དེ་དང་འདྲ་བར་སྐྱེས་བུའི་བྱེད་པ་ལྟ་བུར་

མཛད་དེ། དཔེར་ན་བྱ་རོག་གི་རྐང་པ་དང་འདྲ་བ་ལ་བྱ་རོག་རྐང་དང་། སྐྱེས་བུ་གང་ཞིག་གླང་པོ་ཆེ་མྱོས་པ་འདྲ་བར་ལུས་རྒྱས་པ་འམ་དཔའ་བ་དེ་ལ་མི་གླང་པོ་ཆེ་མྱོས་པ་ཞེས་བྱ་བ་བཞིན་ནོ། །ཅི་གཞན་དག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐལ་བ་མཉམ་པ་དང་།

ཀུན་དུ་འགྲོ་བ་དང་། རྣམ་པར་སྨིན་པ་དང་། བྱེད་རྒྱུའི་རྒྱུ་རྣམས་ལ་ཡང་ཡོད་དམ། འོན་ཏེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་གཉིས་ཁོ་ནའི་ཡིན་ཞེ་ན། གཞན་དག་ལ་ཡང་ཞེས་རྒྱས་པར་འབྱུང་བ་ལ། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་དག་ལ་

ཡང་སྟེ། སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ལ་ཡང་དེ་མ་ཐག་ཏུ་འབྱུང་བའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་ཀྱི། ལྷན་ཅིག་འབྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ཁོ་ནའི་ཡིན་པར་

བརྗོད་ཅེ་ན། ལྷན་ཅིག་དང་དེ་མ་ཐག་ཏུ་འབྱུང་བ་དེ་ནི་དེ་གཉིས་ཁོ་ནའི་ཡིན་གྱི། སྔ་མ་དག་གི་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ཐམས་ཅད་ལ་ཡང་དེ་མ་ཐག་ཏུ་འབྱུང་བའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་པ་མ་ཡིན་ཏེ། དགྲ་བཅོམ་པའི་འཆི་ཀ་མ་མི་འཐད་པའི་ཕྱིར་རོ། །ལྷན་

ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ལ་ནི་གདོན་མི་ཟའོ། །བྱེད་རྒྱུའི་རྒྱུ་ཡང་ཁ་ཅིག་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་ཀྱི། ཐམས་ཅད་ལ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་

เล่ม ๑๔๔ · หน้า 230b

ལྷན་ཅིག་འབྱུང་བའམ། དེ་མ་ཐག་ཏུ་འབྱུང་བ་ཡིན་ལ། རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་རྒྱུན་ལ་ལྟོས་པ་ཁོ་ན་ཡིན་གྱི། དེ་མ་ཐག་པའམ། དུས་གཅིག་པ་མ་ཡིན་ནོ། །གཞན་དག་ན་རེ་དེ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་སོ་ནམ་གྱི་བྱ་བ་མཚུངས་

ཤིང་ཞིང་ལ་སོགས་པ་འབྱོར་པར་མཚུངས་པ་བཞིན་དུ་ཁ་ཅིག་གི་འབྲུ་ལ་སོགས་པ་འབྱོར་པར་འགྱུར་ལ། ཁ་ཅིག་གི་ནི་མ་ཡིན་ཏེ། དེའི་ཕྱིར། ལྷན་ཅིག་འབྱུང་བ་དང་དེ་མ་ཐག་ཏུ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྐྱེས་བུ་བྱེད་པའི་འབྲས་བུ་སྐལ་བ་མཉམ་པ་ཡང་ཡོད་པ་ཡིན་ནོ་ཞེས་

ཟེར་རོ། །རྒྱུ་དང་འབྲས་བུའི་ངེས་པ་བཤད་ཟིན་ཏོ། །ད་ནི་འབྲས་བུ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། དེའི་ཕྱིར་ཡང་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་བྱ་བ་ལ། རྣམ་པར་སྨིན་

པ་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ཞིང་སེམས་ཅན་དུ་བརྗོད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་གི །རྣམ་པར་སྨིན་པ་ཁོ་ན་སེམས་ཅན་དུ་བརྗོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་མཐུན་པ་ལས་བྱུང་བ་དང་། རྒྱས་པ་ལས་བྱུང་བ་གསལ་བར་བྱ་བའི་ཕྱིར། ལུང་བསྟན་ཕྱིས་འབྱུང་

ཞེས་བྱ་བ་སྨོས་ཏེ། ལུང་བསྟན་པའི་ཕྱི་ནས་འབྱུང་བས་ན་ལུང་བསྟན་ཕྱིས་འབྱུང་བའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་གསལ་བར་བྱ་བའི་ཕྱིར་རོ། །ལྟ་བ་དེ་གཉིས་ནི་སེམས་ཙམ་དུ་སྟོན་པ་དང་། ལུང་བསྟན་

ཕྱིས་འབྱུང་བ་ཡིན་མོད་ཀྱི། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མ་ཡིན་པས་རྣམ་པར་སྨིན་པ་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པ་བསམ་གཏན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པའི་རྒྱུ་ཅན་ཡང་ལུང་དུ་མ་བསྟན་པའི་ཕྱིས་འབྱུང་བ་ཡིན་པའི་

ཕྱིར་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དང་། སེམས་ཅན་དུ་བརྗོད་པའི་ཕྱིར་རྣམ་པར་སྨིན་པར་འགྱུར་ལ། དེ་ལྟ་ན་རྒྱས་པ་ལས་བྱུང་བ་དང་། རྣམ་པར་སྨིན་པའི་རྣམ་པར་གཞག་པ་འདྲེས་པར་འགྱུར་རོ་ཞེ་ན། འདྲེས་པ་མེད་དེ། རྣམ་པར་

เล่ม ๑๔๔ · หน้า 231a

སྨིན་པའི་རྒྱུ་དང་དེའི་འབྲས་བུ་དག་ནི་ས་ཐ་དད་པ་ཉིད་དམ་དུས་གཅིག་པ་མ་ཡིན་ན། དབང་པོའི་འབྱུང་བ་ཆེན་པོ་བརྒྱད་པ་དང་། བསམ་གཏན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པ་དག་ནི་དུས་གཅིག་པ་དང་ས་གཉིས་ཐ་དད་པ་ཉིད་ཡིན་པས་དབང་པོའི་འབྱུང་

བ་ཆེན་པོ་རྒྱས་པ་ལས་རྣམ་པར་སྨིན་པ་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །དེ་ཉིད་ཀྱི་ཕྱིར། གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང་ཞེས་བྱ་བ་སྨོས་ཏེ། དེ་དང་ལྷན་ཅིག་ཏུ་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྤྲུལ་པའི་སེམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་ཡང་སྙོམས་པར་འཇུག་པའི་

སེམས་དགེ་བ་ལས་འབྱུང་ཞིང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་སེམས་ཅན་དུ་བརྗོད་པ་ཡང་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་མ་ཐག་ཏུ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་མ་ཐག་པ་ནི་མཚུངས་པ་དེ་མ་ཐག་པའི་སྟོབས་ཀྱིས་དྲངས་པའི་ཕྱིར་ལ། སྤྲུལ་པའི་སེམས་ཀྱང་སྙོམས་

པར་འཇུག་པའི་སེམས་ཀྱི་དེ་མ་ཐག་ཏུ་འབྱུང་ན། རྣམ་པར་སྨིན་པ་ནི་དེ་ལྟ་བུ་ཡང་མ་ཡིན་ནོ། །ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་མ་ཡིན་པའི་དོན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་ལས་སྐྱེས་པ་ཉིད་དུ་མཚུངས་བཞིན་དུ་སེམས་ཅན་དུ་སྟོན་པ་ཁོ་ན་རྣམ་པར་སྨིན་པ་ཡིན་ལ། སེམས་ཅན་དུ་སྟོན་

པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་ཐུན་མོང་བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པ་སྟེ་ཞེས་བྱ་བ་འབྱུང་སྟེ། རྒྱུ་གང་ལ་རྣམ་པར་སྨིན་པའི་རྒྱུ་ཡོད་པ་དེ་ཁོ་ན་ལ་འབྱུང་བའི་ཕྱིར་དེ་དང་འདྲ་བར་གཞན་

གྱིས་མྱོང་བ་མེད་པའི་ཕྱིར་རོ། །གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པར་འགྱུར་རོ། །བདག་པོའི་འབྲས་བུ་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཅིའི་ཕྱིར་མྱོང་ཞེ་ན། ཐུན་མོང་གི་ལས་ལས་

བྱུང་བའི་ཕྱིར་ཏེ། དེ་མྱོང་ན་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པ་མེད་དོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་བྱ་བ་ལ། རེ་ཞིག་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་རྒྱུ་དང་དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པར་འདྲ་བ་ནི་རིས་དང་རང་གི་ས་འདྲ་བ་ལ་ལྟོས་པ་ཡིན་པར་གཟུང་

เล่ม ๑๔๔ · หน้า 231b

ལ། ཀུན་དུ་འགྲོ་བའི་རྒྱུའི་ནི་ཉོན་མོངས་པ་ཅན་དང་རང་གི་ས་འདྲ་བ་ལ་ལྟོས་པར་རོ། །གལ་ཏེ་ཀུན་དུ་འགྲོ་བའི་རྒྱུའི་འབྲས་བུ་ཡང་འདྲ་བ་ཡིན་ན་གོ། །ཅིའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཁོ་ནར་མི་འདོད་ཅེ་ན། འདི་ལྟར་དེ་ནི་ས་དང་ཉོན་མོངས་པ་ཅན་ལས་འབྲས་བུ་དང་འདྲ་བ་ཡིན་ཏེ།

འདོད་པ་ན་སྤྱོད་པ་ཀུན་དུ་འགྲོ་བའི་རྒྱུའི་འབྲས་བུ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རྣམ་པ་ལས་ཀྱང་ནི་མ་ཡིན་ཏེ། རྣམ་པ་ལྔ་ཆར་ཡང་རྒྱུ་ཡིན་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ནི་རྣམ་པ་ལས་ཀྱང་འབྲས་བུ་དང་འདྲ་བ་ཡིན་

ནོ། །དེ་ལ་ཀུན་དུ་འགྲོ་བའི་རྒྱུ་གང་ཞིག་ས་དང་ཉོན་མོངས་པ་ཅན་ལས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པ་ལས་ཀྱང་འབྲས་བུ་དང་འདྲ་བ་དེ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་ཁས་ལེན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་གང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པ་དེ་ཞེས་བྱ་བ་

རྒྱས་པར་སྨོས་སོ། །ཀུན་དུ་འགྲོ་བ་མ་ཡིན་པ་ནི་སྐལ་བ་མཉམ་པའི་རྒྱུ་ཁོ་ནའོ། །རིས་གཞན་པའི་ཀུན་དུ་འགྲོ་བ་ནི་ཀུན་དུ་འགྲོ་བ་ཁོ་ནའོ། །གཉིས་ཀ་ཡིན་པ་ནི་རང་གི་རིས་པའི་ཀུན་དུ་འགྲོ་བ་ཁོ་ནའོ། །དེ་ལྟར་ན་མུ་གསུམ་པ་ལ་བསམས་ནས། གང་ཞིག་རྣམ་པ་ལས་ཀྱང་འདྲ་བ་དེ་

ནི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་ཁས་ལེན་པ་ཉིད་དོ་ཞེས་བཤད་དོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་མུ་གསུམ་དུ་བཤད་པའི་ཆོས་རྣམས་མ་གཏོགས་སོ་ཞེས་བྱ་བའི་དོན་ཏེ། གང་གི་ཚེ་དགེ་བ་ལ་སོགས་པ་རྣམས་ཀྱི་མཇུག་ཐོགས་སུ་མཚན་ཉིད་མི་འདྲ་བ་

སྐྱེ་བ་ན་སྔ་མ་དེ་དེའི་སྐལ་བ་མཉམ་པའི་རྒྱུ་འམ་ཀུན་དུ་འགྲོ་བའི་རྒྱུ་མ་ཡིན་ནོ། །བྲལ་བ་བློ་ཡིས་ཟད་པའོ། །ཐོབ་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འགོག་པ་སྨོས་པ་ནི་མ་ཐོབ་པ་ཙམ་བྲལ་བ་ཉིད་ཡིན་པས་དགག་པར་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་གཏན་ཚིགས་

བརྗོད་པ་སྟེ། གང་གི་ཕྱིར་འགོག་པ་ཤེས་རབ་ཀྱིས་ཐོབ་པར་བྱ་བ་ཡིན་པ་དེའི་ཕྱིར་བྲལ་བའི་འབྲས་བུ་སོ་སོར་བརྟགས་པས་འགོག་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གང་གི་སྟོབས་ཀྱིས་གང་སྐྱེ་བའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །ཞེས་བྱ་བ་ལ། རྒྱུ་

เล่ม ๑๔๔ · หน้า 232a

གང་གི་སྟོབས་ཀྱིས་འབྲས་བུ་གང་ཞིག་སྐྱེ་བ་དེ་ནི་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དཔེར་ན་ས་འོག་མ་པའི་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྒྱུ་དང་འབྲས་བུ་དག་པ་ཐ་དད་པའི་ཕྱིར། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་དང་།

དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་གྱི། རྒྱུ་མཐུན་པའི་འབྲས་བུ་ནི་མ་ཡིན་ཏེ། དེའི་རྒྱུ་དང་འདྲ་བ་དང་། རང་གི་ས་པ་ཡིན་པར་འདོད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཞན་ཡང་བསྡུ་སྟེ། དཔེར་ན་འདོད་པ་ན་སྤྱོད་པའི་འཆི་བའི་

སེམས་དགེ་བ་དང་ལུང་དུ་མ་བསྟན་པ་ལས་གཟུགས་ན་སྤྱོད་པའི་སྲིད་པ་བར་མ་དོའི་སྐད་ཅིག་མ་དང་པོ་ལྟ་བུའོ། །སྐྱེས་བུ་བྱེད་པས་ཐོབ་པའི་འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། སོ་སོར་བརྟགས་པའི་འགོག་པ་ཡང་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པས་

དེ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ནའོ་ཞེས་བསྟན་པའི་ཕྱིར། སོ་སོར་བརྟགས་པས་འགོག་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཇི་ལྟར་ན་དེ་འདིར་གཟུང་བ་ཡིན། དེ་ནི་སྐྱེ་བ་མ་ཡིན་ནོ་ཞེ་ན། ངའི་ནོར་སྐྱེས་སོ་ཞེས་ཐོབ་པ་ལ་ཡང་སྐྱེས་པའི་སྒྲ་བརྗོད་པ་མཐོང་སྟེ། བདག་

གིས་ནོར་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བར་ཆད་མེད་པའི་ལམ་གང་དག་གིས་ཉོན་མོངས་པ་སྤོང་བར་བྱེད་པ་དེ་དག་གི་ནི་སྤངས་པ་སྟེ་བྲལ་བའི་འབྲས་བུ་ཡིན་ལ། གང་དག་གིས་མ་འོངས་པ་སྔར་སྤངས་པ་རྣམས་ཀྱི་བྲལ་བ་འབའ་ཞིག་ཐོབ་པ་དེ་དག་ནི་སྐྱེས་བུ་བྱེད་པའི་

འབྲས་བུ་ཁོ་ན་ཡིན་ཏེ། དཔེར་ན་ངེས་པ་ལ་འཇུག་པ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཕྲ་རྒྱས་བཅུ་པོ་དག་སྤངས་པ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་སྐྱེས་བུ་

བྱེད་པའི་འབྲས་བུ་ཁོ་ན་ཡིན་པ་བཞིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །སྔོན་བྱུང་བ་མ་ཡིན་པའི་འདུས་བྱས་ཁོ་ན་འདུས་བྱས་ཁོ་ནའི་བདག་པོའི་འབྲས་བུ་ཡིན་གྱི། འདུས་མ་བྱས་མ་ཡིན་ཞིང་། འདུས་མ་བྱས་ཀྱི་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་སྟེ། བདག་པོའི་འབྲས་བུ་ཁོ་

เล่ม ๑๔๔ · หน้า 232b

ན་ནི་མ་ཡིན་ནོ། །སྔོན་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནི་སྔོན་བྱུང་བ་ལས་གཞན་སྔོན་མ་བྱུང་བའོ། །དེ་ནི་ལྷན་ཅིག་བྱུང་བ་དང་། ཕྱིས་བྱུང་བ་སྟེ། རྒྱུ་བས་སྔར་སྐྱེས་པའི་འབྲས་བུ་ནི་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔར་འཁོར་ལོས་

སྒྱུར་བ་ཉིད་བྱེད་ཅིང་ཕྱིས་དེར་འགྱུར་བའི་ལས་བྱེད་པར་འགྱུར་ན། མྱུ་གུ་ལ་སོགས་པ་རྣམས་ཀྱི་སྔོན་དུ་ས་བོན་འགྲོ་བ་ཉིད་དུ་མཐོང་བའི་ཕྱིར་མཐོང་བ་དང་འགལ་བ་ཡིན་ནོ། །འབྲས་བུ་སྐྱེས་ཟིན་པས་འདས་པ་ལྟར་རྒྱུ་བྱ་བ་བྱས་ཟིན་པའི་ཕྱིར་མི་སྐྱེ་བར་ཡང་འགྱུར་རོ། །

སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི་དེ་ཉིད་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུར་རྣམ་པར་གཞག་པའི་ཕྱིར་འདྲི་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་བྱེད་པ་པོའི་ཡིན་ནོ་ཞེས་བྱ་བ་ལ། གང་གི་སྟོབས་ཀྱིས་

གང་སྐྱེ་བ། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ། །བྱེད་པ་པོ་མ་ཡིན་པའི་ཡང་ཡིན་ཏེ་ཞེས་བྱ་བའི་ཡང་ཞེས་བྱ་བའི་སྒྲས་ནི་བདག་པོའི་འབྲས་བུ་བྱེད་པ་པོའི་ཡང་ཡིན་པ་སྟེ། དཔེར་ན་བཟོ་བོ་རྣམས་ཀྱི་བཟོ་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ།

བདག་པོའི་འབྲས་བུ་ཡང་ཡིན་ནོ། །གཞན་དག་གིས་བདག་པོའི་འབྲས་བུ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། བཟོ་བོ་མ་ཡིན་པ་གེགས་མི་བྱེད་པའི་ངོ་བོར་གནས་པ་དག་གི་ནི་བཟོ་དེ་བདག་པོའི་འབྲས་བུ་ཁོ་ན་ཡིན་གྱི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་ཡིན་ནོ། །གཞན་

དག་ལ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །ལྔ་པོ་ད་ལྟར་འབྲས་བུ་འཛིན། །ཞེས་བྱ་བ་ལ། ད་ལྟར་ཁོ་ན་ཞེས་ངེས་པར་གཟུང་གི །ལྔ་པོ་ཁོ་ན་ཞེས་བྱ་བར་ནི་མ་ཡིན་ཏེ། བྱེད་རྒྱུའི་རྒྱུ་ཡང་དེ་དག་འདྲ་མོད་ཀྱི་ཞེས་འབྱུང་བའི་ཕྱིར་རོ། །འབྲས་བུ་འཛིན་པ་ཞེས་བྱ་བ་ནི་

འབྲས་བུ་འཕེན་པ་སྟེ། དངོས་པོ་གཞན་སྐྱེད་པར་བྱ་བ་ལ་རྒྱུའི་དངོས་པོར་ཉེ་བར་འགྲོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ད་ལྟར་བ་ཁོ་ན་ལ་ཡོད་དོ། །བྱེད་རྒྱུའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་ཞེས་བྱ་བ་ནི་ད་ལྟར་བ་ཁོ་ན་འབྲས་བུ་འཛིན་གྱི། འདས་པ་དང་མ་འོངས་པ་ནི་མ་ཡིན་ནོ། །གལ་ཏེ་

เล่ม ๑๔๔ · หน้า 233a

དེ་ལྟར་ན་དེ་ཡང་ད་ལྟར་བ་འབྲས་བུ་འཛིན་ཏོ་ཞེས་ཅི་སྟེ་མ་སྨྲས་ཤེ་ན། དེའི་ཕྱིར་དེ་ནི་འབྲས་བུ་དང་བཅས་པར་མ་ངེས་པས་མ་བརྗོད་དོ་ཞེས་བྱ་བ་སྨོས་ཏེ། འདུས་མ་བྱས་ལ་འབྲས་བུ་མེད་པའི་ཕྱིར་རོ། །གཉིས་ནི་རབ་ཏུ་འབྱིན་པར་བྱེད་ཅེས་བྱ་བ་

ལ། ད་ལྟར་བ་དག་ཁོ་ན་ཞེས་བྱ་བར་ངེས་པར་གཟུང་བར་བྱ་སྟེ། གཉིས་ཁོ་ན་ཞེས་ནི་མ་ཡིན་ནོ། །དུས་མཉམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། རྒྱུའི་དང་པོའི་དུས་ཁོ་ནར་འབྲས་བུ་ཕྱུང་བའི་ཕྱིར་རོ། །ད་ལྟར་གྱི་དང་འདས་པ་དག་ཅེས་བྱ་བ་ལ། སྐབས་སུ་བབ་པའི་ཕྱིར་འབྲས་བུ་

འབྱིན་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ད་ལྟར་བ་དག་རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་མི་སྲིད་དོ་སྙམ་སྟེ། རེ་ཞིག་གང་འདས་པ་དག་ནི་ཞེས་དྲི་བ་རྒྱས་པར་འབྱུང་ངོ་། མཇུག་ཐོགས་སུ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། དེ་ལ་འབྲས་བུ་གང་ཞིག་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་

བའི་རྒྱུ་དག་གི་ཡིན་པར་ངེས་ཤིང་དེ་དག་གི་མཇུག་ཐོགས་སུ་སྐྱེ་བ་དེ་ནི་དེ་དག་གི་འཛིན་པ་དང་འབྱིན་པ་ཡིན་ལ། རྒྱུ་དག་འགགས་ན་ནི་གཟུང་བ་དང་ཕྱུང་ཟིན་པ་ཡིན་ནོ། །དེ་ཉིད་ཀྱི་ཚེ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕྱིས་ཀྱང་ཕྱུང་བ་ཡིན་ནོ། །འོན་ཏེ་འགགས་པ་དག་ལས་འབྲས་བུ་སྐྱེས་པ་ནི་དེ་ལྟ་ན་

འདས་པ་དག་གིས་འབྲས་བུ་ཕྱུང་བ་ཡིན་ནོ། །བྱེད་རྒྱུའི་རྒྱུ་ཡང་ཞེས་བརྗོད་པར་བྱ་སྟེ། ཅུང་ཟད་ཅིག་ནི་བྱེད་རྒྱུ་ད་ལྟར་བྱུང་བའི་ཡང་བདག་པོའི་འབྲས་བུ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་དེ་མ་ཐག་ཏུ་ཡིན་ཏེ། དཔེར་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་

རྣམས་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་དུས་གཞན་གྱི་ཚེ་ཡིན་ཏེ། དཔེར་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཀྱི་བྱང་ཆུབ་གསུམ་ལྟ་བུའོ་ཞེ་ན། འདི་མ་སྨོས་པའི་རྒྱུ་སྔར་བཤད་ཟིན་ཏོ། །དགེ་བའི་སྐལ་བ་མཉམ་པའི་རྒྱུ་ཞེས་འབྱུང་

སྟེ། མི་ལྡན་པའི་འདུ་བྱེད་དང་རྒྱུན་ལ་མངོན་པར་འདོད་པ་ཡིན་ནོ། །ཐ་མར་འདོར་བའི་ཞེས་བྱ་བ་ལ། དགེ་བའི་རྩ་བ་ཆུང་ངུའི་ཆུང་ངུ་རྣམས་ཀྱི་ཐོབ་པ་ཐམས་ཅད་ཀྱི་ཐ་མར་འདོར་བ་དག་སྟེ། གཞན་དག་ནི་སྔར་དོར་ཟིན་པའི་ཕྱིར་རོ། །དེ་དག་ནི་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི་

เล่ม ๑๔๔ · หน้า 233b

འབྱིན་པ་ནི་མ་ཡིན་ཏེ། །དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ན་དགེ་བ་མི་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི་དགེ་བའི་རྩ་བ་དག་གི་ཉིང་མཚམས་སྦྱོར་བས་ཞེས་བྱ་བ་ལ། འབྱིན་པ་འབའ་ཞིག་ཡིན་གྱི། འཛིན་པ་ནི་མ་ཡིན་ཏེ། སྔར་བཟུང་ཟིན་པའི་ཕྱིར་རོ། །འདི་སྐད་དུ་དེ་དག་ཉིད་

ཅེས་བྱ་བ་ལ། སྔ་ན་མེད་པ་རྙེད་ན་འབྲས་བུ་འཛིན་པ་དང་འབྱིན་པར་སྲིད་པའི་ཕྱིར་དེ་དག་ཉིད་ཅེས་བརྗོད་པར་བྱའོ། །གནས་སྐབས་ལྷག་མ་རྣམས་སུའོ། །ཞེས་བྱ་བ། བཤད་མ་ཐག་པའི་གནས་སྐབས་གཉིས་པོ་མ་གཏོགས་པ། དགེ་བའི་རྩ་བ་ཀུན་དུ་མ་ཆད་པའི་

གནས་སྐབས་ལྷག་མ་རྣམས་གཟུང་སྟེ། བདག་ཅག་ལ་སོགས་པ་ལྟ་བུའི་ཐོབ་པ་དག་ནི་འབྲས་བུ་འཛིན་པ་དང་འབྱིན་པ་ཡིན་ནོ། བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ནི་སྔར་བཟུང་ཟིན་པའི་ཕྱིར་འཛིན་པ་མ་ཡིན་

ལ། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །མི་དགེ་བའི་ཞེས་བྱ་བ་ལ། མི་དགེ་བ་རྣམས་ཀྱི་ཐོབ་པ་ཐམས་ཅད་ཀྱི་ཐ་མར་འདོར་བ་སྟེ། ཐོབ་པ་དེ་དག་ཏུ་ནི་རྒྱུ་མཐུན་པའི་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི། འབྱིན་པ་ནི་མ་ཡིན་ཏེ། རྒྱུ་མཐུན་

པའི་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་དང་པོར་ཐོབ་པའི་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་ནི་འབྲས་བུ་འབྱིན་པ་ཡིན་གྱི། འཛིན་པ་ནི་མ་ཡིན་ཏེ། སྔར་བཟུང་ཟིན་པའི་ཕྱིར་རོ། །འདི་སྐད་དུ་དེ་དག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་དགེ་བའི་སྐལ་བ་

མཉམ་པའི་རྒྱུ་འདི་ནི་འབྱིན་པ་ཡིན་གྱི། འཛིན་པ་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་དུས་སུ་བཟུང་བའི་ཕྱིར་རོ། །ཐོབ་པ་གང་དག་སྔོན་མེད་པ་དང་པོར་རྙེད་པ་དེ་དག་ནི་འབྲས་བུ་འཛིན་པ་དང་འབྱིན་པ་ཡང་ཡིན་ནོ། །གསུམ་པ་ནི་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་

ལྷག་མ་རྣམས་སུའོ་ཞེས་བྱ་བ་ལ། གནས་སྐབས་དང་པོ་དང་གཉིས་པ་ཇི་སྐད་དུ་བཤད་པ་དེ་དག་གཉིས་ཁོ་ན་མ་གཏོགས་པ་གནས་སྐབས་ལྷག་མ་རྣམས་སུ་སྟེ། ཁོ་བོ་ཅག་གི་ལྟ་བུ་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་ནི་འབྲས་བུ་འཛིན་པ་དང་འབྱིན་པ་ཡིན་ནོ། །བཞི་པ་ནི་རྣམ་

เล่ม ๑๔๔ · หน้า 234a

པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་སྔར་བཟུང་ཟིན་པའི་ཕྱིར་མི་འཛིན་ལ། འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཉམས་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་

ཡང་དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དྲི་བ་ལ་མུ་བཞི་དགྲ་བཅོམ་ཉིད་ཐོབ་པ་དང་། ཡོངས་སུ་ཉམས་པ་ལས་ཅི་རིགས་སུ་སྦྱར་བར་བྱའོ། །མུ་དང་པོའི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་

པའོ། །གཉིས་པ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་ཐམས་ཅད་ཀྱི་དང་པོར་ཐོབ་པ་གང་ཡིན་པའོ། །གསུམ་པ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་ལྷག་མ་རྣམས་སུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། སྲིད་པའི་

རྩེ་མོའི་འདོད་ཆགས་དང་བྲལ་བ་ལས་མ་ཉམས་པའི་ཞེས་བྱ་བའི་ཐ་ཚིག་གོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང་སྦྱར་བར་བྱའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཚིག་ཕྱི་མ་དང་སྦྱར་

བར་བྱ་སྟེ་ཞེས་བྱ་བ་ལ། ཕྱིས་དྲི་བའི་ཚིག་གིས་གང་དུ་དོན་གོ་བར་བྱེད་པ་ནི་ཚིག་ཕྱི་མ་དང་སྦྱར་བའོ། །རེ་ཞིག་འབྱིན་པ་གང་ཡིན་པ་དེ་ནི་འཛིན་པ་ཡང་ཡིན་ནོ་ཞེས་བྱ་བ་ལ། སྐལ་བ་མཉམ་པའི་རྒྱུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ཡོད་

པའི་ཕྱིར་རོ། །འཛིན་ལ་མི་འབྱིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་ཕུང་པོ་ཐ་མ་པ་རྣམས་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ནི་ཕུང་པོ་ཐམས་ཅད་ལས་ངེས་པར་བྱུང་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་མེད་པས་འཛིན་པ་ཁོ་ན་ཡིན་གྱི། འབྱིན་པ་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པའི་

ངེས་པས་ནི་སྐད་ཅིག་རེ་རེ་སྟེ་ཞེས་བྱ་བ་ལ། སྔར་ནི་དམིགས་པ་མེད་པ་ཐོབ་པ་རྣམས་དང་། རྒྱུན་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་བཤད་ལ། ད་ནི་དམིགས་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་སྐད་ཅིག་རེ་རེ་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་བརྗོད་དོ། །དགེ་བའི་

เล่ม ๑๔๔ · หน้า 234b

སེམས་ཀྱི་མཇུག་ཐོགས་སུ་ཞེས་བྱ་བ་ལ། དགེ་བའི་སེམས་སྐྱེས་པས་དགེ་བའི་སེམས་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་གཟུང་བ་གང་ཡིན་པ་དེ་དེའི་མཇུག་ཐོགས་སུ་མི་སྐྱེ་བས་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི། འབྱིན་པ་ནི་མ་ཡིན་ནོ། །གཉིས་པ་ནི་བཟློག་པའོ་ཞེས་བྱ་བ་ལ། གང་གི་ཚེ་ཉོན་

མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་དགེ་བའི་སེམས་མངོན་དུ་བྱེད་པ་དེའི་ཚེ་སྔར་འགགས་པའི་དགེ་བའི་སེམས་དེ་འབྱིན་པ་ཁོ་ན་ཡིན་གྱི། འཛིན་པ་ནི་མ་ཡིན་ཏེ། སྔར་བཟུང་ཟིན་པའི་ཕྱིར་རོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། གང་གི་ཚེ་ཉོན་མོངས་པ་

ཅན་ནམ་མི་དགེ་བའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་ནམ་ལུང་དུ་མ་བསྟན་པ་མངོན་དུ་བྱེད་པ་དེའི་ཚེ་དགེ་བའི་སེམས་དེ་སྔར་བཟུང་བའི་ཕྱིར་འབྲས་བུ་མི་འཛིན་ལ། རིགས་མི་མཐུན་པའི་སེམས་ཀྱིས་བར་དུ་ཆོད་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །མི་དགེ་བ་ལ་སོགས་པ་ཡང་དེ་བཞིན་

དུ་སྦྱར་བར་བྱའོ་ཞེས་བྱ་བ་ལ། མུ་དང་པོ་ནི་གང་གི་ཚེ་མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་འམ་ལུང་དུ་མ་བསྟན་པའི་སེམས་མངོན་དུ་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་གང་གི་ཚེ་མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་མི་དགེ་བ་ཁོ་ན་སྐྱེ་བའོ། །བཞི་པ་ནི་གང་གི་ཚེ་

དགེ་བ་འམ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་དགེ་བ་འམ། ལུང་དུ་མ་བསྟན་པ་མངོན་དུ་བྱེད་པའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཅིག་ནི་འདས་པས་འབྱིན་པར་འགྱུར་ཞེས་བྱ་བ་ལ། གཅིག་ནི་

འདས་པ་ཁོ་ནས་ཞེས་བྱ་བ་ཡིན་གྱི། གཅིག་ཁོ་ན་འདས་པས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷན་ཅིག་གམ། །དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པའི་རྒྱུ་ནི་རྒྱུན་ལ་

ལྟོས་པ་ཡིན་ནོ། །འདི་ལ་བརྟེན་པས་ན་རྟེན་ནོ། །རྟེན་གྱི་འབྲས་བུ་ནི་རྟེན་གྱི་འབྲས་བུ་སྟེ། གང་ཞིག་གང་ལ་བརྟེན་པ་དེ་ནི་དེའི་འབྲས་བུ་ཡིན་ནོ། །སྦྱོར་བའི་འབྲས་བུ་ནི་སྦྱོར་བའི་འབྲས་བུ་སྟེ། མི་སྡུག་པའི་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ་མི་སྐྱེ་བ་ཤིས་པའི་བར་ལྟ་བུའོ། སྦྱོར་བ་

เล่ม ๑๔๔ · หน้า 235a

གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། །མི་སྡུག་པ་སྨོས་པ་ནི་འདིར་དཔེའི་དོན་དུ་ཡིན་ནོ། །ཚོགས་པའི་འབྲས་བུ་ནི་ཚོགས་པའི་འབྲས་བུའོ། །བསྒོམས་པའི་འབྲས་བུ་ནི་བསྒོམས་པའི་འབྲས་བུའོ། །དེ་ལ་ཁ་ཅིག་ན་རེ་ནི་རྟེན་གྱི་འབྲས་བུ་བདག་པོའི་འབྲས་བུའི་ཁོངས་སུ་འདུའོ་ཞེས་

ཟེར་རོ། །གཞན་དག་ན་རེ། ཐམས་ཅད་ཀྱང་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གི་ཁོངས་སུ་འདུའོ་ཞེས་ཟེར་རོ། །དེ་ལ་ཆོས་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་དག་ནི་མང་སྟེ་དེ་དག་རེ་རེ་ནས་རྒྱས་པར་བཤད་པར་མི་ནུས་པས་ཐམས་ཅད་ཕུང་པོ་བཞིར་རྣམ་པར་གཞག་གོ། །

དེ་ཉིད་ཀྱི་ཕྱིར་མདོར་བསྡུ་ན་ཆོས་ཀྱི་རྣམ་པ་བཞི་པོ་འདི་དག་ཁོ་ན་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་ཅན་ཞེས་བྱ་བས་ནི་འདོད་ཆགས་ལ་སོགས་པ་མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་། དེ་དག་དང་མཚུངས་པར་ལྡན་པ་དག་གཟུང་ངོ་། །རྣམ་པར་སྨིན་པ་ལས་སྐྱེས་

པ་རྣམས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའི་བདག་ཉིད་རྣམས་སོ། །ཟག་པ་མེད་པའི་དབང་པོ་རྣམས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དང་མཚུངས་པར་ལྡན་པ་རྣམས་སོ། །རྣམ་པར་སྨིན་པ་མ་གཏོགས་པའི་ལུང་དུ་མ་བསྟན་པ་རྣམས་ཞེས་བྱ་བ་ལ། དེ་དག་ནི་སྤྱོད་ལམ་

པ་དང་། གཟོའི་གནས་པ་དང་། སྤྲུལ་པ་ཐམས་ཅད་དོ། །དགེ་བ་རྣམས་སོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སོ། །ཇི་སྐད་དུ་བཤད་པ་མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེ་བས་ན་ལྷག་མ་ལས་སྐྱེས་སོ། །ཆོས་ཉོན་མོངས་པ་ཅན་རྣམས་ནི་ཞེས་བྱ་བ་རྒྱས་པར་

འབྱུང་བ་ལ། རྣམ་པར་སྨིན་པ་ནི་ཆོས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་རྣམས་སྐྱེས་པ་ལས་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པའོ། །དེ་ལ་སེམས་ལས་བྱུང་བ་ལྷན་ཅིག་སྐྱེས་པ་རྣམས་དང་སེམས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་

དང་། མཚུངས་པར་ལྡན་པའི་རྒྱུ་དག་ཡིན་ནོ། །དེ་བཞིན་དུ་སེམས་ལས་བྱུང་བ་དག་ལ་ཡང་སོ་སོར་བརྗོད་པར་བྱའོ། །སྐལ་བ་མཉམ་པའི་རྒྱུ་ནི་རང་གི་རིས་དང་ས་པའི་ཆོས་ཉོན་མོངས་པ་ཅན་སྔར་སྐྱེས་པ་རྣམས་སོ། །ཀུན་ཏུ་འགྲོ་བའི་རྒྱུ་ནི་ཀུན་དུ་འགྲོ་བའི་རང་གི་སར་སྔར་སྐྱེས་པ་རྣམས་

เล่ม ๑๔๔ · หน้า 235b

སོ། །བྱེད་རྒྱུའི་རྒྱུ་ནི་ཅི་རིགས་པར་རང་མ་གཏོགས་པ་ཡིན་ནོ། །ཀུན་དུ་འགྲོ་བའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་ལ། ཀུན་དུ་འགྲོ་བའི་རྒྱུ་ནི་ཉོན་མོངས་པ་ཅན་རྣམས་ཁོ་ནའི་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་མ་ཡིན་ལ། རྣམ་པར་སྨིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པས་ཀུན་དུ་

འགྲོ་བའི་རྒྱུ་དེའི་རྒྱུ་དེ་ཉིད་ཡིན་པ་འགོག་པ་ཡིན་ནོ། །འདིར་ཡང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་སྔ་མ་བཞིན་ནོ། །སྐལ་བ་མཉམ་པའི་རྒྱུ་ནི་ལུང་དུ་བསྟན་པ་སྔར་སྐྱེས་པ་རྣམས་སོ། །རྣམ་པར་སྨིན་པའི་རྒྱུ་ནི་དེ་དག་གང་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པ་མི་

དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་སོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །རྣམ་པར་སྨིན་པ་དང་ཀུན་དུ་འགྲོ་བའི་རྒྱུ་དེ་དག་མ་གཏོགས་པ་ཞེས་བྱ་བ་ལ། རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་ལ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཀུན་

དུ་འགྲོ་བའི་རྒྱུ་མ་གཏོགས་སོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་བ་རྣམས་ཁོ་ན་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ནི་ཅི་རིགས་པར་བརྗོད་པར་བྱའོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །རྣམ་པར་སྨིན་པ་དང་། ཀུན་དུ་འགྲོ་བའི་རྒྱུ་དེ་དག་དང་སྐལ་བ་

མཉམ་པའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་ལ། དེ་དང་འདྲ་བ་སྔར་སྐྱེས་པ་མེད་པའི་ཕྱིར་དང་། དགེ་བ་ཡིན་པའི་ཕྱིར། སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་སོ། །འདིར་ཡང་ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་

བ་རྣམས་ཁོ་ན་ཡིན་ནོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །མཚུངས་པར་ལྡན་པའི་རྒྱུ་སྨོས་པའི་ཕྱིར། སེམས་དང་སེམས་ལས་བྱུང་བ་ཡིན་པར་ཤེས་ཏེ། དེ་ལྟ་མ་ཡིན་ན་དེ་དག་ལ་མཚུངས་པར་ལྡན་པའི་རྒྱུ་སྨོས་པར་འགྱུར་རོ། །མཚུངས་པར་ལྡན་པའི་རྒྱུ་གཅིག་པུ་མ་གཏོགས་པ་ཞེས་བྱ་བ་ལ། སེམས་

དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་དེ་དག་ལ་མཚུངས་པར་ལྡན་པའི་རྒྱུ་མེད་དོ། །ཉོན་མོངས་པ་ཅན་ལ་སོགས་པ་གཞན་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་རྣམས་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང་། ལྷག་མ་རྣམས་དང་། ཟག་པ་མེད་པའི་དངོས་པོ་རྣམས་སོ། །

เล่ม ๑๔๔ · หน้า 236a

དེ་ལ་ཉོན་མོངས་པ་ཅན་རྣམས་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་གྱི་གཟུགས་དང་ཉོན་མོངས་པ་ཅན་གྱི་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་བཞི་ལས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་ལ།

མཚུངས་པར་ལྡན་པ་དང་ཀུན་དུ་འགྲོ་བའི་རྒྱུ་མ་གཏོགས་པ་བཞི་ལས་སོ་ཞེས་བྱ་བར་སྦྱར་ཏེ། དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་དང་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྡན་པ་ཡིན་པ་རྣམས་སོ། །ལྷག་མ་རྣམས་ནི་གསུམ་ལས་སོ་ཞེས་བྱ་བ་ལ། ལྷག་མའི་གཟུགས་དང་ལྡན་པ་

མ་ཡིན་པ་རྣམས་ནི་རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པ་དང་། ཀུན་དུ་འགྲོ་བའི་རྒྱུ་དག་མ་གཏོགས་པ་ལྷག་མ་ལྷན་ཅིག་འབྱུང་བ་དང་། སྐལ་བ་མཉམ་པ་དང་། བྱེད་རྒྱུའི་རྒྱུ་དང་གསུམ་ལས་སྐྱེའོ། །ཟག་པ་མེད་པའི་དང་པོ་ནི་གཉིས་ལས་ཏེ་ཞེས་བྱ་བ་ལ། ཟག་པ་མེད་པའི་དང་པོ་གཟུགས་

དང་ལྡན་པ་མ་ཡིན་པ་རྣམས་ནི་བྱེད་རྒྱུའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་ལས་སོ། །རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ་ཞེས་བྱ་བ་ལ། ལྷན་ཅིག་འབྱུང་བ་དང་བྱེད་རྒྱུའི་རྒྱུ་དག་ཕན་ཚུན་མི་འཁྲུལ་པའི་ཕྱིར་ལ། རྒྱུ་ལྷན་ཅིག་བྱེད་པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་དུས་ཐམས་ཅད་དུ་སྐྱེ་བར་ཐལ་

བའི་ཕྱིར་རོ། །སྔར་རྒྱུ་དང་རྐྱེན་དག་མེད་པ་ནི། སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་བཤད་པ་དེ་ལ་རྒྱུ་རྣམས་ནི་གྲངས་དང་། རང་གི་ངོ་བོ་དང་། འབྲས་བུའི་སྒོ་ནས་བསྟན་ན། ད་ནི་རྐྱེན་རྣམས་དང་། རང་གི་ངོ་བོ་དང་། བྱེད་པའི་སྒོ་ནས་བརྗོད་པར་བྱ་དགོས་སོ་ཞེས་འདྲི་བ་ནི་རྐྱེན་རྣམས་གང་

ཞེ་ན་ཞེས་བྱའོ། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །གང་ནས་གསུངས་ཞེས་བྱ་བ་ནི་མདོ་ལས་སམ་འོན་ཏེ་ཆོས་མངོན་པ་ལས་གསུངས་ཞེས་བྱ་བའོ། །དེའི་ཕྱིར་མདོ་ལས་ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། བཅོམ་ལྡན་འདས་ཁོ་ནས་བསྟན་གྱི། ཆོས་མངོན་པ་པ་

དག་གིས་ནི་མ་ཡིན་ནོ། །རྐྱེན་དུ་འདྲ་བ་ནི་རྐྱེན་ཉིད་དོ། །འདིར་དངོས་པོའི་རྐྱེན་གྱིས་བསྟན་པ་ནི་འདྲ་བ་ཉེ་བར་བླངས་པའོ། །ཐམས་ཅད་རང་བཞིན་ཐ་དད་པ་ཡིན་ཡང་རྐྱེན་གྱི་དངོས་པོ་ལས་མི་འདའ་སྟེ། རྐྱེན་གྱི་རིགས་རྣམ་པ་བཞི་རྟེན་ཏོ་སྙམ་དུ་བསམས་པའོ། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཞེས་བྱ་

เล่ม ๑๔๔ · หน้า 236b

བ་ལ། རྒྱུའི་རྐྱེན་ནི་ལྔ་ཁོ་ན་ཡིན་གྱི། ལྔ་རྒྱུའི་རྐྱེན་ཁོ་ན་ནི་མ་ཡིན་ནོ། །དེ་དག་ཀྱང་མི་ཤེས་པས་བྱེད་རྒྱུའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །བྱེད་རྒྱུའི་རྒྱུ་རྒྱུའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། བསྟན་བཅོས་ལས་འབྱུང་བའི་ཕྱིར་ཏེ། བསྟན་བཅོས་ལས་རྒྱུའི་

རྐྱེན་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་གསུངས་ཏེ། ཆོས་འདུས་མ་བྱས་མ་སྨོས་པས་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་དག་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་བྱ་བ་ལ།

སེམས་དང་སེམས་ལས་བྱུང་བ་སྨོས་པས། །གཟུགས་དང་འདུས་མ་བྱས་དང་ལྡན་པ་ཡིན་པ་གསལ་བའི་སྒོ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །སེམས་

དང་སེམས་ལས་བྱུང་བ་དག་ནི་རྣམ་པ་གཉིས་ཏེ། ཐ་མ་དང་ཐ་མ་མ་ཡིན་པ་དག་གོ། །ཐ་མ་དག་ནི་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བ་མི་འབྱུང་སྟེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ལྟ་བུའོ། །ཐ་མ་མ་ཡིན་པ་དེ་

དག་ནི་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བ་འབྱུང་བའོ། །དེའི་ཕྱིར་ཐ་མ་གསལ་བའི་སྒོ་ནས་ཕྱི་མ་དང་བཅས་པ་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཐ་མ་མ་ཡིན་པ་སྨོས་སོ། །སྐྱེས་པ་རྣམས་ཞེས་བྱ་བས་ནི་མ་འོངས་པ་

པ་གསལ་བའི་སྒོ་ནས་འདས་པ་དང་ད་ལྟར་བྱུང་བ་ཡོངས་སུ་འཛིན་པ་ཡིན་ནོ། །རྐྱེན་འདི་ནི་མཚུངས་པ་ཡང་ཡིན་དེ་མ་ཐག་པ་ཡང་ཡིན་པས་ཞེས་བྱ་བ་འདིས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་དོན་དང་ལྡན་པ་ཉིད་ཡིན་གྱི། གཞན་དག་ནི་མ་ཡིན་པས་

སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ་ཞེས་སྟོན་ཏོ། །མཚུངས་པ་ཞེས་བྱ་བ་ནི་རྒྱུད་གཅིག་ལ་རྫས་རིགས་མཐུན་པ་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་མ་ཐག་ཏུ་ཞེས་བྱ་བ་རྫས་རིགས་མཐུན་པས་བར་དུ་མ་ཆོད་པའི་འབྲས་

เล่ม ๑๔๔ · หน้า 237a

བུ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་མཉམ་པར་འབྱུང་བའི་ཕྱིར་གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ་ཞེས་བྱ་བ་ལ། མཚུངས་པ་དེ་མ་ཐག་པའི་དོན་མེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་དོན་

མེད་པ་ཉིད་བསྟན་པའི་ཕྱིར། འདི་ལྟར་འདོད་པ་ན་སྤྱོད་པའི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདོད་པ་ན་སྤྱོད་པ་ནི་སོ་སོར་ཐར་བའི་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །གཟུགས་ན་སྤྱོད་པ་ནི་བསམ་གཏན་གྱི་སྡོམ་པའི་གཟུགས་སོ། །ཟག་པ་མེད་པ་ནི་ཟག་པ་མེད་པའི་

སྡོམ་པའི་གཟུགས་སོ། །གང་གི་ཚེ་སྡོམ་པ་བླངས་པ་བསམ་གཏན་ནམ་ལམ་ལ་སྙོམས་པར་མི་འཇུག་པ་དེའི་ཚེ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལས་འདོད་པ་ན་སྤྱོད་པ་ཁོ་ན་འབྱུང་ངོ་། །གང་གི་ཚེ་སྙོམས་པར་འཇུག་པ་དེའི་ཚེ་ན་འདོད་པ་དང་། གཟུགས་ན་སྤྱོད་པའི་རྣམ་

པར་རིག་བྱེད་མ་ཡིན་པ་འབྱུང་ངོ་། །གང་གི་ཚེ་ལམ་ལ་སྙོམས་པར་འཇུག་པ་དེའི་ཚེ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་འབྱུང་བས་གཟུགས་མངོན་དུ་འགྱུར་བ་འཆོལ་བ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འཆོལ་བ་མ་ཡིན་ནོ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་དག་གི་

མཇུག་ཐོགས་སུ་ནི་ནམ་ཡང་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། །ཟག་པ་མེད་པ་མི་འབྱུང་ངོ་། །བཙུན་པ་དབྱིག་བཤེས་ན་རེ་རྒྱས་པ་ལས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། །ཇི་ལྟར་ཟས་དང་བསམ་གཏན་ལ་སོགས་པས་རྒྱས་པར་བྱས་པ་དང་། རྣམ་པར་

སྨིན་པ་ལས་སྐྱེས་པ་མ་འགག་པ་ཁོ་ནར་དེ་དང་རིགས་མཐུན་པ་བསམ་གཏན་དང་ཟས་ལ་སོགས་པས་རྒྱས་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་གཞན་སྐྱེ་བ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་མ་འགགས་པ་ཁོ་ནར་དགེ་བ་དང་། མི་དགེ་བ་དང་ལུང་

དུ་མ་བསྟན་པའི་སེམས་ནི་མི་འབྱུང་ངོ་ཞེས་ཟེར་རོ། །བཙུན་པ་ཞེས་བྱ་བ་ནི་མདོ་སྡེ་པ་གནས་བརྟན་ཆོས་སྐྱོབ་པོ། །ཆེས་མང་བ་དང་ཉུང་ངུ་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་ཆོས་གཟུགས་ཅན་རྣམས་ནི་རྫས་ངེས་པ་མེད་པར་འགྱུར་བར་འགལ་བ་མེད་དེ་ལ་ལར་ནི་ཆེས་ཉུང་ངུ་མང་པོར་

เล่ม ๑๔๔ · หน้า 237b

འགྱུར་ཏེ། དཔེར་ན་ནུར་ནུར་པོ་ལ་སོགས་པ་དག་ལས་གཟུགས་ལྟ་བུའོ། །ལ་ལར་ནི་ཆེས་མང་བ་ཡང་ཉུང་ངུར་འགྱུར་ཏེ། དཔེར་ན་སྟོབས་དང་ལྡན་པའི་ལུས་ལས་སྟོབས་ཆུང་ངུ་འབྱུང་བ་ལྟ་བུའོ། །དེའི་ཕྱིར་འདི་མཚུངས་པ་དེ་མ་ཐག་པ་ཉིད་ཀྱི་བྱེད་པ་མེད་དོ། །སེམས་ལས་བྱུང་བ་རྣམས་ལ་ཡང་ཞེས་

བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་འདོད་པར་གཏོགས་པའི་དགེ་བའི་སེམས་ལ་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་ལ། མི་དགེ་བ་འདྲེས་པ་དང་ལྟ་བ་དང་ལྡན་པ་ལ་ཉི་ཤུའོ། །བསྒྲིབས་པ་ལ་ནི་བཅོ་བརྒྱད་དོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་བཅུ་གཉིས་སོ། །རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་

པའི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་ནི་བསམ་གཏན་ཁྱད་པར་ཅན་ནོ། །རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ནི་བསམ་གཏན་གཉིས་པ་ནས་སྲིད་པའི་རྩེ་མོའི་བར་ཏེ། སེམས་དང་ཏིང་ངེ་འཛིན་དེ་དག་ཕན་ཚུན་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་རྐྱེན་གྱི་ངོ་བོར་འདོད་

པ་ཡིན་ལ། སེམས་ལས་བྱུང་བ་རྣམས་ཀྱང་ཆེས་མང་བ་དང་ཉུང་ངུ་བྱུང་བས་གཟུགས་བཞིན་དུ་མཚུངས་པ་དེ་མ་ཐག་པའི་དངོས་པོར་འགལ་ལོ། རིགས་གཞན་ལ་ནི་ཡོད་མོད་ཀྱི། །ཞེས་བྱ་བ་ལ། རྟོག་པ་དང་དཔྱོད་པ་ལ་སོགས་པ་རིགས་གཞན་དུ་གྱུར་པ་རྣམས་ནི་སེམས་འགའ་ཞིག་ལ་

འབྱུང་བ་དང་མི་འབྱུང་བར་འགྱུར་ན། འདིར་ནི་གཟུགས་བཞིན་དུ་རང་གི་རིགས་ལ་ཆེས་མང་བ་དང་ཉུང་ངུ་འབྱུང་བ་མེད་དོ་ཞེས་བརྗོད་དོ། །འདི་ལྟར་ཚོར་བའི་རྫས་གཅིག་གི་མཇུག་ཐོགས་སུ་ཚོར་བའི་རྫས་གཉིས་སམ་ཚོར་བ་གཉིས་ཀྱི་མཇུག་ཐོགས་སུ་གཅིག་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་

སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ངེས་པར་འབྱུང་བས་འདིར་གཟུགས་དང་འདྲ་བར་ཐལ་བར་འགྱུར་བ་མེད་དོ། །ཡང་ཅི་རང་གི་རིགས་ཁོ་ནའི་ཞེས་བྱ་བ་ནི་གང་གི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་མི་མཉམ་པ་མི་འདོད་པས་འདྲི་བའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

འདིར་ནི་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་གཟུགས་ལྟར་ཆེས་མང་བ་དང་ཉུང་ངུ་འབྱུང་བ་མ་ཡིན་ནམ་ཞེས་གང་སྨྲས་པ་དེ་གསལ་བར་བྱ་བའི་ཕྱིར་ཚོར་བ་ལ་སོགས་པ་རྫས་ཉུང་ངུ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ཙམ་ཞིག་བརྗོད་ཀྱི། རང་གི་རིགས་ཁོ་ན་མཚུངས་པ་དེ་མ་

เล่ม ๑๔๔ · หน้า 238a

ཐག་པའི་རྐྱེན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ནི་མ་ཡིན་ཏེ། དེའི་ཕྱིར་ཚོགས་པ་མཐའ་དག་ཁོ་ན་ཚོགས་པ་གཞན་མཐའ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །རྒྱུད་འདྲ་བ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་དག་ལ་རྒྱུད་དང་འདྲ་བས་ཐ་སྙད་འདོགས་པ་ཡོད་པས་ན་

དེ་དག་ནི་རྒྱུད་འདྲ་བ་དག་གོ། །གལ་ཏེ་འདྲ་བ་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་དུ་འབྱུང་ཞེ་ན། གང་གི་ཚེ་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་རིགས་གཞན་

གྱིས་བར་མ་ཆོད་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་ཀྱི། འོ་ན་ཅི་ཞེ་ན། རང་གི་རིགས་ཀྱིས་མ་ཆོད་པའོ། །དཔེར་ན་ཞེས་བྱ་བ་ནི་དེ་ཉིད་ལ་དཔེ་རྒྱས་པར་འབྱུང་བའོ། །དེ་སྐད་དུ་ནི་མི་བརྗོད་དོ་ཞེས་བྱ་བ་ལ། བསྟན་བཅོས་དང་འགལ་བའི་ཕྱིར་དང་། རིགས་པ་དང་འགལ་བའི་ཕྱིར་ཏེ། སེམས་ཀྱི་

མཚུངས་པ་དེ་མ་ཐག་པའི་ཆོས་རྣམས་གང་ཞེ་ན། སེམས་གང་གི་མཇུག་ཐོགས་སུ་དེ་ལས་གཞན་པའི་སེམས་སམ་སེམས་ལས་བྱུང་བ་དག་ཅེས་རྒྱས་པར་འབྱུང་ངོ་། །ཟག་པ་མེད་པའི་སེམས་མི་འབྱུང་བར་ཐལ་བའི་ཕྱིར་ན་རིགས་པ་དང་ཡང་འགལ་ལོ། །སྡུག་བསྔལ་ལ་ཆོས་ཤེས་

པའི་བཟོད་པའི་སྔ་རོལ་དུ་བྱུང་བའི་ཆོས་ཟག་པ་མེད་པ་ནི་འགའ་ཡང་མེད་དེ། སྔར་ལམ་མ་བསྐྱེད་པའི་ཕྱིར་རོ། །ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐོབ་པ་དང་སྐྱེ་བ་ལ་སོགས་པ་དག་གོ། །ཁམས་གསུམ་པ་དང་ལྡན་པ་མ་ཡིན་པ་རྣམས་

ཅིག་ཅར་མངོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་ལ་སྐད་ཅིག་ལ་འདོད་པ་ན་སྤྱོད་པའི་ཆོས་ཀྱི་ཐོབ་པའི་མཇུག་ཐོགས་སུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ཟག་པ་མེད་པའི་ཐོབ་པ་རྣམས་ཅིག་ཅར་མངོན་དུ་འགྱུར་ཏེ།

གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་དང་། གཟུགས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པའི་འཕགས་པ་ལ་ཡང་ཁམས་གསུམ་པའི་ཉོན་མོངས་པ་དང་། ཟག་པ་མེད་

เล่ม ๑๔๔ · หน้า 238b

པའི་ཆོས་ཀྱི་ཐོབ་པ་མངོན་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁམས་གསུམ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་དགེ་བ་རྣམས་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་རྣམས་ཀྱང་ཅིག་ཅར་མངོན་དུ་འགྱུར་བ་ཡིན་ནོ། །འདིས་ནི་སྐྱེ་བ་ལ་སོགས་པ་རྣམས་ཅིག་ཅར་མངོན་དུ་འགྱུར་བ་ཡང་

བཤད་པ་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ་ཐོབ་པ་དང་ཡོངས་སུ་ཉམས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །སྐྱེས་པ་རྣམས་མཚུངས་པ་དེ་མ་ཐག་ཅེས་བཤད་པས་འདྲི་བ་ནི། ཅིའི་ཕྱིར་མ་འོངས་པ་ཞེས་བྱ་བའོ། །མ་འོངས་པའི་དུས་འཆོལ་བ་ཉིད་དུ་བསྟན་པའི་ཕྱིར། སྔ་ཕྱི་མེད་པའི་ཕྱིར་

རོ་ཞེས་བྱ་བ་སྨོས་སོ། །སྔ་ཕྱིར་འབྱུང་བ་དང་འབྲེལ་པའི་ཕྱིར་མ་འོངས་པས་ད་ལྟར་བ་སྔ་བ་དང་། ད་ལྟར་བ་བས་འདས་པ་སྔ་བར་བརྗོད་པར་ནུས་ན། མ་འོངས་པ་ལ་ནི་དེ་ལྟར་སྔ་ཕྱི་ཡོད་པ་མ་ཡིན་ཏེ། དུས་སྔ་ཕྱི་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ད་ལྟར་བ་ད་ལྟར་བའི་མཚུངས་པ་དེ་མ་ཐག་

པ་ཞེས་མི་བྱ་སྟེ། དུས་མཚུངས་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། གལ་ཏེ་མ་འོངས་པའི་དུས་ལ་སྔ་ཕྱི་མེད་ནའོ། །འདས་པས་ད་ལྟར་ལ་འམ། འདས་པ་དང་ད་ལྟར་དག་ལས་རྗེས་སུ་དཔོག་པ་ནི་འདས་པ་དང་ད་ལྟར་གྱི་ལས་རྗེས་སུ་དཔག་པའོ། །རྣམ་

པར་སྨིན་པ་ནི་འདི་ལྟ་བུ་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུའོ། །ཆོས་ལས་སྐྱེས་ཞེས་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུའོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདས་པས་ད་ལྟར་བ་ལ་རྗེས་སུ་དཔོག་གོ་ཞེས་བྱ་བར་འདོད་ནའོ། །

གཞན་དག་ན་རེ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདི་ལ་སྔོན་གྱི་མཐའ་ལ་མི་ལྟོས་པར། དེའི་རིག་ཅན་གྱི་ལས་ཀྱི་འབྲས་བུ་མ་འོངས་པ་མངོན་སུམ་གྱིས་གཟིགས་པ་ལས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཐོགས་སུ་འདི་ཁོ་ན་འབྱུང་བར་འགྱུར་རོ་སྙམ་དུ་ངེས་པར་འཁྲུངས་

པར་འགྱུར་བ་དེ་ལྟར་སེམས་ཅན་གྱི་རྒྱུད་དག་ལས་འདས་པའི་ལས་དང་འབྲས་བུ་འབྲེལ་པ་རབ་ཏུ་མཁྱེན་པ་ཡིན་ཏེ། དེའི་ཕྱིར་ཉེས་པ་འདི་མེད་དོ་ཞེས་ཟེར་རོ། །འབྲས་བུའི་རྟགས་སུ་གྱུར་པ་ཞེས་བྱ་བ་ནི་འབྲས་བུའི་མཚན་མར་གྱུར་པ་དང་། རྒྱུ་མཚན་དུ་གྱུར་པ་སྟེ། རྟགས་མཚན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด