ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๔ · หน้า 185b

པས་འཕངས་ན་ནི་རང་གི་ཡུལ་དུ་ཆེས་ཉུང་བ་རྣམས་ཡུལ་གཞན་དུ་སྐད་ཅིག་མ་གཞན་མང་པོ་དག་སྐྱེ་བའི་རྒྱུ་ཡིན་ནོ། །གང་དག་གདོན་མི་ཟ་བར་རང་གི་ཡུལ་དང་། ཡུལ་གཞན་དུ་སྐད་ཅིག་གཞན་གྱི་རྒྱུ་ཡིན་པ་དེ་དག་ནི་བྱེ་བྲག་ཁས་བླང་བར་བྱའོ། །རྡོ་རྗེ་ལ་སོགས་པ་དེ་དག་ལ་ཇི་

སྐད་བཤད་པའི་ཡོངས་སུ་འགྱུར་བ་མེད་པར་བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་མི་རུང་བ་དེའི་ཕྱིར་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་བཞིན་དུ་གཞན་དུ་འགྱུར་བ་ཉིད་མི་འགལ་ལོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་རམ། ལྕི་བ་ཉིད་ལས་བུལ་བ་དང་། མྱུར་བ་དང་།

ཆེས་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ཏུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། འདུ་བྱེད་བཀག་ཟིན་པའི་ཕྱིར་དང་། ལྕི་བ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་ལྟུང་བའི་དུས་ཀྱི་བྱེ་བྲག་མི་འཐད་དོ། །གལ་ཏེ་རྡོ་རྗེ་ལ་སོགས་པ་དག་ལ་ཡང་སྔ་མ་ལས་སྐད་ཅིག་མ་ཕྱི་མ་མི་འདྲ་བར་སྐྱེ་

ན། ཁྱད་པར་དེ་ཅིའི་ཕྱིར་མི་འཛིན་ཅེ་ན། དེའི་ཕྱིར། འདུ་བྱེད་རྣམས་ནི་བྱེ་བྲག་གི་ཁྱད་པར་མཚར་ཅིག་མེད་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདུ་བྱེད་གང་དག་ཁྱད་པར་ཏེ་བྱེ་བྲག་རགས་པ་མེད་ཅིང་། ཕྲ་བ་ཡོད་པ་དེ་དག་ནི་ཁྱད་པར་མེད་པ་ཁོ་ནར་འཛིན་གྱི་ཁྱད་པར་དུ་ནི་

མ་ཡིན་ཏེ། ཕྲ་བའི་ཕྱིར་རོ། །དེའི་ཕྱིར། དེ་དག་འདྲ་བ་ཞིག་ཏུ་སྣང་སྟེ་མཚེ་མ་བཞིན་ནོ། །འོ་ན་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མ་ཕྱི་མ་སྔ་མ་ལས་བྱེ་བྲག་ཏུ་གྱུར་པ་གནས་པ་བཞིན་དུ་འགྱུར་བ་ཉིད་ཡིན་ན། རྒྱུན་འཆད་པའི་དུས་

དང་། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན། གང་གི་བྱེ་བྲག་སྔ་མའི་གནས་པ་གཞན་དུ་འགྱུར་བ་ཉིད་དུ་རྣམ་པར་གཞག་པ་སྒྲ་དང་མེ་ལྕེའི་སྐད་ཅིག་མ་དང་། སྐྱེ་མཆེད་དྲུག་གི་སྐད་ཅིག་མ་ལས་སྐད་ཅིག་མ་གཞན་མཚམས་སྦྱོར་བ་མ་ཡིན་ཏེ། དེ་ལྟར་ན་སྒྲ་དང་མེ་ལྕེའི་སྐད་

ཅིག་མ་ཐ་མ་དག་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་སྐྱེ་མཆེད་དྲུག་གི་སྐད་ཅིག་མ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་མེད་པའི་ཕྱིར། མཚན་ཉིད་རྣམ་པར་གཞག་པ་འདུ་བྱེད་ཐམས་ཅད་ལ་མ་ཁྱབ་པ་ཅན་དུ་འགྱུར་རོ། །འདུས་བྱས་ཀྱི་མཚན་ཉིད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་

เล่ม ๑๔๔ · หน้า 186a

ལ། འདུས་བྱས་ཀྱི་མཚན་ཉིད་ཀྱི་མདོ་ལས་གནས་པ་ཁོ་ན་མཚན་ཉིད་དུ་མ་བརྗོད་དེ། འོ་ན་ཅི་ཞེ་ན། གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ཏེ། གནས་པ་སྐད་ཅིག་མ་ཕྱི་མ་རྗེས་སུ་འབྲེལ་པའི་མཚན་ཉིད་ཅན་གྱི་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་

སྐད་ཅིག་གང་ལ་གནས་པ་འབྲས་བུའི་མཚན་ཉིད་ཅན་ཡིན་པ་དེ་ལ་ནི་གནས་པ་དེ་ཡོད་དང་གདོན་མི་ཟ་བར་གནས་པ་གཞན་དུ་འགྱུར་བ་མི་འདྲ་བ་ཉིད་ཀྱང་ཡོད་མོད་ཀྱི། གང་ལ་གནས་པ་མེད་པ་དེ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་མེད་དེ། དཔེར་ན་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་

དག་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཚེའི་སྐྱེ་མཆེད་དྲུག་གི་སྐད་ཅིག་མ་བཞིན་ནོ། །དེ་ལྟར་ན་གང་ལ་གནས་པ་མེད་པ་དེའི་མཚན་ཉིད་ནི་སྐྱེ་བ་དང་འཇིག་པ་གཉིས་ཁོ་ན་ཡིན་ནོ་ཞེས་བསྟན་པར་འགྱུར་བས་རྣམ་པར་གཞག་པ་ཉམས་པ་མེད་དོ། །གལ་ཏེ་གནས་བཞིན་པ་ལ་གཞན་དུ་འགྱུར་བ་

ཉིད་མེད་ན་ནི་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པ་ཅན་དུ་འགྱུར་བ་ཞིག་གོ། །སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་རྣམས་ཀྱང་གནས་པ་ཞེས་བྱ་བ་རྒྱུན་གྱི་ཁོངས་སུ་འདུ་བའི་ཕྱིར་ལ། དེ་ལ་གཞན་དང་གཞན་དུ་འགྱུར་བའི་ཡོད་པའི་ཕྱིར་མཚན་ཉིད་གསུམ་ཆར་ཡང་སྲིད་དོ་ཞེས་བསྟན་པའི་ཕྱིར་ཡང་མདོར་

ན་བཅོམ་ལྡན་འདས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་སྐད་བཤད་པའི་ཚུལ་བཞིན་དུ་མཚན་ཉིད་རྣམ་པར་གཞག་པ་བརྗོད་པར་བྱའོ། །ད་ནི་ཇི་ལྟར་ན་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ཁོ་ན་མ་བྱུང་བ་ལས་བྱུང་བ་དང་། བྱུང་

ནས་ཡང་མི་འབྱུང་བ་དང་། རྒྱུ་ལས་འབྲས་བུ་རིགས་མི་འདྲ་བ་སྐྱེ་བ་ཞེས་བྱ་བ་གཞན་དུ་འགྱུར་བ་ཉིད་ཡིན་ན་མཚན་ཉིད་ཀྱི་གཞིའི་ཆོས་གང་ཡིན་པ་དེ་ནི་རང་གི་བདག་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་ན་དེ་ནི་འཐད་པ་ཡང་མ་ཡིན་ཏེ། གཞན་གྱིས་གཞན་མཚོན་པར་བྱེད་པའི་

ཕྱིར་ཏེ། མེ་དང་དུ་བ་བཞིན་ནོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་གཞིའི་ཆོས་གང་ཡིན་པ་དེ་ཉིད་དེའི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། རེ་ཞིག་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་ཆེན་པོ་དང་བ་ལང་ནི་ཚོགས་པའི་བདག་ཉིད་ཡིན་ཞིང་། སྐྱེས་བུ་ཆེན་པོའི་

เล่ม ๑๔๔ · หน้า 186b

མཚན་ཉིད་རྣམས་དང་། ལྐོག་ཤལ་ལ་སོགས་པ་དག་ནི་ཚོགས་པ་ཅན་གྱི་རང་བཞིན་ཡིན་ལ། བྱེ་བྲག་པ་རྣམས་ཀྱི་ལྟར་ཚོགས་པ་ཅན་རྣམས་ཚོགས་པ་ལས་གཞན་ཉིད་ཀྱང་མ་ཡིན་མོད་ཀྱི། འོན་ཀྱང་གཞན་ཉིད་མེད་ཀྱང་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོ་ཉིད་དང་། བ་ལང་

གི་བ་ལང་ཉིད་ཀྱི་མཚན་ཉིད་ཡིན་ནོ། །སྐྱེས་བུ་ཆེན་པོ་ནི་མཚན་ཉིད་ཙམ་ཞིག་ཀྱང་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་ཚོགས་པ་ཙམ་ཞིག་ཡིན་ན་ནི་མ་བྱུང་བ་ལས་བྱུང་ཞིང་། བྱུང་ནས་ཀྱང་མེད་པར་འགྱུར་ལ། ཆོས་ཀྱང་སྐྱེ་བ་འམ་འགགས་པ་ན་འཁོར་དང་བཅས་པ་སྐྱེ་བ་འམ་འགགས་

པར་འགྱུར་ཏེ། དཔེར་ན་སེམས་དང་སེམས་ལས་བྱུང་བ་དང་། འབྱུང་བ་དག་དང་། འབྱུང་བ་ལས་གྱུར་པ་ལྷན་ཅིག་སྐྱེ་ཞིང་འགག་པ་བཞིན་ནོ། །དེའི་ཕྱིར་ཇི་ལྟར་སྐྱེས་བུ་ཆེན་པོའི་མཚན་རྣམས་སྐྱེས་བུ་ཆེན་པོའོ་ཞེས་བྱ་བ་དག་དང་། སྐྱེས་བུ་ཆེན་པོའི་མཚན་ཞེས་བྱ་བ་དག་

ཏུ་འགྱུར་བ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཀྱང་འདུས་བྱས་དང་། འདུས་མ་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་སྟེ། སྐྱེ་བ་ལ་སོགས་པའི་མཚན་ཉིད་གནས་སྐབས་ཀྱི་ཁྱད་པར་གྱིས་ནི་ཆོས་དེ་མཚོན་པར་བྱེད་པའི་ཕྱིར་རོ། །སའི་ཁམས་ལ་སོགས་པའི་མཚན་ཉིད་སྲ་བ་ཉིད་ལ་སོགས་

པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དཔེ་འདི་ནི་གཉིས་ལ་གྲགས་པ་ཡིན་ཏེ། སའི་ཁམས་ནི་སྲ་བའི་མཚན་ཉིད་ཅན་ནོ་ཞེས་བརྗོད་ལ། སྲ་བ་སའི་ཁམས་ལས་གཞན་པ་ཡང་མ་ཡིན་པ་དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །སའི་ཁམས་དེ་ཉིད་སྲ་བས་མཚོན་པ་ན་

སྲ་བ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདུས་བྱས་དེ་ཉིད་མ་བྱུང་བ་ལས་བྱུང་ཞིང་། བྱུང་ནས་ཀྱང་མེད་པས་མཚོན་པ་ན་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་སྟེ། མཚོན་པར་བྱ་བས་ན་མཚན་ཉིད་དོ། །གཞན་ཡང་ཇི་ལྟར་གྱེན་དུ་འགྲོ་བ་ཞེས་བྱ་བ་ལ། གྱེན་དུ་འགྲོ་བ་ནི་བར་ཆད་མེད་པར་

ཡུལ་གོང་མར་སྐྱེ་བའོ། །དེ་ནི་དེ་ལས་ཀྱང་མི་གཞན་པ་ལྟར་ཞེས་བྱ་བ་ལ། གྱེན་དུ་འགྲོ་བ་དེའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་དུ་བ་ལས་སོ། །ཆོས་མངོན་པ་པ་སྐད་ཅིག་མར་སྨྲ་བའི་ལྟར་ན་ནི་དུ་བའི་གྱེན་དུ་འགྲོ་བ་གཞན་ཡོད་པ་མ་ཡིན་གྱི། དེ་ཉིད་གྱེན་ལ་ཡུལ་གཞན་དག་ཏུ་སྐྱེ་བ་ན་གྱེན་

เล่ม ๑๔๔ · หน้า 187a

དུ་འགྲོ་བ་ཞེས་བྱ་བ་འཐོབ་ཅིང་། དེ་ལས་གྱེན་དུ་འགྲོ་བ་ཐ་དད་པ་ལྟར་མངོན་པ་དེ་བཞིན་དུ་སྐྱེ་བ་དང་། འཇིག་པ་དང་། གཞན་དུ་འགྱུར་བ་ཉིད་ཀྱང་དེ་ལས་ཐ་དད་པ་ལྟ་བུར་མངོན་ནོ། །འདིར་ཡང་ཚུལ་དེ་ཉིད་ཡིན་ཏེ། མེ་དང་དུ་བའི་ཚུལ་ནི་མ་ཡིན་ནོ། །འདི་ལྟར་སྐྱེ་

བ་ལ་སོགས་པ་དག་ཀྱང་འདུས་བྱས་ལས་གཞན་མ་ཡིན་མོད་ཀྱི། འོན་ཀྱང་འདུས་བྱས་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ། །འདུས་བྱས་གཟུགས་ལ་སོགས་པ་རྣམས་ནི་ཇི་སྲིད་དུ་དེ་དག་སྔ་ན་མེད་པ་ལ་སོགས་པ་དག་ཏུ་མི་ཤེས་པ་དེ་སྲིད་དུ་འདུས་བྱས་ཉིད་དུ་མ་ངེས་ཏེ། འདི་

ལྟར་སྒྲའི་རང་གི་ངོ་བོ་རྟོགས་ཀྱང་རྟག་པར་སྨྲ་བ་རྣམས་ཀྱིས་སྒྲ་འདུས་མ་བྱས་སུ་རྟོགས་པ་ཡིན་ནོ། །ཇི་སྲིད་དུ་སྔ་ན་མེད་པ་དང་། ཕྱིས་མེད་པ་མི་ཤེས་པ་ན་སྟེ། ཅི་ཞེ་ན། རང་གི་ངོ་བོ་ཞེས་སྐབས་དང་སྦྱར་རོ། །ཕྱིས་མེད་པ་ནི་ཞིག་ནས་མེད་པའོ། །རྒྱུན་གྱི་བྱེ་བྲག་ནི་གཞན་དུ་འགྱུར་བ་

ཉིད་དོ། །དེ་ལྟར་ན་འདིར་མཚན་ཉིད་གསུམ་དག་བཤད་པར་འགྱུར་ཏེ། འདིར་གཟུགས་ལ་སོགས་པ་ནི་ཆོས་ཅན་ནོ། །རྒྱུ་དང་རྐྱེན་ལ་རག་ལས་ཏེ། བདག་ཉིད་ཐོབ་པ་ཉིད་ནི་འདུས་བྱས་ཉིད་དོ། སྔ་ན་མེད་པ་དང་། ཞིག་ནས་མེད་པ་དང་། གཞན་དུ་གྱུར་པ་ཉིད་དག་ནི་མཚན་ཉིད་

ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །འདིར་བསྟན་བཅོས་མཁན་པོས་སློབ་དཔོན་ཉིད་ཀྱི་ཤིང་རྟའི་གཅིག་པ་ཉིད་ཀྱི་ཕྱོགས་གྱི་ཚིག་ཁྱད་དུ་བསད་ནས་མཚན་ཉིད་རྣམས་བརྗོད་དུ་མེད་པ་ཉིད་ཁས་བླངས་ཏེ། བཏགས་པར་ཡོད་པ་མཐའ་དག་གི་མཚན་ཉིད་འདི་ཡིན་ཏེ།

འདི་ལྟ་སྟེ། འདི་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། དེ་ལྟ་བས་ན་དེ་ཉིད་ཀྱིས་དེ་མཚོན་པ་ཡང་མ་ཡིན་ལ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་འདུས་བྱས་ཉིད་ཀྱིས་སོ། །དེ་ཞེས་བྱ་བ་ནི་འདུས་བྱས་ཉིད་ཀྱིས་ཡིན་པར་མཚོན་པའོ། །འོ་ན་ཅི་ཞེ་ན།

སྔ་ན་མེད་པ་ལ་སོགས་པས་དེ་འདུས་བྱས་ཉིད་དུ་མཚོན་པར་བྱེད་དེ། དེ་དག་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་ལ། གཟུགས་ལ་སོགས་པའི་རང་བཞིན་ཉིད་ཡིན་ན་ཡང་དེ་དག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་དག་ལས་སྐྱེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་

เล่ม ๑๔๔ · หน้า 187b

པ་ལ། གཟུགས་ལ་སོགས་པ་དག་ལས་རྫས་གཞན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། སྐྱེ་བ་ལ་སོགས་པ་རྣམས་བཏགས་པར་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། རྒྱུན་གྱི་དབང་པོའང་སྐྱེ་བ་ཡིན། །ཞེས་རྒྱས་པར་བཤད་དོ། །ཅིར་འགྱུར་ཞེས་བྱ་བ་ནི་ལུང་ངམ་རིགས་པ་དང་འགལ་

སྙམ་དུ་བསམས་སོ། །དེ་དག་ནི་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་ལ། སྐྱེ་བ་ལ་སོགས་པ་དག་ཆོས་དང་ལྷན་ཅིག་འབྱུང་བ་ཉིད་དུ་ཁས་བླངས་པའི་ཕྱིར་བྱ་བ་ཡོད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར། ཆོས་གཅིག་ཏུ་ཞེས་བྱ་བ་ལ། ཆོས་དང་པོར་སྐྱེ་བར་འགྱུར་ཞིང་། དེ་

ནས་གནས་པ་དང་། དེ་ནས་རྒ་བ་དང་། དེ་ནས་འཇིག་པ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ན་དུས་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། ཞིག་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། བྱ་བའི་དུས་ཐ་དད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་གཅིག་ཏུ་སྐྱེ་བ་ལ་

སོགས་པར་འགྱུར་མོད་ཀྱི། འོན་ཀྱང་དེ་དག་གི་བྱ་བའི་དུས་ཐ་དད་དེ། གང་གི་ཕྱིར་སྐྱེ་བ་མ་འོངས་པ་ཆོས་མ་འོངས་པ་ལ་བྱ་བ་བྱེད་དོ། །འདི་ལྟར་མ་སྐྱེས་པ་བསྐྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ལ་རྒྱུ་སྨྲས་པའོ། །གང་གི་ཕྱིར་སྐྱེ་བའི་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་གྱི། སྐྱེས་ཟིན་

པ་ལ་ཡང་སྐྱེད་པར་ནི་མི་ནུས་ཏེ། དེའི་ཕྱིར་སྐྱེ་བ་མ་འོངས་པ་ཁོ་ནས་ཆོས་མ་འོངས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་མི་འགལ་ལོ། །ད་ལྟར་གྱི་གནས་སྐབས་སུ་ནི་བྱ་བ་གཞན་ཞིག་པར་འགྱུར་རོ། །སྐྱེས་ཟིན་པའི་ཆོས་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་སྐྱེས་པ་ནི་གནས་པ་

དང་། རྒ་བ་དང་། གཞིག་པར་ནུས་ཀྱི་མ་སྐྱེས་པ་ནི་མ་ཡིན་ཏེ། དེའི་ཕྱིར། སྐྱེས་ཟིན་པའི་ཆོས་ལ་གནས་པ་ལ་སོགས་པ་ད་ལྟར་བ་བྱ་བ་བྱེད་དོ། །དེའི་ཕྱིར། གང་གི་ཚེ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རེ་ཞིག་འདིར་ཅི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མ་

འོངས་པ་ནི་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དེ་མེད་ན་ཇི་ལྟར་སྐྱེ་བ་མ་འོངས་པ་ཡོད་པ་མ་ཡིན་པས་བསྐྱེད་པར་བྱ་བ་སྐྱེད་པར་འགྱུར་སྙམ་དུ་བསམས་པའོ། །མ་འོངས་པ་དེ་རྫས་སུ་ཡོད་དུ་ཆུག་ན་ཡང་སྐྱེ་བ་བྱ་བ་མེད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱ་བ་མ་ཐོབ་པ་ནི་མ་འོངས་པ་

เล่ม ๑๔๔ · หน้า 188a

ཡིན་པར་འདོད་ལ། བྱ་བ་བྱེད་བཞིན་པ་ནི་ད་ལྟར་བའོ། །བྱ་བ་ཞིག་པ་འདས་པ་ཡིན་ནོ་ཞེས་དེ་ལྟར་དུས་རྣམ་པར་གནས་པ་ཡིན་དང་། སྐྱེ་བ་བྱ་བ་བྱེད་ན་ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར་ཏེ། མ་འོངས་པའི་དུས་ནི་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་མི་འགྲུབ་པ་ཉིད་

དོ་སྙམ་དུ་བསམས་པའོ། །གལ་ཏེ་རྫས་སུ་ཡོད་པའི་བྱ་བ་བྱེད་བཞིན་པ་མ་འོངས་པ་ཡིན་ན་ནི་མ་འོངས་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །བྱུང་བ་ཡང་བྱ་བ་ཞིག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱ་བ་ཞིག་པ་ནི་འདས་པ་ཡིན་པར་འདོད་ན། གལ་ཏེ་ད་ལྟར་བའི་

གནས་སྐབས་སུ་སྐྱེ་བ་བྱ་བ་ཞིག་པ་ཡིན་ན་ཡང་འདས་པ་ཡིན་པར་འགྱུར་གྱི། ད་ལྟར་བ་ནི་མ་ཡིན་ནོ། །གནས་པ་ལ་སོགས་པ་ཡང་ཅིག་ཅར་བྱ་བ་ལ་འཇུག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་ཟིན་པའི་ཆོས་ལ་ད་ལྟར་བ་གནས་པ་ལ་སོགས་པ་རྣམས་བྱ་བ་བྱེད་པར་

ཁས་བླངས་པས་དེ་དག་ཅིག་ཅར་བྱ་བ་ལ་འཇུག་པར་ཁས་བླངས་པར་འགྱུར་རོ། །དེའི་ཕྱིར་སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་ཐམས་ཅད་དུ་འགྱུར་རོ། །འདི་གང་གི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་དང་རྒ་བ་དང་འཇིག་པའི་བྱ་བ་དག་ནི་ཕན་ཚུན་འགལ་བའི་ཕྱིར་ཏེ། ཆོས་

ལ་གནས་པ་ཡང་ཡིན་ལ་འཇིག་པ་ཡང་ཡིན་ནོ་ཞེས་བྱ་བར་ནི་རྣམ་པར་གཞག་པར་མི་རིགས་སོ། །འདི་ཅི་དུས་དེར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ལ་སོགས་པ་རྣམས་ཕན་ཚུན་འགལ་བའི་ཕྱིར་ད་ལྟར་བ་ལ་ཡང་བྱ་བ་མེད་དོ་སྙམ་དུ་བསམས་སོ། །གང་སྐྱེ་བ་ལ་སོགས་

པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་པ་མི་སྐྱེད་པ་དེ་བཞིན་དུ་མི་གནས་པ་མི་རྒ་ལ། མ་རྒས་པས་མི་འཇིག་པ་དེའི་ཕྱིར། གནས་པ་ལ་སོགས་པ་རྣམས་ཀྱང་བྱ་བ་རིམ་གྱིས་བྱེད་དོ་ཞེས་ཟེར་བ་དེའི་ལྟར་ན་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །སྐད་ཅིག་མ་ཞེས་

བྱ་བ་ནི་དུས་ཐམས་ཅད་པས་ཆུང་བ་ཡིན་ན་འདིར་ནི་གནས་པ་དང་། རྒ་བའི་དུས་དག་ཏུ་མི་འཇིག་པའི་ཕྱིར་སྐད་ཅིག་མ་གསུམ་དུ་གནས་པས་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །འོན་ཏེ་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མ་ནི་དུས་ཇི་ཙམ་གྱིས་སྐྱེ་བ་དང་།

เล่ม ๑๔๔ · หน้า 188b

གནས་པ་དང་། རྣམ་པར་འགྱུར་བ་དང་། འཇིག་པ་རྣམས་རྫོགས་པར་འགྱུར་བའི་དུས་དེ་ལ་བརྗོད་ཀྱི། སྐྱེས་མ་ཐག་ཏུ་འཇིག་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྷན་ཅིག་འབྱུང་བ་རྣམས་ནི་རིམ་གྱིས་བྱ་

བ་བྱེད་པར་མི་རུང་སྟེ། སྔོན་དང་ཕྱིས་ཁྱད་པར་མེད་པའི་ཕྱིར་དང་། ལྷན་ཅིག་བྱེད་པའི་རྐྱེན་ཁྱད་པར་མེད་པའི་ཕྱིར་རོ། །དེར་ཡང་སྔར་གནས་པས་བྱ་བ་བྱེད་ཀྱི། རྒ་བ་དང་མི་རྟག་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། གནས་པ་སྟོབས་དང་ལྡན་པའི་

ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་སྨྲས་པ་སྟེ། དེ་ནི་སྟོབས་དང་ལྡན་པའི་ཕྱིར་རྒ་བ་དང་མི་རྟག་པ་ཉིད་དག་གི་བྱ་བ་ལ་གེགས་བྱས་ནས་རང་གི་བྱ་བ་བྱེད་དོ། །ཕྱིས་ཅིའི་ཕྱིར་སྟོབས་དང་མི་ལྡན་པ་ཉིད་དུ་འགྱུར་ཞེས་བྱ་བ་ལ། གང་ལས་འདི་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་འཇོམས་པར་

འགྱུར་བ་གནས་པ་ཕྱིས་སྟོབས་ཆུང་བའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གནས་པ་ལ་སོགས་པ་རྣམས་ཀྱི་བྱ་བ་ནི་སྐྱེས་མ་ཐག་ཏུ་ལྷན་ཅིག་ཏུ་ཡོད་པར་འགྱུར་བའམ། གལ་ཏེ་སྟོབས་དང་ལྡན་པའི་བྱ་བ་སྔར་འདོད་ན་མི་རྟག་པ་ཉིད་ཀྱི་བྱ་བ་ཁོ་ན་ཡིན་པར་འགྱུར་རོ། །བྱ་བ་བྱས་པས་ཞེས་བྱ་བ་

རྒྱས་པར་འབྱུང་བ་ལ། འདིས་ནི་སྟོབས་དང་མི་ལྡན་པ་ཉིད་ཀྱི་རྒྱུ་སྨྲས་པ་སྟེ། བྱ་བ་མ་བྱས་པའི་གནས་པ་ནི་རྒ་བ་དང་མི་རྟག་པ་ཉིད་དག་པས་སྟོབས་དང་ལྡན་པའི་ཡིན་གྱི། བྱ་བ་བྱས་པས་ནི་ཡང་བྱ་བ་བྱེད་པར་མི་ནུས་ཏེ། སྐྱེ་བ་བཞིན་ནོ། །དེའི་ཕྱིར་ཕྱིས་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་

འཇིག་པར་འགྱུར་རོ། །སྐྱེ་བས་ནི་མི་ནུས་པར་རིགས་ཏེ་ཞེས་བྱ་བ་འདིས་ནི་དཔེ་དོན་དང་ཆོས་མི་མཐུན་པར་སྟོན་པར་བྱེད་དོ། །སྐྱེ་བས་ནི་ད་ལྟར་བ་ཉིད་དུ་ཁྱེར་ཏེ། འོངས་ནས་ཡང་བཀུར་བར་མི་ནུས་སོ། །དེའི་ཕྱིར་འདིར་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་ལ་ནུས་པ་མེད་པའི་རིགས་སོ། །གནས་

པ་བྱ་བ་བྱས་པ་ཟིན་པ་ཉིད་ཡང་བྱ་བ་མི་བྱ་བ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གནས་པས་ནི་གནས་པར་བྱ་བ་ཡང་གནས་པར་བྱ་བར་ཡང་ནུས་པའི་ཕྱིར་རོ། །ཡང་ན་འདི་ལ་གེགས་བྱེད་པ་ཡང་གང་ཞིག་ཡིན་ཞེས་བྱ་བ་ལ། གལ་ཏེ་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་ལ་གེགས་བྱེད་པ་འགའ་

เล่ม ๑๔๔ · หน้า 189a

ཞིག་ཡོད་ན་ནི་བྱ་བ་མི་བྱེད་པར་འགྱུར་བ་ཞིག་ན། གེགས་བྱེད་པ་ནི་ཡོད་པ་ཡང་མ་ཡིན་ནོ། གེགས་བྱེད་པ་ཡོད་དེ། རྒ་བ་དང་མི་རྟག་པ་དེ་དག་ཁོ་ན་ཡིན་ནོ། །འདི་ལྟར་སྟོབས་ཆུང་བའི་གེགས་བྱེད་པ་ནི་སྟོབས་ཆེ་བ་ཡིན་ནོ། །གལ་ཏེ་གནས་པ་བས་སྟོབས་དང་ལྡན་པ་

ཞིག་ཡིན་ན་ནི་སྔོན་ཁོ་ནས་གནས་པ་རང་གི་བྱ་བ་མི་བྱེད་པར་འགྱུར་ཏེ། དེ་དག་གིས་གེགས་བྱས་པའི་ཕྱིར་རོ། །གནས་པ་སྔོན་སྟོབས་དང་ལྡན་པ་ཡིན་ལ། ཕྱིས་སྟོབས་དང་མི་ལྡན་ནོ་ཞེས་བྱ་བ་འདི་ཡང་དད་པར་བྱེད་པ་དཀའ་བ་ཞིག་གོ། །དེ་ལྟར་ན་རྒ་བ་དང་མི་རྟག་པ་དག་ཀྱང་སྔར་སྟོབས་

དང་མི་ལྡན་ལ། ཕྱིས་སྟོབས་དང་ལྡན་ནོ་ཞེས་བྱ་བར་རྟོགས་པར་མི་ནུས་སོ། །གནས་པའི་བྱ་བ་ལོག་ན་ཡང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ནི་མི་གནས་པ་དང་འགལ་བའི་སྒོ་ནས་ཡིན་ནོ། །གནས་པའི་བྱ་བ་ཞིག་ན་ཡང་རྒ་བ་དང་མི་རྟག་པ་ཉིད་དག་ཀྱང་མི་གནས་ལ།

རྒ་བ་དང་མི་རྟག་པ་ཉིད་དག་གང་གི་ཡིན་པའི་ཆོས་དེ་ཡང་མི་གནས་སོ། །དེ་དག་ནི་གནས་པས་བྱ་བ་ཡོངས་སུ་བཟུང་བས་གནས་པ་ཡིན་ཞིང་། དེ་ཞིག་པས་དེ་དག་ངེས་པར་མི་གནས་པ་ཡིན་པས་ཇི་ལྟར་བདག་ཉིད་མི་གནས་པའི་རྒ་བ་མི་རྟག་པ་དག་གིས་བྱ་བ་བྱེད་ནུས་པར་འདོད། ཆོས་

མི་གནས་པ་ནི་འགག་པ་ཉིད་ཡིན་ན་དེ་འགགས་ན་ནི་དེ་གང་ཞིག་ལ་བྱ་བ་བྱེད་པར་ནུས་པར་འདོད། ཡང་ན་རྒ་བ་དང་མི་རྟག་པ་ཉིད་དེ་དག་གིས་ཅི་ཞིག་བྱ་བ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། གནས་པ་ཡོངས་སུ་བཟུང་བའི་ཕྱིར། །ཞེས་བྱ་

བ་སྨོས་ཏེ། གནས་པ་ཡོངས་སུ་བཟུང་བའི་ཕྱིར་ཆོས་སྐྱེས་པ་ཙམ་དེ་མ་ཞིག་པ་ཡིན་ནོ། །དེ་གནས་པ་དེས་ཡལ་བར་བཏང་ན་ནི་ཞེས་བྱ་བ་ལ། གནས་པར་མ་བྱས་པ་ནི་ངེས་པར་རང་གི་ངང་ཁོ་ནས་མི་གནས་པ་ཡིན་ནོ། །དེ་ཉིད་འདིའི་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་མི་གནས་པ་གང་ཡིན་

པའོ། །རེ་ཞིག་ཆོས་སྐྱེས་པ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་པ་ལ་མི་འཇིག་པ་མེད་དོ་ཞེས་བྱ་བ་ཁས་མ་བླངས་པར་བརྗོད་པར་བྱའོ། །གཅིག་ལ་རྒ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒ་བ་ཞེས་བྱ་བ་ནི་འཇིག་པ་དང་མཐུན་པ་སྐྱེས་པའི་གནས་སྐབས་གཞན་དུ་འགྱུར་

เล่ม ๑๔๔ · หน้า 189b

ཞིང་རྣམ་པར་འགྱུར་བ་ཡིན་ནོ། །དེ་ཉིད་ལས་དེའི་རྣམ་པ་གཞན་དུ་ནི་རུང་བ་མ་ཡིན་ནོ། །གལ་ཏེ་འདི་དེ་ཁོ་ན་ཡིན་ན་ཇི་ལྟར་གཞན་དུ་འགྱུར་བ་ཡིན་ལ། གཞན་དུ་འགྱུར་བ་ཡིན་ན་ཇི་ལྟར་དེ་ཁོ་ན་ལྟར་ཡིན་ཏེ། དེ་ཁོ་ན་བཞིན་དང་། གཞན་དུ་འགྱུར་བ་ཞེས་བྱ་བ་འདི་ནི་འགལ་ལོ། །དེ་བཞིན་ན་ནི་ཞེས་

བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པ་དེ་ལྟ་བུ་དང་། དེ་ལྟ་བུའི་རང་བཞིན་ལས་མ་ཉམས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འོ་ན་རྒ་བ་མི་འགྲུབ་པོ། །གཞན་ཡང་འགྱུར་ན་དེ་བཞིན་ཉིད་དེ། ལྷ་སྦྱིན་དང་མཆོད་སྦྱིན་གཉིས་བཞིན་ནོ། །དེ་ལྟ་བས་ན་དངོས་པོ་སྐད་ཅིག་མ་གཅིག་ལ་རྒ་བ་

ཞེས་བྱ་བ་མི་འཐད་དེ། འོ་ན་ཅི་ཞེ་ན། རྒྱུན་ཁོ་ན་ལ་འཐད་དོ། །གང་ཡང་སྡེ་པ་གཞན་དག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པའི་ཕྱིར་ལ། གནས་པ་ནི་རྒྱུ་གཞན་ལ་མི་ལྟོས་པར་གནས་པར་བྱེད་པ་དེའི་ཕྱིར་གནས་པ་དང་མི་རྟག་

པ་ཉིད་ཀྱི་བྱ་བ་དུས་ཐ་དད་དོ་ཞེས་ཟེར་རོ། །འཇིག་པའི་རྒྱུ་དེ་ཉིད་ཀྱིས་འཇིག་ན་ཞེས་བྱ་བ་ལ། འཇིག་པའི་རྒྱུ་ཡོད་ན་འཇིག་པའི་ཕྱིར་དད་དེ་མེད་ན་མི་འཇིག་པའི་ཕྱིར་ལ། མི་རྟག་པ་ཉིད་ཀྱིས་ནི་དེ་ཡོད་པ་མ་ཡིན་པས་མི་རྟག་པ་ཉིད་དོན་མེད་པར་བརྟགས་པ་ཡིན་ཏེ། འཇིག་པའི་རྒྱུ་ལྟར་དེ་ལ་

འཇིག་པར་བྱ་བ་ལ་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ལྷ་དང་འཁྲུ་བ་དག་ལ་ཡང་བརྗོད་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མ་ཉིད་དུ་ཁས་བླངས་པས་དེ་དག་གི་མི་རྟག་པ་ཉིད་ཅེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དག་གི་མི་རྟག་པ་ཉིད་འཇིག་

པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་ན། རང་ཉིད་འཇིག་པའི་ཕྱིར་འཇིག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་སྐད་ཅིག་མ་ཉིད་ཡིན་པ་ལ་གནོད་པར་འགྱུར་རོ། །དེའི་ཕྱིར་གནས་པ་དང་མི་རྟག་པ་དག་དུས་ཐ་མི་དད་པར་བྱ་བ་བྱེད་པར་ཐལ་བར་འགྱུར་བས། སེམས་དང་སེམས་ལས་བྱུང་བ་

རྣམས་དུས་གཅིག་ཏུ་གནས་པ་དང་། འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུན་ལ་འདུས་བྱས་ཀྱི་མཚན་ཉིད་འདི་དག་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་ན་མདོ་སྡེ་འདི་ཞེས་བྱ་བ་ལ། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ་ཞེས་རྒྱས་པར་གང་གསུངས་

เล่ม ๑๔๔ · หน้า 190a

པ་ལེགས་པར་དྲངས་པར་འགྱུར་རོ། །སྐྱེ་བ་ལ་སོགས་པ་རྣམས་རྒྱུན་ལ་འགལ་བ་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་འདི་དག་རྒྱུན་ལ་བཤད་པ་དེ་ལྟར་ན་ལེགས་པར་དྲངས་པར་འགྱུར་གྱི། སྐད་ཅིག་གི་དབང་དུ་བྱས་ནས་བཤད་ན་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་

པའི་ཚུལ་དང་འགལ་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་མ་འོངས་པའི་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་སྐྱེ་བ་དང་ལྡན་པའི་ཕྱིར་དང་། མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་འདྲི་བའོ། །རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་ལ་མི་ལྟོས་པར་སྐྱེ་བ་བསྐྱེད་

པར་བྱ་བའི་སྐྱེད་པར་བྱེད་པར་མི་འདོད་ལ། མ་འོངས་པ་ཐམས་ཅད་ལ་ཡང་རྒྱུ་དང་རྐྱེན་གྱི་ཚོགས་པ་ཅིག་ཅར་ཡོད་པ་མ་ཡིན་ཞིང་། གང་ཡང་རུང་བ་ཞིག་མེད་པར་ཡང་འབྲས་བུ་སྐྱེ་བར་མི་འགྱུར་བས། མ་འོངས་པ་ཐམས་ཅད་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །སྐྱེ་བ་ནི་གདོན་མི་ཟ་བར་རང་གི་

སྡེ་དང་རིགས་མཐུན་པའི་རྒྱུར་སྔར་སྐྱེས་པ་དང་། ཕྱི་རོལ་གྱི་རྐྱེན་གྱི་ཚོགས་ལ་ལྟོས་པ་ཡིན་ཏེ། དཔེར་ན་མྱུ་གུའི་སྐྱེ་བ་ས་བོན་དང་། ཞིང་ལ་སོགས་པ་རྣམས་ལ་ལྟོས་པ་བཞིན་ནོ། །འོ་ན་ནི་ཚོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསྐྱེད་པར་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་

ཡོད་ན་ནི་འབྱུང་ལ། མེད་ན་མི་འབྱུང་བས་རྒྱུ་དང་རྐྱེན་ཁོ་ནའི་མཐུ་ཡིན་པར་ངེས་པར་གཟུང་གི །སྐྱེ་བ་ནི་མ་ཡིན་ནོ། །ཅི་ཞེ་ན། མཐུ་ཡིན་པར་བལྟ་བར་མི་བྱའོ་ཞེས་བྱ་བའི་སྐབས་ཡིན་ཏེ། དེ་ཡོད་ཀྱང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །ཆོས་ཀྱི་རང་བཞིན་ཕྲ་མོ་དག་ཡོད་བཞིན་

དུ་ཡང་ཞེས་བྱ་བ་ལ། དཔེར་ན་སེམས་ལས་བྱུང་བ་རེག་པ་ལ་སོགས་པ་བཞིན་ནོ། །ཆོས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆོས་ཀྱི་ངོ་བོ་ཉིད་དོ། །ཡོངས་སུ་གཅད་པར་དཀའ་བའི་ཕྱིར་ན་ཕྲ་མོ་དག་སྟེ། ཆོས་ནི་མི་སྣང་ཡང་བྱ་བའི་སྒོ་ནས་ངེས་ན། སྐྱེ་བའི་བྱ་བ་ཉིད་མ་ངེས་སོ། །རེག་

པའི་བྱ་བ་ནི་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་ནི་རེག་པ་ལ་བརྟེན་ནས་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་ནི་བྱ་བ་གཞན་བསྟན་པའི་ཕྱིར། སྐྱེ་བ་ཞིག་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅིའི་

เล่ม ๑๔๔ · หน้า 190b

ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་གཟུགས་སོ་ཞེས་སྙམ་པའི་ཤེས་པ་ནི་རང་གི་མཚན་ཉིད་ལ་ལྟོས་པ་ཡིན་ན། སྐྱེས་ཞེས་བྱ་བའི་ཤེས་པ་ནི་རང་གི་མཚན་ཉིད་ལ་ལྟོས་པ་ཡིན་པར་མི་འོས་ཏེ། ཚོར་བ་ལ་སོགས་པ་དག་ལ་ཡང་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ལ་སོགས་

པ་གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པར་གང་གི་རྒྱུ་ཅན་གྱི་ཤེས་པ་དེ་དག་འབྱུང་བའི་སྐྱེ་བ་ནི་དོན་གཞན་དུ་གྱུར་པ་ཉིད་ཡིན་པས་སྐྱེ་བ་ལ་སོགས་པ་རྣམས་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ། གཟུགས་ཀྱི་སྐྱེ་བ་

ཞེས་བྱ་བ་དྲུག་པ་འདི་ནི་འབྲེལ་བའི་རྒྱུ་ཅན་ཡིན་ལ། འབྲེལ་པ་ཡང་ལྷ་སྦྱིན་གྱི་ཞང་པོ་ཞེས་བྱ་བ་ལྟར་གཞན་དང་གཞན་དུ་ཡིན་གྱི། དེ་ཉིད་དང་། དེ་ཉིད་མ་ཡིན་པས། གཟུགས་ཀྱི་གཟུགས་ཞེས་དྲུག་པས་བསྟན་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་སྐྱེ་བ་ཞེས་བྱ་བར་ཡང་མི་འགྱུར་

རོ། །དེའི་ཕྱིར་དྲུག་པས་བསྟན་པ་འདི་ནི་འབྲེལ་པའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་བར་དུ་ཞེས་བྱ་བ་ལ། གནས་པ་ལ་སོགས་པ་དག་མེད་ན་གནས་སོ། །རྒས་སོ། །ཞིག་གོ་ཞེས་བྱ་བ་དང་། གཟུགས་ཀྱི་གནས་པ་དང་མི་རྟག་པ་ཉིད་

ཅེས་བྱ་བའི་བར་གྱི་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་རོ། །འོ་ན་ནི་དེས་ན་ཞེས་བྱ་བ་ལ། གལ་ཏེ་སྐྱེས་སོ། །གནས་སོ་ཞེས་བྱ་བའི་ཤེས་པ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། སྐྱེ་བ་ལ་སོགས་པ་དོན་གཞན་དུ་གྱུར་པ་དག་འདོད་ན། འོ་ན་ནི་དེས་ན་བདག་མེད་པའི་བློ་དང་། གཟུགས་ཀྱི་

བདག་མེད་པ་ཉིད་ཅེས་དྲུག་པའི་ཚིག་འགྲུབ་པར་བྱ་བའི་ཕྱིར། བདག་མེད་པ་ཉིད་ཅིག་ཀྱང་འདོད་པར་བྱ་སྟེ། བདག་མེད་པའི་བློ་ཡང་སྐྱེ་བ་ལ་སོགས་པའི་བློ་ལྟར་གཟུགས་དང་། ཚོར་བ་ལ་སོགས་པའི་རང་གི་ངོ་བོའི་རྒྱུ་ཅན་ནི་མ་ཡིན་ཏེ། ཐམས་ཅད་མཚུངས་པར་འབྱུང་བའི་ཕྱིར་

རོ། །དེ་བཞིན་དུ་བསྟན་དུ་ཡོད་པ་དང་། ཐོགས་པ་དང་བཅས་པ་དག་ལ་ཡང་བརྗོད་པར་བྱའོ། །མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ཞེས་པ་ནི་བྱེ་བྲག་པས་ཡོངས་སུ་བརྟགས་པའོ། །ཡོད་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲ་ནི་རྫས་ཉིད་དང་།

เล่ม ๑๔๔ · หน้า 191a

གཟུགས་ཉིད་དང་། བུམ་པ་ཉིད་ལ་སོགས་པ་དག་སྦྲེལ་ལོ། །གཟུགས་གཅིག་གཟུགས་གཉིས་གཟུགས་མང་པོ་སྙམ་པའི་ཤེས་པ་འགྲུབ་པར་བྱ་བའི་ཕྱིར་གཅིག་ལ་སོགས་པའི་གྲངས་ཁས་བླང་བར་བྱ་དགོས་སོ། །གཟུགས་ཆུང་ངོ་། །གཟུགས་ཆེའོ་

སྙམ་པའི་ཤེས་པ་འགྲུབ་པར་བྱ་བའི་ཕྱིར་ཚད་ཆུང་ངུ་དང་། ཚད་ཆེན་པོ་ཡང་ཁས་བླང་བར་བྱའོ། །དེ་བཞིན་དུ་ཐ་དད་པ་ལྡན་པ་དང་། རྣམ་པར་དབྱེ་བ་དང་། གཞན་དང་། གཞན་མ་ཡིན་པའི་ཤེས་པ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཐ་དད་པ་ཉིད་དང་ལྡན་པ་དང་། རྣམ་པར་དབྱེ་བ་དང་།

གཞན་ཉིད་དང་། གཞན་ཉིད་མ་ཡིན་པ་ཉིད་དག་ཀྱང་ཁས་བླང་བར་བྱ་དགོས་སོ། །ཡོད་པ་ལ་སོགས་པའི་བློ་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྫས་དང་། བུམ་པ་དང་སྒྲ་ལ་སོགས་པའི་བློ་བསྡུ་སྟེ། དེ་དག་བསྒྲུབ་པར་བྱ་བའི་ཕྱིར་ཡོད་པ་དང་། རྫས་དང་། བུམ་

པ་ཉིད་དང་། གཟུགས་ཉིད་ལ་སོགས་པ་སྤྱི་དང་བྱེ་བྲག་དག་ཀྱང་ཁས་བླང་བར་བྱའོ། །གཟུགས་ཀྱི་ལྡན་པ་ཞེས་བྱ་བ་ལ། འདིར་ལྡན་པ་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟེ། གཟུགས་ཀྱི་རྣམ་པར་དབྱེ་བ་དང་། གཟུགས་ཀྱི་གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་གཞན་ལ་ཡང་

བརྗོད་པར་བྱའོ། །གཟུགས་ཀྱི་རང་བཞིན་ཞེས་བྱ་བའི་དྲུག་པ་འདི་ཡང་ཇི་ལྟར་བརྟག །གང་གི་ཕྱིར་རང་བཞིན་གཟུགས་ལས་གཞན་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་འདི་ལྟར་བརྟག་པར་བྱ་སྟེ། ཚོར་བ་ལ་སོགས་པ་དག་ལ་ཡང་ཡོད་པའི་ཕྱིར་རང་བཞིན་ནི་རྣམ་པ་

མང་དུ་ཡོད་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར། གཟུགས་ཀྱི་རང་བཞིན་ཞེས་དྲུག་པར་མཛད་དེ། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་ཁོ་ན་རང་བཞིན་དུ་ཤེས་པར་བྱའི། གཞན་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་སྐྱེ་བ་ཞེས་བྱ་བ་འདི་ནི་མ་བྱུང་བ་ལས་བྱུང་བར་ཤེས་པར་བྱ་བའི་དོན་དུ།

སྐྱེ་བ་ལ་ལྟོས་པ་མེད་པར་བཏགས་པ་ཙམ་མཛད་པ་ཡིན་ཏེ། དཔེར་ན་གྲངས་ལ་སོགས་པ་དག་མེད་ཀྱང་ཟླ་བོ་མེད་པར་ཤེས་པར་བྱ་བའི་ཕྱིར། གཅིག་ཅེས་བཏགས་པ་ཙམ་དང་། ཆུང་ངུ་ཤེས་པར་བྱ་བའི་ཕྱིར་ཆུང་ངུ་དང་། ཡུལ་འདབ་ཆགས་པར་སྐྱེ་བར་ཤེས་པར་བྱ་བའི་ཕྱིར་

เล่ม ๑๔๔ · หน้า 191b

ལྡན་པ་ཞེས་བྱ་བ་དང་། ཡུལ་ཐ་དད་པར་སྐྱེས་པ་ཤེས་པར་བྱ་བའི་ཕྱིར་རྣམ་པར་དབྱེ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བྱེད་པ་བཞིན་ནོ། །རྣམ་པ་མང་དུ་ཡོད་པས་ཞེས་བྱ་བ་རྣམ་པ་མང་པོ་ཡོད་པ་སྟེ། གཟུགས་དང་། ཚོར་བ་ལ་སོགས་པ་རྣམ་པ་ཐ་དད་པའི་ཕྱིར་རོ། །སྐྱེ་བ་ཞེས་བྱ་བ་ཧ་ཅང་ཐལ་

བ་ཡིན་དང་། བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་སྐྱེ་བ་ཞེས་དྲུག་པར་མཛད་པ་ཡིན་ཏེ། དཔེར་ན་ཧ་ཅང་ཐལ་བ་ཡིན་དང་། རང་བཞིན་གཞན་རྣམ་པར་གཅད་པར་བྱ་བའི་ཕྱིར་གཟུགས་ཀྱི་རང་བཞིན་ཞེས་དྲུག་པ་བྱེད་པ་ཡིན་ནོ། །འདི་ཉིད་ཤེས་པར་བྱ་བའི་ཕྱིར། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་

ཁོ་ན་སྐྱེ་བར་ཤེས་པར་བྱའི་ཞེས་རྒྱས་པར་སྨོས་སོ། །དཔེར་ན་ཙན་དན་གྱི་ཞེས་བྱ་བ་ལ་སོགས་པ་ལས། དྲི་ལ་སོགས་པ་དག་ལས་ཙན་དན་གཞན་མེད་མོད་ཀྱི། དྲི་ལ་སོགས་པ་ནི་ཙན་དན་གྱི་བདག་ཉིད་མ་ཡིན་པ་དག་ཀྱང་གུར་ཀུམ་ལ་སོགས་པ་དག་ལ་ཡོད་པ་དེའི་ཕྱིར། དེ་རྣམ་པར་གཅད་

པར་བྱ་བའི་ཕྱིར། ཙན་དན་གྱི་ཞེས་དྲུག་པ་བྱེད་པ་ཡིན་ནོ། །མཆི་གུའི་ལུས་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཚོགས་པའི་བདག་ཉིད་ཅན་མཆི་གུའི་ལུས་ལས་ལུས་གཞན་མེད་མོད་ཀྱི། སྟག་ལ་སོགས་པའི་ལུས་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆི་གུའི་ལུས་ཞེས་དྲུག་པ་བྱེད་པ་

ཡིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་ཡང་ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བ་ལ། གནས་པ་ཞེས་བྱ་བ་ནི་རྒྱུན་གྱི་མིང་སྟེ། དེ་ཡང་རྣམ་པ་མང་དུ་ཡོད་པས་དེའི་བྱེ་བྲག་ཏུ་བྱ་བའི་ཕྱིར་ལུས་ཀྱི་གནས་པ་ཞེས་དྲུག་པར་མཛད་དེ། དེ་ལྟར་ལུས་ཁོ་ནའི་རྒྱུན་ཤེས་པར་བྱའི། གཞན་གྱིས་

ནི་ཤེས་པར་མི་འགྱུར་བར་ཤེས་པར་བྱ་བ་ཡིན་ནོ། །རྒས་པ་ཞེས་བྱ་བ་ནི་རྒྱུན་གྱི་སྔ་ཕྱིའི་ཁྱད་པར་ལ་བརྗོད་ལ། སྔ་ཕྱིའི་ཁྱད་པར་རྒྱུན་དེ་ཡང་རྣམ་པ་དུ་མ་ཡོད་པས་ཞེས་གོང་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གལ་ཏེ་སྐྱེ་བ་མེད་པར་སྐྱེ་བ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་

སྐད་སྨྲས་པར་འགྱུར་ཏེ། སྐྱེ་བ་ནི་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུ་ལྷན་ཅིག་སྐྱེས་པ་ཡིན་ལ། རྒྱུ་དང་རྐྱེན་ལྷག་མ་རྣམས་ནི་དེའི་ལྷན་ཅིག་བྱེད་པ་ཡིན་ཏེ། དེའི་ཕྱིར་གང་ལ་སྐྱེ་བ་དེ་ལ་དེ་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་དང་། རྐྱེན་གཞན་དག་ཀྱང་བྱེད་པར་ནུས་ན། འདུས་མ་བྱས་ལ་ནི་སྐྱེ་བ་

เล่ม ๑๔๔ · หน้า 192a

མེད་པ་སྟེ། དེའི་ཕྱིར་དེ་ལ་དེ་ལས་གཞན་རྐྱེན་རྣམས་ཀྱི་བྱེད་པ་རྡུགས་པས་དེ་མི་སྐྱེ་བ་ཡིན་ནོ། །སྐྱེས་པ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་ལ་བརྗོད་ན། མ་བྱུང་བ་ལས་བྱུང་བ་ཡང་འདུས་བྱས་ཁོ་ན་ལ་རིགས་ཏེ། སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་རོ། །འདུས་མ་བྱས་ནི་རྟག་

ཏུ་ཡོད་པ་ཡིན་ཏེ། དེ་ན་དེ་མ་བྱུང་བ་ལས་བྱུང་བ་མ་ཡིན་པས་མི་སྐྱེ་བ་ཡིན་གྱི། སྐྱེ་བ་མེད་པ་ནི་མ་ཡིན་ནོ། །ཡང་ཇི་ལྟར་ཆོས་ཉིད་ཀྱིས་ཞེས་བྱ་བ་ཆོས་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་དང་ངོ་བོའོ། །འདུས་བྱས་ཁོ་ན་སྐྱེ་བ་དང་ལྡན་པར་འདོད་ཀྱི། འདུས་མ་བྱས་ནི་མ་ཡིན་པ་གང་ཡིན་པ་འདི་ལ་ཆོས་ཉིད་

ལས་མ་གཏོགས་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་ཉིད་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་པ། མདོ་ལས་བྱུང་བའི་ཕྱིར་ཏེ། མདོ་ལས། རབ་འབྱོར་མིག་ནི་སྟོང་པ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས་ཅན་བདག་

དང་། བདག་གིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟར་སྐྱེ་བ་མེད་ཀྱང་ཆོས་ཉིད་ཀྱིས་ཐམས་ཅད་མི་སྐྱེའོ་ཞེས་བྱ་བར་འདོད་པར་བྱའོ། །ཡང་ཇི་ལྟར་སྐྱེ་བ་དང་ལྡན་པར་མཚུངས་པ་ལས་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་ལ་སོགས་

པ་རྣམས་སོ། །དེ་ལས་གཞན་པའི་རྐྱེན་རྣམས་ཀྱིས་ཞེས་བྱ་བ་ལ། དེ་དག་ལས་གཞན་པའི་རྐྱེན་རྣམས་ནི་གཟུགས་བསྐྱེད་པའི་རྐྱེན་དག་ལས་གཞན་པ་སྟེ། ཚོར་བ་ལ་སོགས་པའི་བསྐྱེད་པའི་རྐྱེན་རྣམས་སོ། །དེ་དག་ལས་གཞན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚོར་བ་ལ་སོགས་

པ་དེ་དག་ལས་གཞན་པའོ། །དེ་ཡང་གང་ཞིག་ཅེ་ན། གཟུགས་ཏེ། ཚོར་བ་ལ་སོགས་པ་རྐྱེན་རྣམས་ཀྱིས་དེ་དག་ལས་གཞན་པ་དེ་སྐྱེད་པར་ནུས་པ་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་མེད་ཀྱང་། གཟུགས་དང་ཚོར་བ་ལ་སོགས་པའི་རྐྱེན་ཐམས་ཅད་ཀྱིས་ཀྱང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་བསྐྱེད་པར་

མི་ནུས་པར་འགྱུར་རོ། །སྔར་ནི་རང་བཞིན་ངེས་པའི་སྒོ་ནས་བཤད་པ་ཡིན་ལ། ད་ལྟ་ནི་ནུས་པ་ངེས་པའི་སྒོ་ནས་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཤེ་ན། ལུང་ལས་ཏེ། ཇི་སྐད་དུ། དགེ་སློང་ཁྱོད་ནི་སྐད་ཅིག་སྐད་ཅིག་ལ་སྐྱེ་བ་ཡང་ཡིན། རྒ་བ་ཡང་

เล่ม ๑๔๔ · หน้า 192b

ཡིན། འཆི་བ་ཡང་ཡིན་ཞེས་གསུངས་པ་ལྟ་བུའོ། །འདི་ནི་བསྟན་བཅོས་མཁན་པོས་ཀྱང་གཞན་ལས། གལ་ཏེ་སྐད་ཅིག་རེ་རེར་ལུས། །གཞན་དུ་འགྱུར་བ་མ་ཡིན་ནོ། །ཕྱི་རོལ་ཁྱད་པར་མེད་པར་ཕྱིས། །ཇི་ལྟར་ཁྱད་པར་འཛིན་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་

བཤད་དོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་སྐད་ཅིག་སྐད་ཅིག་ལ་ཡོད་པ་ཡིན་ནོ། །ཡང་རི་དགས་ཡོད་ཅེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སུན་འབྱིན་པར་བྱེད་པ་ལ་ལྟོས་ནས་གྲུབ་པའི་མཐའ་འདོར་བ་ཡིན་ཏེ། ཇི་ལྟར་རི་དགས་ཡོད་ཅེས་

ཏེ། ནས་མི་རྨོ་བ་མ་ཡིན་གྱི། དགག་པ་གཉིས་ཀྱིས་རྣལ་མའི་དོན་གོ་བས་རྨོ་བ་ཉིད་ཡིན་པ་དང་། ཇི་ལྟར་སྦྲང་བུ་ཡོད་ཅེས་ཏེ། ལ་དུ་མི་བཟའ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བཟའ་བ་ཁོ་ན་ཡིན་པ་དེ་བཞིན་དུ་སུན་འབྱིན་པར་བྱེད་པ་དག་ཡོད་ཅེས་ཏེ། ལུང་དུ་དོར་དུ་མི་

རུང་སྟེ། ཆོས་མངོན་པའི་བསྟན་བཅོས་དོར་དུ་མི་རུང་ངོ་། །དེ་བས་ན་སྐྱོན་རྣམས་ལ་ཡང་ལན་གདབ་པར་བྱ་བ་ལ་ཞེས་བྱ་བ་ལ། གྲུབ་པའི་མཐའ་དང་འགལ་བར་བསྒྲུབ་པ་རྣམས་ལ་ལན་བསམ་པར་འབད་པར་བྱ་ལ། གྲུབ་པའི་མཐའི་རྗེས་སུ་འབྲང་བར་ཡང་བྱའོ་

ཞེས་ཟེར་རོ། །མཚན་ཉིད་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ། ཇི་ལྟར་བཤད་ཅེ་ན། མཚན་ཉིད་དག་ནི་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་ཉིད་ཅེས་བྱ་བ་དེ་སྐད་དུ་བཤད་དོ། །མིང་གི་ཚོགས་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མིང་གི་ཚོགས་ནི་མིང་གི་ཚོགས་སོ། །

ཚིག་གི་ཚོགས་ནི་ངག་གི་ཚོགས་སོ། །ཡི་གེའི་ཚོགས་ནི་ཡི་གེའི་ཚོགས་སོ། །དེ་ལ་མིང་བྱེད་པ་ནི་མིང་སྟེ་ཞེས་བྱ་བ་ལ། མིང་བྱེད་པ་ནི་མིང་བྱེད་པ་སྟེ། གང་གི་མིང་བྱེད་པའོ། །མཚན་ཞེས་བྱ་བ་ནི་རྣམ་གྲངས་དག་གོ། །ཇི་ལྟར་འཇིག་རྟེན་སྨྲ་བ་པོ་དག་ལྷ་སྦྱིན་ཞེས་བྱ་བ་འདིའི་མིང་བྱེད་པའོ་

ཞེས་ཟེར་བ་ཡིན་ནོ། །མིང་བྱེད་པ་དེ་ཡང་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ངག་ནི་ཚིག་སྟེ་ཞེས་བྱ་བ་ལ། འདིས་གོ་བར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་པས་ན་ཚིག་སྟེ། དེ་ལ་རེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །དཔེར་ན།

เล่ม ๑๔๔ · หน้า 193a

ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ནི་དམ་བཅའ་བའོ། །སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དང་པོའི་མཐའ་ཅན་ཡིན་ཡང་གཏན་ཚིགས་སུ་

འགྱུར་ཏེ། དཔེར་ན། ཡུལ་འཁོར་སྲུང་གི་བུ་ལ་དགའ། །ཞེས་བྱ་བ་ལྟ་བུ་སྟེ། བུ་ལ་དགའ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་དཔེ་སྟེ། གང་དག་སྐྱེ་བ་དེ་དག་ནི་འཇིག་པར་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་རྣམས་བཞིན་ནོ། །འདུ་

བྱེད་རྣམས་ཀྱང་དེ་དང་འདྲའོ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ། །གང་གིས་བྱ་བ་དང་། ཡོན་ཏན་དང་། དུས་ཀྱི་འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་བའོ་ཞེས་བྱ་བ་ནི་སུབ་དང་ཏིང་གི་མཐའ་ཅན་ནི་ཚིག་མ་ཡིན་པའོ། །དེ་ལ་བྱ་བ་དང་འབྲེལ་པའི་ཁྱད་

པར་སྟོན་པར་བྱེད་པ་ནི་འཆད་དོ། །འདོན་ཏོ། །འགྲོའོ་ཞེས་བྱ་བའོ། །དཀར་པོའོ། །ནག་པོའོ་ཞེས་བྱ་བ་ནི་ཡོན་ཏན་གྱི་འབྲེལ་པའི་ཁྱད་པར་སྟོན་པར་བྱེད་པའོ། །དུས་ཀྱི་འབྲེལ་པའི་ཁྱད་པར་སྟོན་པར་བྱེད་པ་ནི་འཚེད་དོ། །འཚེད་པར་འགྱུར་རོ། །བཙོས་སོ་ཞེས་བྱ་བའོ། །ཇི་

ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ཡི་གེ་ནི་ཡི་གེ་སྟེ་ཞེས་བྱ་བ་ལ། འདིར་རམ་འདིས་མིང་དང་ཚིག་གསལ་བར་འགྱུར་བས་ན་ཡི་གེའོ། །དཔེར་ན་ཨ་ཨཱ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་བརྗོད་པའོ། །དེ་དག་གིས་དེར་ཡི་གེ་ཀ་

ལ་སོགས་པའི་མིང་སྐྱེད་པར་བྱེད་པའི་ཕྱིར་དང་། དེ་དག་ཐོས་པ་ལས་བརྡས་རྟོགས་པའི་ཕྱིར་ཡི་གེ་རྣམས་ཀྱང་ཡིག་འབྲུའི་ཡན་ལག་དག་གི་མིང་མ་ཡིན་ནམ། དེའི་ཕྱིར་ཡི་གེའི་མིང་ལས་ཐ་དད་པར་བརྗོད་པར་མི་བྱའོ་ཞེ་ན། ཡིག་འབྲུའི་ཡན་ལག་རྣམས་གོ་བར་བྱ་བའི་ཕྱིར་ནི་ཞེས་

བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་ལྷ་སྦྱིན་ལ་སོགས་པའི་གོང་བུ་གོ་བར་བྱ་བའི་ཕྱིར་ལྷ་སྦྱིན་ཞེས་མིང་བྱས་པས་དེ་བཞིན་དུ་ཡི་གེ་རྣམས་གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་ཡན་ལག་རྣམས་བྱས་པ་ཡིན་ནོ། །ཡི་གེ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལྡན་པ་མ་ཡིན་པ་རྣམས་

เล่ม ๑๔๔ · หน้า 193b

གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་ཡན་ལག་རྣམས་བྱས་པ་ཡིན་ཏེ། དེ་གོ་བར་བྱེད་པའི་ངོ་བོར་བརྡར་བཏགས་པའི་ཕྱིར། ཇི་ལྟར་ཡི་གེ་མི་ཐོས་པ་བྲིས་པས་གོ་བར་འགྱུར་ཞེས་བྱ་བར་ཏེ། བརྡས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཡི་གེ་རྣམས་ནི་ཡིག་འབྲུའི་ཡན་ལག་དེ་དག་གི་མིང་མ་

ཡིན་ནོ། །དེའི་ཕྱིར་ཡི་གེ་ནི་མིང་ལས་གཞན་ཡིན་ནོ། །མང་པོའི་དོན་གང་ཡིན་པའོ་ཞེས་བྱ་བ་ནི་ཚོགས་ཞེས་བྱ་བ་ཤེས་པར་བྱའོ། །དེ་ལ་མིང་གི་ཚོགས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔར་དཔེར་ན་གཟུགས་སྒྲ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལྟ་བུའོ་ཞེས་གང་བཤད་པ་དེ་ནི་མིང་གི་རང་གི་ངོ་བོ་

བསྟན་པར་བྱ་བའི་ཕྱིར་ཡིན་ལ། འདིར་དཔེར་ན། གཟུགས་སྒྲ་དྲི་རོ་རེག་བྱ་དག །ཅེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའོ་ཞེས་གང་བཤད་པ་དེ་ནི་མིང་གི་ཚོགས་བསྟན་པར་བྱ་བའི་དོན་དུའོ། །དེ་བཞིན་དུ་སྔར་ནི་རང་གི་ཚིག་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་བཤད་ལ། འདིར་ནི་ཚིག་གི་ཚོགས་

བསྟན་པར་བྱའི་ཕྱིར་ཡང་བཤད་དོ། །དེ་བཞིན་དུ་ཡི་གེ་དག་ལ་ཡང་བརྗོད་པར་བྱའོ། །དེ་དག་ཀྱང་ངག་གི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བརྗོད་པར་འདོད་པ་སྔོན་དུ་འགྲོ་བ་མགྲིན་པ་དང་། རྐན་དང་མཆུ་དང་། སོ་དང་། ལྕེ་ཕྲད་པ་ལས་ཡི་གེ་ཨ་ལ་

སོགས་པའི་ངོ་བོར་གྱུར་པའི་སྒྲ་ལ་ངག་ཅེས་བྱ་བ་ལ། ངག་ལས་ཐ་དད་པར་མིང་གི་ཚོགས་ལ་སོགས་པ་དག་རང་གི་ངོ་བོ་འམ་འབྲས་བུའི་སྒོ་ནས་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ངག་གི་རང་བཞིན་ཁོ་ན་ཡིན་ལ། ངག་གི་རང་བཞིན་ཡིན་པའི་ཕྱིར་སྒྲའི་བདག་ཉིད་ཡིན་པས་

གཟུགས་ཀྱི་རང་བཞིན་དུ་འགྱུར་ཏེ། སྒྲ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སེམས་དང་ལྡན་པ་ཡིན་པ་རྣམས་ཞེས་བྱ་སྟེ། དེ་དག་རྣ་བའི་དབང་པོས་གཟུང་བར་ཡོད་བཞིན་དུ་ཡང་ཞེས་བྱ་བར་བསམས་པའོ། །དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་

བ་ནི་སྒྲའི་བདག་ཉིད་མ་ཡིན་པའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་ངག་གི་སྒྲ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཙམ་ཞེས་བྱ་བའི་སྒྲ་ནི་མིང་དང་། ཚིག་དང་། ཡི་གེ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །སྒྲ་ནི་བརྒྱད་ནས་མིང་དང་ཚིག་གསལ་བར་བྱེད་པ་ཡིན་པའི་ཕྱིར་དོན་རྟོགས་པའི་རྒྱུ་

เล่ม ๑๔๔ · หน้า 194a

ཡིན་གྱི། མིང་དང་ཚིག་ལ་ལྟོས་པ་མེད་པར་དངོས་སུ་ནི་མ་ཡིན་ཏེ། དེའི་ཕྱིར་གང་དག་གིས་དོན་རྟོགས་པར་བྱེད་པ་མིང་དང་ཚིག་ལ་སོགས་པ་ངག་ལས་ཐ་དད་པར་ཡོད་དོ། །དེའི་ཕྱིར་ངག་གིས་དོན་རྗོད་པར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ངག་ནི་མིང་གསལ་བར་བྱེད་པའམ། མིང་སྐྱེད་པར་

བྱེད་པའི་ཕྱིར་མིང་ལ་འཇུག་ལ། མིང་གིས་དོན་རྗོད་པར་བྱེད་དེ། དེ་གོ་བར་བྱེད་པའི་ཕྱིར་རོ། །འདིས་ནི་མིང་ནི་དོན་དག་ལ་དངོས་སུ་འཇུག་གི །ཚིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྒྲ་ཙམ་ཁོ་ན་ནི་ངག་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྒྲའི་ཁྱད་པར་རོ། །ཡང་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་བཤད་པ།

ཡི་གེ་ཀ་ལ་སོགས་པའི་བདག་ཉིད་སྒྲ་གང་གིས་དོན་གོ་བར་འགྱུར་བའི་སྒྲ་དེ་དག་ཡིན་ནོ། །མིང་ལ་སོགས་པའི་ཚོགས་བཀག་པས་འདྲི་བ་ནི་སྒྲ་གང་གིས་དོན་གོ་བར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྨྲ་བ་པོ་རྣམས་ཀྱིས་དོན་དག་ལ་མཚམས་གཅད་པ་སྟེ་ཞེས་བྱ་བ་ལ། ཡི་གེ་ཨ་

ལ་སོགས་པ་འདི་སྙེད་ཅིག་གི་རིམ་པ་འདིས་དོན་འདི་རྗོད་པར་བྱེད་པ་སྟེ། གང་ཞིག་དེ་ལྟར་དོན་གང་དག་ལ་མཚམས་གཅད་པ་དེས་དོན་རྟོགས་པར་བྱེད་ཀྱི། ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །འདིས་ནི་བརྡ་ལ་ལྟོས་ནས་སྒྲ་དོན་གོ་བར་བྱེད་ཀྱི། ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། ཡོད་པ་ཙམ་གྱིས་ཀྱང་

མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་སྐད་དུ་ཡང་། ཡུལ་ཉིད་དུ་ནི་མ་གྱུར་པའི། །སྒྲ་ཡི་དོན་ནི་སྟོན་མི་བྱེད། །དེ་དག་མ་བཟུང་ཡིད་ཉིད་ཀྱིས། །དོན་རྣམས་གསལ་བར་བྱེད་པ་མིན། །ཞེས་བཤད་དོ། །དཔེར་ན་གཽ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ག་དང་། ཡི་གེ་ཨཽ་དང་། ཚེག་དྲག་གི་བདག་ཉིད་ཅན་གྱི་

སྒྲ་ནི་གོ་རིམས་འདིས་དོན་དགུ་དག་ལ་མཚམས་གཅད་པ་དེ་ལས་དེ་དག་རྟོགས་པར་འགྱུར་རོ། །གང་ཡང་མིང་གིས་དོན་རྗོད་པར་བྱེད་དོ་སྙམ་དུ་སེམས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་དོན་གོ་བ་ཅན་ཡིན་ཞེ་ན། དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་རྒྱས་པར་བྱས་པ་ལས་ཏེ། དེ་ལྟ་མ་

ཡིན་ཏེ། དོན་གོ་བ་ཅན་མ་ཡིན་པས་རྟོགས་ན་ནི་བརྡ་བྱང་བ་མེད་པ་ཡང་འགྱུར་བ་ཞིག་ན། འགྱུར་བ་ཡང་མ་ཡིན་ནོ། །དེ་ནི་དོན་གོ་བ་ཅན་གྱི་སྒྲ་ཙམ་ཁོ་ནས་འགྲུབ་ལ་ཞེས་བྱ་བ་ལ། དོན་རྗོད་པར་བྱེད་པ་དེ་ནི་མིང་དང་བྲལ་ཞིང་དོན་གོ་བ་ཅན་གྱི་སྒྲས་བསྒྲུབ་པོ། །འབྲེལ་པ་ལ་བྱང་བས་དོན་གོ་བ་འདི་

เล่ม ๑๔๔ · หน้า 194b

ལ་ཡོད་པ་ནི་སྒྲ་དོན་གོ་བ་ཅན་ཏེ། དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་བརྡར་བཏགས་པས་འབྲེལ་པ་ལ་བྱང་བའི་ཕྱིར་རོ། །ཇི་ལྟར་ན་ངག་མིང་ལ་འཇུག་པ་འདི་ཡང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། ངག་ནི་སྒྲའི་བདག་ཉིད་ཡིན་ན་དེ་གལ་ཏེ་རང་གི་བྱེ་བྲག་མིང་སྐྱེད་པར་

བྱེད་པ་འམ། གསལ་བར་བྱེད་པ་ཞིག་ཡིན་གྲང་། དེ་ལྟ་ཡིན་ན་འདིར་བྱེ་བྲག་ཁས་མ་བླངས་པའི་ཕྱིར་ཁྱུ་མཆོག་ལ་སོགས་པ་ལ་ཡོད་པའི་སྒྲ་ཐམས་ཅད་ཀྱིས་ཀྱང་མིང་སྐྱེད་པར་འགྱུར་ཏེ། ངག་ནི་སྒྲ་ཡིན་པའི་ཕྱིར་ཐམས་ཅད་ཀྱིས་མིང་སྐྱེད་པར་བྱེད་པའམ་གསལ་བར་བྱེད་པར་འགྱུར་རོ། །

འོན་ཏེ་མིང་བཞིན་དུ་ཡི་གེའི་བདག་ཉིད་ཀྱི་སྒྲ་སྨྲ་བ་པོ་ངག་གི་བརྡར་བཏགས་པ་ཁྱད་པར་དུ་འཕགས་པ་དེ་ཁོ་ནས་མིང་སྐྱེད་པར་བྱེད་དོ་ཞེས་བརྗོད་ན། དེ་ལྟ་ན་ཡང་འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དོན་བརྗོད་པ་ནི་དོན་གྱི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཡིན་ནོ། །དེ་ནི་

སྒྲའི་ཁྱད་པར་དོན་དག་ལ་མཚམས་གཅད་པ་ཁོ་ནས་བྱེད་པར་འགྱུར་བས་འདིར་དེ་ལ་ཐ་དད་པའི་མིང་བཏགས་པས་ཅི་དགོས། །འོན་ཏེ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་སྒྲ་འབྱུང་བས་སེམས་དང་ལྡན་པ་མ་ཡིན་པ་དེ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་

བརྗོད་པར་བྱ་བའི་ཕྱིར་དེས་དེ་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་འདོད་ན། འདི་ལ་བརྗོད་པར་བྱ་སྟེ། སྒྲ་ཙམ་ཐམས་ཅད་ཀྱིས་མིང་གསལ་བར་བྱེད་པར་འགྱུར་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ངག་ནི་རིམ་གྱིས་ཡི་གེ་

དག་ལ་གནས་པའི་ཕྱིར་ཡི་གེ་རྣམས་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་ཡི་གེ་ཀ་ལ་སོགས་པའི་སྒྲ་རྣམས་ཅིག་ཅར་ཡོད་པ་མ་ཡིན་ལ། ཆ་མེད་པའི་ཕྱིར་ཆོས་གཅིག་ཆ་ཤས་ཀྱིས་སྐྱེ་བ་ཡང་མ་ཡིན་ནོ། །སྐྱེད་པར་བྱེད་པ་ན་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་དུ་མ་ཅན་གྱི་མིང་ནི་སྒྲ་དུ་མ་ལ་ལྟོས་

ནས་ཡོངས་སུ་གཅད་པར་བྱ་བ་ཡིན་པས་དེ་སྐྱེད་པར་བྱེད་པ་ནི་ཇི་ལྟར་ངག་གིས་སྐྱེད་པར་བྱེད་པ་དེ། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་གིས་ཡིན། འདི་ལྟར་སྒྲ་རྣམས་ལ་ནི་ཅིག་ཅར་བ་ཉིད་ཡོད་པ་མ་ཡིན་ཏེ། རིམ་གྱིས་འཇུག་པའི་ཕྱིར་དང་། སྐད་ཅིག་མ་ཡིན་པའི་

เล่ม ๑๔๔ · หน้า 195a

ཕྱིར་རོ། །དེའི་ཕྱིར་རེ་ཞིག་ཇི་ལྟར་འདས་པ་ལ་ལྟོས་པའི་ཞེས་བྱ་བ་རྒྱས་པར་སྨྲས་སོ། །སོ་སོར་ཐར་པའི་སྡོམ་པ་ལེན་པའི་ཚེ་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཚོགས་པ་མེད་མོད་ཀྱི། འོན་ཀྱང་འདས་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་ལ་ལྟོས་པའི་རྣམ་

པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྲོག་གཅོད་པ་སྤོང་བར་བགྱིད་དོ་ཞེས་བྱ་བའི་སྒྲ་གང་ཡིན་པས་སོ་སོར་ཐར་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད་པ་དེ་བཞིན་དུ་འདས་པའི་སྒྲ་ལ་ལྟོས་པའི་ངག་གི་སྒྲ་ཐ་མས་མིང་སྐྱེད་པར་

བྱེད་དེ། དེའི་ཕྱིར་གཅིག་ཆ་ཤས་ཀྱིས་སྐྱེ་བར་ཐལ་བར་མི་འགྱུར་རོ། །དེའི་ཕྱིར་དོན་ཇི་སྙེད་དག་ལ་མཚམས་གཅད་པའི་སྒྲ་མཐའ་དག་བྱེ་བྲག་མེད་པར་ཡིད་ལ་གཟུང་སྟེ། ཕྱིས་རིམ་གྱིས་རྗོད་པར་བྱེད་ལ། རྟོགས་པ་པོ་ཡང་རིམ་གྱིས་ཁོ་ནས་མཉན་ནས་ཕྱིས་ཐམས་ཅད་བྱེ་བྲག་མེད་

པར་ཡིད་ལ་བྱེད་དོ། །དེ་ལྟར་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡི་གེ་དུ་མ་ཅན་དུ་མ་ཅན་གྱི་མིང་ལ། གང་གི་ཡི་གེ་ཐ་མས་བསྡུས་པའི་སྒྲ་ཐོས་པ་དེས་ཀྱང་དོན་དེ་གོ་བར་འགྱུར་ཏེ། དཔེར་ན་བྷ་ཝ་རཱ་ཏ་བརྗོད་པ་བཞིན་ནོ། །ཡི་གེ་ཏའི་དུས་སུ་མིང་སྐྱེད་པའི་ཕྱིར་ཡི་གེ་བྷ་དང་

ཡི་གེ་ཝ་དང་ཡི་གེ་རཱ་མ་ཐོས་པར་ཡི་གེ་ཏ་ཐོས་པས་དེ་གོ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དམིགས་པའི་སྒྲ་ལ་ལྟོས་པའི་སྒྲ་ཐ་མས་མིང་སྐྱེད་པར་བྱེད་པས་ཉེས་པ་འདི་མེད་དོ་ཞེ་ན། དེ་ལྟ་ན་འོ་ན་རྣམ་པར་རིག་བྱེད་དཔེ་མ་ཡིན་ཏེ།

རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མ་ནི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་སྔར་སྐྱེས་པ་དམིགས་ཤིང་འགགས་པ་དག་ལ་ལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། དེ་ཡོད་པ་ཙམ་ཉིད་ལ་ལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལྟ་མ་

ཡིན་ན་གཡེངས་པ་དང་སེམས་མེད་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་འགྱུར་རོ། །དེའི་ཕྱིར་སྒྲ་ཐ་མ་ནི་རྣམ་པར་རིག་བྱེད་ཁོ་ན་ལྟར་མིང་སྐྱེད་པར་བྱེད་ཀྱི། སྔར་གྱི་སྒྲ་དམིགས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་སྨྲས་མ་ཐག་པའི་སྐྱོན་

เล่ม ๑๔๔ · หน้า 195b

མེད་དེ། སྒྲ་རེ་རེ་ལ་ཡི་གེ་སྐྱེ་བའི་ཕྱིར་དང་། ཡི་གེ་དག་གིས་ཀྱང་མིང་སྐྱེད་པར་བྱེད་པའི་ཕྱིར་རོ། །འདི་ལ་ཡང་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་སྒྲ་རྣམས་མིང་སྐྱེད་པ་ལ་བསྟན་པ་གང་ཡིན་པའོ། །ཅི་ལྟར་ཞེ་ན། ཡི་གེ་རྣམས་ནི་ཚོགས་པ་མེད་པའི་ཕྱིར་དང་། སྒྲ་ལྟར་རིམ་གྱིས་འཇུག་པའི་ཕྱིར་

དང་། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡི་གེ་རྣམས་ལ་ཡང་ཅིག་ཅར་བ་ཉིད་མེད་དོ། །དེར་མིང་ཡི་གེ་དུ་མས་བསྐྱེད་པར་བྱ་བ་ཆ་མེད་པ་གཅིག་ལ་རིམ་གྱིས་ཆ་ཤས་ཀྱིས་སྐྱེ་བར་ཡང་རིགས་པ་མ་ཡིན་ནོ། །ཅི་སྟེ་འདས་པའི་ཡི་གེ་ལ་ལྟོས་པའི་ཡི་གེ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་དོ་སྙམ་ན། དེ་ལྟ་ན་

འོ་ན་ནི་གང་གིས་ཡི་གེ་ཐ་མ་སྐྱེད་པར་བྱེད་པའི་སྒྲ་ཐོས་པ་དེས་ཀྱང་། དོན་དེ་གོ་བར་འགྱུར་ཏེ་ཡི་གེ་ཐ་མ་ཁོ་ནས་མིང་སྐྱེད་པའི་ཕྱིར་དང་། མིང་གིས་ཀྱང་དོན་རྗོད་པར་བྱེད་པའི་ཕྱིར་རོ། །ངག་མི་གསལ་བར་བྱེད་པ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེ་ན། མིང་སྐྱེད་པར་བྱེད་

པ་ཉིད་ལ་བསྟན་པ་དེ་ཁོ་ནའོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་ལ། ཆོས་གཅིག་ལ་ཆ་ཤས་ཀྱིས་གསལ་བ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ། །གོང་དུ་ནི་ངག་ལས་ཐ་དད་པའི་ཡི་གེ་ཁས་བླངས་ནས་ཡི་གེ་མིང་གིས་སྐྱེད་པ་ཉིད་ཡིན་པ་བཀག་པ་

ཡིན་ལ། ད་ནི་ངག་ལས་ཐ་དད་པའི་ཡི་གེ་ཡོད་པ་མ་ཡིན་པ་ཉིད་དེ་ཉིད་ཀྱི་ཕྱིར་ཡི་གེ་ཡང་ངག་ཅེས་བྱ་བ་རྒྱས་པར་སྨོས་སོ། །ངག་ལས་ཐ་དད་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པའི་ཡི་གེ་ཇི་ལྟར་ངག་གིས་སྐྱེད་པའམ་གསལ་བར་བྱེད། འདི་ཇི་ལྟར་ཤེས་

ཤེ་ན། དེའི་ཕྱིར་ཤེས་རབ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་རབ་འཆལ་བ་ནི་ཤེས་རབ་ཉམས་པའི་ཕྱིར་ལ། ཤེས་རབ་ཀྱི་ལྡན་པ་ཡང་གཡེང་བ་ཡོད་པའི་ཕྱིར་ཡོངས་སུ་བཅད་པར་མི་ནུས་པས་ཤེས་རབ་དང་ལྡན་པ་ཡིད་གཏད་པས་ཀྱང་ཞེས་གཉིས་ཀ་བརྗོད་དོ། །མཚན་ཉིད་

ཀྱི་སྒོ་ནས་ཞེས་བྱ་བ་ནི་རང་གི་ངོ་བོའི་སྒོ་ནས་སོ། །དེའི་ཕྱིར་ངག་ལས་ཐ་དད་པའི་ཡི་གེ་མེད་པས་ངག་ནི་མིང་ལྟར་ཡི་གེ་སྐྱེད་པར་བྱེད་པ་ཡིན་པར་ཡང་མི་རུང་ལ། གསལ་བར་བྱེད་པ་ཡིན་པར་ཡང་མི་རུང་ངོ་། །གཞན་ཡང་ངག་ནི་སྒྲ་ཙམ་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཡི་གེ་སྐྱེད་པའམ་

เล่ม ๑๔๔ · หน้า 196a

གསལ་བར་བྱེད་པར་འགྱུར་རོ་ཞེས་ཐམས་ཅད་འདིར་ཡང་རྒྱས་པར་བརྗོད་པར་བྱའོ། །འོན་ཏེ་མིང་དོན་དང་ལྷན་ཅིག་སྐྱེད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ངག་གི་བྱ་བ་མེད་པའི་ཕྱིར་སྐྱེད་པ་མེད་དོ་སྙམ་དུ་བསམས་པའོ། །དེ་ལྟ་ན་དོན་འདས་པ་དང་མ་

འོངས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་འདས་པ་དང་མ་འོངས་པའི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་ཉིད་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམ་པ་ད་ལྟར་བ་མ་ཡིན་པ་དེ་བཞིན་དུ་མིང་ཡང་ད་ལྟར་བ་ཡིན་པར་མི་འགྱུར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་

པའི་ཐ་སྙད་ཀུན་དུ་ཆད་པར་འགྱུར་རོ། །འདི་ལྟར་འདས་པ་དང་མ་འོངས་པའི་མིང་གིས་ནི་དོན་བརྗོད་པར་མི་ནུས་ཏེ། ངག་བཞིན་ནོ། །འདས་པ་དང་མ་འོངས་པ་ངག་གིས་ནི་མིང་གསལ་བར་བྱ་བར་མི་ནུས་ཏེ། གོ་རིམས་བཞིན་དུ་འགགས་ཟིན་པའི་ཕྱིར་དང་མ་སྐྱེས་པའི་ཕྱིར་རོ། །

ཕ་རྣམས་ཀྱིས་བུ་དག་གིས་ཞེས་བྱ་བ་ལ། གཅིག་གི་མིང་ནི་སྐྱེ་བ་ལ་སོགས་པ་བཞིན་དུ་གཅིག་ཁོ་ན་ལྷན་ཅིག་སྐྱེའི། རྣམ་པར་གཞག་པ་མེད་པའི་ཕྱིར་དུ་མ་ནི་མ་ཡིན་པས། འདིར་མིང་གང་གིས་དེ་དང་ལྷན་ཅིག་སྐྱེས་པར་བརྗོད་པར་བྱ། ཆོས་འདུས་མ་བྱས་རྣམས་ཀྱིས་ཞེས་བྱ་

བ་ལ། མིང་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ནར་འགྱུར་ཏེ། འདུས་མ་བྱས་རྣམས་མི་སྐྱེ་བའི་ཕྱིར་རོ། །ཚིགས་བཅད་མིང་ལ་བརྟེན་པ་སྟེ། །ཞེས་བྱ་བ་ལ། འདིར་ལྡན་པ་མ་ཡིན་པའི་མིང་ཡོད་དོ་ཞེས་བྱ་བའི་ཁུངས་ནི་འདི་ཡིན་ཏེ། དེ་མེད་ན་ཚིགས་སུ་བཅད་པ་མེད་པར་ཐལ་བའི་ཕྱིར་རོ། །

རྟེན་མེད་པར་ནི་བརྟེན་པ་ཡོད་པར་བྱ་བར་མི་ནུས་སོ། །ཚིགས་སུ་བཅད་པ་མིང་ལ་བརྟེན་པ་བདེན་མོད་ཀྱི། དེར་མིང་ལྡན་པ་མ་ཡིན་པ་ཞལ་གྱིས་མ་བཞེས་ཏེ། འོ་ན་ཅི་ཞེ་ན། དོན་རྣམས་ལ་མཚམས་བྱས་པའི་སྒྲ་ནི་མིང་ཡིན་ལ། མིང་རྣམས་བཀོད་པའི་ཁྱད་པར་ཡང་ཚིགས་སུ་

བཅད་པ་ཡིན་པས་མིང་རྗོད་པར་བྱེད་པ་ཇི་ལྟར་བཀོད་པ་རྣམས་ཀྱིས་ཚིགས་སུ་བཅད་པ་ཞེས་བྱ་བ་ཐོབ་པའི་བཀོད་པ་དེ་ཚིགས་སུ་བཅད་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། བཀོད་པའི་ཁྱད་པར་ཞེས་བྱ་བ་སྨོས་སོ། །དེ་དག་ཇི་ལྟར་བཀོད་པའི་ཚིགས་

เล่ม ๑๔๔ · หน้า 196b

སུ་བཅད་པའི་མིང་འཐོབ་པ་དེ་ཉིད་ཀྱི་ཕྱིར། བཀོད་པའི་ཁྱད་པར་ཡང་རྫས་གཞན་དུ་མི་འཐད་དོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། ཕྲེང་བ་བཞིན་ནོ། །ཇི་ལྟར་ཕྲེང་ནི་ཤིང་ལྗོན་པ་དང་། འདབ་ཆགས་དང་། གྲོག་མ་ལ་སོགས་པ་རྣམས་ཕན་ཚུན་ཉེ་བ་ན་གནས་པ་ལས་མ་གཏོགས་

པའི་རྫས་གཞན་དུ་མི་འཐད་དོ། །སྤུངས་པ་བཞིན་དུ་དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་དཔེ་མི་མཚུངས་ཏེ། ཤིང་ལྗོན་པ་ལ་སོགས་པ་ད་ལྟར་བ་རྣམས་ཁོ་ནའི་བཀོད་པའི་ཁྱད་པར་ལ་ཕྲེང་དུ་བསྙད་པའི་ཕྱིར་ཞེ་ན། དེའི་ཕྱིར། སེམས་ཀྱི་རིམ་པ་ལྟ་བུའོ་ཞེས་སྨོས་

ཏེ། །ཇི་ལྟར་སེམས་དང་སེམས་ལས་བྱུང་བ་དུས་སྔ་ཕྱིར་བྱུང་བ་རྣམས་ལ་བར་མེད་པར་འགག་པ་དང་སྐྱེ་བ་ལས་མ་གཏོགས་པའི་རིམ་པ་གཞན་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྒྲ་སྔ་ཕྱིར་བྱུང་བ་རྣམས་ལ་ཡང་བར་མཚམས་མེད་པར་འགག་པ་དང་། སྐྱེ་བ་ལས་མ་གཏོགས་པའི་

བཀོད་པའི་ཁྱད་པར་མ་དམིགས་སོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་སྒྲ་རྣམས་ཀྱང་སེམས་ལྟར་བཀོད་པའི་ཁྱད་པར་གྱི་རྟེན་གྱི་ངོ་བོར་མི་འགལ་ལོ། །ཡི་གེ་ཙམ་ཞིག་ཅེས་བྱ་བ་ལ། ཉེས་པ་ཆུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་གྱི། ངེས་པར་མ་ཟིན་པའི་ཕྱིར་

གང་ལས་ཁྱད་པར་འཕགས་པའི་ཡི་གེ་ཡོད་པ་ནི་མ་ཡིན་ནོ། །དེ་དག་ཏུ་རྟོག་པ་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལ། ཡི་གེ་དག་ལས་མིང་དང་ཚིག་ཡོངས་སུ་རྟོག་པ་དོན་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མིང་གི་ཚོགས་ལ་སོགས་པ་

ནི་རྫས་སུ་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །གང་ལས་ཤེ་ན། ལུང་ལས་ཏེ། ཇི་སྐད་དུ་དགེ་སློང་དག་བརྙེས་པ་མཆོག་དང་། སྙན་པ་མཆོག་བརྙེས་པའི་དེ་དེ་བཞིན་གཤེགས་པ་ནི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་བརྙེས་པའོ་ཞེས་གསུངས་པ་ལྟ་བུའོ། །

བརྙེས་པ་ནི་རྙེད་པ་ཡིན་ན་དངོས་པོ་མེད་པ་ནི་བརྙེས་པར་མི་རུང་ངོ་། །གཞན་ཡང་ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ཞེས་བྱ་བ་ལ། དེ་ལྟར་ཡིད་ཆེས་པའི་ལུང་གི་ཚད་མ་ལས་འགྲུབ་པ་ཡིན་གྱི། ཆོས་ཁ་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་པ་ཡང་

เล่ม ๑๔๔ · หน้า 197a

ཡོད་དོ། །རྣམ་པའི་བྱེ་བྲག་བཤད་པ་བརྗོད་པར་འདོད་པས་དྲི་བ་བྱེད་པ་ནི། ཡང་ཅི་མིང་གི་ཚོགས་ལ་སོགས་པ་འདི་དག་གང་དང་ལྡན་པའམ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །གང་དང་ལྡན་ཞེས་བྱ་བ་ནི་ཁམས་གང་དང་ལྡན་ཞེས་བྱ་བའོ། །འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་

གྱི། གཟུགས་མེད་པར་གཏོགས་པ་ནི་མ་ཡིན་ཏེ། དེ་ན་ངག་མེད་པའི་ཕྱིར་རོ། །གཞན་དག་ན་རེ་གཟུགས་མེད་པར་གཏོགས་པ་ཡང་ཡོད་མོད་ཀྱི། དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ལ་གཞན་གྱི་ས་པའི་ངག་གིས་ས་གཞན་གྱི་མིང་གི་ཚོགས་ལ་སོགས་པ་དག་བརྗོད་པ་ནི་མ་

ཡིན་ལ། གཟུགས་མེད་པ་དག་ན་ངག་མེད་པས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་ནི་སེམས་ཅན་དུ་བགྲང་བ་ཡིན་ཏེ། འགོག་པ་གཉིས་མ་གཏོགས་པའི་སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་ལྡན་པ་མེད་པའི་ཕྱིར་རོ་གང་ཞིག་རྗོད་པར་བྱེད་པ་དེ་དག་དང་ལྡན་གྱི་ཞེས་བྱ་བ་ལ། གང་རྗོད་པར་བྱ་བ་དེ་དག་

དང་ལྡན་པར་འགྱུར་རོ་སྙམ་པའི་དོགས་པ་འདི་གང་ལས་ཤེ་ན། མིང་འདི་ནི་དོན་གྱི་ཡིན་ནོ་ཞེས་ཐ་སྙད་འདོགས་པ་ལས་སོ། །དེ་ལྟར་མིག་གི་དབང་པོ་དང་ལྟ་བ་པོ་ཁོ་ན་ལྡན་གྱི། བལྟ་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་གང་གི་ཚེ་མིང་རྗོད་པར་བྱེད་པ་དེའི་ཚེ་གང་དག་དང་ལྡན་པ་དེ་དག་ཁོ་

ནས་རྗོད་པར་བྱེད་དོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པའི་ཕྱིར། རྒྱུ་མཐུན་པ་ལས་བྱུང་བ་ཁོ་ན་ཡིན་གྱི། རྒྱས་པ་ལས་བྱུང་བ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་བསགས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མ་ཡིན་ཏེ། འདོད་དགུར་འབྱུང་བའི་ཕྱིར་རོ། །བཅོམ་ལྡན་

འདས་ཀྱིས་ནི་ལས་ཀྱི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་མིང་ཡང་ལས་ལས་སྐྱེས་པར་ང་སྨྲའོ་ཞེས་གསུངས་སོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཀྱང་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དགེ་བའི་རྩ་བ་ཀུན་དུ་ཆད་པ་ཆོས་དགེ་བ་རྣམས་བརྗོད་པ་ན་ཆོས་དགེ་བ་རྣམས་དང་མི་ལྡན་ལ།

དེ་དག་གི་མིང་དང་ནི་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཆོས་མི་དགེ་བ་དག་བརྗོད་པ་ན་ཞེས་བྱ་བ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་སྐལ་མཉམ་ཞེས་བྱ་བ་ལ། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་འབྱུང་བའི་ཕྱིར་ན་སེམས་ཅན་དུ་སྟོན་པ་ཁོ་ན་འོ། །དགེ་

เล่ม ๑๔๔ · หน้า 197b

བའི་རྩ་བ་ཀུན་དུ་ཆད་པ་རྣམས་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་ན་ལུང་དུ་མ་བསྟན་པའོ། །དེ་ནི་རྒྱུ་མཐུན་པ་འབའ་ཞིག་མ་ཡིན་གྱི། རྣམ་པར་སྨིན་པའང་ཡིན་ནོ། །དེ་ལ་རྣམ་པར་སྨིན་པ་ལས་སྐྱེད་པ་ནི་དཔེར་ན་དམྱལ་བ་ལ་སོགས་པ་དག་དང་སྐལ་

བ་མཉམ་པ་ལྟ་བུ་སྟེ། ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་མ་གཏོགས་པའི་རྒྱུ་མཐུན་པ་ལས་འབྱུང་བ་མེད་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་གཞན་པ་དགེ་བ་ལ་སོགས་པའི་ཆོས་ཀྱི་སྐལ་བ་མཉམ་པ་རྣམས་ནི་རྒྱུ་

མཐུན་པ་ལས་བྱུང་བའོ། །ཁམས་ཀྱི་དབྱེ་བས་ནི་མིང་གི་ཚོགས་ལ་སོགས་པ་ལྟར་འདོད་པ་དང་གཟུགས་སུ་གཏོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁམས་གསུམ་པ་སྟེ། སེམས་ཅན་འདྲ་བའོ་ཞེས་འབྱུང་བའི་ཕྱིར་དང་། སེམས་ཅན་རྣམས་ཀྱང་ཁམས་གསུམ་པ་ཡིན་

པའི་ཕྱིར་རོ། །ཐོབ་རྣམ་གཉིས་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་རྣམས་ཀྱི་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །ལྷག་མ་དགེ་བ་ལ་སོགས་པ་རྣམས་ཀྱི་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །རྒྱས་པ་ལས་བྱུང་བ་ནི་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །

མཚན་ཉིད་རྣམས་ཀྱང་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱི་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །ལྷག་མ་རྣམས་ཀྱི་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །རྒྱས་པ་ལས་བྱུང་བ་དག་ནི་མེད་དེ། གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིར་རོ། །སེམས་མེད་

པའི་སྙོམས་པར་འཇུག་པ་གཉིས་ནི་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པས་བསྡུས་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ནོ། །རྣམ་པར་སྨིན་པ་ནི་སྐྱེ་བའི་བསམ་གཏན་དང་།

གཟུགས་མེད་པ་གཉིས་ཁོ་ན་ཡིན་ནོ། །རྒྱས་པ་ལས་བྱུང་བ་དག་ཀྱང་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །མི་ལྡན་པ་ནི་མ་ཐོབ་པ་སྟེ། རྣམ་པར་སྨིན་པའི་མི་ལྡན་པ་ནི་རྣམ་པར་སྨིན་པ་ཡིན་པར་མི་རུང་སྟེ། དེའི་ཕྱིར་འདི་དག་གསུམ་ཀ་ཡང་རྒྱུ་མཐུན་པ་ལས་བྱུང་བ་ཡིན་

เล่ม ๑๔๔ · หน้า 198a

ནོ། །འདི་དག་གིས་བརྗོད་པར་བྱ་བ་ལྷག་མ་ཞེས་བྱ་བ་ནི་ཐོབ་པ་དང་། མཚན་ཉིད་དང་། སྙོམས་པར་འཇུག་པ་དང་མི་ལྡན་པ་དག་གིའོ། །ལྷག་མ་དེ་ཡང་གང་ཞིག་ཅེ་ན། ཐོབ་པ་རྣམས་དང་། སྙོམས་པར་འཇུག་པ་དག་དང་། མི་ལྡན་པའི་སེམས་ཅན་དུ་སྟོན་པ་ཉིད་

དང་། མཚན་ཉིད་པ་རྣམས་ཀྱི་སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་སྟོན་པ་མ་ཡིན་པ་དང་། ཐོབ་པ་རྣམས་དང་། མཚན་ཉིད་པ་རྣམས་ཀྱི་ཁམས་གསུམ་པ་ཉིད་དང་། མི་ལྡན་པ་ཉིད་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དང་། མི་ལྡན་པའི་ཁམས་གསུམ་པ་ཉིད་དང་

ལུང་དུ་མ་བསྟན་པ་ཉིད་དང་། སྙོམས་པར་འཇུག་པ་དག་གི་དགེ་བ་ཉིད་དང་། གཟུགས་སུ་གཏོགས་པ་ཉིད་དང་། གཟུགས་མེད་པར་གཏོགས་པ་ཉིད་དོ། །ལྡན་པ་ཞེས་བཤད་པའི་ཕྱིར་སེམས་ཅན་དུ་སྟོན་པ་ཉིད་བཤད་ཟིན་ཏོ། །འགོག་པ་གཉིས་མ་གཏོགས་པ་སེམས་ཅན་དུ་

བགྲང་བ་མ་ཡིན་པ་དང་ལྡན་པ་མེད་པའི་ཕྱིར་རོ། །ཇི་ལྟར་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཉིད་བཤད་ཅེ་ན། དགེ་བ་ལ་སོགས་ཞེས་བཤད་པའི་ཕྱིར་རོ། །ཇི་ལྟར་ཁམས་གསུམ་པ་ཉིད་དང་། མི་ལྡན་པ་ཉིད་བཤད་ཅེ་ན། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་

གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་བཤད་པའི་ཕྱིར་རོ། །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཞེས་འབྱུང་བའི་ཕྱིར་རོ། །མཚན་ཉིད་རྣམས་ཀྱི་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་དང་། ཁམས་གསུམ་པ་དང་། མི་ལྡན་པ་ཉིད་བཤད་དོ། །སེམས་ཀྱི་

རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཉིད་དོ། །འདུ་ཤེས་མེད་སྙོམས་འཇུག །བསམ་གཏན་ཐ་མར་ཞེས་བྱ་བ་དང་། དགེ་བའོ་ཞེས་འབྱུང་བའི་ཕྱིར། གཟུགས་ཀྱི་ཁམས་

དང་ལྡན་པ་དང་། དགེ་བ་བཤད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་དུ་བསྟན་པ་ཡང་ཡིན་ཏེ། སྐྱེས་ནས་མྱོང་འགྱུར་ཉིད་ཅེས་བཤད་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ཡང་སྲིད་རྩེ་སྐྱེས་ཞེས་བྱ་བ་དང་། དགེ་བའོ་ཞེས་བྱ་བ་འབྱུང་བའི་ཕྱིར་གཟུགས་མེད་པར་གཏོགས་

เล่ม ๑๔๔ · หน้า 198b

པ་དང་། དགེ་བ་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་དུ་སྟོན་པ་ཡང་ཡིན་ཏེ། དགེ་བ་འདུས་བྱས་ཡིན་པའི་ཕྱིར་རོ། །མི་ལྡན་པ་ནི་ཁམས་གསུམ་པ་ཁོ་ན་སྟེ། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །ཞེས་བཤད་པའི་ཕྱིར་རོ། །མ་ཐོབ་པ་ནི་སེམས་ཅན་དུ་སྟོན་པ་

ཡིན་ཏེ། རང་རྒྱུད་དུ་གཏོགས་པ་རྣམས་ཀྱིའོ་ཞེས་བཤད་པའི་ཕྱིར་རོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་ཏེ། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །ཞེས་བཤད་པའི་ཕྱིར་རོ། །འདུ་ཤེས་མེད་པ་པ་ནི་གཟུགས་སུ་གཏོགས་པ་དང་། སེམས་ཅན་དུ་སྟོན་པ་

དང་། ལུང་དུ་མ་བསྟན་པ་དང་། རྣམ་པར་སྨིན་པར་བཤད་དེ། རྣམ་སྨིན་དེ་འབྲས་ཆེ་ཞེས་འབྱུང་བའི་ཕྱིར་རོ། །སྲོག་ནི་ཁམས་གསུམ་པ་སྟེ། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དང་།

སེམས་ཅན་དུ་སྟོན་པ་དང་། ལུང་དུ་མ་བསྟན་པ་ཡང་ཡིན་ཏེ། སྲོག་གི་རྣམ་སྨིན་ཞེས་བཤད་པའི་ཕྱིར་རོ། །ལྡན་པ་མ་ཡིན་པ་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། རྣམ་པར་དཔྱད་པའི་སྒོ་ནས་ཏེ། ལྡན་པ་མ་ཡིན་པ་རྣམས་བཤད་ཟིན་ཏོ། །རྒྱུ་དང་རྐྱེན་

དང་སྦྲེལ་བར་བྱ་བའི་ཕྱིར། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་བཤད་པ། རྒྱུ་རྣམས་ནི་གང་། རྐྱེན་རྣམས་ནི་གང་ཞེ་ན་ཞེས་བྱེ་བྲག་ཏུ་འདྲི་བ། རྒྱུ་རྣམས་ལས་རྐྱེན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་ཅི་ཡང་མེད་དེ། འདི་སྐད་དུ། བཅོམ་ལྡན་

འདས་ཀྱིས་ཡང་དག་པའི་ལྟ་བ་བསྐྱེད་པ་ལ་རྒྱུ་གཉིས་དང་། རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །དེའི་ཕྱིར་རྒྱུ་དང་རྐྱེན་དག་དང་། བྱེད་རྒྱུ་དང་རྒྱུ་མཚན་ཞེས་བྱ་བ་ནི་རྣམ་གྲངས་དག་གོ་ཞེས་ཟེར་རོ། །གལ་ཏེ་ཁྱད་པར་མེད་ན་ཅིའི་ཕྱིར་བྱེ་

བྲག་ཏུ་བསྟན་ཅེ་ན། གདུལ་བ་ལ་ལྟོས་ནས་ཏེ། ཁམས་དང་སྐྱེ་མཆེད་བཞིན་ནོ། །འདི་ལྟར་རྐྱེན་ཁྱད་པར་མེད་པར་བསྟན་ལ། རྒྱུ་ནི་ཁྱད་པར་དུ་བསྟན་ཏོ། །གཞན་དག་ན་རེ་ཉེ་བ་ནི་རྒྱུ་ཡིན་ལ། རིང་བ་ནི་རྐྱེན་ཡིན་ནོ་ཞེས་ཟེར་རོ། །བྱེད་རྒྱུ་ལྷན་ཅིག་འབྱུང་ཉིད་དང་། །ཞེས་བྱ་བ་

เล่ม ๑๔๔ · หน้า 199a

རྒྱས་པར་འབྱུང་བ་ལ། དེ་ཉིད་ཅེས་བྱ་བའི་ཚིག་ཕྲད་གཉིས་ནི་གོ་རིམས་བཞིན་དུ་བསྡུ་བ་ངེས་པར་གཟུང་བ་སྟེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་གཉིས་ཁོ་ན་འདུས་བྱས་ཐམས་ཅད་ལ་ཁྱབ་པ་ཉིད་དུ་ངེས་པར་འཛིན་པར་བྱེད་དོ། །གང་དག་བསྟན་བཅོས་འདིར་ཐ་

སྙད་དུ་བྱེད་པ་དྲུག་པོ་འདི་རྣམས་རྒྱུ་ཡིན་ནོ། །འཐོབ་པར་བྱེད་པས་ན་རྒྱུ་སྟེ། དངོས་པོས་སྐྱེ་བ་ཐོབ་པར་བྱེད་དུ་འཇུག་ཅེས་བྱ་བའི་དོན་ཏོ། །བྱེད་པ་ཉིད་རྒྱུ་ཡིན་པ་ནི་བྱེད་རྒྱུའོ། །ལྷན་ཅིག་འབྱུང་བ་ཡང་དེ་ཡིན་ལ། རྒྱུ་ཡང་ཡིན་པས་སམ། ལྷན་ཅིག་འབྱུང་བ་རྣམས་ཀྱི་རྒྱུ་ནི་ལྷན་

ཅིག་འབྱུང་བའི་རྒྱུའོ། །སྐལ་བ་མཉམ་པའི་རྒྱུ་ནི་སྐལ་བ་མཉམ་པའི་རྒྱུའོ། །མཚུངས་པར་ལྡན་པ་རྣམས་ཀྱི་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུའོ། །ཀུན་དུ་འགྲོ་བ་ཡང་དེ་ཡིན་ལ་རྒྱུ་ཡང་ཡིན་པས་ན་ཀུན་དུ་འགྲོ་བའི་རྒྱུའོ། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ། །ཡང་

ཅི་ལྟར་བཅོམ་ལྡན་འདས་ཀྱིས་མ་བསྟན་པའི་རྒྱུ་རྣམས་ཀྱིས་བསྟན་བཅོས་སུ་ཐ་སྙད་བྱེད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་ནི་དེ་ལྟ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མ་བསྟན་པ་ནི་འགའ་ཡང་ཆོས་མངོན་པར་སྤྲོས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡང་ནུབ་པའི་ཕྱིར་རང་གི་ངོ་བོས་

དམིགས་པ་མེད་མོད་ཀྱི། འོན་ཀྱང་གདུལ་བའི་དབང་གིས་ལ་ལ་ལས་རྣམ་པ་གཞན་གྱི་སྒོ་ནས་ཉེ་བར་བསྟན་པའི་ས་བོན་ཙམ་མཐོང་བས་ཡོད་པ་ཉིད་དུ་དམིགས་ནས་ཆོས་མངོན་པར་གསལ་བར་མཛད་པ་ཡིན་ནོ། །འདི་ལྟར། མདོ་སྡེ་དེ་དང་དེར་རྒྱུ་འདི་རྣམས་སྦྱར་བར་

སྣང་སྟེ། དཔེར་ན་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནི་བྱེད་རྒྱུ་སྟེ། འདི་ནི་སྐྱེད་པར་བྱེད་པ་དང་གེགས་མི་བྱེད་པའི་ངོ་བོར་རྣམ་པར་གཞག་གོ། །ཚོར་བ་དང་། འདུ་ཤེས་དང་། སེམས་པ་ནི་ལྷན་ཅིག་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་

རྒྱུ་སྟེ། འདི་ནི་ཕན་ཚུན་རྗེས་སུ་འཇུག་པས་བྱ་བ་གཅིག་པའི་དོན་གྱིས་རྣམ་པར་གཞག་གོ། །དགེ་བའི་རྩ་བ་གཞན་སྐྱེ་བར་འགྱུར་བ་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་རྡུལ་དང་མཉམ་པ་ཞིག་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་ནི་འདིར་སྐལ་བ་མཉམ་པའི་རྒྱུ་བསྟན་པར་མངོན་ནོ། །མཐོང་བའི་

เล่ม ๑๔๔ · หน้า 199b

རྩ་བ་ཅན་གྱི་དད་པ་ནི་རིག་ནས་ཤེས་པ་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདི་ནི་དམིགས་པ་གཅིག་པའི་དོན་གྱི་རྣམ་པར་གཞག་གོ། །ལྟ་བར་གྱུར་པ་གང་ཅུང་ཟད་ཅིག་འབྱུང་བ་དེ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ནོ་ཞེས་བྱ་བ་འདི་ནི་ཀུན་དུ་

འགྲོ་བའི་རྒྱུ་འོ། །འདིར་ལས་དགེ་བ་ཟག་པ་དང་བཅས་པ་བསྒོམས་པ་ལས་བྱུང་བ་བྱས་པའི་རྣམ་པར་སྨིན་པ་ནི་དེར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ་ཞེས་བྱ་བ་འདི་ནི་རྣམ་པར་སྨིན་པའི་རྒྱུ་སྟེ། འབྲས་བུ་མི་འདྲ་བ་འཕེན་པར་བྱེད་པ་ཉིད་དུ་རྣམ་པར་

གཞག་གོ། །དེ་ལྟར་ན་རྒྱུ་དེ་དག་སྟོན་པ་སངས་རྒྱས་ཀྱིས་ཉེ་བར་བསྟན་མོད་ཀྱི། མདོ་སྡེ་པ་རྣམས་ཀྱིས་ནི་རབ་ཏུ་སྡང་བས་མ་མཐོང་ངོ་། །རྒྱུ་རྣམས་ནི་དྲུག་གོ་ཞེས་གྲངས་དྲུག་ཏུ་ཡོངས་སུ་ཆད་པའི་མདོ་ནི་རྩ་བའི་བསྡུས་པ་ཉམས་པས་གཅིག་ལས་འཕྲོས་པའི་ལུང་དུ་ཉམས་མོད་ཀྱི། དེ་

གནས་བརྟན་ཀཱ་ཏྱཱ་ཡ་ནའི་བུ་ལ་ལྷས་ཉེ་བར་གཏད་པ་ཡིན་ནོ། །དེའི་ཕྱིར་མདོའི་དོན་ཁོ་ན་རྣམ་པར་བཤད་པ་ཁོ་ན་ཡིན་གྱི། མདོ་དང་འགལ་བ་ནི་མ་ཡིན་ནོ། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བྱ་བ་ལ། བདག་ཉིད་ལ་བྱེད་པ་མི་སྲིད་པའི་ཕྱིར་ན་རང་ལས་གཞན་པ་ཞེས་བྱ་བ་

སྨོས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །མྱ་ངན་ལས་འདས་པ་ནི་འཇུག་པ་དང་འགལ་བའི་ཕྱིར་ལ། ལམ་ནི་ཉོན་མོངས་པ་སྐྱེ་བ་དང་འགལ་བའི་ཕྱིར་ཇི་ལྟར་ཆོས་ཐམས་ཅད་བྱེད་རྒྱུ་ཉིད་ཡིན་ཞེ་ན། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་

ཕྱིར་རོ། །འབྲས་བུ་མི་སྐྱེ་བ་ནི་རྣམ་པ་གཉིས་ཏེ། རྒྱུ་མེད་པའི་ཕྱིར་དང་། གེགས་བྱེད་པ་ཡོད་པའི་ཕྱིར་རོ། །བཟློག་སྟེ་རྒྱུ་ཡོད་ཕྱིར་དང་། གེགས་བྱེད་པ་མེད་པའི་ཕྱིར་ནི་སྐྱེ་བ་ཡིན་པས་གེགས་མི་བྱེད་པའི་ངོ་བོར་གནས་པ་ལས་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཡིན་པར་གྲུབ་པོ། །

རྒྱུ་དང་རྐྱེན་རྣམས་ཚོགས་ན་སྐད་ཅིག་མས་བར་ཆོད་པ་མེད་པས་འབྱུང་བའི་ཆོས་ལ་ནི་སྐྱེ་བཞིན་པ་ཞེས་བརྗོད་དོ། །ཟག་པ་གང་དག་མི་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་ཤེས་པ་ནི་ཟག་པ་ལ་སྐྱེ་བ་ལ་གཙོ་བོའི་རྒྱུ་ཡིན་ཏེ། དེའི་ཕྱིར་ཟག་པ་གང་དག་མི་ཤེས་པ་དེ་ལ་དེ་

เล่ม ๑๔๔ · หน้า 200a

དག་ནི་ཤེས་པ་དེ་ལ་མི་སྐྱེ་སྟེ། ཤེས་པས་དེ་དག་གི་རྒྱུ་མི་ཤེས་པ་སྤངས་པའི་ཕྱིར་རོ། །ཉི་མའི་འོད་ཀྱིས་ཀྱང་སྐར་མ་ཟིལ་གྱིས་གནོན་པ་དེའི་ཕྱིར་མིག་གི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། དེའི་ཕྱིར་འདི་ལས་མཐོང་བ་མི་འབྱུང་བ་ཡིན་ན་ཇི་ལྟར་རང་ལས་གཞན་པ་

བྱེད་རྒྱུའི་རྒྱུ་ཡིན་ཞེ་ན། བཤད་པ། སྐྱེ་བཞིན་པ་མ་ཡིན་པ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་བྱེད་རྒྱུ་ཞེས་མི་བྱ་སྟེ། འོ་ན་ཅི་ཞེ་ན། སྐྱེ་བཞིན་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱུ་དང་རྐྱེན་རྣམས་ཚོགས་ན་བར་མེད་པར་འབྱུང་བའི་ཆོས་ནི་སྐྱེ་བཞིན་པ་

ཞེས་བྱ་སྟེ། སྐྱེ་བཞིན་པ་གེགས་བྱེད་པ་ཐམས་ཅད་དང་བྲལ་བ་དེ་སྐྱེད་པ་ལ་ཆོས་ཐམས་ཅད་གེགས་མི་བྱེད་པའི་ངོ་བོར་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་འོངས་པ་ཉིད་དུ་མཚུངས་པ་བཞིན་དུ་ད་ལྟར་བའི་ངོ་བོར་བྱ་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་གནས་སྐབས་དེ་ལ་སྐྱེ་བཞིན་པ་ཞེས་བྱའོ། །

རེ་ཞིག་སྐྱེ་བ་ལ་གེགས་བྱེད་ནུས་པ་རྣམས་ནི་ཞེས་བྱ་བ་ནི་དཔེར་ན་ཟག་པ་སྐྱེ་བ་ལ་ཤེས་པ་དང་། སྐར་མ་རྣམས་མཐོང་བ་ལ་ཉི་མའི་འོད་ལྟ་བུའོ། །དཔེར་བརྗོད་པ་སྨྲས་པ་ནི། དཔེར་ན་སྤྱོད་པར་བྱེད་པ་མི་འཚེ་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲོང་དཔོན་མི་འཚེ་བ་ལ་བསམས་

ནས་གྲོང་མི་རྣམས་བདག་ཅག་ནི་རྗེ་བོས་བདེ་བར་བྱས་སོ་ཞེས་ཟེར་བ་ལྟ་བུའོ། །ཅིའི་ཕྱིར་དེ་དག་དེ་སྐད་ཟེར་བར་འགྱུར་ཞེ་ན། གང་གི་ཕྱིར་དེ་འཚེ་བར་བྱེད་པར་ནུས་ལ། འཚེ་བ་ཡང་མི་བྱེད་པའི་ཕྱིར་རོ། །གང་ཞིག་གེགས་བྱེད་པར་མི་ནུས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་

པ་འབྱུང་ངོ་། །དཔེར་ན་ཆོས་ཐམས་ཅད་སྐྱེ་བ་ལ་མྱ་ངན་ལས་འདས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མྱ་ངན་ལས་འདས་པ་དང་མི་སྐྱེ་བའི་ཆོས་ཅན་རྣམས་ལ་ནི་འདུ་བྱེད་སྐྱེ་བའི་གེགས་བྱེད་པར་ནུས་པ་མེད་ན་ཇི་ལྟར་ཐམས་ཅད་སྐྱེ་བ་ལ་རྒྱུ་ཡིན། དམྱལ་བ་ལ་སོགས་

པ་དག་ཅེས་བྱ་བ་ལ། དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དག་གཟུགས་མེད་པའི་ཕུང་པོ་སྐྱེ་བ་ལ་ཇི་ལྟར་རྒྱུའི་དངོས་པོ་ཡིན། དམྱལ་བ་ལ་སོགས་པ་སྨོས་པ་ནི་མི་ལ་སོགས་པ་རྣམས་ནི་རེས་འགའ་ཉེ་བར་བསྟན་པ་ལ་སོགས་པའི་སྒོ་ནས་འགྱུར་རོ་སྙམ་དུ་བསམས་པའོ། །མྱ་ངན་

เล่ม ๑๔๔ · หน้า 200b

ལས་འདས་པ་ལ་སོགས་པ་དེ་དག་མེད་ཀྱང་ཡོད་པ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གེགས་བྱེད་མི་ནུས་པར་འགྱུར་རོ། །ཡོད་དམ་མེད་ཀྱང་རུང་སྟེ། གེགས་བྱེད་པར་ནུས་པ་གེགས་མི་བྱེད་པ་དང་། བྱེད་པར་མི་ནུས་པ་མི་བྱེད་པའི་ངོ་བོར་ཁྱད་པར་འགའ་ཡང་མེད་དེ། གཉིས་ཀ་ཡང་དེ་ལ་བྱེད་པ་མཚུངས་པའི་ཕྱིར་རོ། །

སྤྱོད་པར་བྱེད་པ་མི་ནུས་བཞིན་དུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྤྱོད་པར་བྱེད་པ་འཚེ་བར་མི་ནུས་པ་ལ་ཡང་གྲོང་གི་མི་རྣམས་རྗེ་བོས་བདག་ཅག་བདེ་བར་བྱས་སོ་ཞེས་དེ་སྐད་དུ་འཛེར་བ་ཡོད་པས་འདིའི་དཔེ་ནི་སྔར་གྱི་གང་ཡིན་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར་དཔེ་འདི་ཉིད་ཀྱིས་མྱ་ངན་ལས་འདས་པ་ལ་

སོགས་པ་གེགས་བྱེད་པར་མི་ནུས་པ་རྣམས་ཀྱང་གེགས་མི་བྱེད་པའི་ངོ་བོར་གནས་པ་ལས་བྱེད་རྒྱུར་གྲུབ་པོ། །འདིར་ནི་སྤྱིར་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་བྱེད་རྒྱུའི་གཙོ་བོ་དང་། གང་ཞིག་བྱེད་རྒྱུའི་གཙོ་བོ་མ་ཡིན་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་

བྱ་བ་བཤད་པའོ། །བྱེད་རྒྱུའི་གཙོ་བོ་གང་ཡིན་པ་དེ་ནི་ཞེས་བྱ་བ་རྒྱས་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་བྱེད་རྒྱུའི་རྒྱུ་ཞེས་བྱའོ། །བྱེད་རྒྱུ་ཉིད་ལ་ལྟོས་ནས་རྒྱུ་ཡིན་ཏེ། སྐྱེད་པར་བྱེད་པའི་ངོ་བོས་བྱེད་པ་དང་ལྡན་པའི་ཕྱིར་ཡིན་གྱི། གེགས་མི་བྱེད་པའི་ངོ་བོ་ཙམ་དུ་གནས་པའི་ཕྱིར་ནི་མ་ཡིན་ནོ། །དཔེར་ན་

མིག་གི་རྣམ་པར་ཤེས་པ་ལ་མིག་དང་གཟུགས་དག་དང་ཞེས་བྱ་བ་ལ་དེ་ལ་མིག་ནི་རྟེན་གྱི་རྒྱུའོ། །གཟུགས་ནི་གནས་ཀྱི་རྒྱུའོ། །ཡང་ན་མིག་ནི་རྒྱུའི་རྐྱེན་ནོ། །གཟུགས་ནི་དམིགས་པའི་རྐྱེན་ནོ། །རྣ་བ་ལ་སོགས་པ་རྣམས་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །ལུས་ལ་ཟས་དང་ཞེས་བྱ་བ་ལ་ཅི་ཞེ་ན། བསྐྱེད་པར་བྱ་བར་

ནུས་པ་ཡོད་དེ་ཞེས་བྱ་བར་སྦྱར་ཏེ། ཟས་ཀུན་འབྱུང་བ་ལས་ལུས་ཀུན་དུ་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །མྱུ་གུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ས་བོན་དང་མྱུ་གུ་དང་ལོ་མ་དང་ཚིགས་འཆས་པ་སོགས་པ་དག་བསྡུའོ། །ཡང་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་ཞིང་ལ་

སོགས་པ་གཟུང་ངོ་། །གང་ཞིག་འདི་སྐད་དུ་ཞེས་རྒྱས་པར་འབྱུང་བ་ལ། །རྒྱུ་ཡོད་ན་འབྲས་བུར་འགྱུར་རོ་སྙམ་དུ་བསམས་ནས་རྒོལ་བའོ། །ཅིའི་ཕྱིར་ཐམས་ཅད་ཅིག་ཅར་སྐྱེ་བར་མི་འགྱུར་ཏེ། ཇི་ལྟར་སྲོག་གཅོད་པ་ལ་བྱེད་པ་པོ་སྲོག་གཅོད་པ་ལ་བརྟེན་པར་འགྱུར་བ་དེ་བཞིན་དུ་ཐམས་ཅད་ཀྱང་ཅིའི་

เล่ม ๑๔๔ · หน้า 201a

ཕྱིར་དེ་བརྟེན་པར་མི་འགྱུར། བྱེད་པ་པོའི་ངོ་བོས་ནི་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོའི་ངོ་བོས་ནི་མ་ཡིན་པ་སྟེ། དེའི་ཕྱིར་འདི་ཀླན་ཀ་མ་ཡིན་ནོ། །གཞན་དག་ན་རེ་གེགས་མི་བྱེད་པའི་ངོ་བོ་ཉིད་དུ་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཐམས་ཅད་སྐྱེ་བ་ལ་བྱེད་རྒྱུ་ཐམས་ཅད་ནུས་

པ་ཡོད་དོ་ཞེས་ཟེར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་སྐྱེ་སྟེ་ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་ལྟ་བ་དང་མཚུངས་པར་ལྡན་པ་དགེ་བ་དང་། ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་མི་དགེ་བ་མྱ་ངན་ལས་འདས་པ་ལ་དམིགས་པ་སྐྱེ་བ་ཡིན་

ལ། དེ་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་བརྒྱུད་པའི་སྒོ་ནས་མྱ་ངན་ལས་འདས་པ་དེ་ཡང་རྐྱེན་དུ་གྱུར་པའི་ཕྱིར་ནུས་པ་ཡོད་དོ། །གང་ལ་ཞེ་ན། མིག་གི་རྣམ་པར་ཤེས་པ་ལའོ། །དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ། དམྱལ་བ་ལ་སོགས་པ་དག་གིས་ཀྱང་གཟུགས་

མེད་པའི་ཕུང་པོ་སྐྱེད་པར་ནུས་སོ། །ཅི་ལྟར་ཞེ་ན། ཀྱེ་མ་དམྱལ་བ་དང་ཡི་དགས་ལ་སོགས་པ་འདི་དག་ནི་མཆོག་ཏུ་སྡུག་བསྔལ་བ་ཞིག་གོ་སྙམ་དུ་དམྱལ་བ་ལ་སོགས་པ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ལ། དེ་རིམ་གྱིས་ཚུལ་ཁྲིམས་ལ་གནས་པ་རབ་ཏུ་བསྒོམ་པ་

ལ་རབ་ཏུ་སྦྱོར་བ་ལས་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཐལ་བའི་སྨན་དང་། ཚེར་མ་ལ་སོགས་པ་དང་ཕྲད་པ་ཡང་ཚོར་བ་བདེ་བའི་རྒྱུ་ཡིན་ཏེ། དེ་ནི་བདེ་བའི་དངོས་ཀྱི་ལ། སྡུག་བསྔལ་གྱི་རྒྱུ་ནི་བརྒྱུད་པའི་སྒོ་ནས་ཡིན་ནོ། །བྱེད་པའི་རྒྱུ་

བཤད་ཟིན་ཏོ།། །།ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས་རྒྱུ་ཞེས་བྱ་བར་སྦྱར་རོ། །འདི་ལ་ཁ་ཅིག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་ཕན་ཚུན་འབྲས་བུར་གྱུར་པ་དག་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་དོ། །དེ་ལྟར་ན་ཕན་ཚུན་འབྲས་བུར་མ་ཡིན་པ་རྣམས་ལྷན་ཅིག་

འབྱུང་བའི་རྒྱུ་ཉིད་ཡིན་པས་གསལ་བར་འགྱུར་ཏེ། དེའི་ཕྱིར་ཆོས་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་ཕན་ཚུན་འབྲས་བུ་ཡིན་པ་དང་། རིང་བ་མ་ཡིན་པར་འགྱུར་ན་ལྷན་ཅིག་འབྱུང་བ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ན་ཞེས་ངེས་པར་

เล่ม ๑๔๔ · หน้า 201b

གཟུང་བར་བྱའོ། །མཚུངས་པར་ལྡན་པའི་རྒྱུར་ཐལ་བ་ཡང་ཡིན་ཏེ། དེ་ནི་ཉེ་བ་རྣམས་ཁོ་ནའི་ཡིན་ནོ། །དེ་ལྟ་ཡིན་དང་ལྷན་ཅིག་འབྱུང་བ་ཐམས་ཅད་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་ཉེ་བར་གཟུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་ཞེས་བཤད་དེ།

ཕན་ཚུན་གྱི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་དང་ལྷན་ཅིག་འབྱུང་བས་ན་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ་ཞེས་བྱ་བ་སྨོས་སོ། །འདི་དཔེ་མེད་པར་རྟོགས་པར་མི་ནུས་པས་འདྲི་བར་བྱེད་པ་ནི། དཔེར་ན་ཇི་ལྟ་བུ་ཞེས་བྱ་བའོ། །འདིར་

རྒོལ་བའི་ཚིག་ནི། བཞིན་ཞེས་བྱ་བའི་དོན་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་དཔེར་བརྗོད་པའི་ཕྱིར་རོ་ཞེ་ན། འདིར་ཐམས་ཅད་དཔེར་བརྗོད་པ་མ་ཡིན་གྱི། འོན་ཀྱང་གང་ཞིག་བཞིན་ནོ་ཞེས་བྱ་བས་ཉེ་བར་སྟོན་པ་དཔེར་མ་བརྗོད་པ་ཡང་ཡོད་དོ། །དེ་ཡང་གང་ཞེ་ན། སེམས་ཀྱི་རྗེས་སུ་

འཇུག་པ་ཕན་ཚུན་དང་། མཚན་ཉིད་རྣམས་ཕན་ཚུན་ནོ། །འབྱུང་བ་ཆེན་པོ་བཞི་དག་ནི། །ཞེས་བྱ་བ་ལ། རྫས་ལྷག་མ་ཡོད་ཀྱང་གསུམ་གཅིག་གི་ཡིན་ཏེ། རང་གི་ངོ་བོ་ལ་མི་ལྟོས་པའི་ཕྱིར་དང་། རྫས་སྐལ་བ་མཉམ་པ་ལ་མི་ལྟོས་པ་ཡིན་ནོ། །དེ་ལྟར་འདུས་བྱས་ཐམས་ཅད་

ཅེས་གང་བཤད་པ་ཧ་ཅང་ཐལ་བ་དང་། ཅི་རིགས་པར་ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། ཐམས་ཅད་ལན་ཅིག་འབྱུང་བའི་རྒྱུ་ཡིན་གྱི། ཐམས་ཅད་ཀྱང་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཅི་རིགས་པར་ཏེ། འབྲེལ་པ་ལས་འཆད་དོ། །ཕན་ཚུན་འབྲས་བུ་ཉིད་

མེད་བཞིན་དུ་ཆོས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ནི་གཙོ་བོ་ཡིན་པའི་ཕྱིར་མཐུན་པའི་མཚན་ཉིད་རྣམས་ཀྱི་ཡིན་གྱི། དེ་དག་ནི་དེའི་མ་ཡིན་ཏེ། རིང་བའི་ཕྱིར་དང་། ཆོས་གཅིག་ལ་འཇུག་པའི་ཕྱིར་རོ། །ཁ་བསྐང་བར་བྱའོ་ཞེས་བྱ་བ་ནི་ཉེ་བར་ཁ་བསྐང་བར་བྱའོ་

ཞེས་བྱ་བའོ། །ཅིའི་ཕྱིར་དེ་ལྟར་མཚན་ཉིད་མ་ཁྱབ་པ་བྱས་ཤེ་ན། ལྷན་ཅིག་འབྱུང་བའི་རྒྱུ་ནི་འདུས་བྱས་ཀྱི་ཆོས་འབྲས་བུ་གཅིག་པ་རྣམས་ཀྱི་འོ་ཞེས་བསྟན་བཅོས་ལས་དེ་སྐད་འདོན་པའི་ཕྱིར་རོ། །བསྟན་བཅོས་ལས་སེམས་ཀྱི་རྗེས་སུ་འཇུག་པའི་གཟུགས་སེམས་ཀྱི་ལྷན་ཅིག་འབྱུང་

เล่ม ๑๔๔ · หน้า 202a

བའི་རྒྱུར་མ་བཤད་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་འབྱུང་བ་རྣམས་ངེས་པར་ལྷན་ཅིག་འབྱུང་བ་ཡིན་གྱི། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ནི་སེམས་ཐམས་ཅད་དང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། མཉམ་པར་མ་བཞག་པའི་

སེམས་ལ་དེ་དག་མེད་པའི་ཕྱིར་རོ། །དུས་དང་ནི། འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་བྱ་བ་ལ། འབྲས་བུ་ལ་སོགས་པ་དག་དང་། དགེ་བ་ལ་སོགས་པ་དག་གི་ཡིན་པས་ན། དུས་དང་ནི། འབྲས་སོགས་དགེ་བ་ལ་སོགས་པས་སོ། །རེ་ཞིག་དུས་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་

དང་ལྷན་ཅིག་སྐྱེ་བ་དང་། གནས་པ་གཅིག་པ་དང་། འགག་པ་གཅིག་པ་དང་། དུས་གཅིག་ཏུ་གཏོགས་པའོ། །དེའི་དངོས་པོ་ནི་དུས་གཅིག་ཏུ་གཏོགས་པ་ཉིད་དེ། བཞི་པ་དུས་གཅིག་ཏུ་གཏོགས་པ་ཉིད་དེས་སོ། །གལ་ཏེ་སྐྱེ་བ་གཅིག་པ་ལ་སོགས་པ་སྨོས་པ་ཉིད་ཀྱིས་དུས་གཅིག་ཏུ་གཏོགས་པ་ཉིད་

ཀྱང་ཁོང་དུ་ཆུད་པ་ཉིད་མ་ཡིན་ནམ་དུས་གཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ་ཞེས་ཡང་ཅིའི་ཕྱིར་སྨོས་ཤེ་ན། མི་སྐྱེ་བའི་ཆོས་ཅན་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་དུས་གཅིག་ཏུ་གཏོགས་པ་ཉིད་ཡིན་ལ་རག་མོད་ཅེ་ན། དེ་ལྟ་ན་ཡང་དུས་གཅིག་པ་ཁོ་ན་རྟོགས་པར་འགྱུར་རོ། །འབྲས་བུ་སྨོས་པས་ནི་སྐྱེས་

བུ་བྱེད་པ་དང་། བྲལ་བའི་འབྲས་བུ་བསྡུའོ། །གལ་ཏེ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་གཉིས་ཀྱང་འབྲས་བུའི་རང་བཞིན་ཉིད་མ་ཡིན་ནམ། དེ་དག་ལོགས་སུ་ཅིའི་ཕྱིར་སྨོས་ཤེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྣམ་པ་བཞི་སྟེ། ལྷན་ཅིག་དང་། མཇུག་ཐོགས་དང་། དུས་གཞན་དུ་སྐྱེ་བ་དང་།

མི་སྐྱེ་བའོ། །ལྷན་ཅིག་སྐྱེ་བ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་གཉིས་ཀྱི་སྟེ། འདི་གཉིས་ཀྱི་འབྲས་བུ་ནི་ལྷན་ཅིག་སྐྱེའོ། །མཇུག་ཐོགས་སུ་སྐྱེ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དུས་གཞན་དུ་སྐྱེ་བ་ནི་དཔེར་ན་རྣམ་པར་སྨིན་

པའི་འབྲས་བུ་ལྟ་བུ་སྟེ། ཐར་པའི་ཆ་དང་མཐུན་པ་རྣམས་ཀྱི་བྱང་ཆུབ་གསུམ་ལ་སོགས་པའོ། །མི་སྐྱེ་བ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱི་བྲལ་བའི་འབྲས་བུའོ། །དེའི་ཕྱིར་འདིར་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་རྒྱུ་དང་ལྷན་ཅིག་འབྱུང་བ་མ་ཡིན་པ་དག་ལོགས་ཤིག་ཏུ་སྨོས་སོ། །རྣམ་པར་སྨིན་

เล่ม ๑๔๔ · หน้า 202b

པ་དང་རྒྱུ་མཐུན་པའི་འབྲས་བུ་དག་ནི་རྒྱུ་དང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ནི་དུས་གཞན་དུ་སྐྱེ་བ་དང་། མཇུག་ཐོགས་སུ་སྐྱེ་བ་ཡིན་ནོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ལྷན་ཅིག་འབྱུང་བ་མ་ཡིན་པ་དེ་དག་དང་ལྷན་ཅིག་བསྟན་ན་སྐྱེས་བུ་བྱེད་པའི་འབྲས་བུ་ལྷན་

ཅིག་སྐྱེ་བ་ཁོ་ན་འཛིན་པར་འགྱུར་ཏེ། རང་གི་ངོ་བོ་རང་གི་ངོ་བོའི་འབྲས་བུ་མ་ཡིན་པས་ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་སྨོས་པས་ནི་སྐྱེས་བུ་བྱེད་པ་དང་བྲལ་བའི་འབྲས་བུ་དག་འཛིན་ཏོ། །བདག་པོའི་འབྲས་བུ་ཅིའི་ཕྱིར་མ་བསྡུས་ཤེ་ན། དེ་ནི་ཆོས་ཐམས་ཅད་ཀྱི་

འབྲས་བུ་ཡིན་གྱི། སེམས་ཀྱི་རྗེས་སུ་འཇུག་པ་རྣམས་ཁོ་ནའི་ནི་མ་ཡིན་ནོ། །གཅིག་ཅེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་པའི་དོན་དུ་བལྟ་བར་བྱ་སྟེ། སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་དང་ཞེས་བྱ་བ་དེའི་སྒྲ་གང་ཡིན་པ་དེ་ནི་སྔ་མའོ། །གཅིག་ཅེས་བྱ་བའི་སྒྲ་ཕྱི་མ་ནི་ཐུན་མོང་གི་

དོན་དུ་རིག་པར་བྱའོ། །དེ་ལྟར་ན་རྒྱུ་བཅུས་ཞེས་བྱ་བ་ལ། དུས་ལས་བཞི་དང་། འབྲས་བུ་ལས་གསུམ་དང་། དགེ་བ་ལ་སོགས་པ་གསུམ་ཉིད་ཀྱིས་སོ། །འདིར་ནི་མཉམ་པའི་རྣམ་པ་ཅི་རིགས་པར་ཡོངས་སུ་བགྲང་གི །ཐམས་ཅད་ལ་ཐམས་ཅད་ནི་མ་ཡིན་ནོ། །དེ་ལ་དགེ་བ་ལ་སོགས་པ་རྣམས་ནི་ཕན་

ཚུན་དུ་བདག་ཉིད་ཀྱི་རང་གི་ངོ་བོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཟག་པ་མེད་པ་རྣམས་ལ་ནི་རྣམ་པར་སྨིན་པའི་འབྲས་བུ་མེད་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་མེད་དོ། །རྣམ་པར་གྲོལ་བའི་ལམ་ལ་སོགས་པ་ཟག་པ་མེད་པ་གཞན་རྣམས་ལ་ནི་རྣམ་

པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མེད་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་གཉིས་ཀྱང་མེད་དོ། །དགེ་བ་ཟག་པ་དང་བཅས་པ་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་རྣམས་ལ་ནི་འབྲས་བུ་ཐམས་ཅད་ཡོད་དོ། །མི་དགེ་བ་དང་ལུང་དུ་མ་བསྟན་པ་གཉིས་ནི་མེད་དོ། །དགེ་བ་ཟག་པ་དང་བཅས་པ་གཞན་

རྣམས་དང་། མི་དགེ་བ་རྣམས་ལ་ནི་བྲལ་བའི་འབྲས་བུ་མ་གཏོགས་པ་ཡོད་དེ། གང་གི་ཕྱིར་བྲལ་བའི་འབྲས་བུ་ནི་བར་ཆད་མེད་པའི་ལམ་ཁོ་ནའི་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་རྣམས་ལ་ནི་རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དང་། དགེ་བ་དང་། མི་དགེ་བ་མ་གཏོགས་པ་ཡོད་དོ། །དེ་

เล่ม ๑๔๔ · หน้า 203a

ལྟར་ན་ཁ་ཅིག་ནི་རྒྱུ་དྲུག་གིས་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ལ། ཁ་ཅིག་ནི་བདུན་གྱིས་ཡིན་ཞིང་ཁ་ཅིག་ནི་བརྒྱད་ཀྱིས་ཡིན་ནོ། །དེ་ལ་སེམས་ནང་ན་ཉུང་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་གཏན་གཉིས་པ་ལ་སོགས་པ་དག་དང་། གཟུགས་མེད་པ་དག་གི་མ་བསྒྲིབས་

ལ་ལུང་དུ་མ་བསྟན་པ་ནི་འཁོར་ཉུང་བའི་ཕྱིར་ཉུང་བ་ཞེས་བྱའོ། །དེ་དག་གི་མཚན་ཉིད་ཅེས་བྱ་བ་ནི་ས་མང་པོ་པ་བཅུའི་མཚན་ཉིད་དོ། །དེ་དག་གི་མཐུན་པའི་མཚན་ཉིད་རྣམས་ཀྱི་ནི་མ་ཡིན་ཏེ། རིང་བའི་ཕྱིར་རོ། །ཉེ་བའི་ཕྱིར་རང་གི་མཚན་ཉིད་རྣམས་ཀྱི་ནི་ཡིན་ཏེ། དེའི་ཕྱིར། རང་གི་མཚན་ཉིད་

དང་མཐུན་པའི་མཚན་ཉིད་བརྒྱད་ཀྱི་ཡིན་ནོ་ཞེས་བྱ་བ་སྨོས་སོ། །རང་གི་མཐུན་པའི་མཚན་ཉིད་རྣམས་མ་གཏོགས་པ་རྣམས་སོ་ཞེས་བྱ་བ་ལ། དེ་དག་ཅིའི་ཕྱིར་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཞེ་ན། དེ་དག་སེམས་ཀྱི་མཚན་ཉིད་རྣམས་ཁོ་ན་ལ་བྱེད་པ་དང་ལྡན་པས་ཆོས་གཅིག་ལ་འཇུག་པའི་

ཕྱིར་དང་། རིང་བའི་ཕྱིར་རོ། །གཞན་དག་ན་རེ་བཅུ་བཞི་ཡིན་ཏེ། མཐུན་པའི་མཚན་ཉིད་བཞིན་དུ་ས་མང་པོ་པའི་མཚན་ཉིད་རྣམས་ཀྱང་སེམས་ལ་བྱེད་པ་དང་མི་ལྡན་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་རབ་ཏུ་བྱེད་པའི་གཞུང་ཞེས་བྱ་བ་ལ། གལ་ཏེ་ས་མང་པོ་པ་

དག་གི་མཚན་ཉིད་རྣམས་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནའོ། །སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྡུག་བསྔལ་གྱི་བདེན་པ་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་

ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡང་ཡོད་དམ་ཞེ་ན། དེ་ལ་བདེན་པ་བཞི་མཐོང་བ་དང་། བསྒོམ་པས་

སྤང་བར་བྱ་བའི་ཕྲ་རྒྱས་རྣམས་དང་དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་ཐམས་ཅད་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་སྟེ། དེ་དག་ལ་འདི་བསམ་པར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་སྡུག་བསྔལ་མཐོང་

เล่ม ๑๔๔ · หน้า 203b

བས་སྤང་བར་བྱ་བའི་ཕྲ་རྒྱས་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་འདས་པ་དང་། དེ་ལྟར་བྱུང་བ་རྣམས་དང་། དེ་དག་དང་ལྷན་

ཅིག་འབྱུང་བའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་། རྒ་བ་དང་།

གནས་པ་དང་། མི་རྟག་པ་དག་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ། །དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་མ་འོངས་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་དང་། ཀུན་

འབྱུང་བ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་མ་ཡིན་པ་དུས་གསུམ་པ་རྣམས་དང་། ཀུན་དུ་འགྲོ་བ་མ་འོངས་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དུས་གསུམ་པ་རྣམས་དང་།

དེ་དག་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་རྣམས་ཏེ། དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པའོ། །དེ་ལྟར་སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་འདི་དག་གི་ཀུན་དུ་འགྲོ་བའི་རྒྱུས་རྒྱུ་ཡིན་གྱི། དེ་དག་ནི་འཇིག་ཚོགས་ལ་

ལྟ་བའི་རྒྱུ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་དང་། ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །མུ་གཉིས་པ་ནི་མེད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་པ་གང་ཞེ་ན། དེའི་ཕྱིར། མ་གཏོགས་པ་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །མ་

གཏོགས་པ་ཡང་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་ལ་སོགས་པ་དག་སྟེ། དེ་དག་ནི་སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བས་ཀུན་དུ་འགྲོ་བའི་རྒྱུས་བསྐྱེད་པ་ཡིན་ལ། དེ་ལྟར་བྱུང་བས་ན་ལྷན་ཅིག་འབྱུང་བའི་རྒྱུས་བསྐྱེད་པ་ཡིན་ནོ། །དེ་དག་གིས་

เล่ม ๑๔๔ · หน้า 204a

ཀྱང་ལྷན་ཅིག་འབྱུང་བའི་རྒྱུས་འཇིག་ཚོགས་ལ་ལྟ་བ་ད་ལྟར་བྱུང་བ་བསྐྱེད་པ་ཡིན་ནོ། །དེའི་ཕྱིར་ཚོར་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་རྣམས་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་ལྔ་བཅུ་རྩ་

བཞི་སྟེ་ཞེས་བྱ་བ་གནས་པ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེ་ནི་ཀུན་དུ་འགྲོ་བའི་རྒྱུ་འམ། སྐལ་བ་མཉམ་པའི་རྒྱུ་འམ། ལྷན་ཅིག་འབྱུང་

བའི་རྒྱུས་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བ་ཡང་དེའི་མ་ཡིན་ནོ། །མ་གཏོགས་པ་གང་ཡིན་པའོ་ཞེས་བྱ་བ་འདིར་ཁོ་བོ་ཅག་གིས་ནི་སྐྱེ་བ་ལ་སོགས་པ་ཁོ་ན་བཤད་དེ། དེ་དག་གི་དོན་དུ་འདིར་ཉེ་བར་བཀོད་པའི་ཕྱིར་རོ། །མ་གཏོགས་པ་

གཞན་གང་ཡིན་པ་དེ་ཡང་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པར་བརྗོད་པར་བྱའོ། །གང་དག་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་མི་འདོན་པ་དེ་དག་གི་ལྟར་ན་རབ་ཏུ་བྱེད་པའི་གཞུང་ཇི་ལྟར་འགལ་བར་

འགྱུར་ཞེས་ཁོང་ནས་དབྱུང་བར་བྱའོ། །འོ་ན་ཇི་ལྟར་འདོན་ཞེ་ན། འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དག་མ་གཏོགས་པ་ཞེས་དེ་སྐད་དུ་འདོན་ཏེ། འདི་ལྟར། འདི་དག་གི་སྐྱེ་བ་ལ་སོགས་པའི་སྟོབས་ཀྱིས་ནི་སེམས་མི་

སྐྱེད་དེ། རང་གི་མཐུན་པའི་མཚན་ཉིད་བཞིན་ནོ། །དེའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་དེ་སྐད་དུ་མི་འདོན་ཏེ། ཁ་ཆེ་བ་རྣམས་ན་རེ་ཞེས་བྱ་བ་སྨོས་པ་ནི། དེ་དག་གིས་ཀྱང་དེ་སྐད་དུ་འདོན་པར་བྱ་བ་འམ་ཞེས་བྱ་བ་འདི་ལ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་

ཞེས་ཤེས་པར་བྱ་བའི་ཕྱིར་རོ། །རེ་ཞིག་གང་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ་ཞེས་བྱ་སྟེ། སེམས་ལས་བྱུང་བ་ལ་སོགས་པ་རྣམས་སོ། །གང་ཞིག་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་དེ་ལྷན་ཅིག་འབྱུང་བ་མ་ཡིན་པ་ཞེས་བྱ་བ་འདི་ནི་སྲིད་པ་

เล่ม ๑๔๔ · หน้า 204b

ཡོད་པ་མ་ཡིན་ནོ། །གང་ཞིག་གང་དང་ལྷན་ཅིག་འབྱུང་བ་དེ་ནི་གདོན་མི་ཟ་བར་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་མ་ཡིན་ཏེ། དཔེར་ན་མཐུན་པའི་མཚན་ཉིད་སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་ཆོས་ཀྱི་ལྷན་ཅིག་འབྱུང་བར་འགྱུར་གྱི། ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་པ་ལྟ་བུ་སྟེ། རིང་བའི་

ཕྱིར་དེ་དག་ཆོས་ལ་བྱ་བ་བྱེད་པ་མ་ཡིན་ནོ། །དེ་དག་ཕན་ཚུན་ཏེ། མཐུན་པའི་མཚན་ཉིད་སྐྱེ་བའི་སྐྱེ་བ་ལ་སོགས་པ་དེ་དག་ཀྱང་ལྷན་ཅིག་འབྱུང་བ་ཡིན་གྱི། ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ཏེ། ཆོས་གཅིག་ལ་འཇུག་པའི་ཕྱིར་རོ། །སེམས་ཀྱི་རྗེས་སུ་འཇུག་པ་ནི་སེམས་ལས་བྱུང་བ་

རྣམས་དང་། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་དག་སྟེ། དེ་དག་གི་མཚན་ཉིད་སྐྱེ་བ་ཉིད་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གང་དག་ཡིན་པ་དེ་དག་ནི་བྱ་བ་རིང་བའི་ཕྱིར། སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ལ། ཕན་ཚུན་དུ་ཡང་མ་ཡིན་ཏེ། ཆོས་གཅིག་ལ་འཇུག་

པའི་ཕྱིར་རོ། །རྒྱུར་བྱས་པའི་གཟུགས་ཐོགས་པ་དང་བཅས་ཕན་ཚུན་དང་ཞེས་བྱ་བ་ལ། རྡུལ་ཕྲ་རབ་རྫས་བརྒྱད་ལ་སོགས་པ་དག་གི་རྒྱུར་བྱས་པའི་གཟུགས་དང་། རོ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་བ་ཡིན་གྱི། །ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ནོ། །ཐོགས་

པ་མེད་པ་ཅུང་ཟད་དང་། །ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། རྒྱུར་བྱས་པའི་གཟུགས་ཐོགས་པ་མེད་པ་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པ་རྣམ་པ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་ཏེ། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཐམས་

ཅད་འབྱུང་བ་དག་དང་ལྟ་བུའོ་ཞེས་བྱ་བ་ལ། ཐོགས་པ་དང་བཅས་པའམ། ཐོགས་པ་མེད་ཀྱང་རུང་སྟེ། རྒྱུར་བྱས་པའི་གཟུགས་ནི་བདག་ཉིད་ཇི་ལྟ་བུའི་འབྱུང་བ་དག་དང་ལྷན་ཅིག་འབྱུང་བ་ཡིན་གྱི། ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། རྒྱུར་བྱས་པའི་གཟུགས་ནི་དགེ་བ་དང་མི་

དགེ་བ་ཡིན་ལ་འབྱུང་བ་རྣམས་ནི་ལུང་དུ་མ་བསྟན་པ་ཡིན་པས་འབྲས་བུ་ཐ་དད་པའི་ཕྱིར། ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནོ། །ཐོབ་པ་དང་ལྡན་པའི་ཐོབ་པ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་ཞེས་བྱ་བ་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། འབྲས་བུ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དུ་མ་

เล่ม ๑๔๔ · หน้า 205a

ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་དང་ཆོས་མི་མཐུན་པ་འམ། སེམས་ཀྱི་རྗེས་སུ་འཇུག་པ་དང་ཆོས་མི་མཐུན་པ་སྟོན་པའོ། །འདི་ལྟར་ཐོབ་པ་རྣམས་ཀྱི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ལ། བར་ཆད་མེད་པའི་ལམ་དང་མཚུངས་

པར་ལྡན་པའི་སེམས་ཀྱི་ནི་བྲལ་བའི་འབྲས་བུ་ཡང་ཡིན་ནོ། །སེམས་ཀྱི་རྣམ་པར་སྨིན་པ་ནི་གཞན་ཡིན་ལ་དེའི་ཐོབ་པ་རྣམས་ཀྱི་ནི་གཞན་ཡིན་ཏེ། འཕེན་པར་བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཐོབ་པ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་རྟག་ཏུ་ཐོབ་པ་རྣམས་

ཁོ་ན་ཡིན་ལ། སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་རེས་འགའ་བ་དགེ་བ་ལ་སོགས་པ་སེམས་ཡིན་ནོ། །དེ་དག་ནི་སེམས་དང་ལྷན་ཅིག་སྤྱོད་པའི་ཚུལ་ཅན་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། ལྷན་ཅིག་སྐྱེས་པ་རྣམས་ཀྱང་དེའི་ངང་ཚུལ་ཅན་མ་ཡིན་པར་སྟོན་ན་སྔར་སྐྱེ་བ་དང་དུས་ཕྱིས་སྐྱེ་བ་

དག་ལ་སྨོས་ཀྱང་ཅི་དགོས། །དེ་དག་ཐམས་ཅད་ཀྱང་རུང་མོད་ཀྱི་ཞེས་བྱ་བ་ནི་རེ་ཞིག་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ་ཞེས་བྱ་བ་རྒྱས་པར་གང་སྨྲས་པའོ། །འོན་ཀྱང་ས་བོན་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོར་གྲགས་པ་རྣམས་ལ་ཞེས་བྱ་བ་ལ། ས་བོན་

དང་། མྱུ་གུ་དང་། ལོ་མ་དང་། སྦུབས་འཆས་པ་དང་། སྡོང་བུ་ལ་སོགས་པ་རྣམས་སམ། ཡང་ན་ས་བོན་དང་། འོ་མ་དང་། བརྡབས་པ་ལ་སོགས་པ་རྣམས་ལའོ། །དེ་ལ་ས་བོན་ནི་སྔ་ལ། མྱུ་གུ་ནི་འཕྱི་ཞིང་། འོ་མ་ནི་སྔ་ལ་ཞོ་ནི་འཕྱིའོ། །བརྡབས་པ་ནི་སྔ་ལ་སྒྲ་ནི་འཕྱིའོ། །ཚུལ་འདི་ནི་མི་སྣང་

བས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་ལྷན་ཅིག་འབྱུང་བ་དང་། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོའོ། །ཇི་ལྟར་ལྷན་ཅིག་འབྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་པ་དང་མ་སྐྱེས་པའི་གནས་སྐབས་དག་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་མི་རིགས་ཏེ། བདག་

ཉིད་དེར་གྲུབ་པའི་ཕྱིར་དང་། ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མཐོང་བས་ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །འོད་མར་མེའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཇི་

เล่ม ๑๔๔ · หน้า 205b

ལྟར་རྟོགས་པར་བྱ་ཞེ་ན། འདི་ནི་མར་མེའི་འཕེལ་བ་དང་འགྲིབ་པར་འགྲོ་བ་དང་། གནས་པའི་རྗེས་སུ་བྱེད་པའི་ཕྱིར་ལ། འོད་དོན་དུ་གཉེར་བ་རྣམས་མར་མེ་ཉེ་བར་ལེན་པའི་ཕྱིར་དང་། དེ་ལ་སྡང་བ་རྣམས་མར་མེ་གསོད་པར་འཇུག་པའི་ཕྱིར་རོ། །རེ་ཞིག་ཅི་མར་མེའི་འོད་ཀྱི་རྒྱུ་ཡིན་ནམ་ཞེས་བྱ་

བ་རྒྱས་པར་འབྱུང་བ་ལ། འདི་སྐད་དུ། གཉིས་ཀ་ལས་གྲུབ་པ་ནི་ཤེས་པར་བྱེད་པ་ཡིན་ན་འདིས་ནི་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་། རྒྱུ་དང་ལྡན་པའི་དངོས་པོར་ཤེས་པར་ནུས་པ་མ་ཡིན་ཏེ། དཔྱད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཚོགས་པ་སྔར་བྱུང་བ་ནི་འབྲུ་མར་དང་། སྡོང་བུ་དང་།

མེ་ལ་སོགས་པ་ཕྲད་པའོ། །དེ་ལ་ཇི་ལྟར་འོད་དང་བཅས་པའི་སྐད་ཅིག་མ་དང་པོའི་རྒྱུ་འབྲུ་མར་དང་། སྡོང་བུ་དང་། མེ་ཡིན་པ་དེ་བཞིན་དུ་འོད་དང་བཅས་པའི་མར་མེ་སྐད་ཅིག་མ་གཉིས་པ་ལ་སོགས་པ་རྣམས་ཀྱི་རྒྱུ་ཡང་འབྲུ་མར་དང་། སྡོང་བུ་དང་། མེ་དང་ཕྲད་པ་ཁོ་ན་ཡིན་གྱི། འོད་ཀྱི་མར་

མེ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚོགས་པ་སྔར་བྱུང་བ་ཁོ་ན་གྲིབ་མ་དང་བཅས་པའི་མྱུ་གུའི་རྒྱུ་ཡིན་གྱི། གྲིབ་མའི་མྱུ་གུ་ནི་མ་ཡིན་ནོ། །དེ་ལ་གྲིབ་མ་དང་བཅས་པའི་མྱུ་གུ་དང་པོའི་རྒྱུ་ཞིང་དང་ས་བོན་ལ་སོགས་པའི་ཚོགས་པ་ཡིན་པ་དེ་བཞིན་དུ་གཉིས་པ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པར་བརྗོད་

པར་བྱའོ། །གལ་ཏེ་དེ་ལྟར་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་། རྒྱུ་དང་ལྡན་པའི་དངོས་པོ་མ་ཡིན་ནོ། །འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་དང་ལྡན་པ་དེའི་ཕྱིར་ཞེས་བྱ་བ་ལ། ཡོད་པ་དང་མེད་པ་དེ་དག་འབྲས་བུ་གང་ཡོད་པ་དེ་ནི་དེ་དག་དང་ལྡན་པ་ཡིན་ནོ། །དེ་དག་དང་ལྡན་པའི་དངོས་པོ་ནི་དེ་དག་

དང་ལྡན་པ་ཉིད་དོ། །ངེས་པར་ཞེས་བྱ་བ་ལ། ཆོས་གང་ཞིག་ཡོད་ན་སྟེ་རྒྱུ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གང་ཞིག་ངེས་པར་ཡོད་པ་ཡིན་གྱི། འདོད་རྒྱལ་དུ་ནི་མ་ཡིན་ནོ། །དེ་ནི་རྒྱུའི་ཡིན་ཞིང་ཅིག་ཤོས་ནི་རྒྱུ་དང་ལྡན་པ་མ་ཡིན་ཏེ། འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་

འབྱུང་བའི་ཆོས་འདི་ལྟ་སྟེ་འབྱུང་བ་དང་། སེམས་དང་སེམས་ཀྱི་རྗེས་སུ་འཇུག་པ་དང་། མཚན་ཉིད་རྣམས་ཀྱང་གཅིག་ཡོད་ན་ཐམས་ཅད་ཡོད་ལ། གཅིག་མེད་ན་ཐམས་ཅད་མེད་པས་རྒྱུ་དང་འབྲས་བུའི་དངོས་པོར་རིགས་པ་མ་ཡིན་ནོ། །རེ་ཞིག་མིག་དང་། གཟུགས་དང་། མིག་གི་རྣམ་པར་

เล่ม ๑๔๔ · หน้า 206a

ཤེས་པ་དང་། མར་མེ་དང་། མྱུ་གུ་དང་གྲིབ་མ་བཞིན་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་ནི་ཕན་ཚུན་དུ་ནི་གོ་ཅི་ལྟར་རུང་སྟེ། ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་ཕྱིར་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་ནི་སེམས་ཀྱི་ལྷན་

ཅིག་འབྱུང་བའི་རྒྱུ་ཡིན་ལ། མཚན་ཉིད་རྣམས་ཀྱང་མཚན་གཞིའི་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ། ཕན་ཚུན་དག་ཡོད་པ་དང་མེད་ན་ཡོད་པ་དང་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱུར་བྱས་པའི་

གཟུགས་དང་། དྲི་དང་རོ་དང་རེག་བྱ་ནི་ཕན་ཚུན་མེད་པར་མི་འབྱུང་བས་མེད་ན་མི་འབྱུང་བ་ཡིན་ཏེ། དེ་ནི་ཕན་ཚུན་དག་ཡོད་པའམ་མེད་ན་དེ་དང་ལྡན་པའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཐལ་བར་འགྱུར་རོ། །འབྱུང་བ་རྣམས་དང་རྒྱུར་བྱས་པའི་གཟུགས་ཀྱང་ཕན་ཚུན་རྒྱུ་དང་འབྲས་

བུའི་དངོས་པོར་ཐལ་བར་འགྱུར་ཏེ། ཕན་ཚུན་དག་ཡོད་པའམ་མེད་ན་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཕན་ཚུན་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། སེམས་ཀྱི་མཐུན་པའི་མཚན་ཉིད་

ལ་སོགས་པ་རྣམས་མེད་པར་ནི་སེམས་ལ་སོགས་པ་རྣམས་འབྱུང་བ་མེད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་མཐུན་པའི་མཚན་ཉིད་རྣམས་དང་། ཐོབ་པ་ལྷན་ཅིག་སྐྱེ་བ་རྣམས་བསྡུའོ། །སེམས་ལ་སོགས་པ་དང་ཞེས་བྱ་བ་འདིར་ཡང་སོགས་པའི་

སྒྲས་རྗེས་སུ་འཇུག་པ་རྣམས་དང་ཐོབ་པ་དང་ལྡན་པ་གཟུང་ངོ་། །འདིར་དེའི་མཚན་ཉིད་ལ་འཁྲུལ་པ་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་དག་དུས་སྔ་ཕྱིར་འབྱུང་བ་དག་ཁོ་ན་ལ་རིགས་ཀྱི། འཁྲུལ་བའི་ཕྱིར་ལྷན་ཅིག་འབྱུང་བ་དག་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འོ་ན་ནི་དབྱུ་གུ་གསུམ་ཞེས་

བྱ་བ་ལ་སོགས་པ་ལ། ཇི་ལྟར་དབྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་དེ་བཞིན་དུ་ལྷ་གཅིག་འབྱུང་བ་གང་དག་ཕན་ཚུན་སྟོབས་ཀྱིས་གནས་པ་དེ་དག་ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ནི་ཕན་ཚུན་སྟོབས་དང་འབྱུང་བའི་

เล่ม ๑๔๔ · หน้า 206b

སྟོབས་ཀྱིས་གནས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་གི་མཚན་ཉིད་ཀྱི་སྟོབས་ཀྱིས་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །རེ་ཞིག་ཅི་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། དབྱུ་གུ་གསུམ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་གནས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན།

ཇི་སྲིད་དེ་ལྟར་སྐྱེས་པ་དང་འགལ་བའི་རྐྱེན་མེད་ཀྱི་བར་དུ་དེ་ལྟར་གནས་པའི་སྐད་ཅིག་མ་སྔ་མ་སྔ་མའི་རྒྱུ་ཅན་སྐད་ཅིག་མ་ཕྱི་མ་ཕྱི་མ་མངོན་པར་ཚོགས་ཏེ་གནས་པ་སྐྱེ་བ་ཡིན་ནོ། །ཕན་ཚུན་གྱི་སྟོབས་ཁོ་ནས་དེ་ན་གནས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ལ་གཞན་ཡང་ཞེས་བྱ་བ་རྒྱས་

པར་འབྱུང་ངོ་། །དེ་ཅི་ཞིག་ཅེ་ན། བཤད་པ། སྲད་བུ་སྟེ། དབྱུ་གུ་གསུམ་ལ་བཅིངས་པའམ། གཟེར་བུའམ། འོག་ཏུ་རྟེན་པར་བྱེད་པ་སའོ། །དེ་ལྟ་ན་དཔེ་དོན་དང་མི་མཚུངས་སོ། །དེ་དག་ལ་ཡང་ཞེས་བྱ་བ་འདིས་ནི་མཚུངས་པར་སྟོན་པར་བྱེད་དོ། ལྷན་ཅིག་འབྱུང་བ་དེ་

དག་ལ་ཡང་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་གཞན་དག་ཡོད་དོ། །སོགས་པ་ཞེས་བྱ་བ་སྨོས་པ་ནི་ཀུན་དུ་འགྲོ་བ་དང་། རྣམ་པར་སྨིན་པ་དང་། བྱེད་རྒྱུའི་རྒྱུ་ལ་སོགས་པ་དག་གཟུང་གི །མཚུངས་པར་ལྡན་པའི་རྒྱུ་ནི་མ་ཡིན་ཏེ། དེ་དག་ནི་སྲད་བུ་ལ་སོགས་པ་དང་འདྲ་བ་ཡིན་པས་

ལྷན་ཅིག་འབྱུང་བའི་རྒྱུ་གྲུབ་པའོ། །སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་བྱ་བ་ལ། སྐལ་བ་མཉམ་པའི་རྒྱུ་ནི་འདྲ་བ་ཁོ་ན་ཡིན་གྱི། སྐལ་བ་མཉམ་པའི་རྒྱུ་ཁོ་ན་འདྲ་བ་ནི་མ་ཡིན་ཏེ། ཀུན་དུ་འགྲོ་བའི་རྒྱུ་ཡང་འདྲ་བ་ཡིན་པའི་ཕྱིར་རོ། །སྐལ་བ་མཉམ་པའི་འབྲས་བུ་ཉེ་བ་དང་རིང་བ་

བསྐྱེད་པ་དང་གསོས་འདེབས་པར་བྱེད་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། འདྲ་བའི་ཆོས་དེ་དག་ཀྱང་ཕན་ཚུན་ཆོས་འདྲ་བ་རྣམས་ཀྱི་ཡིན་ཏེ། དགེ་བའི་གཟུགས་ནི་ལྔ་པོ་དག་ཁོ་ནའི་ཡིན་པ་ནས་དགེ་བའི་རྣམ་པར་ཤེས་པ་ནི་ལྔ་པོ་དག་གི་བར་དུ་ཡིན་ནོ། །ཉོན་མོངས་པ་ཅན་ནི་ཕན་

ཚུན་དུ་ཉོན་མོངས་པ་ཅན་རྣམས་ཀྱི་ཡིན་ལ། ལུང་དུ་མ་བསྟན་པ་ནི་ཕན་ཚུན་དུ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ན་ཞེས་བྱ་བར་སྦྱར་རོ། །གཞན་དག་ན་རེ་ལུང་དུ་མ་བསྟན་པའི་གཟུགས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དམིགས་པ་དང་བཅས་པའི་ཕྱིར་ཚོར་བ་ལ་སོགས་པ་རྣམས་ནི་གསལ་བ་

เล่ม ๑๔๔ · หน้า 207a

ཡིན་གྱི་གཟུགས་ནི་མ་ཡིན་ལ། མི་གསལ་བ་ནི་གསལ་བའི་འབྲས་བུར་མི་རུང་ངོ་། །དམན་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་ཡིན་པ་བཀག་གི །གསལ་བ་མི་གསལ་བ་ཡིན་པ་ནི་མ་བཀག་སྟེ། དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པའི་ཡང་གསུམ་པོ་ཡིན་

པར་མི་འགྱུར་ཏེ། དངོས་པོ་ཙམ་ལ་ལྟ་བ་ཉིད་ཀྱིས་ཉུང་བ་ཡིན་པའི་ཕྱིར་རོ། །ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་པོ་དག་གི་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ནུར་ནུར་པོ་དང་། མེར་མེར་པོ་དང་། གོར་གོར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པའི་

གནས་སྐབས་རྣམས་ནི་མངལ་གྱི་གནས་སྐབས་ལྔའོ། །བྱིས་པ་དང་། གཞོན་ནུ་དང་། ལོང་ཚོ་དང་། བར་མ་དང་། རྒན་པོའི་གནས་རྣམས་ནི་བཙས་པའི་གནས་སྐབས་ལྔའོ། །དེ་ལ་ནུར་ནུར་པོའི་གནས་སྐབས་འཕེལ་བ་ཡིན་པའི་ཕྱིར་སྔར་སྐྱེས་པ་ཕྱིས་སྐྱེ་བའི་གནས་སྐབས་ཀྱི་སྐལ་བ་

མཉམ་པའི་རྒྱུ་ཡིན་པས་གནས་སྐབས་བཅུ་ཆར་དག་གི་ཡང་རྒྱུ་ཡིན་ནོ། །དེ་བཞིན་དུ་མེར་མེར་པོ་ལ་སོགས་པ་རྣམས་ཀྱང་། མེར་མེར་པོ་ལ་སོགས་པ་དག་གི་ཡིན་ནོ་ཞེས་ཐམས་ཅད་ལ་བརྗོད་པར་བྱའོ། །རེ་རེ་ཕྲི་ནས་ཞེས་བྱ་བ་ལ། འདིར་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་ནི་སྔ་མ་འམ་

ལྷན་ཅིག་པ་ཡིན་པར་རྣམ་པར་གཞག་པར་བྱ་བ་མ་ཡིན་པས་རེ་རེ་ཕྲི་ནས་ཞེས་བྱ་བར་བཤད་དོ། །དེ་ལྟར་ན་དང་པོའི་ནུར་ནུར་པོའི་གཟུགས་རྒྱུ་མེད་པ་དང་། ཐ་མའི་རྒན་པོ་འབྲས་བུ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་རིས་མཐུན་གཅིག་ལ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་གཅིག་ལ་

ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་མཐུན་པ་གཞན་དུ་ནི། །ཞེས་བྱ་བ་ལ། དཔེར་ན་སྔར་སྐྱེས་པའི་མིའི་རིས་མཐུན་པས་བསྡུས་པའི་གནས་སྐབས་བཅུ་པོ་དག་ནི་ཕྱིས་སྐྱེས་པའི་མིའི་རིས་མཐུན་པས་བསྡུས་པའི་གནས་སྐབས་བཅུ་ཆར་གྱི་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདྲ་བ་ཡིན་

པའི་ཕྱིར་དང་། སྔར་སྐྱེས་པ་ཡིན་པའི་ཕྱིར་རོ། །ཕྱིའི་དག་ལ་ཡང་ཞེས་བྱ་བ་ལ། ནས་དང་སཱ་ལུ་ལ་སོགས་པ་དག་ལ་ཡང་ཚུལ་འདི་ཉིད་ཀྱིས་ཅི་རིགས་པར་བརྗོད་པར་བྱའོ། །མདོ་སྡེ་པ་ཁ་ཅིག་ན་རེ་གཟུགས་ལ་སྐལ་བ་མཉམ་པའི་རྒྱུ་མེད་ཀྱི། དེ་ནི་རྐྱེན་ལ་རག་ལས་ཏེ། སྐྱེ་བ་

เล่ม ๑๔๔ · หน้า 207b

ཡིན་ཏེ། ཁྲོན་པའི་གཏིང་ནས་དྲངས་པའི་ས་ལས་མྱུ་གུ་སྐྱེ་བའི་ཕྱིར་རོ། །འདི་ལྟར་དེ་ལ་དེའི་ས་བོན་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་བ་དེ་དེ་དག་གི་དབང་དུ་བྱས་ནས་གང་དག་གཟུགས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྒྱུ་དང་བདག་པོ་ཞེས་བྱ་བ་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་ནོ་ཞེས་བྱ་བའི་

དོན་གང་ཡིན་པའོ། །དེ་ལ་འདོད་པའི་ཁམས་འབྱུང་བ་ཆེན་པོ་རྣམས་ནི་སྐྱེས་ཟིན་པའི་ཕྱིར་དང་། མ་བསྒྲུབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དང་། གཟུགས་ཡིན་པའི་ཕྱིར་མ་འོངས་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་ལྷན་ཅིག་འབྱུང་བ་དང་། རྣམ་པར་སྨིན་པ་དང་། ཀུན་

དུ་འགྲོ་བ་དང་། མཚུངས་པར་ལྡན་པའི་རྒྱུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདྲ་བའི་ཕྱིར་དང་། སྔར་སྐྱེས་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཡིན་ཞིང་རྐྱེན་རྣམས་ལས་བདག་པོའི་རྐྱེན་ཡིན་པར་ཤེས་སོ། །འདིར་རྒྱུ་མེད་པར་སྐྱེ་བ་ནི་རིགས་པ་དང་འགལ་བར་སྣང་སྟེ། ཁྲོན་པའི་གཏིང་

ནས་བཏོན་པའི་ས་ལས་ཡང་མྱུ་གུ་སྐྱེས་པའི་སྔ་རོལ་ནས་ས་བོན་དག་ཡོད་མོད་ཀྱི་རྐྱེན་དང་བྲལ་བའི་ཕྱིར་མྱུ་གུ་དང་། ལོ་མ་དང་། ཚིགས་འཆས་པ་ལ་སོགས་པ་དག་མི་སྐྱེའོ། །དེ་ལྟ་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་མེད་ན་ནི་ཐམས་ཅད་དེ་ལས་སྐྱེ་བའམ། ཡང་ན་ཅུང་ཟད་

ཀྱང་མི་སྐྱེ་སྟེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །འདིས་ནི་རྭ་ལས་འདམ་བུ་སྐྱེའོ་ཞེས་བྱ་བར་ཡང་གསལ་བ་ཡིན་ཏེ། འདི་ལྟར་རྭ་ལ་ཡང་འདམ་བུའི་ས་བོན་ཡོད་པ་ཡིན་ནོ། །འདྲ་བ་ཉིད་ངེས་པར་མ་དཔྱད་པའི་ཐམས་ཅད་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ན་དེ་ལྟ་ན་ས་དགུ་པ་རྣམས་

དང་། རིས་ལྔ་པ་རྣམས་ཕན་ཚུན་སྐལ་བ་མཉམ་པའི་རྒྱུར་ཐལ་བར་འགྱུར་ན་རིགས་པ་ཡང་མ་ཡིན་པས་འདྲ་བ་ཉིད་ངེས་པར་དཔྱད་པར་བྱ་བའི་ཕྱིར་འདྲི་བ་ནི། ཅི་འདྲ་བ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་ན་ཡང་ཕྱིས་སྐྱེས་པ་ཡང་སྔར་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་

ཡིན་ཞིང་། ལྷན་ཅིག་སྐྱེས་པ་ཡང་ལྷན་ཅིག་སྐྱེས་པ་ཡིན་ལ། མ་སྐྱེས་པ་ཡང་སྐྱེས་པ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་དག་ཀྱང་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་སྐྱེས་པ་རྣམས་ཞེས་བྱ་བ་སྨོས་སོ། །སྔ་རོལ་དུ་སྐྱེས་པ་ནི་སྔར་སྐྱེས་པ་རྣམས་སོ། །སྔར་སྐྱེས་

เล่ม ๑๔๔ · หน้า 208a

པ་ཉིད་ཀྱིས་ནི་འདས་པ་དང་། ད་ལྟར་བ་གཟུང་ཞིང་མ་འོངས་པ་བཀག་སྟེ། ཆོས་འདས་པ་རྣམས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། ད་ལྟར་བྱུང་བ་ནི་མ་འོངས་པ་རྣམས་ཀྱི་ཡིན་གྱི། མ་འོངས་པ་

རྣམས་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ཁོ་ནའོ་ཞེས་བསྟན་པར་འགྱུར་རོ། །འདི་གང་ལས་ཞེས་བྱ་བ་ནི་ཅི་ལུང་ངམ། འོན་ཏེ་རིགས་པ་ལས་ཡིན་ཞེས་བྱ་བའོ། །བསྟན་བཅོས་ལས་ཏེ་ཞེས་བྱ་བས་ནི་ལུང་སྟོན་པར་བྱེད་དོ། །སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན། དགེ་བའི་རྩ་བ་སྔར་བྱུང་བ་

རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདས་པ་རྣམས་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། ད་ལྟར་བྱུང་བ་རྣམས་ནི་མ་འོངས་པ་རྣམས་ཀྱི་ཡིན་གྱི། མ་འོངས་པ་རྣམས་ནི་མ་འོངས་པ་རྣམས་ཀྱི་མ་ཡིན་ནོ་ཞེས་བཤད་དེ། དེའི་

ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་མེད་དོ་ཞེས་བྱ་བར་རྟོགས་སོ་ཞེས་བྱ་བར་སྟོན་ཏོ། །གལ་ཏེ་བསྟན་བཅོས་ཚད་མར་བྱེད་ན་གང་སྐལ་བ་མཉམ་པའི་རྒྱུ་དུས་གསུམ་པ་ཉིད་དུ་སྟོན་པ་འདི་ཡང་བསྟན་བཅོས་ཡིན་ནོ། །སྨྲས་པ་ནམ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། སྐབས་སུ་བབ་པའི་

ཕྱིར་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་སྦྱར་ཏེ། དུས་གསུམ་ཀར་ཡང་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དེས་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ནམ་ཡང་མ་ཡིན་ནོ་ཞེས་བསྟན་བཅོས་ལས་འབྱུང་བའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་

འོངས་པ་བཞིན་དུ་ཡང་བཀག་པས་བསྟན་བཅོས་འགལ་བའི་ཉེས་པ་གང་ཡིན་པ་སྟེ། ཕལ་ཆེ་བའི་ཚུལ་ལས་རྟེན་ནས་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་ལ་དགོངས་ཏེ་གསུངས་པའི་ཕྱིར་རོ། །འདི་ལྟར་དེ་དག་གི་སྔ་ཕྱིའི་རིམ་པ་མེད་པའི་ཕྱིར་དང་། རྒྱུ་དང་འབྲས་བུ་དག་མི་འདྲ་བའི་ཕྱིར་

མ་འོངས་པ་ཡང་ཡིན་པར་འདོད་དོ། །གང་ཞིག་ཆོས་མ་འོངས་པ་དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ནི་གེགས་ཐམས་ཅད་ལོག་པ་ཡིན་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་ངེས་ཏེ། དེའི་ཕྱིར་མ་འོངས་པའི་གནས་སྐབས་ཐ་མ་ལ་དགོངས་ནས་

เล่ม ๑๔๔ · หน้า 208b

ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ཞེས་གསུངས་པས་མ་འོངས་པ་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་བསྟན་བཅོས་ལ་འགལ་བ་མེད་དོ། །དེའི། དེ་ནི་ལན་དུ་མི་རུང་སྟེ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐ་མའི་གནས་སྐབས་ལ་དགོངས་པ་ཡིན་ན་ནི་མེད་པའི་ཕྱིར་སྐྱེ་བཞིན་པའི་གནས་

སྐབས་ན་མ་བྱུང་བ་ལས་བྱུང་བ་ཡིན་པ་དེའི་ཕྱིར་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་འགལ་ཏེ། གནས་སྐབས་ཐམས་ཅད་ཀྱི་རྒྱུའི་དངོས་པོ་གསལ་བར་བྱས་པའི་ཕྱིར་རོ། །ཆོས་གང་ཞིག་ཆོས་གང་གི་ཞེས་བྱ་བ་ལ་སོགས་པ་ལ། མཚུངས་པ་དེ་མ་ཐག་པ་ཞེས་བྱ་བ་ནི།

མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བའི་དོན་ཏོ། །རྟོགས་པ་འདིས་ཞེས་བྱ་བའི་སྐལ་བ་མཉམ་པའི་རྒྱུ་ལ་བྱས་པ་གང་ཡིན་པ་སྟེ། ཆོས་མ་སྐྱེས་པ་དེ་ནི་སྐྱེ་བའི་ཚེའི་གནས་སྐབས་ན་གེགས་ཐམས་ཅད་བསལ་བ་ཡིན་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྒྱུའི་དངོས་པོར་ངེས་པས་ནམ་

ཡང་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་བཞིན་དུ། ཅིའི་ཕྱིར་འདི་སྐད་དུ་གལ་ཏེ་ཞེས་བྱ་བ་རྒྱ་ཆེར་སྨྲས་སོ། །གལ་ཏེ་ཞེས་བྱ་བ་ལ་གལ་ཏེ་ཆོས་དེ་མ་འོངས་པ་ཡིན་ན་ནི་ཆོས་དེ་ལྷན་ཅིག་བྱེད་པའི་རྐྱེན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་མའི་གནས་སྐབས་སྨྲ་བས།

དེར་ཇི་ལྟ་བ་བཞིན་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེར་ཇི་ལྟ་བ་བཞིན་དུ་འདིར་ཡང་བརྗོད་པར་བྱ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་དེ་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདིར་ཡང་ནམ་ཡང་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་

ཡིན་ལ། ཇི་ལྟར་འདིར་གལ་ཏེ་ཆོས་དེ་མ་སྐྱེས་པ་ཡིན་ནའོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་དེར་ཡང་གལ་ཏེ་ཆོས་དེ་མ་སྐྱེས་པར་འགྱུར་ནའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་འདིར་བསྟན་བཅོས་བྱེད་པ་མི་མཁས་པ་ཞེས་བྱ་བ་ལ། གང་གི་ཕྱིར་ནམ་ཡང་མ་ཡིན་ནོ་ཞེས་སྨྲས་པས་གོ་སྐབས་

མ་ཕྱེ་བ་ཡིན་ཡང་གལ་ཏེ་ཆོས་དེ་མ་སྐྱེས་པར་འགྱུར་ན་མཚུངས་པ་དེ་མ་ཐག་པ་མ་ཡིན་ནོ་ཞེས་བྱ་བས་གོ་སྐབས་ཕྱེ་བ་ཡིན་ནོ། །དེ་ལྟ་བས་ན་ལན་སྔ་མ་ཁོ་ན་ཞེས་བྱ་བ་ལ་སོགས་པ་ལ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པ་དང་། རྣམ་པར་སྨིན་པའི་རྒྱུ་ལས་

เล่ม ๑๔๔ · หน้า 209a

དགོངས་ནས་གསུངས་པའི་ཕྱིར་ཞེས་བྱ་བའོ། །འོ་ན་གང་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མ་གཏོགས་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་ལ། འདི་

ནི་འདིར་མ་འོངས་པ་སྐལ་བ་མཉམ་པའི་རྒྱུ་ཡོད་དོ་ཞེས་བྱ་བའི་ཁུངས་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་ཞེས་འབྱུང་བའི་ཕྱིར་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་གཞག་པ་ཡིན་ནོ། །གང་ལས་

འཇིག་ཚོགས་ལ་ལྟ་བ་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་འབྱུང་བའི་རྒྱུའམ། མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་རྣམ་པར་འཇོག་པར་འགྱུར་བ། ཚོགས་པ་དེ་ལ་འཇིག་ཚོགས་ལ་ལྟ་བ་གཞན་ནི་ཡོད་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་

ཕྱིར་རྣམ་པར་སྨིན་པའི་རྒྱུ་ཡང་མ་ཡིན་ལ། ཐུན་མོང་བ་ཉིད་དུ་བགྲང་བར་བྱ་བ་མ་ཡིན་པའི་ཕྱིར་བྱེད་རྒྱུའི་རྒྱུ་ཡང་མ་ཡིན་ཏེ། ལྷག་མར་གྱུར་པས་སྐལ་བ་མཉམ་པའི་རྒྱུ་ཁོ་ན་མངོན་པར་བཞེད་པས་འདིར་ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པ་དང་། རྣམ་པར་སྨིན་པའི་རྒྱུ་ལ་

དགོངས་པ་མ་ཡིན་ནོ། །དེས་ན་ལན་སྔ་མ་ཁོ་ན་ལེགས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། འདི་སྐད་དུ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་མཚུངས་པར་ལྡན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་སྐད་དུ་འདོན་བའི་ཁྱད་པར་གྱིས་ནི་སྐལ་བ་མཉམ་པའི་རྒྱུ་སྤངས་པར་འགྱུར་ལ།

ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་རྙེད་པར་འགྱུར་རོ། །དོན་གྱིས་ན་དེ་ལྟར་གོ་བར་བྱའོ་ཞེས་བྱ་བ་ལ། གལ་ཏེ་རབ་ཏུ་གྲགས་པའི་ཕྱིར་འདོན་པ་གཞན་དུ་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་ན། མ་འོངས་པའི་དུས་ན་སྔ་ཕྱིའི་རིམ་པ་མེད་པའི་ཕྱིར་མ་སྐྱེས་པ་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་

དང་། ཀུན་དུ་འགྲོ་བའི་རྒྱུ་ཉིད་མི་སྲིད་དོ་ཞེས་དོན་གྱིས་ན་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །བཞི་ཚན་དུ་ངེས་པ་ཡིན་ཏེ་ཞེས་བྱ་བ་ལ། ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པ་ནི་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ཏེ། དུས་གསུམ་དག་ཏུ་ཡང་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དང་། རྟེན་དང་།

เล่ม ๑๔๔ · หน้า 209b

དམིགས་པ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེའི་ཕྱིར་རྒྱུ་རྣམས་ནི་འབྲས་བུ་ལ་སོགས་པ་ལྟར་གནས་སྐབས་ཐམས་ཅད་ངེས་པ་ཁོ་ན་ཡིན་ནོ། །འདིར་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཐམས་ཅད་ཅེས་བྱ་བའི་སྒྲས་ནི་ཆོས་འདུས་བྱས་རྣམས་

སམ། སེམས་དང་སེམས་ལས་བྱུང་བ་ཡོངས་སུ་གཟུང་ངོ་། །ཐམས་ཅད་ལ་རྣམ་པར་སྨིན་པའི་འབྲས་བུ་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ལ། བྱེ་བྲག་མེད་པར་འཇུག་པའི་ཕྱིར་བྱེད་རྒྱུ་ཡང་མ་ཡིན་ནོ། །མ་འོངས་པའི་དུས་ན་སྔ་ཕྱིའི་རིམ་པ་མེད་པའི་

ཕྱིར་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་ལ་ཡོད་པའི་ཕྱིར་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་ཁོ་ན་ཡོངས་སུ་གཟུང་གི །གཞན་དག་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡིན་

པར་ཁས་མི་ལེན་པ་ལ་ཡང་ཉེས་པ་དེ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐལ་བ་མཉམ་པའི་རྒྱུ་ད་ལྟར་བ་ཁོ་ན་ཡིན་གྱི། མ་འོངས་པ་མ་ཡིན་ན་དེ་ལྟ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་ཡིན་པར་གྱུར་ཏོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་དུས་

ཐམས་ཅད་ཀྱི་ཚེ་ཡོད་པ་ཉིད་དུ་དམ་བཅས་པ་དང་འགལ་ལོ། །གནས་སྐབས་ལ་ནི་འདོད་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིས་ནི་རྫས་ཐམས་ཅད་ཀྱི་ཚེ་ཡོད་པ་ཉིད་དུ་དམ་འཆའི། གནས་སྐབས་རྣམས་ནི་མ་ཡིན་པས་འགལ་བ་མེད་པར་སྟོན་ཏོ། །ཆོས་ནི་ཚོགས་

པའི་དབང་གིས་གནས་སྐབས་གཞན་དུ་འགྱུར་གྱི། མེད་པ་ནི་ཆོས་གཞན་དུ་འགྱུར་བར་མི་འཐད་དོ། །དེའི་ཕྱིར་ཚོགས་པ་ནི་གནས་སྐབས་ཀྱི་འབྲས་བུ་ཅན་ཁོ་ན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་པས་ཉེས་པ་འདི་མེད་དོ། །གལ་ཏེ་རྣམ་པར་སྨིན་པའི་རྒྱུ་གཞན་དུ་ཞེས་བྱ་བ་རྒྱས་པར་

འབྱུང་ངོ་། །ཅིར་འགྱུར་ཞེས་བྱ་བ་ལ། སྐྱོན་ཅི་འགྱུར་ཞེ་ན། གལ་ཏེ་རྣམ་པར་སྨིན་པའི་རྒྱུ་བཞིན་དུ་མ་འོངས་པ་ཡིན་པར་འགྱུར་ན་ནི་བསྟན་བཅོས་ལས་དེ་ཡང་སྨོས་པར་འགྱུར་ན། སྨོས་པ་ནི་ཡོད་པ་ཡང་མ་ཡིན་ནོ། །དེ་ལས་ནི་དགེ་བའི་རྩ་བ་མ་འོངས་པ་རྣམས་ནི་དགེ་བའི་རྩ་བ་མ་འོངས་པ་

เล่ม ๑๔๔ · หน้า 210a

རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་མ་གསུངས་ཏེ། དེའི་ཕྱིར། སྐལ་བ་མཉམ་པའི་རྒྱུ་མ་འོངས་པར་རྟོགས་ན་བསྟན་བཅོས་དང་འགལ་བར་འགྱུར་རོ། །འབྲས་བུ་འབྱིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིས་ནི་བསྟན་བཅོས་དང་འགལ་བ་སྤོང་ངོ་། །

འབྲས་བུ་འབྱིན་པར་ནུས་པ་ནི་འདས་པ་ཡིན་ལ། འབྲས་བུ་འཛིན་པར་ནུས་པ་ནི་ད་ལྟར་བ་ཡིན་ཞིང་། འགའ་ཞིག་འབྱིན་པ་ཡང་ཡིན་ན་མ་འོངས་པ་དེ་ལྟར་འབྲས་བུ་འབྱིན་པ་དང་། འཛིན་པར་བྱེད་ནུས་པ་མ་ཡིན་པས་བསྟན་བཅོས་ལས་མ་སྨོས་ཀྱི། མེད་པའི་ཕྱིར་ནི་མ་ཡིན་ནོ། །དེའི་

ཕྱིར་བསྟན་བཅོས་དང་འགལ་བ་མེད་དོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ། མ་འོངས་པ་འབྲས་བུ་འབྱིན་པ་དང་འཛིན་པར་མི་ནུས་པའི་ཕྱིར་མ་སྨོས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མེད་པ་ཁོ་ནའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་ཞེས་བྱ་བ་རྒྱས་པར་སྨོས་

ཏེ། རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བ་ཡིན་ལ། སྐལ་བ་མཉམ་པའི་རྒྱུ་ཡང་། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །ཞེས་འབྱུང་བ་དེས་འབྲས་བུ་དང་བཅས་པ་ཡིན་ན་དེ་ནི་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ། སྔ་ཕྱི་མེད་པའི་ཕྱིར་རོ། །མ་འོངས་པའི་གནས་སྐབས་སུ་འདི་ནི་སྔ་མའོ། །

འདི་ནི་ཕྱི་མའོ་ཞེས་བྱ་བར་ཡོངས་སུ་མི་ཆོད་དེ་འཆོལ་བའི་ཕྱིར་རོ། །སྔ་མ་དང་ཕྱི་མའི་དངོས་པོ་མེད་ན་ནི་འདྲ་བ་འདྲ་བའི་རྒྱུ་མཐུན་པར་རིགས་པ་ཡང་མ་ཡིན་ནོ། །འོན་ཏེ་སྐྱེས་ཟིན་པ་འདས་པའམ་ད་ལྟར་བ་མ་འོངས་པའི་རྒྱུ་མཐུན་པར་འདོད་དོ་ཞེ་ན། དེའི་ཕྱིར་བྱུང་ཟིན་པ་ཡང་མ་འོངས་

པའི་རྒྱུ་མཐུན་པར་མི་རུང་སྟེ་ཞེས་བྱ་བ་སྨོས་སོ། །དཔེར་ན་འདས་པ་ད་ལྟར་བའི་རྒྱུ་མཐུན་པ་མ་ཡིན་པ་དེ་བཞིན་དུ་བྱུང་ཟིན་པ་ཡང་མ་འོངས་པའི་རྒྱུ་མཐུན་པ་ཡིན་པར་མི་འོས་སོ། །ཅིའི་ཕྱིར་ཞེ་ན། རྒྱུ་བས་འབྲས་བུ་སྔ་མ་མི་རུང་བས་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་རྒྱུ་དོན་མེད་པར་ཐལ་བར་

འགྱུར་རོ། །རྣམ་པར་སྨིན་པའི་འབྲས་བུ་སྔ་མ་དང་ལྷན་ཅིག་པར་མི་རུང་བའི་ཕྱིར་ལ་ཞེས་བྱ་བ་ལ། རྒྱུ་བས་འབྲས་བུ་སྔ་བ་མི་རུང་བས་སྔ་བ་མི་རུང་ངོ་། །ལྷན་ཅིག་པ་ཡང་མི་རུང་སྟེ། མ་འོངས་པའི་གནས་སྐབས་ན་ཡང་འཆོལ་བའི་ཕྱིར་རོ། །འདི་ལྟར་ད་ལྟར་བྱུང་བའི་གནས་སྐབས་

เล่ม ๑๔๔ · หน้า 210b

ན་ལྷན་ཅིག་འབྱུང་བའི་རྒྱུ་བཞིན་དུ་རྣམ་པར་སྨིན་པའི་འབྲས་བུ་དང་ལྷན་ཅིག་སྐྱེ་བར་མ་དམིགས་སོ། །མ་འོངས་པའི་དུས་ལ་ཡང་སྔ་ཕྱི་མེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་སྔ་ལ། རྣམ་པར་སྨིན་པའི་འབྲས་བུ་འཕྱི་བ་ཡང་མི་རུང་ངོ་། །དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རྣམ་པར་སྨིན་པའི་

རྒྱུ་ཡང་མ་འོངས་པ་ཡིན་པར་མི་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་ན་རྣམ་པར་སྨིན་པའི་རྒྱུ་ཡང་ཞེས་གང་སྨྲས་པ་དེ་མ་ཡིན་ནོ། །ཕན་ཚུན་རྒྱུ་མཐུན་པ་ཉིད་ནི་རིགས་པ་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། ཆོས་འདྲ་བ་ལ་གང་ཞིག་གང་གི་སྐལ་བ་མཉམ་

པའི་རྒྱུ་ཡིན་པ་དེ་ཉིད་ཇི་ལྟར་དེ་ཉིད་ཀྱི་ཚེ་དེའི་རྒྱུ་མཐུན་པར་རིག་པར་འགྱུར། རྣམ་པར་སྨིན་པའི་རྒྱུ་ནི་ཞེས་བྱ་བ་ཅི་ཞེ་ན། སྔ་ཕྱི་མེད་བཞིན་དུ་ཡང་ཕན་ཚུན་རྒྱུ་དང་འབྲས་བུ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེས་འབྱུང་སྟེ་རྣམ་པར་སྨིན་

པའི་རྒྱུའི་མཚན་ཉིད་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་དེའི་འབྲས་བུ་ལས་ཐ་དད་པ་ཡིན་ལ། རྣམ་པར་སྨིན་པའི་འབྲས་བུ་ཡང་། རྣམ་སྨིན་ལུང་དུ་མ་བསྟན་ཞེས་རང་གི་རྒྱུ་ལས་མཚན་ཉིད་ཐ་དད་དོ། །དེའི་ཕྱིར་འདིར་ནི་སྔ་ཕྱི་མེད་བཞིན་དུ་ཡང་

ཕན་ཚུན་འབྲས་བུ་ཉིད་དུ་ཐལ་བར་མི་འགྱུར་རོ། །སྐལ་བ་མཉམ་པའི་རྒྱུ་ནི་རྒྱུ་དང་འབྲས་བུ་དག་རང་བཞིན་ཐ་དད་པའི་ཕྱིར་ཐ་དད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དུས་སྔ་ཕྱིར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྔ་ཕྱི་མེད་ན་སྐལ་བ་མཉམ་པའི་རྒྱུ་ཁོ་ན་ཕན་ཚུན་འབྲས་བུ་ཉིད་དུ་འགྱུར་གྱི། རྣམ་

པར་སྨིན་པའི་རྒྱུ་ནི་མ་ཡིན་ནོ། །གནས་སྐབས་ལས་རྣམ་པར་གནས་པ་ཞེས་བྱ་བ་ལ། སྔ་མ་དང་ཕྱི་མའི་རིམ་པ་རྒྱུ་དང་འབྲས་བུ་ངེས་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་འདས་པ་དང་ད་ལྟར་བའི་གནས་སྐབས་ཁོ་ན་ཡིན་གྱི། མ་འོངས་པའི་གནས་སྐབས་ནི་མ་ཡིན་ནོ། །རྣམ་པར་སྨིན་

པའི་རྒྱུ་ནི། མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་མཚན་ཉིད་ལས་རྣམ་པར་གནས་པ་ཡིན་ལ། མཚན་ཉིད་ཀྱང་དུས་གསུམ་དུ་འཁྲུལ་པ་མེད་པས་མ་འོངས་པ་ཡང་མི་བཟློག་གོ་སྟེ། མི་དགག་གོ། །ས་དགུའི་ལམ་ནི་ཕན་ཚུན་དུ་ཞེས་བྱ་བ་རྒྱས་པར་

เล่ม ๑๔๔ · หน้า 211a

འབྱུང་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བའི་དོན་དུའོ། །ལམ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལ་བརྗོད་པར་འདོད་དེ། འཇིག་རྟེན་པའི་ལམ་ལས་ཁྱད་པར་དུ་འཕགས་པས་སོ། །ཟག་པ་དང་བཅས་པའི་ཆོས་ནི་རང་གི་ས་པ་ཁོ་ན་སྐལ་བ་མཉམ་པའི་

རྒྱུ་ཡིན་གྱི། གཞན་གྱི་ས་པ་ནི་མ་ཡིན་ཏེ། ཟག་པ་དང་བཅས་པའི་ས་རྣམས་ནི་སྲེད་པས་ཡོངས་སུ་བཅད་པའི་ཕྱིར་རོ། །ལམ་གྱི་བདེན་པ་ཡང་ས་ཐ་དད་པར་མཚུངས་བཞིན་དུ་ས་དགུའི་ལམ་ཁོ་ན་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། ཟག་པ་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་

ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་རྒྱུ་སྨྲས་པ་ནི། འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟག་པ་དང་བཅས་པ་ལྟར་འདོད་པ་དང་། གཟུགས་དང་གཟུགས་མེད་པས་མ་བསྡུས་པས་ས་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དགུ་ལ་བརྟེན་ནས་འཐོབ་པའི་ཕྱིར་

ས་དགུ་པ་ཞེས་བྱའོ། །ཡང་ཇི་ལྟར་ས་དེ་དག་ཏུ་གཏོགས་པ་མ་ཡིན་པར་ཤེས་ཤེ་ན། དེའི་ཕྱིར། ས་དེ་བའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྲེད་པས་བདག་གིར་བྱས་པས་ཡོངས་སུ་བཅད་པས་ཁམས་དང་ས་རྣམས་ཡོངས་སུ་གཅོད་པ་ཡིན་ལ། བདག་གིར་

བྱས་པ་ཡང་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པ་ཡིན་ལ། ཟག་པ་མེད་པའི་ཆོས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པས་བདག་གིར་བྱས་པ་མ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ལམ་དོན་དུ་གཉེར་བར་བྱེད་ཅེ་ན། དེ་ནི་ཆོས་ལ་

འདུན་པ་དགེ་བ་ཞིག་ཡིན་ཏེ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ལམ་གློ་བུར་བ་ཡིན་པའི་ཕྱིར་རིས་མཐུན་པ་གཞན་གྱི་ས་པའི་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་པས་ཐམས་ཅད་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཐལ་བ་ཡིན་དང་། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་

བྱ་བ་སྨོས་ཏེ། གོང་དང་འོག་དང་རང་གི་ས་པ་མཉམ་པ་དང་ཁྱད་པར་ཅན་གཉིས་ཀྱི་ཡིན་གྱི། ཆུང་ངུའི་ནི་མ་ཡིན་ནོ། །འདི་ལྟ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་ལན་ཅིག་ཁོ་ན་སྐྱེའི་ཡང་དང་ཡང་དུ་ནི་མ་ཡིན་ནོ་ཞེ་ན།

เล่ม ๑๔๔ · หน้า 211b

དེའི་ཕྱིར་དེ་ཉིད་མ་འོངས་པ་དང་ཞེས་བྱ་བ་སྨོས་ཏེ། མཉམ་པའི་ཕྱིར་དེའི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ནས་མི་སྐྱེ་བ་ཤེས་པའི་བར་ཁྱད་པར་ཅན་གྱི་ཡང་རྒྱུ་ཡིན་ནོ། །མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བ་ཤེས་པ་ཁོ་ན་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་

སྨྲས་པ་ནི། ཁྱད་པར་ཅན་གཞན་མེད་པའི་ཕྱིར་ཞེས་བྱ་བ་སྟེ། མི་སྐྱེ་བ་ཤེས་པ་བས་ནི་ཆོས་ཁྱད་པར་ཅན་གཞན་ཡོད་པ་མ་ཡིན་ནོ། །མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་དག་གི་ཡིན་ནོ་ཞེས་བྱ་བ་ལ། མཐོང་བའི་ལམ་ནི་མཐོང་

བའི་ལམ་གཞན་དང་བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པས་གསུམ་གྱི་ཡིན་ནོ། །བསྒོམ་པའི་ལམ་ནི་བསྒོམ་པའི་ལམ་གཞན་དང་། མི་སློབ་པའི་ལམ་གྱི་ཡིན་གྱི། མཐོང་བའི་ལམ་གྱི་ནི་མ་ཡིན་ཏེ། དམན་པའི་ཕྱིར་རོ། །མི་སློབ་པའི་ལམ་ནི་མི་

སློབ་པའི་ལམ་གཞན་གྱི་ཡིན་གྱི། མཐོང་བ་དང་བསྒོམ་པའི་ལམ་དག་གི་ནི་མ་ཡིན་ཏེ། དམན་པའི་ཕྱིར་རོ། །དེ་ལྟར་ཐུན་མོང་གི་དབང་དུ་བྱས་ནས་མཐོང་བའི་ལམ་ལ་སོགས་པ་བཤད་དེ། དབང་པོའི་བྱེ་བྲག་གི་དབང་དུ་བྱས་ན་ནི་རེ་རེ་ཞིང་དབང་པོའི་སྒོ་ནས་ཐ་དད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་

ཡང་དབང་པོ་རྟུལ་པོའི་ལམ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལ་མཐོང་བའི་ལམ་ལ་སོགས་པ་དག་ལས། དབང་པོ་རྟུལ་པོའི་ལམ་མཐོང་བའི་ལམ་གྱི་རང་བཞིན་ནི་དབང་པོ་རྟུལ་པོ་དང་རྣོན་པོའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དབང་པོ་རྣོན་པོའི་ལམ་ནི་དབང་པོ་རྣོན་པོའི་ལམ་ཁོ་ནའི་ཡིན་

གྱི་དབང་པོ་རྟུལ་པོའི་ལམ་གྱི་ནི་མ་ཡིན་ནོ། །བསྒོམ་པའི་ལམ་དང་མི་སློབ་པའི་ལམ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །འདི་ཉིད་ཁོ་ན་བསྟན་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ལྟ་སྟེ། དད་པས་རྗེས་སུ་འབྲང་བའི་ལམ་ནི་དད་པའི་རྗེས་སུ་འབྲང་བའི་ལམ་གཞན་དང་། ཅི་

རིགས་པར་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དང་། དུས་དང་མི་སྦྱོར་བའི་ལམ་སྐྱེ་བའི་ཆོས་ཅན་རྣམས་དང་། མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ཡིན་པས་ན་དྲུག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དད་པས་མོས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด