ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨུ་དཱ་ན་བརྒ་བི་བ་ར་ཎ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๙ · หน้า 86b

པའི་ཕྱིར་འདི་གསུངས་སོ། ཡང་ན་མ་སྐྱེས་པ་ནི་སྐྱེ་བ་མ་ཐོབ་པའོ། །མ་བྱུང་བ་ནི་སེམས་ཅན་གྱི་ཐ་སྙད་མི་གཡོ་བའི་ཕྱིར་རོ། །མ་བཅོས་པ་ནི་བཅོས་མའི་ནོར་བུར་མ་གྱུར་པའི་ཕྱིར་རོ། །འདུས་མ་བྱས་ནི་ཉེ་བར་ལེན་པའི་རྒྱུ་མེད་པའི་ཕྱིར་རོ། །མི་འབྱུང་བ་ནི་ཕྱི་རོལ་

གྱི་རྐྱེན་མེད་པའི་ཕྱིར་རོ། །ཡང་ན་འགྲོ་བ་ལྔ་བསྩལ་བའི་ཕྱིར་ཏེ། གོ་རིམས་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཅི་རིགས་པར་བརྗོད་པར་བྱའོ། །འདུས་བྱས་ཀྱི་དངོས་པོ་ནི་རྫས་སུ་ཡོད་པར་བསྟན་པའི་ཕྱིར་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདུས་

བྱས་དང་འདུས་མ་བྱས་པའི་དངོས་པོ་ཡང་ཡོད་དེ་དེ་ལྟ་བས་ན་ཚུལ་བཞིན་དུ་བསྐྱེད་ཅིང་ལྡོག་པ་ཡང་བསྒྲུབ་པའི་ཕྱིར། དགེ་སློང་དག་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་མེད་པར་གྱུར་ན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མྱ་ངན་ལས་འདས་པ་ཡང་མེད་པར་

གྱུར་ནའོ། །ང་ནི་སྐྱེས་པ་དང་ཞེས་བྱ་བ་ནི་ང་ཐམས་ཅད་མཁྱེན་པར་གྱུར་ནས་འདུས་བྱས་ཀྱི་ངེས་པ་འབྱུང་བ་ཡོད་དེ་ཞེས་མི་སྨྲ་བའི་ཕྱིར་རོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །འདི་ན་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་སྨྲ་བའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་

ངེས་པར་འདུས་མ་བྱས་ཡོད་ཅིང་ངེས་པར་འབྱུང་བ་ཡོད་པ་དེ་བས་ན་ང་ཉིད་སྨྲའོ། །གང་གི་ཕྱིར་ཀུན་དུ་མི་ཤེས་པ་མེད་དེ་ངན་པ་ལ་དམིགས་པའི་བློ་མེད་པའི་ཕྱིར་རོ། །མེད་པའི་དངོས་པོ་ཡང་ཡོད་པ་ཉིད་དུ་འཇོག་པར་སངས་རྒྱས་མི་མཛད་དེ་ཕྱིན་ཅི་མ་ལོག་པར་སྟོན་པའི་

ཕྱིར་དང་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར། བསྐྱེད་པ་དེ་ཡང་འདི་ལྟར་ཡོད་པ་ཡིན་ནོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟེ། ཕྱི་རོལ་གྱི་དངོས་པོ་མེད་ན་ནི་ནད་ནས་འབྱུང་བ་མི་རིགས་སོ། །དངོས་པོ་ཐམས་ཅད་ནི་གཉེན་པོ་དང་བཅས་པ་མ་ཡིན་པ་མི་སྣང་སྟེ།

དཔེར་ན་མུན་པ་ལ་སྣང་བ་དང་། གྲང་བ་ལ་དྲོ་བ་དང་། དྲོ་བ་ལ་གྲང་བ་དང་། དྲི་མ་ལ་ལན་ཚྭའི་ཆུ་དང་། ནད་ལ་སྨན་ལ་སོགས་པ་སྟེ། འཁོར་བ་རྗེས་སུ་མྱོང་ཞིང་སྡུག་བསྔལ་དུ་ལྟུང་བ་ཡང་གཉེན་པོས་རྫས་ཀྱི་བདག་ཉིད་བསྒོམ་པར་བྱའོ། །གལ་ཏེ་འདི་དོན་དམ་

เล่ม ๑๔๙ · หน้า 87a

པར་ཡོད་དམ་མེད་ཅེ་ན་བཤད་པ། ཡོད་དོ་ཞེས་བྱ་བའི་དོན་གྱིས་བསྟན་ཏོ། །ད་འདི་ཉིད་ངེས་པར་བརྟག་པར་བྱ་སྟེ། ཇི་ལྟ་བུ་ལས་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། སྡུག་བསྔལ་མཐའ་དང་ངེས་འབྱུང་དང་། །དུས་དང་ཟད་པ་མེད་པ་ཡི། །བློ་ལྡན་མྱ་ངན་

འདས་སྐྱོབ་ཅེས། །ཐུབ་པས་ཡང་དག་གསུངས་པ་ཡིན། །རྣམ་པར་ཤེས་པའི་མཚོ་ལ་གང་ཞིག་རྟག་པའི་བདག་ཉིད་ཀྱི་རྫས་ཡོད་ཅིང་དབང་བྱེད་པའི་དོན་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ་གསུངས་པ། དགེ་སློང་དག་དེ་ལ་རྣམ་པར་ཤེས་པ་ནི་ཤར་ཕྱོགས་སུ་འགྲོའོ་

ཞེས་ང་མི་སྨྲའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་ནང་ནས་བསྟན་དུ་མེད་པ། ཡངས་ཤིང་རྒྱ་ཆེ་བས་ཟིལ་གྱིས་མི་ནོན་པ་ནི་འདིར་མྱ་ངན་ལས་འདས་པ་སྟེ། རྣམ་པར་ཤེས་པའི་སྒྲའོ་ཞེས་བྱེ་བྲག་ཏུ་སྨྲ་བའི་འོ། །སེམས་ཀྱི་རྒྱུད་འགག་པའི་ཕྱིར་སེམས་ཀྱི་རྒྱུད་ཀྱི་རྣམ་པ་ཡིན་ཏེ།

སེམས་ཅན་རེ་རེ་ལ་ཡང་མྱ་ངན་ལས་འདས་པའི་རྫས་ཡོད་དོ། །གང་སྤངས་པའི་ཁམས་དང་འདོད་ཆགས་དང་བྲལ་བའི་ཁམས་ཀྱང་ཡོད་དོ་ཞེས་ཡེ་ཤེས་ལ་འཇུག་པ་ལས་བརྗོད་པའི་ཕྱིར་དང་། སྐལ་བ་མི་མཉམ་པ་ནི་འགོག་པ་ཡིན་ནོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །

ཀུན་དུ་སྦྱོར་བའི་རྫས་དག་ནི་འགོག་པ་མ་ཡིན་ནོ། །མྱ་ངན་ལས་འདས་པའི་སྒྲིབ་པར་གྱུར་པ་ཉོན་མོངས་པ་རྣམས་ཀྱང་གཉེན་པོ་དུ་མས་སྒྲུབ་པའི་ཕྱིར་ཏེ། ཉོན་མོངས་པ་མང་བའི་ཕྱིར་གཉེན་པོ་བསྒོམ་པ་མང་པོས་མྱ་ངན་ལས་འདས་པ་མང་བའི་ཕྱིར། ཤཤྛི་ཛ་ན་ས་ར་ཀ་ཞེས་

བྱ་བ་འདིར་བརྗོད་པར་བྱའོ། །མྱ་ངན་ལས་འདས་པ་རྫས་སུ་ཡོད་དེ། མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །ཡོད་པའི་ཕྱིར་བཏགས་པ་བཞིན་ནོ། །སྐྱེ་བ་ཡོད་ཅེས་བྱ་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཡོད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་

ཅན་འཇིག་པ་མེད་པའི་ཁྱད་པར་གྱིས་སོ། །ཁྱིམ་བདག་གཟུགས་ནི་འཇིག་པའི་ཆོས་ཅན་ཡིན་ལ་འགོག་པ་དང་མྱ་ངན་ལས་འདས་པ་ནི་འཇིག་པའི་ཆོས་ཅན་མ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །བློ་ཁྱད་པར་ཅན་གྱི་གཞིས་དེའི་དོན་བྱ་བར་ཡང་སྣང་སྟེ། ཡིད་བཞིན་གྱི་

เล่ม ๑๔๙ · หน้า 87b

ནོར་བུ་བཞིན་ནོ། །མཆོག་ཏུ་བཅས་པའི་ཆོས་བསྟན་པ་ནི་འབྲས་བུ་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་སེམས་ནི་ཉོན་མོངས་ལས་ཀྱི་ཞགས་པ་དམ་པོས་བཅིངས། །དེ་དང་བྲལ་ཞིང་གྲོལ་བས་གྲོལ་བའང་དེ་ཉིད་དེ། །ལུས་ཅན་བཙོན་ར་དག་ལས་ཐག་རིང་

གྱུར་ན་ནི། །འཇིག་རྟེན་ཐར་པ་འདོད་དེ་བཙོན་ར་ལྟ་བུར་མིས། །འདོད་དང་མི་འདོད་དེ་ལྟར་མཁས་པས་ཤེས་བྱ་སྟེ། །གྲགས་དང་མ་གྲགས་སྤང་ན་མྱ་ངན་འདས་པ་འཐོབ། །ཅེས་སོ། །རེ་ཞིག་སོ་སོའི་སྐྱེ་བོའི་ཚོགས་ནི་འཁོར་བ་ལ་དགའ་བར་འགྱུར་བའི་བར་དུ་ཡིན་ཞིང་

མི་མཐོང་བ་ཡིན་ཏེ། འགོག་པ་ནི་སྐྱོན་དང་བྲལ་བའོ། །དེ་བཞིན་ཉིད་རྟོགས་པའི་མིག་གིས་ནི་ལྷའི་བུ་མོ་ལ་བལྟས་ན་ཡང་བློ་དགའ་བ་མེད་པར་འགྱུར་རོ། །བཤང་གཅི་དང་ནི་རྒ་དང་ནད། །དུག་གིས་བརྒྱལ་བའི་འབྲས་བུ་ངན། །གཞན་ཟས་ལང་ཚོ་ནད་མེད་དང་། །

ཕུན་སུམ་ཚོགས་པའི་དངོས་པོ་དག །དཀའ་ཡང་མཁས་པ་དག་གིས་ནི། །སྔ་ཕྱི་ཡོངས་སུ་བརྟག་བྱ་སྟེ། །དགའ་བར་མི་བྱ་རིགས་བཙུན་རྟ། །མཚན་དང་བྲལ་བ་ཇི་བཞིན་ནོ། །རིགས་དང་མི་རྟག་གྲོལ་བ་སྟེ། །དེ་བཞིན་ལུང་གི་བྱ་བས་ཀྱང་། །བློ་ལྡན་ཐེ་ཚོམ་

བྲལ་བ་ཡིས། །རྫས་ནི་ཡང་དག་ངེས་ཤེས་བྱ། །དངོས་པོ་ཐམས་ཅད་རྟོགས་པ་ཡི། །བློ་ནི་རང་བཞིན་གྱིས་སྤེལ་ཞིང་། །བློ་དང་ལྡན་པས་བློ་གྲོས་ནི། །འབད་པས་ཡོངས་སུ་བསྐྱེད་པར་བྱ། །ཞེས་སྨོས་སོ། །འདིར་གཞུང་མངས་ཀྱིས་དོགས་ནས་ཡང་མ་བྲིས་སོ། །

ཇི་སྐད་དུ་བཤད་པའི་འཇུག་པ་དང་ལྡོག་པ་གཉིས་བླང་བ་དང་སྤང་བ་ཉིད་དུ་སྒྲུབ་པའི་ཕྱིར། སྐྱེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྔ་པོ་འདིའི་རྣམ་པར་འགྲེལ་པ་ནི་བཤད་ཟིན་ཏོ། །མི་བརྟན་པ་ཞེས་བྱ་བ་ནི་མི་རྟག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །

གནས་སྐབས་མི་རྟག་པ་བསྟན་ནས་རིས་མཐུན་པའི་མི་རྟག་པ་བསྟན་པའི་ཕྱིར། རྒ་དང་འཆི་བ་ཞེས་བྱ་བ་སྨོས་ཏེ། རྒ་བ་དང་འཆི་བ་གཉིས་ཀྱིས་ནི་ཀུན་དུ་བཅོམ་ཞིང་གནོད་པ་བྱེད་དེ། དགའ་བ་དང་འཆི་བས་ཀུན་དུ་བཅོམ་པའི་ཕྱིར་རོ། །རྨོངས་པའི་ཆོས་ཅན་ཞེས་བྱ་བ་

เล่ม ๑๔๙ · หน้า 88a

ནི་སྡུག་པ་དང་བྲལ་བའི་ཆོས་ཡིན་པའི་ཕྱིར་རོ། །ཡང་ན་གཞན་ལས་རྟོགས་པ་ཡིན་པའི་ཕྱིར་རོ། །མི་སྡུག་པ་དང་ཕྲད་པ་བསྟན་པའི་ཕྱིར། རབ་ཏུ་འཇིག་འགྱུར་བ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་དགའ་བས་འཇིག་པར་འགྱུར་བ་སྟེ། དགའ་བ་རྣམ་པར་ཉམས་

པའི་རྒྱུར་གྱུར་པའི་ཕྱིར་རོ། །ཟས་ཀྱི་རྒྱུ་ལས་བྱུང་བ་ཡི། །ཞེས་བྱ་བ་ནི་ཟས་ཀྱི་རྒྱུར་གྱུར་པས་མཁས་པ་རབ་ཏུ་འབྱུང་ཞིང་གནས་པ་འདི་ལ་ཡོད་པ་སྟེ། གཞན་ལ་རག་ལུས་པས་འཇུག་པ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཟས་ཀྱིས་གནས་པ་ཞེས་བྱ་བའི་ཚིག་གིས་ཟས་མེད་

པར་གནས་པ་མེད་པའི་ཕྱིར་རོ། །ཟས་དེ་ཡང་སྡུག་བསྔལ་གྱི་རྐྱེན་དང་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་ཞིང་སྡུག་བསྔལ་ཉིད་སྐྱེ་བ་ཡིན་ཏེ། ཇི་སྐད་དུ་མི་རྟག་པའི་རྒྱུ་དང་རྐྱེན་ལ་བརྟེན་ན་ཇི་ལྟར་རྟག་པར་འགྱུར་ཞེས་མདོ་ལས་སོ། །སྐྱེས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་

གིས་གང་བསྟན་པའི་འདུས་བྱས་ཀྱི་དངོས་པོ་དེ་ལ་ཇི་ལྟར་ཞེ་ན། འཇིག་འགྱུར་འདི་ལ་དགའ་མི་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་གོ་རིམས་བཞིན་དུ་རྒྱུ་དྲུག་བསྟན་པའི་ཕྱིར། རྒ་དང་འཆི་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་ནུས་པ་ཉམས་པ་སྟེ་རྒ་བའོ། །ནད་

ཀྱང་ནུས་པ་འགྲིབ་པར་བྱེད་པ་སྟེ། འདིར་རྒ་བའི་སྒྲར་གཟུང་ངོ་། །རྒ་བ་དང་འཆི་བ་ནི་རྒ་ཤི་སྟེ། དེས་ཀུན་དུ་བཅོམ་པ་ནི་སྐྱེ་བའི་དངོས་པོ་སྟེ། དེ་ཡང་ཡོངས་སུ་སྤང་བར་བྱའོ། །འོ་ན་ཙམ་པ་ཀ་ལ་སོགས་པའི་མེ་ཏོག་དེ་ཡོངས་སུ་ཐུ་བར་བྱེད་ཀྱི་སྤང་བར་མི་བྱེད་ན་དེ་ཇི་ལྟར་

ཞེ་ན། རྒ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ་སྐྱེས་ནས་རྙིང་པར་མི་འགྱུར་བ་མེད་དོ་ཞེས་པས་སྤང་བར་བྱ་བ་ཡིན་ནོ། །གང་བྱུང་བར་གྱུར་པ་དེ་ཡང་སྤང་བར་བྱ་བ་ཡིན་ནོ། །འོ་ན་ནད་མེད་པར་གྱུར་པ་ཡང་ཡང་དག་པར་ཡོངས་སུ་བསྲུང་བ་དེ་ཅིའི་ཕྱིར་ཞེ་ན། ན་བའི་ཆོས་ཅན་ཡིན་པའི་

ཕྱིར་ཏེ། ནད་མེད་པ་ཐམས་ཅད་ཀྱི་མཐའ་ཡང་ནད་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །གང་ཡང་འབྱུང་བ་དེ་ཡང་སྤང་བར་བྱའོ། །འོ་ན་སྐྱེས་བུའི་བུ་དེ་ནི་གང་གིས་ཀྱང་བོར་བ་མེད་དོ་ཞེ་ན། འཆི་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། གལ་ཏེ་སྐྱེས་ནས་འཆི་བར་མི་རིགས་

เล่ม ๑๔๙ · หน้า 88b

ན་དེ་ལྟ་མ་ཡིན་པས་སོ། །བཅོས་པ་གང་ཡིན་པ་ཡང་སྤང་བར་བྱ་བ་ཉིད་དོ། །འོ་ན་བུམ་པ་ལ་སོགས་པ་བྱས་ནས་ཀྱང་ལེན་པ་ཡིན་ནོ་ཞེ་ན། རྨོངས་པའི་ཆོས་ཅན་ཡིན་པའི་ཕྱིར་གང་གཞན་གྱིས་བསྐྱེད་པ་དེ་ནི་ངེས་པར་འཇིག་པ་ཡིན་ཏེ། བཅོས་མའི་ནོར་བུ་བཞིན་ནོ། །

གང་འདུས་བྱས་དེ་དང་དེ་ནི་སྤང་བར་བྱ་བ་ཡིན་ནོ། །འོ་ན་དགོས་པར་གནས་པ་དེ་ནི་སྤང་བར་མི་རིགས་ཏེ། སེམས་ལ་སྟེན་པར་བྱེད་པ་མ་དང་འདྲ་བས་དེ་ཡང་རབ་ཏུ་འཇིག་པར་འགྱུར་བའི་ཕྱིར་ཏེ་བསལ་བའོ། །གང་རབ་ཏུ་དགའ་བར་འགྱུར་བ་དེ་ནི་མི་འདོར་བ་

ཡིན་ན་དེ་ནི་ལུགས་ལས་བཟློག་པ་མ་ཡིན་ནོ། །གང་མི་བརྟན་པ་དེ་ཡང་སྤང་བར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཟས་ཙམ་གྱིས་རབ་ཏུ་འབྱུང་བའི་ཕྱིར་རོ། །དཔེར་ན་སྤྲེའུ་ནི་མེ་རྣོ་བ་ཡོད་པས་ཟས་ཀྱི་དོན་དུ་ཕལ་ཆེར་ཀུན་དུ་གཡོ་ཞིང་མི་བརྟན་པ་ལྟ་བུ་མཁས་

པས་སྤང་བར་བྱའོ། །དེ་བཞིན་དུ་འདུས་བྱས་ཀྱང་ཟས་ཡོད་ན་གནས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །འཇིག་འགྱུར་འདི་ལ་དགའ་མི་བྱ། །ཞེས་བྱ་བ་ནི་དེ་ལྟར་འདུས་བྱས་ཀྱི་དངོས་པོ་ལ་དོན་དུ་གཉེར་བ་དང་ཉེ་བར་ལེན་པ་ནི་མི་རིགས་སོ། །གང་གི་ཕྱིར་

ཁྱད་པར་གསུམ་གྱིས་ནི་དོན་དུ་གཉེར་བར་བྱ་སྟེ། རྟག་པའི་ཕྱིར་དང་། རྒ་བ་དང་འཆི་བ་མེད་པའི་ཕྱིར་དང་། གཞན་ལ་རག་ལུས་པ་མེད་པའི་ཕྱིར་རོ། །དེ་ལ་ཡང་འདིར་མི་འབྱུང་བ་ནི་སྔ་མ་ཕྱེད་ཀྱིས་སོ། །རྒ་བ་དང་འཆི་བས་ཀུན་དུ་བཅོམ་པས་ནི་ལྷག་མ་བསྟན་ཏོ། །

དེའི་ངེས་པར་འབྱུང་བ་ཞེས་བྱ་བ་ནི་མཚན་ཉིད་གསུམ་གྱི་རྒྱུ་རྟོགས་པ་སྟེ། དེས་མི་དཔྱོད་པ་དང་མི་རྟོག་པ་སྟེ་རང་རིག་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་པའི་ཡོངས་སུ་རྟག་པ་དེ་འདོད་པ་ན་སྤྱོད་པ་ལ་འཇུག་པ་སྟེ། གང་དུ་དེ་འདོད་པ་ན་སྤྱོད་པ་དེ་ཡང་འདི་ལྟ་བུ་མ་ཡིན་

ཏེ། རྟོག་པ་མེད་པ་ནི་རྟོག་པ་དང་དཔྱོད་པ་མ་ཡིན་ནོ་ཞེས་མདོ་ལས་སྟོན་ཏོ། །འདི་རི་བོང་གི་རྭ་བཞིན་དུ་མ་ཡིན་ནམ་ཞེ་ན། གཞི་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཡོད་པའི་ཕྱིར་རོ། །སྡུག་བསྔལ་ཆོས་རྣམས་འགགས་པའི་ཕྱིར། །ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་

เล่ม ๑๔๙ · หน้า 89a

པོ་ལྔ་དེ་ཐོབ་ན་འགགས་པའི་ཕྱིར་རོ། །ཟག་པ་མེད་པའི་འདུས་བྱས་ཀྱང་དེར་འགགས་པ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ཉི་ཚེར་མ་ཟད་དོ་ཞེས་བསྟན་པའི་ཕྱིར། འདུ་བྱེད་ཉེ་བར་ཞི་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཞེས་སྨོས་པས་དེའི་སྡུག་

བསྔལ་དང་བྲལ་བའི་ཚུལ་ཡིན་པའི་ཕྱིར་ཏེ། མྱ་ངན་འདས་པ་བདེ་བའི་མཆོག །ཅེས་བྱ་བའི་ཚིག་གིས་སོ། །འཇིག་འགྱུར་འདི་ལ་དགའ་མི་བྱ། །ཞེས་བྱ་བ་འདིར་རྗེས་སུ་འབྲང་ངོ་། །ཡོན་ཏན་བསྒྲགས་པས་ཡུལ་དྲུག་ལ་འདོད་པ་བསྐྱེད་པའི་ཕྱིར་དང་། དེ་བསྒྲུབ་ཅིང་

བྱ་བའི་ཕྱིར་རོ། །ཡང་བཤད་པ། བདེན་པ་ཡིན་ཞིང་མཉམ་ཡང་མི་གཙང་བ་ལ་སོགས་པ་སྤང་བར་བྱ་བ་ཡིན་གྱི། རིན་པོ་ཆེ་ལ་སོགས་པ་ནི་དེ་ལྟར་ཤེས་པར་མི་བྱ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་ཚུལ་ཡང་དེ་ཡིན་ནོ། །སྡུག་བསྔལ་གྱི་རྐྱེན་ནི་སྲིད་

པ་ཡིན་གྱི། བདེ་བ་ཉིད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །དགེ་སློང་དག་ཅེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་དགོན་པ་ན་བཞུགས་ཏེ། དགེ་སློང་རྣམས་མྱ་ངན་ལས་འདས་པ་དང་རབ་ཏུ་ལྡན་པའི་གཏམ་སྟོན་ཅིང་བཞུགས་སོ། །དེ་ནས་དགེ་སློང་

དེ་དག་འདི་སྙམ་དུ་སེམས་ཏེ། དེ་ཇི་ལྟ་བུ་ཞིག་ཅེས་བསམས་པ་དང་། དེ་དག་གི་བསམ་པ་མཁྱེན་ནས་འདི་གསུངས་ཏེ། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་བྱ་བའི་བར་དུའོ། །དངོས་པོ་ཐམས་ཅད་ནི་མངོན་སུམ་དུ་གནས་ཤིང་སྐྱུ་རུ་ར་ལག་མཐིལ་དུ་བཞག་

པ་བཞིན་དུ་མཁྱེན་ཏེ། འགོག་པ་ལ་སོགས་པ་ཤེས་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་གང་ཞིག་གིས་ཡིད་ཆེས་པས་བསྟན་པ་ཡིན་ཞེ་ན། ངས་ཞེས་བྱ་བ་སྟེ་བདག་ཉིད་སྟོན་པ་ཡིན་ནོ། །ཀྱེ་དགེ་སློང་དག་ཁྱེད་ཀྱིས་ཀྱང་ཁྱིམ་གྱི་གནས་སྤངས་པ་མངོན་པར་ཤེས་པ་སྟོན་

པ་ཡིན་ནོ། དེའི་གནས་ཞེས་བྱ་བ་དེའི་གཞི་འམ་རྟེན་ནོ། །གང་དུ་ཡང་ཞེས་བྱ་བ་ནི་གནས་གང་དུ་ཡང་ཞེས་པའོ། །ས་ལ་གནས་པར་མི་འགྱུར་ཞེས་བྱ་བ་ནི་དེ་ནས་ས་དང་འབྲེལ་པ་མེད་དེ་གཞི་ལ་མི་གནས་པ་སྟེ། དེ་ནི་འདུས་མ་བྱས་ཡིན་པའི་ཕྱིར་རོ། །ཆུ་ལ་མ་ཡིན་

เล่ม ๑๔๙ · หน้า 89b

ཞེས་བྱ་བ་ནི་ཆུ་ལ་མེད་པའོ། །མེ་ལ་མ་ཡིན་ཞེས་བྱ་བ་ནི་མེ་ཉིད་ལ་ཡང་ངོ་། །རླུང་ལ་མ་ཡིན་ཞེས་བྱ་བ་ཡང་རླུང་ལ་སྟེ། འདིས་ནི་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ནང་དུ་གཏོགས་པ་མ་ཡིན་པར་བསྟན་ཏེ། འདི་ན་ཕན་འདོགས་པ་དང་གནོད་པར་བྱེད་པར་གྱུར་

པ། མེ་ཏོག་གི་ཕྲེང་བ་དང་ཙནྡན་ལ་སོགས་པ་དང་། དུག་དང་ཚེར་མ་ལ་སོགས་པའི་ཚུལ་གྱིས་གནས་པའི་ཕྱིར་ཏེ། དེ་དག་ཀྱང་ཁམས་གཉིས་པོ་ཉིད་ན་ཡོད་པའི་ཕྱིར་རོ། །དེ་ལྟར་ན་གཟུགས་མེད་པའི་ཁམས་སུ་གཏོགས་པ་ཡིན་ནོ་ཞེ་ན། ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ལ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱི་རོལ་པ་དག་ལུས་མེད་པ་ལ་སོགས་པ་དག་ལ་ཐར་བའི་འདུ་ཤེས་སུ་བྱེད་པས་སོ། །དེ་ལྟ་ན་འཇིག་རྟེན་གཉིས་ཀྱི་ནང་དུ་འདུས་པ་ཡིན་ནོ་ཞེ་ན། འཇིག་རྟེན་འདི་ལ་མ་ཡིན་འཇིག་རྟེན་ཕ་རོལ་ལ་མ་ཡིན་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་གཉིས་ནི་འོག་ནས་སྨོས་པའི་ཁམས་གསུམ་གྱི་ངོ་བོ་ཡིན་པའི་ཕྱིར་དེ་བཀག་པས་འདི་ཡང་བཀག་པར་གྲུབ་པོ། །ཉི་མ་དང་ཟླ་བ་གཉིས་ལ་གནས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། དེའི་ནང་དུ་འདུས་པའང་མ་ཡིན་ཏེ། དེའི་ཕྱིར་

རྡུལ་ཤས་ཆེ་བ་འདོད་ཆགས་དང་བྲལ་བ་ནི། ཉི་མའི་དཀྱིལ་འཁོར་ལ་འཇུག་པར་འགྱུར་ལ། མུན་པ་ཤས་ཆེ་བ་ལས་ནི་ཟླ་བའི་དཀྱིལ་འཁོར་ལ་འཇུག་པར་འགྱུར་རོ་ཞེས་པ་ནི་མུ་སྟེགས་པ་རྣམ་པར་བཟློག་པའི་ཕྱིར་རོ། །གནས་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་

ཕྱོགས་གང་དུ་ཡང་གནས་པ་མེད་པ་སྟེ། འདས་པ་དང་མ་འོངས་པ་ལ་རྣམ་པར་རིག་པར་མི་འགྱུར་ཏེ། གཟུགས་མེད་པའི་ཆོས་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །སེམས་དང་སེམས་ལས་བྱུང་བ་ཡང་གཅིག་ཏུ་དམིགས་པ་

དང་བཅས་པ་ཡིན་ནམ་ཞེ་ན། འདི་ལ་དམིགས་པ་མེད་པ་ཞེས་བྱ་བ་སྨོས་ཏེ། འདི་ལ་དམིགས་པ་ཡོད་པ་མ་ཡིན་ཞེས་ཚིག་སྦྱར་རོ། །འདི་ཡང་འདིའི་དབང་དུ་བྱས་པ་མ་ཡིན་པ་སྟེ། ཡང་ན་སྐྱེ་བོ་ཕལ་པ་གཟུགས་ལ་སོགས་པ་ལ་དམིགས་པ་དེ་བཞིན་དུ་དེ་ཞེས་

เล่ม ๑๔๙ · หน้า 90a

བྱས་ནས་སོ། །དགེ་སློང་དག་དེ་ལ་འོང་བ་ཡོད་པར་ང་མི་སྨྲ་སྟེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དེར་ཞུགས་ན་མི་སྨྲའོ་ཞེས་བྱ་བ་ཡིན་ཏེ། དེ་ལ་འདས་པ་དང་རབ་ཏུ་འབྲེལ་པའི་ཕྱིར་ཏེ། མྱ་ངན་ལས་འདས་པ་ལ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །དེ་ཉིད་

བསྟན་པའི་ཕྱིར། འགྲོ་བ་མེད་ཅེས་བྱ་བ་སྨོས་ཏེ། འདས་པས་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིས་ནི་འཇུག་པ་སྔོན་དུ་འགྲོ་བའི་ཕྱིར་ཡང་མེད་དོ། །འདིས་ནི་སྲིད་པ་བར་མ་དོ་སྔོན་གྱི་དུས་ཀྱི་སྲིད་པ་མེད་པ་བསྟན་ཏོ། །གནས་པར་མ་ཡིན་པ་ནི་གནས་པའི་གནས་སྐབས་སོ། །འཆི་

འཕོ་ཡོད་པར་ང་མི་སྨྲ། །ཞེས་བྱ་བ་ནི་འཆི་བ་ཉིད་དོ། །སྐྱེ་བར་མ་ཡིན་པ་ནི་འབྱུང་བ་མེད་པའོ། །འདི་ལྟ་བུ་ཞེས་བྱ་བ་ཡང་རྣམ་པ་དེ་ལྟ་བུ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཁམས་གསུམ་གྱི་ནང་དུ་གཏོགས་པ་ཉིད་དོ། །འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ་ཞེས་བྱ་བ་

ནི་འདི་ཉིད་མྱ་ངན་ལས་འདས་པ་ཐ་མ་སྟེ། གནོད་པ་ཐམས་ཅད་ཞི་བའི་ཕྱིར་རོ། །འདི་ཉིད་ཡང་བསྡུ་བའི་ཕྱིར་ས་དང་ཆུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་གང་དུ་འབྱུང་བ་རྣམ་པ་བཞི་གནས་པ་མ་ཡིན་ཞིང་འཇུག་པ་མ་ཡིན་ནོ། །འབྱུང་བ་མེད་པས་འབྱུང་བ་ལས་

གྱུར་པ་མེད་པར་བསྟན་པའི་ཕྱིར། དེ་ལ་དཀར་པོས་གསལ་མི་བྱེད། །ཅེས་བྱ་བ་དཀར་བ་ལ་སོགས་པའི་ཁ་དོག་དེ་ནི་མི་སྣང་སྟེ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེ་ལ་མུན་བའང་ཡོད་མ་ཡིན། །ཞེས་བྱ་བ་ནི། མུན་པ་ལ་སོགས་པ་འདིའི་དབྱེ་བ་དེ་ནི་མེད་དོ། །

དེ་ཉིད་ཀྱི་ཕྱིར་དཀར་བའི་སྒྲ་ནི་ཡང་ན་འདིར་སྣང་བ་བསྟན་ཏོ། །མུན་པ་ནི་མུན་ནག་སྟེ་ཉིན་མཚན་ཞེས་བྱ་བའི་དོན་ཏོ། །གླིང་དག་ཏུ་སྣང་བའི་གནས་སྐབས་ནི་ཉིན་མོ་ཡིན་ལ། མུན་པའི་གནས་སྐབས་ནི་མཚན་མོ་ཡིན་ནོ། །ཞེས་གྲུབ་པའི་མཐའ་ཡིན་ནོ། །དེ་ན་དེ་གཉི་

ག་མེད་པ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ལ་ཟླ་བས་སྣང་མི་བྱེད། །ཅེས་བྱ་བ་ཡིན་ཏེ། ཟླ་བས་ནི་མཚན་མོ་མཚོན་པ་ཡིན་ལ་དེ་ན་ཟླ་བས་གསལ་བ་ཡང་མེད་པའི་ཕྱིར་རོ། །དེ་ལ་ཉི་མས་མངོན་མི་བྱེད། །ཅེས་བྱ་བ་ནི་ཉི་མས་གསལ་བར་མི་བྱེད་དེ། དེས་ཉེ་བར་མཚོན་

เล่ม ๑๔๙ · หน้า 90b

པ་ནི་ཉིན་པར་རོ། །དེའི་ཕྱིར་མྱ་ངན་ལས་མ་འདས་པ་ནི་གདུང་བའི་དངོས་པོ་ཡིན་ཏེ། གདུང་བར་བྱེད་པ་ནི་འབྱུང་བ་ཆེན་པོ་རྣམས་དེས་མངོན་པར་འདོད་པ་ཡང་ཉེ་བར་གདུང་བར་སྣང་བའི་ཕྱིར་རོ། །ནུབ་པ་ཡང་ཁ་ཅིག་གནོད་པར་སྣང་ལ་དེ་བཞིན་དུ་ཉིན་པར་ཡང་སྣང་ངོ་། །

དཔེར་ན་རྣ་བ་བྱེ་བ་རིས་མཐོང་བ་ཡི་དགས་ཁ་ཅིག་དང་། ཟླ་བ་དང་ཉི་མ་གཉི་ག་ལ་བྱ་རོག་དང་བྱ་རྒོད་དང་། འུག་པ་ལ་སོགས་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །གང་གིས་འདི་ཐོབ་པ་དང་གང་གྲོལ་བའི་གང་ཟག་ལ་ཇི་སྐད་བརྗོད་ཅེ་ན། དེས་ནི་ཞེས་བྱ་བ་ནི་གང་

ནས་གཟུང་ནས་སོ། །རང་གིས་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ་སོ་རང་གིས་རིག་པའི་ཕྱིར་རོ། །རིག་པ་ནི་འགོག་པ་ཤེས་པས་རིག་པ་དང་རྟོགས་པ་དང་མངོན་སུམ་དུ་བྱས་པའོ། །མི་སློབ་པའི་གནས་སྐབས་ན་དེ་གང་ཡིན་ཞེ་ན། ཐུབ་པ་ཞེས་བྱ་བ་སྟེ། མྱ་ངན་ལས་

འདས་པའི་ཐུབ་པ་འདི་ལྟ་བུ་ནི་དགྲ་བཅོམ་པ་ལ་ཡིན་གྱི། གཞན་ལ་མེད་པས་སོ། །ཡང་ན་ཐུབ་པར་འགྱུར་བ་ཡིན་པས་ཐུབ་པ་སྟེ། གང་གིས་ཐུབ་པར་འགྱུར་བའི་མྱ་ངན་ལས་འདས་པ་མཐོང་བས་སོ། །དེ་གང་ཡིན་ཞེ་ན། བྲམ་ཟེ་ཐུབ་པ་ཞེས་བྱ་བ་སྨོས་ཏེ། ལུས་

དང་སེམས་ཀྱིས་སྤངས་པ་གོ་རིམས་བཞིན་དུའོ། །ཡང་ན་འདོད་པའི་ཁམས་དང་། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ནི་གཟུགས་དང་གཟུགས་མེད་དང་། །ཞེས་བྱ་བ་ནི་གང་གི་ཚེ་མྱ་ངན་ལས་འདས་པ་དེ་ཉིད་རྟོགས་ཤིང་སྒྲིབ་པ་

ཐམས་ཅད་སྤངས་པ་དེའི་ཚེ། དེ་མ་ཐག་ཉིད་དུ་གཟུགས་ཉེ་བར་མཚོན་པ་དང་། གཟུགས་མེད་པ་ཉེ་བར་མཚོན་པའི་སྡུག་བསྔལ་ཀུན་ལས་རབ་གྲོལ་ཞེས་བྱ་བ་ངེས་པར་འབྱུང་བའོ། །ཡང་ན་གཟུགས་དང་གཟུགས་མེད་པའི་བདག་ཉིད་དེའི་ཉོན་མོངས་པ་

ལས་ཀུན་དུ་གྲོལ་བས་བསྟན་ཏེ། བཙོན་རའི་ཁང་པ་ནས་བྱུང་ཞིང་གྲོལ་ལོ་ཞེས་བསྟན་པ་བཞིན་ནོ། །ཇི་ལྟར་མྱ་ངན་ལས་འདས་པ་ཐོབ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཡིན་ཞེ་ན། ཐར་པ་འཇིགས་མེད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་

เล่ม ๑๔๙ · หน้า 91a

གཉིས་སོ། །དེ་ནས་ཚེ་དང་ལྡན་པ་ཀྵེ་པ་ཀ་ཞེས་བྱ་བ་དགོན་པའི་ནགས་ཚལ་གྱི་མཆོག་ཤིན་ཏུ་དབེན་པ་ན་འདུག་ཅིང་བག་ཡོད་པས་ཇི་སྲིད་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བས་ཚིགས་སུ་

བཅད་པ་གཉིས་པོ་འདི་གསུངས་སོ། །མཐར་ཕྱིན་པ་ནི་རྣམ་པར་བྱང་བ་ཐོབ་པར་གྱུར་པས་ཡང་སྲིད་པའི་ཕུང་པོ་སྤངས་པའི་ཕྱིར་ཏེ། འདི་ལྟར་དགོན་པ་ཆེན་པོའི་ནང་ན་གནས་ན་ནི་བདག་ཉིད་སྡུག་བསྔལ་བར་ཤེས་པ་ཡིན་ནོ། །དེ་བཞིན་དུ་འཁོར་བའི་འདམ་གྱི་ནང་དུ་འབྱིང་བ་དེའི་

མཐའ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དེ་ཐོབ་པ་སྟེ་སྡུག་བསྔལ་ལས་གྲོལ་བའོ། །འཇིགས་པ་མེད་པ་སྟེ་ཞེས་བྱ་བ་ནི་ཕུང་པོ་ཐམས་ཅད་ཆོད་པ་ལས་བྱུང་བའི་སྐྲག་པ་དེ་ནི་འཇིགས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་འཇིགས་པའོ། །དེ་མེད་པ་

ནི་འཇིགས་པ་མེད་པའོ། །དེ་ལས་སོ་སོའི་སྐྱེ་བོ་ནི་ཀུན་དུ་འཇིགས་པ་ཡིན་ཏེ། མཐོང་བའི་ཕྲ་རྒྱས་མ་སྤངས་པའི་ཕྱིར་རོ། །ཇི་སྐད་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་དེ་མེད་པར་འགྱུར་རོ་ཞེ་ན་སྐྲག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །རློམ་མེད་

ཅེས་བྱ་བ་ནི་བདག་གི་ཡོན་ཏན་བརྗོད་ཅིང་རློམ་པར་བྱེད་པའི་ངང་ཚུལ་འདི་ལ་ཡོད་པ་དེ་ནི་དེ་ཉིད་དེ། དེའི་ཆེད་དུ་ཆགས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །འགྱོད་པ་མེད་པ་ཞེས་བྱ་བ་ནི་ངན་པ་བྱས་པ་ནི་ཉེས་པར་སྤྱད་པ་སྟེ། དེ་ནི་འགྱོད་པའོ། །དེ་གང་ལ་མེད་པ་སྟེ་འདིས་

ནི་བདག་ལ་སྨོད་པར་བྱེད་པ་མ་ཡིན་ཏེ། བདག་ལས་བསྟོད་པ་དང་སྨོད་པ་གཉི་ག་ཡང་འདོད་པ་ཉིད་མ་ཡིན་པའི་ཕྱིར་རོ། །སྔར་བསྟན་པའི་ཉེས་པ་དེ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ག་ལས་ཤེ་ན། འདི་ལྟར། སྲིད་པའི་ཟུག་རྔུ་གཏུབས་པ་སྟེ། །ཞེས་བྱ་བ་སྨོས་ཏེ།

སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ཐོབ་པར་བྱེད་པའི་ཉོན་མོངས་པ་ནི་ཟུག་རྔུ་སྟེ། ཇི་སྐད་དུ་ཟུག་རྔུ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གཏུབས་པ་ནི་རྩ་བ་དང་བཅས་པར་དྲུངས་ཕྱུང་བའོ། །དེས་ན་དེ་ཉིད་ཀྱི་ཕྱིར་ལུས་

เล่ม ๑๔๙ · หน้า 91b

ཀྱི་ཐ་མར་གྱུར་པའི་ཞེས་བྱ་བ་ཐ་མའི་དངོས་པོ་ཡིན་པས་ཐ་མ་སྟེ། ཕྱི་ནས་ཡང་བདག་གི་སྦྱོར་བ་མེད་པ་ཉིད་ཀྱིས་དེ་ལས་གཞན་པའི་བདག་ཐོབ་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །མཐར་ཕྱིན་ཞེས་བྱ་བའི་སྒྲའི་དབྱེ་བ་བསྟན་པའི་ཕྱིར་འདི་ནི་མཐར་ཕྱིན་ཞེས་བྱ་བས་བསྟན་ཏེ། བྱ་བའི་

མཐར་ཐུག་པའོ། །དེ་ཐོབ་པའི་ལམ་གྱི་རྒྱུ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བའི་སྒྲ་སྟེ། རྟོགས་པའི་མཐར་ཐུག་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ངེས་པ་ཐོབ་པར་བྱེད་པའི་ཤེས་པ་ནི་མཐར་ཐུག་པར་གནས་པ་སྟེ། ཟག་པ་མེད་པའི་ལམ་གྱི་འབྲས་བུ་མཐར་ཐུག་པ་སྟེ། དེ་ཡང་

མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཐར་ཐུག་པའོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་སྟེ། མཐར་ཐུག་པའི་གནས་སོ། །དེའི་རང་གི་ངོ་བོ་བསྟན་པའི་ཕྱིར་ཞི་བ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་མེ་འབར་བ་དང་བྲལ་བའི་ཕྱིར་རོ། །གོ་འཕང་ནི་གཞིའི་འོ། །དེ་

ཉིད་ལ་གནས་པ་ནི་གོ་འཕང་ལ་གནས་པ་སྟེ། གནས་གཞན་དག་ནི་ཉམས་པ་ཉིད་དུ་ཤེས་པར་བྱའོ། །ཡང་ན་རྗེས་སུ་འབྲང་བས་སོ། །བླ་མེད་པ་ཞེས་བྱ་བ་ནི་རྟག་ཏུ་དགེ་བའི་ཕྱིར་རོ། །མཚན་མ་ཐམས་ཅད་ཟད་པ་སྟེ། །ཞེས་བྱ་བ་ནི་གོ་འཕང་གི་མཆོག་དམ་པ་འདུས་མ་བྱས་

དེར་ནི། རྒྱུ་དང་འབྲས་བུ་ཐམས་ཅད་མེད་དོ་ཞེས་བསྟན་ཏོ། །ཡང་ན་མཚན་མ་བཅུ་དང་བྲལ་བའོ། །བྱང་གྲོལ་གོ་འཕང་ཞེས་བྱ་བ་ནི་གང་འདིས་བྱང་བར་བྱེད་པ་ཡིན་པས་བྱང་གྲོལ་ཏེ། འཕགས་པའི་ལམ་དེས་དྲི་མ་མེད་པ་ཐོབ་པའི་ཕྱིར་རོ། །དེའི་གོ་འཕང་ནི་འདིའི་

འབྲས་བུ་སྟེ་དེའི་མཐུས་ནི་འདི་འཐོབ་པའི་ཕྱིར་རོ། །གང་ལམ་གྱིས་བསྐྱེད་པ་དེ་ནི་འཇིག་པའི་ཆོས་ཅན་ཏེ། འདི་ལྟ་སྟེ་གྲོང་ལ་སོགས་པ་དེ་རྣམ་པར་བཅད་པའི་ཕྱིར་བསྟན་པ། འཆི་མེད་ཅེས་བྱ་བས་ནི་ཡང་མི་སྐྱེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་གི་དངོས་པོ་ནི་

གནོད་པ་དང་བཅས་པའི་ཕྱིར་ཡོངས་སུ་སྤང་བར་བྱ་སྟེ། དམ་པ་རྣམས་ནི་དེ་ལ་དམིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཚུངས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀུན་དགའ་བོ་དང་ལྷན་ཅིག་ཡངས་པ་ཅན་པ་ལས་བསོད་སྙོམས་

เล่ม ๑๔๙ · หน้า 92a

བླངས་ནས་ཙ་པ་ལི་ཙེ་ཏ་ཞེས་བྱ་བའི་ཤིང་ཞིག་གི་དྲུང་དུ་བཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་གྱི་ཙ་པ་ལི་ཙེ་ཏའི་ས་ངན་ཅིང་སྤྱད་པར་བྱའོ། །འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ནི་ཤིན་ཏུ་ཐུང་

སྟེ། ཀུན་དགའ་བོ་གང་ལ་ལ་ཞིག་རྫུ་འཕྲུལ་གྱི་རྐང་པ་བཞི་ཀུན་ཏུ་བསྒྲུབས་པས་ཞེས་པ་ནས། ཇི་སྲིད་དུ་ང་མྱ་ངན་ལས་འདས་ཏེ། བདེ་བར་གཤེགས་པ་མྱ་ངན་ལས་འདས་པའི་དུས་སུ་ཁྱོད་ནི་སྤྲོ་བ་ཆུང་བ་ཡིན་ཏེ། སྲིད་པ་གསུམ་གྱི་ཐ་མ་ཟད་པ་མེད་པར་དེ་བཞིན་

གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེས་ན་ཚེའི་འདུ་བྱེད་ཡོངས་སུ་འདོར་ཞིང་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་ལས་བཞེངས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །མཚུངས་པ་ནི་གཞལ་བས་མཉམ་པ་སྟེ། འབྱུང་བ་ཞེས་

བྱ་བ་དང་འདིར་སྦྱོར་རོ། །བྲལ་ཞེས་བྱ་བ་འདིར་བྱེད་པའི་ཚིག་དང་སྦྱར་བར་བྱའོ། །མི་མཚུངས་པ་ནི་བཟློག་པ་སྟེ། མི་མཉམ་པའོ། །དང་ནི་བསྡུ་བའི་དོན་ཏེ། མཚུངས་པ་ཡང་རུང་མི་མཚུངས་པ་ཡང་རུང་དྲལ་ནས་བྱུང་བའོ། །ཡང་ན་འབྱུང་བའི་འདུ་བྱེད་སྤངས་པ་ཉི་ཚེར་མ་

ཟད་དེ། །མཚུངས་པ་དང་མི་མཚུངས་པ་ཡང་དྲལ་ནས་བྱུང་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ནི་བདག་གི་དངོས་པོ་འབྱུང་བ་ཡིན་ཏེ། ཚོགས་པར་ཡོད་པར་གྱུར་ན་འབྱུང་བ་ཡིན་ནོ་ཞེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། གཟུགས་དང་མིང་གི་ཚོགས་ཀྱི་བདག་ཉིད་དོ། །

དེ་ལ་གཟུགས་ཀྱི་ལུས་ནི་མཚུངས་པ་སྟེ། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་མིང་གི་ཚོགས་ནི་མཚུངས་པ་མེད་པ་སྟེ། དུས་གཞན་ན་རྫོགས་པའི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །སྔར་ཇི་ལྟར་བྱས་ནས་ཤེ་ན། སྲིད་པའི་འདུ་བྱེད་ཅེས་བྱ་བ་སྨོས་ཏེ། དེ་ལ་འདུ་བྱེད་ཡོད་པ་དང་རྒྱུད་ལ་

འཇུག་པ་ཡོད་པའི་ཕྱིར་ཏེ། གང་ལ་འདུ་བྱེད་ཡོད་པས་ཞེས་བྱའོ། །རབ་ཏུ་སྤངས་པ་ནི་བོར་ཞིང་བསལ་བའོ། །ཐུབ་པ་ནི་བཅོམ་ལྡན་འདས་ཏེ་བདག་དང་གཞན་གྱི་དོན་མཛད་པའི་སྤྱོད་པ་མེད་པར་བཞུགས་པ་ཞེས་བྱ་བའི་དོན་ཏོ། །ཐུབ་པའི་ཁྱད་པར་གྱི་ཚུལ་གྱི་སྐུ་ཚེ་བཏང་

เล่ม ๑๔๙ · หน้า 92b

བ་དང་། བྱིན་གྱིས་བརླབས་པའི་རྒྱུ་བསྟན་པའི་ཕྱིར། ནང་དགའ་བ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ལ་དགའ་བས་བརྟག་པ་མཆོག་ཏུ་བྱེད་པའི་ཕྱིར་འདིས་ནི་ཡེ་ཤེས་ལ་དབང་བ་བསྟན་ཏོ། །མཉམ་གཞག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བསྟན་ཏོ། །ཡིས་ཅེས་བྱ་བ་

ནི་དབང་རྣམ་པ་གཉིས་དང་འབྲེལ་བས་མངོན་པར་འདོད་པའི་འབྲས་བུ་འགྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དྲལ་བ་ནི་བཤིག་པའོ། །སྔར་སྲིད་པའི་འདུ་བྱེད་སྤངས་པས་མཚུངས་པ་དང་། མི་མཚུངས་པའི་སྲིད་པ་དྲལ་བ་དེ་ཉིད་ཀྱི་ཕྱིར་སྔར་དང་གི་སྒྲ་བཤད་དོ། །གང་དྲལ་

ཞེ་ན། སྨྲས་པ། སྒོ་ངའི་སྦུབས་ལས་བྱུང་བ་བཞིན་ཞེས་བྱ་བ་སྒོ་ང་ལས་འདི་ཀུན་དུ་བྱུང་བ་ཡིན་པས་ཀུན་དུ་བྱུང་བ་སྟེ། བྱ་ཞེས་བྱ་བའི་དོན་ཏོ། །སྒོ་ངའི་སྦུབས་ནི་སྒོ་ངའི་ཤུན་ཕྲགས་སོ། །དཔེར་ན་ཁྱིམ་བྱའི་སྒོ་ང་མངོན་པར་སྨིན་པའི་ལུས་དང་། མཆུས་སྦུབས་དྲལ་

ཞིང་གཏུབས་ནས་འགྲོ་བ་དེ་བཞིན་དུ། བཅོམ་ལྡན་འདས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བདག་གི་དངོས་པོ་ཡང་ཤེས་པ་ཁྱད་པར་ཅན་གྱིས་དྲལ་ནས་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་པའི་བདེ་བས་ནི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་

ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྦྱིན་ཀུན་ཞེས་བྱ་བ་ལ་སོགས་པའོ། །ལྷ་ཞིག་གིས་གསོལ་པ། སྦྱིན་པ་ཐམས་ཅད་གང་གིས་ཐུབ། །དགའ་བ་ཐམས་ཅད་ཅིས་ཐུབ་ལགས། །སྟོབས་རྣམས་གང་གིས་ཐུབ་པར་འགྱུར། །བདེ་བ་ཐམས་ཅད་ཐོབ་གང་ལགས། །ཞེས་ཞུས་པ་དང་འདི་གསུངས་

སོ། །བཟའ་བ་དང་། བཏུང་བ་དང་། བགོ་བ་བྱིན་པ་ཐམས་ཅད་ལས་རྒྱལ་ཞིང་ཟིལ་གྱིས་གནོན་པར་བྱེད་པ་དེ་གང་ཡིན་ཞེ་ན། ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་སྨོས་ཏེ། ཆགས་པ་མེད་པའི་སེམས་ཀྱིས་ཕྱིན་ཅི་མ་ལོག་པར་སངས་རྒྱས་ཀྱི་གསུང་བསྟན་པ་ཡིན་ཏེ། དེ་ནི་དོན་དམ་

པར་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པ། འདི་ནི་སྦྱིན་པ་ཆུང་ངུ་སྟེ་ཟང་ཟིང་གི་སྦྱིན་པའོ། །འདི་ནི་སྦྱིན་པ་མཆོག་སྟེ། འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ། །ཇི་སྐད་དུ་གསུངས་པ་གལ་ཏེ་འགའ་ཞིག་གིས་ནི་ས་ཆེན་པོ་འདིར་རིན་པོ་ཆེན་སྣ་བདུན་གྱིས་རབ་ཏུ་

เล่ม ๑๔๙ · หน้า 93a

བཀང་སྟེ། སྦྱིན་པ་བྱིན་པ་བས་གང་བདེ་བར་གཤེགས་པས་གསུངས་པའི་ཚིགས་སུ་བཅད་པ་བྱིན་ན་ཆེས་མཆོག་ཏུ་འགྲུབ་པར་འགྱུར་རོ་ཞེས་སོ། །དགའ་ཀུན་ཞེས་བྱ་བ་ནི་འདོད་པ་ལ་ཉེ་བར་ལོངས་སྤྱོད་པ་ལས་སྐྱེས་པ་ཐུབ་པ་སྟེ། །དེ་ནི་ཟང་ཟིང་

དང་བཅས་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དགའ་བ་ཞེས་བྱ་བ་ནི་ལེགས་པར་གསུངས་པ་མཉན་པ་ལས་བྱུང་བའི་སེམས་ཀྱིས་ཐུབ་པ་ཡིན་ཏེ། ཟང་ཟིང་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པ། བསྟན་བཅོས་མི་རྟོག་སྡུག་བསྔལ་དང་། །དེ་ལ་རྟོག་པའི་བདེ་བ་གང་།

དམྱལ་བའི་ཚངས་པའི་འཇིག་རྟེན་དུ། །དེ་ནི་བདེ་མིན་སྡུག་བསྔལ་མིན། །ཡང་ན་ཐར་པ་ལ་དགའ་བས་ནི་འཁོར་བ་ལ་དགའ་བ་ཟིལ་གྱིས་གནོན་པ་ཡིན་ཏེ། གནས་དམ་པ་དང་གནས་དམ་པ་མ་ཡིན་པའི་ཡུལ་གྱི་ཁྱད་པར་གྱིས་སོ། །སྟོབས་ཀུན་བཟོད་པའི་སྟོབས་ཀྱིས་ཐུབ། །

ཅེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་སྟོབས་སམ། རྟའི་ཚོགས་ལ་སོགས་པའི་སྟོབས་ནི་བཟོད་པའི་སྟོབས་ཀྱིས་ཟིལ་གྱིས་མནན་པ་ཡིན་ཏེ། ཡང་བཤད་པ། བཟོད་པའི་འཇིག་རྟེན་གཉིས་ཀྱིས་ནི། །སྟོབས་ནི་སྟོབས་ཀྱིས་རྣམ་པར་གནོན། །ཐར་པའང་སྒྲུབ་

བྱེད་དེ་བས་ན། །བཟོད་པའི་སྟོབས་ནི་ཆེན་པོར་བཤད། །ཅེས་སོ། །སྲེད་པ་ཟད་པ་ཞེས་བྱ་བ་ནི་ཐར་པ་སྟེ། དེས་ནི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཏེ། དེ་ལས་གཞན་བདེ་བ་ནི་སྡུག་བསྔལ་དང་འབྲེལ་པ་ཡིན་ལ་དེ་ནི་སྡུག་བསྔལ་དང་བྲལ་བའི་ཕྱིར་ཏེ། ཇི་སྐད་

དུ་གང་ཡང་འཇིག་རྟེན་འདོད་པའི་ལོངས་སྤྱོད་དང་། །གང་ཡང་ལྷའི་བདེ་བའི་ལོངས་སྤྱོད་དག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བསྟན་ཏོ། །མྱ་ངན་ལས་འདས་པའི་ཚོམས་ཏེ་ཉི་ཤུ་རྩ་དྲུག་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཐར་པ་ཐོབ་པར་

འགྱུར་བ་དེའི་དོན་དུ་བརྩོན་འགྲུས་རྩོམ་པ་ནི་ལྟ་བ་དག་པ་དང་ལྡན་པས་འགྱུར་གྱི། གཞན་དུ་ནི་དྲི་མ་དང་བཅས་པ་ནི་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་མཐོང་བའི་ཚོམས་བཀོད་པ་ཡིན་ནོ། །ཡང་ན། བདེ་ཀུན་སྲེད་པ་ཟད་པ་འཐོབ། །ཅེས་

เล่ม ๑๔๙ · หน้า 93b

བསྟན་པ་ལ་དེ་གང་གིས་ཐོབ་འགྱུར་ཞེ་ན། ཡང་དག་པའི་ལྟ་བ་སྟེ་གཞན་དག་ནི་དེ་མེད་པས་གཞན་གྱི་སྐྱོན་ལ་ལྟ་བ་ལ་སོགས་པའི་དྲི་མས་བསྒོས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དྲུག་སྡེ་རྟག་ཏུ་གཞན་ལ་

རྩོད་པར་བྱེད་ཅིང་དྲན་པར་བྱེད་ལ་གཞན་གྱི་སྐྱོན་ནས་རྗོད་པར་བྱེད་དེ། བདག་ཉིད་ནི་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་སྤྱོད་པ་དེ་ལ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མཐོང་བར་སླ་བ་ཡིན་པས་མཐོང་བླ་བ་སྟེ་རྟོགས་པར་སླ་བའོ། །ཀུན་དུ་རྨོངས་

པའི་དབང་གིས་བསྒྲིབས་ཏེ། ཤེས་པ་མེད་པའི་ཕྱིར་འདི་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ་ཞེས་བྱ་བའི་སྒྲ་སྨོས་སོ། །གཞན་གྱི་སྐྱོན་ཞེས་བྱ་བ་ནི་གཞན་གྱི་འཁྲུལ་པ་སྟེ། ཇི་སྐད་དུ། མིག་གིས་རང་གི་སྐྱོན་མི་མཐོང་། །ཟླ་བའི་ར་རི་རྟོག་པར་བྱེད། །ཅེས་བཤད་

པའོ། །རང་གི་སྐྱོན་ནི་མཐོང་བར་དཀའ། །ཞེས་བྱ་བ་བདག་གི་འཁྲུལ་པ་ནི་དཀའ་བས་མཐོང་བ་ཡིན་ཏེ། རང་གི་གདོང་ལ་བལྟ་བ་བཞིན་ནོ། །གཞན་གྱི་སྐྱོན་མཐོང་བར་སླ་བ་ཞེས་བསྟན་པ་ལ། ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ལས་གཞན་པའི་སྐྱོན་དག་ནི། ཕུབ་མ་

གཏོར་བ་ཇི་བཞིན་དུ། །ཞེས་བྱ་བ་སྟེ། འདིས་བྱ་བ་རྗེས་སུ་དཔག་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་འགའ་ཞིག་གི་རྩྭའི་ཕྱེ་མ་གྱེན་དུ་གཏོར་ཞིང་བོར་བར་བྱས་པ་དེ་བཞིན་དུ་མ་རིག་པས་དེ་ཉིད་མ་མཐོང་སྟེ། གཅིག་ལ་གཅིག་སྐྱོན་རྗེས་སུ་སྒྲོགས་པར་བྱེད་དོ། །རང་གི་སྐྱོན་

ནི་མཐོང་བར་དཀའ། །ཞེས་བྱ་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་གི་དེ་ནི་སྦེད་པ་དང་། །ཞེས་བྱ་བ་སྟེ། བདག་ཉིད་དང་འབྲེལ་པའི་སྐྱོན་འགེབས་པར་བྱེད་དེ། བཀབ་པའི་དངོས་པོ་ནི་མཐོང་བར་དཀའོ། །ཇི་ལྟ་བུར་སྦེད་པ་ཡིན་ཞེ་ན། གཡོན་ཅན་ཆོ་ལོ་འཇོ་བ་ལྟར། །ཞེས་

བྱ་བ་སྨོས་ཏེ། དཔེར་ན་འགའ་ཞིག་འཇོ་བ་ནི་རྒྱན་པོ་བྱེད་པའོ། །གཡོན་ཅན་ནི་སྒྱུ་དང་ལྡན་པ་སྟེ། ཆོ་ལོ་ལ་གཞན་བསླུ་བའི་ཕྱིར་སྦེད་པ་ལྟར་རོ། །ཡང་ན་འཇོ་བ་ནི་གྲགས་པ་ཐོབ་པར་འདོད་པས་གཡོན་ཅན་ཏེ། གཡོས་གཞན་དགའ་བའི་ཆེད་དུ་རང་གི་སྡིག་པ་སྦེད་

เล่ม ๑๔๙ · หน้า 94a

པར་བྱེད་ལ། གཞན་གྱི་སྐྱོན་སྒྲོགས་པར་བྱེད་པ་ལྟར་གཞན་གྱི་སྐྱོན་ཚོལ་བར་བྱེད་པའི་ཉེས་དམིགས་བསྟན་པའི་ཕྱིར་སྨྲས་པ། གཞན་གྱི་སྐྱོན་ལ་ལྟ་བྱེད་ཅིང་། །ཞེས་བྱ་བ་སྟེ། གཞན་གྱི་སྐྱོན་ལ་ལྟ་བར་བྱེད་ཅིང་ཚོལ་བར་བྱེད་པའི་ངང་ཚུལ་འདི་ལ་

ཡོད་དོ། །རྟག་ཏུ་འཕྱས་ལོང་འདུ་ཤེས་ཅན། །ཞེས་བྱ་བ་འདིས་ནི་སྐྱེས་བུ་དམ་པ་ལ་སྐྱེས་བུ་དམ་པ་མ་ཡིན་པར་ཁྱད་པར་དུ་བྱེད་དེ། སྐྱེ་བོ་དམ་པ་ནི་བསྲུང་བའི་ཕྱིར་སྐྱོན་ཡོངས་སུ་ཚོལ་བར་བྱེད་དོ། །སྐྱེ་བོ་ངན་པ་ནི་སྐྱོན་བརྗོད་པའི་ཕྱིར་བྱེད་དེ། ཇི་སྐད་དུ་བཤད་པ། སྐྱེ་བོ་

དམ་པ་རབ་བསྒྲིམས་ཏེ། གཞན་གྱི་སྐྱོན་སྦེད་སྨད་རིམ་བཞིན། །འོན་ཀྱང་འདི་གཉིས་ཁྱད་ཡོད་དེ། །དམ་པ་སྲུང་གི་སྨད་རིམ་སྨྲ། །ཞེས་བྱ་བ་ལྟ་བུའོ། །འཕྱས་ལོང་དང་ཚིག་ངན་པ་བརྗོད་པའི་འདུ་ཤེས་གང་ལ་ཡོད་པ་དེའོ། །གཡོན་ཕྱོགས་ཆོས་ནི་རབ་ཏུ་འཕེལ། །ཞེས་

བྱ་བ་གཡོན་ཕྱོགས་ནི་སྨད་པའོ། །ཆོས་རབ་ཏུ་འཕེལ་བ་ནི་ངན་པར་སྤྱོད་པ་ལ་སོགས་པར་འགྱུར་བ་སྟེ། མ་སྐྱེས་པ་ནི་སྐྱེ་བར་འགྱུར་ལ། སྐྱེས་པ་ནི་འཕེལ་བར་འགྱུར་ཞེས་མདོ་ལས་བསྟན་ཏོ། །དེ་ཡིས་རིང་དུ་ཆོས་མི་མཐོང་། །ཞེས་བྱ་བ་ནི་དེས་དེ་ལྟར་ངན་པར་སྤྱོད་པ་

འཕེལ་བར་བྱེད་ན་ནི་བདེན་པ་མཐོང་བ་ཐག་རིང་བའི་ཕྱིར་རོ། །གང་ཡང་ཆོས་ཀྱི་དེ་བཞིན་ཉིད་མཐོང་བར་མི་འགྱུར་བ་དེའི་སྐྱོན་ནི་ངོ་ཚ་བ་མེད་པ་ལ་སོགས་པའི་སྐྱོན་ལས་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྤྱི་བརྟོལ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་

གཉིས་ཤིག་ཡོད་དེ། གཅིག་ནི་ཤིན་ཏུ་ཁྭ་ལྟ་བུར་མུ་ཅོར་སྨྲ་བ་དང་སྤྱི་བརྟོལ་ཆེ་ཞིང་ཁྱིམ་དག་ཏུ་ཉེ་བར་འགྲོ་བར་བྱེད་དེ། དེས་བདེ་བར་འཚོ་ལ། གཉིས་པ་ནི་ངོ་ཚ་ཤེས་ཤིང་འགྱོད་པ་བྱེད་དེ་དེ་ནི་དེས་འཚོ་བ་ཤིན་ཏུ་དགའ་བར་འགྱུར་ཏེ། དེ་གཉིས་ཀྱི་ཕྱིར་ཚིགས་སུ་

བཅད་པ་གཉིས་གསུངས་སོ། །གང་ལ་ངོ་ཚ་ཡོད་པ་མ་ཡིན་པ་དེ་ནི་ངོ་ཚ་མེད་པ་སྟེ། དེས་ནི་བདེ་བར་འཚོ་བར་འགྱུར་བའམ། གནོད་པ་མེད་པར་འཚོ་བར་ནུས་པ་སྟེ། ཤིན་ཏུ་མ་སྦྱངས་པར་འཚོ་བའི་ཐབས་ཀྱིས་ཞེས་བྱ་བའི་དོན་ཏོ། །ངོ་ཚ་མེད་པ་ཡང་རྣམ་པ་བཞིས་

เล่ม ๑๔๙ · หน้า 94b

བལྟ་བར་བྱ་སྟེ། དེ་ཡང་རིམ་བཞིན་དུ་བསྟན་པའི་ཕྱིར། ཁྭ་ལྟ་བུ་ཞེས་བྱ་བ་ནི་མ་བརྟགས་ཤིང་བབ་ཅོལ་དུ་བྱེད་པའོ། །མི་གཙང་བའི་ལས་ཞེས་བྱ་བ་ནི་མི་གཙང་ཞིང་གཙང་བ་མ་ཡིན་པ་དང་འདྲ་བའི་ལས་འདི་ལ་ཡོད་པའོ། །འཕྲོག་རློམ་ཅན་ཞེས་བྱ་བ་ནི། འཕྲོག་

རློམ་བྱེད་པས་འཇུག་པའི་ཚུལ་འདི་ལ་ཡོད་པ་སྟེ། དེས་ན་བླ་མའི་སྐྱེ་བོ་ལ་ཡང་འཕྲོག་པ་ཞེས་བྱ་བའི་དོན་ཏོ། །སྤྱི་བརྟོལ་བྱེད་པ་ནི་མུ་ཅོར་སྨྲ་བ་སྟེ། ཐམས་ཅད་ལ་སྨྲས་པའོ། །ཤིན་ཏུ་ཉོན་མོངས་འཚོ་བ་ཅན། །ཞེས་བྱ་བ་ནི་ཇི་ལྟར་ཡང་དེས་དུས་ཉུང་ཟད་དུ་བདེ་བར་

འཚོ་བ་ཡིན་མོད་ཀྱི། དྲི་མ་དང་བཅས་པར་འཚོ་བ་སྟེ། ངན་སོང་གི་རྒྱུ་དཔག་ཏུ་མེད་པ་བསགས་པའི་ཕྱིར་དང་། གྲགས་པ་མ་ཡིན་པ་དང་བསྙེན་བཀུར་ལ་སོགས་པའི་ཉེས་དམིགས་ལས་སྐྱེས་པའི་ཕྱིར་རོ། །ངོ་ཚ་ཤེས་པའི་འཚོ་བ་དཀའ། །ཞེས་བྱ་བ་ལ། ངོ་ཚ་

དང་ལྡན་པ་ནི་རྩོད་པའི་དུས་འདིར་ཤིན་ཏུ་མི་བདེ་བར་འཚོ་བ་ཡིན་ནོ། །ངོ་ཚ་ཤེས་པ་ཡང་རྣམ་པ་ལྔས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། དེ་ལ་འདིར་ཁྱད་པར་གྱི་ཚུལ་གྱིས་བསྟན་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན་སྨྲས་པ། རྟག་ཏུ་གཙང་མ་ཚོལ་བ་དང་། །ཞེས་བྱ་བ་སྟེ།

རྒྱུན་དུ་ཁ་ན་མ་ཐོ་བ་མེད་པའི་དངོས་པོ་ཚོལ་བ་ཡིན་ནོ། །འཛེམ་བག་ཅན་ཞེས་བྱ་བ་ནི་དབེན་པའི་གནས་ལ་དགའ་བ་དང་། ཚོགས་ཀྱིས་འཇིགས་པ་ནི་འཛེམ་བག་ཅན་ཏེ། ཁྭ་ལྟ་བུ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐུབ་ཆོད་མི་བྱེད་པ་ཞེས་བྱ་བ་ནི་མུ་ཅོར་མི་བྱེད་

པའོ། །འཚོ་བ་དག་པ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པས་ལུས་གནས་པར་བྱེད་པ་སྟེ། རྙེད་པ་དང་བཀུར་སྟིའི་ཆེད་དུ་བླ་མའི་སྐྱེ་བོ་ལ་སོགས་པ་སྤོང་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་མེད་པ་ཡིན་ནོ་ཞེས་

བསྟན་པའི་ཕྱིར། ལྟ་བ་ཞེས་བྱ་བ་སྟེ། འདིས་ནི་ཁྱད་པར་དུ་གོང་མ་དང་སྦྱར་བར་བྱའོ། །ཤིན་ཏུ་ཉོན་མོངས་འཚོ་བར་བྱེད། །ཅེས་པ་འདིར་ཅི་དང་སྦྱར་ཞེ་ན། ཐུབ་ཆོད་མི་བྱེད་པས་མཐོང་བ་ཞེས་བྱ་བ་ཡིན་ཏེ། ཉོན་མོངས་པར་འཚོ་བ་ཅན་ཤེས་རབ་ཀྱིས་

เล่ม ๑๔๙ · หน้า 95a

དེ་ཁོ་ན་ཉིད་མཐོང་བས་སོ། །ངོ་ཚ་མེད་པ་ལས་ནི་སྐྱོན་མཐའ་ཡས་པ་འབྱུང་བ་ཡིན་ལ་ངོ་ཚ་དང་ལྡན་པས་ནི་ཡོན་ཏན་མང་པོ་འབྱུང་བ་ཡིན་ནོ། །ཅིའི་ཕྱིར་འདི་གཉིས་དམིགས་པ་ཡིན་ཞེ་ན། འཇིག་རྟེན་ལོང་གྱུར་འདི་ལྟ་སྟེ། །ཞེས་བྱ་བ་

ལ་སོགས་པ་བསྟན་ཏེ། མཉན་ཡོད་ན་དམུས་ལོང་ཞིག་ཀུན་དུ་རྒྱུ་བ་ན་གཡང་དུ་ལྷུང་བར་གྱུར་ཏོ། །དེ་དགེ་སློང་རྣམས་ལས་གསན་ནས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་ལོང་བ་ཡིན་ཏེ། ལུས་ཀྱིས་ཉེ་བར་སྤྱད་པ་སྤྱོད་ཅིང་ལུས་ཞིག་ནས་ཤི་བའི་

འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནས། ཇི་སྲིད་དུ་འདི་གསུངས་སོ། །མུན་པར་གྱུར་པ་ནི་མུན་པ་དང་འདྲ་བ་སྟེ་ཕར་གྱུར་པ་བཞིན་ནོ། །དཔེར་ན་ལོང་བས་ནི་ཡིད་དུ་འོང་བ་དང་མི་འོང་བ་ཅི་ཡང་མི་

མཐོང་ངོ་། །དེ་བཞིན་དུ་བྱིས་པས་བྱ་བ་དང་བྱ་བ་མ་ཡིན་པའོ། །སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །འཇིག་རྟེན་འདི་ལོང་བར་གྱུར་པ་དེ་བས་ན་མཐོ་རིས་ལ་དགའ་ཤས་ཙམ་ཞིག་ཅེས་བྱ་བའི་དོན་ཏོ། །འཇིག་རྟེན་འདི་ནི་སོ་སོའི་སྐྱེ་བོའོ། །དེ་ལས་ལྷག་མཐོང་

ལྡན་པ་ཉུང་། །ཞེས་བྱ་བ་ནི་ཤིན་ཏུ་ཆུང་ཞིང་ཉུང་སྟེ་འགྲོ་བ་འདི་ནའོ། །ལྷག་མཐོང་ནི་མཁས་ཤིང་རྟོགས་པ་སྟེ། ཕན་པ་དང་ཕན་པ་མ་ཡིན་པ་རྟོགས་པའི་ཕྱིར་ལེགས་པར་སྤྱད་པ་སྤྱོད་པའོ། །གང་གི་ཕྱིར་ལོང་བར་གྱུར་པས་དེའི་ཕྱིར་ཕལ་ཆེར་ངན་སོང་དུ་འགྲོ་

བ་ཡིན་ནོ། །ཕལ་ཆེར་ལྷག་མཐོང་ཉུང་བའི་ཕྱིར་ཤས་ཙམ་ཞེས་བྱ་བ་སྨོས་ཏེ། ཤས་ཙམ་ནི་འཇིག་རྟེན་ཉུང་ཟད་མཐོ་རིས་ལ་དགའ་བ་སྟེ། བདེ་འགྲོར་སྐྱེ་ཞིང་བདེ་བ་མྱོང་བར་འགྱུར་བའོ། །རྒྱ་ལས་ཤོར་བའི་བྱ་ལྟ་བུར། །ཞེས་བྱ་བ་ལ། རྒྱ་ལས་གྲོལ་བ་

ནི་རྒྱ་ལས་ཤོར་བའོ། །བྱ་ནི་བྱ་ཉིད་དེ་ཉུང་ངུ་མཚོན་པ་སྟེ། ཕལ་ཆེར་ནི་བྱའི་རྒྱར་ཚུད་པ་ལས་འཆི་བར་འགྱུར་བ་དེ་བཞིན་དུ་འཇིག་རྟེན་འདི་དག་ཀྱང་ངན་སོང་གི་རྒྱ་ལ་ལོང་བར་གྱུར་པ་ཡིན་ནོ། །ཅི་ལོང་བས་ཅི་ཡང་མི་མཐོང་བ་དེ་བཞིན་དུ་བྱིས་པ་ཡང་དེ་ལྟར་གྱུར་པ་ཡིན་

เล่ม ๑๔๙ · หน้า 95b

ནམ་ཞེ་ན། འདིར་བཤད་པ། མི་མཐོང་བ་ནི་མ་ཡིན་མོད་ཀྱི། ཕྱིན་ཅི་ལོག་གི་སྦྱོར་བ་དང་ལྡན་པའི་ཕྱིར་ཏེ། དེ་གཉིས་ཀྱི་རྒྱུས་ངན་པར་སྤྱད་པ་སྤྱོད་ཅིང་ངན་སོང་དུ་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱིས་པ་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་

འདས་ཡུལ་ཀཽ་ཤཱམྦཱིའི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་བཙུན་མོའི་འཁོར་ཡུལ་གྱི་མིས་བསྲེགས་ཏེ། གང་དུ་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་བསྲེགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་

དྲོ་ཞེས་བྱ་བ་ཇི་སྲིད་དུ་བཙུན་པ་དེ་དག་གི་འགྲོ་བ་ནི་ཅིར་འགྱུར་གར་སྐྱེ་བར་འགྱུར་ཞེས་པ་དང་། དགེ་སློང་དག་སྐྱེས་བུ་གླེན་པ་དེ་དག་གིས་ནི་བསོད་ནམས་མ་ཡིན་པ་མང་པོ་བསྩགས་སོ། །གང་གིས་བཙུན་མོའི་འཁོར་བསྲེགས་པ་དེའི་ནང་ནས་བུད་མེད་གང་

གིས་འོག་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་སྐྱེས་ནས་དེར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཞེས་བྱ་བ་ནས། ང་ལ་སེམས་མངོན་པར་དད་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་བས་ན་འདི་ལྟར་བསླབ་

བར་བྱ་སྟེ། གང་སྡོང་དུམ་ཚིག་པ་ལ་ཡང་གནོད་སེམས་བསྐྱེད་པར་མི་བྱ་ན་ཞེས་བྱ་བ་ནས་ཇི་སྲིད་དུ་འདི་གསུངས་སོ། །འཕྲོག་པར་བྱེད་པའི་རྫས་ཡིན་པས་ནོར་ཏེ། རྐུན་མས་འཕྲོག་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །ནོར་ལྟ་བུར་ཆགས་ཤིང་འབྲེལ་པ་གང་ཡིན་པ་

དེ་ནི་དེ་ཉིད་དེ་བྲལ་བའི་རྐུན་མས་འཕྲོག་པ་དང་ཕྲད་པ་ཞེས་བྱ་བའི་དོན་ཏོ། །ཕྲད་པར་གྱུར་ན་ནི་མཐར་འབྲལ་བ་ཡིན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་སྡུག་བསྔལ་བའི་སྐྱེ་བོ་སྟེ། འདི་ལྟར་སྔོ་བསངས་ཅན་ལ་སོགས་པའི་བུད་མེད་ཀྱི་འཇིག་རྟེན་ཏེ། རྒྱལ་པོ་འཆར་

བྱེད་ཀྱི་ཤིན་ཏུ་སྡུག་པ་སྟེ། དེ་ནི་འདི་ལྟར་བསྲེགས་པའོ། །གཞན་རྫས་ལྟ་བུར་ཞེས་བྱ་བ་ནི་བསྒོམ་པར་རུང་བ་འདོད་ཆགས་མ་ཡིན་པའི་དོན་ཏོ། གཞན་མི་འཇིག་པ་རྫས་དེ་གཟུགས་དང་ཕྲད་ཅིང་མི་འཇིག་པའི་མཛའ་བ་དང་ཕྲད་པ་ཞེས་བྱ་བའི་དོན་ཏོ། །ལྟ་བར་

เล่ม ๑๔๙ · หน้า 96a

བྱེད་ཅེས་བྱ་བ་ནི་མཚོན་པར་བྱེད་པའོ། །ཇི་ལྟར་ཡང་འདིར་ཐམས་ཅད་དུ་སྡུག་པ་དང་ཕྲད་པ་རྣམ་པར་འཇིག་པ་ནི་མངོན་སུམ་དུ་གྲུབ་པ་ཡིན་མོད་ཀྱི། མི་འཇིག་ཅིང་ཕྲད་པ་ལྟ་བུར་འདོད་ཆགས་ཅན་དག་ལྟ་བར་བྱེད་དེ། འདོད་པ་ལ་འདུན་པ་ལ་

སོགས་པས་ཡིད་ཕྱིན་ཅི་ལོག་པའི་ཕྱིར་ཏེ། འདི་ཉིད་བསྟན་པ། བྱིས་པ་ལུས་ཀྱིས་བཅིངས་གྱུར་པ། །ཞེས་བྱ་བ་སྨོས་ཏེ། དེས་སྤུངས་པའི་ཕྱིར་ཕུང་པོའམ་ལུས་ཏེ་སྐྱེ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པས་བསྩགས་པའི་ངན་སོང་ཞེས་བྱ་བའི་དོན་ཏེ། གང་

དག་ལ་དེས་བཅིངས་པའི་བྱིས་པ་དེ་ནི་དེ་ཉིད་དོ། །དེ་གང་ཞེ་ན། བྱིས་པ་སྟེ་བླུན་པ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་ཉིད་ནི་མི་ཤེས་པས་མཚོན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མུན་པ་ཞེས་བྱ་བ་ནི་མི་ཤེས་པས་ཡོངས་སུ་བསྐོར་བ་སྟེ། འཇིག་རྟེན་

ནི་གཏི་མུག་གིས་དབང་དུ་བྱས་ཤིང་མི་ཤེས་པས་བསྒྲིབས་པའོ་ཞེས་མདོ་ལས་གསུངས་སོ། །དེ་ལ་འདིས་ནི་གོ་རིམས་བཞིན་དུ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་མ་རིག་པའི་ཀུན་དུ་སྦྱོར་བ་བསྟན་ཏོ། །ཡང་ན་ནོར་ནི་དོན་མེད་པ་ལ་ཆགས་པའི་རྣམ་པའི་འགྲོ་

བ་གཞན་དག་གིས་ཀུན་དུ་ཆགས་ཤིང་བསྐྱེད་པའི་འཇིག་རྟེན་གང་ཡིན་པ་དེ་ནི་དེ་ཉིད་དོ། །འདི་ལ་ངན་པར་སྤྱོད་པ་ལ་མཆོག་ཏུ་བྱེད་པའི་ཕྱིར་རྣམ་པར་སྨིན་པ་ནི་མི་རྣམས་ཀྱི་སྐྱེ་བ་འབྲས་བུ་མེད་པར་བསྒྲུབ་ཅེས་བྱ་བའི་དོན་ཏོ། །ཡང་ན་འདིས་ཆགས་པ་ཡིན་

པས་ཆགས་པ་སྟེ། འདོད་པའི་ཡོན་ཏན་དག་ལ་ལྷག་པར་ཆགས་པ་ཉིད་དེ་འདོད་པ་ལས་འདོད་ཆགས་པའོ། །དེའི་ནོར་ནི་སླུ་བའི་བདག་ཉིད་དམ་སྒྱུ་མའི་བདག་ཉིད་དོ། །གང་འཇིག་རྟེན་དེའི་དབང་གིས་ཡོན་ཏན་ཐམས་ཅད་རྣམ་པར་འཇིག་པར་འགྱུར་བའི་

ཕྱིར་ཏེ། འཇིག་རྟེན་ཞེས་བྱ་བ་ནི་མི་རྟག་པས་རྣམ་པར་འཇིག་པ་ཡིན་པའི་ཕྱིར་རོ། །གཞན་རྫས་ལྟ་བུར་ལྟ་བར་བྱེད་པ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་ཡང་བདེ་འགྲོར་སྐྱེས་པ་ཡིན་པའི་ཕྱིར་ཡོན་ཏན་གྱི་སྣོད་ལྟ་བུར་བལྟ་བར་བྱ་སྟེ། ཕྱུགས་དང་།

เล่ม ๑๔๙ · หน้า 96b

ཤ་ཟ་དང་། གཅན་གཟན་ཁྲོ་བོ་དང་། སྤྱང་ཀི་འདྲ་བ་ཡིན་ཡང་མིའི་ཆ་བྱད་ཅན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་གྱུར་ན་ཇི་ལྟར་འདིའི་བྱ་བ་མ་ཡིན་པ་བྱེད་ལ། འདི་ལྟ་བུར་མིའི་འཇིག་རྟེན་དུ་སྐྱེད་ཀྱང་ཇི་ལྟར་ཉེས་པར་སྤྱོད་པ་ཀུན་དུ་སྩོགས་པར་བྱེད་ཅེ་ན། ལུས་

ཀྱིས་བཅིངས་གྱུར་པ་ཞེས་བྱ་བས་བསྟན་ཏེ། འདིར་ལུས་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་རྣམས་ཏེ། ཉེ་བར་སོགས་ཤིང་ངན་སོང་དུ་སྐྱེ་བ་ཡིན་ནོ། །དེའི་འཆིང་བའི་ཞགས་པ་གང་གིས་བྱིས་པ་བཅིངས་ཏེ། རང་དབང་མེད་པར་བྱས་པའི་ཕྱིར་རོ། །

བྱིས་པ་ཞེས་བྱ་བ་ནི་བདེན་པ་མ་མཐོང་བའི་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་སྟེ། དོན་མེད་པ་ཐམས་ཅད་བྱེད་པའི་ཕྱིར་ཡང་སོ་སོའི་སྐྱེ་བོ་ཉིད་དུ་བསྟན་ཏོ། །དེ་ཡང་ཁྱད་པར་དུ་རྨོངས་པའི་མཚོན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མུན་པའི་འཁོར་གྱིས་བསྐོར་

བ་ཡིན། །ཞེས་བྱ་བར་བསྟན་ཏོ། །མི་ཤེས་པའི་འབྲས་བུ་ཕྱིན་ཅི་ལོག་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་གིས་ཞེས་བྱ་བ་ལ་སོགས་པའོ། །བདེན་པ་མིན་ལ་བདེན་ལྟ་བས། །ཞེས་བྱ་བ་ནི་མངོན་པར་མི་འདོད་པའི་མི་གཙང་བ་ལ་སོགས་པའི་ངོ་

བོ་ལ་གཙང་བར་མངོན་པར་རྟོགས་པའོ། །མཐོང་བ་ཞེས་བྱ་བ་ནི་གང་ཡང་ཤེས་པའི་མཐུས་མཐོང་བ་སྟེ། དེ་ལྟ་བུའི་མཁས་པ་ནི་ཡང་མེད་དོ་ཞེས་བྱ་བ་དེ་ལ་མེད་དེ། འཇིག་རྟེན་པའི་དངོས་པོ་ཅུང་ཟད་འདོད་པ་ཡང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལོག་པར་

ལྟ་བ་ལ་འཇུག་པ་ཉི་ཚེར་མ་ཟད་དེ། གཏི་མུག་གིས་འཇུག་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། ང་རྒྱལ་ལ་སོགས་པའི་སྐྱོན་ཡང་བསྟན་པ་ཡིན་ནོ། །བདག་གིས་བྱས་སོ་སྙམ་སེམས་པ། །ཞེས་བྱ་བ་ནི་ཚངས་པ་ཆེན་པོ་ཚངས་པའི་འཇིག་རྟེན་ན་གནས་པས་བཅོམ་

ལྡན་འདས་ལ་གསོལ་པ། ཀྱེ་གཽ་ཏ་མ་གནས་འདི་ནི་རྟག་པ་བརྟན་པ་སྟེ། འདི་ལྟ་སྟེ། ཚངས་པའི་འཇིག་རྟེན་འདི་ཉིད་དུ་བཞུགས་སུ་གསོལ་ཞེས་པ་དང་། འདི་དང་ཚིགས་སུ་བཅད་པ་འོག་མ་གསུངས་སོ། །བདག་གིས་བྱས་སོ་སྙམ་པའི་ང་རྒྱལ་ཏེ་དེས་ཕྱུང་བ་

เล่ม ๑๔๙ · หน้า 97a

ནི་དེས་བསྐྱེད་པའོ། །སྐྱེ་དགུ་ནི་སེམས་ཅན་ཏེ་ཚངས་པ་ལ་སོགས་པའོ། །གཞན་གྱིས་བྱས་སེམས་པ་ཞེས་བྱ་བ་ལ་གཞན་གྱིས་བསྐྱེད་པ་ནི་གཞན་གྱིས་བྱས་པ་སྟེ། ཚངས་པ་དབང་ཕྱུག་ལ་སོགས་པས་འཇིག་རྟེན་འདི་ཕྱུང་བའོ། །ཞེས་མངོན་པར་

ཞེན་ཅིང་སེམས་པར་འདིར་སྦྱར་རོ། །སྐྱེ་དགུ་ཚངས་པར་སྤྱོད་པ་གནས་པའོ། །དེ་ནི་འགས་ཀྱང་ཇི་ལྟ་བ་བཞིན་དུ་མི་མཐོང་ངོ་ཞེས་བྱ་བས་བསྟན་ཏེ། དེ་ནི་བདག་གིར་བྱེད་པ་དང་གཞན་དུ་བྱེད་པའི་བདག་གི་དངོས་པོ་ཕྱིན་ཅི་ལོག་པ་ཡིན་ནོ། །དེ་བས་ན་ཇི་ལྟ་བ་བཞིན་དུ་མི་མཐོང་

བ་སྟེ། ཕྱིན་ཅི་མ་ལོག་པར་སྟོན་པ་དང་མཉན་པ་ལམ་གོམས་པའི་ཕྱིར་རོ། །འགས་ཀྱང་ཞེས་བྱ་བ་གཅིག་གིས་ཀྱང་དེ་ལྟར་རྟོགས་པའོ། །འདི་ལྟར་བདག་གིས་བྱེད་པ་དང་གཞན་གྱིས་བྱེད་པས་ཇི་ལྟར་ཡང་གཙེས་པ་ཡིན་ནོ། །དེས་ན་ཡང་མི་ཤེས་ཤིང་ལྟ་བ་ལོག་པ་ཡིན་ཏེ།

ཕྱིན་ཅི་ལོག་པ་ཉིད་དོ། །གང་ཡང་མི་མཐོང་བ་ཞེ་ན་ཟུག་རྔུ་སྟེ་སྡུག་བསྔལ་གྱི་རྒྱུར་གྱུར་པ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བའི་ཟུག་རྔུ་ཉིད་དེ་སྡུག་བསྔལ་ཐམས་ཅད་འདྲེན་པར་བྱེད་པའི་ཕྱིར་རོ། །ཟུག་རྔུ་དེ་དག་སྔོན་ཆད་མཐོང་བ་དང་། །ཞེས་བྱ་བ་ནི་གང་

ཡང་བདག་དང་གཞན་གྱིས་བྱེད་པ་གཉིས་ཟུག་རྔུ་དང་འདྲ་བ་སྔར་ཉིད་ཡང་དག་པར་མཐོང་བ་ཡིན་ཏེ། དེ་མཐོང་བས་བདག་གིས་བྱེད་པ་ལ་སོགས་པ་ཡང་མེད་པར་འགྱུར་རོ། །གཉིས་པོ་ཡང་ཇི་ལྟ་བུ་ཞེ་ན། གང་ལ་ཞེས་བྱ་བ་སྨོས་ཏེ། གང་དུ་གཉིས་པོ་འདི་

ལའོ། །སྐྱེ་བོ་ནི་སོ་སོའི་སྐྱེ་བོའོ། །ཆགས་པ་ནི་མངོན་པར་ཞེན་པ་སྟེ། འདི་ཉིད་བདེན་ནོ་ཞེས་སྨོས་པས་མངོན་པར་ཞེན་ཅིང་རྟོགས་པར་བྱེད་པའོ། །ཡུལ་ལ་སྲེད་པ་ནི་བདག་ཉིད་ལ་སྲེད་ཅིང་ཞེན་པ་སྟེ། འདི་ཉིད་ཟུག་རྔུར་མཐོང་བ་ཡིན་ནོ་ཞེས་བསྒོམ་པར་

བྱའོ། །དེ་ལྟར་གྱུར་པས། དེ་ནི་བདག་གིས་བྱས་སྙམ་མི་འཛིན་ཅིང་། །ཞེས་བྱ་བ་སྟེ། རྒྱུད་ལ་མི་སྤྱོད་པའོ། །དེ་བཞིན་དུ་གཞན་གྱིས་བྱས་སྙམ་མི་འཛིན་ཏོ། །ཞེས་བྱ་བར་ཡང་སྦྱར་རོ། །གང་ལ་འདི་ལྟ་བུ་དང་ལྡན་པ་ནི་བདག་གིར་འཛིན་པས་ཡིད་

เล่ม ๑๔๙ · หน้า 97b

བཅོམ་ཞིང་སྡུག་བསྔལ་མ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེ་དགུ་འདི་དག་ང་རྒྱལ་ལྡན། །ཞེས་བྱ་བ་སྨོས་ཏེ། སྔ་མ་ཉིད་ཀྱི་དོན་གྱི་དབྱེ་བས་བསྟན་པ་ཡིན་ནོ། །རྒྱལ་བ་ནི་བདག་དང་བདག་གིར་བྱེད་པ་སྟེ། དེ་ནི་བདག་དང་གཞན་གྱི་སྒོ་ནས་སྤྱོད་པ་ཡིན་ཏེ།

དེ་དང་འདི་དག་ལྡན་པའོ། །སྐྱེ་དགུ་ནི་སོ་སོའི་སྐྱེ་བོ་སྟེ། དེ་ལ་གཟུགས་མེད་པ་ནི་ང་རྒྱལ་དང་ལྡན་པ་སྟེ་ཕལ་ཆེར་བསམ་གཏན་གྱི་ཁྱད་པར་ཐོབ་པས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ང་རྒྱལ་ལ་ཆགས་པ་ནི་གཟུགས་ཅན་ཏེ། ཚངས་པ་ལ་སོགས་པའི་རྣམ་པར་

འགྱུར་བ་ཐོས་པའི་ཕྱིར་རོ། །ང་རྒྱལ་བཅིངས་ཞེས་བྱ་བ་ནི་འདོད་པ་དག་ལྷག་པར་སྤྱོད་པའི་ཕྱིར་རོ། །ངའོ་སྙམ་པའི་ང་རྒྱལ་གྱི་རྒྱུ་བསྟན་པའི་ཕྱིར་རྩོད་པར་གྱུར་པའི་ལྟ་བ་ཅན་ཞེས་བྱ་བ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་ལ་ཆགས་ཤིང་མངོན་པར་ཞེན་པའམ། ཡང་ན་

དེའི་ཆེད་དུ་འཁྲུག་པར་འགྱུར་ཞིང་ཕན་ཚུལ་ཟིལ་གྱིས་གནོན་པས་སྡིག་པ་ལྷག་པར་སྤྱོད་པའི་ཕྱིར་རོ། །འཁོར་བ་ལྡོག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་སྲིད་པའི་ང་རྒྱལ་ཟིལ་གྱིས་གནོན་པར་མི་འགྱུར་རོ། །ཉེས་པ་དང་ལྡན་པས་གཅིག་ཏུ་འཁོར་བ་ཟིལ་གྱིས་

གནོན་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཐོབ་པར་གྱུར་པ་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཞིག་དབྱར་གནས་པ་བཅོམ་ལྡན་འདས་དང་ཉེ་བར་གནས་པ་ལས་ཐུབ་པས་བཀའ་སྩལ་པ། དགེ་སློང་དབྱར་གང་དུ་གནས་པར་གྱུར་

ཞེས་པ་དང་། དེས་གསོལ་པ། བདག་ནི་རི་ཁ་བ་ཅན་དུ་གནས་པ་ལགས་སོ། །ཞེས་ཞུས་པ་དང་། དགེ་སློང་ཁྱོད་ཀྱིས་དེར་ངོ་མཚར་འགའ་ཞིག་མཐོང་ངམ་ཅི་མཐོང་ཞེས་པ་དང་། བཅོམ་ལྡན་འདས་ཁུམས་ཏེ་ཕྱི་རོལ་པའི་དྲང་སྲོང་དག་ནམ་མཁའ་ལས་འོང་བ་དང་

འགྲོ་བར་བགྱིད་པ་གདའ་བས་བདག་དགའ་བ་སྐྱེས་ཏེ། ནམ་ཞིག་ན་བདག་ཀྱང་འདི་ལྟར་འགྱུར་ཞེས་དགོངས་སོ་ཞེས་ཞུས་པ་དང་། དེས་དེ་དག་ནི་གཅིག་ཏུ་སྡུག་བསྔལ་བ་ཡིན་ཏེ། དྲང་སྲོང་དེ་རྣམས་ཀྱིས་གང་མིའི་སྐྱེ་བ་ཐོབ་པ་དང་། གང་ཐོབ་པར་བྱ་བ་ཚངས་པའི་

เล่ม ๑๔๙ · หน้า 98a

འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་ཡང་སྐྱེ་བ་དང་། དགའ་བ་ལ་སོགས་པས་ཉེ་བར་བཅོམ་པ་ཡིན་པས་དེ་ལ་ཁྱོད་ཀྱིས་དགའ་བར་མི་བྱའོ་ཞེས་གསུངས་སོ། །ཡང་ན་གང་ཐོབ་པ་ནི་འདས་པ་དང་ད་ལྟར་བྱུང་བའི་སྐྱེ་བའོ། །གང་ཐོབ་

པར་བྱ་བ་ནི་མ་འོངས་པའི་སྐྱེ་བའོ། །དེ་དག་གཉིས་ཀ་ཡང་རྡུལ་གྱིས་ཡོག་ཅེས་བྱ་བ་སྟེ། གནོད་པ་སྟོང་ཕྲག་གིས་གཙེས་པའི་ཕྱིར་རོ། །དགེ་སློང་དག་གང་གཟུགས་སྐྱེས་པར་གྱུར་པ་འདི་ནི་ནད་ཀྱི་སྡུག་བསྔལ་བསྐྱེད་པ་ཡིན་ཏེ། གནས་པ་དང་། རྒ་བ་དང་།

འཆི་བ་རབ་ཏུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །འདི་ཉིད་གང་གིས་ཡིན་ཞེ་ན། ནད་མེད་པ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་གཟིར་ཞིང་བཅོམ་པ་སྟེ། སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་སློབ་པར་བྱེད་ཅེས་བྱ་བ་ནི་འདིར་ཡང་གི་སྒྲ་

ཕྱིས་པ་བསྟན་ཏེ། ཉོན་མོངས་པ་སྤངས་པའི་ཕྱིར་བསླབ་པ་གསུམ་ལ་འཕགས་པ་དག་འཇུག་པར་གྱུར་ན་ཡང་ངོ་། །དེ་གཉིས་ཀ་ཡང་རྡུལ་འདིས་ཡོག་པར་འདོད་པ་ཡིན་ནོ། །རྔོན་པའི་རྟོགས་པ་ཡང་འདིར་བརྗོད་པར་བྱའོ། །གང་དེ་ལྟ་ན་ནི་ལྟ་བ་ལོག་པ་ལ་ཞེན་པ་

ཡིན་ཏེ། དེ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ནོ། །བསླབ་པ་ནི་གླང་པོའི་ལག་པ་ལ་སོགས་པ་གདུལ་བའི་ཐབས་ཏེ། འཁོར་བའི་ནང་གི་སྡུག་བསྔལ་དང་འབྲེལ་པ་གང་ཡིན་པ་དག་གོ། །ཚུལ་ཁྲིམས་ནི་ཚངས་པར་སྤྱོད་པ་དང་འགལ་བའི་

ཚུལ་ཁྲིམས་འཆལ་པ་སྤོང་བའོ། །བརྟུལ་ཞུགས་ནི་ཁྱི་ལ་སོགས་པའི་སྤྱོད་པ་ལ་དམིགས་པའོ། །ཚངས་པར་སྤྱོད་པ་ནི་འཁྲིག་པ་ལ་སྤྱོད་པ་སྤོང་བའོ། །དཀའ་ཐུབ་ནི་ཚེར་མ་བརྟེན་པ་ལ་སོགས་པའོ། །ཉེ་བར་གནས་པ་ནི་ལྷ་དང་། མི་ལ་བསྙེན་བཀུར་

བྱེད་པ་ལ་སོགས་པའོ། །གང་དག་ལ་དེ་སྙིང་པོར་བྱེད་པ་ནི་ཐར་པའི་རྒྱུ་འདོད་པ་སྟེ། དེ་ཙམ་གྱིས་ཐར་པའི་བདེ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ནི་མཐའ་གཅིག་གོ། །ཞེས་བྱ་བ་ནི་ཐ་མར་སྡུག་བསྔལ་གྱི་རྒྱུ་སྟེ། ལ་ལའི་ལྟ་བའོ། །གང་ཞིག་དེ་ལྟར་

เล่ม ๑๔๙ · หน้า 98b

ལྟ་ཞིང་འདི་སྐད་དུ་སྨྲ་བ་ཞེས་བྱ་བ་ནི་མངོན་པར་ཞེན་པའི་ཕྱིར་དང་དེ་ལྟར་སྒྲུབ་པའི་ཕྱིར་རོ། །འདོད་པ་ནི་གཙང་བའོ་ཞེས་བྱ་བ་ནི། འཁྲིག་པ་ཉེ་བར་ལོངས་སྤྱོད་པ་སྟེ། ལྷ་རྣམས་ཀྱིས་ཀྱང་དེ་ལོངས་སྤྱོད་པའི་ཕྱིར་རོ། །བསོད་ནམས་ཅན་ཞེས་བྱ་བ་ནི་ཡིད་དང་རྗེས་

སུ་མཐུན་པའི་ཕྱིར་རོ། །ལོངས་སྤྱོད་པར་བྱ་བ་ནི་སྔར་བསྟན་པའི་རྒྱུ་གཉིས་ཀྱི་ཕྱིར་རོ། །ཡང་ན་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་རོ། །འདོད་པ་ནི་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་དེའི་དོན་ལ་མངོན་པར་བརྩོན་པའི་ཕྱིར་རོ། །བདག་དང་

གཞན་གྱི་རྒྱུད་ཚིམ་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་དེ་ལྟར་ཤེས་པའི་སེམས་ཅན་ནོ། །ལྷག་པར་ནི་ཤིན་ཏུ་ཞེས་བྱ་བའི་དོན་ཏོ། །འདོད་པ་རྣམས་ཞེས་བྱ་བ་ནི་འདོད་པའི་ཡུལ་དག་ལའོ། །ལྟུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་ཞེས་བྱ་

བ་ནི་དེ་ལ་མཆོག་ཏུ་དམིགས་པར་བྱེད་པ་སྟེ། སྦྲང་མ་བཞིན་དུ་ཞོ་ལ་བདག་ཉིད་ལྟུང་བར་བྱེད་པ་ཡིན་ནོ། །འདི་ཡང་མཐའ་གཅིག་གོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་མཐའི་རྒྱུར་འདོད་པའོ། །མཐའ་ནི་རྣམ་པ་གཉིས་ཏེ། ཇི་ནས་བདག་ཉིད་ངལ་བའི་སྦྱོར་བ་དང་།

དམན་པས་གྲོང་གི་ཐ་མལ་པ་སྟེ། གང་ལ་འདོད་པ་ལ་བསོད་ཉམས་ཀྱི་སྦྱོར་བ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །མཐའ་གཉིས་པོ་འདི་དག་ནི་ཞེས་བྱ་བ་ནི་ཐར་པ་ཐོབ་པར་བྱེད་པ་ནི་མ་ཡིན་གྱི། དུར་ཁྲོད་འཕེལ་བར་བྱེད་པ་ཞེས་སྨོས་ཏེ། འདི་གཉིས་ཀྱིས་ནི་

ཞེས་བྱ་བར་ཚིག་རྣམ་པར་སྦྱོར་རོ། །ཡང་ན་བདག་ཉིད་དུར་ཁྲོད་བཞིན་དུ་གནས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་ནི་དུར་ཁྲོད་འཕེལ་བར་བྱས། །ཞེས་བྱ་བ་ཡིན་ཏེ། མངོན་སུམ་དུ་གྲུབ་པའི་ཕྱིར་དེས་དེ་དང་དེ་ཉིད་མ་མཐོང་བས་

གཉི་གའི་མཐའ་ལ་དམིགས་པ་སྟེ། དུར་ཁྲོད་རྒྱས་པར་འགྱུར་བའོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པ་འདིས་སོ། །འདི་དག་ནི་གོང་དུ་བསྟན་པའི་མཐའ་གཉིས་ཏེ། དུར་ཁྲོད་འཕེལ་བ་བྱིས་པའི་སེམས་ཀྱིས་མ་མཐོང་ཞིང་མ་རྟོགས་པའོ། །ཁ་ཅིག་ཞེན་པར་

เล่ม ๑๔๙ · หน้า 99a

བྱེད་ཅིང་ཞེས་བྱ་བ་ནི་ལིང་སླེ་ཤ་ནེ་ཞེས་བྱ་བས་འདོད་པ་དག་ལ་ལྷག་པར་ཆགས་པ་སྟེ། འདོད་པ་ལ་བསོད་ཉམས་སུ་སྦྱོར་བའི་ཕྱིར་རོ། །ཁ་ཅིག་མངོན་པར་རྒྱུག་པར་བྱེད། །ཅེས་བྱ་བ་ནི་འདོད་པ་དག་ལ་འགྲོ་ཞིང་ཤིན་ཏུ་རིང་ན་གནས་ཀྱང་འགྲོ་

བ་སྟེ། གཟུགས་ལ་སོགས་པའི་ཡུལ་ཡང་རྗེས་སུ་མྱོང་བར་མི་འགྱུར་ཞིང་བདག་ཉིད་དལ་བའི་རྗེས་སུ་སྦྱོར་བའི་ཕྱིར་རོ། །མིག་དང་ལྡན་པས་དེ་དག་མཐོང་བ་ན་དེས་དེ་དག་ལྷག་པར་ཞེན་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་དེ་ལྟར་མི་བྱེད་ཅེས་བྱ་བ་ནི་དེ་ལྟར་

གཉིས་ཀྱི་ནང་དུ་མི་འཇུག་པའོ། །དེ་དག་དེ་ལྟར་མི་སེམས་ཞེས་བྱ་བ་ནི་ནང་གི་གཉིས་ཀྱིས་བདག་གིར་བྱེད་པ་མི་སྐྱེད་པ་དང་ལམ་མ་ཡིན་པ་གཞན་དག་ལ་མི་སྟོན་པའོ། །དེ་དག་གིས་ཆོས་རྗེས་སུ་མི་གདགས་པ་འདི་ལྟ་བུ་ཞེས་བྱ་བ་ནི་དེ་དག་བདག་ཉིད་ཆེན་པོ་དེ་དག་

གིས་ཀུན་དུ་སྦྱོར་བ་ཐམས་ཅད་ཡང་དག་པར་སྤངས་པའི་ཕྱིར་བག་ཆགས་དང་། ལས་ཀྱི་བདག་ཉིད་ཆོས་ཀྱི་རྣམ་པ་ཐོབ་པར་བྱེད་པའི་ལམ་མེད་དེ། གང་གི་འགྲོ་བས་འདི་དག་ཏུ་གདགས་ཤིང་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཏེ། ལྷ་འམ་མི་མ་ཡིན་པ་ཡང་རུང་ངོ་། །འདི་

ལྟ་བུ་འདི་ནི་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ལས་རྣམ་པར་འདས་པ་སྐད་ཅིག་མ་ནང་གི་གཉིས་ཡོངས་སུ་སྤངས་པ་བར་མའི་ལམ་རབ་ཏུ་བསྒྲུབ་པས་སོ། །དེས་མཐོང་བར་བྱེད་པ་སྟེ་མིག་གིས་ནི་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་ཆུ་བུར་མཐོང་

བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་རིགས་སུ་བཙས་ཞེས་བྱ་བ་ནི་འཆི་བདག་གིས་འཇིགས་ནས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་ཐབས་གང་གིས་བདག་འཆི་བདག་གི་རྒྱལ་པོས་མཐོང་བར་མི་འགྱུར་ཞེས་ཞུས་པ་དང་། དེས་ན་ཚིགས་སུ་

བཅད་པ་གཉིས་གསུངས་སོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་ལྔ་བརྒྱ་ལྟ་བ་ལོག་པ་དེའི་དབང་དུ་མཛད་དོ་ཞེའོ། །ཆུ་བུར་མཐོང་བ་ནི་ཇི་ལྟར་མཚོ་ཆེན་པོ་ལ་ཆར་གྱི་ཐིགས་པ་ཤིན་ཏུ་སྦོམ་པ་འབབ་པ་ལས་རླུང་གིས་བསྐྱོད་ན་ཆུའི་འབྲུམ་བུ་གཞན་སྐྱེ་བར་

เล่ม ๑๔๙ · หน้า 99b

འགྱུར་ཞིང་འགག་པར་འགྱུར་བ་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་བ་ལྟ་བུའོ། །ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་འབྲོག་དགོན་པར་སྐོམ་པས་གདུངས་ཤིང་ཚ་བས་ཉམ་ཐག་ལ་རབ་ཏུ་གདུངས་ཤིང་ཚ་བས་ཆུ་ལྟར་

སྣང་བའི་སྨིག་རྒྱུ་རི་དགས་སྐོམ་པ་སྐྱེ་བ་དང་འཇིག་པ་ཡང་མཐོང་བ་དེ་ལྟར། དེ་བཞིན་འཇིག་རྟེན་ལྟ་བྱེད་པ། །ཞེས་བྱ་བ་ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་བྱེ་བྲག་མེད་པར་བསྟན་པའོ། །དཔེ་གཉི་ག་བླང་བ་ཡིན་ཡང་དེའི་ཕྱིར་སེམས་ཅན་གྱི་དབང་དུ་བྱས་

ནས་དཔེར་བསྟན་པ་ཡིན་ཏེ། ཕལ་ཆེར་དབུགས་འབྱུང་རྔུབ་ལ་བརྟེན་པས་འདི་ལ་འཆི་བའི་ཆོས་ཡོད་པའི་ཕྱིར་རོ། །གཞན་དག་ནི་སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་སོ་ཞེས་ཟེར་ཏེ། ཤིན་ཏུ་ཉམས་དགའ་བར་སྣང་བ་འཇིག་པའི་ཕྱིར་རོ། །ཡང་ན་མིང་གི་འཇིག་རྟེན་

དང་གཟུགས་ཀྱི་འཇིག་རྟེན་ཞེས་བརྗོད་དེ། འདི་ལ་མིང་གི་འཇིག་རྟེན་ནི་གཟུགས་མེད་པའི་ཕུང་པོ་བཞིའི་བདག་ཉིད་དེ། དེ་ཡང་མིང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །ཁམས་ལྷག་མ་ནི་གཟུགས་ཀྱི་འཇིག་རྟེན་ཏེ། གཟུགས་ཀྱིས་མཚོན་པའི་ཕྱིར་དང་། བདག་

གི་དངོས་པོ་མཉམ་པར་མ་བཞག་པའི་ས་ཡིན་པའི་ཕྱིར་རོ། །འདི་ན་ལྟ་བྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དེ་བཞིན་ཉིད་ཤེས་པས་རྟོགས་ཤིང་མཐོང་བའོ། །འཆི་བདག་རྒྱལ་པོ་ཞེས་བྱ་བ་ནི་འཆི་བདག་གི་རྒྱལ་པོ་ཉིད་ཀྱིས་སྲིད་པ་གསུམ་ན་

ཁྱབ་པའི་ཕྱིར་རོ། །དེས་མཐོང་བར་མི་འགྱུར་བ་ནི་ཟིལ་གྱིས་གནོན་པར་མི་འགྱུར་བའོ། །ཁམས་གསུམ་ཡོངས་སུ་རྟོགས་པས་འབྲེལ་པ་མེད་དེ། དགྲ་བཅོམ་པར་གྱུར་ན་ནི་འཆི་བ་ལས་འདས་པར་འགྱུར་རོ། །ཡང་ན་བསྐལ་པའམ་བསྐལ་པ་ལས་

ལྷག་པར་འཁོར་བ་ན་གནས་པའོ། །ཡང་ན་བྱ་བ་མེད་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདིའི་དོན་ཏོ། །དངོས་པོ་ཐམས་ཅད་ཡོངས་སུ་བརྟག་པ་དང་། དངོས་པོའི་ཕྱོགས་གཅིག་ཡོངས་སུ་བརྟག་པ་དང་འབྲེལ་པ་ཡིན་ནོ་ཞེས་

เล่ม ๑๔๙ · หน้า 100a

བསྒྲུབ་པའི་ཕྱིར། དེ་བཞིན་ལུས་ལ་ལྟ་བྱེད་པ། །ཞེས་བྱ་བ་ལ་སོགས་པའོ། །ལུས་ནི་ནང་གི་གཟུགས་ཏེ། དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་འཇུག་པའི་སྦྱོར་བས་དང་པོར་ནང་གི་ལུས་དང་ཕྱི་རོལ་གྱི་ལུས་ལ་འདི་ལྟར་

ཡོངས་སུ་ལྟ་བར་བྱེད་དེ་དེའི་འོག་ཏུ་དོན་གཞན་ཡང་བསྟན་པ་ཡིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །ལུས་དང་འབྲེལ་པ་དེའི་ཡོངས་སུ་བརྟག་པ་གཞན་ཡང་བསྟན་པའི་ཕྱིར། གང་ལ་བྱིས་པ་མངོན་ཕྱོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་ཡུལ་

འཁོར་སྐྱོང་རབ་ཏུ་འབྱུང་བའི་བརྟུལ་ཞུགས་གྲུབ་པར་གྱུར་པ་ལས་ཕ་མ་ལ་ཕན་གདགས་པའི་ཕྱིར་སྠུ་ལ་ཀོ་ཤྠ་ཞེས་བྱ་བ་དེར་སོང་ངོ་། །དེའི་སེམས་གཟུང་བའི་ཕྱིར་དེའི་མས་བསྒོ་སྟེ། རྒྱན་གྱིས་བརྒྱན་པའི་སྔོན་གྱི་གཉིས་པ་དེའི་གན་དུ་བཏང་སྟེ། བུད་མེད་དེའི་གཡོ་བསྟན་

པ་ལས། དེ་ནས་སླར་ལོག་པ་དང་དེས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བརྒྱད་གསུངས་སོ། །བལྟ་བར་གྱིས་ཞེས་བྱ་བ་ནི་ཁྱོད་ཀྱིས་ངེས་པར་བརྟག་པར་གྱིས་ཤིག་པའོ། །ལུས་འདིས་ཞེས་བྱ་བ་ནི་གཟུགས་ཀྱི་བདག་ཉིད་དོ། །རྟག་ཏུ་

ཞེས་བྱ་བ་ནི་རྒྱུན་དུའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། བཀྲ་བ་ཞེས་བྱ་བ་སྟེ་གོས་དང་རྒྱན་ལ་སོགས་པས་བརྒྱན་ཅིང་མདོག་ཁྱད་དུ་གྱུར་པའི་ཕྱིར་རོ། རྒྱལ་པོའི་ཤིང་རྟ་ལྟར་ཞེས་བྱ་བ་ནི་རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བ་སྟེ། ཕྱི་རོལ་གསེར་ལ་སོགས་པས་ཡོངས་སུ་བརྒྱན་

པའི་ཕྱིར་རོ། །ནང་ནི་ཤིང་གི་རང་བཞིན་ཡིན་ནོ། །དཔེ་དེ་དང་འདྲ་བར་ལུས་འདི་ཡང་ཕྱི་རོལ་ནི་ཤིན་ཏུ་མཛེས་པའི་ཕྱིར་དང་། ནང་ནི་མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ལ་བྱིས་པ་མངོན་ཆགས་པ། །ཞེས་བྱ་བ་ཡོངས་སུ་རྟོག་པར་མི་བྱེད་པ་ནི། ལུས་

གང་ལ་ལྷག་པར་འདོད་ཆགས་སྐྱེད་པར་བྱེད་དེ། ཕྱི་རོལ་ཙམ་ལ་ལྟ་བའི་ཕྱིར་རོ། །དེ་ལ་མཁས་པ་ཆགས་མི་བྱེད། །ཅེས་བྱ་བ་ནི་འདི་ལ་འདོད་ཆགས་དང་བྲལ་བ་སྐྱེད་པར་བྱེད་དེ། ནང་གི་དེ་ཉིད་མཐོང་བའི་ཕྱིར་རོ། །བྱིས་པ་དང་མཁས་པའི་རྗེས་སུ་ཆགས་པ་

เล่ม ๑๔๙ · หน้า 100b

དང་། འདོད་ཆགས་དང་བྲལ་བའི་རྒྱུ་བསྟན་པ་ནི་གང་ལ་བྱིས་པ་ལ་སོགས་པ་སྟེ། རབ་ཏུ་རྨོངས་པ་ནི་ཤིན་ཏུ་མི་ཤེས་པས་ཟིལ་གྱིས་ནོན་ཅིང་། འཁྲུལ་པའམ་ཕྱིན་ཅི་ལོག་བཞིས་སྐྱེས་པའི་ཕྱིར་རོ། །དེ་ལ་འདིར་གཏི་མུག་གིས་ནི་མངོན་པར་ཆགས་པར་འགྱུར་ལ་ཤེས་

པས་ནི་ཆགས་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ནི་གཏི་མུག་གིས་བྱས་པའི་ཉེས་དམིགས་ཏེ་སྨྲས་པ། ཉམས་གྱུར་པ་ཞེས་བྱ་བ་སྨོས་ཏེ། ཁྱད་པར་དུ་ཉམས་པར་མ་གྱུར་པའམ་ཡུལ་དག་ལ་ཆགས་པས་དེའི་ཆེད་དུ་ཉམས་པར་གྱུར་པ་སྟེ།

ཤིན་ཏུ་ཉམ་ང་བར་ལྟུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གང་ཇི་ལྟ་བུ་ཞེ་ན། གླང་རྒན་རྫབ་ཏུ་ཆུད་པ་བཞིན། །ཞེས་བྱ་བས་བསྟན་ཏེ། ཇི་ལྟར་རྒས་ཤིང་འཁོགས་པའི་གླང་འབྱུང་བར་མི་ནུས་པའི་འདམ་གྱི་ནང་དུ་ཞུགས་པར་གྱུར་ན་དེ་ལས་ནི་རང་གིས་ཀྱང་

ཐར་པར་མི་ནུས་ལ་གཞན་གྱིས་ཀྱང་དབྱུང་དུ་མི་རུང་ཞིང་མ་ཡིན་པ་དེ་བཞིན་དུའོ། །གང་རྗེས་སུ་ཆགས་པ་དེ་ནི་ཤིན་ཏུ་མ་རུངས་པ་ཉིད་དུ་བསྟན་ལ། རྨ་བྱུང་བ་དང་འདྲ་བ་སྟེ། །ཞེས་བྱ་བ་ཡིན་ཏེ། རྨ་ནི་རྨ་རལ་བ་དང་འདྲ་བར་རྟག་ཏུ་འཇིག་པའི་ཕྱིར་དང་། འབད་པ་བྱས་

ཀྱང་གསོ་དཀའ་བའི་ཕྱིར་རོ། །བྱུང་བ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་ཏེ། འདིས་ནི་གཞན་གྱི་དབང་དུ་བསྟན་ཏེ། རྟག་ཏུ་ཉེ་བར་གདུང་བའི་རྒྱུར་གྱུར་པའི་རྣམ་པ་བསྟན་པ། ནད་པ་ཞེས་བྱ་བ་སྨོས་ཏེ། རྒྱུན་དུ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་ནད་ཀྱིས་

མངོན་པར་གདུངས་པའི་ཕྱིར་ཏེ། ལུས་འདི་གང་དུ་འགྲོ་བའི་ས། །དེར་ནི་སྡུག་བསྔལ་འགྲོ་བར་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །འཇིག་ཆོས་ཅན་ཞེས་བྱ་བ་ནི་ཉམས་པར་གྱུར་ན་གསོར་མི་རུང་བ་འམ། །སླུ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །བསྟན་མ་

ཐག་པའི་ཉེས་དམིགས་ཐམས་ཅད་འབྱུང་བ་ནི་ལུས་ལས་བྱུང་བ་ཡིན་ཏེ། འདི་ལྟར། གང་ཡང་བརྟན་པར་མི་གནས་པ། །ཞེས་བྱ་བ་འཇིག་པའམ་མེད་པའི་གནས་སྐབས་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །

เล่ม ๑๔๙ · หน้า 101a

ལུས་ཀྱི་ཕྱི་རོལ་ནི་ཡིན་གྱི། ནང་ནི་མ་ཡིན་ནོ་ཞེས་བྱ་བའི་ཕྱིར། ནད་པ་འཇིག་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྒྱན་པ་བལྟ་བར་གྱིས་ཞེས་བྱ་བ་ལ། བལྟ་བར་གྱིས་ཞེས་བྱ་བ་ནི་ཉེ་བ་ན་གནས་པའི་ཕྱིར་བོད་པའོ། །ཡང་ན་

ཐམས་ཅད་བདག་གིས་བྱ་བ་ལ་བརྟག་པར་བྱའི། གཞན་གྱིས་བྱས་པ་ནི་མ་ཡིན་ཏེ། འདིའི་རྣམ་པ་བསྟན་པའི་ཕྱིར་རོ། །རི་མོར་མ་བྱས་པ་རི་མོར་མ་བྱས་ཤིང་བསྐྱེད་ལ་བརྒྱན་པར་བྱས་ཏེ་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །ལུས་ནི་མི་གཙང་བའི་ལུས་ཉིད་དོ། །གང་

གིས་བརྒྱན་པར་བྱས་ཤེ་ན། ནོར་བུའི་རྣ་ཆ་གདུབ་འཁོར་གྱིས། །ཞེས་བྱ་བ་སྨོས་ཏེ། ནོར་བུ་དང་རྣ་བའི་རྒྱན་ནོ། །གོས་དང་ཕྲེང་བ་དང་སེན་རྩི་ལ་སོགས་པ་བསྡུ་བའི་ཕྱིར་ཡང་གི་སྒྲའོ། །མ་བརྡུངས་པ་དང་བརྡུངས་པའི་རྒྱན་བསྡུ་བའི་ཕྱིར་གཉིས་སྨོས་སོ། །ལུས་

དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། ནད་པ་ཞེས་བྱ་བའོ། །རང་གི་ཡན་ལག་བརྒྱན་པས་མཛེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལན་བུས་བརྒྱན་བྱས་ཤིང་ཞེས་བྱ་བ་སྨོས་ཏེ། མིག་མངས་རིས་ལྟ་བུ་མིག་བརྒྱད་པ་བྱས་པའི་སྒྲ་སྟེ། དེའི་ཕྱིར་ཆ་བའི་ཆས་ཀྱིས་བརྒྱན་

པ་བྱས་པ། སྐྲ་རྣམ་པ་བརྒྱད་དུ་བགོས་ཤིང་ལན་བུར་བྱས་པ་ལ་ཆུ་རླབས་ཀྱིས་འགོད་པར་བྱེད་པ་ཡིན་ནོ། །མིག་སྨན་གྱིས་ནི་བསྐུས་པའི་མིག །ཅེས་བྱ་བ་ནི་མིག་མཛེས་པར་བྱ་བའི་ཕྱིར། མཐིང་ཤུན་གྱི་མདོག་འདྲ་བའི་ཕྱེ་མའི་བྱེ་བྲག་གིས་མིག་སྨན་གྱི་

མདོག་བསྒྱུར་བར་གྱུར་ན་མིག་སྨན་གྱི་མདོག་ཏུ་འགྱུར་ཞིང་ཚོན་གྱིས་མཛེས་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་། བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །ཞེས་བྱ་བ་རྟོག་པར་མི་ནུས་ཏེ། ཕྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་རོ། །ཕ་རོལ་ཚོལ་བར་མི་བྱེད་དོ། །ཞེས་བྱ་བ་

ནི། གང་དག་བྱ་བ་བྱས་པའི་ཕྱིར་འདིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པ་ནི། དེ་ལྟ་བུ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་འདུས་བྱས་ཐམས་ཅད་ཀྱི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་བྱེད་པ་ཡིན་གྱི། ལྷག་པར་རྨོངས་

เล่ม ๑๔๙ · หน้า 101b

པར་གྱུར་བ་འདི་ལྟ་བུ་དག་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་གཉིས་ཀྱིས་མཛེས་པར་བྱེད་པ་བསྟན་པའི་ཕྱིར། མིག་སྨན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་མིག་སྨན་ཡོད་པ་སྟེ། ལུས་རྣག་ཅན་དྲི་ང་བའི་རྫས་བསྩགས་པའི་ཕུང་པོ་མིག་གཉིས་ལ་མིག་སྨན་

གྱིས་བསྐུས་པ་ཞེས་བྱ་བའི་དོན་ཏོ། །གསར་བྲིས་ཤིང་ཞེས་བྱ་བ་བཀྲ་བར་བྱས་པས་བྲིས་པ་སྟེ། རི་མོའི་ལས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །གསར་ཞེས་བྱ་བ་ནི་དུས་དེ་ཉིད་དུ་བྱས་པ་སྟེ། དཔེར་ན་རི་མོ་མཁན་མཁས་པས་རྩིག་པ་ཡོངས་སུ་སྦྱངས་པ་ལ་ཚོན་སྣ་ཚོགས་

ཀྱིས་རི་མོ་གསར་དུ་བྱས་པ་ནི་ཤིན་ཏུ་མཛེས་པ་ཡིན་ལ། ནང་གི་ས་དང་རྡོ་ལ་སོགས་པའི་རང་བཞིན་ཡིན་པ་དེ་བཞིན་དུ། ལུས་འདི་མིག་སྨན་གྱིས་མཛེས་པར་བྱས་པ་དང་། མགོ་ལ་གསེར་གྱི་ཕྲེང་བ་དང་། མགུལ་པར་མུ་ཏིག་གི་ཕྲེང་བ་དང་། ལག་ངར་དུ་

གདུ་བུ་དང་། རྐང་པར་རྐང་གདུབ་ལ་སོགས་པས་ཕྱི་རོལ་ལ་བརྒྱན་པ་བྱས་ཀྱང་ནང་དྲི་ང་བའི་རྫས་ཀྱི་བདག་ཉིད་ཡིན་ནོ། །བརྒྱན་པ་བྱས་ཀྱང་དགེ་བ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་སྨྲས་པ། ལུས་ནི་དྲི་ཞིམ་ཞེས་བྱ་བ་ལ་སོགས་པ་སྟེ། དུས་ཇི་ལྟ་བ་བཞིན་དུ་ག་པུར་དང་།

ཙན་དན་ལ་སོགས་པས་ལུས་བསྐུས་པ་ནི་ལུས་ལ་བསྒོས་པའོ། །བཙག་གིས་བྱུགས་པ་ནི་ལི་ཁྲི་དང་སེན་རྩི་ལ་སོགས་པ་ལས་བྱུང་བ་ཤིན་ཏུ་ཡིད་དུ་འོང་ཞིང་མདོག་དམར་བར་བྱས་པའི་རྐང་པའོ། །བློ་ཕྱིན་ཅི་ལོག་པས་ལུས་ལ་སོགས་པ་ལ་ཡོངས་སུ་བརྟགས་པ་མེད་

པས་ནི་ཆུ་བོ་ལས་བརྒལ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཡུལ་ཀོ་ས་ལར་རྒྱུ་ཞིང་གཤེགས་ནས་རིམ་གྱིས་འོད་མའི་ཚལ་དུ་བྱོན་པ་དང་། འོད་མའི་ཚལ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་

གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་ནི་འདི་ལྟར་འཚལ་ཞིང་རྟོགས་ཏེ། འདོད་པ་ལ་ལོངས་སྤྱད་པར་བགྱིས་ཀྱང་། ནོངས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདིས་ན་འདོད་པ་དག་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་ལུས་དང་སེམས་ཚིམ་པར་བྱེད་

เล่ม ๑๔๙ · หน้า 102a

ཀྱང་། ལུས་ཞིག་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་གདའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་དེ་ནི་འདོད་པ་སྤངས་པས་ཐོབ་པ་ཡིན་གྱི། འདོད་པ་ལོངས་སྤྱོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནས། ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་

གསུངས་སོ། །འདོད་པར་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་ཕྱིར་རམ་དེའི་ལུས་ལའོ། །གང་ཀུན་དུ་སྦྱོར་བས་བྱས་པའི་ཀུན་དུ་འབྲེལ་པ་ནི་རབ་ཏུ་ཆགས་པ་དང་། གཡེང་བ་དང་། འདུ་འཛི་འོ། །དེ་ལ་ཆགས་པ་ནི་རབ་ཏུ་ཞེན་པ་སྟེ། ཡོངས་སུ་འཛིན་པ་དང་། བསགས་པ་

དང་སྲུང་བ་ལ་སོགས་པའི་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་དུ་སྦྱོར་བའི་བདག་ཉིད་དེ་ཆགས་པ་དང་། སྲེད་པའོ། །སྙིང་རྗེ་ཡང་ཆགས་པ་དང་ཚུལ་འདྲ་བ་ཡིན་ནོ་ཞེ་ན། ཀུན་དུ་སྦྱོར་བ་ཞེས་སྨོས་པའི་ཕྱིར་ཆགས་པ་ནི། སེམས་ཅན་གྱི་འཆིང་བ་ཡིན་པར་བསྟན་ཏེ། མི་

ཤེས་པ་སྔོན་དུ་འགྲོ་བའི་གཡེང་བ་དང་། ཆགས་པ་ཞེས་བྱ་བའི་དོན་ཏོ། །ཀུན་དུ་སྦྱོར་བ་ཞེས་བྱ་བ་ནི་རྒྱལ་པོ་གཤེགས་ཞེས་བྱ་བ་བཞིན་དུ་ཀུན་དུ་སྦྱོར་བ་འདིར་བརྗོད་པ་ཡང་ཀུན་དུ་སྦྱོར་བའི་རང་བཞིན་ཆགས་པ་དང་སྲེད་པའི་བདག་ཉིད་དུ་ཤེས་པར་བྱའོ། །གང་ཀུན་དུ་སྦྱོར་བ་

དག་ལ་སྐྱོན་དང་ཉེས་པར་མ་རྟོགས་པ་དེ་ཉིད་མི་ཤེས་པས་གནས་ཤིང་ཆགས་པའི་ཕྱིར་རོ། །གང་ཡང་དེ་ལྟར་འདོད་པའི་ཀུན་དུ་སྦྱོར་བས་འདོད་པ་ལ་སྲེད་ཅིང་ཆགས་པར་གྱུར་ན་ནི་ནམ་དུ་ཡང་འདོད་པའི་ཆུ་བོ་དང་འདོད་པའི་ཟག་པ་ལས་མི་རྒལ་ཅིང་སྤོང་བ་མ་ཡིན་ན།

གཞན་ལྟ་ཅི་སྨོས། མངོན་པར་མི་འདོད་པའི་གནས་སུ་ཁྱེར་བར་བྱེད་པའི་ཕྱིར་ཆུ་བོའོ། །ཆུ་བོ་ཇི་ལྟ་བུ་ཞེ་ན། ཡངས་པ་ཞེས་བྱ་བ་སྟེ། འགྲོ་བའི་བདག་ཉིད་ཐམས་ཅད་ལ་བརྟེན་ཅིང་ཁྱབ་པའི་ཕྱིར་རོ། །མཐའ་ཡས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་སྲིད་པ་ནས་བསྟེན་པའི་

ཕྱིར་དང་། ཤེས་པ་ཟག་པ་མེད་པའི་སྙིང་པོས་སྤངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཆུ་བོ་རྣམ་པ་བཞི་པོ་ཐམས་ཅད་ཀྱང་བརྒལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཆགས་བྲལ་མཆོག་དང་ཐ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་བྲལ་མཆོག་ཅེས་བྱ་བ་ནི་གོང་མའི་

เล่ม ๑๔๙ · หน้า 102b

ཀུན་དུ་སྦྱོར་བ་སྤངས་པའི་ཕྱིར་རོ། །ཆགས་བྲལ་ཐ་མ་ཞེས་བྱ་བ་ནི་འོག་མའི་ཆའི་ཀུན་དུ་སྦྱོར་བ་སྤངས་པའི་ཕྱིར་རོ། །ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ནི་ཀུན་དུ་སྦྱོར་བ་མཐའ་དག་སྤངས་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བ་དང་། བསྒོམས་པས་སྤང་བར་བྱ་བ་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་

བསྟན་པའི་ཕྱིར། འདི་ལ་ཞེས་བྱ་བ་སྨོས་ཏེ། འདི་ལ་བདག་དང་བདག་གིས་ཞེས་བྱ་བ་ནི་འདི་ལྟ་བུར་བདག་གིར་བྱེད་པ། གོ་རིམས་བཞིན་དུ་གཟུགས་ལ་སོགས་པ་དག་ལ་བདག་ཏུ་མངོན་པར་ཞེན་པའོ། །ཡང་ན་གཟུགས་ཞེས་བྱ་བ་ལ་སོགས་པའི་བདག་ཉིད་ཀྱི་མངོན་པར་འདོད་པའི་

འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་བསྟན་ཏེ། དེ་ཡང་མེད་པ་མ་ཡིན་པའི་ཕྱིར་རོ། །མི་ལྟ་ཞིང་ཞེས་བྱ་བ་ནི་རྗེས་སུ་མི་འབྲང་ཞིང་མངོན་བར་མི་ཞེན་པ་སྟེ། བལྟ་བ་དང་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལྟར་རྣམ་གྲོལ་ཞེས་བྱ་བ་ནི་རྣམ་པ་འདིས་རིས་གཉིས་ཀྱི་ཕྲ་

རྒྱས་སྤངས་པའི་ཕྱིར་གང་རྣམ་པར་གྲོལ་བའོ། །དེ་ཉིད་གང་ཆུ་བོ་ལས་དེ་ལྟར་རྣམ་པར་གྲོལ་བ་སྟེ། རྒལ་བ་ནི་རྒལ་བར་འགྱུར་བའོ། །སྔོན་ཆད་མ་བརྒལ་བ་ཞེས་བྱ་བ་ནི་སྔོན་ནམ་ཡང་མ་སྤངས་པ་སྟེ་སྲིད་པ་གསུམ་གྱི་ཆུ་བོ་མ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་ཆུ་

བོ་རྒལ་བར་བྱེད་ཅེ་ན། ཡང་སྲིད་པ་མེད་པའི་ཕྱིར་ཞེས་བསྟན་པ་སྟེ་ཡང་མི་སྐྱེ་བར་བྱ་བའི་ཕྱིར་དང་། སྡུག་བསྔལ་ལས་ལྡོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཕགས་པའི་ལམ་བསྒོམས་པ་ཉིད་ཀྱིས་རྒལ་བར་འགྱུར་གྱི། ཁྱིམ་གྱི་གནས་ཡོངས་སུ་སྤངས་

པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཚལ་སྤངས་ཞེས་བྱ་བ་ལ་སོགས་པའོ། །ཁྱིམ་གྱི་གནས་ཀྱིས་ཡོངས་སུ་སྐྱོ་བའི་ཚོང་དཔོན་རྒན་པོ་ཞིག །དགོན་པར་སོང་སྟེ་རབ་ཏུ་བྱུང་ནས་ཕྱིར་ལྡོག་ཅིང་ཉམས་པར་གྱུར་ལ། དེ་ནས་ཡང་རབ་ཏུ་བྱུང་བ་

དེའི་དབང་དུ་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པའོ། །གཞན་དག་ནི་འོད་མའི་ཚལ་ན་རབ་ཏུ་བྱུང་བ་རྣམ་པར་འཕྲུལ་པ་མིང་མེད་པ་ཞིག་གནས་ཏེ། གནས་ལ་ལྷག་པར་ཆགས་པ་དེའི་དབང་དུ་མཛད་དོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་འདི་ཇི་བཞིན་པའི་དོན་

เล่ม ๑๔๙ · หน้า 103a

བརྗོད་པར་བྱ་སྟེ། ཚལ་ནི་དགོན་པའོ། །དེ་ལ་གང་གནས་པ་ནི་ནགས་ཚལ་ན་གནས་པ་སྟེ། དགོན་པ་ན་གནས་ཤིང་ཁྱིམ་ལ་སྲེད་པ་མེད་པ་གང་ཡིན་པ་དེའོ། །ནགས་ཚལ་སྤངས་པ་ནི་རབ་ཏུ་བྱུང་བ་ལ་མངོན་པར་མི་དགའ་བར་གྱུར་ནས་

ཉམས་པར་གྱུར་པ་སྟེ། ཡང་ན་ནགས་ཚལ་སྤངས་ནས་ཁྱིམ་ན་གནས་པར་གྱུར་པའོ། །ཡང་སྐྱོ་བར་གྱུར་པས་ཁྱིམ་ལ་མངོན་པར་མི་དགའ་བ་སྐྱེ་བར་གྱུར་ནས། ནགས་སུ་རྒྱུག་ཅེས་བྱ་བ་ནི་དགོན་པ་ཉིད་དུ་ཕྱོགས་པ་སྟེ། རབ་ཏུ་བྱུང་བ་དེའི་ཕན་ཡོན་མཐོང་

བའི་ཕྱིར་རོ། །འདི་ལྟ་བུའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་བྱས་པའི་གླེན་པ་ལ་ཁྱེད་ཅག་ལྟོས་ཤིག་པའི་དོན་ཏོ། །ཚུར་ཞེས་བྱ་བ་ནི་ཚུར་ཤོག་ལ་ལྟོས་ཤིག་པའོ། །གང་གི་རྣམ་པར་བལྟ་བར་བྱ་ཞེ་ན། གྲོལ་བར་འཆིང་བར་རྒྱུག་པའི་

ཞེས་བྱ་བ་སྟེ། རབ་ཏུ་བྱུང་བ་ཡོངས་སུ་གཟུང་བ་མེད་པ་ཁྱིམ་ནས་ངེས་པར་བྱུང་སྟེ། ཡང་དེ་ཉིད་དུ་མི་གཙང་བ་ལ་སོགས་པ་དང་འདྲ་བའི་བཙོན་རའི་འཆིང་བ་ལ་མངོན་པར་ཕྱོགས་པ་སྟེ། དེ་བས་ན་འདིས་ནི་མངོན་པར་སྨད་པ་བསྟན་པ་ཡིན་ནོ། །དོན་ཉིད་བཤད་པ། ཚལ་

ནི་འདིར་ནགས་སྟུག་པོ་སྟེ་ཚེར་མ་ལ་སོགས་པས་གང་བའི་ཕྱིར་རོ། །དེ་ནི་ཁྱིམ་སྟེ་བྱ་བ་ངན་པ་ལ་སོགས་པས་ཀུན་དུ་གནོད་པ་དང་བཅས་པའི་ཕྱིར་རོ། །དེ་ནི་ཁྱིམ་སྟེ་བྱ་བ་ངན་པ་ལ་སོགས་པ་དེ་ནི་ཁྱིམ་གྱི་གནས་ལ་མངོན་པར་ཆགས་པ་སྟེ། འདོད་པ་ལ་

སྲེད་པ་ཞེས་བྱ་བའི་དོན་ཏོ། །གང་ལ་ཚལ་མེད་པ་དེ་ནི་ཚལ་སྤངས་ཞེས་བྱ་བ་ཡིན་ཏེ། ཁྱིམ་དང་དེའི་ཡོ་བྱད་ལ་ཆགས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་རྗེས་སུ་མྱོང་བ་ལས་རྒན་པའི་གནས་སྐབས་ཀྱིས་སྐྱོ་བ་སྐྱེས་པ་དང་། འཆི་བས་འཇིགས་པའི་ཕྱིར།

དེ་ལ་མ་ཆགས་པར་བྱེད་ཅིང་རབ་ཏུ་བྱུང་བ་སྟེ། དེའི་སྐྱོན་དང་བྲལ་བར་འདོད་པས་སོ། །དེས་ཚལ་མེད་པ་ཞེས་བྱ་བ་སྨོས་ཏེ། ཚལ་དང་བྲལ་བ་ནི་ཚལ་སྤངས་པ་སྟེ། ཁྱིམ་གྱི་གནས་ནས་བྱུང་ཞིང་རབ་ཏུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་དབེན་པ་འདིས་བསྟན་

เล่ม ๑๔๙ · หน้า 103b

ནས་སེམས་ཀྱི་དབེན་པ་བསྟན་པའི་ཕྱིར། ནགས་ཚལ་སྤངས་ནས་ཞེས་བྱ་བ་སྨོས་ཏེ། འདིར་ནགས་ཚལ་ནི་འདོད་པ་ལ་སོགས་པ་ལ་རྣམ་པར་རྟོག་པ་སྟེ། དེ་ནི་ཁྱིམ་གྱི་ནགས་སྟུག་པོར་འཇུག་པ་ཡིན་ནོ། །དེ་སྤངས་པ་ནི་འདུ་འཛི་དང་རྣམ་པར་རྟོག་པ་སྤངས་པའི་

ཕྱིར་རོ། །ནགས་སུ་རྒྱུག་ཅེས་བྱ་བ་ནི་འདུ་འཛི་དང་རྣམ་པར་རྟོག་པ་མངོན་དུ་བྱེད་པ་སྟེ། ཁྱིམ་གྱི་བཙོན་ར་ལ་ཡང་ཕྱོགས་པའོ། །ཡང་ན་གཙུག་ལག་ཁང་ལ་ལྷག་པར་ཞེན་པའོ། །འདི་ལ་ལྟོས་ཤིག་ཅེས་བྱ་བ་ནི་ཉོན་མོངས་པས་འཁྲུལ་པར་བྱས་ཤིང་།

མི་རྟག་པའི་བདེན་པས་ཀུན་དུ་འཕྱན་པའི་སེམས་ཅན་ལ་ལྟོས་ཤིག་པའོ། །ཚུར་ཞེས་བྱ་བ་ནི་ཁྱེད་ཅག་ཚུར་ཤོག་ཤིག་དང་། བདག་མེད་པ་ལ་དམིགས་ཤིང་སངས་རྒྱས་ཀྱི་བསྟན་པ་བསྒྲུབ་པར་གྱིས་ཤིག་པ་སྟེ། ཆོས་འདི་རྟོགས་པའི་ཕྱིར་དེ་ཁོ་ན་ཉིད་

བརྟག་ཅིང་བདེ་འགྲོ་བལྟ་བ་ནི། དེ་བཞིན་ཉིད་ཀྱིས་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདིའི་དོན་ཏོ། །གཞན་ནི་སྔ་མ་བཞིན་ནོ། །གང་གིས་སྲེད་པའི་འཆིང་བ་ལས་གྲོལ་བར་འགྱུར་ཞེ་ན། འཕགས་པའི་ལམ་ཉིད་ཀྱིས་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར།

ཤིང་རྟ་མཐུན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་རྒྱལ་པོའི་བུ་མོ་ཀྵེ་མ་ཞེས་བྱ་བ་ཤིང་རྟ་ལ་ཞོན་ཏེ་བཅོམ་ལྡན་འདས་ལྟ་བའི་ཕྱིར་ཆས་པ་ལས་ཐག་རིང་པོ་ནས་འོང་བ་གཟིགས་ཏེ། ཚིགས་སུ་བཅད་པ་འདི་གསུངས་སོ། །ཡིད་འོང་བ་ཞེས་བྱ་བ་ནི་ཡིད་དུ་

འཐད་པ་སྟེ། ཀུན་དུ་ཤེས་པར་བྱ་བ་ཞེས་བསྟན་པའི་ཕྱིར་རོ། །ཤིང་རྟ་གང་གིས་ཡན་ལག་ཡིད་དུ་འོང་ལ་བལྟ་ན་སྡུག་པ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་འབར་བར་བྱས་པའི་ཕྱིར་རོ། །དཀར་བ་ནི་ཁ་དོག་དཀར་བ་ཉིད་དོ། །གཡོགས་པ་ནི་ཤིང་རྟ་དེ་ལ་གདུགས་

ལྟར་བཀབ་ཅིང་བྲེས་པའོ། །ཡང་ན་གོས་དཀར་པོས་གཡོགས་པའོ། །གང་ཡང་བུད་མེད་ཤིང་རྟ་ལ་ཞོན་པར་གྱུར་པ་ནི་ཕལ་ཆེར་གོས་དཀར་པོས་གཡོགས་པར་བྱེད་དོ། །མཐུན་པའི་རྩིབས་ཞེས་བྱ་བ་ནི་གཅིག་ཏུ་བསྔགས་ཤིང་གཙོ་བོར་གྱུར་པའི་ཤིང་

เล่ม ๑๔๙ · หน้า 104a

རྟའི་འཁོར་ལོའི་ཡན་ལག་གང་ཡིན་པ་སྟེ། ཤིང་རྟ་ཁྱད་པར་ཅན་འཁོར་ལོ་ཟུང་ངོ་། །ལྡན་པ་ནི་བསྟེན་པར་བྱས་པའོ། །སྡིག་མེད་འགྲོ་བ་ལ་ལྟོས་ལ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱིས་འགྲོ་ཞིང་ཕན་པ་ཉིད་རྟོགས་པར་

གྱིས་ཤིག་པ་སྟེ། འདི་ན་དང་པོར་ཉན་པ་ཞེས་བྱ་བ་ལ་སོགས་པས་འགྲོ་བ་ལ་ལྟོས་ཤིག་པ་ཡིན་ཏེ། སྡིག་མེད་ནི་རྣམ་པ་གསུམ་པོ་འདོད་ཆགས་མེད་པའི་སྡིག་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པའོ། །ངེས་པར་ཉམས་པའི་ཉོན་

མོངས་པ་དག་ནི་ཤིང་རྟ་ལ་ཞོན་ཞིང་འགྲོ་བ་ངེས་པར་བསགས་ཤིང་བསྒོས་པའི་ཕྱིར་ཏེ། ལྷ་སྦྱིན་དམྱལ་བར་སྐྱེས་པ་བསྟན་པ་ཡིན་ནོ། །རྒྱུན་རྣམས་གཅད་པར་གྱིས་ཞེས་བྱ་བ་ནི་ལས་ཀྱི་རྒྱུན་སྤངས་པ་སྟེ། ཉོན་མོངས་པ་ནི་རི་བོ་མཐོན་པོ་ལས་འབབ་པའི་ཆུ་

རྒྱུན་འདྲ་བ་དེའོ། །ལས་དང་ཉོན་མོངས་པའི་རྒྱུ་མེད་པ་དང་ལས་དེའི་འབྲས་བུ་ཡང་མེད་དོ། །ཆིངས་མ་ཞེས་བྱ་བ་ནི་ཡང་ཉིང་མཚམས་སྦྱོར་བའི་འཆིང་བ་མེད་ན་དེའི་ཕྱིར་ལས་དང་ཉོན་མོངས་པ་ཡང་མེད་པའི་ཕྱིར་རོ། །སྒྲ་ཇི་བཞིན་དུ་བཤད་ནས། གཞན་ལ་བསྟན་

ནས་བཤད་པ། ཡན་ལག་ཡིད་འོང་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཚིག་བླ་དགས་ཏེ། དེ་ནི་ལམ་གྱི་གཞི་དང་ཐེམ་སྐས་སུ་གྱུར་པ་ཉིད་དེ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་འཚོ་བ་ཞེས་བྱ་བའི་ཡན་ལག་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །གོས་

དཀར་གཡོགས་ཞེས་བྱ་བ་ནི་ཡང་དག་པར་གྲོལ་བ་དང་ཡང་དག་པའི་ཤེས་པ་ཞེས་བྱ་བ་འདིའི་ཚིག་བླ་དགས་ཡིན་ཏེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་དང་། ཟད་ལ་མི་སྐྱེ་བའི་ཤེས་པ་ཐོབ་པས་གཅིག་ཏུ་དཀར་བ་ཡིན་པའི་ཕྱིར་རོ། །མཐུན་

པའི་རྩིབས་ཞེས་བྱ་བ་ནི་ཡང་དག་པའི་དྲན་པ་དང་། ཡང་དག་པའི་རྟོག་པ་དང་། ཏིང་ངེ་འཛིན་གྱི་ཚིག་བླ་དགས་སོ། །ལྡན་པ་ནི་ཡང་དག་པའི་རྩོལ་བ་སྟེ། བརྩོན་འགྲུས་རྩོམ་པའི་མཐུས་སྐྱོ་བ་དང་བྲལ་བར་འཇུག་པའོ། །ཤིང་རྟ་ནི་ཡང་དག་པའི་

เล่ม ๑๔๙ · หน้า 104b

ལྟ་བ་སྟེ། དེ་ཡང་ལམ་དང་ལམ་གྱི་ཡན་ལག་གོ། །ཡིད་ལ་མངོན་པར་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་ཤིང་རྟའི་སྒྲར་བརྗོད་དོ། །དེ་ལྟ་ན་ལམ་ཡན་ལག་བརྒྱད་འབྲས་བུ་དང་བཅས་པ་བསྟན་པ་ཡིན་ཏེ། ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་

ཤེས་པ་ནི་འཕགས་པའི་ལམ་བསྒོམས་པའི་འབྲས་བུ་ཡིན་ནོ་ཞེས་པས་སོ། །སེམས་ཅན་གང་ལ་འདི་ལྟ་བུའི་ཤིང་རྟ་ཡོད་པ་དེ་ནི་སྡིག་པ་མེད་པར་འགྲོ་བ་ལ་སོགས་པར་ཤེས་པར་བྱའོ། །འཕགས་པའི་ལམ་གྱི་རྩ་བ་ཐེམ་སྐས་སུ་གྱུར་པའི་ཚུལ་ཁྲིམས་ཐོབ་པ་ནི་

སྐྱབས་ཉིད་ཀྱིས་འགྱུར་གྱི། བརྟེན་པ་ཙམ་གྱིས་ནི་སྐྱབས་མ་ཡིན་ནོ་ཞེས་བྱ་བའི་ཚིག་ཏུ་བསྟན་པའི་ཕྱིར། འཇིགས་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་སྨོས་སོ། །ཆོ་འཕྲུལ་ཆེན་པོ་བསྟན་པ་ལས་ངེས་པར་རྒྱལ་ཏེ། མུ་སྟེགས་པ་ཁ་ཅིག་ནི་རི་

ལ་བརྟེན་ཏོ། །གཞན་དག་ནི་ནགས་ཚལ་དང་ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་ཤིང་དག་ལ་བརྟེན་པ་གཟིགས་ནས་འདི་གསུངས་སོ། །གཞན་དག་ནི་སྡིག་པ་བཀྲུ་བར་བྱའོ་ཞེས་བསམས་ཏེ་བྱེ་མའི་ཕུང་པོ་ལ་འདུག་པའི་མེ་སྦྱིན་ཞེས་བྱ་བ་ཀོ་ས་ལའི་རྒྱལ་པོའི་

མདུན་ན་འདོན་སྡིག་པ་བྱེད་པ་ཞིག་གི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །ཕལ་ཆེར་ཞེས་བྱ་བ་ནི་དུ་མའོ། །སྐྱབས་སུ་འགྲོ་ཞེས་བྱ་བ་ནི་སྡིག་པ་འཇིག་པའི་ཕྱིར་རྟེན་ཅིང་ལེན་པའོ། །རི་ནི་ཁ་བ་ཅན་ལ་སོགས་པའི་རིའོ། །རི་དང་འདྲ་བའི་བྱེ་མའི་ཕུང་པོ་

དང་ཕུག་ལ་སོགས་པ་བསྡུ་བའི་ཕྱིར་དང་གི་སྒྲའོ། །ནགས་ཚལ་ཞེས་བྱ་བ་ནི་ཚལ་ལ་སོགས་པ་ནགས་སྟུག་པོའོ། །དང་གི་སྒྲ་ནི་ནགས་ཚལ་དུ་གྱུར་པའི་ས་ཕྱོགས་དང་རྫིང་བུ་ལ་སོགས་པའོ། །སྐྱེད་མོས་ཚལ་ཞེས་བྱ་བ་ནི་གྲོང་དང་ཉེ་བའི་ཚལ་ལ་སོགས་པ

འམ། ལྷ་ཁང་ངམ། མཆོད་རྟེན་དང་ལྗོན་ཤིང་ཞེས་བྱ་བ་ལ། དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །དེ་ལ་མཆོད་རྟེན་ནི་ལྷ་ཁང་ལ་སོགས་པ་སྟེ། སོ་ཕག་ལ་སོགས་པས་བརྩིགས་པའི་ཕྱིར་རོ། །ལྗོན་ཤིང་ནི་ཤིང་གི་དབྱིབས་དང་། གནས་ལ་སོགས་པ་

เล่ม ๑๔๙ · หน้า 105a

བརྒྱན་པའོ། །གང་ཞིག་སྐྱབས་སུ་འགྲོ་བ་ཡིན་ཞེ་ན། འཇིགས་པས་སྐྲག་པའི་མི་དག་ནི། །ཞེས་བྱ་བ་སྨོས་ཏེ། བརྙས་ཤིང་མ་བཀུར་བ་ལ་སོགས་པས་འཇིགས་པའི་མུ་སྟེགས་པ་ལ་སོགས་པའོ། །རི་ལ་སོགས་པ་སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་

རྟོག་པ་བསལ་པའི་ཕྱིར། སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །ཞེས་བྱ་བ་བསྟན་ཏེ། བྲག་ལ་སོགས་པ་ལ་སྡུག་བསྔལ་ལས་སྐྱོབ་པའི་རྟེན་དུ་འདོད་པ་དེ་ནི་གཙོ་བོ་མ་ཡིན་ཏེ། གང་གི་ཕྱིར་བརྟེན་པ་ཙམ་གྱིས་ནི་ཡོངས་སུ་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །སྐྱབས་དེ་མཆོག་ཏུ་གྱུར་པ་

མིན། །ཞེས་བྱ་བ་ནི་སྐྱབས་སུ་འགྲོ་བ་དེ་ཡང་ཁྱད་པར་དུ་གྱུར་པ་དང་མཆོག་ནི་མ་ཡིན་ཏེ། འདི་ལ་བརྟེན་པས་ནི་འཁོར་བ་ཡོངས་སུ་སྤང་བར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བཟུང་བ་ཙམ་གྱིས་ནི་སྐྱབས་སུ་འགྲོ་བ་མཆོག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་

སྐྱབས་སུ་སོང་བ་ཡིས། །སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །ཞེས་བྱ་བ་ནི་ངན་སོང་གི་སྡུག་བསྔལ་ལམ་འཁོར་བའི་སྡུག་བསྔལ་ལས་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་སྐྱབས་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །

ཡང་སེམས་ཅན་གང་ཞིག་དཀོན་མཆོག་གསུམ་ལ་བརྟེན་པ་དེ་ཉིད་ནི་སྐྱབས་སུ་འགྲོ་བར་འགྱུར་བ་ཡིན་ནོ། །སངས་རྒྱས་ནི་ཐམས་ཅད་མཁྱེན་པ་དེའི་དབྱེ་བ་ཡིན་པའི་ཕྱིར་མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་ཡོན་ཏན་གྱི་ཕུང་པོའོ། །ཆོས་ནི་དོན་དམ་

པའི་ཆོས་ཡིན་པའི་ཕྱིར་དང་མྱ་ངན་ལས་འདས་པའི་འབྲས་བུ་མཐར་ཐུག་པའི་བདག་ཉིད་ཀྱིས་དགོས་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དགེ་འདུན་ནི་ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་འཕགས་པའི་ལམ་དང་། སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་

ཀྱི་ལམ་གྱི་ཚོགས་སོ། །དགོངས་པ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་གང་ཡང་རུང་བ་ཅིག་ལ་སྐྱབས་སུ་འགྲོ་བ་ནི་མ་ཡིན་ནོ་ཞེས་སྒྲུབ་པའི་ཕྱིར་དང་གི་སྒྲ་གསུམ་སྨོས་ཏེ། དེ་དག་ཀྱང་ཕན་ཚུལ་གྱི་དབྱེ་བ་ཡིན་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་ཙམ་གྱིས་ནི་ངན་

เล่ม ๑๔๙ · หน้า 105b

སོང་ལས་ལྡོག་པ་མ་ཡིན་ཏེ། ཡང་ཤེས་ནས་དད་པ་ཐོབ་བ་ཡིན་པའི་ཕྱིར་རོ། །དེ་ཡང་བདེན་པ་མཐོང་བས་འགྱུར་བ་ཡིན་ཏེ། འཕགས་པའི་བདེན་པ་བཞི་པོ་དག །ཅེས་བྱ་བ་དེ་ནི་མ་མཐོང་བ་རྟོགས་པའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་གང་གི་ཚེ་ཟག་པ་མེད་པའི་

ཤེས་རབ་ཐོབ་པ་དེའི་ཚེ་སྐྱབས་སུ་འགྲོ་བ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །བདེན་པ་མཐོང་བ་རྣམས་ཡང་དག་བར་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཚེ་ཤེས་རབ་ཀྱིས་མཐོང་བ། །ཞེས་བྱ་བ་འདིར་རྗེས་སུ་འབྲང་ངོ་། །

ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་གང་ལ་ཡན་ལག་བརྒྱད་ཡོད་པ་ཆ་ཤས་འདུས་པ་སྟེ། ཡན་ལག་དང་ཆ་ཤས་ནི་ཡན་ལག་དྲུག་པའི་ཕྱི་མ་བཞིན་ནོ། །ཇི་ལྟ་བུའི་ལམ་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། བདེ་བ་ཞེས་བྱ་བ་ཡིན་ཏེ། འཇིག་པ་ནི་འཁོར་བའི་ཚིག་

བླ་དགས་ཡིན་པའི་ཕྱིར་ཏེ། འཕགས་པའི་ལམ་ནི་འཁོར་བའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །འོན་ཀྱང་བྲལ་བའི་འབྲས་བུ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། མྱ་ངན་འདས་འགྲོ་ཞེས་བྱ་བ་སྟེ། མྱ་ངན་ལས་འདས་པར་བགྲོད་

པར་བྱེད་པ་དང་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་འདི་ཉིད་དོ། །སྔར་བསྟན་པའི་ཁས་བླངས་པའི་བདག་ཉིད་ཀུན་རྫོབ་ཀྱི་སྐྱབས་ཏེ། ལམ་མངོན་སུམ་དུ་བྱེད་བའི་ཕྱིར་དང་། རྒྱུ་ཡིན་པའི་ཕྱིར་དང་། ཤེས་ནས་

དད་པ་ཐོབ་པ་ལས་སྐྱེས་པའི་དོན་དམ་པ་ནི་གཏན་དུ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་གཙོ་བོ་དང་ཆེས་མཆོག་གི་སྐྱབས་ཡིན་ཏེ་འདི་ལ་བརྟེན་པས་ནི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། །གང་ལ་ལམ་ཐོབ་པ་དེ་ཉིད་ཀྱིས་ཡང་དག་པར་ཐོབ་པ་

ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐོང་བས་མཐོང་ཞིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གོ། །དགེ་སློང་དག་རྣམ་པར་བལྟ་ཞིང་བསྒོམ་པར་བྱ་སྟེ། རྣམ་པར་བལྟ་བ་ཀུན་དུ་བསྟེན་པས་ནི་དེ་མཐོང་ངོ་ཞེས་

เล่ม ๑๔๙ · หน้า 106a

བྱ་བའི་ཚིག་གི་ལྷག་མ་དག་གོ། །དེ་ལ་བརྟེན་ནས་མཐོང་བ་རྣམ་པར་གནས་པ་ཡིན་ཏེ། དེ་ཡང་འདྲ་བ་དང་མི་འདྲ་བའི་དབྱེ་བས་རྣམ་པ་གཉིས་སོ། །འདྲ་བ་བསྟན་པའི་ཕྱིར། མཐོང་བ་ཞེས་བྱ་བ་སྨོས་ཏེ། བྱ་བ་བྱས་པའི་ཕྱིར་གཞན་གྱི་དོན་ལ་ལྟ་བ་སྟེ།

དེ་ཉིད་སློབ་པའི་ལམ་ལ་གནས་པའི་གཞན་ཡང་མཐོང་ངོ་ཞེས་རྗེས་སུ་འབྲང་སྟེ། དཔེར་ན་མིག་དང་ལྡན་པས་བདག་དང་གཞན་མཐོང་བར་གྱུར་པ་དེ་བཞིན་ནོ། །མི་འདྲ་བ་བསྟན་པའི་ཕྱིར་མ་མཐོང་ཞེས་བྱ་བ་སྨོས་ཏེ། བྱ་བ་མ་བྱས་པའི་ཕྱིར་རམ། བདེན་པ་མ་

མཐོང་བའི་ཕྱིར་ཏེ། སོ་སོའི་སྐྱེ་བོས་ནི་ཅུང་ཟད་ཀྱང་མི་མཐོང་ཞིང་འདིས་འཇིག་རྟེན་ཐམས་ཅད་ལ་མི་ལྟ་བ་ཡིན་ནོ། །ཉེ་བར་ཞི་ཞིང་མི་སློབ་པའི་གནས་སྐབས་ཐོབ་ན་ནི་སེམས་གཞན་གདུལ་བ་ལ་ཡོངས་སུ་རྟོག་པ་ཡིན་ནོ། །རྣམ་པར་མཐོང་བའི་ཁྱད་པར་བསྟན་ནས་མི་ཤེས་

པའི་སྐྱོན་བསྟན་པའི་ཕྱིར། མ་མཐོང་ཞེས་བྱ་བ་སྟེ། གང་སྒྲིབ་པ་ཡོད་ཅིང་ཤེས་པ་མེད་པའི་ཕྱིར་བདག་ཉིད་ཀྱང་མཐོང་བ་མེད་པར་བྱས་ནས་གཞན་ཡང་མ་མཐོང་བར་བྱེད་པ་ཡིན་ནོ། །འདྲ་བའི་མཐོང་བ་མེད་པའི་ཕྱིར་མི་འདྲ་བའི་ཁྱད་པར་མཐོང་བ་ཡང་གྲུབ་པ་ཡིན་ནོ་ཞེས་

བསྟན་པའི་ཕྱིར། མཐོང་བྱ་མཐོང་མི་འགྱུར་ཞེས་བྱ་བ་སྟེ། དཔེར་ན་མིག་གིས་བདག་ཉིད་ལ་རྣམ་པར་བལྟ་ཞིང་མཐོང་བ་མ་ཡིན་ལ་གཞན་ལ་མཐོང་བ་དེ་བཞིན་ནོ། །འོ་ན་བསྟན་བཅོས་ལས་བཤད་པའི་མཐོང་བ་ནི་གང་བདག་གི་སྡུག་བསྔལ་ལ་སོགས་པ་མ་མཐོང་བ་དེ་ཉིད་

ནི་རང་ཉིད་མཐོང་བ་ཡིན་ལ། གཞན་ཡང་དེ་བཞིན་དུའོ། །མཐོང་བྱ་མཐོང་བར་མི་འགྱུར་ཞིང་། །ཞེས་བྱ་བ་གང་ཡང་བདག་ཉིད་སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པ་མི་མཐོང་ལ། དེས་ན་གཞན་གྱི་དེ་ཉིད་ཀྱང་མི་མཐོང་སྟེ། མཐོང་བྱ་མཐོང་བར་མི་

འགྱུར་བའོ། །དེ་ཡང་ཇི་ལྟར་ཞེ་ན་བཤད་པ། འདིས་ནི་གཙུག་ལག་གི་རྣམ་པར་འགྲེལ་པ་ཤེས་པར་བྱ་སྟེ། གཞན་དུ་ན་རྒྱུན་དུ་ཞུགས་པས་བདེན་པ་མཐོང་བར་མི་འགྱུར་ཏེ། དེས་ན་གང་ཇི་ཞིག་གཞན་དུ་བདེན་པ་མཐོང་བ་དང་བདེན་པ་མ་མཐོང་བ་མཐོང་བར་འགྱུར།

เล่ม ๑๔๙ · หน้า 106b

དེས་ན་ཡང་ཚད་མ་དང་འགལ་བར་འགྱུར་ཏེ། བཅོམ་ལྡན་འདས་ནི་ཚད་མ་དང་འགལ་བ་མི་གསུང་ངོ་། །དེ་བས་ན་བདེན་པ་བཞི་མཐོང་བ་ནི་མི་སློབ་པའི་མཐོང་བས་ཡིན་ནོ་ཞེས་ཚིག་གི་ལྷག་མའོ། །མཐོང་བ་ནི་རྣམ་པ་གཉིས་ཏེ་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའོ། །

དེ་གཉིས་ཀྱི་རང་གི་ངོ་བོའི་དབྱེ་བ་རབ་ཏུ་བརྟག་པའི་ཕྱིར་འདྲ་མཐོང་ཞེས་བྱ་བས་བསྟན་ཏེ། མེད་བཞིན་དུ་འབྲེལ་པས་མཐོང་བ་ནི་རྗེས་སུ་མཐོང་བ་སྟེ། མེད་པ་ལ་སྒྲོ་བཏགས་པ་དང་། ཡོད་པ་ལ་འཇིག་པར་བྱེད་པའི་ལྟ་བ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ཞེས་བྱ་བ་ནི་

འདྲ་བའི་སྒྲའོ། །མཐོང་བ་ནི་འདྲ་བར་མཐོང་བ་ལྟར་སྣང་བ་སྟེ་གཟུགས་བརྙན་བཞིན་ནོ། །ལྷག་མཐོང་ནི་སྒྲིབ་པ་མེད་ཅིང་ཉོན་མོངས་པ་མེད་པའི་མཐོང་བ་སྟེ། ཉོན་མོངས་པས་བཅོམ་པའི་ཕྱིར་རོ། །ཐ་དད་དངོས་པོ་ཞེས་བྱ་བ་ནི་སོ་སོ་བར་གྱུར་པ་སྟེ། བྲལ་བ་ཐོབ་པ་

འམ་ཐ་དད་པའི་ངོ་བོ་སྟེ། གང་མཐོང་བ་དེ་དང་འདྲ་བར་མཐོང་བ་ཐ་དད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་ན་ཞེས་བྱ་བ་ནི་གསུང་རབ་འདི་ཉིད་ལ་ཡོད་ཀྱི། གཞན་ལ་ནི་མ་ཡིན་ཏེ། རྣམ་པར་རྨོངས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིར་དཔེར་བསྟན་པ་ཉིན་

མཚན་ཞེས་བྱ་བ་སྟེ། དཔེར་ན་ཉིན་པར་དང་མཚན་མོ་ལྷན་ཅིག་དུས་ནམ་ཡང་ཕྱོགས་གཅིག་ཏུ་མི་གནས་ཤིང་མི་འདུག་སྟེ། མུན་པ་དང་སྣང་བ་ནི་ལྷན་ཅིག་གནས་པར་འགལ་བའི་ཕྱིར་རོ། །དེ་བཞིན་དུ་འདྲ་བ་མཐོང་བའི་མཐོང་བ་ནི་ཉོན་མོངས་པའི་མཐོང་བ་སྟེ་མུན་

པ་བཞིན་དུའོ། །སེམས་ཅན་དག་ཡང་དག་པའི་ལྟ་བ་ལ་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར་འདི་བཤད་པ་ཡིན་ནོ། །གང་གིས་འདྲ་བ་མཐོང་ཞིང་ཐོས་པར་འགྱུར་ཞེ་ན། འདྲ་བ་མཐོང་བས་མཐོང་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། མཐོང་བར་སྣང་བ་དེས་ངེས་པར་

མི་འགྱུར་ཏེ། གང་སྡུག་བསྔལ་ལ་སོགས་པ་ཟག་པ་མེད་པའི་མཐོང་བ་མ་མཐོང་བའོ། །གལ་ཏེ་མཐོང་ན་འདྲ་མི་མཐོང་། །ཞེས་བྱ་བ་ནི་གལ་ཏེ་ཡང་ཟག་པ་མེད་པ་མཐོང་བས་སྡུག་བསྔལ་ལ་སོགས་པ་མཐོང་ན་ནི་དེའི་ཚེ་མཐོང་བ་ལྟར་སྣང་བའི་བདག་ཉིད་མི་མཐོང་བ་

เล่ม ๑๔๙ · หน้า 107a

ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་ཆོས་ཉིད་ཀྱི་རིགས་པ་བསྟན་པའི་ཕྱིར། མཐོང་འདིས་འདྲ་བ་མི་མཐོང་སྟེ། །ཞེས་བྱ་བ་སྟེ། འདིས་ནི་གང་དེ་བཞིན་ཉིད་མཐོང་བས་མཐོང་བ་མ་ཡིན་པ་མི་མཐོང་སྟེ། ངེས་པར་དོན་རེག་ཅིང་ཐོབ་པ་ཡིན་གྱི།

གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཟག་འདིས་ནི་དེ་བཞིན་ཉིད། །འདྲ་མཐོང་མཐོང་བ་མེད་ཅེས་བྱ་བ་སྨོས་ཏེ། བདག་ལ་སྒྲོ་བཏགས་པས་ངེས་པར་བྱེད་པ་མ་ཡིན་ནོ། །འདྲ་མཐོང་མི་ཡིས་མཐོང་བ་མེད། །ཅེས་བྱ་བ་ནི་འཇིག་རྟེན་པའི་གནས་

སྐབས་ཀྱིས་ཀྱང་མི་མཐོང་བ་སྟེ། མིས་དེ་བཞིན་ཉིད་མི་མཐོང་བ། །ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་ལྟ་བ་ནི་ཤིན་ཏུ་རགས་ལ་བདེན་པ་ནི་ཤིན་ཏུ་ཕྲ་བའི་ཕྱིར་རོ། །ལྷ་ཞིག་གིས་ཚིགས་སུ་བཅད་པ་ལས་བརྩམས་ཏེ་གསོལ་པ། མི་ཡིས་ཅི་མ་མཐོང་ན་འདྲ་བ་

མཐོང་། །ཞེས་བྱ་བ་ལ། དངོས་པོ་གང་ཞིག་མ་མཐོང་ན། །ཞེས་བྱ་བ་ནི་དེ་བཞིན་ཉིད་མ་མཐོང་བའོ། །མི་ནི་མི་ཉིད་དེ་སེམས་ཅན་དང་བདག་ལ་སོགས་པར་མཐོང་ངོ་། །ཅི་ཞིག་མཐོང་ན་འདྲ་བ་མཐོང་མི་འགྱུར། །ཞེས་བྱ་བ་ཡང་དངོས་པོ་གང་ཞིག་ཁོང་དུ་ཆུད་ན་མཐོང་བ་ལྟར་

སྣང་བ་མི་མཐོང་བའོ། །ཇི་ལྟར་འདི་ན་འདྲ་བ་མཐོང་བ་དག །ཅེས་བྱ་བ་ནི་ཇི་ལྟར་བདེན་པའི་དངོས་པོའི་གཟུགས་བརྙན་ལྟར་གྱུར་པ་མཐོང་བ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་བདག་ཉིད་འདྲ་བ་མ་མཐོང་བར་འགྱུར་བའོ། །གང་ཞིག་མེད་ན་འདྲ་བ་མཐོང་

དང་བྲལ། །ཞེས་བྱ་བ་ནི་གང་ཞིག་ཡོད་པར་གྱུར་པ་ལས་འདྲ་བ་སྤངས་པར་གྱུར་པའོ། །འདིར་བཅོམ་ལྡན་འདས་ཀྱིས་ལན་དུ་བཀའ་སྩལ་པ། གང་ཚེ་འདི་ཡིས་སྡུག་བསྔལ་མཐོང་། །ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པ་སྡུག་བསྔལ་གྱི་བདེན་པ་མངོན་པར་མ་

རྟོགས་པའོ། །དེ་ཡི་ཚེ་ན་མཐོང་བར་འགྱུར། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་སོ་སོར་མི་རིག་པའོ། །བདག་ཏུ་མཐོང་ཞེས་བྱ་བ་ནི་ཉོན་མོངས་པའི་རྗེས་སུ་འགྱུར་བ་སྟེ། བདག་ལ་སོགས་པར་སྒྲོ་བཏགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་སྡུག་བསྔལ་རྟོགས་

เล่ม ๑๔๙ · หน้า 107b

གྱུར་པ། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རིག་པའོ། །དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་པ་འདིས་མེད་པ་ལ་སྒྲོ་འདོགས་པ་དང་། ཡོད་པ་འཇིག་པར་བྱེད་པ་མ་ཡིན་ནོ། །གང་གིས་སོ་སོའི་སྐྱེ་

བསྒྲིབས་ནས། འདུ་བྱེད་སྡུག་བསྔལ་མ་མཐོང་བ། །ཞེས་བྱ་བ་ནི་གང་མ་རིག་པ་ལ་སོགས་པའི་སྒྲིབ་པས་སོ། །བསྒྲིབས་པ་ནི་གཡོགས་པའོ། །སོ་སོའི་སྐྱེ་བོ་ནི་བྱིས་པའི་སྐྱེ་བོའོ། འདུ་བྱེད་དག་ནི་ཤིན་ཏུ་སྡུག་བསྔལ་ལ་སོགས་པའི་དོན་ཡིན་ཡང་སྡུག་བསྔལ་ཉིད་དུ་

མི་རྟོགས་པའོ། །དེའི་ཕྱིར་འདི་ནི་འདྲ་མཐོང་སྟེ། །ཞེས་བྱ་བ་ནི་དེ་ལྟར་གྱུར་པ་ཉིད་ཀྱིས་འཇིག་ཚོགས་ལ་སོགས་པའི་ལྟ་བ་ལ་སྤྱོད་དོ། །དེ་མེད་ན་ཞེས་བྱ་བ་ནི་མ་རིག་པའི་སྒྲིབ་པ་སྤངས་ན་ནི་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །མཐོང་བའི་ཚོམས་ཏེ་ཉི་

ཤུ་རྩ་བདུན་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ལྟ་བ་དག་པ་སྔོན་དུ་འགྲོ་བ་ལས་སྡིག་པ་ལས་ལྡོག་པ་དང་། ལེགས་པར་སྤྱོད་པ་ལ་འཇུག་པ་བསྟན་པའི་ཕྱིར། དེའི་འོག་ཏུ་སྡིག་པའི་ཚོམས་བཤད་དེ། དེ་མེད་འདྲ་བ་མི་མཐོང་ངོ་། །ཞེས་བསྟན་མ་ཐག་པའི་

ཚོམས་ལ་བདག་ཏུ་སྒྲོ་འདོགས་པ་དང་། སྡུག་བསྔལ་ལ་སོགས་པ་སྐྱོན་བརྗོད་པའི་ཚིག་ཅན་གྱི་ལྟ་བ་སྤངས་ནས་ཇི་ལྟ་ཇི་ལྟར་ཡང་དག་པར་ལྟ་བས་དངོས་པོ་ཡང་དག་པར་སྒྲུབ་པའི་ཕྱིར་སྡིག་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ལོ་བཅུ་གཉིས་ཀྱི་བར་དུ་བཅོམ་

ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྐྱོན་མེད་དེ། ཐོག་མར་ཉན་ཐོས་ལ་སོ་སོར་ཐར་པའི་ཚིགས་སུ་བཅད་པ་གསུམ་གསུངས་སོ། །དེ་ལ་གཉིས་ནི་རྗེས་སུ་མཐུན་པའི་སྐབས་ཡིན་པས་ལེགས་པར་སྤྱད་པའི་ཚོམས་སུ་བཤད་ཟིན་ཏོ། །ཡང་ན་བཅོམ་ལྡན་འདས་ཀྱིས་བསླབ་

པའི་གཞི་ཉིས་བརྒྱ་ལྔ་བཅུ་བཅས་པ་འདི་ནི་ཤིན་ཏུ་ཡང་མང་བའི་ཕྱིར་དེ་སུ་ཞིག་གིས་སྲུང་བར་ནུས་ཞེས་སེམས་རྣམ་པར་གཡེང་བ་སྤངས་ཤིང་བཟུང་བ་དང་འཇུག་པར་འགྱུར་བའི་དགེ་སློང་དག་གི་དབང་དུ་མཛད་པའོ་ཞེས་ཟེར་རོ། །ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ་

เล่ม ๑๔๙ · หน้า 108a

འཇུག་པ་དང་ལྡོག་པའི་དབྱེ་བས་སོ། །དེ་ལ་ལྡོག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ཡིན་ཏེ། ཡུལ་ཐམས་ཅད་དང་དུས་ཐམས་ཅད་དུ་ངན་པར་སྤྱོད་པ་ཐམས་ཅད་ཀྱི་བྱ་བ་དགག་པའི་ཕྱིར་རོ། །དེའི་ཕྱིར་

གཅེར་བུ་པས་ནི་དཔག་ཚད་བརྒྱའི་ཕ་རོལ་ནས་སྡིག་པ་སྤྱད་པར་མི་བྱའོ་ཞེས་ཟེར་རོ། །ཕྱུགས་གསོད་པ་དང་རྟས་བསང་གི་མཆོད་པ་ལ་སོགས་པ་ནི་ཉེས་པ་མེད་དོ་ཞེས་བྲམ་ཟེ་དག་སྨྲའོ། །དེ་བཞིན་དུ་ཤཱཀྱའི་ཡོངས་སུ་སྤངས་པ་ནི་སྡིག་པ་ལྔ་ཡོངས་སུ་མི་བྱ་བ་སྟེ། ཅིག་

ཤོས་ལ་འབད་པར་བྱའོ། །དེ་ཡང་ཇི་ལྟར་དགེ་བསྙེན་གྱིས་འདོད་པས་ལོག་པར་གཡེམ་པ་མི་བྱ་བ་བཞིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་མི་བྱ་བར་གསུངས་ཏེ། འདིའི་འབྲས་བུ་མངོན་པར་མི་འདོད་པ་ཡིན་པའི་ཕྱིར་རོ། །སྡིག་པ་

ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི་བདག་པོ་དང་འབྲེལ་པའི་དྲུག་པ་སྟེ་སྤང་པའི་ཕྱིར་རོ། །འཇུག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་པ་སྔ་མའི་ཐམས་ཅད་ཅེས་བྱ་བའི་དབང་དུ་བྱས་པ་སྟེ་འདིར་མ་སྨོས་ཀྱང་ཤེས་པར་

བྱའོ། །ཡང་ན་སྔར་བཤད་པའི་ཐམས་ཅད་ཀྱི་སྒྲས་ནི་སྡིག་པ་མཐའ་དག་ཡོངས་སུ་གཟུང་ལ་ལྷག་མས་ནི་དེའི་གཉེན་པོར་གྱུར་པའི་དགེ་བ་མཐའ་དག་སྟོན་པ་ཡིན་ཏེ། ཡང་ཐམས་ཅད་ཀྱི་སྒྲ་ནི་མི་གཟུང་ངོ་། །དེ་ལ་ལུས་ལ་སོགས་པ་ཐམས་ཅད་ཀྱི་དབྱེ་བས་མཚོན་པར་བྱེད་

པ་ནི་ཕུན་སུམ་ཚོགས་པ་དང་ལྡན་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་ན་ཕུན་སུམ་ཚོགས་པ་ནི་ཉེ་བར་སྒྲུབ་པར་བྱེད་པ་ཉིད་དོ། །དེ་ཡང་ངེས་པར་བྱ་བ་ཡིན་ཏེ། འབྲས་བུ་ཡིད་དུ་འོང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པའི་

ཕྱིར། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་སྟེ། རང་གི་སེམས་གདུལ་བ་མེད་པར་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་མེད་པར་འགྱུར་རོ། །ཚུལ་ཁྲིམས་ནི་སེམས་ཞི་བ་མ་གཏོགས་པར་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་འདིས་ནི་ཚུལ་ཁྲིམས་

เล่ม ๑๔๙ · หน้า 108b

དག་པའི་རྒྱུ་བསྟན་ཏེ། སེམས་དུལ་བ་སྔོན་དུ་འགྲོ་བས་ནི་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །འདིས་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་སྔར་བསྟན་པའི་གསུམ་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱང་རིམ་པ་འདིས་སྟོན་པ་ཡིན་ཏེ། གང་གི་ཕྱིར་ངན་

འགྲོ་ཡོངས་སུ་སྤང་བར་བྱ་བ་སྟེ། དེའི་ཐབས་སྡིག་པ་ཐམས་ཅད་མི་བྱའོ། །བདེ་འགྲོ་དང་མྱ་ངན་ལས་འདས་པ་བླང་བར་བྱ་བ་ཡིན་ཏེ། དེའི་ཐབས་དགེ་བ་བྱ་བ་དང་། སེམས་གདུལ་བ་སྟེ་གོ་རིམས་བཞིན་དུ་སྤང་བ་དང་། བླང་བ་དེའི་ཐབས་བསྟན་པའི་ཕྱིར་རོ། །ཡང་ན་

འདུལ་བ་དང་མདོ་སྡེ་དང་མངོན་པའི་ཆོས་མདོར་བསྡུས་པ་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །དགེ་བ་ཕུན་སུམ་ཚོགས་པར་བྱ་བའི་ཐབས་ཀྱི་རྣམ་པ་བསྟན་པའི་ཕྱིར་སྦྱིན་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཙུན་ད་ཞེས་བྱ་བའི་མགར་བའི་བུ་ལྕགས་མགར་ཞིག་

གི་གདུ་བུ་མཆན་ཁུང་བཅུག་པའི་དགེ་སློང་སྡིག་པ་ཅན་མཐོང་ནས་དེ་ལ་བསྟན་པ། དགེ་སྦྱོང་ནི་རྣམ་པ་བཞི་སྟེ། ལྔ་པ་ནི་མེད་དོ་ཞེས་བྱ་བ་ནས་ཇི་སྲིད་དུ་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པས་ཞེས་བྱ་བ་ཞིང་བཟང་པོ་ལ་ཟས་ལ་སོགས་པའི་སྦྱིན་

པ་བཏང་བས་སྦྱིན་པའི་གང་ཟག་གི་བསོད་ནམས་ནི་རབ་ཏུ་འཕེལ་ཞེས་བྱ་བ་ཡིན་ཏེ། ལེགས་པར་སྤྱོད་པ་ལ་སོགས་པར་འགྱུར་ཞིང་རྒྱུན་འཕེལ་ཏེ། ཇི་སྲིད་འཚོའི་བར་དུ་སྡོམ་པ་དང་སྡོམ་པ་མ་ཡིན་པ་འཕེལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །རྟག་ཏུ་མངོན་པར་

འཕེལ་བ་ནི་བསོད་ནམས་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །འདི་ལྟར་ཁྱེད་ཅག་གིས་ཕུལ་བའི་བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པའི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ཡིན་ཡང་ཁྱེད་ཀྱི་བསོད་ནམས་ནི་འཕེལ་བ་ཉིད་དེ་སྡིག་པ་ནི་མ་ཡིན་ནོ་ཞེས་

བསྟན་ཏོ། །སྡིག་པ་ཅན་གྱི་དགེ་སློང་གི་དབང་དུ་བྱས་ནས། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་ཀྱིས་ནི་གང་གི་དགྲ་ཡང་སོགས་པར་མི་འགྱུར་ཏེ། གཞན་ལ་གནོད་པ་དང་གདུང་བ་མི་བྱེད་ཅིང་དགེ་སྦྱོང་དུ་བྱེད་པ་

เล่ม ๑๔๙ · หน้า 109a

དང་ལྡན་པའི་ཕྱིར་རོ། །ཡང་ན་ལེགས་བསྡམས་ནི་བཟོད་པ་སྟེ། བཟོད་པ་དཀའ་ཐུབ་དམ་པ་ཞེས་བསྟན་པའི་ཕྱིར་རོ། །དེས་ན་དགྲ་དེ་ཁོན་དུ་འཛིན་པར་མི་འགྱུར་རོ། །བདག་ཉིད་ཀྱི་དབང་དུ་བྱས་ནས་དགེ་བ་ཞེས་བྱ་བ་སྨོས་ཏེ། བཅོམ་

ལྡན་འདས་བསོད་ནམས་ཁྱད་པར་ཅན་དང་ལྡན་པས་དགེ་བ་སྟེ། དེ་ཡང་སྡིག་པའི་ཡོ་བྱད་འཁོར་བ་སྤོང་བའོ། །ཉོན་མོངས་པ་ཟད་ཀྱང་མྱ་ངན་ལས་འདས་པར་འགྱུར་ཏེ། གུང་ཐུན་ལ་མྱ་ངན་ལས་འདས་པར་སྟོན་ཏོ། །ཡང་ན་སྔ་མ་གཉིས་ཀྱིས་ནི་སྦྱིན་བ་དང་ཚུལ་

ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་ཏོ། །འདིས་ནི་བསྒོམས་པ་ལས་བྱུང་བ་ཡིན་ཏེ། ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་ཡིན་པ་དང་། ཚད་མེད་པའི་བསོད་ནམས་འཐོབ་པ་ཡིན་ཏེ། དེ་ལྟར་གྱུར་པའི་ཕྱིར་སྡིག་པ་ཅན་གྱི་འདོད་པའི་

ཁམས་ཡོངས་སུ་གཏོང་བ་ཡིན་ནོ། །ཉོན་མོངས་པ་ཟད་པས་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་མྱ་ངན་ལས་འདས་པ་འཐོབ་པ་ཡིན་ནོ། །ཡང་ན་མཐོང་བའི་ལམ་མངོན་དུ་བྱས་པའི་དགེ་བའོ། །སྡིག་པ་ནི་ངན་སོང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྲིད་པའི་

འབྲས་བུའི་ལེགས་པར་སྤྱོད་པ་བསྟན་ནས་མྱ་ངན་ལས་འདས་པའི་འབྲས་བུ་བསྟན་པའི་ཕྱིར། ཉོན་མོངས་ཟད་པས་མྱ་ངན་འདའ། །ཞེས་བྱ་སྟེ་ཐར་པ་ཡང་ཉོན་མོངས་པ་སྤངས་པས་འཐོབ་པ་ཡིན་ནོ། །ཡང་ན་འདིས་ནི་བསྒོམ་པའི་ལམ་བསྟན་ཏོ། །གང་ཟག་རྣམ་པ་བཞི་

ཕན་ཡོན་དང་འབྲས་བུ་ལ་བཞག་པའི་ཕྱིར་བསྟན་པ་ནི་ཁྱིམ་པ་རྣམས་ཀྱི་ནི་སྦྱིན་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནི་ཚུལ་ཁྲིམས་སོ། །སོ་སོའི་སྐྱེ་བོ་ནི་ངེས་པར་འབྱེད་པའི་ཆ་བཟོད་པ་འཐོབ་པའོ། །སློབ་པ་ནི་ཉོན་མོངས་པ་སྤོང་བའོ། །གྲོགས་དང་ལྷན་ཅིག་མ་ཡིན་པར་ནི་

སྦྱིན་པ་ལ་སོགས་པ་འདི་དག་བསྒྲུབ་པར་མི་ནུས་ཏེ། དེས་ན་དེ་ཉིད་ལ་གཟུད་པའི་ཕྱིར་མཁས་དང་འདྲེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་ལས་བུ་སྐྱེས་ཏེ་དེ་སྐྱེས་མ་ཐག་ཏུ་ངུ་བར་གྱུར་ལ། དགེ་སློང་མཐོང་ན་ནི་ངུ་བར་མི་བྱེད་དོ། །དེ་བཅོམ་

เล่ม ๑๔๙ · หน้า 109b

ལྡན་འདས་ཀྱིས་གསན་ཏེ་བཀའ་སྩལ་པ། དེ་ནི་སྲིད་པ་ཐ་མ་པ་ཡིན་ཏེ། སྐྱེ་བོ་ངན་པ་དང་ལྷན་ཅིག་མི་དགའོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ལྷན་ཅིག་སྤྱོད་དང་ཞེས་བྱ་བ་ནི་ལྷན་ཅིག་གནས་པའོ། །དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་རིལ་

པོ་ཡིན་ནོ་ཞེས་མདོ་ལས་གསུངས་པའི་ཕྱིར་དང་། དམ་པ་དང་གནས་པར་གྱུར་པ་ནི་དམ་པ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཡོན་ཏན་རྫོགས་པར་ཡོད་གྱུར་ཀྱང་། །སྡིག་པ་ཅན་དང་གནས་མི་བྱ། །གཅིག་པུར་འདུག་པ་ཆེས་རུང་གི །སྡིག་པ་ཅན་དང་

འགྲོགས་མི་བྱ། །ཞེས་པའི་ཚིག་གིས་སོ། །ཡོན་ཏན་འདྲེན་མ་དང་ལྡན་པའི་གང་ཟག་དང་སྒྲུབ་པ་ནི་ཕྱིས་དེ་དང་མཐུན་པའི་དཔེས་བསྟན་ཏོ། །གཅིག་པུ་གནས་ཀྱང་རུང་ཞེས་བྱ་བ་ནི་དམ་པ་མེད་ན་ཁ་ཅིག་ཏུ་གཅིག་པུ་གནས་པར་བྱ་སྟེ། ལྕི་ཐུན་གྱི་གཏམ་རྒྱུད་ཀྱང་

འདིར་བརྗོད་པར་བྱའོ། །གཅིག་ཏུ་ཆོས་རྣམ་པར་དག་པའི་གྲོགས་མ་རྙེད་ན་ཡོན་ཏན་དང་འདྲེས་པ་དང་ལྷན་ཅིག་གནས་པ་ལ་མཁས་པས་ཁྱད་པར་ཉིད་བསྐྱེད་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདྲེ་དང་བྱིས་པའི་སྐྱེ་བོ་དང་། །ཞེས་བྱ་བ་སྟེ། གང་གི་

ཕྱིར་བྱིས་པ་ནི་ཉེས་པར་སྤྱོད་པ་ལ་གཅིག་ཏུ་སེམས་པའོ། །འདྲེས་པའི་བྱ་བ་ཡོད་པའི་བྱིས་པ་ནི་བློ་བར་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ། སྡིག་པ་སྤྱོད་ན་བརྩེ་མེད་སྐྱེ་བོ་ཐ་མ་ཡིན། །ཕོངས་པར་གྱུར་ནའང་བརྩེ་བཅས་བློ་གྲོས་འབྲིང་། །སྲོག་བྲལ་དམ་པའི་

སྐྱེ་བོ་སྤྱོད་མི་འདོར། །རྒྱ་མཚོའི་དུས་རླབས་ཡོལ་བར་མི་འགྱུར་བཞིན། །ཞེས་སོ། །འདྲེས་པའི་གང་ཟག་དང་འབྲེལ་པས་ནི་ཡོན་ཏན་དང་སྐྱོན་གཉིས་དང་ལྡན་པར་འགྱུར་རོ། །གང་ཟག་ཇི་ལྟ་བུ་དང་ལྷན་ཅིག་བསྟེན་ན་ཁྱད་པར་ཐོབ་པར་འགྱུར་ཞེ་ན། མཁས་དང་

ཞེས་བྱ་བ་སྟེ། དམ་པའི་ཆོས་བསྟན་པ་དང་མཉན་པའི་དོན་གྱི་དེ་བཞིན་ཉིད་རིག་པའོ། མཁས་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་ཡང་དག་པར་འབད་པས་མཚོན་པ་ཡིན་ཏེ། འདི་ལྟར་མཁས་པ་ནི་ལེགས་པར་སྤྱོད་པས་འབྱེད་པ་ཡིན་ནོ། །ཡང་ན་སྦྱོར་བ་ལས་བྱུང་

เล่ม ๑๔๙ · หน้า 110a

བ་དང་རིགས་པས་འཐོབ་པའི་ཤེས་པ་དང་ལྡན་པའི་ཕྱིར་ཅི་རིགས་པ་བཞིན་ནོ། །ཡང་ན་ཡོན་ཏན་ལ་སོགས་པ་ཉེས་པ་སྤོང་བའི་ཐབས་ཤེས་པའི་ཕྱིར་རོ། །ཇི་ལྟ་བུར་འདྲེས་པའི་ཚུལ་དང་ལྷན་ཅིག་སྟེན་པ་ན་སྡིག་པ་སྤོང་ལ་ཡོན་ཏན་ལེན་པ་ཡིན་

ཞེ་ན། དང་བས་ཞེས་བྱ་བ་སྟེ། ཇི་ལྟར་དེ་འོ་མ་འཐུང་བར་བྱེད་པ་བཞིན་ནོ། །དེ་འོ་མ་འཐུང་བ་ནི་འོ་མ་དང་འདྲེས་པའི་ཆུ་ལས་འོ་མ་ལེན་ཅིང་ཆུ་སྤོང་ངོ་། །དེ་བཞིན་དུ་མཁས་པ་ཡང་སྡིག་པ་སྤོང་བ་ཡིན་ནོ། །ཁྱིམ་བདག་གི་བུ་དེ་ཆེར་སྐྱེས་པ་དང་རང་གི་ཁྱིམ་མཐོང་

བ་ལས་མངོན་པར་དགའ་བ་མ་སྐྱེས་ཏེ། ཤིན་ཏུ་དཀའ་བ་ཆེན་པོས་རབ་ཏུ་བྱུང་བ་ལས་བརྩམས་ཏེ་བཤད་པ། འཇིག་རྟེན་ཉེས་དམིགས་མཐོང་བ་དང་། །ཞེས་བྱ་བ་ཡིན་ཏེ། འཁོར་བའི་སྐྱོན་ན་བ་དང་རྒ་བ་དང་སྡིག་པ་སོགས་པ་མཐོང་བའི་ཕྱིར་རོ། །འདིས་

ཚོགས་ཀྱི་ལམ་བསྟན་ནས་མཐོང་བའི་ལམ་བསྟན་པའི་ཕྱིར། འགོག་པར་འགྱུར་བའི་ཆོས་མཐོང་བ། །ཞེས་བྱ་བ་སྨོས་ཏེ། དེས་སྐྱོ་བར་གྱུར་པའི་ཕྱིར། དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པ་ལ་བརྟེན་ནས། ཟག་པ་མེད་པའི་ལམ་རྟོགས་པའི་ཕྱིར་ཏེ།

འགོག་པ་ནི་ཟག་པ་མེད་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །མཐོང་བས་ཞེས་བྱ་བ་ནི་བདེན་པ་མཐོང་བ་སྐྱེས་སོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་བཞིན་དུ་དེ་བསྒོམ་པའི་ལམ་ལ་གནས་ནས་ནི། འཕགས་པ་སྡིག་ལ་དགའ་མི་བྱེད། །ཅེས་བྱ་བ་ཉོན་མོངས་པའི་ས་ལ་ནི་

མཁས་པ་དགའ་བས་ནི་མི་འཇུག་གོ། །ཡང་ན་འཕགས་པའི་བདེན་པ་མཐོང་བས་ནི་འཕགས་པ་ཉིད་དུ་འགྱུར་ལ། དེ་ནི་ཉེས་པ་སྤྱོད་པ་ལ་མི་དགའ་སྟེ། མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། །འདིས་ནི་བསྒོམ་པའི་ལམ་བསྟན་ཏོ། །སྡིག་ཅན་དགེ་ལ་དགའ་མི་འགྱུར། །

ཞེས་བྱ་བ་ནི་སྐྱེ་བོ་ངན་པ་ནི་གཏི་མུག་ཅིང་རྨོངས་པའི་ཕྱིར་ལམ་བསྒོམ་པ་ལ་མི་དགའ་སྟེ། ཐར་པས་འཇིགས་པའི་ཕྱིར། ཡང་ན་ལེགས་པར་སྤྱོད་པ་ལ་མི་དགའ་བའོ། །དེ་གཅིག་པུ་དབེན་པ་དང་བག་ཡོད་པར་བྱས་པས་ཇི་ཙམ་ན་དགྲ་བཅོམ་པར་གྱུར་ཏེ། རྣམ་པར་གྲོལ་

เล่ม ๑๔๙ · หน้า 110b

བའི་བདེ་བ་སོ་སོར་མྱོང་བ་ལས་བརྩམས་ནས། རབ་ཏུ་དབེན་པའི་རོ་ཤེས་པ། །ཞེས་བྱ་བ་སྨོས་ཏེ། ཁྱད་པར་དུ་དབེན་པ་ཡིན་པས་རབ་ཏུ་དབེན་པ་སྟེ། དེ་བཞིན་ཉིད་ཀྱིས་ཤེས་པ་ཞེས་བྱ་བའི་དོན་ཏེ། །དེའི་རོའི་ཁྱད་པར་ནི་ཕན་འདོགས་པ་ཉིད་དུ་ཤེས་པའི་ཕྱིར་རོ། །དེའི་

ཕྱིར་འཇིག་རྟེན་པའི་ཤེས་པའི་མཐུས་ནི་ངན་སོང་ལས་ལྡོག་པ་ཡིན་ཏེ། བཟོད་སྟོབས་ངན་སོང་ཡོང་མི་འགྲོ། །ཞེས་བྱ་བའི་ཚིག་གིས་སོ། །མཐོང་བའི་ལམ་གྱི་མཐུས་ཀྱང་ཇི་སྐད་དུ་བཤད་པ། དགེ་སློང་འདིའི་དམྱལ་བ་ཟད་དོ། །ཞེས་བྱ་བ་ལ་སོགས་པའོ། །བསྒོམ་

པའི་ལམ་གྱི་མཐུས་ནི་སྡུག་བསྔལ་ཐམས་ཅད་ལས་ལྡོག་པ་ཡིན་ཏེ། དེ་དང་ལྡན་ན་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱིར་རོ། །ཡང་ན་རབ་ཏུ་དབེན་པ་ནི་ལུས་དང་སེམས་དབེན་པས་དེ་ནི་ཞི་གནས་ཐོབ་པ་སྟེ། མདོ་ལས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་

ཅེས་བྱ་བ་བསྟན་པས་སོ། །གང་གི་ཕྱིར་རྡོ་རྗེས་ནི་བྲག་ཀྱང་འབིགས་པར་བྱེད་པ་ཡིན་ལ། ཏིང་ངེ་འཛིན་གྱིས་ཀྱང་ཉོན་མོངས་ལ་འཇོམས་པར་བྱེད་པ་ཡིན་པས་ཆོས་མཐུན་ནོ། །ལེགས་པར་ཉེར་ཞི་ཞེས་པ་ནི་ཀུན་དུ་འཁྲུགས་པ་ཉེ་བར་ཞི་བ་ནི་ལེགས་པར་ཉེར་ཞི་སྟེ་ཞི་

གནས་སོ། །དེའི་རོ་ཤེས་པ་ནི་དེའི་རོ་སྟེ་དེ་བཞིན་ཉིད་ཤེས་པའོ། །ཇི་སྐད་དུ་བཤད་པ། བསམ་གཏན་མེད་པར་ནི་ཤེས་རབ་མེད་ལ། ཤེས་རབ་མེད་པར་ནི་ཏིང་ངེ་འཛིན་མེད་དོ་ཞེས་སོ། །གང་གི་ཚེ་དེ་གཉིས་ཀྱི་རོའི་ཁྱད་པར་མཐོང་བ་དེའི་ཚེའི་ཕན་ཡོན་བསྟན་པའི་

ཕྱིར་སྨྲས་པ། རིམས་ནད་མེད་ཅིང་ཞེས་བྱ་བ་སྨོས་ཏེ། གཏན་དུ་གདུང་བ་དང་བྲལ་བའི་ཕྱིར་རོ། །ཉོན་མོངས་པ་སྤངས་པས་ན་དེ་ཐོབ་པ་ཉིད་དོ། །སྡིག་བྱེད་ཅེས་བྱ་བ་ནི་ཉོན་མོངས་པས་བྱས་པའི་ཡང་སྲིད་པའི་ལས་མི་ལེན་པ་སྟེ། འདིས་ནི་མཐོང་བ་དང་བསྒོམ་པའི་

ལམ་གྱི་འབྲས་བུ་བསྟེན་ཏོ། །དེ་ལྟར་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བས་གདུལ་བྱའི་དོན་དུ་དུས་ཇི་སྲིད་གནས་པ་དང་། ཅི་ཞིག་བྱེད་ནས་སྡོད་པ་ཡིན་ཞེ་ན། ཆོས་ལ་དགའ་བའི་རོ་དག་འཐུང་། །ཞེས་བྱ་བ་སྟེ། རྣམ་པར་གྲོལ་བའི་ཆོས་ལས་སྐྱེས་

เล่ม ๑๔๙ · หน้า 111a

པའི་དགའ་བའི་བདེ་བ་ཉམས་སུ་མྱོང་བའོ། །ཡང་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ལྟར་སྤྱོད་པས་ནི་ངན་སོང་གི་འཇིགས་པ་མེད་དོ་ཞེས་བསྟན་པའི་ཕྱིར། སེམས་ཀྱི་ཟག་པ་མེད་པ་དང་། །ཞེས་བྱ་བ་

ལ་སོགས་པ་སྨོས་སོ། །ཡུལ་ཡངས་པ་ཅན་ན་དབང་པོ་མ་དུལ་བ་ངན་སོང་གི་འཇིགས་པའི་དགེ་སློང་ཞིག་ལས་བརྩམས་སོ། །ཟག་པ་ནི་ཟག་པ་དང་ལྡན་པའི་སེམས་འདི་ལ་ཡོད་པ་སྟེ། དབང་པོའི་སྒོ་རྣམ་པར་མ་བསྡམས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡང་

དགེ་སློང་ཟག་པ་དང་ལྡན་པར་འགྱུར་ཞེ་ན། དབང་པོའི་སྒོ་མ་བསྡམས་པའོ་ཞེས་མདོ་ལས་གསུངས་ཏེ། ཡུལ་ཐམས་ཅད་ལ་སེམས་ཀྱི་ཟག་པ་འབྱུང་བའོ། །དེ་ལས་གཞན་ཟག་པ་མེད་པའི་སེམས་ལ་ནི་ངན་སོང་གི་འཇིགས་པ་མེད་དེ། ངན་སོང་དུ་འགྲོ་བ་དེ་

ནི་དབང་པོའི་སྒོ་མ་བསྡམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དབང་པོ་དུལ་བ་རྣམས་ནི་ངན་སོང་ལས་གྲོལ་བ་ཡིན་ནོ། །སེམས་ཀྱི་འཆིང་བས་མ་བཅོམ་ལ། །ཞེས་བྱ་བས་ནི་གང་ལ་འཆིང་བས་བཅོམ་པའི་སེམས་མེད་པ་དེ་ནི་དེ་ཉིད་དེ་གང་ཟག་གང་གི་སེམས་

འཆིང་བས་མ་བཅོམ་པ་ནི་ཀུན་དུ་འབྱར་བའི་སེམས་བཀག་པ་སྟེ་དགག་པར་བྱས་པའོ། །འཆིང་བས་བཅོམ་པས་ནི་འདོད་པ་ལ་སོགས་པར་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་ཤས་ཆེ་བ་རྣམས་ལ་ནི་དབང་པོ་རྣམ་པར་རྨོངས་པ་འབྱུང་བའི་ཕྱིར་རོ། །འདོད་པ་ལ་

སོགས་པའི་རྣམ་པར་རྟོག་པ་སྤངས་པ་ནི་ངེས་པར་འབྱུང་བ་ལ་སོགས་པ་ལ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཏེ། རྟོག་པ་ནི་གཡེང་བར་བརྟག་པའོ། །ཡང་ན་འཆིང་བའམ་སྒྲིབ་པའོ། །དགེ་དང་སྡིག་པ་རབ་སྤངས་པ། །ཞེས་བྱ་བ་དེ་ཉིད་དེ། སྡིག་པ་ཞེས་བྱ་བ་ནི་འདོད་པ་དེའི་

ཚིག་བླ་དགས་ཏེ། སྡིག་པ་རབ་ཏུ་སྤངས་པ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དགེ་བ་ནི་འདིར་མཉམ་པར་གཞག་པའི་ཁམས་ཀྱི་སྟེ། གཟུགས་དང་གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བས་དགེ་བ་རབ་ཏུ་སྤངས་པའོ། །སྡིག་པ་སྤངས་

เล่ม ๑๔๙ · หน้า 111b

པས་ནི་ངན་སོང་དུ་འགྲོ་བའི་འཇིགས་པ་མེད་ལ་བསོད་ནམས་སྤངས་པའི་ཕྱིར་ནི་བདེ་འགྲོར་སྐྱེ་བའི་འཇིགས་པ་མེད་དོ། །བདེ་འགྲོར་འགྲོ་བ་ཡང་རུང་བ་ཉིད་མ་ཡིན་པའི་ཕྱིར་ངན་འགྲོ་བཞིན་དུ་སྤང་བར་བྱའོ། །དེ་ལས་གཞན་ཡང་ཕན་པའི་དམ་པའི་སྐྱེ་བོ་བསྟེན་པ་ལས་བྱུང་བ་ཡིན་ཏེ། དེ་

བས་ན་ཁྱད་པར་འདོད་པས་ནི་ཚིག་རྩུབ་པོ་སྨྲ་ན་ཡང་ཕན་པ་སྟོན་པའི་བླ་མའི་རྗེས་སུ་འབྲང་བར་བྱ་ན། ཚིག་སྙན་པས་སྨྲ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་སྨྲས་པ། གནས་མིན་བཟློག་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་སློང་བས་སྐྱོ་ནས་རབ་

ཏུ་བྱུང་བར་གྱུར་པ་ལས་གང་གིས་ཉེ་བར་གནས་པ་དེས་བྱ་བ་མ་ཡིན་པ་དང་ཉེས་པ་ལས་ཟློག་ཅིང་བསྐུལ་ལ་འདོམས་པར་བྱེད་པ་ལས་ཇི་ཙམ་ན་ཡོངས་སུ་སྐྱོ་བར་གྱུར་ནས་ཡང་ཉམས་པ་ལས་འཇུག་པར་བྱ་བ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །དེ་ཐོས་པས་རིམ་གྱིས་

དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །གནས་མིན་ཟློག་ཅེས་བྱ་བ་ནི་སྡིག་པ་ལས་ཟློག་པར་བྱེད་པ་སྟེ། འདིས་ནི་སྙིང་རྗེ་བསྟན་ཏོ། །ལེགས་སྨྲ་དང་ཞེས་བྱ་བ་ནི་གསུང་རབ་སྟོན་པར་བྱེད་པ་སྟེ། འདིས་ནི་ལུང་དང་རྗེས་སུ་མཐུན་པར་སྟོན་པ་བསྟན་ཏོ། །ཉེས་དམིགས་སྟོན་

པར་བྱེད་པ་དང་། །ཞེས་བྱ་བ་འདིས་ནི་རིགས་པ་སྟོན་པར་བྱེད་པ་བསྟན་ཏོ། ལུང་དང་རིགས་པ་གཉིས་ཀྱིས་གང་བསྒྲུབས་པ་དེ་ནི་ཤིན་ཏུ་བརྟན་པར་འགྱུར་བ་ཡིན་ནོ། །ཡང་ན་ཕོངས་པ་ལས་བསྐུལ་བ་ཡིན་ཏེ། འདིས་ནི་དགེ་སྦྱོང་མ་ཡིན་ནོ། །འདིས་ནི་རང་བཞིན་གྱིས་ཁ་ན་མ་ཐོ་

བའོ། །འདི་ནི་བཅས་པའི་ཁ་ན་མ་ཐོ་བ་སྤྱོད་པ་ཞེས་བྱ་བ་ཡིན་ཏེ། བསླབ་པ་འདི་ལས་ཡོངས་སུ་འདའ་བར་མ་བྱེད་ཅིག་པའོ། །ཡང་ན་ཉིན་དང་དེའི་མཚན་དུ་དེའི་སྤྱོད་པ་ལ་རྣམ་པར་ལྟ་བའོ། །ཚར་གཅོད་སྨྲ་བྱེད་པ་ཞེས་བྱ་བ་ནི་གུས་པ་དང་བསྒྲིམས་པས་གདམས་

ཤིང་རྗེས་སུ་སྟོན་པར་བྱེད་པའོ། །འདི་ལ་སྨྲ་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ནི་སྨྲ་བྱེད་པའོ། །གདམས་པར་བྱེད་པ་དང་རྗེས་སུ་སྟེན་པར་བྱེད་པ་ལ་ཕྱག་འཚལ་ཞིང་ཡང་དག་པར་སྤྱོད་པ་བསྟན་པ་ནི་འདིར་གདམས་པ་དང་རྗེས་སུ་བསྟན་པ་ཞེས་བྱ་བའི་དོན་ཏོ། །

เล่ม ๑๔๙ · หน้า 112a

ཡང་ན་སྡིག་པས་སྟོན་པར་བྱེད་ཅིང་གནས་པས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་ཁྱད་པར་ཡོངས་སུ་མི་ཤེས་པའི་ཕྱིར་དང་། དུས་མ་ཡིན་པ་དང་རྗེས་སུ་མཐུན་པར་བྱེད་པ་ཡིན་ནོ་ཞེས་རྟོགས་པ་ལ། མཁས་པ་ཞེས་བྱ་བ་སྨོས་ཏེ། དུས་དང་

སྣོད་ལ་སོགས་པའི་ཁྱད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡོན་ཏན་དང་སྐྱོན་གྱི་ཁྱད་པར་ཤེས་པའི་ཕྱིར། ཡོངས་སུ་བཟུང་བ་དང་ཆད་བའི་དུས་ལ་སོགས་པ་ཡང་དག་པར་ཤེས་པའི་ཕྱིར་རོ། །དེ་ལྟ་བུ་ནི་སེམས་ཅན་དེ་ལྟ་བུའོ། །རྗེས་སུ་འབྲང་བར་བྱ་བ་དང་

གནས་པར་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་དག་ཅེས་བྱ་བ་སྨོས་ཏེ། སྐྱེ་བོ་དམ་པའོ། །བསྟེན་བྱས་ན་ཞེས་བྱ་བ་ནི་གང་ཟག་བསྟེན་པས་སོ། །ལེགས་པར་འགྱུར་ཞེས་བྱ་བ་ནི་ཡོན་ཏན་སོགས་པར་འགྱུར་བའོ། །སྡིག་མི་འགྱུར་ཞེས་བྱ་བ་ནི་ཉེས་པར་མི་འགྱུར་བའོ། །

ཡོན་ཏན་ལ་བསྟེན་པ་ཉིད་ཀྱིས་ནི་སྡིག་པ་སེལ་བར་འགྱུར་གྱི། དཀའ་ཐུབ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེ་བར་ཞི་ཞིང་ཞེས་བྱ་བ་ལ་སོགས་པའོ། །རི་གངས་ཅན་ན་དཀའ་ཐུབ་མཆོག་ཏུ་བྱེད་ཅིང་སྡིག་པ་ཟད་པར་བྱ་བའི་ཕྱིར་དྲང་སྲོང་རྒན་པོ་

དག་དཀའ་ཐུབ་བྱེད་པ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིས་ནི་སྡིག་པ་ཟད་པ་མ་ཡིན་ནོ་ཞེས་ནས་འདི་གསུངས་སོ། །ཞི་བ་ཞེས་བྱ་བ་ནི་སེམས་དབེན་བའི་ཕྱིར་རོ། །རབ་ཏུ་ཞི་བ་ནི་ལུས་དབེན་པའི་ཕྱིར་རོ། །དལ་བུས་སྨྲ་བ་ཞེས་བྱ་བ་

ནི་ངག་ལེགས་པར་བསྡམས་པ་ཡིན་པའི་ཕྱིར་རོ། །ཁེངས་མེད་པ་ཞེས་བྱ་བ་ནི་སྨྲ་བས་ཁྱད་པར་དུ་ཡིད་ཡོངས་སུ་འཕྱར་བ་མེད་པའི་ཕྱིར་རོ། །ཡང་ན་ཉེ་བར་ཞི་བ་ནི་ཡིད་ཀྱིས་ཉེས་བར་སྤྱོད་པ་སྤངས་པའི་ཕྱིར་རོ། །རབ་ཞི་ཞེས་བྱ་བ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་

སྤངས་པས་སོ། །དེའི་རྩ་བ་ནི་བསྟན་པ་ཡིན་ཏེ། གཡོ་བ་མེད་པས་དགེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཁེངས་པ་མེད་པའོ། །ཡང་ན་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་ཉེ་བར་ཞི་བ་དང་ལྡན་པའོ། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །ཞེས་བྱ་བ་ནི་མངོན་པར་མི་འདོད་

เล่ม ๑๔๙ · หน้า 112b

པའི་དངོས་པོ་སྤོང་བའམ། འཁོར་བ་པའི་ཉེས་པར་སྤྱོད་པ་སྤོང་བའོ། །འདིར་དཔེ་བསྟན་པའི་ཕྱིར། རླུང་གིས་ལྗོན་ཤིང་ལོ་མ་བཞིན། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ཤིང་གི་འདབ་མ་རླུང་གི་ཤུགས་དྲག་པོས་ཀུན་དུ་སྤྲུགས་པ་བཞིན་དུའོ། །སྡིག་པ་ཐམས་ཅད་དང་བྲལ་

བའི་གང་ཟག་ལ་ནི་གང་སྐྱོན་བརྗོད་པ་དེ་དང་དེ་བདག་ཉིད་ལ་མི་འདོད་པའི་འབྲས་བུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བ་ར་དྷྭ་ཛ་དམོད་པ་པས་བཅོམ་ལྡན་འདས་ལ་མངོན་སུམ་དུ་སྡིག་པ་ཅན་གྱི་ཚིག་གིས་གཤེ་སྟེ། སྙིམ་

པ་གང་གི་སས་བཅོམ་ལྡན་འདས་ལ་གཏོར་བ་དང་། རྫི་ཕྱོགས་ཀྱི་རླུང་གིས་དེ་ཉིད་ལ་བབས་ཏེ། དེས་ན་འདི་གསུངས་སོ། །གཞན་དག་ནི་ཀོ་ཀ་ཞེས་བྱ་བའི་རྔོན་པ་ལས་བརྩམས་སོ་ཞེས་ཟེར་རོ། །གང་ཞིག་ཅེས་བྱ་བ་ནི་ཁྱིམ་པའམ་རབ་ཏུ་བྱུང་བ་གང་དག་གོ། །རབ་ཏུ་

སྡང་མེད་མི་ཞེས་བྱ་བ་ནི་ཞེ་སྡང་གིས་མ་ཉམས་པའི་ཡིད་ཡོད་པ་སྟེ་སེམས་ཅན་ལ་བྱམས་པའི་སེམས་ཡོད་པའོ། །ཁྲོ་བྱེད་པ་ཞེས་བྱ་བ་ནི་ཞེ་སྡང་གིས་གནོད་པ་ཞེས་པ་ལ་འཇུག་པའོ། །དག་པ་ནི་གཙང་སྦྲ་དང་ལྡན་པའི་ཕྱིར་རོ། །དག་པ་ཡང་རྣམ་པ་ཐམས་ཅད་དུ་ལེགས་པར་སྤྱོད་

པ་སྟེ། དེ་ཡང་ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་གསུམ་དང་ལྡན་པའི་ཕྱིར་རོ། །སྐྱེས་བུ་ནི་ལམ་བསྒོམ་པས་རྒྱུད་སྐྱེད་པའོ། །ལམ་གྱི་འབྲས་བུ་བསྟན་པའི་ཕྱིར། ཉོན་མོངས་མེད་ཅེས་བྱ་བ་སྟེ། ཉོན་མོངས་པ་དང་བྲལ་བའོ། །ཡང་ན་ཨང་ག་ཞེས་བྱ་བ་ནི་དགོས་

པ་དང་ལམ་དང་ལམ་གྱི་ཚོགས་ཏེ། དེ་གང་དུ་ཉམས་པ་ཡོད་པ་དེ་ནི་ཡན་ལག་སྟེ། འདོད་ཆགས་ལ་སོགས་པའོ། །གང་ལ་ཡན་ལག་དེ་མེད་པ་དེ་ནི་ཡན་ལག་མེད་པའོ། །ཡང་ན་ཁྱིམ་དུ་འཇུག་པའི་འཁོར་ས་ནི་འཇིག་རྟེན་ན་རབ་ཏུ་གྲགས་པ་སྟེ། འགྲོ་བ་ལྔའི་ཁྱིམ་དུ་འཇུག་

པའི་ངན་སོང་ཡང་ཉོན་མོངས་པ་ཡིན་ཏེ། ཉོན་མོངས་པའི་རྣམ་གྲངས་ནི་ཨང་ག་ན་ཞེས་བྱ་བའི་སྒྲ་ཡིན་པའི་ཕྱིར་རོ། །ཕྱིར་ཞེས་བྱ་བ་ནི་སླར་འོང་བའོ། །སྡིག་པ་ནི་ཚིག་ངན་པ་ལ་སོགས་པའི་ཚུལ་གྱིས་ཉེས་པར་སྤྱོད་པ་སྟེ། མི་སྡུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་

เล่ม ๑๔๙ · หน้า 113a

གི་ཕྱིར་ཞིང་ཁྱད་པར་ཅན་ལ་གནོད་པ་ཆེན་པོ་བྱེད་པས་འདི་བསྟན་པ་ཡིན་ནོ། །སྡིག་པ་ཞེས་བྱ་བ་བསྟན་པ་ལ་བྱིས་པ་དེ་ལ་ཞེས་བྱ་བ་ཡིན་ཏེ། ཚིག་ངན་པ་སྨྲ་བར་བྱེད་པའོ། །ཆོས་མཐུན་པའི་དཔེ་བསྟན་པའི་ཕྱིར། རྡུལ་རྣམས་ཞེས་བྱ་བ་སྨོས་ཏེ།

སེམས་ཅན་དུ་མའི་རྐང་པས་བཅེར་ཞིང་ཕྱེ་མར་བྱས་པའི་ཤིན་ཏུ་ཕྲ་བའི་རྡུལ་རྣམས་སོ། །རྫི་ཕྱོགས་ཞེས་བྱ་བ་ནི་རླུང་མངོན་དུ་ཕྱོགས་པའོ། །གཏོར་བ་བཞིན་ཞེས་བྱ་བ་ནི་གཏོར་བར་བྱེད་པ་ཉིད་ལ་སླར་འབབ་པ་དེ་བཞིན་དུའོ། །ཅིའི་ཕྱིར་བྱེད་པ་པོ་ཉིད་ལ་སྡིག་པ་འགོ་བར་

འགྱུར་ཞེ་ན། སྨྲས་པ། འདི་ལྟར་དགེ་བ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཆོས་ཉིད་ཀྱི་རིགས་པ་བསྟན་པ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷ་སྦྱིན་གཉིས་ཤཱཀྱའི་རིགས་ལས་བྱུང་ངོ་། །དེ་ལས་བདག་ཉིད་ཆེན་པོ་ཀུན་དགའ་བོ་ནི་ཆོས་འཛིན་ཅིང་

བཅོམ་ལྡན་འདས་ཀྱི་ཉེ་གནས་སུ་གྱུར་ཏོ། །བདག་ཉིད་ཆེན་པོ་ལྷ་སྦྱིན་ནི་སྡིག་པ་བྱས་པས་མནར་མེད་པར་སྐྱེས་ཏེ། དེའི་ལུས་ལ་ཤར་ཕྱོགས་ནས་མདའ་བོ་ཆེ་སྟོང་ཕྲག་བརྒྱད་ཅུ་དང་། མཚོན་བྱིན་ཌི་པ་ལ་སྟོང་ཕྲག་བརྒྱད་ཅུ་དང་། ཐོ་བ་སྟོང་ཕྲག་བརྒྱད་ཅུ་དང་། མདའ་

སྟོང་ཕྲག་བརྒྱད་ཅུ་དེའི་ལུས་ལ་འབབ་ཅིང་འོང་སྟེ། དེ་བཞིན་དུ་ཕྱོགས་གཞན་དག་ནས་ཀྱང་འབབ་པར་གྱུར་ཏེ། དེ་ནས་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། གང་དང་གང་ཞེས་བཟླས་པ་ནི་དགེ་བའམ་སྡིག་པ་ལས་རབ་ཏུ་སྒྲུབ་པ་སྟེ། འོག་ནས་འབྱུང་

བ་མ་ཡིན་པར་རྟོགས་པའོ། །ཡང་ན་ལེགས་པར་སྤྱོད་པའོ། །མི་ཡིས་གང་དང་གང་བྱས་པ། །ཞེས་བྱ་བ་ནི་བྱེད་པ་སྟེ། དེ་རང་གིས་མྱོང་བར་འགྱུར་ཞེས་བྱ་བ་རང་གི་རྒྱུད་ལ་འདོད་པ་དང་མི་འདོད་པའི་འབྲས་བུ་སྦྱིན་ལ་མཐོང་ཞིང་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །གང་

གི་ཚེ་ཇི་ལྟར་ཞེ་ན། དགེ་བ་བྱེད་པས་དགེ་བ་དང་། །ཞེས་བྱ་བ་ལ་ལེགས་པར་སྤྱད་པ་སྤྱོད་པས་ནི་ཡིད་དུ་འོང་བའི་འབྲས་བུ་མཐོང་བར་འགྱུར་རོ། །སྡིག་པ་བྱེད་པས་ནི་མི་འདོད་པའི་འབྲས་བུ་མྱོང་བར་འགྱུར་བའོ། །གཞན་གྱིས་བྱས་པའི་དགེ་བ་དང་སྡིག་པས་ནི་བདག་

เล่ม ๑๔๙ · หน้า 113b

ལ་དགེ་བ་དང་སྡིག་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་གིས་སྡིག་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་ཅུ་ཎ་ཌ་ཀ་ལ་ཞེས་བྱ་བའི་དགེ་བསྙེན་གཞན་གྱི་བུད་མེད་ལ་རབ་ཏུ་ཆགས་པ་ལས་ཆད་པ་བྱས་པ་དང་། དེའི་གྲོགས་པོ་ཤིན་ཏུ་བསླབ་པ་འདོད་

ཅིང་བསྔགས་པ་ཞིག་ལས་བརྩམས་སོ་ཞེས་ཟེར་རོ། །བདག་ཉིད་ཀྱིས་བྱས་ཤིང་བསགས་པའི་ཉེས་པར་སྤྱོད་པ་བྱས་པར་གྱུར་པའམ། དེའི་ཕྱིར་རོ། །དེ་བདག་ཁོ་ན་ཀུན་ཉོན་མོངས། །ཞེས་བྱ་བ་ནི་སྡིག་པའི་འབྲས་བུ་གདུང་བར་བྱེད་པ་བདག་གིས་ཉམས་སུ་མྱོང་བར་

གྱུར་པ་སྟེ། འདི་ལྟར་འཇིག་རྟེན་ལ་ནི་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་ཞེས་བྱ་བའི་རིགས་པའི་ཚིག་གིས་སོ། །བདག་གིས་སྡིག་པ་མ་བྱས་ན། །ཞེས་བྱ་བ་ནི་གང་ཡང་བདག་ཉིད་ཀྱིས་ངན་པར་སྤྱོད་པ་མ་བྱས་པར་གྱུར་པའོ། །དེ་ལྟར་གྱུར་ན་དེ་ཡི་ཕྱིར། །བདག་

ཉིད་ཁོ་ན་རྣམ་པར་དག །ཅེས་བྱ་བ་སྨོས་ཏེ། རབ་ཏུ་དག་པར་བྱེད་ཅིང་བདག་ཉིད་དྲི་མ་མེད་པ་སྐྱེད་དོ། །བདག་ཉིད་ཀྱིས་བྱས་པ་ཐམས་ཅད་ནི་རྗེས་སུ་མྱོང་བ་ཡིན་གྱི། འཇིག་རྟེན་ནི་གཞན་གྱིས་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་གསལ་བར་བྱ་བའི་ཕྱིར་སྨྲས་པ། གཞན་

གྱིས་གཞན་སྦྱོང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་རྒྱུན་དུ་ཞུགས་པ་ཞིག་གི་གྲོགས་པོ་དགེ་བསྙེན་ཞིག་གིས་གསེར་བརྐུས་ཏེ། ཆད་པ་བྱས་པ་ལས་བརྩམས་སོ་ཞེས་སོ། །དག་པ་དང་མ་དག་པ་ནི་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ། །

རང་རང་བྱེད་ཅེས་བྱ་བ་ནི་བདག་ཉིད་དང་འབྲེལ་པ་དང་། བདག་ཉིད་ཀྱིས་བྱས་པའོ་ཞེས་བྱ་བའི་བར་དུའོ། །བདག་ཉིད་ཀྱིས་བྱས་པའི་ངན་པར་སྤྱོད་པས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ་ལེགས་པར་སྤྱོད་པས་ནི་རྣམ་པར་དག་པར་འགྱུར་རོ། །དེ་ལྟ་བུ་ཅིའི་ཕྱིར་

ཞེ་ན། འདི་ལྟར་གཞན་གྱིས་གཞན་སྦྱོང་མི་བྱེད་ཀྱི། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གཞན་གྱིས་ནི་དྲི་མ་མེད་པར་བྱེད་པའམ་སྦྱོང་བར་མི་བྱེད་པ་སྟེ། ཆོས་རྣམས་ནི་འཕོ་བ་མེད་པའི་ཕྱིར་རོ། །གང་གཞན་གྱིས་གཞན་སྦྱོང་བར་བྱེད་མི་ནུས་ན་ཅི་དྲི་མ་ཅན་དུའང་མི་ནུས་སམ་

เล่ม ๑๔๙ · หน้า 114a

ཞེ་ན། བདག་ཉིད་ཀྱིས་ནི་སྡིག་པ་དག །ཅེས་བྱ་བ་འདི་སྟེ་རང་གི་རྒྱུད་ཀྱིས་སྡིག་པ་བྱས་པ་ནི་བདག་ཉིད་ཀྱིས་སྡིག་པ་བྱས་པ་སྟེ་རང་གིས་བསགས་པའོ། །བསམས་བཞིན་དུ་བྱས་པ་ལ་སོགས་པས་ནི་ཉེ་བར་བསགས་པའི་མཚན་ཉིད་དུ་

གནས་པ་ཡིན་ནོ། །མངོན་དུ་འཇོམས་པར་བྱེད་ཅེས་བྱ་བ་ནི་མངོན་དུ་འཇིག་པ་དང་། ཟད་པ་དང་། གདུང་བར་བྱེད་པའོ། །བསམ་བརླག་ཅེས་བྱ་བ་ནི་བློ་ངན་པ་སྟེ་གླེན་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེས་ནོར་བུ་འབིགས་པ་བཞིན། །ཞེས་བྱ་བ་ལ། དཔེར་ན་རྡོ་རྗེ་ནི་རྡོའི་རང་

བཞིན་དང་རྡོ་ལས་བྱུང་བ་ཡིན་ཡང་ནོར་བུ་མཁན་གྱིས་རྡོའི་རང་བཞིན་དེ་ཉིད་ནོར་བུ་ལ་འབིགས་པ་དང་འཇོམས་པ་དང་ཕྱེ་མར་བྱེད་པ་བཞིན་དུ་བདག་ཉིད་སྡིག་པས་འཇོམས་སོ། །དེས་ན་དེ་ཉིད་ཀྱི་ཕྱིར་སྡིག་པ་སྤང་བར་བྱའོ་ཞེས་བསྟན་ཏེ། མིག་ལྡན་ཞེས་བྱ་བ་ལ་

སོགས་པ་འདི་དག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱི་ཉན་ཐོས་ནི་ཕལ་ཆེར་བདེ་འགྲོ་འདོད་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་དེ། དེའི་གཉེན་པོར་དང་པོར་གསུངས་པ་འདིར་ཡང་གསུངས་སོ། །གཞན་དག་ནི་དགེ་སློང་རབ་ཏུ་མང་པོ་

བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ། བཙུན་པ་བདག་ཅག་གིས་ཅི་ཞིག་ཡོངས་སུ་སྤང་བར་བགྱི་ཞེས་ཞུས་པ་དང་། དེ་ལས་བརྩམས་སོ་ཞེས་གཞན་དག་ཟེར་རོ། །མིག་ལྡན་ཞེས་བྱ་བ་ནི་གང་ལ་མིག་ཉམས་པ་མེད་པ་ཡོད་པའོ། །ཉམ་ང་ཞེས་བྱ་བ་ནི་བདག་

ཉིད་ཀྱི་ཕོངས་པའི་དངོས་པོའོ། །དེ་ལ་ནི་སྒྲོན་མ་ལ་སོགས་པས་མཐོང་བ་ཡོངས་སུ་གསལ་བྱེད་དེ། མིག་ལྡན་ཡང་སྣང་བ་མེད་ན་ཇི་ལྟར་ཉམ་ང་བ་དག་སྤོང་བར་ནུས། དེས་ན་ལམ་དུ་འགྲོ་བར་བྱེད་པ་ཡིན་ཏེ། སྣང་བ་ལ་སོགས་པ་ཡོད་པར་བྱས་པའི་རྒྱུས་འདུ་

འཕྲོད་ཡོད་པར་གྱུར་ན་ཞེས་བྱ་བའི་དོན་ཏོ། །དཔེར་ན་མིག་དང་ལྡན་པས་གཡང་ས་དང་ཚེར་མ་ལ་སོགས་པ་ཉམ་ང་བའི་གནོད་པ་མཐོང་བ་ཡིན་ནོ། །དཔེ་བསྟན་ནས་དཔེ་ཅན་བསྟན་པ་ལ་མཁས་པ་ཞེས་བྱ་བ་ནི་བློ་དང་ལྡན་པའོ། །འཚོ་བའི་འཇིག་རྟེན་ནི་མིའི་སྐྱེ་བ་པ་

เล่ม ๑๔๙ · หน้า 114b

སྟེ། ལྷ་རྣམས་ནི་རྒྱགས་པའི་སྐྱོན་དང་། ངན་སོང་དག་ཏུ་སྡུག་བསྔལ་གྱི་སྐྱོན་གྱིས་འདིའི་སེམས་མེད་པར་གྱུར་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན་འདིར་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་འབྱུང་བ་དང་། །ཡང་དག་པའི་ལྟ་བ་དང་། དབང་པོ་མ་ཚང་བ་མེད་པ་ལ་

སོགས་པའི་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་མིག་དང་ལྡན་པས་གཡང་ས་དང་ཚེར་མ་ལ་སོགས་པ་གནོད་པར་བྱེད་པ་མཐོང་བ་ཡིན་ཏེ། དེ་ལྟར་ཡ་ང་བ་མཐོང་བའི་ལམ་དེ་ཡོངས་སུ་སྤོང་བ་ཡིན་ནོ། །དེ་བཞིན་དུ་མཁས་པས་ཀྱང་སངས་

རྒྱས་འབྱུང་བ་ལ་སོགས་པས་བརྒྱན་པའི་ཕྱིར་སྐྱེས་པ་ན་སྡིག་པ་སྟེ་ངན་སོང་གི་འབྲས་བུར་འགྱུར་བའོ། །ཡོངས་སུ་སྤང་བ་ནི་ཡོངས་སུ་དོར་བའོ། །སྡིག་པ་ཅན་དང་འགྲོགས་པ་ནི་སྤང་བར་བྱའོ་ཞེས་བསྟན་པ་ནི། ནོར་ཅན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལམ་

སྒུགས་པའི་ཆོམ་རྐུན་པ་དག་ལས་བརྩམས་ཏེ། རིགས་ཀྱི་བུ་སྡིག་པ་ཡོངས་སུ་སྤང་བར་གྱིས་ཤིག །འདི་ལྟ་སྟེ། ཚོང་པས་འཇིགས་བཅས་ལམ་དང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དག་ནི་ལྷས་ཞུས་པ་ལས་གསུངས་པའི་ཚིགས་སུ་བཅད་

པ་ཡིན་ནོ་ཞེས་ཟེར་རོ། །ཚོང་པའམ་མཁས་པ་དག་འདི་ལྟར་ཡོངས་སུ་འདོར་བ་ཡིན་ཏེ། དཔེར་ན་ཚོང་པ་ནི་སེང་གེ་དང་རྐུན་པ་ལ་སོགས་པས་བསྟེན་པ་དང་། འཇིགས་པ་དང་བཅས་པའི་ལམ་སྤོང་ངོ་། །དཔེར་ན་ནོར་དཔག་ཏུ་མེད་པ་ཡོད་པའི་གང་ཟག་ནི་གྲོགས་

པོ་ཉུང་བའམ་འཁོར་ཉུང་བ་ཡོངས་སུ་སྤོང་བར་བྱེད་དེ། །འདི་ལྟར་ཉུང་བས་ནི་ནོར་གྱི་ཕུང་པོ་ཆེན་པོ་བསྐྱང་བར་མི་ནུས་སོ། །དཔེར་ན་འཚོ་བར་འདོད་པས་ནི་དུག་དང་དབྱིག་དུག་ལ་སོགས་པ་སྤོང་བར་བྱེད་དོ། །དེ་བཞིན་དུ་མཐོ་རིས་དང་ཐར་པ་འདོད་པས་ཀྱང་སྡིག་པ་ཅན་

སྤང་ངོ་། །དཔེ་རྣམ་པ་གསུམ་གྱིས་ནི་ལྡོག་པ་བསྟན་པའི་ཕྱིར་རམ། བྱང་ཆུབ་རྣམ་པ་གསུམ་གྱི་བགེགས་སྤོང་བའི་ཕྱིར་རོ། །ཡང་ངན་སོང་དང་མི་དང་ལྷ་རྣམས་ཀྱི་ལས་དང་འབྲས་བུ་སྤང་བ་བསྟན་པའི་ཕྱིར་རོ། །མ་བྱས་པ་ནི་སྡིག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་

เล่ม ๑๔๙ · หน้า 115a

ཏེ་ལག་མཐིལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་ཀ་ཀུ་ཊ་མི་ཏྲ་ཞེས་བྱ་བ་ཞིག་ཡོད་དེ། དེ་ཤིན་ཏུ་རྒས་པར་གྱུར་ནས་སྡིག་པ་ལས་ལོག་པ་དེ་ལས་བརྩམས་སོ། །གལ་ཏེ་མེད་ན་ཞེས་བྱ་བ་ནི་གལ་ཏེ་མེད་པར་གྱུར་ནའོ། །

ལག་མཐིལ་རྨ་ཞེས་བྱ་བ་ནི་ལག་པའི་མཐིལ་དུ་སྨས་པའོ། །ལག་པས་དུག་ནི་གཟུང་བྱས་ཀྱང་། །ཞེས་བྱ་བ་ནི་གང་ལག་པས་བད་ས་ན་བ་དང་། ཤྲིང་གི་དང་། ཧ་ལ་ཧ་ལ་སོགས་པའི་དུག་འཇིགས་པ་མེད་པར་བླངས་ཀྱང་གནོད་པར་མི་འགྱུར་རོ། །ཅིའི་

ཕྱིར་ཞེ་ན། འདི་ལྟར། རྨ་མེད་དུག་ནི་མི་འཇེན་པ། །ཞེས་བྱ་བས་བསྟན་ཏེ། རྨ་མེད་ན་ནི་འཇུག་ཅིང་འབྱུང་བར་མི་འགྱུར་ཏེ། །སྨད་པའི་སྡིག་པ་ལ་བརྟེན་ན་ནི་ཁྱབ་པར་འགྱུར་རོ། །དེ་བཞིན་དུ། མ་བྱས་པ་ལ་སྡིག་པ་མེད། །ཅེས་བྱ་བ་ཡིན་ཏེ། གང་གིས་

སྡིག་པ་མ་བྱས་པ་ལ་སྡིག་པ་མེད་དོ། །བྱིས་པ་ལ་ནི་སྡིག་པ་ཉིད་བྱ་བར་སླ་བ་ཡིན་ཏེ། ཐུར་བུབ་བཞིན་ནོ་ཞེས་བསྟན་པའི་ཕྱིར། །བདག་ལ་མི་ཕན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བེ་ར་དྱ་ན་སླུ་བར་བྱེད་པ་ཞེས་བྱ་བ་དང་། །དགེ་བ་ཞེས་བྱ་བའི་ཚོང་དཔོན་

གཉིས་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ། བཙུན་པ་ཅི་ཞིག་ནི་བྱ་སླ་བར་འགྱུར། ཅི་ཞིག་ནི་བྱ་དཀའ་བར་འགྱུར་ཞེས་ཞུས་པ་ལས་དེ་ལ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །བདེ་ཞིང་ཉོན་མོངས་པ་མེད་པས་བྱ་བ་ཡིན་པས་བྱ་བར་སླ་བ་སྟེ། རི་ལ་སོགས་

པ་ལས་བབས་པ་བཞིན་དུ་བསྒྲུབ་པར་སླ་བའོ། །ལེགས་པ་མ་ཡིན་ཞེས་བྱ་བ་ནི་ངན་པར་སྤྱོད་པ་དང་གཞན་ལ་གནོད་པར་བྱེད་པའི་བདག་ཉིད་དོ། །བདག་ལ་མི་ཕན་བྱ་བ་དང་། །ཞེས་བྱ་བ་ནི་བདག་ལ་གནོད་པ་ལྷག་པའི་བསམ་པ་ཉམས་པར་བྱེད་པ་ལ་སོགས་

པ་སྟེ། འདི་ནི་དགེ་བའི་རྩ་བའམ་འཕགས་པའི་ལམ་གྱི་གེགས་སུ་གྱུར་བའོ། །ཕན་འགྱུར་ཞིང་ཞེས་བྱ་བ་ཡང་བདག་ཉིད་ལ་ཕན་པ་སྟེ་བག་ཡོད་པ་ལ་སོགས་པའོ། །བདེ་འགྱུར་ཞེས་བྱ་བ་ནི་རྗེས་སུ་མཐུན་པ་སྟེ། གཞན་དག་ལ་སྦྱིན་པ་ལ་སོགས་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด