ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨུ་དཱ་ན་བརྒ་བི་བ་ར་ཎ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๙ · หน้า 115b
ལེགས་པར་སྤྱོད་པའོ། །དེ་ཞེས་བྱ་བ་ནི་དེ་ཉིད་དོ། །མཆོག་ཏུ་བྱ་བར་དཀའ་ཞེས་བྱ་བ་ནི་ཤིན་ཏུ་བསྒྲུབ་པར་དཀའ་བ་སྟེ་རིར་འཛེག་པ་བཞིན་ནོ། །གང་གིས་སླ་བ་དང་གང་གིས་དཀའ་བ་ཉིད་བསྟན་པ། དམ་པས་ལེགས་པར་བྱ་སླ་ཡི། །ཞེས་བྱ་བ་སྟེ། ལེགས་པར་
སྤྱོད་པ་སླ་བ་ནི་སྐྱེས་བུ་དམ་པ་རྣམས་སྡོད་པ་མེད་པར་ལེགས་པར་སྤྱོད་པ་ལ་མོས་ཤིང་དེ་ལ་གོམས་པའི་ཕྱིར་རོ། །དམ་པས་སྡིག་པ་བྱ་བར་དཀའ། །ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་ལ་སྐྱེས་བུ་དམ་པ་མ་ཡིན་པས་བསྒྲུབ་པར་དཀའ་བ་ཡིན་ཏེ། དེ་
བས་བཟློག་པ་ཡིན་པའི་ཕྱིར་རོ། །ངན་པས་སྡིག་པ་བྱ་བར་སླ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གསལ་ལོ། །གང་གིས་སྡིག་པ་བྱ་བར་སླ་བའི་རྒྱུ་བསྟན་པའི་ཕྱིར། །ཇི་སྲིད་སྡིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་བདག་མགོན་མེད་
ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཅིའི་སླད་དུ་སྡིག་པ་བྱེད་པ་ལ་མངོན་པར་དགའ་ཞིང་སྡིག་པའི་ལས་བགྱིད་པ་ལགས་ཞེས་ཞུས་པ་དང་། ཇི་ཙམ་ན་ཚིགས་སུ་བཅད་པ་བཞི་གསུངས་སོ། །བྱིས་པ་མངར་བར་སེམས་ཞེས་བྱ་བ་ནི་ཡིད་དུ་འོང་བར་ལྟ་
བའོ། །བྱིས་པ་ནི་བླུན་པ་སྟེ་དེ་ཅིའི་ཕྱིར་དེ་ལྟར་ལྟ་ཞེ་ན། དེའི་དུས་ལ་རེག་པའི་རྒྱུར་གྱུར་པས་སོ། །ཇི་ཙམ་གྱི་བར་དུ་ཞེ་ན། སྨྲས་པ། ཇི་སྲིད་སྡིག་པ་མ་སྨིན་པ། །ཞེས་བྱ་བ་སྟེ། ངན་པར་སྤྱོད་པ་བྱས་ཤིང་བསགས་པར་གྱུར་ཀྱང་དུས་ཇི་སྲིད་རྣམ་པར་སྨིན་པ་འབྱུང་བར་
མ་གྱུར་པ་སྟེ་མཐོང་བའི་ཆོས་སམ་འཇིག་རྟེན་ཕ་རོལ་དུའོ། །གང་ཚེ་སྡིག་པ་སྨིན་གྱུར་པ། །ཞེས་བྱ་བ་ནི་གང་གི་ཚེ་ཡང་སྡིག་པ་སྨིན་ཅིང་འབྱུང་བ་སྟེ། །དེ་ཚེ་ཞེས་བྱ་བ་དེའི་དུས་ན་བྱིས་པ་དེ་ཚར་བར་སེམས་པ་ནི་ཁ་བ་དང་ཡིད་དུ་མི་འོང་བར་རྟོགས་ཏེ་ཉམ་ཐག་པའི་ང་
རོ་འབྱིན་ཅིང་ད་ནི་བདག་ཉམས་ཤིང་ཞིག་གོ་ཞེས་ཉམ་ཐག་པའི་ང་རོ་འབྱིན་ཏོ། །རྨོངས་པ་ཉི་ཚེར་ཡང་མ་ཟད་དེ་སྡིག་པ་ཡང་བསགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་སྲིད་སྡིག་ལ་རུང་བར་ལྟ། །ཞེས་པ་སྨོས་ཏེ། རྒྱུན་དུ་སྡིག་པའི་ཆོས་དང་ལྡན་པས་སྡིག་པ་
เล่ม ๑๔๙ · หน้า 116a
མེད་པ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲས་ནི་དགེ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །ལྟ་བ་ནི་མཐོང་བའོ། །དེ་ཡང་སྔོན་གྱི་ལེགས་པར་སྤྱད་པའི་མཐུས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའོ་སྟེ། རུང་བ་ཞེས་བྱ་བ་ནི་ཡིད་ལ་བསམ་པ་གྲུབ་པའི་
ཚུལ་ཏེ་འདོད་པའི་འབྲས་བུ་ཉམས་སུ་མྱོང་བའོ། །གང་ནས་ཇི་སྲིད་དུ་མཐོང་ཞེ་ན། ཇི་སྲིད་སྡིག་པ་མ་སྨིན་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པར་སླའོ། །དེ་སྲིད་སྡིག་པ་བཟང་པོར་མཐོང་། །ཞེས་བྱ་བ་དེ་ལས་སྐྱེས་པ་མི་འདོད་པའི་འབྲས་བུ་སྟེ། བཟང་པོ་ནི་ཡོན་
ཏན་བརྒྱ་སྟོང་བསགས་པའི་བདག་ཉིད་ཀྱི་སྐྱེས་བུ་དམ་པ་ཡིན་ཡང་སྔོན་གྱི་དུས་སུ་ངན་པ་བསགས་པའི་མཐུ་ལས་སྐྱེས་པའི་སྡུག་བསྔལ་བ་ཆེན་པོ་མྱོང་བར་མངོན་པར་མི་འདོད་པ་མ་ཡིན་པར་མཐོང་ངོ་། །གང་ནས་ཇི་སྲིད་ཀྱི་བར་དུ་ཞེ་ན། ཇི་སྲིད་བཟང་པོ་མ་སྨིན་པ། །
ཞེས་བྱ་བ་ཡིན་ཏེ། དུས་ཇི་སྲིད་ཀྱི་བར་དུ་བྱས་ཤིང་བསགས་པ་སྟེ། ད་ལྟར་གྱི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་རྗེས་སུ་སྨིན་པ་སྲིད་དུའོ། །བཟང་པོ་ཞེས་བྱ་བ་ནི་བདེ་བ་སྟེ་བྷ་དི་ཞེས་བྱ་བ་དགེ་བ་དང་བདེ་བ་ཞེས་ཟེར་བས་སོ། །སྡིག་པ་ལ་མཆོག་ཏུ་བྱེད་པ་ནི་བདེ་བ་
འདོད་པས་གོམས་པར་མི་བྱའོ། །ཞེས་བསྟན་པའི་ཕྱིར། སྡིག་པ་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེགས་པ་ཞེས་བྱ་བ་ནི་རྒན་པོ་སྡིག་པ་ལས་ལྡོག་པ་མེད་པའི་དབང་དུ་མཛད་དེ་འདི་གསུངས་སོ། །ཇི་ལྟར་ཡང་བརྒྱ་ལ་མི་དགེ་བའི་བཤེས་
གཉེན་ལ་བརྟེན་པས་སྡིག་པའི་ལས་ཅུང་ཟད་མ་བྱས་ནས་སོ། །དེས་ན་འདི་ནི་གཞོན་པ་ནས་གོམས་པ་ཡིན་པས་འདི་བདག་གིས་བྱའོ་ཞེས་ལོག་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བློ་དེ་ཡང་དང་ཡང་དུ་མི་བྱའོ་ཞེས་བྱ་བ་ཡིན་ཏེ། གཞོན་པ་ནས་ལན་ཅིག་མ་ཡིན་
པར་བྱས་ཀྱང་ལན་དུ་མར་ཡང་མི་བྱའོ། །དེ་ལ་དགའ་བར་མི་བྱའོ། །ཞེས་བྱ་བ་ནི་དེ་ལ་མངོན་པར་དགའ་བ་དང་འདོད་པ་བསྐྱེད་པར་མི་བྱའོ། །འདིས་སྦྱོར་བ་རྒུད་པར་བསྟན་ནས། བསམ་པ་ཉམས་པ་བསྟན་པ། ཇི་སྐད་དུ། གང་ཞིག་དྲི་མར་བཅས་ཀྱང་དྲི་མ་
เล่ม ๑๔๙ · หน้า 116b
མེད་ཉིད་ནི། །སེམས་ནི་རབ་ཏུ་དང་བར་གྱུར་པའོ། །གང་ཞིག་དྲི་མ་མེད་པར་གྱུར་ཀྱང་ནི། །སེམས་ནི་མ་དང་གྱུར་པ་དྲི་མའོ། །ཞེས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྡུག་བསྔལ་ཞེས་བྱ་བ་སྟེ། སྡིག་པ་བསགས་པ་ནི་མི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །
སྡིག་པ་བསགས་པ་ཞེས་བྱ་བ་ནི་སྡིག་པའི་ཚོགས་བླངས་ཤིང་ཀུན་དུ་སྤྱད་པས་ཞེས་བྱ་བའི་དོན་ཏོ། །མཁས་པས་ནི་བསོད་ནམས་ལ་མཆོག་ཏུ་བྱའོ་ཞེས་བསྟན་པའི་ཕྱིར། བསོད་ནམས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལྷའི་རྒྱལ་པོ་ཞེས་བྱ་བའི་བུ་མོ་
ཇི་སྲིད་འཚོའི་བར་དུ་བསོད་ནམས་ཤིན་ཏུ་མང་པོ་བསགས་པ་ལས་བརྩམས་པ་ཡིན་ཏེ། གལ་ཏེ་མཁས་པ་དགེ་བའི་བཤེས་གཉེན་ལ་བརྟེན་པའི་དབང་གིས་བསོད་ནམས་ཤིན་ཏུ་མང་པོ་སྔར་བྱས་པར་གྱུར་ཀྱང་འདི་ལྟར་བསམ་པར་མི་བྱ་སྟེ། བདག་གིས་བསོད་
ནམས་མང་པོ་བྱས་པས་ཆོག་སྟེ། ཡང་དང་ཡང་དུ་ཇི་ཞིག་བྱ། །ཞེས་པའོ། །དེ་ཡང་བསོད་ནམས་དེ་ཉིད་ལ་ལན་དུ་མར་བྱ་ཞིང་ཆོག་པར་མི་བྱའོ། །ལྷག་མ་ནི་གོ་སླའོ། །བསོད་ནམས་དང་སྡིག་པའི་ཕན་ཡོན་དང་ཉེས་དམིགས་བསྟན་པས་བསྐུལ་བ་དང་བཟློག་
པའི་ཕྱིར། སྡིག་ལ་ཡིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་གཙུག་ཕུད་རས་གཅིག་པ་ཞེས་བྱ་བ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་སྦྱིན་པའི་སེམས་མ་སྐྱེས་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །མངོན་པར་མྱུར་ཏེ་བྱ་ཞེས་བྱ་བ་
ནི་མངོན་པར་ཁྱབ་པ་སྟེ་གུས་པ་དང་རྟག་ཏུ་སྦྱོར་བ་གཉིས་ཀྱིས་མྱུར་དུ་འཇུག་པའོ། །བསོད་ནམས་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོ་དྲི་མ་མེད་པའི་ཕྱིར་དང་ཡིད་ལ་བསམ་པ་རྫོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྡིག་པ་ལས་ནི་སེམས་ལྡོག་ཅིང་། །
ཞེས་བྱ་བ་ནི་ངན་པར་སྤྱོད་པའི་བདག་ཉིད་ལས་བཟློག་པས་ཏེ་གདུང་བར་བྱེད་པའི་ཕྱིར་རོ། །ག་ལས་ཤེ་ན། བསོད་ནམས་དལ་བུས་བྱེད་ན་ནི། །ཞེས་བྱ་བ་སྟེ། ལྷོད་པ་དང་མི་བརྩོན་པ་དང་། ཡུན་རིང་དུ་སྡོད་པ་དང་སྐབས་དང་བཅས་པར་ལེགས་པར་སྤྱོད་པ་
เล่ม ๑๔๙ · หน้า 117a
བྱེད་པའི་གང་ཟག་གོ། །སྡིག་ལ་ཡིད་ནི་མངོན་དགའ་བ། །ཞེས་བྱ་བ་ནི་སྡིག་པ་དང་ངན་པར་སྤྱོད་པ་ལ་མངོན་པར་དགའ་བ་ནི་ལྷག་པར་ཆགས་པ་སྟེ། མངོན་པར་དགའ་ཞིང་དེ་ལ་འཇུག་པ་སོ་སོ་སྐྱེ་བོའི་ཚོགས་སོ། །དཔེར་ན་ཁྱིམ་གྱི་སྒོ་མ་
བགག་ཅིང་དང་བར་བཞག་ན་ནི་ཁྱི་ལ་སོགས་པ་དོགས་པ་མེད་པར་འཇུག་པར་བྱེད་དོ། །དེ་བཞིན་དུ་དགེ་བའི་བྱ་བ་ལ་མངོན་པར་བརྩོན་པ་མེད་པར་གྱུར་ན་ནི་སྡིག་པའི་བྱ་བ་ལ་མ་དུལ་བའི་སེམས་འཇུག་པར་འགྱུར་རོ། །ཇི་ལྟར་གོམས་པ་བཞིན་དུ་འཇུག་པར་འགྱུར་ཏེ། དེ་
སྐད་དུ་བཤད་པ། དང་པོ་བརྩེ་བཅས་སེམས་ཀྱིས་ཅུང་ཟད་དགེ་བ་བྱེད། །གཉིས་པར་དོགས་བཅས་རྟོག་ཅིང་སྡིག་པ་བྱེད་པར་འགྱུར། །གསུམ་པར་དོགས་མེད་འཇིགས་བྲལ་ཅི་འདོད་སྡིག་བྱེད་དེ། །དེས་ན་སྡིག་གོམས་རྟག་ཏུ་མི་དགེ་དག་ལ་དགའ། །
ཞེས་བྱ་བའོ། །འདི་ལྟར་ཡང་གཞན་དུ་བརྗོད་པར་བྱ་སྟེ། བསོད་ནམས་མངོན་པར་མྱུར་ཏེ་བྱ། །ཆོས་མ་ཡིན་ལས་སེམས་བཟློག་བྱ། །སྡིག་པ་དལ་ལས་བྱེད་འགྱུར་ཏེ། །དགེ་བ་ལ་ནི་ཡིད་མངོན་དགའ། །ཞེས་སོ། །བསོད་ནམས་མངོན་པར་སྨྱུར་ཏེ་བྱ། །
ཞེས་བསྟན་པ་ལ། ཁྱད་པར་མེད་པར་བསྟན་ནས། ཅུང་ཟད་ཙམ་གྱིས་ཀྱང་འབྱོར་པ་དང་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྡིག་པ་ཆུང་ངུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཡུལ་ཙམ་པ་ན་གནས་པའི་ཚོང་དཔོན་རྒན་པོ་ཞིག་
བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ། ཅི་བཙུན་པ་འཇིག་རྟེན་ཕ་རོལ་དུ་སྡིག་པ་སྡུག་བསྔལ་འཐོབ་བམ་བདེ་བ་འཐོབ་ཅེས་གསོལ་པ་དང་། ཚིགས་སུ་བཅད་པ་གཉིས་གསུངས་སོ། །འཇིག་རྟེན་ཕ་རོལ་ཞེས་བྱ་བ་འདིར་ཡང་གི་སྒྲ་ནི་ཕྱིས་པར་བལྟ་བར་བྱ་སྟེ། སྐྱེ་
བ་འདི་ལས་ཡང་ངོ་། །དེའི་ཚེ་འབྲས་བུ་ཡོངས་སུ་མ་རྫོགས་པ་སྟེར་བའི་ཕྱིར་རོ། །ཆུང་ངུས་ཀྱང་ཞེས་བྱ་བ་ལ་ཀྱང་གིས་སྒྲ་ནི་སྡིག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །བྱ་བ་ཅུང་ཟད་ཙམ་བྱས་ན་ཡང་སྡུག་བསྔལ་འདྲེན་ཞེས་བྱ་བ་སྨོས་
เล่ม ๑๔๙ · หน้า 117b
ཏེ། འདིས་སྡུག་བསྔལ་གྱི་འབྲས་བུ་མངོན་པར་མི་འདོད་པའི་དངོས་པོ་འདྲེན་པའི་ཕྱིར་རོ། །གང་གིས་ཤེ་ན། སྡིག་པ་བྱས་པས་ཞེས་བྱ་བ་སྟེ་ཉེ་བར་བསགས་པའོ། །འདིར་དཔེར་བསྟན་པ། ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་
བཞིན་ནོ། །ཞེས་བྱ་བ་ནི་སྐྱེས་བུའི་ལྟོར་ཆུད་པའི་དུག་གིས་ནི་ཆེ་ཞིང་དྲག་པོའི་གནོད་པ་བྱེད་པའི་ཕྱིར་ཏེ། ཡིད་དུ་འོང་བའི་སྲོག་གཅོད་པར་འགྱུར་བ་དེ་བཞིན་དུའོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །ཞེས་བྱ་བ་ནི་གང་ཡང་དགེ་བ་ཅུང་ཟད་བྱས་
ཀྱང་དེས་ནི་འཇིག་རྟེན་ཕ་རོལ་དུ་བདེ་བ་འདྲེན་ཞེས་བྱ་བ་ཡིན་ཏེ། སྐྱེ་བ་འདིར་མ་ཟད་དེ་སྐྱེ་བ་གཞན་དུ་ཡང་ཞེས་བྱ་བ་ཡང་གི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །དེ་ལྟར་འབྲུ་རྣམས་ཞེས་བྱ་བ་སྟེ་འབྲུ་རྣམས་ཞེས་བྱ་བ་ནི་འབྲས་སཱ་
ལུ་ལ་སོགས་པ་ཕུན་སུམ་ཚོགས་པས་མུ་གེ་ལ་སོགས་པའི་སྐྱོན་སེལ་བར་བྱེད་ཅིང་འཇིག་རྟེན་ལ་ཕན་འདོགས་པ་ཆེན་པོ་བྱེད་དེ། འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་འགྱུར་བ་དེ་བཞིན་ནོ། །སྡིག་པས་ནི་མཐོང་བའི་ཆོས་ཉིད་ལ་གཅིག་ཏུ་ཕུང་ཁྲོལ་
ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཉེས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་པ་མཽད་གལ་གྱི་བུ་ཆེན་པོ་དབྱིག་པའི་རྩེ་མོས་ལུས་འདམ་བུ་བཞིན་དུ་བཙིར་བ་ལས་དེའི་རྒྱུས་དེ་སྦྱུགས་པ་ལ་སོགས་པའི་གནོད་པ་ཆེན་པོར་གྱུར་
ཏེ། དེ་ལས་ཚིགས་སུ་བཅད་པ་བཞི་པོ་འདི་གསུངས་སོ། །གཞན་དག་ནི་ཤི་ཁན་དི་ནྱ་ཞེས་བྱ་བས་རང་གི་ཕ་གསད་པ་ལས། བདག་ཉིད་ཀྱི་བཙུན་མོའི་འཁོར་གྱི་ནང་དུ་བྱེ་མའི་ཆར་བབ་པས་ཁེངས་པ་དང་། དེ་ལས་ཤིན་ཏུ་མི་བདེ་བ་དང་། དམྱལ་བ་ལ་སོགས་
པ་ཉོན་མོངས་པ་ཐོབ་པ་ལས་དེའི་དབང་དུ་མཛད་དོ་ཞེས་ཟེར་རོ། །ཆད་པས་གཅོད་ཅེས་བྱ་བ་ནི་གཞན་ལ་འཚེ་བ་དང་། གནོད་པ་བྱེད་པ་སྟེ། གང་ཞིག་རབ་སྡང་བ་ཞེས་བྱ་བ་དང་སྦྱར་རོ། །གང་ཞིག་ཅེས་བྱ་བ་ནི་གང་དག་གོ། །གང་ལ་སྡང་བ་ཡིན་ཞེ་ན། ཉེས་
เล่ม ๑๔๙ · หน้า 118a
མེད་ཅེས་བྱ་བ་འདི་ལ་སྟེ་གང་ལ་ཉེས་པ་མེད་པ་དེ་ནི་སྐྱོན་མེད་པ་སྟེ། དེའི་ལུས་ཟག་པ་ཟད་པའི་བདག་ཉིད་ལ་དབྱིག་པ་ལ་སོགས་པས་བརྡེག་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་སྨྲས་པ། སྡང་བ་མིན་ལ་ཞེས་བྱ་བ་
སྨོས་ཏེ། གཞན་ཐམས་ཅད་ལ་ཕན་འདོགས་པའི་བསམ་པས་རྒྱུད་ལ་སྙིང་རྗེ་དང་ལྡན་པའི་ཕྱིར་དང་། སྡང་བའམ་ཁོང་ཁྲོ་བས་རྒྱུད་མ་བསད་པ་ནི་སྡང་བ་མ་ཡིན་ནོ། །ཡང་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པའི་གཉེན་པོ་བྱམས་པ་དང་། སྙིང་རྗེ་ལ་སོགས་
པའི་ཁྱད་པར་རྒྱུད་ལ་གནས་པའོ། །དེ་ལ་རབ་ཏུ་སྡང་བ་ནི་ཞེ་སྡང་སྐྱེད་པ་སྟེ་ཉེས་པ་མེད་པ་ལ་གནོད་པ་བྱེད་པར་འཇུག་པ་སྟེ། ཤཱཀྱ་རྣམས་ལ་འཕགས་སྐྱེས་པོ་བཞིན་ནོ། །སྡིག་པའི་བདག་ཉིད་ཅན་དེ་ནི་གདོན་མི་ཟ་བར། གནས་གཞན་གང་ཡང་རུང་བ་
བཅུ། །མྱུར་དུ་འཐོབ་པ་ཁོ་ནར་འགྱུར། །ཞེས་བྱ་བ་སྟེ། དམིགས་ཀྱིས་དབྱེ་བ་བདུན་པ་མངོན་པར་མི་འདོད་པའི་གནས་རྣམ་པ་བཅུ་པོའི་ནང་ནས་གང་ཡང་རུང་བ་མྱུར་དུ་འཐོབ་པའི་ཕྱིར་རོ། །སྡུག་བསྔལ་དེས་འདུག་པའོ་ཞེས་བྱས་ནས་ཏེ། གནས་
ལས་ཉམས་པ་ཞེས་བྱ་བའི་དོན་ཏོ། །གནས་ཡང་དག་པར་བསྟན་པའི་ཕྱིར། ཚོར་བ་མི་བཟད་པ་དག་གམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀླད་པ་ན་བ་ལ་སོགས་པ་ལུས་ཀྱི་ཕྱོགས་གཅིག་ལ་ཁྱབ་པའི་ཚོར་བའོ། །ལྷ་སྦྱིན་གྱིས་བཅོམ་
ལྡན་འདས་ལ་རྡོ་འཕངས་མ་ཐག་ཏུ་ཀླད་པའི་ནད་ཀྱིས་བཏབ་པ་འདིར་བརྗོད་པར་བྱའོ། །ཡང་ན་ཞེས་བྱ་བ་ནི་འམ་གྱི་སྒྲའི་དོན་ནོ། །ལུས་ནི་འདྲལ་བ་ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་སྟེ། ལག་པ་དང་རྐང་པ་ལ་སོགས་པ་བཅད་པས་དེ་ཤི་བ་སྟེ། འདིར་བཟོད་པ་སྨྲ་
བ་ལ་སོགས་པའི་སྐྱེས་པའི་རབས་བརྗོད་པར་བྱའོ། །གནོད་པའི་ཚོར་བ་ལྕི་བའང་རུང་། །ཞེས་བྱ་བ་ནི་ཡུན་རིང་པོར་ལུས་ཐམས་ཅད་ལ་ཁྱབ་ཅིང་མི་བཟོད་པའོ། གཞོགས་གཅིག་སྐམས་པ་དང་། ལག་པ་དང་རྐང་པ་ལ་སོགས་པ་ཆད་པ་སྟེ། མཛེ་དང་མཚན་པར་རྡོལ་
เล่ม ๑๔๙ · หน้า 118b
བ་ལ་སོགས་པའི་ནད་དེ་འདིར་སྤྲེའུའི་སྐྱེས་པའི་རབས་ལ་སོགས་པ་བརྗོད་པར་བྱའོ། །གཞན་དག་ཏུ་ཚ་བ་ཞེས་བརྗོད་དེ་ཡང་དག་པར་གདུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་འཁྲུགས་འཐོབ་པར་འགྱུར། །ཞེས་བྱ་བ་ནི་འབྱུང་པོ་ལ་སོགས་པས་སེམས་རྨོངས་
པར་བྱས་ཤིང་སྤྱོད་པ་ལ་སོགས་པ་འཐོབ་པ་སྟེ་བུམ་པ་བཞིན་ནོ། །གཉེན་འདུན་རྣམས་དང་འབྲལ་བ་འམ། །ཞེས་བྱ་བ་ནི་ཕ་དང་མ་ལ་སོགས་པ་དང་འབྲལ་བའམ་ཞིག་པ་སྟེ། གཙུག་ཏོར་ཅན་བཞིན་ནོ། །ལོངས་སྤྱོད་ཟད་པར་འགྱུར་བ་འམ། །ཞེས་བྱ་བ་ནི་འདོད་པའི་
ཡོན་ཏན་ནམ་ཤེས་པ་ལ་སོགས་པ་དང་། གློ་བུར་དུ་ཉམས་ཤིང་འབྲལ་བའི་ཕྱིར་རྡོ་ཚན་ལ་ཆུའི་ཐིགས་པ་བཞིན་ཏེ་དྲོད་ཀྱི་སྐྱེས་པའི་རབས་བཞིན་ནོ། །རྒྱལ་པོའི་གནོད་པ་འབྱུང་བ་འམ། །ཞེས་བྱ་བ་ནི་ས་བདག་ལས་གྲགས་པ་ཉམས་པ་དང་། གནས་ལས་ཉམས་
པ་དང་། ཟས་ཆད་པ་ལ་སོགས་པ་ཤིན་ཏུ་གནོད་པ་ཆེན་པོ་ཐོབ་པར་གྱུར་པ་སྟེ། ཇི་ལྟར་རྒྱལ་པོ་ལ་འཁུ་བ་ལྟ་བུའོ། །མི་སྙན་ཤིན་ཏུ་མི་བཟད་དམ། །ཞེས་བྱ་བ་ནི་ཚིག་ངན་པ་ཤིན་ཏུ་མི་བཟད་པ་འཐོབ་པ་སྟེ། ངན་པར་སྤྱོད་པ་ཆེན་པོ་བྱས་པས་ཚིག་ངན་
པས་བརྗོད་པ། ཨང་ག་ད་ན་ཞེས་བྱ་བའི་ཚོང་དཔོན་གྱི་བུ་བཞིན་ནོ། །ཡང་ན་ཁྱིམ་ནི་མེ་ཆེན་པོས། །ངེས་པར་སྲེག་པར་བྱེད་འགྱུར་ཏེ། །ཞེས་བྱ་བ་ནི་ཡང་ན་འདིའི་ཁྱིམ་དག་ཏུ་བཟློག་པར་མི་ནུས་པའི་ཐོག་བབས་ཏེ་ཐལ་བ་ཉིད་དུ་བྱེད་དོ། །སེར་བ་རྡོ་རྗེ་ལ་འདིར་
སྲེག་པར་བྱེད་པ་ཞེས་དགོངས་ཏེ། དངོས་པོ་འཇིག་པར་བྱེད་པའི་ཕྱིར་རོ། །རྡོ་རྗེའི་སེར་བས་རྒྱལ་པོའི་བུ་འཁོར་དང་བཅས་པ་བཅོམ་པ་ཡང་འདིར་བརྗོད་པར་བྱའོ། །སུ་ཞིག་དེ་ལྟར་འགྱུར་ཞེ་ན། གང་དེ་ལ་འགྱོད་པ་དང་འཆོས་པ་ལ་སོགས་པ་མི་བྱེད་པ་ཉིད་
དེ་ལྟར་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤེས་རབ་འཆལ་པའི་བྱིས་པ་ཞེས་བྱ་བའོ། །ལུས་ཞིག་ནས་ཞེས་བྱ་བ་ནི་རིས་མཐུན་སྤངས་ཤིང་འཆི་བའི་དུས་བྱས་ནས་གནས་སྐབས་བཅུ་པ་འཐོབ་པ་ཡིན་ཏེ་དེ་ཉིད་བསྟན་པའི་ཕྱིར། ངན་འགྲོར་འགྲོ་བར་འགྱུར་
เล่ม ๑๔๙ · หน้า 119a
ཞེས་བྱ་བ་ངན་སོང་དུ་འགྲོ་བར་འགྱུར་ཏེ་ཀོ་ཀ་ལི་ཀ་བཞིན་ནོ། །མཐོང་བའི་ཆོས་ཀྱི་ཉེས་དམིགས་ནི་སྔར་བསྟན་པའི་ཕྱིར་འདིས་ནི་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་བསྟན་ཏོ། །དེས་ན་དེའི་ཕྱིར་སྡིག་པ་ལ་ཡིད་བརྟན་པར་མི་བྱའོ་ཞེས་བསྟན་
པ་ནི། སྡིག་པ་བྱས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མཉན་ཡོད་ན་ཚོང་དཔོན་གྱི་བུ་ནེའུ་ལྡངས་གཉིས་ཤིག་ཡོད་དེ། གཅིག་ནི་དཀོན་མཆོག་གསུམ་ལ་དད་པ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་དཔག་ཏུ་མེད་པ་སྐྱེད་པར་བྱེད་དོ། །
གཉིས་པ་ནི་དད་པ་མེད་ཅིང་སེར་སྣ་ཅན་ཞིག་སྟེ། ཇི་ཙམ་ན་དེ་གཉིས་ཀ་ཤི་བར་གྱུར་ནས། སྔ་མ་ནི་དགའ་ལྡན་དུ་སྐྱེས་སོ། །གཉིས་པ་ནི་དམྱལ་བ་ངུ་འབོད་དུ་སྐྱེས་སོ། །དེ་གཉིས་ཀྱི་ཉེ་དུ་རྣམས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ཏེ། དེ་གཉིས་གང་དུ་སྐྱེས་ཞེས་བྱ་
བ་ལ་སོགས་པ་ཞུས་པ་ལས་དེ་ནས་ཚིགས་སུ་བཅད་པ་བཅུ་གསུངས་སོ། །སྡིག་པ་ཞེས་བྱ་བ་ནི་ངན་པར་སྤྱོད་པ་ཉིད་དོ། །བྱས་པ་ནི་ཀུན་དུ་སྐྱེད་པའོ། །བག་དབབ་མི་བྱ་ཞེས་བྱ་བ་ནི་ཡིད་བརྟན་པ་དང་། འཇིགས་པ་མེད་པ་དང་། བག་ཡངས་དང་། དོགས་པ་མེད་
པར་མི་བྱའོ། །གཞན་དག་ནི་ཡིད་རྟོན་པ་ཞེས་བྱ་བར་བརྗོད་དེ། བདག་ནི་སྡུག་བསྔལ་ལས་ཐར་ཏེ་བདེ་བ་འཐོབ་པོ་ཞེས་ཀུན་དུ་སེམས་པ་ནི་ཡིད་རྟོན་པ་སྟེ། ཚིམ་པའི་བྱེ་བྲག་དེ་ལ་དམིགས་པའོ། །དགྲ་འདི་རྩ་བ་དང་བཅས་པར་བདག་གིས་ཕྱུང་ངོ་ཞེས་བག་
དབབ་པར་མི་བྱའོ། །སྲོག་གཅོད་པ་ལ་སོགས་པ་ནི་གཅིག་ཏུ་མི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་སྡིག་པའི་བྱ་བའི་ཆེད་དུ་བག་དབབ་པའམ་ཡིད་བརྟན་པར་མི་བྱ་སྟེ། འདི་ནི་རྒྱུ་མཚན་གྱིས་བདུན་པ་ཡིན་ནོ། །སྤྱིར་བསྟན་ནས་རིང་པོར་བྱས་པ་ལ་སོགས་པ་ནི་མ་ཡིན་
ནོ། །ཞེ་ན་བསྟན་པ། རིང་བྱས་རྒྱང་མར་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་དེ་དུས་དུ་མས་ཆོད་པས་དྲན་པ་མ་ཡིན་དུ་ཟིན་ཀྱང་ས་བོན་འཇིག་ཅིང་མེད་པར་མི་འགྱུར་ལ་སྡིག་པའི་འབྲས་བུ་དེ་བཞིན་ནོ། །དེ་ནི་ཡུལ་ཐག་རིང་པོར་བྱས་པའི་མེ་བཞིན་དུ་
เล่ม ๑๔๙ · หน้า 119b
གནོད་པ་བྱེད་པ་མ་ཡིན་ནོ་ཞེ་ན། འདིར་བསྟན་པ་རྒྱང་མར་བྱས་ཀྱང་ཞེས་བྱ་བ་སྨོས་ཏེ། རིང་དུ་བྱས་པ་དང་རྒྱང་མར་བྱས་པ་བསྡུ་བར་བྱས་ཏེ། རིང་དུ་བྱས་པ་དང་རྒྱང་མར་བྱས་ཀྱང་སྡིག་པའི་འབྲས་བུ་མི་སྡུག་པ་མ་ཡིན་ནོ་ཞེས་རེ་བའི་བསམ་པ་དེ་མི་བྱ་སྟེ། ཇི་སྐད་དུ། ལས་
རྣམས་ཆུད་ཟར་མི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། ལས་ནི་རིང་ནས་འདྲེན་བྱེད་དེ། །ཞེས་བྱ་བ་ལ་སོགས་པའོ། །དབེན་པར་བྱས་ཀྱང་ཞེས་བྱ་བ་ནི་སྐྱེ་བོ་དང་ལྷན་ཅིག་འདུག་པའི་ཕྱོགས་དང་བྲལ་བ་ནི་དབེན་པ་སྟེ། དེར་བྱས་པ་ཉིད་ཀྱང་ཡིན་ན་སྣང་
བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཡང་གི་སྒྲའོ། །དུག་ཟ་བ་དང་མེ་ལ་རེག་པ་ནི་ཐམས་ཅད་དུ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །བྱ་བའི་དུས་ཁོ་ནར་བག་དབབ་པར་བྱ་བ་མ་ཡིན་པར་མ་ཟད་དེ། འབྲས་བུའི་དུས་ན་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་རྣམ་སྨིན་ཡོད་
པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་འདིར་ནི་འཕྱ་བ་ལ་སོགས་པའི་ཉེས་པའི་རྒྱུར་གྱུར་པ་དང་། ཕ་རོལ་དུ་ནི་ངན་སོང་གི་རྒྱུར་གྱུར་པའི་ཕྱིར་རོ། །མི་འདྲ་བར་སྨིན་པ་ཡིན་པས་རྣམ་པར་སྨིན་པ་སྟེ། ཡིད་དུ་མི་འོང་བ་འབྲས་བུ་ཞེས་བྱ་བའི་དོན་ཏོ། །གཞན་དུ་
འདོད་པའི་འབྲས་བུ་ཡང་ཡོད་དོ་ཞེས་རྟོག་པ་ལ་དེ་ཡང་མ་ཡིན་ཏེ། ག་ལས་ཤེ་ན། ལུང་ལས་དགེ་སློང་དག་གང་ལ་བསམས་བཞིན་དུ་ལས་བྱས་ཤིང་བསགས་པས་ནི་རྣམ་པར་སྨིན་པ་སོ་སོར་མྱོང་བར་མི་འགྱུར་རོ་ཞེས་ང་མི་སྨྲ་སྟེ། སྡིག་པའི་ལས་ཀྱིས་དམྱལ་བའོ་
ཞེས་པ་ལ་སོགས་པའི་ཚིག་གིས་སོ། །མཐོང་བའི་ཆོས་ཉིད་ལ་ཡང་མི་འདོད་པའི་འབྲས་བུ་སྣང་སྟེ། དེས་ན་ཡང་འདི་ལྟར་གནས་པ་ཡིན་ནོ། །དེ་བས་ན་དང་པོ་འདི་ལ་འདོད་པའི་འབྲས་བུ་ནི་མེད་དེ་དེ་སྤྱད་པར་མི་བྱའོ་ཞེས་བསྟན་ཏོ། །བསོད་ནམས་བྱས་པས་ཞེས་བྱ་
བ་ལ་སོགས་པ་སྨོས་པ་ལ། བསོད་ནམས་བྱས་པས་དེའི་ཕྱིར་ཀུན་དུ་ཡིད་བརྟན་པར་བྱ་སྟེ། ཇི་སྐད་དུ་ཁྱེད་ཅག་བསོད་ནམས་ཀྱིས་འཇིགས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདེན་པའི་ཚིག་བླ་དགས་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་སྟེ། བསོད་ནམས་ཀྱིས་
เล่ม ๑๔๙ · หน้า 120a
ནི་བདེ་བ་ཐམས་ཅད་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྡིག་པ་ལ་ཡིད་བརྟན་པར་བྱ་བ་མ་ཡིན་པར་བསྟན་ཅེ་ན། ནང་གི་གདུང་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་པར་བྱ་སྟེ། བདག་གིས་སྡིག་པ་བྱས་པས་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །སུན་ད་ཞེས་བྱ་བའི་ཕག་གསོད་པ་འཆི་བའི་དུས་སུ་ཡིད་དུ་མི་འོང་བའི་རྟགས་ཀྱིས་ཉེ་བར་གདུངས་ཏེ་ཤི་ནས་དམྱལ་བར་སྐྱེས་པ་འཕགས་པ་ཤཱ་རིའི་བུས་མཐོང་ནས་ཤིན་ཏུ་མྱ་ངན་བྱེད་པ་དེའི་དབང་དུ་མཛད་པའོ་ཞེས་གཞན་དག་ཟེར་རོ། །པས་ཞེས་བྱ་བའི་སྒྲ་
ནི་རྒྱུའི་དོན་ཏེ། སྡིག་པ་བྱས་པའི་རྒྱུས་ཞེས་བྱ་བར་སྦྱོར་ཏེ་ཆར་གྱི་རྒྱུས་ཞེས་བྱ་བའི་དོན་ཏོ། །མྱ་ངན་བྱེད་ཅེས་བྱ་བ་ནི་ཤིན་ཏུ་གདུང་བ་ཉམས་སུ་མྱོང་བ་སྟེ། འདི་ལྟར་དཔེར་ན་སྡིག་པ་བྱེད་པས་དེའི་འབྲས་བུ་ཉམས་སུ་མྱོང་བ་ན་ཇི་ལྟར་བླུན་པ་བདག་གིས་བྱ་བ་མ་ཡིན་པ་འདི་
ལྟ་བུ་ལ་འཇུག་པར་བྱས་ཞེས་འགྱོད་པའི་བདག་ཉིད་གདུང་བར་བྱེད་དོ། །ཚིག་ངན་པ་ལ་སོགས་པའི་སྡུག་བསྔལ་དང་ཕུང་ཁྲོལ་འབྱུང་བའི་ཕྱིར་གནས་སྐབས་ཐམས་ཅད་དུ་སྡིག་པ་འདི་ཁོ་ནས་ཉེ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་སྟེ། འདིར་ཡང་ཞེས་བྱ་བ་ནི་
མཐོང་བའི་ཆོས་ཉིད་དེ་འདི་ཉིད་དུ་འབྲས་བུ་འབྱུང་བའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་སྐྱེས་ནས་སྐྱེ་བ་གཞན་དུ་མྱོང་བར་འགྱུར་རོ། །གཉིས་ཀར་ཞེས་བྱ་བ་ནི་གཉིས་ཀར་མྱོང་བ་ཡིན་པའི་ཕྱིར་ཏེ། རང་གི་ལས་ལས་བྱུང་བས་ཁ་ཅིག་ནི་འདི་དང་ཕ་རོལ་དུ་ཡང་ཤིན་
ཏུ་མྱ་ངན་བྱེད་དོ། །འཕགས་པ་སོར་ཕྲེང་དང་མ་སྐྱེས་དགྲ་དང་། ལྷ་སྦྱིན་དང་བུམ་པ་ལ་སོགས་པ་ཡང་འདིར་དཔེར་བརྗོད་པར་བྱའོ། །དེ་ལྟར་སུ་ཞིག་མྱ་ངན་བྱེད་པ་ཡིན་ཞེ་ན། སྡིག་པ་བྱས་པ་ཞེས་བྱ་བ་སྟེ། འདིས་ནི་སྡིག་པ་བསགས་པ་དང་ངན་པར་སྤྱོད་པ་རྣམ་པ་དུ་མ་ཉེ་
བར་སོགས་པ་སྟེ། སྡིག་པ་བྱས་པ་ཉིད་ཀྱི་དོན་ནི་པས་ཞེས་བྱ་བའི་སྒྲའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བས་བསྟན་ཏེ། གང་བྱེད་པ་དེ་ཁོ་ན་ཉིད་ནི་མི་འདོད་པའི་འབྲས་བུ་ཉམས་སུ་མྱོང་བ་ཡིན་ནོ། །རྒྱུ་དང་འབྲས་བུ་འབྲེལ་པར་བསྟན་པའི་ཕྱིར་ནི་ཞེས་བྱ་བའི་སྒྲ་སྨོས་
เล่ม ๑๔๙ · หน้า 120b
སོ། །གང་གིས་མི་འདོད་པའི་འབྲས་བུ་བདག་དང་འབྲེལ་པ་མཐོང་བ་དེས་ནི་སྔར་ཉམས་སུ་མྱོང་བའི་སྡིག་པ་མཐོང་སྟེ་ཡིད་གདུང་བར་བྱེད་པ་ཡིན་ནོ། །རབ་ཏུ་མྱ་ངན་བྱེད་ཅེས་བྱ་བ་ལ་བར་དུ་རབ་ཏུ་ཞེས་བྱ་བའི་སྒྲ་ཕྱིས་པ་ཡིན་ནོ། །ཡང་ན་མྱ་ངན་བྱེད་ཅེས་བྱ་བ་འདི་ཉིད་དུ་མྱ་ངན་བྱེད་
ཅིང་ཕ་རོལ་དུ་ཉེ་དུའི་ནང་དང་དགྲའི་ནང་དང་དབེན་པ་དང་མི་དབེན་པ་ལ་སོགས་པ་བརྗོད་པར་བྱའོ། །བདག་གིས་བསོད་ནམས་ཞེས་བྱ་བ་ནི་མཉན་ཡོད་ན་ཆོས་ཅན་ཞེས་བྱ་བ་འཇིག་རྟེན་པ་རྣམས་ཀྱིས་བཀུར་བ་ཞིག་ཡོད་དེ། དེ་ཤི་འཕོས་ནས་ལྷའི་འཇིག་རྟེན་དུ་སྐྱེས་ཏེ་ཡིད་
དགའ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ་ཞེས་གཞན་དག་ཟེར་རོ། །བདག་གིས་བསོད་ནམས་བྱས་སོ་ཞེས་དེ་ལྟར་ཤེས་ནས་དགའ་ཞིང་མགུ་བར་གྱུར་པའོ། །གཞན་དག་ནི། བདག་གི་ལས་རྣམ་དག་མཐོང་ནས། །ཞེས་བརྗོད་དེ། འབྲས་
བུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་རྣམ་པར་དག་པ་འདི་དགེ་བ་ལ་རྣམ་པར་དག་པ་ཞེས་བཤད་དོ། །འཕགས་སྐྱེས་པོས་གཞོན་ནུ་རྒྱལ་བྱེད་ཉེས་པ་མེད་པ་བསད་དེ། དེའི་བཙུན་མོའི་འཁོར་དུ་ཡང་རོལ་མོ་ལ་སོགས་པའི་སྒྲས་དགའ་བར་བྱེད་ཅིང་ཇི་སྲིད་ལྷའི་རོལ་མོ་ལ་
སོགས་པའི་སྒྲ་བྱུང་ནས་དེ་ལས་བརྩམས་ཏེ་བསྟན་པའོ། །འདི་ན་དགའ་འགྱུར་ཞེས་བྱ་བ་ནི་འདི་ཉིད་དུ་འཕགས་པས་སོ། །གཞན་དུ་ཞེས་བྱ་བ་ནི་དཔལ་དང་ལྡན་པར་འགྱུར་བས་སོ། །གཉི་ག་ནི་མགོན་མེད་ཟས་སྦྱིན་དང་རྒྱལ་བྱེད་ལ་སོགས་པ་བཞིན་ནོ། །བདག་
གིས་སྡིག་པ་བྱས་བས་གདུང་བར་འགྱུར། །ཞེས་བྱ་བ་ནི་འཕགས་སྐྱེས་པོ་འཁོར་དང་བཅས་པ་མེས་ཚིག་པ་ལས་འོ་དོད་འབོད་ཅིང་ཤི་སྟེ་དམྱལ་བར་སྐྱེས་པ་ལས་བརྩམས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པའོ་ཞེས་གཞན་དག་ཟེར་རོ། །གཞན་དག་ནི་
ལྷ་སྦྱིན་ལས་བརྩམས་པའོ་ཞེའོ། །གདུང་བར་བྱེད་པ་དང་མྱ་ངན་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡིད་ཀྱི་གདུང་བ་ནི་མྱ་ངན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ལྔའི་གདུང་བའོ། །ཡང་ན་སྡུག་བསྔལ་ནི་རྣམ་པ་གཉིས་ཏེ། བདེ་འགྲོའི་སྡུག་བསྔལ་དང་ངན་འགྲོའི་
เล่ม ๑๔๙ · หน้า 121a
སྡུག་བསྔལ་ཏེ། གོ་རིམས་བཞིན་དུ་འདིར་བསྟན་ཏོ། །ཡང་ན་བདག་དང་གཞན་ལས་སྐྱེས་པའི་གདུང་བའོ། །ཡང་ན་ཡོན་ཏན་ཉམས་པ་དང་སྡིག་པ་ལ་སོགས་ཤིང་འགྲུབ་པའོ། །ཡང་ན་སྐྱེ་བོ་དམ་པ་དང་བྲལ་བ་དང་། སྐྱེ་བོ་ངན་པ་དང་
ཕྲད་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འདི་གཉིས་ཀྱིས་དགའ་བ་དང་རབ་ཏུ་དགའ་བའི་སྒྲ་གཉིས་ཀྱི་རྒྱུ་ཡང་རབ་ཏུ་བསྟན་པ་ཡིན་ནོ། །བདག་གིས་བསོད་ནམས་བྱས་པས་ཞེས་བྱ་བ་ནི་སོ་མ་ནཱ་ས་ཞེས་བྱ་བའི་བཙུན་མོ་ལེགས་པར་སྤྱོད་པའི་བྱ་བ་ལ་མཆོག་ཏུ་
བྱེད་ཅིང་བདེ་བར་གྱུར་ཏེ། ལྷའི་འཇིག་རྟེན་དུ་སྐྱེས་པ་ལས་བརྩམས་སོ་ཞེས་ཟེར་རོ། །སྡིག་པ་བྱས་པ་ལས་ནི་འཆི་བ་ན་ནི་འཇིགས་པར་འགྱུར་ལ་བསོད་ནམས་བྱས་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྡིག་པ་བྱས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་གདན་ལ་བཞུགས་པ་དེའི་ཚེ་བདུད་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་ཡོངས་སུ་བསྐོར་ནས་མཚོན་རྣམ་པ་སྣ་ཚོགས་དང་ཆས་པ་ལས། དེ་ནས་གང་བྱང་ཆུབ་ཀྱི་ཤིང་ལ་གནས་པའི་ལྷ་དེ་རིངས་པ་རིངས་པར་བྱང་ཆུབ་
སེམས་དཔའི་དྲུང་དུ་ལྷགས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་བདུད་དང་བདུད་ཀྱི་དཔུང་མང་པོ་དག་ལས་ཁྱེད་འཇིགས་པར་བྱ་བ་མ་ཡིན་ནམ་ཞེས་པ་དང་། བྱང་ཆུབ་སེམས་དཔས་སྔོན་གྱི་དེ་བཞིན་གཤེགས་པས་གསུངས་པའི་ཚིགས་སུ་བཅད་པ་གཉིས་གསུངས་
སོ། །བྱས་པ་ནི་བསྒྲུབས་པའོ། །སྡིག་པ་ནི་ཉེས་པར་སྤྱོད་པའོ། །བསོད་ནམས་མ་བྱས་ལ་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་མ་བསྐྱེད་པ་སྟེ། མི་ནི་འཆི་བས་འཇིགས་པར་འགྱུར། །ཞེས་བྱ་བ་དང་སྦྱར་རོ། །འདིར་ཆོས་ཀྱི་སྒྲ་ནི་ཤེས་རབ་དང་སྙིང་རྗེ་ལ་བརྗོད་དེ། དེ་ལས་གང་
ཞིག་གོལ་བ་དེ་ལ་སོགས་པ་ནན་ཏན་དུ་མི་བྱེད་པ་དེས་ནི་གཉིས་པོ་དེ་མ་བསྒྲུབས་པས་བསོད་ནམས་སྤྱོད་པར་མི་འགྱུར་བ་སྟེ། བསོད་ནམས་མཐའ་དག་ནི་དེ་དང་འབྲེལ་པའི་ཕྱིར་རོ། །ཆོས་མ་ཡིན་པའི་སྒྲ་ཡང་འདིར་མི་ཤེས་པ་དང་སྙིང་རྗེ་མེད་པ་ལ་བརྗོད་དོ། །དེ་གཉིས་ལ་བརྟེན་
เล่ม ๑๔๙ · หน้า 121b
ནས་ནི་ཉེས་པར་སྤྱོད་དེ། སྡིག་པ་མཐའ་དག་ནི་དེ་ལ་རག་ལུས་པའི་ཕྱིར་རོ། །སྡིག་པའི་ལས་ཅན་འཆི་བས་འཇིགས་པར་འགྱུར། །ཞེས་བྱ་བ་ནི་སྡིག་པ་བྱེད་པའི་སེམས་ཅན་འཆི་བས་ཤིན་ཏུ་སྐྲག་པ་ཡིན་ཏེ། ངན་སོང་དུ་འགྲོ་བ་དང་སྡུག་བསྔལ་ཐོབ་པར་དོགས་པའི་
ཕྱིར་རོ། །ཇི་ལྟ་བུ་ཞིག་ཅེ་ན། གྲུ་ཞིག་ཅེས་བྱ་བ་སྨོས་ཏེ། བཞོན་པའི་སྣོད་ཞིག་པའོ། །ཉམ་ཆུང་ཞེས་བྱ་བ་ནི་ལུས་ཀྱི་རུས་པ་དང་བྲལ་བའོ། །ཡང་ན་རྒལ་བ་མ་བསླབས་པའོ། །ཆུ་ཆེན་ནི་རྒྱ་མཚོ་ཆེན་པོའི་ནང་སྟེ། དེ་ན་གནས་ན་ནི་ཇི་ལྟར་འཆི་བས་འཇིགས་པར་
བྱ་བ་མ་ཡིན་པ་དེ་བཞིན་ནོ། །ངས་ནི་བྱ་བ་ལུས་པ་མེད་པ་དག་བྱས་ཏེ། དེས་ན་ང་ལ་འཇིགས་པ་མེད་དོ་ཞེས་བསྟན་པའི་ཕྱིར། བསོད་ནམས་བྱས་ཤིང་ཞེས་བྱ་བ་སྟེ་གང་ངས་ནི་ལེགས་པར་སྤྱོད་པ་བསགས་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྡིག་པ་མ་བྱས་ལ་ཞེས་བྱ་
བ་ནི་ངན་པར་སྤྱོད་པ་ཅུང་ཟད་ཀྱང་མ་བྱས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསྟན་ནས། ཚོགས་ཀྱི་ལམ་བསྟན་པའི་ཕྱིར། དམ་པ་རྣམས་ཀྱིས་སྔོན་གྱི་ཆོས་སྤྱད་པས། །ཞེས་བྱ་བ་ལ་སོགས་པ་སྟེ། དམ་པ་ནི་སྐྱེས་བུ་དམ་པ་རྣམས་ཏེ།
གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སོ། །གང་ཆོས་ནི་འཕགས་པའི་ལམ་སྟེ། དེ་བདག་གིས་སྤྱད་པ་ནི་བསྒོམས་པ་སྟེ་འབྱུང་བར་འགྱུར་བའི་དབང་དུ་བྱས་པ། བསྒོམ་པ་མངོན་དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་ཞེས་བྱ་བ་ནི་ཡང་དག་
པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་སོགས་པས་བསྟེན་པ་སྟེ། སྔོན་འགྲོ་བ་དེའི་རྗེས་སུ་འགྲོ་བ་ཞེས་བྱ་བའི་ཚིག་གིས་སོ། །ང་ནི་ཞེས་བྱ་བ་ནི་དེ་ལྟར་བྱ་བ་བྱས་པའི་ཕྱིར་ནམས་ཀྱང་འཆི་བས་སྐྲག་པ་མ་ཡིན་ནོ་ཞེས་པའོ། །བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །ཞེས་
བྱ་བ་ནི་དཔེར་ན་འགའ་ཞིག་ཕ་རོལ་དུ་འགྲོ་བར་ཞུགས་པ་ལས་བརྟན་པའི་གྲུའི་བཞོན་པ་མི་འགྱུར་བས་ནི་རྒལ་བར་འགྱུར་ཏེ། བཀྲ་ཤིས་པ་དང་མངོན་པར་འདོད་པའི་བཞོན་པ་སྟོབས་དང་ལྡན་ཞིང་རྒལ་བ་ལ་མཁས་པ་དེ་ནི་རྒྱ་མཚོ་ཆེན་པོའི་དབུས་ན་གནས་ཀྱང་འཆི་བས་
เล่ม ๑๔๙ · หน้า 122a
མི་འཇིགས་པ་དེ་བཞིན་ནོ། །སྡིག་པའི་ཚོམས་ཏེ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།སྡིག་པ་མཐའ་དག་སྤངས་ཤིང་ལེགས་པར་སྤྱོད་པའི་ཁྱད་པར་ལ་བརྟེན་པའི་སྐྱེས་བུས་ནི་ངང་གིས་འཇིག་རྟེན་པ་ཐམས་ཅད་ཟིལ་
གྱིས་གནོན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་སྲིད་ཉི་མ་མ་ཤར་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །བསྟན་མ་ཐག་པའི་སྡིག་པ་དང་བསོད་ནམས་ནི་ཟུང་གི་སྐབས་ཡིན་པས་ད་ཡང་དེ་ཉིད་ཕལ་ཆེར་ཚིགས་སུ་བཅད་པས་ཕྲུགས་
སུ་སྦྱར་ཏེ་བསྟན་ཏོ། །ཐུབ་པ་ཆེན་པོའི་ཆོ་འཕྲུལ་ཆེན་པོས་རྫོགས་བྱེད་ལ་སོགས་པ་ཟིལ་གྱིས་མནན་པ་ལས་བརྩམས་པའོ། །དེ་སྲིད་སྣང་ཞེས་བྱ་བ་ནི་དུས་དེའི་བར་དུ་ཕྱོགས་འགའ་ཞིག་ཏུ་གསལ་བར་བྱེད་དེ་བདག་དང་བདག་གི་གཞིའི་ཕྱོགས་ཙམ་
གསལ་བར་ནུས་པ་ཡིན་ནོ། །གང་ཡིན་ཞེ་ན། སྲིན་བུ་མེ་ཁྱེར་ཞེས་བྱ་བ་སྟེ། མཁའ་ལ་གསལ་བར་བྱེད་པའོ། །ཇི་སྲིད་ཉི་མ་མ་ཤར་བ། །ཞེས་བྱ་བ་ནི་དུས་ཇི་སྲིད་ཀྱི་བར་དུ་ཉི་མ་ཤར་ཅིང་འོད་ཟེར་སྟོང་ལྡན་མ་བྱུང་བའོ། །ཉི་མ་ཤར་བར་གྱུར་པ་ན། །ཞེས་བྱ་བ་ནི་ནམ་
མཁའ་ལ་ཉི་མ་སྤྲིན་ལ་སོགས་པའི་སྒྲིབ་པ་མེད་པར་གྱུར་ནས་ཤར་བར་གྱུར་པ་སྟེ། དེ་བྱུང་ཞིང་གསལ་བར་བྱེད་པ་ན་སྲིན་བུ་མེ་ཁྱེར་སྔོན་པོར་འགྱུར་རོ་ཞེས་སྦྱར་བར་བྱའོ། །རྣམ་པར་སྣང་བར་བྱེད་པ་ཡིན་པས་ན་ཉི་མ་སྟེ། མཉམ་པ་དང་མི་མཉམ་པ་དག་གསལ་
བར་བྱེད་ཅེས་པའི་དོན་ཏོ། །ཡང་ན་སྣང་བ་ཐམས་ཅད་མངོན་པར་ཟིལ་གྱིས་གནོན་པར་བྱེད་པའོ། །སྔོན་པོར་འགྱུར་ཞེས་བྱ་བ་ནི་འོད་ཟེར་སྟོང་ལྡན་འབྱུང་བར་གྱུར་ན་སྲིན་བུ་མེ་ཁྱེར་འོད་མེད་པར་འགྱུར་ཏེ། ཆེན་པོས་ཆུང་ངུ་ཟིལ་གྱིས་གནོན་པའི་ཕྱིར་རོ། །ཇི་ལྟར་སྔོན་
པོར་གྱུར་ཅེ་ན། འདི་ལྟར་སྣང་བ་མེད་ཅེས་བྱ་བ་སྨོས་ཏེ། དང་གི་སྒྲ་ནི་གང་གི་ཕྱིར། །ཞེས་བྱ་བའི་དོན་ཏོ། །འདི་ནི་མངོན་སུམ་ཡིན་ཏེ། གང་ཕྱིར་དེ་ནི་སྔོན་བཞིན་དུ་སྣང་བ་མེད་པར་འགྱུར་རོ། །དཔེ་བསྟན་ནས་དེ་བསྒྲུབ་པར་བྱ་བའི་དོན་སྨྲས་པ། སྣང་ཞེས་བྱ་བ་སྟེ་སྣང་བར་བྱེད་
เล่ม ๑๔๙ · หน้า 122b
པ་ཡིན་པས་སྣང་བའོ། །རང་གི་གྲུབ་པའི་མཐའ་གསལ་བར་བྱེད་པ་ཡིན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གང་སྣང་ཞིང་གསལ་བར་བྱེད་པ་ཡིན་ཞེ་ན། རྟོག་གེ་པ་རྣམས་ཞེས་བྱ་བ་སྨོས་ཏེ། རྫོགས་བྱད་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱིས་བརྗོད་པའི་མཁས་པའོ། །
རྟོག་པས་གནས་པ་ནི་རྟོག་གེ་པ་སྟེ། དོན་མངོན་སུམ་དུ་མ་བྱས་པའི་ཕྱིར་རང་གི་ལུང་ལ་སོགས་པ་ཙམ་ལ་རྗེས་སུ་འཇུག་པའོ། །གང་ཇི་ཙམ་གྱི་བར་དུ་ཞེ་ན། ཇི་སྲིད་དེ་བཞིན་གཤེགས་མ་ཤར། །ཞེས་བྱ་བ་ཡིན་ཏེ། དུས་ཇི་སྲིད་སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གི་
བར་དུའོ། །དེ་བཞིན་ཉིད་ཀྱི་དོན་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའོ། །འཇིག་རྟེན་རྫོགས་སངས་རྒྱས་ཤར་བ། །ཞེས་བྱ་བ་ནི་མཐའ་དག་ཐུགས་སུ་ཆུད་པའི་ཕྱིར་རྫོགས་པའི་སངས་རྒྱས་ཏེ། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་
འཇིག་རྟེན་དུ་བྱུང་བ་དེའི་བསྟན་པའི་འོད་ཀྱིས་གསལ་བར་བྱེད་པ་ལས་རབ་ཏུ་རྟོགས་པས་ཡང་དག་གདུལ་བྱའི་འཇིག་རྟེན་དྲི་མ་མེད་པར་གྱུར་པའོ། །རྟོག་ཅན་མི་སྣང་ཞེས་བྱ་བ་ནི་མང་པོའི་ནང་ན་གཅིག་ཀྱང་མཛེས་པ་མ་ཡིན་ནོ། །ཉན་ཐོས་མི་སྣང་ཞེས་བྱ་བ་ནི་རྟོག་
པ་ཅན་དེའི་ཚིག་གི་རྗེས་སུ་འབྲང་བ་ཡང་མི་སྣང་བའོ། །ཡང་དག་པར་རྟོགས་པ་དང་ལོག་པར་རྟོགས་པས་ཡང་དག་པ་དང་ལོག་པ་ལ་མངོན་པར་ཞེན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གཅེས་མིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སོ། །གཅེས་པ་ནི་བཞི་སྟེ།
གཏམ་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའོ། །གཏམ་སྙིང་པོར་བྱེད་པ་ནི་འདི་ལ་དགེ་སློང་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་
ཞི་བའོ་ཞེས་གཏམ་བརྗོད་པའོ། །འདི་ཉིད་ཀྱིས་ལྟ་བ་ཐོབ་པར་འགྱུར་བ་དང་། འདི་ཉིད་ཀྱིས་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དང་། འདི་ཉིད་ཡིད་ལ་བྱས་ན་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བསྟན་པའོ། །གཅེས་མིན་ཞེས་བྱ་བ་ནི་མི་བརྟན་ཞིང་མི་རྟག་པ་དང་
เล่ม ๑๔๙ · หน้า 123a
བདག་མེད་པ་ལ་སོགས་པའི་ཚུལ་གྱི་དངོས་པོ་སྟེ་འཁོར་བ་ཞེས་བྱ་བའི་དོན་ཏོ། །གཅེས་པར་བློས་འཛིན་ཅིང་ཞེས་བྱ་བ་ནི་གང་འདི་ལ་སྙིང་པོ་ཡོད་པར་བློས་འཛིན་པ་དེ་ནི་དེ་སྟེ། ངེས་པར་འབྱུང་བ་ལ་སོགས་པ་ལ་ཕྱིན་ཅི་ལོག་སྐྱེད་པའི་ཕྱིར་རོ། །
གཅེས་ལ་གཅེས་པར་མི་རྟོག་པ། །ཞེས་བྱ་བ་ལ། འདིར་མྱ་ངན་ལས་འདས་པ་ནི་གཅེས་པ་སྟེ། དགེ་ཞིང་རྟག་པའི་ཕྱིར་དང་། མཆོག་ཡིན་པའི་ཕྱིར། དེ་ན་འདོད་པའི་ལོངས་སྤྱོད་ལ་སོགས་པའི་འབྱོར་པ་མེད་པའི་ཕྱིར་སྙིང་པོ་མ་ཡིན་པར་འདུ་ཤེས་པའོ། །འདི་ལ་
སྙིང་པོར་འདུ་ཤེས་གང་ལ་ཡོད་པ་དེ་ནི་གཅེས་པར་རྟོག་པའོ། །གཅེས་པ་མ་ཡིན་པར་རྟོག་པ་ནི་གཅེས་མིན་རྟོག་པའོ། །དེ་ཐོབ་པར་བྱེད་པའི་ལམ་གྱི་ཐབས་ཀྱང་མེད་དེ། དེ་ལྟ་བུའི་བློ་དང་ལྡན་པ་ནི་གཅེས་པ་ལས་གཅེས་པ་མ་ཡིན་པར་རྟོག་པ་ཉིད་དོ། །དེས་ནི་གཅེས་
པ་ཐོབ་མི་འགྱུར། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པའམ་དེའི་ལམ་མི་འཐོབ་པ་སྟེ། དེ་ལ་གྲོལ་བ་མེད་པའི་ཕྱིར་རོ། །གང་ལས་ཤེ་ན། འདི་ལྟར། ལོག་པར་ཀུན་རྟོག་སྤྱོད་ཡུལ་ཅན། །ཞེས་བྱ་བ་སྨོས་ཏེ། ལོག་པར་ངེས་པར་རྟོག་པའི་སྤྱོད་ཡུལ་དང་དམིགས་པ་
གང་ལ་ཡོད་པ་དེ་ཉིད་དོ། །ཡང་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཤས་ཆེ་བའོ། །གཅེས་ལ་གཅེས་པར་འདུ་ཤེས་པ། །ཞེས་བྱ་བ་ནི་གང་ཡང་མྱ་ངན་ལ་སོགས་པའི་དོན་སྙིང་པོ་དང་མཆོག་དང་ཐབས་སུ་ཤེས་པའོ། །གཅེས་པ་མ་ཡིན་པ་ལ་ཡང་གཅེས་
པ་མིན་པ་ཞེས་བྱ་བར་ཤེས་པའོ། །ལེགས་པར་ཀུན་རྟོག་སྤྱོད་ཡུལ་ཅན། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །ལོག་པ་ལ་མངོན་པར་ཞེན་པས་ནི་གཅེས་པ་མི་འཐོབ་ཅིང་ཕུང་ཁྲོལ་
སྐྱེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ན་ལྟ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཟླ་བ་བཞི་པའི་ཀུ་མུ་དའི་དགའ་སྟོན་ལ་བབ་པ་ན་རྒྱལ་བྱེད་ཀྱི་ཚལ་ནས་མཉན་ཡོད་ཀྱི་བར་དུ་མཚན་མོ་མར་མེ་གསལ་བར་གྱུར་ཏོ། །དེ་ན་སྐྱེ་བོའི་ཚོགས་འོང་བ་དང་
เล่ม ๑๔๙ · หน้า 123b
འགྲོ་བ་དག་གི་མུ་སྟེགས་ཅན་གྱི་མར་མེ་དང་། ལྷ་བཤོས་དག་ལ་ཕྱེ་མ་ལེབ་ལྟུང་བ་མཐོང་ནས་ལྟུང་ངོ་ལྟུང་ངོ་ཞེས་སྨྲས་པ་ལས་དེ་ལས་བརྩམས་པའོ། །འཁོར་བ་ནི་ཉེ་བར་ལེན་པས་ཉེ་བར་གཟུང་བ་སྟེ། འདོད་པ་ལ་སོགས་པ་ཉེ་བར་ལེན་ཅིང་འཛིན་པ་ཞེས་བྱ་བའི་
དོན་ཏོ། །རྒྱུག་པ་ཞེས་བྱ་བ་ནི་ལས་དེས་བྱས་ཤིང་བསྐུལ་བའི་དབང་གིས་འཇིག་རྟེན་འདི་ནས་ཕ་རོལ་དུ་རྒྱུན་མི་འཆད་པར་འཁོར་བའོ། །སྙིང་པོར་འགྲོ་བར་མི་འགྱུར་ཏེ། ཐར་པའམ་དེའི་ལམ་ཐོབ་པར་མི་འགྱུར་བའི་དོན་ཏོ། །གཞན་དག་ཏུ་ནི་ཕ་རོལ་ཕྱིན་པར་མི་འགྱུར་རོ་ཞེས་བརྗོད་དོ། །
ཆིངས་མ་གསར་དང་གསར་དུ་འཕེལ་བ་དག །ཅེས་བྱ་བ་ལ་འདིར་ལས་དང་ཉོན་མོངས་པ་ནི་འཆིང་བར་བཤད་དེ། སྐྱེ་བོ་དེ་དག་ནི་ལས་ཀྱི་འཆིང་བ་གསུམ་གྱིས་བཅིངས་སོ་ཞེས་བྱ་བའི་ཚིག་གིས་སོ། །ཉོན་མོངས་པ་དང་ལས་ཀྱི་འཆིང་བ་ནི་སྔོན་མ་བྱུང་ཞིང་མ་བྱུང་བ་རྗེས་སུ་འོང་
བས་ཆུང་ངུ་དང་འབྲིང་དང་ཆེན་པོ་འཕེལ་ཞིང་སོགས་པའོ། །མེ་ནང་ཞེས་བྱ་བ་ནི་པད་ཏླི་ག་ཏོ་ཞེས་བྱ་བ་འགྲོ་བ་ལ་ཟེར་ཏེ། མེ་ཞེས་བྱ་བ་དང་འདིར་སྦྱར་རོ། །ཁྱད་པར་དུ་གདུང་བར་བྱེད་པ་ནི་འདིར་མེ་སྟེ། དམྱལ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་ངན་སོང་གསུམ་མམ་འཁོར་བའོ། །
དེར་འགྲོ་བ་ནི་ཕྱིན་པའོ། །འདིར་དཔེ་བསྟན་པ། ཕྱེ་མ་ལེབ་དང་འདྲ་ཞེས་བྱ་བ་དཔེར་ན་ཕྱེ་མ་ལེབ་ཇི་ལྟར་འགྲོ་བའོ། །གང་དུ་ཞེ་ན། མེ་ནང་ཞེས་བྱ་བ་སྟེ། སྒྲོན་མ་ལ་སོགས་པའི་མེར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁོར་བར་འཁྱམ་པའི་རྒྱུ་གང་ཡིན་ཞེ་ན། དེ་ཉིད་བསྟན་
པ། ལྟ་དང་ཉན་དང་ཞེས་བྱ་བ་ལ་ལྟ་བ་ནི་མཐོང་བ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་གནས་པའོ། །དེ་ལ་མངོན་པར་ཞེན་པ་ནི་ལྷག་པར་ཆགས་པ་སྟེ། གང་དེ་འཁོར་བའོ། །ཐོས་པ་ནི་ལོག་པའི་གྲུབ་པའི་མཐའ་སྟེ། དེ་དང་ཕྱིན་ཅི་ལོག་གི་བློས་གྲུབ་ཅིང་རྗེས་སུ་གནས་
ཏེ་འཁོར་བར་འཁོར་བའོ། །ཡང་ན་ལྟ་བ་ནི་ད་ལྟར་བྱུང་བ་ལའོ། །ཐོས་པ་ནི་འདས་པ་དང་མ་འོངས་པ་ལའོ། །ཡང་ན་ལྟ་བ་ནི་ཡིད་དུ་འོང་བའི་གཟུགས་ལ་སོགས་པ་རྗེས་སུ་མྱོང་བ་ན་མི་རྟག་པ་ལ་སོགས་པའི་སྐྱོན་མ་རྟོགས་ཤིང་ལྷག་པར་ཆགས་པའོ། །མངོན་པར་
เล่ม ๑๔๙ · หน้า 124a
འདོད་པའི་ཡུལ་ལ་ཆགས་པས་གང་ལ་ཡང་མི་ཤེས་པར་འགྱུར་ཏེ། གཞན་ལས་ཐོས་པའི་བྲག་ལས་མཆོད་པ་དང་མེ་ལ་འཇུག་པ་དང་ཟས་གཅོད་པ་ལ་སོགས་པ་ལས་འབྱོར་པར་འདོད་ཅིང་བྱེད་པར་འདོད་པ་ནི་ཐོབ་པ་ལ་ལྷག་པར་ཆགས་པ་ཡིན་ནོ། །
ཡང་ན་འདོད་པ་བསོད་ནམས་དང་བདག་ཉིད་ལ་ངལ་བ་ལ་སོགས་པའི་སྦྱོར་བར་བརྗོད་པར་བྱའོ། །མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་པ་ལ་མངོན་པར་ཞེན་པའོ། །འཇིག་རྟེན་འདི་ནི་ཞེས་བྱ་བ་ནི་གཅིག་ཏུ་དེ་ལྟར་ཡང་དག་པར་ཞུགས་པ་རྣམས་ཀྱང་ཡང་དག་པར་ཡོད་པའི་ཕྱིར་
རོ། །ཡང་དག་པའི་ཡིད་ལ་བྱེད་པས་ནི་ཐེ་ཚོམ་དང་བྲལ་ཞིང་གཡང་སར་ལྷུང་བ་ལས་ལྡོག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་ལ་མྱོང་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་ནམ་གྲུ་ལ་ཐེ་ཚོམ་དང་འགྱོད་པ་གང་ཅི་ཡང་ཡོད་པ་དེ་ཐམས་ཅད་འཕགས་པ་ཤཱ་
རིའི་བུས་བསལ་ཞིང་ཇི་ཙམ་ན་དགྲ་བཅོམ་པར་གྱུར་ཏེ། དེའི་ཚེ་ཡང་ཐེ་ཚོམ་མེད་པར་གྱུར་ནས་དེ་ལ་བསྟན་པའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡིད་གཉིས་སོ། །ཇི་སྙེད་པ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་མཐའ་དག་གོ། །འདི་ན་ཞེས་བྱ་བ་ནི་
འཇིག་རྟེན་འདི་ནའོ། །ཐ་དད་པ་ནི་སོ་སོ་བ་སྟེ་འཇིག་རྟེན་གཞན་དག་ཏུ་ཡང་འདིའི་བདེན་པའི་ཡུལ་ཡིན་པའི་ཕྱིར་རོ། །ཡང་ན་ནང་དང་ཕྱི་རོལ་གྱི་གནས་ལའོ། །ཡང་ན་བདག་ཉིད་དམ་གཞན་ལའོ། །འདི་ལ་མྱོང་འགྱུར་ཞེས་བྱ་བ་མྱོང་བར་བྱེད་པ་ཡིན་པས་མྱོང་བ་སྟེ།
གང་ཚེ་འདི་ཉིད་ལ་སྨིན་པའོ། །གཞན་དུ་མྱོང་བར་བྱེད་པ་ཡིན་པས་གཞན་དུ་མྱོང་བར་འགྱུར་རོ། །རང་གི་རྒྱུད་ལ་རྣམ་པར་སྨིན་པའི་འབྲས་བུ་སྟེར་བ་དང་། གཞན་གྱི་རྒྱུད་ལ་བདག་པོའི་འབྲས་བུ་སྟེར་བའོ། །ཡང་ན་འཛིན་པར་བྱེད་པའི་རིམ་པས་སོ། །འདི་ལ་
མྱོང་བྱེད་པ་ཞེས་བྱ་བར་གཞན་དག་ཏུ་བརྗོད་དེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ། །གཞན་ལ་མྱོང་འགྱུར་བ་ཞེས་བྱ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བའོ། །དེ་དག་སེམས་པར་བྱེད་པས་རབ་ཏུ་སྤོང་ཞེས་བྱ་བས་ནི་ཐེ་ཚོམ་མཐའ་དག་གོ། །སེམས་པར་བྱེད་པ་ནི་
เล่ม ๑๔๙ · หน้า 124b
རྣལ་འབྱོར་ཏེ་ཡང་དག་པ་ཡིད་ལ་བྱེད་པས་འཇུག་པའོ། །རབ་ཏུ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་གཉེན་པོའི་ཁྱད་པར་གྱི་མཐུས་ཡོངས་སུ་འདོར་བའོ། །རེ་ཞིག་དགག་པའི་གཉེན་པོ་བསྟན་པའི་ཕྱིར་འབད་པ་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་སྤོང་བ་བཞི་བསྒོམས་པས་སོ། །
གཏན་ནས་འབྱིན་པའི་གཉེན་པོ་བསྟན་པའི་ཕྱིར། །ཚངས་སྤྱོད་སྤྱོད་པ་དང་ཞེས་བྱ་བ་སྨོས་ཏེ། འཕགས་པའི་ལམ་བསྒོམས་པས་སོ། །གང་དག་དེ་ལྟར་འཇུག་པ་ཉིད་ནི་དྲང་སྲོང་ཆེན་པོའི་ཆ་བྱད་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་སྙིགས་མ་ཡོད་བཞིན་
དུ། །ཞེས་བྱ་བ་ལ་སོགས་པ་དག་གོ། །ལྷས་བསྐུལ་ནས་འོད་མའི་ཚལ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་དག་གིས་ཀོ་ཀ་ལི་ཀའི་ཐད་དུ་ལྷགས་ཏེ་སྨྲས་པ། ཁྱོད་ལ་འདི་ནི་རིགས་པ་མ་ཡིན་ཏེ། ཉན་ཐོས་ཆེན་པོ་དག་དང་འགལ་བར་བྱེད་པས་ངེད་ཅག་ཀྱང་དགའ་
བ་མ་ཡིན་ནོ་ཞེས་པ་དང་། དེ་ཕྲག་དོག་གིས་སྡིག་པ་འདོད་ཅིང་ཚིག་མི་སྙན་པས་བྱ་བར་བྱེད་དོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱོད་སོང་ལ་འོད་མའི་ཚལ་གྱི་ལམ་སྲང་དང་བཞི་མདོ་དག་ཏུ་ཚིགས་སུ་བཅད་པ་གཉིས་པོ་འདི་ཐོན་ཅིག་ཅེས་གསུངས་སོ། །འདོད་ཆགས་ཀྱིས་
ཀུན་ནས་བསླང་བའི་ལུས་ལ་སོགས་པའི་ལས་ནི་སྙིགས་མ་སྟེ། གནོད་པར་བྱེད་པའི་གནས་སུ་གྱུར་པའི་ཕྱིར་དང་། ཟིལ་གྱིས་གནོན་པར་བྱེད་པའི་མཚན་མར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ལ་ཡོད་པ་དེ་ནི་སྙིགས་མ་ཡོད་བཞིན་དུ་ཞེས་བྱ་བ་ཡིན་ཏེ། སྙིགས་མ་དང་
བཅས་པའོ། །སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ཕྱིས་པ་ཡིན་ཏེ་སྙིགས་མ་དང་བཅས་པ་ནི་ཉེས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྙིགས་མས་བསླད་པའི་ཕྱིར་ཏེ་གསུམ་པའོ། །ངུར་སྨྲིག་གོས་ཞེས་བྱ་བ་ནི་ཤིང་གི་རྩ་བ་ལྟ་བུ་སྟེ། ནོག་པོ་ལ་སོགས་པ་བསྐོལ་བ་ལས་
བྱུང་བའི་ཚོན་གྱིས་བསྒྱུར་བའི་གོས་དེ་ནི་གོས་ཚོན་ཅན་ཏེ་ངུར་སྨྲིག་གི་གོས་སོ། །དེས་འགེབས་ཤིང་བཀབ་པ་ནི་གྱོན་པའོ། །དུལ་དང་དེས་པ་མེད་པ་ཞེས་བྱ་བ་ལ་དུལ་བ་ནི་དབང་པོ་སྡོམ་པའོ། །དེས་པ་ནི་སེམས་དུལ་བ་སྟེ་དགེ་བ་ལ་མངོན་པར་དགའ་བ་བསྐྱེད་པའི་ཕྱིར་རོ། །ཡང་ན་དེས་
เล่ม ๑๔๙ · หน้า 125a
པ་ནི་བཟོད་པའོ། །དུལ་བ་དང་དེས་པ་དང་བྲལ་བ་གང་ཡིན་པ་དེ་ནི་དེའོ། །དེ་ཉིད་ཀྱིས་ནི་དྲང་སྲོང་ཆེན་པོའི་རྒྱལ་མཚན་ནམ་ངུར་སྨྲིག་གི་གོས་ཡོངས་སུ་བགོ་བར་རིགས་པ་མ་ཡིན་ནོ། །གང་ཞིག་སྙིགས་མ་རྣམས་སྤངས་ནས་ཞེས་བྱ་བ་ནི་གང་ཡང་
སྙིགས་མ་ཡོངས་སུ་སྤངས་པར་གྱུར་པའོ། །ཚུལ་ཁྲིམས་ལ་བརྟེན་པ་ཉིད་ཀྱིས་ནི་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚུལ་ཁྲིམས་ལེགས་པར་མཉམ་གཞག་པ། །ཞེས་བྱ་བ་སྟེ། སོ་སོར་ཐར་པའི་སྡོམ་པ་ལ་ཤིན་ཏུ་གུས་པས་འཇུག་པའོ། །ཡང་ན་སྙིགས་མ་སྤངས་པ་ཉིད་ཀྱིས་
ནི་ཚུལ་ཁྲིམས་ལ་སོགས་པ་སྤོང་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་སྨོས་སོ། །དུལ་དང་ངེས་པར་སྡོམ་པ་ཞེས་བྱ་བ་ནི་དབང་པོ་དང་ཡིད་དམ། དེ་བཞིན་དུ་བཟོད་པ་དང་ལྡན་པས་སོ། །དེ་ནི་དེ་ཉིད་དེ་སྔར་བསྟན་པའི་སྐྱོན་དང་བྲལ་ཞིང་ཡོན་ཏན་དང་
ལྡན་པ་ཉིད་ཀྱིས་ནི་སྐྱེ་བོ་དགེ་བའི་ཚུལ་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། གཡོ་སྒྱུ་འཇུངས་དང་ལྡན་པའི་མི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་སློང་ཞིག་མཆོག་ཏུ་མཛེས་ལ་ཁ་དོག་བཟང་ཞིང་ཤ་རྒྱས་པ་དང་ལྡན་པ་ཐོས་པ་མང་ཞིང་སྙན་པར་སྨྲ་བ། གཡོ་སྒྱུ་ཆེ་
ཞིང་སེར་སྣ་དང་ལྡན་པ་ཞིག་རུང་བ་དང་གཞན་འདོད་པ་ཆུང་བ་ལས་དགྲ་བཅོམ་པར་གྱུར་ཅིང་དགོན་པ་ལ་གནས་པ་སྟེ། དེ་ལས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །སྨྲ་བར་བྱེད་པ་ནི་སྙན་པའི་ཚིག་བརྗོད་པའོ། །ཙམ་གྱིས་ཞེས་བྱ་བ་ནི་དེ་ལས་གཞན་པའི་ཡོན་ཏན་
མེད་པ་སྟེ། དེ་ཙམ་གྱིས་ནི་དགེ་བའི་ཚུལ་དུ་མི་འགྱུར་ཏེ། མི་དགེ་བ་དག་ལ་ཡང་དེ་ཡོད་པའི་ཕྱིར་རོ། །ཁ་དོག་དང་ནི་གཟུགས་ལྡན་པ། །ཞེས་བྱ་བ་ནི་ཡང་ན་ཁ་དོག་དང་དབྱིབས་ཤིན་ཏུ་མཛེས་པས་སྡིག་པ་བྱེད་ན་ཡང་དེ་དང་ལྡན་པ་ཡིན་ཏེ། གཟུགས་དང་ལྡན་པ་ནི་
འདིར་བསྔགས་པའི་གཟུགས་སོ། །ཕོ་མཆོག་ཅེས་བྱ་བ་ནི་རང་བཞིན་གྱིས་དགེ་བ་སྟེ་དགེ་བ་སྨོས་པའོ། །ཅིའི་ཕྱིར་དེ་ཕོ་མཆོག་ཅེས་བྱ་བར་མི་ཆུད་ཅེ་ན་ཕོ་མཆོག་མ་ཡིན་པ་ལ་དེ་ཡོད་པའི་ཕྱིར་རོ། །གཡོ་སྒྱུ་འཇུངས་དང་ལྡན་པ་ཞེས་བྱ་བ་ལ་སྒྱུ་ནི་གཞན་སླུ་བའི་བདག་
เล่ม ๑๔๙ · หน้า 125b
ཉིད་ཀྱི་སྒྱུ་གང་ལ་ཡོད་པའོ། ནོར་དག་ལ་ཀུན་དུ་འཛིན་པ་གང་ལ་ཡོད་པ་དེ་ནི་འཇུངས་པའོ། །སེམས་གྱ་གྱུ་བའི་མཚན་ཉིད་དེ་གཞན་དང་གཞན་དུ་མ་ཡིན་པའི་མཚན་ཉིད་སྟོན་པའི་བདག་ཉིད་ཀྱི་གཡོ་དང་ལྡན་པ་ནི་གཡོའོ། །ངན་པའི་མཚན་ཉིད་གསུམ་པོ་འདི་དང་ལྡན་པ་ནི་ངན་
པའི་རྟགས་སོ། །གང་ཞིག་དེ་དག་རྣམས་ཞེས་བྱ་བ་ནི་གང་ཡང་བདག་ཉིད་ཆེན་པོ་སྨྲ་བར་བྱེད་པ་དང་། ཁ་དོག་དང་གཟུགས་མཛེས་པ་དང་མི་ལྡན་པ་ཡིན་ན་ཡང་སྒྱུ་དང་འཇུངས་པ་དང་གཡོའི་བདག་ཉིད་ཆོས་གསུམ་པོ་འདི་དག་རྩ་ནས་ཕྱུང་ཞིང་ཐོབ་པ་བཅད་པ་ཡིན་ཏེ།
ཇི་ལྟ་བུ་ཞེ་ན། ཏ་ལའི་མགོ་བོ་བཞིན་བཅད་ནས། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཏ་ལའི་རྩེ་མོ་བཅད་ན་ཤིང་ཏ་ལ་རྩ་བ་ནས་སྐམ་པར་འགྱུར་བ་དེ་བཞིན་དུ། སྐྱོན་ནི་བསྩལ་པ་དེའི་ཞེས་བྱ་བ་དེ་གཡོ་དང་སྒྱུ་དང་འཇུངས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །བློ་ལྡན་ཞེས་བྱ་བ་
ནི་ཤེས་པ་ཁྱད་པར་ཅན་ལ་བརྟེན་པས་ནི་སྐྱོན་སྤོང་བ་ཡོད་པའི་ཕྱིར་རོ། །ཕོ་མཆོག་ཡིན་པར་བརྗོད་པར་བྱ། །ཞེས་བྱ་བ་ནི་སྐྱེས་བུ་དམ་པ་ཡིན་ནོ་ཞེས་བཤད་དོ། །ཁ་དོག་དང་གཟུགས་བཟང་བ་ལ་སོགས་པས་དམ་པ་རྣམས་ཀྱི་རྟགས་སུ་ངེས་པར་མི་བྱའོ་ཞེས་བསྟན་
པའི་ཕྱིར། འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཚེ་གོས་མེད་བདུན་དང་སྐྲའི་ལ་བ་ཅན་བདུན་དང་། རས་གཅིག་པ་བདུན་དང་། ལུས་ཚོ་ཞིང་སྦོམ་པ་འཁོར་དང་བཅས་པ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་དག་ཏུ་སྤྱོད་ཅིང་གནས་པ་དེ་དག་གསལ་རྒྱལ་གྱིས་མཐོང་
ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ་ལན་གསུམ་གྱི་བར་དུ་བདག་གི་མིང་ནས་ཉན་པར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ཁྱེད་དེ་ལྟར་བྱེད་ཅེས་བཀའ་སྩལ་པ་དང་། བཙུན་པ་བདག་གིས་ནི་འཇིག་རྟེན་ན་འདི་དག་
དགྲ་བཅོམ་པ་ལགས་སོ་ཞེས་དགོངས་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་ལེགས་པར་དགྲ་བཅོམ་པ་ཡིན་ནམ་མ་ཡིན་པ་མ་རྟོགས་ཏེ་ཡང་དེའི་སེམས་ཇི་ལྟ་བ་བཞིན་དུ་མ་ཤེས་སོ། །རྒྱལ་པོ་ཆེན་པོ་ལྷན་ཅིག་བསྟེན་པས་ནི་ཚུལ་ཤེས་
เล่ม ๑๔๙ · หน้า 126a
པར་བྱ་བ་ཡིན་ཏེ། དེ་ཡང་དུས་ཤིན་ཏུ་རིང་པོ་ནས་ཤེས་པ་ཡིན་གྱིས་གཞན་དུ་མ་ཡིན་ནོ། །དེ་ཡང་ཡིད་ལ་བྱེད་ཅིང་ཡིད་ལ་མི་བྱེད་པས་མ་ཡིན་པ་དང་། དེ་ཡང་ཤེས་རབ་འཆལ་པས་ནི་མ་ཡིན་ནོ། །ཕོངས་པའི་དུས་སུ་བརྟན་པ་དང་། སྤྱོད་པ་གཙང་
བ་དང་། གཏམ་དང་འབྲེལ་བའི་གཏམ་རབ་ཏུ་ཤེས་པ་སྟེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མདོག་གཟུགས་ཀྱིས་ནི་ལེགས་པར་མི་བརྟག་སྟེ། །ཞེས་བྱ་བ་ནི་མདོག་དང་གཟུགས་བཟང་བ་ཙམ་གྱིས་ནི་སྐྱེས་བུ་དམ་པ་ཞེས་མཚོན་པར་རུང་བ་མ་ཡིན་ཏེ།
ཇི་སྐད་དུ། ཞི་བ་ཡི་ནི་གཟུགས་ཅན་ལས། །འཇིགས་པ་མི་འབྱུང་ངེས་མེད་དེ། །མར་མེའི་རྩེ་མོ་དཀར་བ་ལས། །དུད་པ་ནག་པོའང་ཅིས་མི་འབྱུང་། །ཞེས་བཤད་པ་ལྟ་བུའོ། །ལྷན་ཅིག་འདུག་ཀྱང་དུས་ཅུང་ཟད་ཀྱང་རྟོགས་པ་དང་ཡིད་ཆེས་པར་བྱ་བ་མ་ཡིན་ནོ་
ཞེས་བསྟན་པའི་ཕྱིར། ལེགས་པར་མ་བརྟགས་པར་དུ་ཞེས་བྱ་བ་སྨོས་ཏེ། ཡུན་ཐུང་ངུར་ལེགས་པར་སྤྱོད་པ་མཐོང་བ་ལས་ནི་ཡིད་བརྟན་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ། །ཕལ་ཆེར་ལེགས་བསྡམས་རྟགས་ཀྱིས་སྒྱུ་བྱེད་པས། །
ཞེས་བྱ་བ་སྨོས་ཏེ། སྡིག་པ་ལས་གཏན་དུ་ལྡོག་པར་ལེགས་པར་སྤྱོད་པ་དེ་དག་གི་རྟགས་ནི་ཆ་བྱད་དེ་གང་དག་མ་བསྡམས་ཤིང་ཚུལ་ངན་པ་དང་། འཚོ་བ་མེད་པས་འཇིགས་ཤིང་སྐྲག་པར་གྱུར་པས་ཕལ་ཆེར་མིའི་འཇིག་རྟེན་དུ་གཞན་སླུ་བའི་ཕྱིར་སྒྱུ་བྱེད་དེ།
ཕུབ་དང་མདུང་དང་ལྡན་པ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱའོ། །འདི་ཉིད་ཀྱི་དོན་མཐུན་པའི་དཔེས་བསྟན་པའི་ཕྱིར། ར་གན་ཁ་བསྒྱུར་ཞེས་བྱ་བའོ། །ནང་ན་ཁོང་པ་རབ་གདུག་ཅེས་བྱ་བ་ནི་ནང་གི་ཡིད་ལ་བྱེད་པ་ནི་ཉོན་མོངས་པ་དང་སྡིག་པ་རྣམས་ཀྱིས་ཤིན་ཏུ་བསླང་པ་ཡིན་
ཏེ། ཕྱི་རོལ་གྱི་ལུས་ལ་ནི་འཕགས་པའི་ཚུལ་བཞིན་དུ་གང་གི་ཆ་བྱད་ཞི་བར་བྱས་པས་ཞེས་བྱ་བའི་དོན་ཏོ། །རྒྱུ་བ་ཞེས་བྱ་བ་ནི་གྲོང་ནས་གྲོང་དང་། ཁྱིམ་ནས་ཁྱིམ་དུ་ཉེ་བར་འགྲོ་བ་སྟེ། རྨོངས་པས་འདི་ནི་བདེ་བ་ཅུང་ཟད་ཙམ་ལ་བརྐམ་ཞིང་གཞན་གྱི་དབང་དུ་བདག་
เล่ม ๑๔๙ · หน้า 126b
ཉིད་བྱས་པ་ཡིན་ནོ་ཞེས་རྒྱུ་བསྒྲུབ་པའི་ཕྱིར་འདི་ལྟར་གྱི་སྒྲའོ། །འདི་ན་གཅིག་པུ་འཁོར་དང་བཅས་པར་ཞེས་བྱ་བ་ནི་སློབ་མ་ཉེ་གནས་དང་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །འཇིག་རྟེན་དུ་དེ་ཇི་ལྟར་རྒྱུ་བ་ཡིན་ཞེ་ན། འདིར་དཔེར་བསྟན་པ་ཁ་བསྒྱུར་ཞེས་བྱ་བ་
སྨོས་ཏེ། གཟུགས་བརྙན་དང་བཅོས་མ་སྟེ་འདི་ལྟར་སྐྱེ་བོ་དམ་པའི་ཆ་བྱད་ཙམ་དེ་འཛིན་པའོ། །དམ་པའི་སྐྱེ་བོ་བཞིན་དུ་སྣང་ལ་དོན་དམ་པ་ནི་མ་ཡིན་ཏེ། སྐྱེ་བོ་ངན་པ་ཉིད་དོ། །དེ་ཇི་ལྟར་དམ་པ་རྣམས་ལྟར་ཁ་བསྒྱུར་བ་ཡིན་ཞེ་ན། ཁོང་པ་རབ་གདུག་ཅེས་བྱ་བ་ལ་སོགས་པའོ། །
ཇི་ལྟ་བུ་ཡིན་ཞེ་ན། ར་གན་ལྟ་བུར་མི་འཚམ་ཞིང་། །ཞེས་བྱ་བ་ནི་ཟངས་མ་ལ་སོགས་པ་གསེར་གྱི་ཆུ་དང་ལེབ་མ་ལ་སོགས་པས་ཕྱི་རོལ་གྱི་ཕྱོགས་མཛེས་པར་བྱས་པའོ། །རྣམ་བརྒྱན་ཕྱི་རོལ་ནས་ར་གན་གྱི་དུད་པས་བདུགས་པ་ལ་ར་གན་ལྟ་བུར་ཞེས་བརྗོད་དོ། །ཡང་ན་
ཟངས་མ་ལ་སོགས་པའི་རང་བཞིན་བྱས་ལ། དུད་པའི་བྱེ་བྲག་གིས་གསེར་གྱི་མདོག་ཉིད་དུ་བྱེད་དེ། གཞན་སླུ་བའི་ཕྱིར་རོ། །ལྕགས་ཕྱེད་མ་ཤ་བཞིན་དུ་ཞེས་བྱ་བ་ནི་ལྕགས་དང་ཟངས་མ་ལ་སོགས་པའི་རང་བཞིན་འདི་ནི་ལྕགས་ཕྱེད་དོ། །ལྕགས་ཀྱི་ཕྱེད་ཀྱང་ཡིན་ལ་
མ་ཤ་ཡང་ཡིན་པས་ལྕགས་ཕྱེད་མ་ཤའོ། །མ་ཤའི་སྒྲ་ནི་འདིར་པ་ན་ལ་བརྗོད་དེ། ཕྱེད་ཟངས་མ་ལ་སོགས་པ་ལས་བྱས་ནས་ཕྱེད་ནི་གསེར་ལ་སོགས་པས་ཕྱི་རོལ་ནས་བཟོ་བྱས་ཏེ། དེས་འཇིག་རྟེན་སླུ་བར་བྱེད་དོ། །གསེར་གྱིས་གཡོགས་པ་ཡིན་པས་གཡོགས་པ་སྟེ་ནང་གཟེར་
བུ་ལ་སོགས་པས་སྦྲེལ་ཞིང་ལྕགས་ལས་བྱས་ལ་ཕྱི་རོལ་གསེར་ལས་བྱས་པ་ནི་པ་ན་ཞེས་པའི་དོན་ཏེ། །དཔེར་ན་འདི་ལྟར་རྣ་རྒྱན་དང་ཀཱར་ཥཱ་པ་ཎ་བཅོས་མས་འཇིག་རྟེན་ན་སླུ་བར་བྱེད་པ་དེ་བཞིན་ནོ། །ནང་དུ་ཁོང་པ་གདུག་པའི་ཉེས་དམིགས་བསྟན་པའི་ཕྱིར། གང་ཞིག་རྡེ་
འགེངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་གནས་ཏེ། གཉིད་ཆེ་ཞིང་ལེ་ལོ་ཆེ་བ་དང་། འཕྱར་བ་དང་བཟའ་བཏུང་སོགས་ལ་ལོངས་སྤྱོད་མཆོག་ཏུ་བྱེད་པ་དག་ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ལྷའི་སྤྱན་གྱིས་གཟིགས་ཏེ། དེ་ལས་
เล่ม ๑๔๙ · หน้า 127a
བརྩམས་ནས་འདི་གསུངས་སོ། །གཉིད་ནི་ལྡོག་པ་དང་ཞེས་བྱ་བ་ནི་གང་ལ་གཉིད་ཤས་ཆེ་བ་ཡོད་པ་ནི་གཉིད་ལྡོག་པ་སྟེ་གཉིད་ཤས་ཆེ་བ་ཞེས་བྱ་བའི་དོན་ཏོ། །ཁ་ཟས་ཤས་ཆེར་ཟོས་པ་ལས་གཉིད་སོགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། །
རྡེ་འགེངས་ཞེས་བྱ་བ་སྟེ། ཤས་ཆེར་ཟ་ཞིང་སྤྱོད་པ་ཉིད་དེ་ཁ་ཟས་མང་དུ་ཟ་བ་ཞེས་བྱ་བའི་དོན་ཏོ། །གང་བཟའ་བ་དང་བཏུང་བ་ཤས་ཆེར་སྤྱོད་པ་དེ་ནི་གཉིད་ཀྱིས་ནོན་པར་འགྱུར་རོ། །དེ་ཉིད་ཀྱིས་ནི་སྤྱོད་ལམ་ཉམས་པ་བསྟན་ཏེ། ཉིན་དང་མཚན་ཞེས་བྱ་བ་ནུབ་མོ་དང་ཉིན་པར་
རོ། །འགྲེ་ལྡོག་ཉལ་བྱེད་པ་ཞེས་བྱ་བ་ནི་འབྲེལ་པ་སྟེ་ཡོངས་སུ་འགྱུར་ཞིང་འཕོ་བའོ། །སྤྱོད་ལམ་གཅིག་གི་ནང་དུ་ངེས་པ་མེད་པར་རིམ་པ་གཞན་སྤྱོད་པའོ། །ཡང་ན་ཀུན་དུ་རྨོངས་ཤིང་ཡོངས་སུ་འཁོར་བ་སྟེ། དེས་ཉལ་བའི་གནས་སྐབས་ཀྱི་ཚུལ་གང་ལ་ཡོད་པའོ། །ནང་
གི་སྐྱོན་གཉིད་བསྟན་ནས་ཕྱི་རོལ་གྱི་བསྟན་པའི་ཕྱིར། ཕག་ཆེན་ཇི་ལྟར་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཕག་ཆེན་པོ་ལུས་རྒྱས་ཞེས་བྱ་བ་རྟག་ཏུ་འགྲེ་བ་དང་མཐུན་པས་གནས་པའོ། །གང་དུ་ཕག་ལ་སོགས་པ་དེ་ནི་བག་ཡངས་སུ་གནས་པའི་ཕྱོགས་ཞེས་བྱ་བའི་དོན་ཏོ། །
དེར་ནི་རྒྱས་པ་སྟེ་བཤང་གཅི་འབྱུང་བའི་བདག་ཉིད་ཀྱི་ཕྱི་ས་ཁུང་དུ་རྒྱས་ཏེ། དེར་ཉེ་བར་འཕེལ་ཞིང་དེ་ཉིད་ལ་འགྲེ་བ་དང་ལྡོག་པ་མངོན་པར་དགའི། གཞན་དུ་མ་ཡིན་ཏེ་ཇི་ལྟར་དེ་ཕྱི་ས་ཁུང་གི་ནང་དུ་རྒྱུན་དུ་འགྲེ་ཞིང་ལྡོག་ལ་ཉལ་བ་དེ་བཞིན་ནོ། །གཉིད་ལོག་པའི་
སྐྱོན་དང་བྲལ་ན་ནི་ཁྱད་པར་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་ལུས་ཤིན་ཏུ་ཚོ་ཞིང་ཞི་བས་ལུས་རྔུལ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་འདི་སྐད་དུ། བཙུན་པ་བདག་གི་ལུས་ཤིན་ཏུ་སྦོམ་
ལ་ལྕི་བས་ཤིན་ཏུ་ཉོན་མོངས་ཤིང་གཡར་ངོ་ཚ་བར་གྱུར་ཏོ་ཞེས་གསོལ་པ་དང་། དེ་ལས་ཚིགས་སུ་བཅད་པ་འདི་གསུངས་སོ། །དེ་ཡང་དང་ཡང་དུ་མི་འོག་མ་ལས་ཐོས་ཏེ། མཉན་ནས་རང་གི་ལུས་ལ་བྲིས་ཤིང་རྒྱལ་པོས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཕྱག་
เล่ม ๑๔๙ · หน้า 127b
འཚལ་ལོ་ཞེས་རྒྱ་ཆེར་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་དོ། །མི་ནི་ཞེས་བྱ་བ་ནི་མི་ཉིད་ཡོན་ཏན་དང་སྐྱོན་སོགས་པའི་ཞིང་ཡིན་ཏེ། གང་གི་ཕྱིར་མི་ནི་ལས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །ལྷ་ནི་མ་ཡིན་ཏེ་བག་མེད་པའི་ཕྱིར་རོ། །ཡི་དགས་ལ་སོགས་པའི་འགྲོ་བ་
མ་ཡིན་ཏེ། སྡུག་བསྔལ་གྱིས་གཙེས་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ལ། དྲན་པའི་སྒྲ་ནི་ཉམས་སུ་མྱོང་བ་དང་དྲན་པ་དང་དེ་ཁོ་ན་ཉིད་ཡོངས་སུ་བརྟགས་པ་ལ་བརྗོད་དེ་དྲན་པའི་ལས་ཡིན་པའི་ཕྱིར་རོ། །དེ་ཡང་ལུས་ཀྱི་རྗེས་
སུ་སོང་བའི་དྲན་པ་སྟེ། དེའི་ཆུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ཇི་སྐད་དུ་དྲན་པས་སྒོ་བསྲུངས་བར་གྱུར་པ་དང་། ཤེས་རབ་ཀྱི་ར་བ་དང་ལྡན་པར་གྱུར་ན་ནི་མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པར་འགྱུར་རོ་ཞེས་སོ། །འདིས་ནི་ནང་གི་གདུང་བར་བྱེད་པ་སྤོང་བར་
བྱེད་པའི་རྒྱུ་བསྟན་ཏོ། །ད་ནི་ལུས་ལ་གནོད་པ་བསྩལ་བའི་རྒྱུ་བསྟན་ཏེ། ཚོད་དང་ཤེས་པ་ཞེས་བྱ་བ་ནི་ཚོད་རིག་པའོ། །ཟས་ནི་ཉམས་སུ་མྱོང་བས་ཉེ་བར་ལོངས་སྤྱོད་པའོ། །གང་ཡང་དེ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། འདི་ནི་མཐུན་པའོ་འདི་ནི་མི་མཐུན་པའོ་ཞེས་ཤེས་
ནས་ཕན་པ་ནི་ཟ་ལ་མི་ཕན་པ་ནི་སྤངས་པས་ཆུང་བའམ་སྲབ་པ་འཐོབ་པར་འགྱུར་རོ། །འདི་ཉིད་བསྟན་པའི་ཕྱིར། དེ་ཡི་སྡུག་བསྔལ་ཆུང་བར་འགྱུར། །ཞེས་པ་སྟེ། དེ་ལ་རླུང་ལ་སོགས་པའི་ནད་འབྱུང་བར་མི་འགྱུར་ལ། གལ་ཏེ་ལས་ཀྱི་དབང་གིས་འབྱུང་ན་ཡང་
ཆུང་བ་དང་ཉུང་ངུ་རྒྱུད་ལ་འབྱུང་སྟེ། གང་གི་ཕྱིར་འདུ་འཕྲོད་ཚོགས་ན་ནི་འདི་ལྟར་ཡན་ལག་ཐམས་ཅད་ཚང་བ་ཡིན་པར་འདོད། དལ་བུས་འཇུ་བས་ཞེས་བྱ་བ་ནི་ཡུན་རིང་བས་འཇུ་ཞིང་རིམ་གྱིས་རིམ་གྱིས་འཇུ་ཞིང་ཉམས་སུ་མྱོང་བས་དེའི་མཐུས་འབྱུང་བ་ཆེན་པོ་རྣམས་འཕེལ་
ཞིང་ན་ཚོད་ཡུན་རིང་དུ་གནས་པ་ཡིན་ནོ། །ཡང་གི་སྒྲ་ནི་དང་གི་དོན་ནམ་ཡང་ན་རིམ་པ་གཞན་དུ་སྦྱར་བ་སྟེ། ཚེ་ཡང་ཞེས་བྱ་བ་དང་འདིར་སྦྱར་རོ། །འཇུ་བས་ནད་བསལ་ཞིང་དེས་འཇིགས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྔར་བསྟན་པའི་དམ་པའི་སྤྱོད་པས་འཆི་
เล่ม ๑๔๙ · หน้า 128a
བས་ཀྱང་འཇིགས་པ་མེད་པར་བསྟན་པའི་ཕྱིར། ཚེ་ཡང་སྲུང་བར་བྱེད་ཅེས་བྱ་བ་སྨོས་ཏེ། དེས་འབྱུང་བ་རྣམས་སོགས་པས་ཡུན་རིང་དུ་འཚོ་བར་བྱེད་དོ། །ཟས་ཀྱི་ཚོད་ཤེས་པ་ལ་སོགས་པ་མེད་པའི་ཉེས་དམིགས་བསྟན་པའི་ཕྱིར། གང་ཞིག་
དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཞིག་གཉིད་དང་རྨུགས་པ་ལ་སོགས་པས་ནོན་པས་དགེ་བའི་མཚན་མ་ཡིད་ལ་མི་བྱེད་དེ། དེ་ཚངས་པར་སྤྱོད་པ་ལ་མི་དགའ་བས་དེའི་མཁན་པོས་དོན་འདི་སྨྲས་ཏེ། དེ་དང་བཅས་པར་བཅོམ་ལྡན་འདས་ཀྱི་
ཐད་དུ་ཁྲིད་པ་ལས་ཇི་ཙམ་ན་དེ་ལ་ཆོས་བསྟན་ཏེ། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པས་བསྡམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། ཚིགས་སུ་བཅད་པ་གཉིས་གསུངས་སོ། །བདག་གི་ཞེས་བྱ་བ་ནི་རྗེས་སུ་ལྟ་བ་དང་མཐོང་བ་ཞེས་བྱ་བའི་དོན་ཏོ། །གང་
ལ་གཙང་མར་རྗེས་སུ་ལྟ་བ་གང་ཡིན་པ་དེ་ནི་གཙང་མར་ལྟ་བ་སྟེ། གཙང་མར་ལྟ་བ་ཡང་བུད་མེད་ཀྱི་གཟུགས་མཐོང་ན་ཡིད་དུ་འོང་བར་ཡིད་ལ་བྱེད་དོ། །ཡང་ན་གཙང་བས་རྗེས་སུ་ལྟ་བ་སྟེ། ཕྱིན་ཅི་ལོག་དང་འབྲེལ་པའི་ཕྱིར་རོ། །འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་
ལྷག་པར་ཞེན་པ་བསྟན་ནས་དེ་ལས་བྱུང་བའི་སྤྱོད་པ་བསལ་བར་བསྟན་པའི་ཕྱིར། གནས་བྱེད་པ་ཞེས་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་འཇུག་པའི་ཕྱིར་ལན་ཚྭའི་ཆུ་དང་འདྲ་བར་སྲེད་པ་འཕེལ་བར་འགྱུར་ཏེ། དེ་ཉིད་ལ་གནས་པའོ། །གང་
ཞིག་དབང་པོ་མ་བསྡམས་ཤིང་ཞེས་བྱ་བ་ལ། དབང་པོ་དུལ་བ་དག་ནི་འདོད་པའི་ལོངས་སྤྱོད་སྤོང་བ་ཡིན་ཏེ། དབང་པོ་རྣམས་ཡུལ་དག་ལས་སྡོམ་ཞིང་ཡང་དག་པར་བསྡམས་པ་དང་ལྡན་པ་དང་ཤིན་ཏུ་བསྡམས་པའོ། །མིག་ལ་སོགས་པ་གཟུགས་ལ་སོགས་པ་
ལ་མངོན་པར་བསྡམས་པ་སྟེ། གཟུགས་ལ་སོགས་པའི་ཡུལ་དག་ལས་མ་བཟློག་ཅིང་ཤིན་ཏུ་འབྱུང་བའི་ཕྱིར་རོ། །འདིར་རྒྱུ་བསྟན་པ། ཟས་ཀྱི་ཚོད་ཀྱང་མི་ཤེས་ལ། །ཞེས་བྱ་བ་ལ་མང་དུ་ཟོས་པས་ནི་དྲི་མ་ལ་སོགས་དང་དབང་པོ་རྣམས་འཁྲུལ་བར་འགྱུར་བའི་ཕྱིར་
เล่ม ๑๔๙ · หน้า 128b
ཏེ། དེ་ཉིད་ཀྱི་ཕྱིར། དྲན་པ་ཉམས་དང་ལེ་ལོ་ཅན། །ཞེས་བྱ་བ་ལེ་ལོ་ནི་བྱ་བ་ངན་པ་ལ་སེམས་གཡེངས་པས་དགེ་བའི་བྱ་བ་དག་ལ་སྤྲོ་བ་མེད་པ་སྟེ། བྱ་བ་ངན་པ་ལ་གནས་པས་བྱས་པའོ། །དྲན་པ་ཉམས་པ་ནི་ལུས་སུ་གཏོགས་པའི་དྲན་པ་དང་བྲལ་བའི་ཕྱིར་
རོ། །དེ་ནི་འདོད་ཆགས་རྣམས་ཀྱིས་བཅོམ། །ཞེས་བྱ་བ་ནི་དེ་ཉིད་ནི་ཉེས་པས་བཅོམ་ཞིང་ཟིལ་གྱིས་གནོན་པ་ཡིན་ཏེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། །རླུང་གིས་མི་བརྟན་ལྗོན་ཤིང་བཞིན། །ཞེས་བྱ་བ་སྟེ།
དཔེར་ན་རླུང་གི་ཤུགས་དྲག་པོའི་མཐུས་ནི་ཤིང་རྩ་བ་མ་ཟུག་ཅིང་ཆུང་བ་ཟིལ་གྱིས་གནོན་པ་དེ་བཞིན་ནོ། །བརྩོན་འགྲུས་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་སྟེ། མངོན་པར་བརྩོན་པ་གང་ལ་ཡོད་པ་དེ་ནི་དེ་ཉིད་དོ། །སོ་སོར་དྲན་པ་ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་དྲན་
པ་དང་ལྡན་པའོ། །མི་ཚོམས་པ་ནི་གནོད་པར་མི་འགྱུར་བའོ། །རླུང་གིས་རི་བོ་མི་གཡོས་བཞིན། །ཞེས་བྱ་བ་ནི་བྲག་ཚོགས་པ་ནི་རི་སྟེ། དཔེར་ན་བྲག་གི་རང་བཞིན་མི་འགྱུར་བའི་རི་ནི་རླུང་གི་ཤུགས་ཆེན་པོས་ཀྱང་མི་བསྒུལ་བ་བཞིན་ནོ། །ལྷག་མ་ནི་སྔ་མ་ལས་བཟློག་པར་ཤེས་པར་བྱའོ། །
ཕལ་ཆེར་དབེན་པའི་གནས་ལ་ནི་ཞེ་སྡང་བར་བྱེད་དེ། འདོད་པའི་བདེ་བ་ཚོལ་བ་ཉིད་ནི་འདོད་ཆགས་ལ་སོགས་པས་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དགོན་པ་དགའ་བར་བྱ་འོས་པས། །ཞེས་བྱ་བ་ལ་སོགས་པའོ། །མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་རྒྱལ་
བྱེད་ཀྱི་ཚལ་དང་ཉེ་བར་མཚན་ཐོག་ཐག་དགའ་སྟོན་བྱེད་དེ། དེ་ལ་དགེ་སློང་ཁ་ཅིག་རོལ་མོའི་སྒྲ་ལ་སོགས་པ་ཐོས་ནས་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་བྱེད་དོ། །ཁ་ཅིག་ནི་མི་རྟག་པ་ཡིད་ལ་བྱེད་པས་ངེས་པར་འབྱུང་བ་ལ་སོགས་པར་རྣམ་པར་རྟོག་པར་
བྱེད་དེ། དེ་ལ་བསྟན་པའི་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གཞན་དག་ནི་གནས་བརྟན་སེང་ལྡེང་ནགས་པ་ལས་བརྩམས་སོ་ཞེས་ཟེར་རོ། །སྐྱེས་བུ་དམ་པ་རྣམས་ནི་དགོན་པར་ཤིན་ཏུ་དགའ་བར་བྱ་དགོས་པ་སྟེ། དགའ་བའི་གནས་ཡིན་པས་སོ། །གཞན་དུ་
เล่ม ๑๔๙ · หน้า 129a
ནི་གཡེང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ཤིང་དང་མེ་ཏོག་དང་རྩ་བ་དང་མཚོ་ལ་སོགས་པ་རྣམ་པ་སྣ་ཚོགས་པས་མཛེས་པར་བྱས་པའི་ཕྱིར་རོ། །དགོན་པ་ནི་གྲོང་ལས་དཔག་ཚད་གཅིག་གི་མཐའི་ཕྱོགས་ཏེ། ཡོངས་སུ་བཟུང་བ་མེད་པ་དེས་དེའི་ཆེད་དུ་
རྩོད་པ་མེད་པས་སོ། །ར་ནྱ་ནི་གཡུལ་འགྱེད་པ་སྟེ། དེ་དང་རྗེས་སུ་མཐུན་པ་ནི། ར་ནྱ་སྟེ་གྲོང་ངོ་། །དེ་མེད་པ་གང་ཡིན་པ་དེ་ནི་ཨ་ར་ནྱ་སྟེ་དགོན་པའོ། །དེ་ལ་སྐྱེ་བོ་མི་དགའ་ཡང་། །ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་མངོན་པར་དགའ་བ་མི་འཐོབ་པ་ཡིན་ཏེ། དེའི་ཁྱད་པར་མི་མཐོང་བའི་ཕྱིར་རོ། །དེ་
ལྟར་ན་གང་ཞིག་དགའ་བ་ཡིན་ཞེ་ན། དེ་ལ་འདོད་ཆགས་བྲལ་བ་དགའ། །ཞེས་བྱ་བ་སྟེ། ཡོངས་སུ་འཛིན་པ་མེད་ཅིང་ཆགས་པ་མེད་པའི་ཕྱིར་དང་། དགོན་པ་ལ་གོམས་པའི་ཕྱིར་མངོན་པར་དགའ་བ་ཡིན་ཏེ། ཇི་སྐད་དུ། དམ་པ་རྣམས་ནི་ངེས་པར་འབྱུང་ལ་ལེགས་བསླབས་
ཕྱིར། །དེར་དགའ་ཁྱིམ་གྱི་གནས་ལ་སྤྱུགས་པ་བཞིན་དུ་སེམས། །རི་དགས་མོ་ཡིས་བཏོགས་པའི་ལོ་མའི་ནགས་ཚལ་ནི། །དེ་ཡི་ཁྱིམ་གྱི་ཁང་པ་མཆོག་ཉིད་ཡིན་རིག་བྱ། །ཞེས་བཤད་པའོ། །འདོད་པ་ཚོལ་བར་བྱེད་རྣམས་མིན། །ཞེས་བྱ་བ་ནི་གང་ཡང་གཞན་འདོད་
པའི་བདེ་བ་ཚོལ་བར་བྱེད་པ་དེ་དག་ནི་ཡུལ་མེད་པས་དགོན་པ་ལ་མངོན་པར་མི་དགའོ། །ཡང་སྨྲས་པ། མི་ཡི་རུས་པས་ཁྱབ་པ་ཡི། །འཁོར་བ་དག་ལ་རབ་དགའ་སྟེ། །འདོད་པའི་ཡོན་ཏན་ལྔས་ཁྱབ་པའི། །གྲོང་ལ་བྱིས་པ་དགའ་བ་ཡིན། །ཞེས་སོ། །འོ་ན་དམ་པས་
བསྟེན་པའི་གནས་དེ་ཉིད་ནི་དགའ་བའོ་ཞེས་བསྟན་ཞེ་ན། གྲོང་ཞེས་བྱ་བ་སྟེ་རྩིག་པ་དང་བཅས་པ་དང་། གནས་དང་བཅས་པ་དང་། སྐྱེ་བོ་མང་པོས་བསྟེན་པའི་ཕྱོགས་ནི་གྲོང་ངོ་། །དེ་ན་དམ་པ་གནས་ན་ནི་བརྒྱན་པར་བྱེད་པ་ཡིན་ནོ། །གལ་ཏེ་དགོན་པ་ཞེས་བྱ་བ་ནི་སྐྱེ་བོ་རྒྱུ་བ་
མེད་པ་སྟེ་ནགས་ཀྱི་མཐའོ། །ནགས་ཀྱི་གནས་ཅུང་ཟད་དམའ་བ་ནི་ཆུ་ཀླུང་དང་སྨན་ལྗོངས་ལ་སོགས་པའོ། །ཅུང་ཟད་མཐོ་བ་ནི་རིའི་རྩེ་མོ་དང་ཐང་དང་ཞོལ་ལ་སོགས་པའོ། །དེ་ཡང་ཡིན་པས་གཉི་ག་བསྟན་པའི་ཕྱིར། གཤོང་ངམ་ཐང་ཞེས་བྱ་བ་སྨོས་སོ། །གང་ན་འཕགས་
เล่ม ๑๔๙ · หน้า 129b
པ་བཞུགས་པའི་ཞེས་བྱ་བ་ནི་གང་དང་གང་ཉིད་དུ་སྟེ་གྲོང་དང་སའི་ཕྱོགས་དག་ཏུ་དམ་པའི་སྤྱོད་པ་དང་དམ་པ་གནས་པའོ། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་བྱ་བ་ནི་ས་ཡང་ཡིན་པས་ས་དེའོ། །དགའ་བར་བྱ་བའི་དངོས་པོ་ཡིན་པས་ཡིད་དུ་འོང་བའོ། །གང་དང་གང་དུ་དམ་པ་
གནས་པ་དེ་དང་དེའི་ས་ནི་དེ་ལས་འབྱུང་བའི་གཟི་བརྗིད་ཀྱིས་དེ་ལས་མངོན་པར་དགའ་བའི་ལྷ་དག་གནས་པའི་ཕྱིར་ཡང་མངོན་པར་དགའ་བ་ཡིན་ཏེ། ཇི་སྐད་དུ། གང་དུ་དམ་པ་གནས་པ་དེ། །ཡོན་ཏན་གྱིས་ནི་བརྒྱན་པ་སྟེ། །དེ་ནི་བཀྲ་ཤིས་ཡིད་འོང་དང་། །དེ་ཉིད་སྟེགས་
དང་དཀའ་ཐུབ་ནགས། །ཞེས་བཤད་པའི་ཕྱིར་རོ། །གང་དུ་ངང་ཚུལ་ངན་པ་ཅན་གནས་པ་དེར་ནི་དེས་པར་དེའི་ཚོགས་ཐམས་ཅད་རྙོག་པ་ཡིན་ནོ། །གང་དུ་དམ་པའི་ཚུལ་གནས་པ་དེར་ནི་སྣོད་ཀྱི་འཇིག་རྟེན་གྱི་ཡང་རྒྱན་དུ་གྱུར་པ་ཡིན་ན། སེམས་ཅན་གྱི་འཇིག་རྟེན་གྱི་ལྟ་སྨོས་
ཀྱང་ཅི་དགོས། དེ་བས་ན་སྐྱེ་བོ་དམ་པ་ལ་བརྟེན་པ་ནི་སྤང་བར་མི་བྱའོ་ཞེས་བསྟན་ཏོ། །གྲོང་གང་དག་ཇི་སྙེད་པར་སྐྱེ་བོ་ངན་པ་གནས་པའི་ས་དེར་ནི་ཡིད་དུ་མི་འོང་བར་ངེས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དམ་པ་རྣམས་ཀྱི་ཕན་ཡོན་བསྟན་པའི་ཕྱིར། དམ་པ་རིང་ན་ཞེས་བྱ་བ་
ལ་སོགས་པའོ། །པུརྞ་བར་དྷ་ན་ག་མ་ན་ཞེས་བྱ་བའི་གྲོང་ཁྱེར་དུ་དགྲ་བཅོམ་པ་ཞིག་ནམ་མཁའ་ལ་ཐག་རིང་པོ་ཉིད་ནས་འགྲོ་བ་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོས་མཐོང་ནས་སྔོན་གྱི་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་འདི་སྨྲས་སོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཀྱང་དགེ་སློང་དག་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་འདི་ཟུང་ཤིག་ཅེས་ནས་བཀའ་སྩལ་ཏོ། །རིང་ནས་ཞེས་བྱ་བ་ནི་རིང་བ་ཉིད་ནས་ཏེ། སའི་སྟེང་ནས་ནམ་མཁའ་དཔག་ཚད་དུ་མར་གནས་པ་དེ་ཡང་ཉེ་བར་དམིགས་
པ་སྟེ། ཉི་མའི་དཀྱིལ་འཁོར་ལ་སོགས་པ་བཞིན་ནོ། །ཡང་ན་དཔག་ཚད་དུ་མ་ལས་གཞན་པའི་ཕྱོགས་ན་གནས་ཀྱང་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་གྲགས་པས་གསལ་བར་བྱས་པ་ནི་རི་ཁ་བ་ཅན་ལ་སོགས་པ་ལྟ་བུ་སྟེ། ཁྱད་པར་དུ་ཆུ་དང་སྨན་དང་ཁམས་སྣ་
เล่ม ๑๔๙ · หน้า 130a
ཚོགས་འབྱུང་བ་ཡིན་ནོ། །དེ་གང་ཡིན་ཞེ་ན་སྨྲས་པ། དམ་པའི་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་སྟེ་བདག་གཞན་གྱི་དོན་མཆོག་ཏུ་བྱེད་པ་དེ་བཞིན་གཤེགས་པ་ལ་སོགས་པའོ། །སྣང་གྱུར་ཏེ་ཞེས་བྱ་བ་ནི་རྣམ་པར་གསལ་བའོ། །ཇི་ལྟ་བུ་ཞེ་ན། གངས་
ཅན་གྱི་རི་བོ་བཞིན་ཞེས་བྱ་བས་བསྟན་ཏེ། དཔེར་ན་རིའི་མཆོག་ཁ་བ་ཅན་ནི་མཐོང་བའི་ཕྱིར་དང་། གངས་ཀྱི་ཕུང་པོ་ཡོད་པ་དང་། གང་གཱ་ལ་སོགས་པ་འབྱུང་བའི་ཕྱིར་ཐག་རིང་པོ་ནས་ཀྱང་གསལ་བར་བྱེད་པ་དེ་བཞིན་དུ་དྲི་མ་མེད་པའི་གྲགས་པས་མཐོང་བའི་ཕྱིར་དང་། ཁྱད་པར་
དུ་དཀའ་བའི་ཕྱིར་དང་། གཞན་གྱི་དོན་ལ་གཞོལ་བའི་ཕྱིར་རྒྱང་རིང་པོ་ནས་སྣང་བ་ཡིན་ནོ། །ངན་པ་ཉེ་ཡང་མི་སྣང་སྟེ། །ཞེས་བྱ་བ་ནི་ཉེ་བ་ན་གནས་པར་གྱུར་ཀྱང་ཚུལ་ངན་པའི་ཁྱད་པར་དང་ལྡན་ཞིང་སྔར་བསྟན་པའི་ཡོན་ཏན་མེད་པའི་ཕྱིར། སྐྱེ་བོ་ངན་པ་ནི་ཕྱོགས་ཉེ་བ་ན་
གནས་སུ་ཟིན་ཀྱང་བསྙེན་བཀུར་གྱི་གནས་མ་ཡིན་པའི་ཕྱིར་མི་སྣང་ཞིང་རྣམ་པར་མི་མཛེས་སོ། །མུན་ཁྲོད་མདའ་ནི་འཕངས་པ་བཞིན། །ཞེས་བྱ་བ་ནི་ཟླ་བ་ནུབ་ཅིང་སྤྲིན་དང་བཅས་པའི་མཚན་མོ་མདའ་འཕངས་ཀྱང་ནམ་མཁའ་ཡང་མི་མཐོང་ཞིང་། མདའ་འགྲོ་བ་ཡང་
མི་མཐོང་བ་དང་། སའི་ཕྱོགས་གང་དུ་བབས་པ་ཡང་མི་མཐོང་ཞིང་མི་སྣང་བ་དེ་བཞིན་ནོ། །དམ་པ་རྣམས་དང་འགྲོགས་ན་ནི། །དེ་བཞིན་ཉིད་རྟོགས་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་སྨྲས་པ། མཁས་པ་ཞེས་བྱ་བ་ལ་སོགས་པའོ། །ཀུན་དུ་རྒྱུ་ཞིག་ཐར་པ་འདོད་ལ་
རང་གི་གྲུབ་པའི་མཐའ་ལ་མངོན་པར་མི་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏེ། དེ་ལས་བརྩམས་པའོ། །དམ་པ་ཉིད་དང་ཞེས་བྱ་བ་ནི་དམ་པའི་སྤྱོད་པ་སྟེ་འདིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །མཁས་པ་
ཞེས་བྱ་བ་ནི་སྡེ་སྣོད་གསུམ་ཤེས་ཤིང་རྟོགས་པ་སྟེ། གསུང་རབ་རྟོགས་པའི་བློ་དང་ལྡན་པའི་ཕྱིར་རོ། །དོན་སེམས་བྱེད་པ་ཞེས་བྱ་བ་ནི་དངོས་པོ་དེ་ཉིད་ཡོངས་སུ་བརྟག་པས་རྟོགས་པ་དང་ལྡན་པའི་ཕྱིར་རོ། །དོན་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་བདག་
เล่ม ๑๔๙ · หน้า 130b
ཉིད་དོ། །ཆེན་པོ་ནི་སྤངས་པ་སྟེ་ཁམས་གསུམ་དང་ལྡན་པའི་ཕྱིར་རོ། །ཟབ་མོ་ཞེས་བྱ་བ་ནི་རྟོགས་པར་དཀའ་བ་སྟེ། འཇིག་རྟེན་ལས་འདས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཤེས་རབ་སོ་སོར་རྟོགས་པར་འགྱུར། །ཞེས་བྱ་བ་ནི་ཟག་པ་མེད་པ་མངོན་པར་རྟོགས་པའོ། །
གང་ཡང་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ་སོར་རྟོགས་པ་དེ་ནི་འགྱུར་བའི་རྒྱུས་ཀྱང་འགྱུར་བར་མི་བྱེད་དོ་ཞེས་ངེས་པར་བསྟན་པའི་ཕྱིར། གཞུ་ཡིས་མདའ་འཕངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཛེས་དགའ་མོ་ཤི་བ་སྲང་ལ་སོགས་པ་དག་ཏུ་ཁྱེར་བ་ན་བཅོམ་
ལྡན་འདས་ཀྱིས་ཀུན་དུ་རྒྱུ་དག་ལ་རྣམ་པར་སྨད་དེ། གང་ཞིག་བུད་མེད་དང་གཅིག་ཏུ་ལྷན་ཅིག་ལན་འགའ་གནས་ན་ཡང་དམ་པ་རྣམས་ནི་སྲོག་གི་ཕྱིར་ཡང་འཚེ་བར་མི་བྱེད་ན་ཆུང་མ་དང་འདྲ་བའི་ཉོན་མོངས་འདི་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་དགེ་སློང་དག་ལ་གསན་
ནས་འདི་གསུངས་སོ། །གཡུལ་ནི་ཐར་པའི་སའོ། །གླང་ཆེན་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་གནས་པའི་གླང་པོ་ས་སྲུངས་དང་། མེ་ཏོག་གི་སོ་དང་། མིག་ལ་སོགས་པའི་གླང་པོ་ཆེ་ཐགས་ཟངས་རིས་ལ་སོགས་པའི་ལྷ་མ་ཡིན་གྱི་དཔུང་
གི་ཚོགས་ཀྱིས་ཤིན་ཏུ་རྣོ་བའི་མདའ་དང་མདུང་དང་པིན་དི་པ་ལ་སོགས་པའི་མཚོན་གྱིས་ཀུན་དུ་གནད་དུ་བསྣུན་ཏེ། ཤིན་ཏུ་ཚོར་བ་དྲག་པོ་ཉམས་སུ་མྱོང་བ་ཡང་བཟོད་ཅིང་རྣམ་པར་རྨོངས་པར་མི་འགྱུར་བ་དེ་བཞིན་དུ་བདག་གིས་ཚིག་ངན་པར་སྨྲས་པ་དག་ལ་བཟོད་ཅིང་ཡལ་
བར་དོར་བར་བྱའོ། །གཞུ་ཡིས་མདའ་འཕངས་བསྣུན་པ་ཡི། །ཞེས་བྱ་བ་ནི་དགྲས་གཞུ་དང་མདའ་འཕངས་པའོ། །མི་སྙན་སྨྲ་བ་ཞེས་བྱ་བ་ལ་ཚིག་བརྗོད་པར་བྱ་བ་བདེན་པ་ནི་སྙན་པའི་ཚིག་གོ། །དེ་ལས་འདས་པར་བྱས་པ་ལ་འཇུག་པ་ནི་ཚིག་མི་སྙན་པ་སྟེ། ཚིག་ལྷག་པ་
དེ་ལ་བདག་གིས་བཟོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་འཆལ་སྐྱེ་བོ་མང་པོ་ཡིས། །ཞེས་བྱ་བ་རྩོད་པའི་དུས་ཀྱི་སྐྱེ་བོ་མང་པོ་སྟེ། འདི་ལྟར་སྙིགས་མ་ལྔ་དང་ཉེ་བའི་ཕྱིར་ངང་ཚུལ་ངན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྩོད་པའི་དུས་སུ་བདེ་བ་དང་སྡུག་བསྔལ་དུ་མ་བྱུང་ཡང་
เล่ม ๑๔๙ · หน้า 131a
བཟོད་པར་བྱ་ཞིང་དེས་བསྐྱོད་པར་མི་བྱ་སྟེ། འདི་ལྟར་སྐྱེ་བོ་ངན་པ་ནི་རྩོད་པའི་དུས་སུ་འཕྲལ་ལ་ངན་པའི་རང་བཞིན་དེ་བཟློག་པར་མི་ནུས་ཏེ། དེས་ན་དེ་ཉིད་ཀྱི་ཕྱིར་དམ་པ་རྣམས་ནི་དེ་ལ་བཟོད་པའི་གོ་ཆ་མི་ཕྱེད་པ་གྱོན་པར་བྱེད་དོ། །སྲིད་པ་འདི་ནི་
རང་བཞིན་ངན་པ་སྟེ། གང་ཡོངས་སུ་དག་པའི་རྒྱུད་ཅན་བདག་ཉིད་ཆེན་པོ་ཡང་ཚིག་ངན་པའི་སྣོད་དུ་འགྱུར་ཏེ། དེ་བས་ན་དེ་ལས་སུ་ཡང་འཁོར་བ་འདོད་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འཁོར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་
ང་ནི་འཁོར་བ་ཅུང་ཟད་འགྲུབ་པ་ལ་ཡང་བསྔགས་པ་མི་སྨྲའོ་ཞེས་བྱ་བ་ལ་སོགས་པས་འཁོར་བ་ནི་སྨད་ལ། མྱ་ངན་ལས་འདས་པ་ནི་མཆོག་ཏུ་བདེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་མྱ་ངན་ལས་འདས་པ་བསྔགས་པ་ཞེས་འཁོར་བ་ལ་དགའ་བའི་རྒྱལ་རིགས་ཀྱིས་ཞུས་པ་
ལས་འདི་གསུངས་སོ། །འཁོར་བ་ནི་འཁོར་བ་ན་འཇུག་པ་སྟེ་ཁམས་གསུམ་གྱི་ཕུང་པོའི་འཁོར་བ་དེ་ལའོ། །འཇིགས་པ་ནི་སྡུག་བསྔལ་གྱིས་སྐྲག་པའོ། །མཐོང་བ་ནི་རྗེས་སུ་མྱོང་བ་སྟེ། དེ་ཁོ་ན་ཉིད་ཀྱི་ཤེས་པས་མངོན་སུམ་དུ་དམིགས་པ་ཞེས་བྱ་བའི་དོན་ཏོ། །ལོག་པའི་ལྟ་བ་ཡང་
སྲིད་དོ། །ཞེས་རྟོགས་པ་ལ། ངས་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་ཉིད་དུ་བསྟན་པར་སྟོན་ཏོ། །འདིར་ཡང་དང་གི་སྒྲ་ནི་འཇིགས་པ་ཡོད་པ་ཡིན་ནོ་ཞེས་བསྒྲུབ་པའོ། །ཡང་ཞེས་བྱ་བ་ནི་ཕྱིས་ཀྱང་ངོ་། །ཡང་ན་ཕལ་ཆེར་རོ། །འབྱོར་པ་ནི་རབ་ཏུ་
བསྔགས་པ་སྟེ་འཇིགས་པ་དང་བཅས་པའི་འབྱོར་པའོ། །དེ་ཡང་ཇི་སྐད་དུ་འབྱོར་པ་ཞེས་བྱ་བ། གང་འདིའི་ཆོས་ཉིད་ནི་ཁམས་གསུམ་གྱི་མི་རྟག་པ་ཡིན་ཏེ། གང་འཁོར་བའི་སྐྱེ་བ་ལ་སོགས་པ་ཡང་འཇིགས་པ་མི་འབྱུང་བ་མེད་ལ། མ་འོངས་པའི་སྐྱེ་བ་ཡང་འཇིགས་པ་མེད་པ་
མ་ཡིན་ཏེ། ཐམས་ཅད་དུ་ཡང་འཇིགས་པའི་རྒྱུ་ཡིན་པའི་ཕྱིར་འཁྲུལ་པ་མེད་དེ། རྒྱུ་ཡོད་པ་དང་འབྲས་བུ་ངེས་པར་འབྱུང་བ་ཡིན་ནོ། །དེས་ན་དེ་ཉིད་ཀྱི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དེས་ནའོ། །སྨྲས་པ། བདག་གིས་ཟིན་པ་ནི་སྲིད་པའོ། །མངོན་པར་མི་དགའ་
เล่ม ๑๔๙ · หน้า 131b
བ་ནི་མངོན་པར་དགའ་བ་མེད་པ་དང་ལྡན་པ་སྟེ། བདག་མངོན་པར་ཞེན་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དགའ་བ་ནི་མ་འོངས་པའི་སྲིད་པ་དོན་དུ་གཉེར་བའི་སྲིད་པའོ། །ལྷག་པར་རྟོགས་པ་མེད་པ་ནི་འཐོབ་པ་མེད་པ་དང་བསྐྱེད་པར་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་ལ་ཞེ་ན། སྲིད་པ་
ལ་ཞེས་བྱ་བས་བསྟན་ཏེ། མ་འོངས་པའི་སྐྱེ་བའོ། །ཡང་ན་འབྱོར་པ་ལ་སྟེ། ཚིག་གི་ཕྱོགས་གཅིག་སྨོས་པས་འབྱུང་བའི་ཕྱིར་ན་ལྷ་སྦྱིན་གྱིས་བྱིན་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གང་ཡང་སྲིད་པ་ལ་མངོན་པར་མི་དགའ་བ་དེ་ཉིད་ནི་སྐྱེས་བུ་དམ་པ་ཡིན་ཏེ། ཇི་ལྟ་བུ་ཞེ་ན།
མི་གང་ཁྱིམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀ་ཙང་ག་ལ་ན་ནོར། །ཞེས་བྱ་བའི་དགེ་སློང་མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་ཉམ་ཆུང་ལ་རྐང་ལག་དག་ཏུ་ཡང་འབྲུམ་བུ་སྐྱེས་ཤིང་ལུས་ཁྱི་རྔོས་བཏབ་པ་ཞིག་སྟེ། དེས་ན་མཆོད་རྟེན་ལ་སོགས་པ་ལ་ཕྱག་འཚལ་བར་
མི་བྱེད་ཅིང་། བདག་མཐོང་ན་མ་དད་པར་གྱུར་ན་མི་རུང་ངོ་ཞེས་ནས་མཁན་པོ་དང་། སློབ་དཔོན་དང་བླ་མའི་གནས་དག་ལ་ཡང་ཕྱག་མི་བྱེད་པ་ལས་དེ་ལ་དགེ་སློང་གཞན་དག་དད་པ་མེད་པ་དང་། བྱས་པ་མི་གཟོ་བའོ་ཞེས་བརྗོད་པར་གྱུར་ཏོ། །དེ་ནགས་ནས་ནགས་དང་། ཁང་
སྟོང་ནས་ཁང་སྟོང་དག་ཏུ་རྒྱུ་ཞིང་བབ་ཅོལ་དུ་མི་སྣང་བ་ལས་འདི་ནི་ངེས་པར་ཁྱིམ་འབིགས་པར་བྱེད་དེ། འདིའི་གནས་ཀྱང་མི་སྣང་ལ་གང་གྲོང་དུ་ངེས་པར་བསོད་སྙོམས་ཀྱི་ཕྱིར་ཡང་མི་འཇུག་སྟེ། དེས་ན་ངེས་པར་འགའ་ཞིག་ལ་འཚེ་བ་བྱེད་དོ་ཞེས་པ་དང་། སྐབས་དེ་
གསན་ནས་འདི་གསུངས་སོ། །དད་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་གང་ཡིན་དེ་ནི་དགེ་སློང་ནོར་ཞེས་བྱ་བ་ལ་བྱ་སྟེ། དེ་ཉིད་ནི་དགྲ་བཅོམ་པའི་ཕྱིར་སྐྱེས་བུ་མཆོག་ཡིན་པར་ལྟའོ། །འདིར་ནི་དགོངས་པའི་ཚིག་ཡིན་ཏེ། གཞན་གྱི་ཚིག་གིས་མངོན་པར་ཡིད་མི་ཆེས་ཞིང་
མི་འཇུག་པ་ནི་དད་པ་མེད་པའོ། །དད་པ་ཡོད་པ་མ་ཡིན་པས་དད་པ་མེད་པ་སྟེ་གཞན་གྱིས་བཀྲི་བར་མི་རུང་ཞིང་རང་ཉིད་ཀྱིས་ཆོས་རྟོགས་པའི་ཕྱིར་རོ། །ཡང་ན་དད་པ་ནི་སྲེད་པ་སྟེ། བདག་གིས་དད་ནས་ཟོས་སོ་ཞེས་བྱ་བ་ལྟ་བུའོ། །དད་པ་མེད་པ་ནི་སྲིད་པ་ལ་མངོན་པར་མི་
เล่ม ๑๔๙ · หน้า 132a
དགའ་བ་སྟེ། འཁོར་བས་ཡིད་བྱུང་བ་ཞེས་བྱ་བའི་དོན་ཏོ། །མ་བྱས་པ་ནི་རྣམ་པར་གྲོལ་པའི་ཐར་པ་སྟེ། རྟག་པའི་ཕྱིར་དང་རྒྱུ་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །དེ་ཤེས་པ་ནི་གཟོ་བ་སྟེ། བྱས་པ་མི་གཟོ་བ་ནི་འགོག་པ་ཤེས་པའི་སྦྱོར་བས་
མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ཞེས་པའི་དོན་ཏོ། །མི་ཞེས་བྱ་བ་ནི་སྨད་པའི་དངོས་པོ་ལ་མ་ཆགས་པར་བྱས་པ་སྟེ། སྐྱེ་བོ་དམ་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་ནི་སྐྱེས་པ་གཞན་དུ་སྦྱོར་བར་བྱེད་པ་སྟེ། གང་གིས་ཡང་སྲིད་པར་བྱེད་པའི་ལས་དང་ཉོན་མོངས་པ་
ནི་ཁྱིམ་སྟེ། དེ་གཅོད་པ་ནི་སྤོང་བར་བྱེད་པ་དང་སྤངས་པར་བྱས་པའོ། །གོ་སྐབས་བཅོམ་དང་ཞེས་བྱ་བ་ནི་འགྲོ་བ་སྤངས་པ་སྟེ། རྒྱུ་མེད་པས་འབྲས་བུ་མི་འབྱུང་བར་བསྟན་པ་ཉིད་དེ། འགྲོ་བ་ལྔ་ལས་འདས་ཤིང་སོ་སོར་བརྟགས་པའི་འགོག་པ་འཐོབ་པའི་ཕྱིར་མི་གནས་
པའི་དོན་ཏོ། །སྐྱུགས་པ་ཟ་ཞེས་བྱ་བ་ནི་སྲིད་པ་མེད་པ་སྟེ། ཆགས་པ་དང་བྲལ་བའི་ཕྱིར་རོ། །འདིས་ནི་རྒྱུའི་གཙོ་བོ་སྤངས་པའི་ཕྱིར་འབྲས་བུ་སྤངས་པར་བསྟན་ཏོ། །དེ་ནི་སྐྱེས་བུ་དམ་པ་ཡིན། །ཞེས་བྱ་བ་ནི་དེ་ཉིད་སེམས་ཅན་གྱི་གཙོ་བོ་ཡིན་ཏེ། བྱ་བ་བྱས་
པའི་ཕྱིར་རོ། །དེ་ཉིད་ནི་དག་པ་ཞེས་བརྗོད་དེ་ཅི་ཞིག་བྱས་པས་ཤེ་ན། ཕ་དང་མ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་ཁྲོད་ཀྱི་ཕྱོགས་གཅིག་ན་སྐྱེས་བུ་དཔའ་བ་ཞིག་རྒྱལ་པོ་འདོད་དེ་མི་མཛའ་བ་ཞིག་པས་ཕ་དང་མ་དང་རྒྱལ་པོ་དང་། བྲམ་ཟེ་གཙང་སྦྲ་ཅན་གཉིས་དང་
ཡུལ་མི་རབ་ཏུ་མང་པོ་བསད་དེ་རང་ཉིད་རྒྱལ་པོ་བྱས་སོ། །དེས་བསམས་པ་གང་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ལ་འདི་ཞུས་ཏེ། གལ་ཏེ་ཇི་ལྟ་བ་བཞིན་དུ་སྟོན་ན་ནི་དེས་ན་བདག་ཀྱང་དགའ་ཞིང་དགེ་འདུན་དང་ཀུན་དགའ་ར་བ་ལ་སོགས་པ་ཡང་གཞིག་
པར་མི་བྱ་ཞིང་གཞན་ཡང་ལེགས་པར་སྤྱོད་པ་མང་དུ་བྱའོ་ཞེས་པ་ནས་ཇི་སྲིད་དུ་འདི་གསུངས་སོ། །དེ་ཐོས་པ་དང་མངོན་པ་དང་དེ་ཁྱིམ་བདག་ཆེན་པོར་གྱུར་ཏོ། །མ་ནི་འབྱུང་བའི་རྩ་བ་ཉིད་དུ་བསྟན་པའི་ཕྱིར་མ་རིག་པ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་མདོ་ལས་
เล่ม ๑๔๙ · หน้า 132b
གསུངས་པས་སོ། །ཡང་བཤད་པ། མ་རིག་འཁོར་བ་སྐྱེད་པ་སྟེ། །བུ་ཡི་མ་ལྟར་རབ་ཏུ་གནས། །གལ་ཏེ་སྲེད་པ་དེ་མེད་པར། །བསྐྱེད་པར་རུང་བ་མ་ཡིན་ནོ། །ཞེས་སོ། །ཕ་ནི་འདུ་བྱེད་ཀྱི་ཡན་ལག་སྟེ། འཇིག་རྟེན་ནི་ལས་ལས་སྐྱེས་པའི་ཕྱིར་རོ། །རྒྱལ་པོ་ནི་རྣམ་པར་ཤེས་
པ་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་ཚིག་གིས་སོ། །རཱ་ཛ་ཞེས་བྱ་བས་རྒྱལ་པོ་ནི་ཆགས་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལས་ཞེན་པ་ཉིད་ཀྱིས་སོ། །གཙང་སྦྲ་ཅན་གཉིས་ནི་མིང་དང་གཟུགས་ཀྱི་ཡན་ལག་སྟེ། ཕན་ཚུན་མཚན་ཉིད་
ཐ་དད་པའི་ཕྱིར་རོ། །ཡུལ་འཁོར་ནི་སྐྱེ་མཆེད་དྲུག་སྟེ། རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་ཕྱིར་རོ། །འཁོར་དང་བཅས་པ་ཞེས་བྱ་བ་ནི་རེག་པ་དང་ཚོར་བ་སྟེ། དབང་པོ་དྲུག་གི་སེམས་ལས་བྱུང་བ་གཙོ་བོ་དང་འཁོར་གྱི་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་དག་བཀག་པས་
ནི་སྲིད་པའི་རྒྱུ་དང་འབྲས་བུ་མཐའ་དག་དང་བྲལ་བར་འགྱུར་བའི་ཕྱིར། མི་ནི་དག་པར་འགྱུར་ཞེས་བརྗོད་དོ། །ད་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུས་མདོར་བསྟན་པ་བཤད་དེ། སྐྱེད་པའི་དོན་གྱིས་ན་སྲེད་པ་ནི་མ་སྟེ་སྐྱེས་བུ་རྣམས་ནི་སྲེད་པས་སྐྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །
དེ་བཅོམ་པ་ནི་གཉེན་པོས་སྤངས་པའི་ཕྱིར་རོ། །ཕ་ནི་ཟག་པ་དང་བཅས་པའི་ལས་དང་སྲིད་པ་སྟེ། འདི་ནི་བྱས་པའི་ལས་དགེ་བ་ཟག་པ་དང་བཅས་པས་དེར་སྐྱེ་ལ་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །རྒྱལ་པོ་ནི་ཉེ་བར་ལེན་པ་དང་བཅས་
པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དྲུག་པ་བདག་པོ་གྲོང་གི་བདག །ཅེས་ལུང་ལས་གསུངས་པའི་ཕྱིར་རོ། །གཙང་སྦྲ་ཅན་གཉིས་ནི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཡུལ་ནི་ཉོན་མོངས་པའི་ཡུལ་ལོ། །འཁོར་དང་བཅས་པ་ནི་ཉེ་བའི་
ཉོན་མོངས་པ་དང་བཅས་པའོ། །འདི་དག་ཐམས་ཅད་རྗེས་སུ་མཐུན་པའི་གཉེན་པོས་སྤངས་པ་ནི་དག་པ་སྟེ་དེ་ལྟར་ཡུལ་ཐམས་ཅད་སྤངས་པའི་ཕྱིར་རོ། །དྲི་མ་མེད་པའི་ཕྱིར་འཁོར་བ་འདི་ན་གནས་པའི་སྐབས་མེད་དོ། །དེ་ཉིད་བསྟན་པའི་ཕྱིར། གང་དག་ཀུན་སོགས་
เล่ม ๑๔๙ · หน้า 133a
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་འབྲོག་དགོན་པ་ན་བཞུགས་ཏེ་དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་བ་ལང་གི་ལམ་ལྗོན་ཤིང་གི་རྩ་ན་གླང་པོ་ཆེའི་ལྕི་བ་ལ་མགོ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །བ་ལང་རྫི་གུ་ལེ་ཀ་
ཞེས་བྱ་བ་དང་ཀི་ཏ་བ་ནི་ཀ་ཞེས་བྱ་བའི་བ་ལང་རྫི་མོ་གཉིས་རྫ་མ་གང་གི་འོ་མ་ཐོགས་ཏེ་འབྲོག་གི་ནང་དུ་ཞུགས་པས་མཐོང་ནས་དེ་གཉིས་ཀྱིས་འཕགས་པ་འདི་ནི་བདག་ཅག་གི་ཡུལ་དུ་ཡང་དང་ཡང་བསོད་སྙོམས་ཀྱི་ཕྱིར་བྱོན་པས་འདིའི་ལུས་ལ་མཆོད་པ་བྱའོ་ཞེས་
བསམས་ཏེ་དེ་གཉིས་ཀྱིས་རྫ་མ་གཉིས་ཕྱོགས་གཅིག་ཏུ་བཞག་ནས་ཤིང་དག་བཏུས་ཏེ་ལྷུང་བཟེད་དང་ཆོས་གོས་གཞན་དུ་གཞག་ཅིང་དེའི་ལུས་ཤིང་ལ་བསྐྱོན་ནས་མེ་བཏང་ངོ་། །ཇི་ཙམ་ན་བྱ་གསེར་གྱི་མདོག་ཅན་བཞི་འོངས་ཏེ་གནམ་ནས་བསྐོར་བ་བྱས་ཏེ་སོང་ངོ་ཞེས་
བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །དེ་ནས་བ་ལང་རྫི་མོ་དེས་དེའི་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་དགེ་སློང་གཞན་ཞིག་ལ་གཏད་དོ། །དགེ་སློང་གིས་སྨྲས་པ། ཅི་ཁྱེད་ཅག་གཉིས་ཀྱིས་གནས་བརྟན་གྱི་ལུས་ཀྱི་གནས་སྐབས་ལས་ངོ་མཚར་དག་མཐོང་ངམ་ཞེས་སྨྲས་
པ་དང་། དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་སྨྲས་སོ། །དགེ་སློང་གིས་སྨྲས་པ་བཞི་པོ་དེ་དག་ནི་བདུད་གཞོན་ནུ་དག་སྟེ། གནས་བརྟན་ཀཽཎྜི་ནྱའི་རྣམ་པར་ཤེས་པ་ཚོལ་བ་ཡིན་ནོ་ཞེས་བྱ་བ་ནས་བྱུང་བ་འདི་དང་གླེང་གཞི་འདི་ལས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་
པ་བཅུ་གཉིས་གསུངས་སོ། །གང་དག་ཅེས་བྱ་བ་ནི་སེམས་ཅན་ཆེན་པོ་དག་གོ། །ཀུན་དུ་སོགས་མེད་ཅིང་ཞེས་བྱ་བ་ནི་མཚམས་སྦྱོར་བ་ལ་སོགས་པ་ནི་ཀུན་དུ་སོགས་པ་སྟེ། མཚམས་སྦྱོར་བ་དེ་མེད་པ་གང་ཡིན་པ་ནི་སྐྱེས་ནས་མྱོང་བ་དང་ལན་གྲངས་གཞན་ལ་མྱོང་བར་
འགྱུར་བའི་ལས་གསགས་པ་སྤངས་པའི་ཕྱིར་རོ། །གང་དག་ཁ་ཟས་ཡོངས་ཤེས་པ། །ཞེས་བྱ་བ་ཡོངས་སུ་ཤེས་པ་དང་། སྤངས་པ་ཡོངས་སུ་ཤེས་པ་གཉིས་སོ། །ཁ་ཟས་ནི་གང་དག་ཟས་རྣམ་པ་བཞི་སྟེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་དོན་ཏོ། །ལས་
เล่ม ๑๔๙ · หน้า 133b
དང་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པའི་ཐབས་བསྟན་ཏེ་སྟོང་དང་ཞེས་བྱ་བ་ལ་གང་དག་ཅེས་བྱ་བ་འདིར་རྗེས་སུ་འབྲངས་ཏེ་གང་དག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་མངོན་པར་དགའ་བ་དང་། མཚན་མ་མ་མེད་པ་དང་། སྨོན་པ་མེད་དེ་གསུམ་པོ་འདི་
ཉིད་ལ་མངོན་པར་དགའ་ཞིང་གནས་ལ་རྟོག་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཉིད་ཀྱི་སྒྲའོ། །གསུམ་པོ་འདི་ཉིད་འདུས་པ་ལས་འཕགས་པའི་ལམ་ཡིན་གྱི་རེ་རེ་ལ་ནི་མ་ཡིན་པའི་ཕྱིར་འདི་བཤད་དོ། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །དེ་དག་འགྲོ་བ་
རྟོགས་དཀའ་སྟེ། །ཞེས་བྱ་བ་ནི་དཀའ་བས་བརྟག་ཅིང་རྟོགས་པ་གང་ཡིན་པ་དེ་ནི་དེའོ། །འདིས་འགྲོ་བ་ཡིན་པས་རྗེས་ཏེ་འགྲོ་བ་དང་འཐོབ་བའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ནམ་མཁའ་ལ་བྱ་བཞི་པོ་དེ་དག་གམ་གཞན་དག་ཀྱང་རུང་སྟེ་སྤྱིར་རོ། །རྗེས་ནི་རྐང་
པའི་བཀོད་པ་སྟེ་དེའི་མཚན་མ་རྟོགས་པར་དཀའ་བ་དེ་བཞིན་དུ་དགྲ་བཅོམ་པའི་སྐྱེ་བའི་གནས་ཀྱང་དེ་ལྟ་བུའོ། །འགྲོའོ་ཞེས་བྱ་བ་ནི་འགྲོ་བ་ལྔ་སྟེ་འགྲོ་ཞིང་རྒྱུ་བའི་རྣམ་པར་སྨིན་པ་མེད་དེ་རྒྱུ་མེད་པའི་ཕྱིར་འབྲས་བུ་མེད་པར་སྟོན་ཏོ། །ཅིའི་ཕྱིར་དེ་དག་གི་རྗེས་
དང་འགྲོ་བ་རྟོགས་པར་དཀའ་བ་ཡིན་ཞེ་ན། འདི་ལྟར་མེད་དེ་ཞེས་བྱ་བ་སྨོས་ཏེ། དངོས་པོར་མེད་པའི་ཕྱིར་མི་རྟོགས། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དེ་དག་གི་འགྲོ་བ་ཡང་མེད་དེ། ཚེ་དང་ལྡན་པ་ཀཽཎྜི་ནྱ་ཀི་ལའི་ཟས་ཀྱི་ཡུལ་དུ་འཇུག་པས་ལམ་བསྐྱེད་པ་ཡིན་ཏེ།
དེ་བས་ན་འདིར་ཁ་ཟས་ཡོངས་ཤེས་ཞེས་བྱ་བ་གང་དག་དྲན་པ་ཉེ་བར་གཞག་པས་ཟག་པ་ཟད་པའི་སྒོ་ནས་ལམ་སྐྱེད་པ་ཡིན་ཏེ། དེའི་དབང་དུ་མཛད་ནས། གང་དག་སྤྱོད་ཡུལ་ཡོངས་ཤེས་པ། །ཞེས་བྱ་བ་སྨྲས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པ་སྟེ། དྲན་པ་ཉེ་བར་
གཞག་པ་བཞི་ནི་ཆོས་འདུལ་བ་ལ་སྤྱོད་ཡུལ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་རེ་ཞིག་འདིར་ཚིགས་སུ་བཅད་པ་བཞི་པོ་ཐ་དད་པ་མ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ནི་སྨོན་པ་མེད་པ་ཉིད་བསྟན་ཏོ། །ཡང་ན་སྔ་མ་གཉིས་ཀྱིས་ནི་ཡེ་ཤེས་བསྟན་ཏེ།
เล่ม ๑๔๙ · หน้า 134a
འདིས་ནི་བསམ་གཏན་མེད་པར་ཤེས་རབ་མེད་ལ་ཤེས་རབ་མེད་པར་བསམ་གཏན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཟག་པ་ནི་ཞེས་བྱ་བ་ནི་ཟག་པ་རྣམ་པ་གསུམ་སྟེ། གང་འཕགས་པ་ཀཽཎྜི་ནྱ་ལ་སོགས་པས་ཡོངས་སུ་ཤེས་ཤིང་ཤེས་པས་སྤང་བར་བྱ་བ་སྤངས་ཤིང་སྤང་
བ་ཡོངས་སུ་ཤེས་པའོ། གང་དག་ཕ་མཐར་རྟེན་མེད་ཅིང་། །ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བ་ལ་མི་གནས་པ་སྟེ། དགའ་བའི་འདོད་ཆགས་སྤངས་པའི་ཕྱིར་རོ། །མི་གནས་པ་ཞེས་བྱ་བ་ནི་གང་སྲེད་པས་ཆགས་པ་མེད་པ་སྟེ། དེ་ལ་གནས་པར་བྱའོ་ཞེས་བྱ་བ་ནི་གྲུབ་པའི་
མཐའོ། །འོ་ན་ཅིའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟར་བསྒྲེ་བ་བསྟན་པ་མཛད་ཅེ་ན། བཤད་པ་གདུལ་བྱ་དེ་ལྟ་བུའི་བསྟན་པའི་ཁྱད་པར་ལ་རག་ལས་པ་དག་ལ་ཕན་གདགས་པའི་ཕྱིར་ཏེ། དེའི་ཕྱིར་གང་སུ་དག་རིགས་གཅིག་པ་བསྟེན་པ་ལ་རག་ལས་པའི་གདུལ་བྱ་
དུས་དང་ཡུལ་ཐ་དད་པ་དག་ཏུ་བསྟན་པ་སྟེ། དེ་རྣམས་ཀྱི་ཆེད་དུ་ལན་དུ་མར་དེ་ལྟར་བསྟན་པ་བརྗོད་པར་བྱའོ། །དཔེར་ན་ཡུལ་དང་དུས་ཐ་དད་པ་ལ་སྨན་རིགས་གཅིག་པས་ནད་པ་དག་ལ་བསྒྲུབ་པར་བྱ་བ་ལ། སྨན་པའི་བདག་པོས་ལན་དུ་མར་སྨན་དེ་ཉིད་བསྟན་ན་ཡང་ཟློས་
པའི་སྐྱོན་དུ་མི་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་དེ་ལྟ་བུའོ། །ཡང་ན་ཕྱིས་འོངས་པ་དག་དང་དོན་མ་ཐོས་པ་ལ་ཤེས་པར་བྱ་བའི་ཕྱིར་རོ། །ཡང་བཤད་པ། ཡུལ་དུས་བདག་པོ་སེམས་ཅན་དང་། །གྲོགས་དང་བསམ་པའི་རྒྱུད་དག་ལ། བསྡུས་
ན་ཐུབ་པ་ཐུགས་རྗེ་ཡི། །བདག་ཉིད་ཆོས་ནི་སྟོན་པར་མཛད། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་ཤིན་ཏུ་ཉུང་བར་སྒྲུབ་པའི་ཕྱིར། སྐྱེ་དགུ་ཕལ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་འདི་ན་ཤིང་ཤ་པའི་ལོ་མ་ནི་ཅུང་ཟད་དང་ཉུང་ངུ་ཉུང་ངུའི་ཚུལ་གྱིས་ལེན་གྱི། དེ་ལས་
མང་པོ་ནི་མི་ལེན་པ་དེ་བཞིན་དུ་སེམས་ཅན་མང་པོ་དེ་དག་ནི་སྡིག་པའི་ལས་ལ་འཇུག་སྟེ། བསོད་ནམས་ཀྱི་ལས་ནི་ཤིན་ཏུ་ཉུང་བར་བྱེད་དོ་ཞེས་པ་ནི། ཚིགས་སུ་བཅད་པ་གཉིས་ཀྱི་བར་དུ་གསུངས་སོ། །ཉུང་བ་ནི་ཤིན་ཏུ་ཡང་ཉུང་བའོ། །མི་ཞེས་བྱ་བ་ནི་བདེན་པ་མཐོང་
เล่ม ๑๔๙ · หน้า 134b
བའི་སྣོད་དུ་བསྟན་ཏེ། ལྷ་དང་མི་གཉིས་ཀྱང་དེའི་སྣོད་ཡིན་པར་གཞན་དག་ཏུ་བསྟན་པའི་ཕྱིར་འདིར་ཡང་གཉི་ག་བཟུང་ངོ་། །དམིགས་ཀྱིས་དབྱེ་བ་ནི་བདུན་པ་ཡིན་པས་ལྷ་དང་མིའི་ནང་ནས་སོ། །གང་དག་ཕ་རོལ་འགྲོ་བྱེད་པ། །ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་
ངན་ལས་འདས་པ་ཐོབ་པར་བྱེད་པའོ། སྐྱེ་བོ་ཕལ་པ་འདི་དག་ནི། །ཞེས་བྱ་བ་ནི་དེ་ལྟར་ཡང་འདི་ནི་འཁོར་བར་ལྡོག་པ་སྟེ། སྐྱེ་བོ་ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བའི་འགྲམ་སྟེ། སྐྱེ་བ་ཡོངས་སུ་ལེན་པ་ཉིད་དོ། །ཉིད་དུ་རྒྱུག་བྱེད་པས་ཞེས་བྱ་བ་ནི་རྗེས་སུ་འབྲང་བ་དང་
འཇུག་པའོ། །གང་དེ་ཕ་རོལ་དུ་འགྲོ་བར་བྱེད་པའི་རྒྱུ་ཉུང་བར་བྱེད་པ་གང་ཡིན་ཞེ་ན། གང་དག་ཅེས་བྱ་བ་སྟེ། ཐར་པའི་ཆ་དང་མཐུན་པ་དང་རིགས་པས་འཐོབ་པའི་ཤེས་པ་དང་། དགེ་བའི་བཤེས་གཉེན་ལ་སོགས་པའི་ཁྱད་པར་གྱིས་སྒྲུབ་པའི་ཕྱིར་ཏེ། དེ་མ་ཡིན་པར་ནི་
ཕ་རོལ་དུ་འགྲོ་བའི་ཐབས་མེད་པའི་ཕྱིར་རོ། །གང་དེ་ལྟར་དེ་ཉིད་ནི་ཕ་རོལ་འགྲོ་ཞེས་བྱ་བ་འདི་དང་སྦྱར་རོ། །ནམ་ཞིག་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེ་ན། ལེགས་པར་གསུངས་པའི་ཆོས་ལ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་ཕྱིན་ཅི་མ་ལོག་པར་བསྟན་པའི་
འཕགས་པའི་ལམ་ཡང་དག་པ་ཡོད་པར་བསྟན་པ་ལས་བྱུང་བ་ནི་དེ་མ་ཐག་ཏུ་ཕན་པའི་ཕྱིར་ཏེ། དེའི་དབང་གིས་འཁོར་བ་ལ་ངེས་པར་འབྱུང་བ་ཡོད་པའི་ཕྱིར་རོ། །བདེན་པ་ཡང་འདིར་ཇི་ལྟ་བུ་ཞེ་ན། ཕ་རོལ་འགྲོ་ཞེས་བྱ་བས་བསྟན་ཏོ། །ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་བསྟན་
པའི་ཆོས་དང་རྗེས་སུ་མཐུན་པར་སྒྲུབ་པའི་ཆོས་དེས་ཚོགས་ཀྱི་ལམ་བསྒོམས་པས་མཐོང་བ་དང་། རྗེས་སུ་བསྒོམས་པ་དང་། མངོན་དུ་བྱ་བ་དང་། རྗེས་སུ་འཇུག་པའི་ཚུལ་གང་དག་ལ་ཡོད་པ་དེ་དག་ནི་དེ་ཉིད་དོ། །དེའི་ཕྱིར་བསམ་པ་བཟང་པོ་བྱས་ལ་སྐྱེས་བུ་
དམ་པ་ལ་བརྟེན་ཅིང་དམ་པའི་ཆོས་མཉན་ཏེ་ཕྱིན་ཅི་མ་ལོག་པར་བསམ་པ་དང་། མི་གཙང་བ་ལ་སོགས་པ་བསྒོམས་པའི་རིམ་གྱིས་འཕགས་པའི་ལམ་མངོན་སུམ་དུ་བྱེད་པའི་སྐྱེ་བོ་དེ་དག་ནི་ཕ་རོལ་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་མྱ་ངན་ལས་འདས་པས་མངོན་སུམ་དུ་བྱེད་པ་ཡིན་ནོ། །
เล่ม ๑๔๙ · หน้า 135a
ཅི་ཞིག་ལས་ཤེ་ན། སྐྱེ་ཤིའི་མཚོ་ཆེན་རྒལ་དཀའ་བའི། །ཞེས་བྱ་བ་སྨོས་ཏེ། ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་གང་གིས་ཕ་རོལ་ཞེ་ན། སྐྱེ་ཤིའི་མཚོ་ཆེན་པོ་གང་རྒལ་དཀའ་བ་དེའི་ཞེས་བྱ་བའི་དོན་ཏོ། །སྐྱེ་ཤིའི་མཚོ་
ཆེན་པོ་གང་ངེས་པར་ཉམས་སུ་མྱོང་བ་གང་ལ་སྟེ། སྐྱེ་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཆི་བ་ལས་མ་འདས་པ་དེ་ནི་སྐྱེ་བ་ལས་ཤིན་ཏུ་དཀའ་བས་རྒལ་བ་ཡིན་པས་རྒལ་དཀའ་སྟེ། འཕགས་པའི་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་པའི་ཕྱིར་འདའ་བར་དཀའ་བའོ། །
ཕ་རོལ་ཏུ་ཕྱིན་པའི་ཕན་ཡོན་བསྟན་ཏེ། དུས་འདས་པ་ཞེས་བྱ་བ་མགོན་མེད་ཟས་སྦྱིན་རིམས་དྲག་པོས་བཟུང་སྟེ། དེ་བཅོམ་ལྡན་འདས་ཞལ་མཐོང་བ་ལས་ཚ་བ་ལས་ཐར་ནས། བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡོངས་སུ་གདུང་བ་གང་གིས་མེད་པར་འགྱུར་
ཞེས་ཞུས་པ་དང་དེས་ན་འདི་གསུངས་སོ། །གང་དུས་འདས་པ་ནི་ཉེ་བར་ལེན་པ་སྤངས་པ་སྟེ། སྐྱེ་བ་སྤངས་པའི་ཕྱིར་རོ། །མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི་གདུང་བ་དང་བྲལ་བ་སྟེ། སྐྱེ་བ་སྤངས་པ་ཉིད་ལ་ནི་ངེས་པར་གདུང་བ་མེད་པའི་ཕྱིར་རོ། །དུས་ལས་འདས་པའི་རིམ་པ་བསྟན་
པ་ཡིན་ཏེ། རབ་ཏུ་རྣམ་གྲོལ་ཞིང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་པའི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་དག་ལས་གྲོལ་བའོ། །སྐྱོབ་པ་ཞེས་བྱ་བ་ནི་གཟུགས་ལ་འདོད་ཆགས་དང་བྲལ་བ་སྟེ། དེའི་ས་པ་ལ་ཆགས་པས་མི་གནས་པའི་ཕྱིར་བདག་གི་བདེ་
བ་ལས་ཡོངས་སུ་སྲུང་བ་ཉིད་དེ། ཏ་ཡི་ཞེས་བྱ་བ་ནི་འགྲོ་བའི་རྒྱུད་དང་བསྲུང་བའོ་ཞེས་སྐད་ཀྱི་དབྱིངས་ལས་བསྟན་པའི་ཕྱིར་རོ། །མདུད་པ་ཐམས་ཅད་སྤངས་པ་ལ། །ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་སྟེ། དེ་ལྟར་ན་སྡུག་བསྔལ་ཐམས་
ཅད་དང་བྲལ་བ་ལས་ནི། ཡོངས་སུ་གདུང་བ་ཡོད་མི་འགྱུར། །ཞེས་བྱའོ། །ཡང་ན་གང་དེ་ལྟར་དུས་ལས་འདས་པ་ནི་དེ་ཉིད་དོ། །མྱ་ངན་དང་བྲལ་བ་ནི་ཡིད་མི་བདེ་བ་མེད་པའི་ཕྱིར་རོ། །རབ་ཏུ་རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་འཆིང་བ་རྣམ་པ་སྣ་ཚོགས་དང་བྲལ་བའི་ཕྱིར་རོ། །སྐྱོབ་
เล่ม ๑๔๙ · หน้า 135b
པ་ནི་དོན་དམ་པར་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པའི་ཕྱིར་རོ། །མདུད་པ་ཐམས་ཅད་སྤངས་པ་ནི་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པ་ལ་སོགས་པ་ཡིན་ནོ། །གདུང་བ་ཐམས་ཅད་ཡོངས་སུ་སྤངས་པ་དང་། བྱ་བ་ཐམས་ཅད་བྱས་པ་དང་ལྡན་པས་ནི་འདི་ལྟར་བྱ་བ་མཐར་ཕྱིན་ཏོ་
ཞེས་བསྟན་པར་འགྱུར་བའི་ཕྱིར། འཇིགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནགས་ཚལ་གྱི་ཕྱོགས་ཤིག་ན་དགེ་སློང་བརྩོན་འགྲུས་བརྩམས་པ་ཞིག་གནས་ཏེ། ཇི་ཙམ་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱས་ནས་རྣམ་པར་གྲོལ་བའི་བདེ་བ་སོ་སོར་
མྱོང་སྟེ་ཚིགས་སུ་བཅད་པ་འདི་བཤད་དོ། །རྒལ་བ་ཞེས་བྱ་བ་ནི་ཉེ་བར་རྒལ་བ་སྟེ། ཡོངས་སུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །འཇིགས་པ་དང་བཅས་པའི་ལམ་ནི་གནོད་པ་དང་བཅས་ཤིང་མི་འདོད་པའི་འབྲས་བུའི་ལམ་ཉེས་པར་སྤྱོད་པའོ། །གཡང་ས་ཡོངས་སུ་སྤངས་
པ་དང་། །ཞེས་བྱ་བ་ནི་དེའི་འབྲས་བུ་ངན་སོང་དག་སྤངས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ཕྱེད་པོ་དེ་ནི་ངན་སོང་དུ་འགྲོ་བ་རྒྱུ་དང་བཅས་པ་སྤངས་པར་བསྟན་པའོ། །ད་ནི་བདེ་འགྲོའི་རྒྱུ་སྤངས་པས་དེའི་འབྲས་བུ་སྤངས་པར་བསྟན་པའི་ཕྱིར་གྲོལ་བ་ཞེས་བྱ་བ་སྨྲས་ཏེ་
སྤངས་པའོ། །སྦྱོར་དང་མདུད་པ་ཞེས་བྱ་བ་ནི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་རིགས་བསྟན་ཏེ། སྲིད་པའི་རྒྱུའི་གཙོ་བོ་བསྟན་པས་ནི། །འདོད་ཆགས་ཀྱིས་ནི་དུག་ཀུན་བཅོམ། །ཞེས་བྱ་བ་སྐྱོ་བའི་རྒྱུར་གྱུར་པའི་ཕྱིར་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་དུག་དང་
འདྲ་བར་བརྟག་གོ། །ཡང་ན་འདིས་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤང་བ་གོ་རིམས་བཞིན་དུ་བསྟན་ཏོ། །ཉོན་མོངས་པ་སྤངས་པའི་རྒྱུ་བསྟན་པའི་ཕྱིར། འདོད་པ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་ཁྱེར་འཕགས་རྒྱལ་ན་རྒྱལ་པོ་གཏུམ་པོ་རབ་སྣང་གཡུལ་གྱི་
འབྱོར་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་ཞུས་པ། འཇིག་རྟེན་འདམ་རྫབ་ཆེན་པོ་གང་། །འཇིག་རྟེན་གདོན་ཆེན་གང་ཞིག་ལགས། །འཇིག་རྟེན་དྲ་བ་ཆེན་པོ་ཅི། །འཇིག་རྟེན་ཆུ་བོ་ཆེན་པོ་གང་། །ཞེས་གསོལ་པ་ལས་དེས་ན་འདི་གསུངས་སོ། །མེད་པ་ནི་ཡོད་
เล่ม ๑๔๙ · หน้า 136a
པ་མ་ཡིན་ནོ། །འདོད་པ་ལྟ་བུའི་ཞེས་བྱ་བ་ནི་ཡུལ་དང་བཅས་པའི་འདོད་པ་ལ་འདོད་ཆགས་པ་ནི་འདིར་འདོད་པའོ། །མཉམ་པ་ནི་དེ་དང་འདྲ་བའོ། །འདམ་རྫབ་ཅེས་བྱ་བ་ནི་བང་གུ་ཞེས་བྱ་བ་ཞ་བོ་བཞིན་དུ་སྟེ། གང་དུ་རྐང་པ་དང་ལྡན་པ་ཡིན་
ཡང་འགྲོ་བའི་ནུས་པ་མེད་དོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །དེ་བཞིན་དུ་བློ་དང་ལྡན་པ་ཡང་འདོད་པ་དག་ལ་འགལ་བར་བྱེད་པ་རྣམ་པར་སྒྲུབ་པ་ཡིན་ནོ། །ཉི་མ་ལ་སོགས་པས་སྐམ་པར་འགྱུར་ཞིང་འདམ་རྫབ་ནི་ཐམས་ཅད་ཀྱིས་ཀྱང་བསལ་བར་ནུས་ཀྱི་འདོད་པའི་
འདམ་ནི་མ་ཡིན་ཏེ། དེ་བས་ན་འདི་ནི་མི་བཟད་པ་ཡིན་ནོ། །དེ་ལ་ཞེས་པས་བྱས་པ་རྒྱལ་པོ་གཏུམ་པོ་རབ་སྣང་དེ་གཡུལ་ལ་འཇུངས་པ་ལས་སྐྱེས་པ་ནི་ཤིན་ཏུ་སྡིག་པ་ཆེ་བ་ཡིན་ནོ། །ཞེ་སྡང་ལྟ་བུ་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང་འདྲ་བའོ། །གདོན་ནི་འབྱུང་པོ་ཞུགས་པའོ། །གང་གི་ཕྱིར་
དེ་ནི་སྔགས་ལ་སོགས་པས་གསོ་བར་ནུས་ཤིང་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་རྟོགས་པར་ནུས་ཀྱི། ཞེ་སྡང་ནི་མ་ཡིན་ཏེ། རྒྱུད་ཁྱད་པར་ཅན་ལ་གནས་པའི་འཕགས་པའི་ལམ་གྱིས་བསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །གཏི་མུག་ལྟ་བུ་ཞེས་བྱ་བ་ནི་བདག་ལ་སོགས་པ་ལོག་པར་
རྟོག་ཅིང་དོན་མེད་པའི་ཕྱིར་ལོག་པར་ལྟ་བའོ། །ཡང་ན་གཏི་མུག་ནི་མི་ཤེས་པ་སྟེ། དེས་བྱས་པའི་ཕྱིར་ལོག་པའི་ལྟ་བ་ནི་འདིར་གཏི་མུག་གི་སྒྲར་བརྗོད་དོ། །དེ་དང་འདྲ་བའི་དྲ་བ་མེད་དེ། གཞན་གྱི་དབང་དུ་བྱས་ཤིང་བགེགས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་གྲགས་
པ་རྒྱའི་དྲ་བ་ནི་བསལ་བར་ནུས་ཏེ། ལྟ་བའི་དྲ་བ་ནི་མ་ཡིན་ནོ། །སྲེད་པ་ལྟ་བུ་ཞེས་བྱ་བ་ནི་སྲེད་པ་དང་འདྲ་བའོ། །ཆུ་ཀླུང་ནི་ཅིས་ཀྱང་བརྒལ་བར་ནུས་ཀྱི། །ཅིག་ཤོས་སྲེད་པ་ནི་མ་ཡིན་ཏེ། མཆོད་སྦྱིན་དང་པུ་ཧ་ལ་དང་གནས་འཇོག་ལ་སོགས་པའི་ཐུབ་པས་ཀྱང་མ་ཡིན་ནོ། །
ཡང་ན་རབ་ཏུ་བྱུང་བའི་དབང་དུ་བྱས་པ་འདིའི་དོན་གཞན་དུ་བཤད་དེ། བཞི་པོ་འདི་དག་ནི་རང་དབང་མེད་པར་འགྱུར་བའི་ཆོས་ཡིན་ཏེ། གང་གིས་སེམས་ཅན་རྣམས་རང་དབང་མེད་པར་དབང་དུ་གྱུར་པ་སྟེ། འདི་ལྟ་སྟེ། འདམ་དུ་ཞུགས་པ་དང་། འབྱུང་པོའི་གདོན་ཞུགས་པ་དང་།
เล่ม ๑๔๙ · หน้า 136b
རྒྱར་ཆུད་པ་དང་། ཆུ་རྒྱུན་དྲག་ཏུ་འབབ་པའི་ཆུ་རྒྱུན་གྱིས་རྒྱུན་ཕྱོགས་སུ་ཁྱེར་བའོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདི་ན་གཅིག་པུ་འདོད་པའི་ཁམས་སུ་སྐྱེས་པ་ནི་མི་གཙང་ཞིང་དྲི་ང་བ་འདོད་པ་དག་ལ་ཆགས་པའི་ཕྱིར་དགེ་བ་བསགས་པའི་ཆེད་དུ་འབད་པ་མི་བྱེད་དེ། དེས་
ན་བཤད་པ་འདོད་པ་ལྟ་བུའི་གནས་པའི་བདག་ཉིད་ཀྱི་འདམ་རྫབ་མེད་དོ། །ཞེ་སྡང་ལྟ་བུའི་གདོན་མེད་དེ། །ཞེས་བྱ་བ་ནི་ཇི་ལྟར་འདི་ན་ཡང་གཅིག་པུ་འདོད་པ་སྤངས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཡང་ཁྲོ་བའི་བསམ་པས་ཚིག་ངན་པའི་སྒོ་
ནས་མཁས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ངག་གིས་འཚེ་བར་བྱེད་པ་ཡིན་ཏེ། དེ་བས་ན་ཞེ་སྡང་དང་མཉམ་པའི་གདོན་མེད་དོ། །སྨན་དང་སྔགས་ལ་སོགས་པས་གཙོ་བོར་མི་ནུས་པའི་ཕྱིར་རོ། །གཏི་མུག་ལྟ་བུའི་དྲ་བ་མེད། །ཅེས་བྱ་བ་ནི་ཡང་དེ་ལྟར་དེ་རབ་ཏུ་
བྱུང་ཡང་བདུད་སྡིག་ཅན་དང་གཏི་མུག་ཆེན་པོའི་རྗེས་སུ་ཞུགས་པ་ཡིན་ཞིང་ལྟ་བའི་དྲ་བ་ལ་ཞུགས་པ་ཡིན་ཏེ། དཔེར་ན་རི་དགས་རྒྱར་ཆུད་པ་ནི་ཐབས་གང་ཞིག་གིས་རྒྱ་མངོན་པར་དྲལ་ཏེ་བྱུང་བ་ཡིན་གྱི། གཏི་མུག་གི་དྲ་བ་ནི་མ་ཡིན་ནོ། །སྲེད་པ་ལྟ་བུའི་ཆུ་ཀླུང་མེད། །
ཅེས་བྱ་བ་ནི་ཆགས་པའི་བདག་ཉིད་དང་ཁྱེར་བར་བྱེད་པའི་ཕྱིར་རོ། །དེ་གཉིས་ལས་ཐབས་གང་གིས་ཆུ་ཀླུང་ལས་ནི་ཐར་བར་ནུས་ཀྱི། ཅིག་ཤོས་ལས་ནི་མ་ཡིན་ནོ། །བཞི་པོ་འདི་དག་ནི་སངས་རྒྱས་ལ་མེད་དོ་ཞེས་བསྟན་པའི་ཕྱིར། ནམ་མཁའ་ལ་ནི་ཞེས་བྱ་བ་སྨོས་
སོ། །ལྷས་གསོལ་པ། ནམ་མཁའ་ལ་ནི་རྗེས་མཆིས་གང་། །ཕྱི་རོལ་དགེ་སྦྱོང་གང་ཞིག་ལགས། །སྤྲོས་ལ་དགའ་བ་གང་ཞིག་དང་། །སྤྲོས་པ་མེད་པ་གང་ཞིག་འཚལ། །ཞེས་གསོལ་པ་དང་། འདི་གསུངས་སོ། །གཞན་དག་ནི་ཀུན་དུ་རྒྱུ་རབ་བཟངས་ལས་བརྩམས་
སོ་ཞེས་ཟེར་རོ། །ནམ་མཁའ་ལ་ནི་ཞེས་བྱ་བ་ནི་བར་སྣང་ལ་བྱ་ལ་སོགས་པ་རྒྱུ་ཡང་དེའི་རྗེས་དང་མཚན་མ་ནི་མེད་དོ། །ལྟ་བུ་ཞེས་བྱ་བ་ནི་ནམ་མཁའ་ལ་རྗེས་མེད་པ་དེ་བཞིན་ནོ། །ཕྱི་རོལ་པ་ལ་དགེ་སྦྱོང་མེད། །ཅེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་ཡིན་པས་ཕྱི་རོལ་པ་སྟེ།
เล่ม ๑๔๙ · หน้า 137a
འཁོར་བའི་ལམ་དུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དགེ་སྦྱོང་དང་ལྡན་པ་ཡིན་པས་དགེ་སྦྱོང་སྟེ། འཕགས་པའི་གང་ཟག་གོ། །མུ་སྟེགས་པ་འདི་ལ་ནི་སྔ་མའི་དགེ་སྦྱོང་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་བསྟན་པ་སྟེ། བདག་ཏུ་
ལྟ་བ་ལ་སོགས་པས་བསླད་པའི་ཕྱིར་རོ། །བྱིས་པ་རྣམས་ནི་སྤྲོས་ལ་དགའ། །ཞེས་བྱ་བ་ནི་སྤྲོས་པའི་གཞིའི་དངོས་པོ་ནི་སྤྲོས་པ་སྟེ། །འཁོར་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་མངོན་པར་དགའ་བ་ནི་དེའི་དོན་ལ་ལྷག་པར་ཞེན་པའོ། །ཅིའི་ཕྱིར་དེ་དག་ལ་འདི་ལྟར་ཆགས་ཤེ་ན།
འདི་ལྟར་བྱིས་པ་ཞེས་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཁྱད་པར་མ་ཤེས་པ་སྟེ། བྱིས་པ་ཉིད་ཅེས་བྱ་བའི་དོན་ཏོ། །སྤྲོས་མི་མངའ་ཞེས་བྱ་བ་ནི་སྲིད་པ་ལས་ངེས་པར་འབྱུང་བ་སྟེ། འཁོར་བ་དེ་ལ་སྙིང་པོ་མེད་པར་རྟོགས་ནས་ཡོངས་སུ་སྤངས་པར་མངོན་པར་དགའ་
བའོ། །དེ་ཉིད་སྨྲས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་སྟེ། ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ཤེས་པ་ནི་དེ་བཞིན་གཤེགས་པ་སྟེ། །དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པའོ། །བྱིས་པ་སྤྲོས་ལ་མངོན་པར་དགའ། །ཞེས་བྱ་བ་འདི་ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱོར་བས་ཞེས་
བྱ་བ་སྨོས་ཏེ། སྦྱོར་བ་ནི་རྣམ་པ་བཞི་སྟེ་འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ། །ཞེས་མདོ་ལས་བསྟན་མ་ཐག་པ་སྟེ། དེས་ན་འདི་གསུངས་སོ། །སྦྱོར་བ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྟེ། འདི་ལྟར་ཁྲིད་པའི་ཕྱིར་
ཞེས་བྱ་བ་ནི་གཞན་གྱི་དབང་དུ་བྱས་པའོ། །བྱིས་པ་ནི་སོ་སོའི་སྐྱེ་བོ་སྟེ། དེ་བས་ན་སྤྲོས་པ་ཐམས་ཅད་ལ་མངོན་པར་དགའ་བའོ། །སེམས་ཅན་རྣམས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ལ་སྦྱོར་བར་བྱེད་པས་སྦྱོར་བའོ། །མཁས་པ་སྦྱོར་བ་འཇོམས་པར་བྱེད། །ཅེས་བྱ་བ་ནི་གང་
ཞིག་ཉོན་མོངས་པ་དང་དེ་སྤོང་བའི་ཐབས་ཁྱད་པར་ཤེས་པ་ནི་མཁས་པའོ། །དེ་ལ་སྦྱོར་བ་མ་ལུས་པ་ཐམས་ཅད་སྤོང་བ་ནི་སྦྱོར་བ་འཇོམས་པར་བྱེད་པའོ། །དེ་བས་ན། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་བྱ་བ་དང་སྦྱར་ཏེ། ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་
เล่ม ๑๔๙ · หน้า 137b
ལྟར་བྱེད་པར་སུས་ནུས་ཤེ་ན། མཁས་པས་ཞེས་བྱ་བ་སྨོས་ཏེ། བློ་དང་ལྡན་པའོ། །དཔེར་ན་ཕ་རོལ་གནོན་པ་དག་གིས་འཐབ་པ་ན་དགྲའི་དཔུང་འཇོམས་པར་ནུས་པ་དེ་བཞིན་དུ་ཤེས་པའི་ཁྱད་པར་གྱིས་བསྐྱེད་པའི་བློས་ནི་ཉོན་མོངས་པ་སྤོང་བར་ནུས་སོ། །སྔ་མའི་མཁས་པ་ཞེས་
བསྟན་པ་ནི་འཇིག་རྟེན་པའི་ཉོན་མོངས་པ་དགག་པའི་ཐབས་སུ་གྱུར་པ་ཤེས་རབ་ཁྱད་པར་ཅན་དང་ལྡན་པར་བསྟན་ཏོ། །འདིས་ནི་ཟག་པ་མེད་པའི་ཤེས་པའི་སྦྱོར་བ་བསྟན་ཏོ། །འདི་གང་གི་སྦྱོར་བ་ཡིན་ཞེ་ན། སྨྲས་པ། ལྷ་དང་ཞེས་བྱ་བ་སྨོས་ཏེ། ལྷའི་དངོས་པོ་ཡིན་པས་ལྷ་སྟེ།
གང་དག་སྦྱོར་བ་དང་མཉམ་པར་གཞག་པའི་ས་པའོ། །མི་ནི་འདོད་པ་ན་སྤྱོད་པའོ། །དེ་སྤངས་པས་ཅིར་འགྱུར་ཞེ་ན། སྦྱོར་བ་ཀུན་དང་བྲལ་བའི་ཕྱིར། །ཞེས་བྱ་བ་ཡིན་ཏེ། སྦྱོར་བ་ཐམས་ཅད་སྤངས་པའོ། །སྦྱོར་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ནི་སྡུག་བསྔལ་ཀུན་ལས་གྲོལ་
བར་འགྱུར་ཞེས་བྱ་བར་སྦྱར་ཏེ། འཁོར་བ་ནི་སྡུག་བསྔལ་མི་བཟད་པའོ་ཞེས་བྱ་བའི་ཚིག་གིས་ན་འཁོར་བ་ལས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་སྦྱོར་བ་ཀུན་དང་བྲལ་བའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ཐར་པ་ཡིན་ཞེ་ན། འདི་ལྟར། སྦྱོར་བ་ལས་ནི་སྲིད་པ་བྱུང་། །ཞེས་བྱ་
བ་སྨོས་ཏེ། ཉོན་མོངས་པ་དང་སྲིད་པ་འབྲེལ་པའི་ཕྱིར་ཏེ། སྲིད་པའི་རྩ་བ་སྟེ་ཕྲ་རྒྱས་སོ་ཞེས་བྱ་བའི་ཚིག་གིས་སོ། །སྦྱོར་བ་མེད་པས་སྲིད་པ་ཟད། །ཅེས་བྱ་བ་ནི་སྦྱོར་བ་དང་བྲལ་བས་སྡུག་བསྔལ་ཐམས་ཅད་ཀྱི་མཐར་བྱེད་པར་འགྱུར་ཏེ། ས་བོན་སྤངས་ནས་མྱུ་གུ་དང་བྲལ་བ་
བཞིན་ནོ། །ལམ་འདི་གཉིས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་ལམ་རྣམ་པ་གཉིས་ཏེ། གཅིག་ཏུ་བསྡུ་བ་རྣམ་པ་གཉིས་ཀྱི་ལམ་ཞེས་བྱ་བའི་དོན་ཏོ། །ཤེས་ཀྱིས་ལ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པས་སོ། །ཅིའི་ཕྱིར་
ལམ་འདི་གཉིས་ཤེ་ན། སྲིད་པ་དང་སྲིད་པ་མེད་པའི་ཞེས་བྱ་བས་བསྟན་ཏེ། ལམ་གཅིག་པ་ནི་སྲིད་པ་མངོན་པར་གྲུབ་པའོ། །གཉིས་པ་ནི་སྲིད་པ་ཟད་པའོ། །དེ་ལ་འདིར་མཁས་པས་གང་ལ་གནས་པར་བྱ་ཞེ་ན། མཁས་པས་དེ་ལ་བསླབ་པར་གྱིས། །ཞེས་བྱ་བ་སྨོས་ཏེ།
เล่ม ๑๔๙ · หน้า 138a
བློ་དང་ལྡན་པས་ལམ་དེ་ལ་འཇུག་པར་གྱིས་ཤིག་པའོ། །སྦྱོར་ལས་རབ་ཏུ་འདའ་བྱའི་ཕྱིར། །ཞེས་བྱ་བ་ནི་གང་ལ་འཇུག་ཅིང་སྤྱད་པས་སྦྱོར་བ་རྣམ་པ་བཞི་ལས་འདའ་བར་བྱེད་པ་སྟེ། སྤང་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པའི་བདེན་པ་འཐོབ་
པ་ནི་དེ་དང་འབྲེལ་པའི་ཕྱིར་རོ། །ཐར་པའི་ལམ་བསྒོམ་པའི་སྦྱོར་བ་ནུས་པར་མ་གྱུར་ཀྱང་སྲིད་པའི་འབྲས་བུའི་ལེགས་པར་སྤྱོད་པ་ལ་ནན་ཏན་དུ་བྱའི། ཉེས་པར་སྤྱད་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཉེས་པར་སྤྱད་པས་ཞེས་བྱ་བ་ལ་སོགས་པའོ། །
ལྷ་ཞིག་གིས་འདི་སྐད་དུ། གང་དེས་བྱས་པས་འདིར་ནི་གདུང་བར་གྱུར། །ངན་འགྲོར་སོང་བའི་འོག་ཏུའང་གདུང་བར་འགྱུར། །གང་དེ་བྱས་པས་དེར་ནི་དགའ་འགྱུར་ཞིང་། །བདེ་འགྲོར་སོང་བའི་འོག་ཏུའང་དགའ་བར་འགྱུར། །ཞེས་ཞུས་པ་དང་། འདི་གསུངས་སོ།
ཉེས་པར་སྤྱད་པས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་འབྲས་བུའི་ལས་ངན་པར་སྤྱད་པའོ། །བྱས་པ་ཞེས་བྱ་བ་ནི་བསྒྲུབས་ཤིང་བསྐྱེད་པ་སྟེ། ཉེ་བར་བསགས་པའི་ཕྱིར་རོ། །པས་ཞེས་བྱ་བ་དེ་བས་ན་སྟེ། དེ་ལས་བྱུང་བའི་ཡིད་ལ་གཅགས་པའི་ཚུལ་གྱིས་གང་ལ་ལ་གསད་པ་དང་།
བཅིང་བ་དང་། ལག་པ་གཅོད་པ་ལ་སོགས་པས་ཚེ་འདི་ཉིད་དུ་གདུང་བར་འགྱུར་བ་ཉིད་དེ། ལུས་དང་སེམས་ཀྱི་གདུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །མཐོང་བའི་ཆོས་ཀྱི་ཉེས་དམིགས་བསྟན་ནས། འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་སྨྲས་པ། ངན་འགྲོར་སོང་
བའི་འོག་ཏུའང་གདུང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ངན་སོང་དུ་སྐྱེས་ནས་ཀྱང་གདུང་བ་ཤིན་ཏུ་དྲག་པོ་ཐོབ་པར་འགྱུར་རོ། །ལེགས་པར་སྤྱད་པ་བྱས་པས་དགའ་འགྱུར་ཞིང་། །ཞེས་བྱ་བ་ནི་བདེ་བའི་འབྲས་བུའི་ལས་དགེ་བ་བསགས་པས་བདག་གིས་ནི་དེ་ལྟར་བསགས་
སོ། །ཞེས་དྲན་པས་ཚིམ་པར་འགྱུར་ཏེ། མཆོད་པ་དང་། ཞེས་དང་། བསྙེན་བཀུར་ཡང་འདི་ཉིད་དུ་འཐོབ་པར་འགྱུར་བའོ། །བདེ་འགྲོར་སོང་བའི་འོག་ཏུའང་དགའ་བར་འགྱུར། །ཞེས་བྱ་བ་ནི་བདེ་འགྲོར་སོང་ནས་ཀྱང་ཚིམ་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ལེགས་
เล่ม ๑๔๙ · หน้า 138b
པར་སྤྱོད་པ་དང་ཉེས་པར་སྤྱོད་པ་གཉིས་ཀྱིས་ནི་འདི་ལྟར་འདོད་པ་དང་མི་འདོད་པའི་འབྲས་བུ་ཡིན་པ་དེས་ན་སྨྲས་པ། ཕྱི་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཆེན་ཆུན་གཉིས་ཕྲག་དོག་གིས་ཟིལ་གྱིས་གནོན་པའི་ཕྱིར་བྱད་སྟེམས་ཀྱི་སྦྱོར་བ་དོན་དུ་གཉེར་ཏེ། ལྷ་
མཉེས་པ་ལ་སོགས་པ་ལེགས་པར་སྤྱོད་པ་ལ་འཇུག་ཅིང་མཆོག་ཏུ་མཆོད་པ་རྩོམ་པའི་བུད་མེད་ལས་བརྩམས་སོ། །ལུས་ཅན་སྡུག་བསྔལ་གྱིས་འཇིགས་པས། །མ་བྱས་ཅི་ཞིག་བྱས་པ་བླ། །མི་ནི་བདེ་བ་འདོད་པ་ཡིས། །ཅི་ཞིག་བྱས་ནས་བྱས་པ་རུང་། །ཞེས་ལྷས་
གསོལ་པ་ལས་གསུངས་སོ་ཞེས་ཁ་ཅིག་ཟེར་རོ། །ཉེས་སྤྱད་མ་བྱས་ཞེས་བྱ་བ་ནི་ངན་པར་སྤྱོད་པ་མ་བྱས་པ་ཉིད་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་ནས་གདུང་འགྱུར་དེ་བྱེད་པས། །ཞེས་སྨོས་ཏེ། འདི་ལྟར་ངན་པར་སྤྱོད་པ་དེ་བྱས་པར་གྱུར་པ་དང་། དུས་མཉམ་དུ་རྣམ་
པར་སྨིན་པ་དང་ལྡན་པ་ཡིན་པས་ཕྱི་ནས་ཞེས་བྱ་བ་སྟེ། དུས་གཞན་ནའོ། །དེ་བྱེད་པའི་སེམས་ཅན་ནི་ཚེ་འདིར་ཡང་ཁ་ན་མ་ཐོ་བས་ཡིད་ལ་གཅགས་པ་ལ་སོགས་པར་འགྱུར་ལ། འཇིག་རྟེན་ཕ་རོལ་ཡང་ངན་སོང་དུ་འགྲོ་བ་ལ་སོགས་པས་ཉེ་བར་གདུང་བར་འགྱུར་
བ་ཡིན་ཏེ། དེ་བས་ན་དེ་མ་བྱས་པ་ནི་རབ་ཏུ་བསྔགས་པ་ཡིན་ནོ། །ལེགས་པར་སྤྱོད་པ་བྱས་ན་རུང་། །ཞེས་བྱ་བ་ནི་ཡང་ལེགས་པར་སྤྱོད་པ་ཉིད་ལ་ནན་ཏན་དུ་བྱེད་པ་ཉིད་མཆོག་ཡིན་ཏེ། འདི་ལྟར། གདུང་བར་མི་འགྱུར་དེ་བྱ་སྟེ། །ཞེས་བྱ་བ་འདི་དང་། གཞན་དུ་དེ་
བྱས་པས་གདུང་བ་མེད་པའི་ཕྱིར་རོ། །ལེགས་པར་སྤྱོད་པ་བྱ་བ་དང་ཉེས་པར་སྤྱོད་པ་མི་བྱའོ་ཞེས་ངེས་པར་བྱ་བ་ནི་ཚིག་མཐོང་ཞིང་ཆོས་མཉན་པ་ལས་འགྱུར་རོ། །དམ་པའི་ཆོས་སྟོན་པ་ཡང་མཁས་པ་ཁོ་ནས་རྟོགས་ཤིང་ཤེས་པ་ཁྱད་པར་ཅན་གྱིས་ནུས་
པ་ཡིན་ཏེ། དེ་ཡང་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་སྟོན་པ་ལས་ཤེས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མཁས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་བྱི་ཤ་ཀ་པཉྩ་ལའི་བུ་དགེ་སློང་རབ་ཏུ་མང་པོ་བསྟི་གནས་ཀྱི་ཁང་པ་དག་ཏུ་འཁོད་པ་ལ་ཆོས་
เล่ม ๑๔๙ · หน้า 139a
སྟོན་པར་བྱེད་དེ། ཕོ་བྲང་འཁོར་གྱི་ཚིག་དང་། སྙན་པ་དང་། རྣམ་པར་གསལ་བ་དང་། ཡིད་དུ་འོང་བ་ཡིན་པས་དེ་དག་གིས་ཀྱང་གུས་པས་མཉན་པར་གྱུར་ཏོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་གསན་ཏེ་བྱི་ཤ་ཀ་ལེགས་སོ་ལེགས་སོ་ཞེས་
པ་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མ་སྨྲས་ཞེས་བྱ་བ་ནི་ཚིག་ཅུང་ཟད་མི་བརྗོད་ཅིང་མི་སྟོན་ན་ནི་མཁས་པའམ་བློ་དང་ལྡན་པར་མི་རྟོགས་ཏེ། མཁས་པ་ནི་ཚིག་གི་ཁྱད་པར་གྱིས་མཚོན་པའི་ཕྱིར་རོ། །ཅིའི་ཕྱིར་ཤེས་པར་མི་འགྱུར་ཞེ་ན། མཁས་དང་
བྱིས་པ་འདྲེས་པ་ལས། །ཞེས་བྱ་བ་སྨོས་ཏེ། འདྲེས་པ་ནི་རྐང་པ་དང་ལག་པ་དང་མིག་དང་གདོང་དག་ནི་ཚུལ་འདྲ་བ་སྟེ། བྱིས་པ་དང་ཆ་བྱད་མཚུངས་ཤིང་འདི་ལྟར་ཆུ་དང་འོ་མ་བཞིན་དུ་ཐ་དད་པར་རྟོགས་པར་མི་ནུས་སོ། །སྨྲས་པ་ཡིས་ནི་ཤེས་པར་འགྱུར། །
ཞེས་བྱ་བ་ནི་ཚིག་གི་ཁྱད་པར་ལས་འདི་ནི་དམ་པའོ། །འདི་ནི་མཁས་པའོ་ཞེས་རྟོགས་པ་ཡིན་ནོ། །ཇི་ཞིག་སྨྲ་བ་ཡིན་ཞེ་ན། སྨྲོས་ཤིག་དང་ཞེས་བྱ་བ་སྟེ། རིགས་པ་དང་ལུང་གི་དེ་བཞིན་ཉིད་སྟོན་པར་བྱེད་པའོ། །ཞི་བའི་གོ་འཕང་ཞེས་བྱ་བ་ནི་འཚེ་བ་མེད་པའི་དོན་མྱ་ངན་ལས་
འདས་པ་དང་། དེ་ཐོབ་པར་བྱེད་པའི་ལམ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཁོར་བ་ལས་རབ་ཏུ་གཞོལ་བའི་ཚིག་ནི་དམ་པའི་ཆོས་བསྟན་པ་ཞེས་མི་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་འདི་ཡང་ཚིག་གི་ལྷག་མར་བརྟག་པར་བྱའོ། །མཁས་དང་བྱིས་པ་འདྲེས་པ་ལས། །མ་
སྨྲས་ཤེས་པར་མི་འགྱུར་བས། །ཞི་བའི་གོ་འཕང་སྨྲོས་ཤིག་དང་། །སྨྲས་པ་ཡིས་ནི་ཤེས་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། མ་ཞི་བ་ཞེས་བྱ་བ་ནི་སྲིད་པ་དེ་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་སྲིད་པ་མངོན་པར་འགྲུབ་པ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་
ཚིག་གིས་སོ། །རྗེས་སུ་མྱོང་བའི་ཕྱིར་ཡང་སྡུག་བསྔལ་འབྱུང་བའོ། །མཁས་པ་ནི་དེ་བཞིན་ཉིད་སྟོན་ཅིང་སྦྱོར་བ་ཡིན་ནོ། །བཤད་པས་ཞེས་བྱ་བ་ནི་སྨྲས་པ་སྟེ་མཁས་པའོ། །གསལ་བ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་སྟེ་རིགས་པ་དང་ལུང་གཉིས་ཀྱིས་འདིའི་དོན་
เล่ม ๑๔๙ · หน้า 139b
བསྟན་པར་བྱེད་པའི་ཕྱིར་རོ། །གང་བཤད་ཅེ་ན། ཆོས་ཞེས་སྨོས་ཏེ། བསྟེན་པའི་ཚུལ་གྱིས་སོ། །ཡང་ན་བཤད་པ་ནི་བརྗོད་པའོ། །གསལ་བར་བྱ་བ་ནི་དོན་ལ་དཔྱོད་པའོ། །དྲང་སྲོང་ནི་དེ་བཞིན་གཤེགས་པའོ། །བསྒྲེང་བར་གྱིས་ཞེས་བྱ་བ་ནི་གཟུགས་པར་
གྱིས་ཤིག་པ་སྟེ། སྟེང་དུ་བཞག་པ་དང་། ཡང་དག་པར་བསྔགས་པའོ། །རྒྱལ་མཚན་ནི་རྟགས་ཏེ། དཔེར་ན་རྒྱལ་མཚན་གྱིས་རྒྱལ་པོ་དང་སྨན་པ་ལ་སོགས་པའི་གནས་སུ་སྐྱེ་བོ་རྣམས་ཀྱིས་ཤེས་པ་ཡིན་ཏེ། ཚུལ་དེ་བཞིན་དུ་ཆོས་སྟོན་པའོ། །ཅིའི་ཕྱིར་དེ་ལྟར་
ཞེ་ན། ལེགས་བཤད་ཅེས་བྱ་བ་སྟེ། བདེ་བླག་ཏུ་རྟོགས་པའི་ཐབས་སྟོན་ཅིང་གང་བརྗོད་པ་དེ་ནི་ལེགས་པར་བཤད་པའོ། །དེའི་རྒྱལ་མཚན་གྱི་ཏོག་གིས་རང་གི་ངོ་བོ་སྟོན་པ་ཡིན་ཞེས་རྟོགས་པ་གང་ཡིན་པ་དེ་ནི་ཐུབ་པ་ཡིན་ནོ། །ཅིའི་ཕྱིར་ལེགས་པར་
བཤད་པ་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ཞེ་ན། ཆོས་ཡིན་པས་ཞེས་སྨོས་ཏེ། གང་དེ་ཁྱད་པར་ཅན་གྱི་དོན་དང་ལྡན་ལ་གཞན་ལ་ཕན་པ་སྟོན་པ་དེ་ནི་འདིར་བསྟན་པའི་ཆོས་ལ་དགོངས་སོ། །དེ་ཉིད་ནི་དགྲ་བཅོམ་པ་འདོད་ཆགས་དང་བྲལ་བ་བྱ་བ་བྱས་པ་རྣམས་
ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་ནི་བདག་ཉིད་ལ་བསྟོད་པའི་ཚིག་མི་བརྗོད་དེ་དེ་ལས་གཞན་པའི་སེམས་ནི་ཞི་བ་ལ་འཇུག་པའང་མ་ཡིན་ལ་ཐམས་ཅད་གཞན་གྱིས་རྟོགས་པར་ནུས་པ་ཁོ་ན་ཡིན་ནོ། །འོན་ཀྱང་གཞན་གྱི་དོན་དུ་ཕྱིན་ཅི་མ་ལོག་པར་སྟོན་པ་ཡང་ཡིན་ལ། རྙེད་
པ་དང་བཀུར་སྟི་ལ་ལྟོས་པ་མེད་པའང་ཡིན་ཏེ། དེ་ཉིད་ནི་དེ་དག་གི་རྒྱལ་མཚན་ཡིན་ནོ། །དེས་ན་དེ་མཚོན་པ་ཡིན་ཏེ། གདུགས་དཀར་པོ་ལ་སོགས་པ་ཉིད་དང་། རྣ་ཆ་གདུབ་འཁོར་ལ་སོགས་པས་རྒྱལ་པོའི་ཡན་ལག་བཞིན་ཏེ། གདུགས་དཀར་པོ་ནི་མཚོན་པ་ཡིན་པར་རབ་ཏུ་གྲུབ་པོ། །
ཅི་གང་སུ་དག་དམ་པའི་ཆོས་སྟོན་པའི་མཁས་པ་བདག་ཉིད་བརྗོད་པ་དེ་ཐམས་ཅད་དུ་བསྔགས་པ་ཡིན་ནམ་ཞེ་ན། འདི་ནི་གཅིག་ཏུ་མ་ཡིན་ཏེ། འདི་ལྟར་ཁྱད་པར་དུ། རྩོད་པའི་དུས་ཀྱི་འགྲོ་བ་འདི་ནའོ་ཞེས་བཤད་དོ། །མ་སྨྲས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཛེས་དགའ་
เล่ม ๑๔๙ · หน้า 140a
མོའི་གཏམ་རྒྱུད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་པས་ཡིད་མི་དགའ་བར་གྱུར་ཏེ། ནད་ཀྱིས་བཏབ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྤྱན་འདྲེན་པའི་སྐྱེས་བུ་བཏང་སྟེ། གཤེགས་པ་ལས་བཙུན་པ་བདག་ནི་ཁྱོད་ཀྱིས་
བཤད་པས་དགའ་བ་སྐྱེས་པར་གྱུར་ཏོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །སྨོད་བྱེད་ཅིང་ཞེས་བྱ་བ་ནི་བཤུང་བ་སྟེ། ཚིག་གི་རྒྱུ་གང་གིས་ཀྱང་ངོ་། །ཚིག་ཅུང་ཟད་ཀྱང་མ་སྨྲས་ཤིང་མི་བརྗོད་ན་ནི་འདི་ནི་རྟག་ཏུ་
ལྐུགས་པ་བཞིན་དུ་འདུག་གོ་ཞེས་སྨོད་པར་བྱེད་དོ། །མང་དུ་སྨྲས་ན་ཡང་ཞེས་བྱ་བ་ནི་མང་དུ་སྨྲ་བའི་ཚུལ་གང་ལ་ཡོད་པ་སྟེ། ཤིན་ཏུ་སྙན་པའི་ཚིག་མང་པོ་བརྗོད་པ་དེ་ལ་ཡང་འདི་ནི་རླུང་གི་རང་བཞིན་ཅན་ནོ་ཞེས་མི་སྙན་པ་རྗོད་པར་བྱེད་དོ། །དལ་བུས་སྨྲས་ཀྱང་ཞེས་བྱ་བ་
ནི་གང་ལ་དལ་བུས་སྨྲ་བའི་ཚུལ་ཡོད་པ་སྟེ། ཉུང་ངུ་སྨྲ་བ་དེ་ལ་ཡང་འདི་ནི་ཚིག་གཅིག་ཀྱང་གསེར་ལ་སོགས་པ་འཚོང་བ་ལྟར་བྱེད་དོ་ཞེས་སྨོད་པར་བྱེད་དོ། །དེས་ན་འཇིག་རྟེན་ན་ནི་མི་སྨོད་མེད། །ཅེས་བྱ་བ་ཡིན་ཏེ། བསྟོད་པ་ནི་ཐམས་ཅད་དུ་མེད་དོ། །བརྒྱ་ལ་བྱུང་བའམ་
འབྱུང་བར་འགྱུར་བ་ལ་སྨད་པའམ་བསྟོད་པར་བྱ་བ་ཡོད་དམ་ཞེ་ན་མ་ཡིན་ཏེ། གཅིག་ཏུ་སྨད་པར་བྱ་བ་དང་། །ཞེས་བྱ་བ་སྟེ། སྐྱེ་བོ་ཐམས་ཅད་ལ་རྣམ་གྲངས་ཐམས་ཅད་ཀྱིས་ཀྱང་སྟེ། ལྷ་སྦྱིན་ལ་སོགས་པ་ལ་ཡང་སྨོད་པར་བྱེད་པ་མེད་དོ། །མི་ཞེས་བྱ་བ་ནི་སེམས་ཅན་
ཏེ་སྐྱེས་བུའོ། །གཅིག་ཏུ་བསྟོད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བདེ་བའི་བདག་ཉིད་ཀྱིས་སྟོད་པར་བྱེད་པ་འདི་ཡང་མེད་དོ། །བྱུང་བར་མ་གྱུར་ཞེས་བྱ་བ་ནི་སྔར་མ་བྱུང་བ་སྟེ། སྐྱེས་བུ་གཉིས་པོ་ནི་སྔོན་མ་བྱུང་བའི་ཕྱིར་རོ། །འབྱུང་མི་འགྱུར་ཞེས་བྱ་བ་ནི་མ་
འོངས་པའི་དུས་ནའོ། །དེ་ལྟར་ན་ད་ལྟར་བྱུང་བ་ལ་ཡང་ཡོད་དོ་ཞེ་ན། ད་ལྟར་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། ད་ལྟར་བྱུང་བའི་དུས་ན་ཡང་གང་ན་ཡང་འདི་ཡང་མེད་དོ། །ཅི་དོན་དམ་པར་སེམས་ཅན་གང་ལ་སྨད་པར་བྱ་བར་མི་འོས་པ་ཡོད་དམ་ཞེ་ན། །གང་གིས་ཞེས་བྱ་བ་
เล่ม ๑๔๙ · หน้า 140b
སྨོས་ཏེ། སེམས་ཅན་གྱི་ཁྱད་པར་རོ། །ཤེས་རབ་ཅན་དག་སྟོད་བྱེད་དེ། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཤེས་པ་སྟེ། ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པ་ལ་ནི་གཞན་ཡང་བསྔགས་པ་རྗོད་པར་བྱེད་པའོ། །ཅི་ཞིག་བྱས་པས་ཤེ་ན། ཇི་ལྟ་ཇི་ལྟར་རྟོགས་གྱུར་པ། །ཞེས་
བྱ་བ་ནི་འདིས་རྗེས་སུ་སྦྱོར་བ་ཡིན་པས་རྟོགས་པར་གྱུར་པ་སྟེ། ལྟ་ཞིང་རྟོགས་པའི་བློ་སྔོན་དུ་འགྲོ་བའི་ཕྱིར་དམ་པ་རྣམས་ཀྱི་བྱ་བ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་བརྗོད་དེ། ཡོངས་སུ་བརྟགས་པ་ཡང་ཇི་སྐད་དུ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཆེད་དུ་ཕན་ཚུན་
གྱི་སྐྱེ་བ་བརྒྱུད་པ་ལས་གཟིགས་ནས་ལུང་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཇི་ལྟ་བུ་ཞེ་ན། འཕན་ནི་མ་བྱུང་ཞེས་བྱ་བ་སྨོས་ཏེ། གཞན་གྱི་འཁྲུལ་པ་དང་འཕན་བྱུང་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེའོ། །གཞན་གྱི་ཚིག་ངན་པ་ལ་གང་མི་འཇུག་པ་
དེ་ནི་འཕན་མ་བྱུང་བའོ། །ཡང་ན་འཕན་མ་བྱུང་བ་དེ་ནི་དཔྱོད་པ་མེད་པ་གཞན་གྱིས་གུས་པ་དང་རྟག་ཏུ་སྦྱོར་བ་གཉིས་ཀྱིས་འཇུག་པའི་ཚུལ་ཏེ། འདིས་ནི་བརྩོན་འགྲུས་དང་བག་ཡོད་པ་བསྟན་པ་སྟེ། རྒྱུན་དུ་དགེ་བའི་བྱ་བ་འཇུག་པའོ། །འདིས་ཚོགས་ཀྱི་ལམ་
བསྟན་ནས། འཕགས་པའི་ལམ་བསྟན་པ། དད་དང་ཚུལ་ཁྲིམས་བློ་དང་ལྡན་པ་དང་། །ཞེས་བྱ་བའོ། །དད་པའི་སྒྲ་ནི་འདིར་དེ་མང་དུ་བྱེད་ཅིང་དེ་སྒྲུབ་པ་ལ་ལེགས་པའི་བྱ་བ་ལ་ཏིང་ངེ་འཛིན་དུ་འདིས་བསྟན་ཏེ། །དེས་ན་ཡང་འདིས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོའི་
འཕགས་པའི་ལམ་བསྟན་ཏོ། །དེ་ལྟ་བུར་བློ་ལ་སོགས་པ་དང་ལྡན་པ་ནི་ཉོན་མོངས་པ་དང་དྲི་མ་ཐམས་ཅད་སྤངས་པ་ཡིན་ཞིང་ཁྱད་པར་ཐམས་ཅད་འཐོབ་པ་ཡིན་ཏེ། སྨད་འོས་མིན་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །ཞེས་
བྱ་བས་བསྟན་ཏེ། འཛམ་བུའི་ཆུ་བོའི་གསེར་བཟང་པོ་ལེགས་པར་བསྒྱུར་ཏེ། བཟོ་སྣ་ཚོགས་བྱས་པའི་རྒྱན་ནི་གང་གིས་ཀྱང་སྨད་པར་འོས་པ་མ་ཡིན་ཏེ། གཉིས་ཀ་ལས་སྐྱོན་དང་བྲལ་བ་དེ་བཞིན་དུ་ཡོན་ཏན་དང་ལྡན་པའི་བདག་ཉིད་ཆེན་པོ་ཡང་ལྷའམ་མི་རྣམས་ཀྱིས་
เล่ม ๑๔๙ · หน้า 141a
སྨད་པར་འོས་པ་མ་ཡིན་ནོ། །སྨད་པ་དང་བསྟོད་པ་བྱས་ཀྱང་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་རི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྱད་བུ་ནོར་ལ་མཛའ་བོ་དང་ས་ཅན་ལ་སོགས་པ་ནི་སྨོད་པར་བྱེད་ལ། ལྷ་ལ་སོགས་པ་ནི་
སྟོད་པར་བྱེད་ཀྱང་དེའི་ལུས་སེམས་ལ་གཞན་དུ་འགྱུར་བ་མེད་དེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཇི་ལྟར་ཞེས་བྱ་བ་ནི་དཔེར་ནའོ། །རི་དང་བྲག་ནི་ས་འཛིན་ཏེ་རྡོའི་བདག་ཉིད་དོ། །རླུང་གིས་གཡོས་པར་མི་འགྱུར་ལྟར། །ཞེས་བྱ་བ་ནི་རླུང་གི་ཤུགས་
ཀྱིས་རྣམ་པར་བསྒུལ་བར་མི་ནུས་སོ། །དེ་བཞིན་ནི་དེ་ལྟར་རོ། །བསྟོད་པ་དང་སྨད་པ་བྱས་ཀྱང་མཁས་པའམ་དམ་པ་ནི་མི་གཡོས་ཤིང་འགུལ་བ་མེད་དེ། རྣམ་པར་འཁྲུག་པར་ཡང་མི་བྱེད་ལ་དགའ་བར་ཡང་མི་བྱེད་དོ། །དེ་ལྟར་འགྱུར་བ་མེད་པ་ལ་ཇི་ལྟར་སྨད་པའི་
གནས་སུ་འགྱུར་ཏེ། དེ་བས་ན་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་གང་གི་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གྱི་ཁྱད་པར་གྱིའོ། །རྩ་བ་ནི་ས་བོན་ཏེ། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །ས་ལ་མེད་པ་ཞེས་བྱ་བ་ནི་ཞིང་ལ་སྟེ། རྣམ་པར་ཤེས་
པ་གནས་པ་བཞི་ལ་མེད་པའོ། །ལོ་མ་མེད་ཅེས་བྱ་བ་ནི་ངའོ་སྙམ་པའི་ང་རྒྱལ་ཏེ། དགེ་སློང་དག་གིས་ལོ་མ་བཅོམ་པར་འགྱུར་ཞེ་ན་ངའོ་སྙམ་པའི་ང་རྒྱལ་འདིར་སྤངས་ཤིང་ཤེས་པའོ་ཞེས་མདོ་ལས་བསྟན་ཏོ། །དཔེར་ན་ལོ་མས་ནི་ཤིང་སྟུག་པོ་ལྟར་སྣང་བ་བཞིན་དུ་ངའོ་
སྙམ་པའི་ང་རྒྱལ་གྱིས་ཀྱང་སྐྱེས་བུ་དེ་ལྟར་སྣང་ངོ་། །ལྕུག་ཕྲན་ག་ལ་ཡོད་ཅེས་བྱ་བ་ནི་གང་ལ་རྩ་བ་ཉིད་མེད་པ་དེ་ལ་སྡོང་པོ་ཡང་མེད་ན་ལོ་མ་དང་ལྕུག་མ་ལྟ་ཡོད་པར་ག་ལ་འགྱུར་ཞེས་པའོ། །ལྕུག་ཕྲན་ནི་སྲེད་པ་ལ་བྱ་སྟེ། ཇི་སྐད་དུ། ཀ་བ་ལྔ་པའི་ཁང་པ་ལ། །ལྕུག་ཕྲན་
གྱིས་འབིགས་སྐྱེ་འགྱུར་ཏེ། །སྲེད་པའི་ལྕུག་མ་སྐྱེས་པ་ལ། །ཐུག་པའི་ཤེས་རབ་ཀྱིས་བཅད་དོ། །ཞེས་གསུངས་པས་སོ། །དེ་ཞེས་བྱ་བ་ནི་དེ་ལྟ་བུའི་སེམས་ཅན་ནོ། །བསྟན་པ་ནི་འཕགས་པའི་ལམ་གྱི་སྦྱོར་བས་བཀྲིར་མེད་པའི་ཉེ་བར་ལེན་པའོ། །འཆིང་བ་ལས་
เล่ม ๑๔๙ · หน้า 141b
གྲོལ་བ་ཞེས་བྱ་བ་ནི་འདིས་འཆིང་བ་ཡིན་པས་འཆིང་བ་སྟེ། ཉོན་མོངས་པ་འམ་ཉོན་མོངས་པ་དང་རྗེས་སུ་མཐུན་པ་ཟག་པ་དང་བཅས་པའི་དངོས་པོའོ། །ཉོན་མོངས་པ་སྤངས་པ་ནི་སྔར་བསྟན་པ་ལ་འདིས་ནི་ལྷག་མ་སྤངས་པར་བསྟན་ཏེ། འཁོར་བ་སྤངས་པ་ཞེས་བྱ་བའི་དོན་
ཏོ། །དེ་ལ་སུས་ཀྱང་སྨད་པར་འོས་པ་མ་ཡིན་ཏེ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །འདི་ལྟ་བུར་རྟོགས་པའི་བདག་ཉིད་ཆེན་པོ་ནི་གཞན་གྱི་བློས་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་དག་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །ཚེ་དང་ལྡན་པ་གོ་ཏི་ཀ་ལན་བདུན་
པ་བྱས་ཏེ། དུས་ཀྱིས་སེམས་རྣམ་པར་གྲོལ་ནས་ཡོངས་སུ་ཟད་ལ་སྟོན་པ་མཉེས་པར་བྱས་ཏེ། དེ་ལ་འདི་གསུངས་སོ། །སྤྲོས་པ་ནི་རབ་ཏུ་རྣམ་པར་འཇིག་པའི་རྐྱེན་ཏེ། འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་སྟེ་འདོད་པ་སྤངས་ཤིང་རབ་ཏུ་བྱུང་བའི་ཕྱིར་རོ། །དེ་ཡུལ་གྱི་འདོད་པ་
སྤངས་པར་བསྟན་ནས་འདིས་ཉོན་མོངས་པའི་འདོད་པ་སྤང་བར་བསྟན་པའི་ཕྱིར་དང་། གནས་པ་ཞེས་བྱ་བ་སྨོས་ཏེ། འདིས་གནས་པར་བྱེད་པས་ཞེས་བྱས་ནས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་སྤངས་ནས། འདི་ན་གནས་ཤིང་རབ་ཏུ་གནས་པ་སྟེ་གོ་སྐབས་ཡོད་
པའོ། །མེད་པ་ནི་ཡོད་པ་མ་ཡིན་པའོ། །འདོད་པ་ལ་འདོད་ཆགས་པ་ཞེ་སྡང་གཉིས་ཁྱད་པར་དུ་ཤས་ཆེར་བསྟན་པའི་ཕྱིར། ཀུན་སྦྱོར་གདུང་ལ་ཞེས་བྱ་བ་སྟེ། འདིས་སྦྱོར་བར་བྱེད་པ་ཡིན་པས་སྦྱོར་ཞིང་འབྱར་བ་སྟེ། འདོད་པའི་སྲེད་པ་ཞེས་བྱ་བའི་དོན་ཏོ། །འདིས་གནོད་
པར་བྱེད་པ་ཡིན་པས་གདུང་བ་སྟེ། ཁོང་ཁྲོ་བ་ཞེས་བྱ་བའོ། །དེ་གཉིས་ལས་རབ་ཏུ་ལོག་པ་ནི་རབ་ཏུ་འདས་པའོ། །འདོད་པ་ལ་འདོད་ཆགས་དང་བྲལ་བ་བསྟན་ནས་ཁམས་གོང་མའི་ས་པ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏེ། སྲེད་བྲལ་ཞེས་བྱ་བ་ནི་འཚེ་བ་མེད་པའི་
ཕྱིར་གོང་མའི་སྲེད་པ་ལས་དམིགས་པ་དེ་སྤངས་ནས་སྲེད་བྲལ་ཞེས་བརྗོད་དོ། །དེ་ཉིད་ཀྱིས་ན་ཁམས་གསུམ་མཐའ་དག་ལས་འདོད་ཆགས་དང་བྲལ་བར་བསྟན་པའི་ཕྱིར་ཐུབ་པ་ཞེས་སྨོས་ཏེ། མི་སློབ་པའོ། །དེ་དག་རྒྱུ་མཛད་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་
เล่ม ๑๔๙ · หน้า 142a
ངན་ལས་འདས་པ་ལས་གཞོལ་བཞིན་དུ་བསོད་སྙོམས་ལ་སོགས་པ་དག་ལ་རྒྱུར་མཛད་པའོ། །མི་ཤེས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་མི་རྟོགས་པའོ། །ལྷར་བཅས་འཇིག་རྟེན་ཞེས་བྱ་བ་ནི་ལྷ་དང་བཅས་པའི་མིའི་འཇིག་རྟེན་གྱིས་ཀྱང་མི་ཤེས་ན། ངན་
སོང་གི་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས། གང་གིས་དྲི་མ་ཐམས་ཅད་མ་ལུས་པར་སྤངས་པ་དེ་ཉིད་ནི་ནམ་ཡང་གང་གིས་ཀྱང་བཀྲིར་མི་རུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་ཟས་གཙང་མ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་
བར་དགའ་སྟེ། འཆར་ཀ་ཕོ་ཉར་བཏང་ནས་དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཡི་གེ་ཕུལ་ནས་ཞུས་པ། གལ་ཏེ་བཅོམ་ལྡན་འདས་རང་ཉིད་མི་གཤེགས་ན་སྟོབས་ཀྱིས་དགུག་པར་བྱའོ་ཞེས་པ་ནས། ཚིགས་སུ་བཅད་པ་བཞིའི་བར་དུ་གསུངས་སོ། །གཞན་དག་ནི་བྱང་
ཆུབ་སྙིང་པོར་བདུད་ཀྱི་བུ་མོ་དག་གི་དབང་དུ་མཛད་པའོ་ཞེས་ཟེར་རོ། །དེ་ནས་ཀུན་དུ་རྒྱུ་དྲ་བ་ཅན་མུ་སྟེགས་ཅན་གྱིས་བསྐུལ་ཏེ། བཅོམ་ལྡན་འདས་དབང་དུ་བྱ་ཞིང་ཁྱེར་བར་བྱའོ་ཞེས་པ་དང་། དེ་ལས་བརྩམས་པ་སྟེ། དེ་ཐོས་པས་མངོན་པར་དད་དེ་དེ་བཞིན་གཤེགས་
པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གང་བསྟན་པས་ཇི་ཙམ་ན་དགྲ་བཅོམ་པར་གྱུར་ཏོ་ཞེས་གཞན་དག་ཟེར་རོ། །གང་ཞིག་ཅེས་བྱ་བ་ནི་ཐུབ་བ་མཆོག་གོ། །རྒྱལ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་སྤངས་པའོ། །མི་ཉམས་པ་ཞེས་བྱ་བ་ནི་ཡོངས་སུ་
མི་ཉམས་པ་དང་ཡོངས་སུ་མི་ཤིགས་པ་སྟེ། དེ་བཞིན་གཤེགས་པ་ནི་ཡོངས་སུ་མི་འཇིགས་པའི་ཆོས་ཅན་ཡིན་ཏེ། གང་རྒྱལ་བ་ནི་རྒྱལ་བ་ཉིད་དོ། །ཅི་སྟེ་སྤང་བར་བྱ་བའམ་མ་རྒྱལ་བ་ཅུང་ཟད་ཡོད་དམ་ཞེ་ན། འདི་ལ་རྒྱལ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་འདི་ན་སྤང་
བར་བྱ་བ་མ་སྤངས་པ་ཅུང་ཟད་ཀྱང་མེད་དེ། ཉོན་མོངས་པ་དང་ཤེས་བྱའི་ཐོས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེ་ནི་སངས་རྒྱས་ཞེས་བྱ་བ་ནི་མཐའ་དག་ཐུགས་སུ་ཆུད་པའི་ཕྱིར་རོ། །སྤྱོད་ཡུལ་མཐའ་ཡས་ཞེས་བྱ་བ་ནི་གཞན་གྱིས་དོན་རྟོགས་སུ་མི་རུང་བའི་ཕྱིར་རོ། །ཡང་ན་
เล่ม ๑๔๙ · หน้า 142b
མཐའ་ཡས་པ་ནི་དཔག་ཏུ་མེད་པའི་སྤྱོད་ཡུལ་གང་ལ་ཡོད་པའོ། །ཡང་ན་དྲན་པ་ཉེ་བར་གཞག་པ་བཞིའི་སྤྱོད་ཡུལ་ལོ། །འགྲོ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ལས་སྤངས་པའི་ཕྱིར་རོ། །དེ་གཉིས་ནི་བཀྲི་བ་དང་འབྲེལ་བ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །གོ་འཕང་གང་
གིས་བཀྲི་ཞེས་བྱ་བ་ནི་ཐབས་གང་གིས་སམ་མཐུ་གང་གིས་ཁྱེར་བར་བྱེད་ཅེས་བྱའོ། །མཐུ་རྩལ་མཐའ་ཡས་དེ་ཞེས་བྱ་བ་ནི་མཐའ་ཡས་པའི་མཐུ་རྩལ་གྱི་བརྩོན་འགྲུས་གང་ལ་ཡོད་པ་སྟེ། ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་ཕྱིར་རོ། །མཐུ་རྩལ་ཁྱད་པར་ཅན་
དང་ལྡན་པ་ནི་གཞན་གྱིས་བཀྲི་ཞིང་ཁྲིད་པར་ནུས་པ་མ་ཡིན་ནོ། །མཐུ་རྩལ་ཁྱད་པར་ཅན་མ་གཏོགས་པ་ནི་མངོན་པར་འདོད་པའི་དངོས་པོ་འཐོབ་པ་མ་ཡིན་ནོ་ཞེས་འདིས་བསྟན་ཏེ། དེ་བས་ན་ཡང་དག་པར་ཞུགས་ཤིང་འབད་པ་ཁོ་ནས་ནི་བྱ་བ་འགྲུབ་པ་ཡིན་ནོ། །གང་ལ་དྲ་བ་
ཞེས་བྱ་བའི་སྲེད་པ་ཇི་ལྟ་བུར་མེད་ཅེ་ན། དྲ་བ་སྨོས་ཏེ་མ་འོངས་པའི་ཡུལ་ནི་ཡོངས་སུ་གསལ་བ་མེད་པ་དེས་དྲ་བ་དང་འདྲ་བའི་ཕྱིར་རོ། །ཡུལ་སྲེད་ཅེས་བྱ་བ་ནི་ད་ལྟར་བྱུང་བའི་ཡུལ་ལ་ཆགས་པའོ། །དེ་གཉིས་ནི་རྐང་པ་གཉིས་དང་འདྲ་བར་འགྲོ་ཞིང་འགྲོ་བ་
གཞན་དག་ཏུ་ཀུན་དུ་འགྲོ་བར་བྱེད་དོ། །འགའ་མེད་པ་ཞེས་བྱ་བ་ནི་འགྲོ་བ་དང་འགྲོ་བ་དག་ཏུའོ། །ཁྲིད་བྱེད་པ་ཞེས་བྱ་བ་ནི་འདྲེན་པ་སྟེ། སྲེད་པས་ནི་སྐྱེ་དགུ་རྣམས་འདྲེན་པར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །ལྷག་མ་ནི་རྟོགས་པར་སླའོ། །རྣམ་པར་རྟོག་པ་སྤངས་པས་ནི་
སྲེད་པ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །ཡུལ་བེ་ར་རྒྱ་ན་ཚོང་དཔོན་ཞིག་འབྱོར་པ་ཆེ་ཞིང་ཕུན་སུམ་ཚོགས་པའི་ཁྱིམ་ལ་མི་དགའ་སྟེ། རབ་ཏུ་བྱུང་ནས་གཙུག་ལག་ཁང་དུ་ཆོས་མང་པོ་བསྟན་པར་བྱས་པ་ལས་འདི་
གསུངས་སོ། །གང་ཞིག་རྣམ་པར་རྟོག་པ་རྣམ་བསལ་ཞིང་། །ཞེས་བྱ་བ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་གང་རྣལ་འབྱོར་དུ་སྤྱོད་པས་བསལ་ཞིང་རྣམ་པར་སྦྱངས་པ་སྟེ། ཕྱི་རོལ་དུ་ལྟ་བའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ནང་གི་ཀུན་ལ་
เล่ม ๑๔๙ · หน้า 143a
རྣམ་པར་རྟོག་མེད་པ། །ཞེས་བྱ་བ་ནི་གང་གིས་ལྟ་བའི་འཇུག་པ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱིས་རྣམ་པར་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་སྤངས་པའི་ཕྱིར་ཏེ། བསམ་གཏན་གཉིས་པ་ལ་བརྟེན་
ནས་རྣམ་པར་རྟོག་པ་དང་དཔྱོད་པ་བསལ་བའི་ཕྱིར་རོ། །ཀུན་ཞེས་བྱ་བ་ནི་ཉེར་བསྡོགས་དང་། །དངོས་གཞི་ལ་ལྟོས་པའི་ཕྱིར་རོ། །འདིས་ནི་འདོད་པ་དང་། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏེ། བསམ་གཏན་གཉིས་པ་དང་གསུམ་པ་
ལས་འདོད་ཆགས་དང་བྲལ་བར་བསྟན་པའི་ཕྱིར། ཀུན་དུ་སྦྱོར་འདས་ཞེས་བྱ་བ་སྟེ། བསམ་གཏན་གསུམ་པ་ལ་བརྟེན་ནས་བསམ་གཏན་གཉིས་པའི་ས་པའི་དགའ་བའི་སྲེད་པ་སྤོང་བ་ཡིན་ནོ། །བཞི་པ་ལ་བརྟེན་ནས་ནི་བསམ་གཏན་གསུམ་པའི་ས་པའི་བདེ་བའི་
སྲེད་པ་སྤོང་བ་ཡིན་ནོ། །དགའ་བ་དང་བདེ་བ་ནི་འདིས་ཀུན་དུ་སྦྱོར་བའི་སྒྲར་བརྗོད་དོ། །གཟུགས་དང་འདུ་ཤེས་འདས་ཞེས་བྱ་བ་ནི་གཟུགས་ལ་ཆགས་པ་དང་བྲལ་བར་བསྟན་ཏོ། །གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བར་བསྟན་པ། རྣལ་འབྱོར་བཞི་དང་བྲལ་བ་ཞེས་བྱ་བ་སྟེ།
བཞི་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལས་སྐྱེས་པའི་སྐྱེ་མཆེད་ལ་གང་སྦྱོར་བ་ལས་ཉོན་མོངས་པ་དང་བྲལ་བ་དེ་ནི་དེ་ཉིད་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ས་པ་དག་ལས་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྦྱོར་བ་
རྣམ་པ་བཞི་ལས་སོ། །སྐྱེ་བ་མེད་ཅེས་བྱ་བ་ནི་གང་དུ་ཡང་སྐྱེ་བ་ཡོངས་སུ་མི་ལེན་པས་ཏེ། །དེའི་རྒྱུ་སྤངས་པའི་ཕྱིར་རོ། །ཇི་ལྟར་སྐྱེ་བ་ལེན་པར་མི་འགྱུར་ཞེ་ན། ཐམས་ཅད་ལས་གྲོལ་བའི་ཕྱིར་ཏེ། དེ་ཉིད་བསྟན་པ། སྔོན་བྲལ་ཞེས་བྱ་བ་སྨོས་ཏེ། འདིའི་གླེང་གཞི་
ནི། ནགས་ནི་ཆོད་དང་ཤིང་མེད་དོ། །ཞེས་བྱ་བ་དེར་བསྟན་ཏོ། །བྲལ་བ་ནི་སྤངས་པའོ། །སྔོན་ཞེས་བྱ་བ་ནི་སྔོན་དུ་འདུག་པ་སྟེ། མ་འོངས་པའི་སྤང་བར་བྱ་བ་ཡང་སྤངས་པའོ། །ཕྱི་མ་དང་བྲལ་ཞིང་ཞེས་བྱ་བ་ནི་འདས་པའོ། །དབུས་བྲལ་ཞེས་བྱ་བ་ནི་གང་ད་ལྟར་བྱུང་བའི་དུས་
เล่ม ๑๔๙ · หน้า 143b
ཀྱི་གནས་པ་དེ་ཡང་སྤངས་པ་སྟེ། དེའི་ཡུལ་ལ་ཆགས་པ་མེད་པས་སྤངས་པའི་ཕྱིར་རོ། དེ་ཡོངས་སུ་སྤངས་ན་འདི་ཇི་ལྟར་འགྱུར་ཞེ་ན། སྲེད་པའི་ཕ་རོལ་ཕྱིན་ཅེས་བྱ་བ་སྨོས་ཏེ། ཡང་སྲིད་པའི་ལས་ཀྱི་མཐར་ཕྱིན་པའི་ཕྱིར་རོ། །དེས་ན་བཤད་པ། རྣམ་པ་ཀུན་
ལས་སེམས་གྲོལ་བ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ལས་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་དོན་ཏོ། །སྐྱེ་རྒ་ཡང་ནི་འདྲེན་མི་འགྱུར། །ཞེས་བྱ་བ་ནི་ཡང་སྐྱེ་བ་དང་རྒ་བ་འཐོབ་པར་མི་འགྱུར་ཏེ། འཐོབ་པའི་རྒྱུ་སྤངས་པའི་ཕྱིར་རོ། །ཕྲུགས་ཀྱི་ཚོམས་
ཏེ་ཉི་ཤུ་དགུ་པའི་རྣམ་པར་འགྲེལ་བ་རྫོགས་སོ།། །།ཕྲུགས་སུ་བསྟན་པ་ལས་རྗེས་སུ་འབད་པའི་འབྲས་བུ་བསྟན་པའི་ཕྱིར་དེའི་འོག་ཏུ་བདེ་བའི་ཚོམས་བསྟན་ཏོ། །དེའི་ཕྱིར་འདིར་ནི་ཕལ་ཆེར་ནག་པོ་དང་དཀར་བོའི་ཕྱོགས་རབ་ཏུ་འབྱུང་བ་དང་ལྡན་པའི་ཚིགས་
སུ་བཅད་པ་བཤད་དེ། ནག་པོའི་ཕྱོགས་སུ་སྤང་བ་དང་དཀར་པོའི་ཕྱོགས་ལ་ནན་ཏན་དུ་བྱ་བ་བསྟན་པས་དེ་ལ་ནན་ཏན་དུ་བྱས་པའི་བདེ་བ་ཡང་བསྟན་པ་ནི། རྒྱལ་བ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་གླེང་གཞི་ནི་ལས་ཀྱི་ཚོམས་སུ་བལྟ་བར་བྱ་སྟེ། རེ་
ཞིག་འདིར་དེའི་བར་དུ་བཤད་དེ། རྒྱལ་པོའི་ཁབ་ན་ཕས་ཀྱི་དགྲའི་གྲོགས་པོ་ཞེས་བྱ་བའི་བྲམ་ཟེ་འཇིག་རྟེན་རྒྱང་ཕན་པ་ལས་གཞན་མི་ཤེས་པ་ཞིག་སྟེ། ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བབ་ཅོལ་དུ་ཀྱེ་གཽ་ཏ་མ་ཁྱོད་ནི་རྒྱལ་པོ་རྒྱལ་ལོ་ཞེས་སྨྲས་ཏེ། དེ་ནས་
ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ཐོས་པས་དགྲ་བཅོམ་པར་གྱུར་ཏོ་ཞེས་གཞན་དག་ཟེར་རོ། །རྒྱལ་བ་ཞེས་བྱ་བ་ནི་གཞན་ཟིལ་གྱིས་མནན་ཅིང་བདག་ཉིད་མཐོ་བར་གྱུར་པ་ནི་རྒྱལ་བའོ། །དེ་ལས་ཁོན་བྱུང་བ་ན་ཁོང་ཁྲོ་བ་དང་རྗེས་སུ་འབྲེལ་ཅིང་
རབ་ཏུ་སྐྱེ་བའོ། །དེའི་ཕྱིར་བདག་གིས་འདི་ལས་རྒྱལ་བར་བྱ་སྟེ། ཡང་འདི་ལ་བདག་གིས་བག་དབབ་པར་མི་བྱ་ཞིང་འདིའི་རྩ་བ་ལྷག་མ་མེད་པར་དབྱུང་བར་བྱའོ་ཞེས་པ་སྟེ། དགྲའི་ལྷག་མ་ནི་མི་གཞག་གོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ཁོན་
เล่ม ๑๔๙ · หน้า 144a
ནི་གཞན་ལ་གནོད་པར་བྱས་པ་ལས་བག་ཆགས་དང་རྗེས་སུ་འབྲེལ་པའོ། །འབྱུང་བ་ཞེས་བྱ་བ་ནི་བདག་གིས་ཡང་ཆུང་ངུ་དང་བར་མ་ལ་སོགས་པའི་རིམ་པས་འཕེལ་བའོ། །ཕ་རོལ་ཕམ་པས་སྡུག་བསྔལ་འཐོབ། །ཅེས་བྱ་བ་ནི་གང་ཡང་
གཞན་ཟིལ་གྱིས་གནོན་ཅིང་སྤ་བཀོང་བར་བྱེད་པ་དེ་ནི་སྡུག་བསྔལ་བར་གནས་ཏེ། ལུས་སྒྲུབ་པ་ལ་སོགས་པ་ལ་ཉམ་ཆུང་ཞིང་དགའ་བའི་གནས་སྐབས་ཐོབ་ལ། ནང་གི་ཡིད་ཤིན་ཏུ་གདུང་བར་བྱས་པ་ཉམས་སུ་མྱོང་ཞིང་འདུག་པའོ། །གཉི་ག་ཡང་གཉི་ག་ལ་འབྱུང་མོད་
ཀྱི་ཕལ་ཆེར་རེ་རེ་ལ་བརྗོད་དོ། །དེ་ལྟར་ན་གང་ཞིག་གི་བདེ་བ་འཐོབ་ཅེ་ན། ཉེ་བར་ཞི་བའི་བདེ་བ་འཐོབ། །ཅེས་བྱ་བ་སྟེ། ཉེ་བར་ཞི་བ་ལ་གནས་པར་བྱས་ན་བདག་དང་གཞན་ལ་འཚེ་བ་སྤངས་པ་ནི་དབང་པོ་རྣམས་ཚིམ་བཞིན་དུ་འདུག་པའོ། །ཅི་ཞིག་བྱས་ནས་ཉེ་
བར་ཞི་བར་འགྱུར་ཞེ་ན། རྒྱལ་དང་ཕ་རོལ་ཕམ་སྤངས་ན། །ཞེས་བྱ་བ་སྨོས་ཏེ། གཞན་བཞིན་དུ་དོན་དང་འབྲེལ་པ་ཡིན་ཏེ། རྒྱལ་བ་ནི་བདག་ཉིད་མཐོ་བ་སྟེ། གཞན་ཟིལ་གྱིས་གནོན་པ་ཡང་སྤང་ཞིང་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། གདུང་བའི་རྒྱུར་གྱུར་པའི་
ཕྱིར། ཕ་རོལ་ཕམ་པ་བཞིན་ནོ། །གང་བདེ་བ་སྦྱིན་པར་འགྱུར་ཞིང་འཚེ་བ་ལས་ལྡོག་པ་དེ་ཉིད་ནི། བདེ་བ་དང་གྲོལ་བར་འགྱུར་གྱིས། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །ཞེས་བྱ་བ་ཡིན་ཏེ། གཞན་གྱི་རྒྱུད་ལ་སྡུག་
བསྔལ་སྒྲུབ་པའོ། །གང་ཞིག་བདག་གིས་བདེ་འདོད་པ། །ཞེས་བྱས་པ་ནི་གང་ལ་ལ་བདག་ཉིད་དང་འབྲེལ་བའི་བདེ་བ་མངོན་པར་འདོད་ཅིང་སེམས་པའོ། །དགྲ་དང་མི་འབྲལ་འགྲོགས་པ་དང་། །ཞེས་བྱ་བ་ནི་དགྲའི་དཔེ་བསྟན་ཏེ། །མི་འབྲལ་ཞེས་བྱ་བ་ནི་གནོད་
པ་དང་འཚེ་བ་ལ་སོགས་པའི་གདུང་བ་ཇི་སྙེད་པ་བསྟན་པ་ཡིན་ཏེ། སྡུག་བསྔལ་གྱི་གནས་སྐབས་དེ་གཉིས་དང་འགྲོགས་པ་ནི་ལྡན་པས་ཉེ་བར་གཙེས་པའོ། །ཇི་སྐད་དུ་བཤད་པ། རྒྱལ་བ་ལས་ནི་ཁོན་ལ་སོགས་པས་གཞན་ཕམ་པའི་སྡུག་བསྔལ་གྱི་གནས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด