སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๓ · หน้า 1b

༄༅༅། །འཕྲོག་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་

ལ་ལྷན་ཅིག་གནས་པ་དགེ་སློང་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ་བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དགའ་བོ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་པ་དེ་

སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་

ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་

བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱི་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་

เล่ม ๑๕๓ · หน้า 2a

དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་རྣམས་ལ་དེ་སྐད་ཅེས་བསྒོ་བ་དགའ་བོས་ཐོས་ནས་ཉེ་དགའ་ལ་སྨྲས་པ། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་

ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཇི་ནས་ཀྱང་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་དུ་འདོང་ན་ནི་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་

མ་དག་ཀྱང་འགྲོ་བར་འགྱུར་བས་བདག་ཅག་གིས་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱི། བདག་ཅག་དགེ་སློང་རབ་ཏུ་ཤེས་པ་འགའ་ཞིག་ཁྲིད་དེ་སྣ་ལ་

དོང་ནས་རྙེད་པ་འགྲུབ་པར་འགྱུར་ན་སུ་བཀྲི། ཉེ་དགས་སྨྲས་པ། ཁྱོད་ཉིད་ཀྱི་ལྷན་ཅིག་གནས་པ་དགེ་སློང་ཆོས་དེ་ཟང་ཟིང་གིས་བྲིད་དེ་ཁྲིད་ཅིག །དེ་ནས་དགའ་བོས་དགེ་སློང་ཆོས་རང་གི་དྲུང་དུ་ཆོས་གོས་སྣམ་སྦྱར་འདྲུབ་པ་ཞུར་

འོངས་པའི་ཚེ་སྨྲས་པ། ཁྱོད་ལ་ངས་ཆོས་གོས་སྣམ་སྦྱར་གཅིག་སྦྱིན་གྱིས་ཁྱོད་རང་གིས་དྲུབ་མི་དགོས་སོ། །དེ་ནས་ཆོས་ཀྱིས་དགའ་བོས་བྱིན་པའི་སྣམ་སྦྱར་གྱོན་ཏེ་རང་གི་རས་ཡུག་ཆེན་དགེ་འདུན་ལ་ཕུལ་ནས་སྣམ་སྦྱར་རྙིང་པ་ཡང་བསོད་

เล่ม ๑๕๓ · หน้า 2b

སྙོམས་པ་ཞིག་ལ་བྱིན་ནོ། །དེ་ནས་དགའ་བོས་ཆོས་ལ་ཁྱོད་ངའི་ཕྱི་བཞིན་སྔར་འདོང་ངོ་ཞེས་སྨྲས་པ་དང་ཆོས་མ་བཏུབ་ནས། དགའ་བོས་ཆོས་གོས་སྣམ་སྦྱར་བྱིན་པ་དེ་ཕྱིར་ཕྲོགས་སོ། །དེ་ནས་དགེ་སློང་ཆོས་སྣམ་སྦྱར་མེད་པར་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་དུ་ལྗོངས་རྒྱུར་སོང་བ་བཅོམ་ལྡན་

འདས་ཀྱིས་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ལོ་རྒྱུས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ།

དགའ་བོ་ལ་སྨྲས་ནས་རྣམ་གྲངས་དུ་མར་དམད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་

མ་རངས་ནས་འཕྲོག་གམ་འཕྲོག་ཏུ་འཇུག་ཅིང་དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱི་ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་དེས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། ཉོན་མོངས་པ་ནི་

མི་བཟོད་པ། ཉེས་པ་ནི་བྱིན་འཕྲོག་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་།

དུ་ཀུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་ཕྱིར་སྦྱིན་མི་དགོས་པར་རོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་བ་མ་སངས་

པར་རོ། །འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འཕྲོག་ཏུ་འཇུག་ཅིང་ཞེས་བྱ་བ་ནི་གཞན་ནོ། །དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱི། ཕྱིར་བྱིན་ཅིག་ཅེས་ཟེར་བ་ན་ཞེས་བྱ་བ་ནི་དབྲོག་པའི་བསམ་པས་ཚིག་དེ་སྐད་ཅེས་ཟེར་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་

เล่ม ๑๕๓ · หน้า 3a

གང་ཡིན་པ་དེས་སོ། །ལྷག་མ་ཡོད་པ་ཞེས་བྱ་བ་ནི། དེའི་ལྷག་མ་གང་ཡིན་པའོ། །ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གཏང་བར་བྱ་ཞིང་ངོ་། །བཏང་ན་ཞེས་བྱ་བ་ནི་ལུས་དང་བྲལ་བར་བྱས་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་

ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་

འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དེ་དབྲལ་བར་བྱ་བའི་དགེ་སློང་ཉིད་ལས་དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་པའི་གོས་ལ་སོགས་པ་ཡོ་བྱད་གང་ཡང་རུང་བ་དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ་ཐ་དད་པ་དག་གིས་

དབྲོག་པའི་དོན་དུ་ཞུགས་ཤིང་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན། འཕྲོག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་འཕྲོག་པའི་སྤོང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་

བྱས་ལ། ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་འཕྲོག་པར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཕྲོག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་

སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར། ལྷུང་བཟེད་དམ་ཆོས་གོས་སམ། དྲ་བའམ་ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་

ལྟུང་བར་ནི་མི་འགྱུར་རོ། །དབྲལ་བར་བྱ་བ་དགེ་སློང་ཉིད་ལ་ན་སྨད་པ་མེད་དོ། །དབྲོག་པར་བྱ་བ་རང་གིས་བྱིན་ནམ། གཞན་གྱིས་བྱིན་པ་དང་དབྲལ་བར་བྱ་བ་རང་གི་ཉིད་མ་ཡིན་པ་ལ་ན་སྨད་པ་མེད་དོ། །གོས་ཉིད་དུ་གཏོགས་པ་ཆོས་གོས་ལ་སོགས་པ་དགེ་སློང་གི་ཡོ་བྱད་གང་ཡང་རུང་བ་

เล่ม ๑๕๓ · หน้า 3b

ལ་ན་སྨད་པ་མེད་དོ། །ལྟུང་བ་འབྱིན་པ་དེའི་འམ་དེས་བསྐོས་པའི་ལུས་དང་ངག་དང་བསྡུས་པའམ་ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ལ་ན་སྨད་པ་མེད་དོ། །དབྲལ་བར་བྱ་བའི་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ལ་ན་སྨད་པ་མེད་དོ། །རང་གི་ཕྱིར་འཕྲོག་

པ་དང་གཞན་གྱི་ཕྱིར་འཕྲོག་པ་ལ་ན་སྨད་པ་མེད་དོ། །རང་གི་ཉིད་སེལ་བར་བྱེད་པའི་འཕྲོག་པ་ལ་ན་སྨད་པ་མེད་དོ། །རང་གི་ཉིད་སེལ་བར་གྱུར་པའི་འཕྲོག་པ་ཞེས་བྱ་བ་ནི་དབྲལ་བར་བྱ་བ་རང་གི་ཉིད་ཀྱི་རྫས་དང་བདག་པོ་ཉིད་སེལ་བར་གྱུར་པའོ། །གོས་རུང་བ་ཉིད་དང་། ཚད་དང་ལྡན་པ་

ལ་ན་སྨད་པ་མེད་དོ། །དབྲལ་བར་བྱ་བ་ལ་དགེ་སློང་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ལ་ན་སྨད་པ་མེད་དོ། །མཚན་དང་ཁས་བླངས་པ་དག་གིས་རང་གི་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དབྲལ་བར་བྱ་བ་དགེ་སློང་ཉིད་དང་། དབྲོག་པར་བྱ་བ་རང་གི་ཉིད་མ་

ཡིན་པ་གོས་ལ་སོགས་པ་དང་དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ། ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྲལ་བར་བྱ་བ་དགེ་སློང་ཉིད་དང་དབྲོག་པར་བྱ་བ་རང་གི་ཉིད་མ་

ཡིན་པ་གོས་ལ་སོགས་པ་ཡོ་བྱད་གང་ཡང་རུང་བ་དང་། དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ། ཐ་དད་པ་གང་ཡང་རུང་བ་དང་དབྲོག་པའི་དོན་དུ་ཞུགས་པ་དང་། ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་

ན་སྨད་པ་མེད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འཕྲོག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་པའི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དབྲལ་བར་བྱ་བ་བ་བསྙེན་པར་མ་རྫོགས་

པ་ལ་རང་ངམ་དེས་བསྒོས་པ་བསྙེན་པར་རྫོགས་པ་དང་མ་རྫོགས་པས་འཕྲོག་པ་ལ་ཉེས་བྱས་སོ། །བློ་གྲོས་ངན་པས་བྱས་པའི་འཕྲོག་པ་རྒོད་པའི་བསམ་པས་དུས་ཆུང་ཟད་ཅིག་སེམས་གདུང་བར་བྱའོ་སྙམ་པས་ཅོ་དྲིས་པར་གྱུར་ཅིག །གནོད་པར་གྱུར་ཅིག །མཐུ་བསྟན་པར་གྱུར་ཅིག་ཅེས་

เล่ม ๑๕๓ · หน้า 4a

བྱ་བ་དེ་ལྟ་བུས་ཆོས་གོས་ལ་སོགས་པ་དབྲོག་པར་བྱས་ནས་ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ལ་ཉེས་བྱས་སོ། །གོས་མི་རུང་བ་ཉིད་དང་། ཚད་དང་ལྡན་པ་མ་ཡིན་པ་ལ་ཉེས་བྱས་སོ། །དབྲལ་བར་བྱ་བ་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཆོས་འདི་པ་མ་ཆགས་པ་

དང་མ་ཉམས་པ་དག་ལ་ཉེས་བྱས་སོ། །མཚན་དང་ལྟ་བ་ཁས་མ་བླངས་པ་དག་གིས་རང་གི་ཕྱོགས་ཀྱི་ཁོངས་སུ་མ་གཏོགས་པ་ལ་ཉེས་བྱས་སོ། །ཁྱིམ་པའི་རྟགས་ཅན་ཉིད་ལ་ཉེས་བྱས་སོ། །རང་གིས་མངོན་སུམ་དུ་མ་བསྐོས་པ་ལྐོག་ནས་བསྐོས་པ་དང་བརྒྱུད་པས་བསྐོས་པས་འཕྲོག་པ་ལ་ཉེས་

བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་

གིས་སྦྱོར་བའི་སྦྱོར་བའི་ཉེས་བྱས་དངོས་པོ་དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་རིགས་པའི་དོན་གྱི་དབང་གིས་བྱས་པའི་འཕྲོག་པ་གནོད་པ་དང་མི་ཕན་པ་བྱེད་པ་ལ་འཇུག་པའི་བགེགས་བྱ་བའི་ཕྱིར་འཕྲོག་པ་ལ་ལྟུང་བ་མེད་

དེ། གནོད་པ་ནི་ཚེ་འདིའི་ལུས་ལ་གནོད་པར་འགྱུར་བའོ། །མི་ཕན་པ་ནི་འཇིག་རྟེན་ཕ་རོལ་དུ་འབྲས་བུ་མི་འདོད་པ་འབྱིན་པའི་སེམས་ཀུན་ནས་ཉོན་མོངས་པ་ཅན་ནོ། །འདིར་གཞུང་ནི་དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ནི་ལྟུང་བ་མེད་དོ། །ཇི་ལྟར་དོན་གཞན་གྱིས་ཤེ་ན། འདི་ལྟ་

སྟེ། སློབ་དཔོན་དང་མཁན་པོའི་ལྷན་ཅིག་གནས་པ་དང་ཉེ་གནས་དག་འཇིགས་པ་དང་བཅས་པའི་ཕྱོགས་སུ་དུས་མ་ཡིན་པ་དང་ཆུ་ཀླུང་གི་ཁ་འམ་ཡུར་པོ་ཆེའི་ཁར་འགྲོ་བ་དེ་དག་ལ། སློབ་དཔོན་དང་མཁན་པོས་ཆོམ་རྐུན་པ་དང་གཡོན་ཅན་དག་གིས་གོས་དག་ཕྲོག་པར་གྱུར་ན་མི་རུང་ངོ་སྙམ་པས་

འཕྲོག་གམ་འཕྲོག་ཏུ་འཇུག་པ་ལྟ་བུ་ཡིན་ནོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཤེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་སྡིག་པའི་གྲོགས་པོ་དང་སྡིག་པའི་ཟླ་བོ་དང་སྡིག་པའི་རྟེན་གྲོགས་དང་ལྷན་ཅིག་སྡིག་པ་བརྟེན་ཅིང་ལམ་དུ་འགྲོ་བར་གྱུར་ན། དེ་དག་ལ་

เล่ม ๑๕๓ · หน้า 4b

མཁན་པོ་དང་སློབ་དཔོན་གྱིས་འདི་དག་སྡིག་པའི་གྲོགས་པོ་དང་སྡིག་པའི་ཟླ་བོ་དང་སྡིག་པའི་རྟེན་གྲོགས་ལ་བསྟེན་པར་གྱུར་ན་མི་རུང་ངོ་སྙམ་པས་གོས་དག་འཕྲོག་གམ། འཕྲོག་ཏུ་འཇུག་པ་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་

ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཕྲོག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྲོགས་པའི་ཆོས་གོས་གང་ཡིན་པ་དེ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དེ་ནི་

ཕྱིར་སྦྱིན་པར་བྱ་བ་ཉིད་དོ། །ཕྱིར་བཅོས་པའི་སྦྱོར་བ་གཞན་ནི་སྔ་མ་བཞིན་ནོ། །བྱེ་བྲག་ཏུ་ན་ཕྲོགས་པའི་གོས་དེ་ཡོངས་སུ་ལོངས་སྤྱད་པར་མི་བྱ་བ་དེ་ལ་ཕྱིར་སྦྱིན་པར་བྱའོ། །ཇི་སྟེ་ཡོངས་སུ་ལོངས་སྤྱད་པར་གྱུར་ན་ཡང་དེའི་ལྷག་མ་གང་ཡོད་པ་གང་ཡིན་པ་དེ་ལ་ཕྱིར་སྦྱིན་པར་བྱ་སྟེ་ཇི་སྲིད་དུ་མི་

སྦྱིན་པ་དེ་སྲིད་དུ་ལྟུང་བ་བཤགས་སུ་མི་རུང་ངོ་། །འདིར་གཞུང་ནི་དགེ་སློང་དེས་གོས་དེའི་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞེས་གསུངས་པ་ཡིན་ཏེ། ཕྱིར་སྦྱིན་པར་བྱ་བ་ནི་སྤང་ཞིང་བྲལ་བར་བྱ་བའི་ཆོ་ག་ཡིན་ལ་དེའི་འོག་ཏུ་ཞག་གཅིག་ལ་སོགས་པ་ལོན་ན་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བཅོས་པར་

བྱའོ། །འཕྲོག་པའི་སྤང་བ་སྟེ་ཉི་ཤུ་ལྔ་པ་བཤད་ཟིན་ཏོ།། །།བརྟད་པ་ལས་བྱུང་བའི་སྤང་བའི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་

ན་བཞུགས་སོ། །རི་བྲགས་ཤིག་ན་ཁྱིམ་བདག་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་འདུག་པ་དེས་དགོན་པར་དགེ་འདུན་གྱི་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ་སྐར་ཁུང་དང་སྐར་ཁུང་དྲ་བ་ཅན་དང་ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ་

མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་ཁྲི་དང་། ཁྲིའུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེ་ན་དགེ་སློང་དྲུག་ཅུ་གནས་པ་དེ་དག་ལ་ཁྱིམ་བདག་དེས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་མཁོ་བ་སྟོབས་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་དེ་དུས་ཀྱི་

เล่ม ๑๕๓ · หน้า 5a

ཆོས་དང་ལྡན་པར་གྱུར་ནས་དེའི་བུས་ཡོ་བྱད་མ་སྦྱར་ནས་དགེ་སློང་དྲུག་ཅུ་པོ་དེ་དག་ནི་གཞན་དུ་དོང་ངོ་། །རྒན་ཞུགས་གཉིས་ཤིག་དེ་ན་འཁོད་པའི་ཚེ་བྱང་ཕྱོགས་ནས་ཚོང་པ་དོན་མཐུན་དག་དེར་ལྷགས་པས་དགེ་སློང་དྲུག་ཅུ་དབྱར་ཟླ་བ་གསུམ་གནས་པར་ཁས་ལེན་པའི་བསོད་

སྙོམས་དང་བརྒྱད་སྟོན་དང་བཅུ་བཞི་སྟོན་དང་ཉ་སྟོན་དང་ན་བའི་རྐྱེན་དང་སྨན་གྱི་ཡོ་བྱད་དང་རྙེད་པ་དང་ཆོས་གོས་ཀྱི་ཟོང་དག་ཕུལ་ཏེ། དགེ་སློང་བཟང་པོ་དག་བོས་ལ་དབྱར་འདིར་གནས་པར་ཁས་ལོང་ཤིག་དང་། བདག་ཅག་ཀྱང་དབྱར་འདས་ནས་འདིར་མཆིས་ཏེ། དགེ་སློང་བརྒྱ་ལ་མཁོ་

བ་བསྟབས་པར་བྱའོ་ཞེས་རྒན་ཞུགས་གཉིས་ལ་སྨྲས་ཏེ་དོང་ངོ་། །དེ་ནས་རྒན་ཞུགས་གཅིག་གིས་རྙེད་པ་སྦས་ཏེ། གཅིག་གིས་མཉན་ཡོད་ནས་དྲུག་སྡེ་དག་སྦྲན་པ་དང་། དྲུག་སྡེ་དག་གིས་རྒན་ཞུགས་གཉིས་ལས་ལས་ཕྱུང་སྟེ། དགེ་སློང་ལྟོ་འདུན་ཅན་ཞིག་བསྒོས་ནས་ཉི་མ་རེ་རེ་ཞིང་

བཅའ་བ་རྣམ་པ་བཅོ་བརྒྱད་དང་ཚོད་མ་སྣུམ་བག་ཅན་མང་པོ་སྣ་ཚོགས་དག་དང་། ལེགས་པར་སྦྱར་བའི་བཏུང་བ་ཤ་སྟག་བྲིམས་པས་དབྱར་ཟླ་བ་གསུམ་གྱི་བསོད་སྙོམས་ཐམས་ཅད་ཟོས་ཏེ། གོས་ཀྱི་རྙེད་པ་ཡང་བགོས་ནས་མཉན་ཡོད་དུ་དོང་ནས་དབྱར་ཕྱི་མར་གནས་པར་ཁས་བླངས་ཏེ་འཁོད་

དོ། །དབྱར་སྔ་མ་འདས་པ་དང་བྱང་ཕྱོགས་པའི་ཚོང་པ་དོན་མཐུན་དག་དེར་ལྷགས་ཏེ། བལྟས་ན་དྲུག་སྡེ་དག་གིས་དེ་ལྟར་བྱས་པར་མཐོང་ནས་དེ་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་བདག་ཅག་གི་དད་པའི་མྱུ་གུ་སྐྱེས་

མ་ཐག་ཏུ་བཅོམ་མོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་

ལ་སྨྲས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བར་བྱ་སྟེ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དབྱར་གྱི་ནང་དུ་བགོ་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་དབྱར་གྱི་རྙེད་པ་

เล่ม ๑๕๓ · หน้า 5b

དབྱར་གྱི་ནང་དུ་འགོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་

ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་དང་། ཆོས་སྦྱིན་གཉིས་ལས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་ནི་སྤོང་བ་མ་འཁོར་ཡང་སྤོང་བ་མོ་དང་ལྡན་པ་ཡིན་ལ། ཆོས་སྦྱིན་ནི་མདོ་སྡེའི་མཐའ་ལ་འཁོར་ཡང་མདོ་སྡེའི་མཐའ་དང་ལྡན་པ་ཡིན་ཏེ། དེ་གཉིས་

དབྱར་ཁང་གཅིག་ཏུ་དབྱར་གནས་པར་ཁས་བླངས་ནས་གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མིའི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་ཆོས་བྱིན་གྱིས་རང་གི་འཁོར་ལ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་

རྗེས་སུ་གནང་བ་གང་ཡིན་པ་དེ་ཐམས་ཅད་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་ལ་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་གཞན་གྱི་སེམས་བསྲུང་བའི་གང་ཟག་ནི་བསོད་ནམས་མང་དུ་སྐྱེད་པར་བྱེད་དོ་ཞེས་གསུངས་ཀྱི། ཁྱེད་ཅག་ཀྱང་རེ་ཞིག་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམས་

ཤིག་ཅེས་འདོམས་པར་བྱེད་ཅིང་། དེ་དག་ཀྱང་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམ་པར་རྩོམ་མོ། །གང་གི་ཚེ་ཆོས་སྦྱིན་གྱི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི་ཡང་རང་གི་འཁོར་ལ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་

དཀའ་བ་སྤྱད་པ་བརྒྱ་སློང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་དེ། བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ཐམས་ཅད་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་གཞན་གྱི་སེམས་བསྲུང་བའི་གང་ཟག་ནི་བསོད་ནམས་མང་པ་

སྐྱེད་པར་བྱེད་དོ་ཞེས་གསུངས་ཀྱིས། ཁྱེད་ཅག་ཀྱང་རེ་ཞིག་མི་རྟག་པ་ཉིད་དང་ལྡན་པའི་མདོ་སྡེའི་མཐའ་དག་ཁ་ཏོན་གྱིས་ཤིག་ཅེས་འདོམས་པར་བྱེད་ཅིང་དེ་དག་ཀྱང་མི་རྟག་པ་ཉིད་དང་ལྡན་པའི་མདོ་སྡེའི་མཐའ་དག་ཁ་ཏོན་བྱེད་པར་རྩོམ་མོ། །དགེ་སློང་མ་དག་དེ་ལྟར་ཕན་ཚུན་སེམས་རྗེས་སུ་སྲུང་

เล่ม ๑๕๓ · หน้า 6a

བས་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ་ཆུ་མེད་པ་ནས་ཨུཏྤ་ལ་བཞིན་ནོ། །དེ་ནས་ཆོས་སྦྱིན་གྱིས་དགེ་བསྙེན་མ་ས་ག་ཡོ་བྱད་སྦྱོར་དུ་བཅུག་སྟེ། བཙུན་མོ་ཕྲེང་ལྡན་མ་ལས་བརྒྱུད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་ཀྱང་དབྱར་ཁང་གི་གཞི་བླངས་ཏེ། ཀོ་ས་ལའི་རྒྱལ་པོ་

གསལ་རྒྱལ་ལ་རལ་གྲིའི་མཐུ་ཅན་དང་རྒྱལ་རིགས་བཟང་པོ་པ་ཞེས་བྱ་བའི་ཁྲོམ་གཉིས་ཡོད་པ་ལས། རལ་གྲིའི་མཐུ་ཅན་གྱི་ཁྲོམ་དམག་གི་གནས་སུ་སོང་བ་དང་དེ་དག་གི་ཆུང་མ་རྣམས་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་དགུར་སྤྱོད་པར་བྱེད་པས་ཕྱོགས་དེར་གོ་སྐབས་དབེན་པར་གྱུར་ནས།

ཆོས་སྦྱིན་གྱིས་དགེ་བསྙེན་མ་ས་ག་ཕྱོགས་དེར་དབྱར་ཁང་བྱེད་དུ་བཅུག་ནས་དགེ་སློང་མ་རྣམས་ཀྱིས་ཀྱང་དེར་གནས་པར་བརྩམས་སོ། །དེ་ནས་དགེ་སློང་མ་ཆོས་སྦྱིན་གྱིས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དམག་གི་གནས་སུ་སོང་བའི་ཆུང་མ་རྣམས་ལ་ཆོས་བསྟན་པས་དེ་དག་གིས་རྒྱུན་དུ་ཞུགས་

པའི་འབྲས་བུ་ཐོབ་པར་གྱུར་ཏོ། །རལ་གྲིའི་མཐུ་ཅན་གྱི་ཁྲོམ་དམག་གནས་ནས་ཕྱིར་འོངས་པ་རྣམས་ལ་ཡང་ཆོས་བསྟན་པས་དེ་དག་གིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་པ་ཞིག་ལོག་ནས་

ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་འབེབས་སུ་བཏང་བ་དང་དེ་དག་གིས་དགེ་སློང་མ་ཆོས་སྦྱིན་ལ་ཞུས་ཏེ། གཞུ་གཞུ་རྒྱུད་མེད་པ་དང་། མདའ་མདེའུ་མེད་པ་དང་། ཤིང་གི་རལ་གྲི་དག་ཐོགས་ཏེ། དེར་དོང་ནས་མཚན་མོ་རྒྱུན་ཆགས་གསུམ་པ་ཀླགས་ཤིང་མི་

མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའི་མིང་གིས་ཡོན་ཏན་བཤད་པ་བྱས་པ་དང་།

རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཐོས་ནས་ཆོས་ཀྱི་སྤུན་དེ་དག་རྒྱལ་པོས་གནས་མ་ཡིན་པར་བསྐོས་པ་མཐོང་ནས། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་ལ་སྨྲས་པ་ངའི་ཆོས་ཀྱི་སྤུན་འདི་དག་རྒྱལ་པོས་གནས་མ་ཡིན་པར་བསྐོས་ཀྱི་སོང་ལ་རི་བྲགས་པ་དེ་ཕོབ་སྟེ་དེ་དག་ལ་བྱིན་ལ། སྲོག་

เล่ม ๑๕๓ · หน้า 6b

ཆགས་འགའ་ལ་ཡང་མི་གནོད་པར་གྱིས་ཤིག །དེ་ནས་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱད་པར་ཅན་དག་མངོན་པར་སྤྲུལ་ནས་རི་བྲགས་པ་དེ་དག་བཟུང་སྟེ། སྒྱུ་དཔྱ་དང་བཅས་པར་རལ་གྲིའི་མཐུ་ཅན་གྱི་ཁྲོམ་ལ་བྱིན་ནས་དེ་དག་གིས་དེ་དག་

སྒྱུ་དཔྱ་དང་བཅས་ཏེ་མཉན་ཡོད་དུ་བདས་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཕུལ་བ་དང་རྒྱལ་པོ་དགའ་ནས་དེས་སྨྲས་པ། ཤེས་ལྡན་དག་སྒྱུ་དཔྱ་དག་ཁྱེད་ཅག་ཉིད་ཁྱེར་ཅིག །དེ་དག་གིས་སྒྱུ་དཔྱ་དེ་དག་ཁྱེར་ཏེ་ཆོས་སྦྱིན་གྱི་གན་དུ་དོང་ནས་སྨྲས་པ། འཕགས་མ་བདག་ཅག་གསོན་ཞིང་

ལྷགས་པ་དང་། བདག་ཅག་གི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་གང་ལགས་པ་དེ་ཐམས་ཅད་འཕགས་མ་ཁོ་ནའི་མཐུ་ལགས་ཀྱིས་རྒྱལ་པོས་བདག་ཅག་ལ་སྒྱུ་དཔྱ་སྩལ་བ་འདི་དག་ཐམས་ཅད་འཕགས་མས་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། དེས་སྨྲས་པ། བུ་དག་སངས་རྒྱས་

དང་ཆོས་དང་དགེ་འདུན་ལ་མཆོད་པ་གྱིས་ཤིག་དང་། དེས་ཁྱེད་ཅག་ལ་ཡུན་རིན་པོའི་དོང་དང་། ཕན་པ་དང་བདེ་བར་འགྱུར་རོ། །དེ་དག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ནས། དེ་དག་སྔ་དྲོ་ནི་སངས་རྒྱས་དང་ཆོས་

དང་དགེ་འདུན་ལ་མཆོད་པ་བྱེད། ཕྱི་དྲོ་ནི་ཆོས་ཉན་པར་བྱེད་དོ། །དེ་ནས་ཡང་དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་པ་གཞན་ཞིག་ལོག་ནས་རྒྱལ་པོས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་ལ་བསྒོ་བ། ཁྱེད་དེང་ལ་རི་བྲགས་པ་ཆེ་གེ་མོ་ཞིག་ཕོབ་ཞིག་དང་རེས་གཞན་ལ་མི་གཏོང་ངོ་། །

དེ་དག་གིས་བསམས་པ་སྔར་དེའི་ཚེ་ནི་བདག་ཅག་གིས་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱི་མཐུས་རི་བྲགས་པ་དེ་ཕབ་ཀྱི། དེ་ནི་བདག་ཅག་གིས་དེ་ཉིད་དུ་མཆི་བར་བྱ་དགོས་པར་འགྱུར་བས་འདི་ལྟར་བདག་ཅག་གིས་འཕགས་པ་དག་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་པ་དེ་

དག་ལ་ཆོས་གོས་དག་ཕུལ་ཏེ་འདོང་བར་བྱའོ་སྙམ་ནས་དེ་དག་ཆོས་གོས་དག་ཐོགས་ཏེ། གཙུག་ལག་ཁང་དུ་དོང་ནས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་བདག་ཅག་རྒྱལ་པོས་དམག་གི་གནས་སུ་བཏང་སྟེ། གལ་ཏེ་ན་བདག་ཅག་དེ་ཉིད་དུ་འགུམ་པར་འགྱུར་བ་གང་ལགས་པ་

เล่ม ๑๕๓ · หน้า 7a

དེ་ལྟ་བུའི་གནས་ཀྱང་མཆིས་པར་འགྱུར་བས་ཆོས་གོས་འདི་དག་བཞེས་སུ་གསོལ། དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བགོ་བར་མི་བྱའི་ཞེས་བསླབ་པའི་གཞི་བཅའ་བ་མཛད་

པས་བདག་ཅག་མི་ལེན་ཏོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གིས་བཞེས་ཏེ་ཞོག་ལ་དགག་དབྱེ་བགྱིས་ནས་བགོ་བར་མཛོད་ཅིག་ཅེས་དེ་དག་གིས་དེ་དག་གནས་ཁང་དུ་བཅུག་སྟེ་དོང་ངོ་། །དེ་དག་དམག་གི་གནས་སུ་འཕགས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་

དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་རལ་གྲིའི་མཐུ་ཅན་གྱི་ཁྲོམ་གཞུ་གཞུ་རྒྱུད་མ་མཆིས་པ་དང་། མདའ་མདེའུ་མ་མཆིས་པ་དང་། ཞུགས་ཤིང་གི་རལ་གྲི་ཐོགས་པ་དེ་དག་གིས་རི་བྲགས་པ་དག་མི་ཕེབས་པར་མི་མཁྱེན་ཏམ། གཞན་ཡང་དེ་དག་ནི་སངས་རྒྱས་ཀྱི་སྲས་ཤ་སྟག་

སྟེ། དེ་དག་གིས་དགེ་བའི་བཤེས་གཉེན་འཕགས་མ་ཆོས་བྱིན་ལ་བརྟེན་ནས་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ཕྱིན་ཆད་ཁྱེད་ཀྱི་དམག་དཔོན་འཕགས་སྐྱེས་པོ་ལ་བསྒོ་བར་

བྱའི། རལ་གྲིའི་མཐུ་ཅན་གྱི་ཁྲོམ་ལ་བསྒོ་བར་མི་བྱའོ། །དེ་ནས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དག་ཕྱིར་མཁོས་སུ་ཕབ་ནས་དགེ་སློང་རྣམས་ཀྱི་དགག་དབྱེ་བྱས་པའི་ཚེ་དེ་དག་ལ་སྨྲས་པ། བཞིན་བཟངས་དག་ཁོ་བོ་བདག་ཅག་དགག་དབྱེ་བྱས་ཀྱི་ཆོས་གོས་དག་བྱིན་ཅིག །དེ་དག་གིས་སྨྲས་པ།

འཕགས་པ་དག་བདག་ཅག་གིས་ཆོས་གོས་དག་ཕུལ་ལགས་ཀྱི་དེ་དག་བཞེས་ཤིག །དགེ་སློང་དེ་དག་དོང་ནས་གནས་ཁང་གི་སྒོ་ཕྱེ་བ་དང་། ཕྱོགས་དེས་སྣུམ་ཞིང་དངར་བས་ཆོས་གོས་དེ་དག་སྲིལ་དག་གིས་རྨུགས་ཏེ་རྡུལ་དུ་བརླགས་ཤིང་འདུག་པར་སྣང་བའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་གོས་སྦེད་པའི་དགེ་སློང་བསྐོ་བར་བྱ་སྟེ། གོས་སྦེད་པའི་དགེ་སློང་ཆོས་ལྔ་དང་མི་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ་བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་

เล่ม ๑๕๓ · หน้า 7b

པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གོས་ཀྱི་རྙེད་པ་སྦས་པ་དང་། མ་སྦས་པ་མི་ཤེས་པའོ། །གོས་སྦེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན་

འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གོས་ཀྱི་རྙེད་པ་སྦས་པ་དང་མ་སྦས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་

པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་

བྱའོ། །དེས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་

འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་བར་བགྱི་སྟེ། དེས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་

དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་

བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་

เล่ม ๑๕๓ · หน้า 8a

འདོད་པ་རྣམས་དང་། བསླབ་པ་ལ་གུས་པ་རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་རྣམས་དང་། ཕྲ་བ་རྣམས་དང་། སྦྱངས་པའི་ཡོན་ཏན་རྣམས་དང་། མཛེས་པ་རྣམས་དང་། དྲོད་རིག་པ་རྣམས་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་

སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་

པར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རྙེད་པ་ལ་གདུ་བ། ཉེས་པ་ནི་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་འགོད་པར་བྱེད་

པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུ་མ་ཚང་བ་ཚུན་ཆད་དུ་ཞེས་བྱ་བ་ནི་ཞག་བཅུ་ན་དགག་དབྱེ་འབྱུང་བ་ཚུན་ཆད་དུའོ། །བརྟད་པ་ལས་བྱུང་བའི་གོས་ཤིག་ཞེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་གོས་ལྔ་པོ་དག་སྟེ། ལྔ་གང་ཞེ་ན། ནད་པ་ལ་

སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། ཤི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དོ། །རྒྱལ་པོ་དང་ཆོམ་རྐུན་དང་། རིགས་རྒྱུད་དང་ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང་། མཆོད་གནས་བགོ་སྐལ་ལ་གཏོགས་པ་

འཆིར་དོགས་པ་ལ་སོགས་པ་དག་ཀྱང་ཡོངས་སུ་བསྡུའོ། །རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་བའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །གོས་དེས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་

དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། གོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བླང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་སྦ་བར་བྱའོ། །དགེ་སློང་གི་གོས་སྦྱིན་པའི་དུས་ནི་

เล่ม ๑๕๓ · หน้า 8b

གང་ཡིན། དུས་མ་ཡིན་པ་ནི་གང་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་ནི་གོས་སྦྱིན་པའི་དུས་མ་ཡིན་ལ། ལྷག་མ་ནི་དུས་ཡིན་ནོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་འབྲིང་པོ་ཐ་ཆུངས་ཉ་ཕན་ཆད་ནས་དབྱར་ཟླ་འབྲིང་པོ་ཉ་ཚུན་ཆད་ནི་དུས་མ་ཡིན་ལ་ལྷག་མ་ནི་

དུས་ཡིན་ནོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་

གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིས་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས། དབྱར་གྱི་རྙེད་པ་དབྱར་གྱི་ནང་

ལོགས་སུ་བདག་གིར་བྱེད་དམ། དེ་བགོས་སམ་དེ་སྦེད་པ་མ་བསྐོས་པ་རྣམས་ཀྱི་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་ན་བརྟད་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་བརྟད་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་

བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་བརྟད་པ་ལས་བྱུང་བར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྦང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་བརྟད་པ་ལས་བྱུང་བའི་སྤང་བའི་

ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་

ལྟུང་བར་ནི་མི་འགྱུར་རོ། །དབྱར་གྱི་རྙེད་པ་ལན་སྨད་པ་མེད་དོ། །དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་ལ་ན་སྨད་དོ། །བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །བརྟད་པ་ལས་བྱུང་བའི་རྙེད་པ་བདག་གིར་བྱས་པ་དབྱར་གྱི་ནང་ལོགས་སུ་དགོས་

เล่ม ๑๕๓ · หน้า 9a

པ་ལན་སྨད་པ་མེད་དོ། །བརྟད་པ་ལས་བྱུང་བའི་རྙེད་པ་དབྱར་དག་ལས་བྱུང་བ་དག་གིས་སྦྱིན་པའ་དུས་མ་བགོས་པར་དེ་ལས་འདས་པར་འཆང་བ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་གིས་ཚིག་གིས་འགོད་པར་དབང་མེད་པ་མ་གཏོགས་པ་གོས་སྦྱིན་པའི་དུས་སུམ་བགོས་པར་དེ་ལས་

འདས་པར་འཆང་བ་ལན་སྨད་པ་མེད་དོ། །གོས་སྤེད་པ་མ་བགོས་པ་རྣམས་ཀྱི་དབྱར་གྱི་རྙེད་པ་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་པ་ལན་སྨད་པ་མེད་དོ། གོས་རུང་བ་ཉིད་དང་ཚད་དང་ལྡན་པ་ལན་སྨད་པ་མེད་དོ། འདིའི་བྱེད་པ་པོ་ནི་དབྱར་གྱི་རྙེད་པ་དང་། དབྱར་གྱི་ནང་ལོགས་སུ་བདག་

གིར་བྱེད་པ་དང་། དབྱར་གྱི་ནང་ལོགས་སུ་བགོས་པ་དང་། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བསྐོས་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱར་གྱི་རྙེད་པ་དང་། རུང་བ་ཉིད་དང་། བརྟད་པའི་དབང་གིས་

མཐའི་ཞག་བཅུ་ལ་རྙེད་པ་མ་གཏོགས་པར་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང་། དེ་དབྱར་གྱི་ནང་ལོགས་སུ་བགོས་པ་དང་། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་

བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བརྟད་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དབྱར་གྱི་རྙེད་པ་སྦེད་པ་མི་བསྐོ་ན་ཉེས་བྱས་སོ། །གོས་མི་རུང་བ་ཉིད་དང་ཚད་དང་

ལྡན་པ་མ་ཡིན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་

དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་དབྱར་གྱི་རྙེད་པ་མ་ཡིན་པ་ལ་ལྟུང་བ་མེད་དོ། །དབྱར་གྱི་ནང་ལོགས་སུ་བདག་གིར་མ་བྱེད་པ་ལ་ལྟུང་བ་མེད་དོ། །བརྟད་པའི་དབང་གིས་

เล่ม ๑๕๓ · หน้า 9b

མཐའི་ཞག་བཅུ་ལ་རྙེད་པ་བདག་གིར་བྱས་པ་ལ་ལྟུང་བ་མེད་དོ། །བརྟད་པའི་དབང་གིས་འབྱུང་བ་ནི་རྣམ་པ་ལྔ་སྟེ། ནད་པ་ལ་ནི་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། འཆི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པའོ། །མཐའི་ཞག་བཅུ་ཞེས་བྱ་བ་ནི་དབྱར་གནས་

པར་བྱ་བའི་ཟླ་བ་གསུམ་པོ་དེ་དག་གི་མཐའི་ཞག་བཅུ་སྟེ། སྟོན་ཟླ་འབྲིང་པོ་ཚེས་ལྔ་ནས་ཉའི་བར་རམ། སྟོན་ཟླ་ཐ་ཆུངས་ཚེས་ལྔ་ནས་ཉའི་བར་རོ། བརྟད་པ་ལས་བྱུང་བའི་རྙེད་པ་དེ་དབྱར་གྱི་ནང་ལོགས་སུམ་བགོས་པ་ལ་ལྟུང་བ་མེད་དོ། །གོས་སྦྱིན་པའི་དུས་སུ་བགོས་པ་ལ་ལྟུང་བ་མེད་དོ། སྦྱིན་བདག་

གིས་ཚིག་གིས་འགོད་པར་དབང་མེད་པར་མ་གཏོགས་པ་ལ་ལྟུང་བ་མེད་དོ། །གོས་སྦེད་པ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་

བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བརྟད་པ་ལས་བྱུང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དབྱར་གོས་སྦེད་པའི་དགེ་སློང་བསྐོ་བར་བྱའོ། །དབྱར་གྱི་རྙེད་པ་གོས་སྦྱིན་པའི་དུས་སུ་བགོ་བར་བྱའོ། །དགེ་སློང་གི་གོས་སྦྱིན་པའི་དུས་

ནི་གང་ཡིན། དུས་མ་ཡིན་པ་ནི་གང་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་ནི་གོས་སྦྱིན་པའི་དུས་མ་ཡིན་ལ་ལྷག་མ་ནི་དུས་ཡིན་ནོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕན་ཆད་ནས་དཔྱིད་ཟླ་འབྲིང་པོ་ཉ་ཚུན་ཆད་ནི་དུས་མ་ཡིན་ལ་ལྷག་མ་ནི་དུས་ཡིན་ནོ། །དེ་ནི་

དབྱར་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། དབྱར་སྔ་མ་ལ་ནི་སྟོན་ཟླ་འབྲིང་པོ་ཉ་ཚུན་ཆད་དོ། །དབྱར་གནས་པར་ལས་བླངས་པས་སྲ་བརྐྱང་བཏིང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བརྟད་པ་ལས་བྱུང་བའི་སྤང་བ་སྟེ་ཉི་ཤུ་དྲུག་པ་བཤད་ཟིན་ཏོ།། །།ཞག་བདུན་ལ་འབྲལ་བའི་སྤང་བའི་

གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་ཐག་མི་རིང་བ་ན་རི་བྲགས་ཤིག་ཡོད་པ་དེ་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེ་ཡང་དད་པ་དང་ལྡན་ཞིང་

เล่ม ๑๕๓ · หน้า 10a

བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་དེས་དགེ་འདུན་ལ་བསྔོས་ཏེ་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང་སྐར་ཁུང་དྲྭ་བ་ཅན་དང་ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་ཁྲིའུ་དང་ཡོ་བྱད་ཕུན་སུམ་

ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེར་དགེ་སློང་དྲུག་ཅུས་དབྱར་དགག་དབྱེ་བྱས་ཏེ་དོང་ནས། ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་གཞན་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་དེར་ལྷགས་ནས་ཁྱིམ་བདག་དེས་ཡོ་བྱད་སྣ་ཚོགས་བསྟབས་ཏེ་དེར་དབྱར་གནས་པར་ཁས་བླངས་སོ། །ཁྱིམ་བདག་དེ་དང་རི་བྲགས་

དེའི་ཉེ་འཁོར་ན་ཡང་གཙུག་ལག་ཁང་གཞན་མེད་པས་དེ་དག་སྦྱིན་པ་དག་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་པས་དེར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་དེ་ཐོས་ནས་

དགེ་འདུན་ཚེས་བཅུ་བཞི་ལ་མཚན་མོ་ཆོས་སྒྲོག་པའི་ཚེ་ནང་དུ་བརྟུལ་ནས་དགེ་སློང་དག་བཅོམ་ནས་གོས་ཕྲོགས་ཏེ། དོང་བ་དང་། དགེ་སློང་དེ་དག་ཀྱང་མཚན་མོ་སྒྲེན་མོར་མཉན་ཡོད་ན་དོང་ནས་དགེ་སློང་རྣམས་ཀྱིས་དགེ་སློང་དག་ལ་གོས་ཀྱི་བགོ་བཤའ་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དེར་ཉལ་བར་མི་བྱའོ། །དེར་སྐྱ་རེངས་འཆར་བར་མི་བྱའོ། །གཙུག་ལག་ཁང་ཉིད་དུ་སྐྱ་རེངས་

འཆར་བར་བྱའོ། །དགེ་སློང་དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ་ཞེས་རྗེས་སུ་གནང་བ་དང་། དགེ་སློང་དྲུག་སྡེ་དག་བསམས་བཞིན་དུ་ཞག་བདུན་དུ་འབྲལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་

ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་སྨྲས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་

เล่ม ๑๕๓ · หน้า 10b

བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ་དགེ་སློང་དགོན་པ་

པས་འདོད་ན་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་

བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རང་ཉམས་བྱེད་པ། ཉེས་པ་ནི་དགོན་པར་ཆོས་གོས་ཁྱིམ་གཞན་དུ་གཞག་པ་དང་ཞག་བདུན་དུ་འབྲལ་བར་བྱེད་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་

ཆོས་འདི་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ཡན་ཆད་ནི་རབ་ཏུ་མང་པོ་དག་ཡིན་ནོ། །གནས་མལ་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་། །དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་རྡུལ་དང་། ལྕགས་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་

གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་དང་། ཁྲུ་རྣམས་སྔ་མ་དྲུག་ལ་ཕྱི་མ་གཅིག་ཏུ་བསྒྲེ་སྟེ་ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ། དེ་ཕན་ཆད་དགོན་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པས་

འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་སྟག་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ནི་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་། རླུང་དང་ཉི་མ་དང་སྡིག་སྦྲུལ་གྱི་

འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བ་ནི་དབྱར་ཕྱི་མར་གནས་པར་ཁས་བླངས་པར་གྱུར་པ་སྟེ། དེ་ནི་གླེང་གཞིའི་དབང་གིས་གསུངས་པར་ཟད་ཀྱི་ལུང་བསྟན་པ་ལ་ནི་ཡན་ལག་མ་ཡིན་ནོ། །དགེ་སློང་དགོན་པ་པས་ཞེས་

เล่ม ๑๕๓ · หน้า 11a

བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་ཡང་རུང་བའོ། །ཁྱིམ་གཞན་དུ་ཞེས་བྱ་བ་ནི། གང་ན་ལམ་པོ་ཆེ་དང་། སྲང་

དང་བཞི་མདོ་དང་སུམ་མདོ་དག་ཡོད་པར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གདམས་པར་བྱའོ། །དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་ནི་དགེ་འདུན་གྱིའམ་མཆོད་རྟེན་གྱི་འམ་གང་ཟག་གི་བྱ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་

དེ་ལྟ་བུའི་རྐྱེན་ཞིག་བྱུང་ནའོ། །དགེ་སློང་དགོན་པ་པ་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཞག་དྲུག་གི་མཐའ་ཚུན་ཆད་དུ་ཞེས་བྱ་བ་ནི་ཉིན་མཚན་དྲུག་གི་མཐའ་ཚུན་ཆད་དུ་སྟེ། ཞག་བདུན་པའི་སྐྱ་རེངས་མ་ཤར་ཚུན་ཆད་དུའོ། །ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་

བྱའོ་ཞེས་བྱ་བ་ནི་ཆོས་གོས་གཞག་པ་གང་ཡིན་པ་དེ་དང་ངོ་། །དེ་ལས་འདས་པར་འབྲལ་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་སྐྱ་རེངས་འཆར་བར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་

སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་

གཞག་པ་ནི་དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པ་ལས་དོན་གྱི་དབང་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ཞག་བདུན་པའི་སྐྱ་རེངས་ཤར་ན། ཞག་བདུན་ན་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ཞག་བདུན་ན་

འབྲལ་བའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ཞག་བདུན་ན་འབྲལ་བར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་

เล่ม ๑๕๓ · หน้า 11b

དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ཞག་བདུན་ན་འབྲལ་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་

དགེ་སྦྱོང་གིས་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ཞག་དྲུག་པ་ལས་ལྷག་པ་བདུན་པའི་སྐྱ་རེངས་ཤར་བ་ལ་ན་སྨད་པ་མེད་དོ། །འཇིགས་པའི་དབང་མ་གཏོགས་པར་གྲོང་གཞན་དུ་

འཇོག་པ་ལ་ན་སྨད་པ་མེད་དོ། །བར་ཆད་ཀྱི་ཆོས་དབང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཆོས་གོས་རུང་བ་ཚད་དང་ལྡན་པ་བྱིན་གྱིས་བརླབས་པ་ལ་ན་སྨད་པ་མེད་དོ། །ཉེ་འཁོར་དང་བཅས་པའི་མཚམས་ལས་འདས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོའི་དགེ་སློང་དགོན་པ་པའི་

ཆོས་གོས་དང་མཚམས་གཞན་དང་། ཞག་བདུན་པའི་སྐྱ་རེངས་ཤར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་། གྲོང་གཞན་དུ་བཞག་པ་དང་། མཚམས་ཀྱི་ཕྱི་རོལ་དུ་སོང་བ་དང་། བར་ཆད་

ཀྱི་དབང་མ་གཏོགས་པ་དང་། ཞག་བདུན་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་སོ། །ཇི་སྲིད་དུ་ཞག་བདུན་ན་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་

གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དོན་གྱི་དབང་མ་གཏོགས་པར་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་

བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་

เล่ม ๑๕๓ · หน้า 12a

བྱའོ། །ལྟུང་བ་མེད་པ་ནི་དགོན་པ་པ་འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཆོས་གོས་གཅིག་གྲོང་གཞན་དུ་ཞག་དྲུག་བཞག་པ་ལ་ལྟུང་བ་མེད་དོ། །དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བ་ལ་ལྟུང་བ་མེད་དོ། །བར་ཆད་ཀྱི་དབང་གིས་ཞག་

བདུན་པ་ལ་སོགས་པར་ཐལ་བ་ལ་ལྟུང་བ་མེད་དོ། །ཞག་དྲུག་ཏུ་འགྲོ་བ་ལ་སོགས་པར་བརྣག་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་

ལ་གནས་སྐབས་ཐམས་ཅད་དུ་ཞག་བདུན་ན་འབྲལ་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་དགོན་པ་པ་འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཆོས་གོས་གཅིག་གྲོང་གཞན་དུ་གཞག་པར་བྱའོ། །དེས་དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་

ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ། །བར་ཆད་ཀྱི་དབང་གིས་རྐྱེན་བྱུང་ན་ཞག་བདུན་པ་ལ་སོགས་པར་ཡང་འབྲལ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཞག་བདུན་ན་འབྲལ་བའི་སྤང་བ་སྟེ་ཉི་ཤུ་བདུན་པ་བཤད་ཟིན་ཏོ།། །།དབྱར་གྱི་རས་ཆེན་གྱི་སྤང་བའི་གླེང་གཞི་ནི་སངས་རྒྱས་

བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་གང་དག་དབྱར་གནས་པ་སྔ་མར་ཁས་ལེན་པ་དེ་དག་ནི་རང་གི་དུས་

ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང་བདག་ཅག་གིས་ཅིའི་ཕྱིར་མི་བཅང་ཞེས་འཆང་བར་བྱེད་དོ། །དབྱར་ཕྱི་མར་གནས་པར་ཁས་ལེན་པ་དེ་དག་ཀྱང་རང་གི་དུས་ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང་བདག་ཅག་ཅིའི་ཕྱིར་མི་བཅང་ཞེས་འཆང་བར་བྱེད་དེ། དེ་དག་ཧ་ཅང་མྱུར་བར་ཚོལ་བ་དང་ཧ་ཅང་ཡུན་རིང་དུ་

འཆང་བར་བྱེད་པས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཏེ། ལུང་མནོས་པ་དང་ཀླག་པ་དང་ཁ་ཏོན་དང་རྣལ་འབྱོར་དང་ཡིད་ལ་བྱ་བ་དང་ནང་གི་སེམས་ཀྱི་ཞི་གནས་གཏོད་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་

เล่ม ๑๕๓ · หน้า 12b

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་སྨྲས་ནས་གསོ་དཀའ་བ་དང་དགང་དཀའ་བ་དང་འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་རྣམ་པར་སྨད་པ་མཛད་

དེ། གསོ་སླ་བ་དང་དགང་སླ་བ་དང་འདོད་པ་ཆུང་བ་དང་ཆོག་ཤེས་པ་དང་། ཕྲི་བ་དང་སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པའི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་

འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་

བྱེད་དམ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་དབྱར་གྱི་གོས་རས་ཆེན་ཧ་ཅང་སྔར་ཚོལ་བ་དང་ཧ་ཅང་ཡུན་རིང་དུ་འཆང་

བར་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་ཞེས་བྱ་བ་ནི་ཟླ་བ་གཅིག་ན་དབྱར་ཉེ་བར་སྒྲུབ་པ་འབྱུང་བར་འགྱུར་བ་ནའོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི་ཆར་འབབ་པའི་གོས་སོ། །བཙལ་བར་བྱའོ་ཞེས་བྱ་བ་ནི་གཞན་ལས་སོ། །

དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ། དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ་ཞེས་བྱ་བ་ནི་དེའི་མདུན་རོལ་དུའོ། །དབྱར་ཟད་ནས་

འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་

เล่ม ๑๕๓ · หน้า 13a

དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བདག་ཉིད་

དབྱར་གནས་པ་སྔ་མའམ་ཕྱི་མ་གང་དུ་ཁས་བླངས་པ་དེའི་མདུན་རོལ་གྱི་ཟླ་བ་གཅིག་པས་སྔ་རོལ་དུ་དབྱར་གྱི་གོས་རས་ཆེན་རུང་བ་ཚོལ་ལམ། །དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ལས་འདས་པར་དབྱར་གྱི་གོས་རས་ཆེན་འཆང་ན་དབྱར་གྱི་གོས་རས་ཆེན་གྱི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་

འགྱུར་རོ། །དགེ་སློང་ལ་དབྱར་གྱི་རས་ཆེན་གྱི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་དབྱར་གྱི་རས་ཆེན་

དུ་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་དབྱར་གྱི་རས་ཆེན་གྱི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར། ལྷུང་བཟེད་དམ་

ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཞིག་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལ་ལྟུང་བར་ནི་མི་འགྱུར་རོ། །བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཕན་

ཆད་དུ་བཙལ་ཏེ་གྲུབ་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའ་ལས་འདས་པར་འཆང་བ་ལ་ན་སྨད་པ་མེད་དོ། །དབྱར་གྱི་རས་ཆེན་རུང་བ་དང་ཚད་དང་ལྡན་པ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དབྱར་གནས་པར་ཁས་བླངས་པའི་ཟླ་བ་གཅིག་

གི་སྔོན་རོལ་དུ་ཚོལ་བ་དང་། དགག་དབྱེ་བྱས་པའི་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་བ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །འདི་ལ་ཚོལ་བ་དང་འཆང་བའི་དུས་གཉི་ག་ལ་ཡང་ཡན་ལག་གསུམ་གསུམ་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱར་གནས་པར་ཁས་ལེན་

เล่ม ๑๕๓ · หน้า 13b

པའི་ཟླ་བ་ཅིག་གི་སྔོན་རོལ་གྱི་དུས་དང་། དེར་བཙལ་ཏེ་གྲུབ་པ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དང་། དགག་དབྱེ་བྱས་པའི་འོག་རོལ་གྱི་ཟླ་བ་ཕྱེད་ཀྱི་དུས་དང་། དེ་ལས་འདས་པར་འཆང་བ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །དེ་ལས་དབྱར་གནས་པར་ཁས་ལེན་པའི་ཟླ་བ་

གཅིག་གི་སྔོན་རོལ་གྱི་དུས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་སྔ་མའི་ནི་དབྱར་ཟླ་ར་བ་ཚེས་བཅུ་དྲུག་ཕན་ཆད་དོ། །དབྱར་གནས་པ་ཕྱི་མའི་ནི་དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ཕན་ཆད་དོ། །དགག་དབྱེ་བྱས་པའི་འོག་རོལ་གྱི་ཟླ་བ་ཕྱེད་ཀྱི་དུས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་

སྔ་མའི་ནི་སྟོན་ཟླ་ཐ་ཆུངས་ཚེས་གཅིག་ཚུན་ཆད་དོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མའི་ནི་དགུན་ཟླ་ར་བའི་ཚེས་གཅིག་ཚུན་ཆད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དབྱར་གྱི་གོས་རས་ཆེན་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་

བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྔར་ཚོལ་བའི་ཚེ་ཚོལ་བ་ཙམ་ལ་ཉེས་བྱས་སོ། །དབྱར་གྱི་གོས་རས་ཆེན་རྙིང་པ་ལ་ཉེས་བྱས་སོ། །མི་རུང་བ་དང་ཚད་ལས་ཆུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་

བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོའི་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གི་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་

ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་སུ་མི་ཚོལ་བ་དང་མི་འཆང་བ་ལ་ལྟུང་བ་མེད་དོ། །བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་

ནས་ཚོལ་བ་ལ་ལྟུང་བ་མེད་དོ། །བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་འཆང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་

เล่ม ๑๕๓ · หน้า 14a

སྐབས་ཐམས་ཅད་དུ་དབྱར་གྱི་རས་ཆེན་གྱི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ། །བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་

ཀྱི་མཐའི་བར་དུ་བཅང་བར་བྱའོ། །དབྱར་གནས་པར་ཁས་བླངས་པ་དེའི་རྗེས་སུ་འགྲོ་བའི་བྱ་བ་ཐམས་ཅད་ནི་དབྱར་གནས་པར་ཁས་བླངས་པ་སྔ་མ་འམ། ཕྱི་མ་ཇི་ལྟ་བ་བཞིན་དུ་བྱ་སྟེ། དཔེར་ན་མཐའི་ཞག་བཅུ་ལ་བརྟད་པ་ལས་བྱུང་བའི་གོས་བླང་ངོ་ཞེས་གསུངས་པ་ནི་བདག་ཉིད་ཀྱི་དབྱར་གྱི་

མཐའི་ཞག་བཅུ་གང་ཡིན་པ་ལ་བྱ་སྟེ། སྟོན་ཟླ་འབྲིང་པོ་ཚེས་ལྔ་ནས་ཉའི་བར་གྱི་ཞག་བཅུའམ། སྟོན་ཟླ་ཐ་ཆུངས་ཚེས་ལྔ་ནས་ཉའི་བར་ཞག་བཅུ་ལ་བྱ་བ་ལྟ་བུ་དང་། དབྱར་གྱི་རས་ཆེན་ཡང་བདག་ཉིད་ཀྱི་དབྱར་གྱི་ཚད་ལ་ལྟོས་ནས་བཙལ་བ་དང་། བཅང་བར་བྱ་བ་ལྟ་བུ་དང་། དགག་

དབྱེ་ཡང་བདག་ཉིད་ཀྱི་དབྱར་གྱི་ཚད་ལ་ལྟོས་ནས། སྟོན་ཟླ་འབྲིང་པོ་ཉའམ། སྟོན་ཟླ་ཐ་ཆུངས་ཉ་ལ་བྱ་བ་ལྟ་བུ་ཡིན་ནོ། །སྲ་བརྐྱང་བཏིང་བ་ནི་དབྱར་གནས་པར་ཁས་བླངས་པ་ཟླ་བ་སྔ་མ་ཤོས་དང་འབྲེལ་བ་ཁོ་ན་ཡིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དབྱར་གྱི་རས་ཆེན་གྱི་སྤང་

བ་སྟེ་ཉི་ཤུ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅོ་བརྒྱད་པ། བསྔོས་པ་ལས་བསྒྱུར་བའི་སྤང་བའི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་

འདས་ཤཱཀྱ་རྣམས་ཀྱི་གྲོང་རྡལ་ཝ་ཚོངས་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་རང་གི་དད་པ་དང་། རང་གིས་བཙུགས་པ་དང་རང་གི་དང་བས་གཙུག་ལག་ཁང་བྱེད་དུ་བཅུག་ནས། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་གང་ཟག་གིར་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་

པ་སྒྲ་གཅན་ཟིན་གཙུག་ལག་ཁང་དེར་ཇི་ཙམ་པ་དེ་ཙམ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ་། །ཁྱིམ་བདག་དེས་འཕགས་པ་སྒྲ་གཅན་ཟིན་གཙུག་ལག་ཁང་དེར་ཇི་ཙམ་པ་དེ་ཙམ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ཞེས་ཐོས་ཏེ།

เล่ม ๑๕๓ · หน้า 14b

ཐོས་ནས་ཀྱང་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཇི་དགར་ལྗོངས་སུ་འདུག་ནས། ཕྱིར་འོངས་ནས་དེ་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དེ་ལ་བདག་གིས་ཇི་ལྟར་བགྱི། བཀའ་སྩལ་པ། སྒྲ་གཅན་ཟིན་ཚུར་ཤོག་

ཁྱོད་ཁྱིམ་བདག་དེ་ག་ལ་བ་དེར་སོང་ལ་ཕྱིན་ནས་ཁྱིམ་བདག་དེ་ལ་འདི་སྐད་ཅེས། ཁྱིམ་བདག་ཁྱོད་ཁོ་བོའི་ལུས་སམ་ངག་ལ་ཆུང་ཟད་ཀྱང་སྨོད་པར་མི་བྱེད་དམ་ཞེས་སྨྲོས་ཤིག །ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་ཁྱིམ་བདག་དེ་ལ་དེ་སྐད་ཅེས་སྨྲས་པ་ན། དེས་སྨྲས་པ། འཕགས་པ་སྒྲ་

གཅན་ཟིན་བདག་ཁྱོད་ཀྱི་སྐུའམ་གསུང་ལ་ཅུང་ཟད་ཀྱང་སྨོད་པར་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་ཁྱིམ་བདག་དེ་དེ་སྐད་ཅེས་ཟེར་བ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་

སོང་ལ་དགེ་སློང་ཇི་སྙེད་ཝ་ཚོངས་ཅན་ན་ཉེ་བར་བརྟེན་ཅིང་འཁོད་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་སྡུས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་དེར་བསྡུས་ཏེ། བཅོམ་ལྡན་འདས་ལ་མཁྱེན་པར་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་དཔོང་སའི་ཁང་པ་ག་ལ་བ་དེར་

གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དག་གང་གིས་གང་ཟག་གཅིག་གམ། གཉིས་སམ་རབ་ཏུ་མང་པོའམ་དགེ་འདུན་ལ་སྦྱིན་པ་བྱིན་ན་གཞན་གཅིག་

གམ་གཉིས་སམ་རབ་ཏུ་མང་པོའམ་དགེ་འདུན་ལ་སྦྱིན་པ་སྦྱིན་པར་བྱེད་པ་ནི་ཆོས་དང་ལྡན་པའི་སྦྱིན་པ་མ་ཡིན་ཞིང་། ཆོས་དང་ལྡན་པའི་ལེན་པ་མ་ཡིན་ལ། ཡོངས་སུ་ལོངས་སྤྱད་དུ་རུང་བ་མ་ཡིན་ནོ། །དགེ་སློང་དག་གང་གིས་དགེ་འདུན་བྱེ་ཞིང་གཉིས་སུ་གྱུར་ཏེ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་

པར་གནས་པ་ན། ཕྱོགས་གཅིག་ལ་སྦྱིན་པར་བྱིན་ནས་ཕྱོགས་གཉིས་པ་ལ་སྦྱིན་པར་བྱེད་པ་ནི་ཆོས་དང་ལྡན་པའི་སྦྱིན་པ་མ་ཡིན་ཞིང་། ཆོས་དང་ལྡན་པའི་ལེན་པ་མ་ཡིན་ལ། ལོངས་སྤྱད་དུ་རུང་བ་མ་ཡིན་ནོ། །དགེ་སློང་དག་གང་གིས་གང་ཟག་གཅིག་ལ་སྦྱིན་པ་བྱིན་ནས་གཞན་གཅིག་གམ་

เล่ม ๑๕๓ · หน้า 15a

གཉིས་སམ་རབ་ཏུ་མང་པོའམ། དགེ་འདུན་ལ་སྦྱིན་པར་མི་བྱེད་པ་ནི་ཆོས་དང་ལྡན་པའི་སྦྱིན་པ་ཡིན་ཞིང་། ཆོས་དང་ལྡན་པའི་ལེན་པ་ཡིན་ལ་ཡོངས་སུ་ལོངས་སྤྱད་དུ་རུང་བ་ཡིན་ནོ། །དགེ་སློང་དག་གང་གིས་དགེ་འདུན་བྱེ་ཞིང་གཉིས་སུ་གྱུར་ཏེ། ཕྱོགས་དང་གཞན་

གྱི་ཕྱོགས་སུ་རྣམ་པར་གནས་པ་ན། ཕྱོགས་གཅིག་ལ་སྦྱིན་པར་བྱིན་ནས་ཕྱོགས་གཉིས་པ་ལ་སྦྱིན་པར་མི་བྱེད་པ་ནི་ཆོས་དང་ལྡན་པའི་སྦྱིན་པ་ཡིན་ཞིང་། ཆོས་དང་ལྡན་པའི་ལེན་པ་ཡིན་ལ། ལོངས་སྤྱད་དུ་རུང་བ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་སྦྱིན་པ་ཡིན་ལ་ཕྱི་མ་ནི་མ་ཡིན་ནོ། །

རྒྱལ་པོ་ནི་ས་གཞི་ལ་དབང་ལ། བདག་པོ་ནི་གནས་མལ་ལ་དབང་། དགེ་སློང་ནི་ལྷུང་བཟེད་དང་ཆོས་གོས་ལ་དབང་ངོ་། །སྦྱིན་པ་པོ་དང་སྦྱིན་བདག་གིས་རང་གིས་སྦྱིན་པར་བྱ་བའི་ཆོས་མངོན་པར་འདུ་བྱ་བ་ནི་རུང་གི་གཞན་ལ་སྦྱིན་དུ་ནི་མི་རུང་ངོ་། །དགེ་སློང་དག་དགེ་སློང་སྒྲ་གཅན་ཟིན་ལ་གཙུག་ལག་

ཁང་དེ་ཕྱིར་བྱིན་ཅིག་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་གཙུག་ལག་ཁང་དེ་ཕྱིར་བྱིན་ནོ། །འདི་ནི་རེ་ཞིག་བྱུང་བ་ཡིན་གྱི། བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་

འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བསོད་སྙོམས་པ་ཞིག་གིས་ཁྱིམ་བདག་ཅིག་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་གཞག་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་པ་

དང་། ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲང་ཞིང་རས་ཟུང་གཅིག་ཡོན་དུ་དབུལ་བར་བསྔོས་པ་ཉེ་དགས་ཐོས་ནས། དེར་རང་ལ་བསྒྱུར་དུ་བཅུག་སྟེ། དེའི་འོག་ཏུ་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་

ཁྱིམ་དུ་མཆོད་སྟོན་གསོལ་ནས། རས་ཟུང་དེ་རྒན་པའི་མཐའ་ལོགས་སུ་བསྟན་ཏེ། རྗེས་སུ་ཡི་རང་བར་མཛོད་ཅིག །རྗེས་སུ་ཡི་རང་བར་མཛོད་ཅིག་ཅེས་སྨྲས་ནས། ཉེ་དགའ་ལ་བྱིན་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་

เล่ม ๑๕๓ · หน้า 15b

དུ་གང་ཟག་བདག་ལ་བསྒྱུར་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་

བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་

དུ་གང་ཟག་བདག་ལ་བསྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བརྣབ་སེམས། ཉེས་པ་ནི་གཞན་གྱིས་གཞན་ལ་བསྔོས་པའི་གོས་གང་ཟག་བདག་ལ་བསྒྱུར་དུ་འཇུག་པའོ། །དེ་ལས་ཡང་དགེ་སློང་

གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལའོ། །བསྔོས་པའི་ཞེས་བྱ་བ་ནི་གཟས་པའིའོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་

སྟེ། དོན་འདི་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་དེ་ཤེས་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །གང་ཟག་བདག་ལ་བསྒྱུར་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ལ་འབུལ་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་

པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་།

ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ཡོན་བདག་གཞན་གྱིས་གང་ཟག་དགེ་སློང་གཞན་ནམ་དགེ་འདུན་ལ་བསྔོས་པའི་གོས་ཀྱི་རྙེད་པ་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ན། བསྔོས་པ་

เล่ม ๑๕๓ · หน้า 16a

ལས་བསྒྱུར་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་བསྔོས་པ་ལས་བསྒྱུར་བའི་སྤང་བའི་ལྟུང་བྱེད་བྱུང་ལ་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་

ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་བསྔོས་པ་ལས་བསྒྱུར་བར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་བསྔོས་པ་ལས། བསྒྱུར་བའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་

བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་གོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་

མི་འགྱུར་རོ། །ཡོན་བདག་གཞན་ཉེ་དུ་དང་ཉེ་དུ་མ་ཡིན་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་པ་ལ་ན་སྨད་པ་མེད་དོ། །གོས་ཀྱི་རྙེད་པ་རུང་བ་ཉིད་དང་། ཚད་དང་ལྡན་པ་

དང་། ཚད་པས་ལྷག་པ་ལ་ན་སྨད་པ་མེད་དོ། །དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གཞན་གྱིས་གཞན་ལ་བསྔོས་པའི་གོས་ཀྱི་རྙེད་པ་དང་དེ་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པའོ། །

འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཡོན་བདག་གཞན་གང་ཡང་རུང་བ་དང་། གང་ཟག་དགེ་སློང་གཞན་ནམ་དགེ་འདུན་ལ་བསྔོས་པ་དང་། གོས་ཀྱི་རྙེད་པ་དང་། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་བ་དང་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །

སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བསྔོས་པ་ལ་བསྒྱུར་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྒྱུར་བ་ལ་ཉེས་བྱས་སོ། །གང་ཟག་གཞན་ལ་

เล่ม ๑๕๓ · หน้า 16b

བསྔོས་པ་གང་ཟག་གཞན་ལ་བསྒྱུར་བ་ལ་ཉེས་བྱས་སོ། །གང་ཟག་གཞན་ལ་བསྔོས་པ་གང་ཟག་གཞན་ལ་བསྒྱུར་བ་ཐོབ་པ་ལ་ཡང་ཉེས་བྱས་སོ། །ཟས་ཀྱི་རྙེད་པ་ལ་བསྒྱུར་བ་དང་ཐོབ་པ་གཉི་ག་ལ་ཡང་ཉེས་བྱས་སོ། །དབྲལ་བ་དང་སྦྱར་བ་གཉི་ག་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་གནས་

ཁང་ལ་སོགས་པ་བདག་ལ་བསྒྱུར་བ་དང་ཐོབ་པ་གཉི་ག་ལ་ཉེས་བྱས་སོ། །ཐེམ་སྐས་དང་ཁང་པ་དང་སྒོ་ལ་སོགས་པའི་ཕྱོགས་གཅིག་ལ་བསྔོས་པ་ཕྱོགས་གཅིག་ལ་བསྒྱུར་བ་དང་ཐོབ་པ་གཉི་ག་ལ་ཉེས་བྱས་སོ། །བསྔོས་པ་མ་བྱིན་ན་ཉེས་བྱས་སོ། །མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ། དགེ་

འདུན་གྱི་ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །རྙེད་པ་དབང་བའི་གང་ཟག་མ་ཚོགས་པ་དག་གིས་འགོད་ན་ཉེས་བྱས་སོ། །ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་བྱིན་གྱིས་མ་བརླབས་པར་འགོད་ན་ཉེས་བྱས་སོ། །ཀུན་དབང་བའི་རྙེད་པ་

དགེ་འདུན་ལས་གཅིག་གམ་གཉིས་སམ་གསུམ་གྱིས་རྐུ་སེམས་མེད་པར་ལེན་པ་ལ་ཉེས་བྱས་སོ། །རུང་བ་མ་ཡིན་པ་ཉིད་ཀྱི་དངོས་པོ་དག་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་

བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་

བ་མེད་པ་ནི་དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པ་ལ་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་སྐུ་གཟུགས་གཞན་མངའ་བའི་རྒྱན་ལ་སོགས་པ་དག་གལ་ཏེ་སྐུ་གཟུགས་གཞན་ལ་གཡར་པོར་སྦྱིན་པར་བྱེད་པ་ལ་ཉེས་པ་མེད་

དོ། །མཆོད་རྟེན་བྱང་ཆུབ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་། ལྷ་ལས་བབས་པ་རྣམས་མ་གཏོགས་པར་གཞན་ལ་བསྔོས་པའི་རྙེད་པ་དེ་ཉིད་ལ་དབུལ་བར་མ་གྲུབ་ཅིང་དེར་ཁྱེར་ཡང་མི་ནུས་ན་མཆོད་རྟེན་གཞན་དག་ལ་བསྒྱུར་བ་ལ་ཉེས་པ་མེད་དོ། །བྱང་ཆུབ་ཆེན་པོ་དང་།

เล่ม ๑๕๓ · หน้า 17a

ཆོས་ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་། ལྷ་ལས་བབས་པ་རྣམས་ཀྱི་རྒྱུད་དུ་མངའ་བ་རྣམས་ཀྱི་རྙེད་པ་ནི་མཆོད་རྟེན་གཞན་དག་ལ་བསྒྱུར་དུ་མི་རུང་ངོ་། །མཆོད་རྟེན་ཆེན་པོ་བཞི་པོ་དེ་དག་གི་ནང་ནས་གཅིག་ལ་བསྔོས་པའི་རྙེད་པ་དེ་ཉིད་ལ་དབུལ་བར་མ་གྲུབ་ཅིང་དེར་ཁྱེར་

ཡང་མི་ནུས་ན་གཞན་གསུམ་པོ་གང་ཡང་རུང་བ་ལ་བསྒྱུར་བ་ལ་ནི་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་རྣམས་ཀྱིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་

སྨོས་པ་ལས་བསྒྱུར་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གནས་གང་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེར་སྦྱིན་བདག་གིས་དགེ་འདུན་གྱི་ཕྱིར་རྙེད་པ་འབུལ་བར་བྱེད་ན། དགེ་སློང་དེས་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པར་བྱའོ། །ཕ་རོལ་

གྱི་དམག་ཚོགས་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་མེད་པར་གྱ་ཚོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ། །དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་དང་བཅས་པ་དེར་སྲུང་མ་གཞག་གོ། །དེར་དགེ་འདུན་མ་ལྷགས་ན་དགེ་སློང་སྲུང་མ་བཞག་པ་དེས་གཙུག་ལག་ཁང་དེ་

ཉིད་དུ་ལོ་བཅུ་འདའ་བར་བྱའོ། །དགེ་སློང་དེ་ལོ་བཅུར་དེ་ན་གནས་པའི་ཚེ་ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །དེར་དུས་སུ་སྦྱིན་བདག་མ་བྱུང་ན་ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་ཏུ་འཚོ་བ་ཐུན་མོང་དུ་བྱ་བས་འདའ་བར་བྱའོ། །དགེ་སློང་དེ་གལ་ཏེ་

གཙུག་ལག་ཁང་དེ་ནས་འགྲོ་ན་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་གདམས་པར་བྱའོ། །གཙུག་ལག་ཁང་བོར་བ་དེར་དགེ་སློང་དག་ལྷགས་ཏེ། གཉུག་མར་གནས་ན་ཉེ་འཁོར་གྱི་གཙུག་ལག་ཁང་གཞན་ན་གནས་པའི་དགེ་སློང་དེ་དག་གིས་གནས་མལ་དང་སྣོད་

སྤྱད་ལ་སོགས་པའི་དངོས་པོ་དེ་དག་གཙུག་ལག་ཁང་དེ་ཉིད་དུ་ཕྱིར་སྦྱིན་པར་བྱའོ། །གཙུག་ལག་ཁང་གཞན་དུ་གདམས་པའི་རྫས་དེ་དག་གཙུག་ལག་ཁང་དེ་ཁོ་ནར་མི་སྣང་ཞིང་ཕྱིར་མི་སྟེར་ན་དགེ་སློང་གང་དག་གིས་དང་པོ་དེར་གཞག་པ་དེ་དག་གིས་རྨ་ཞིང་ཕྱིར་སྦྱིན་པར་བྱའོ། །ཁྱིམ་

เล่ม ๑๕๓ · หน้า 17b

བདག་དེ་ཉིད་གཙུག་ལག་ཁང་དེ་དང་གནས་གཞན་གྱི་བདག་པོ་ཉིད་ཡིན་ཡང་དེས་སྔར་གཙུག་ལག་ཁང་དེར་ཕུལ་བའི་རྫས་དག་ཕྱིས་གནས། གཞན་དེར་བསྒྱུར་ཞིང་དབུལ་དུ་མི་རུང་ངོ་། །ཁྱིམ་བདག་དེས་རྫས་དེ་དག་སྔར་ཕུལ་བའི་གཙུག་ལག་ཁང་དེར་མི་སྟེར་ན་གཙུག་ལག་ཁང་དེ་ན་

གནས་པའི་དགེ་སློང་རྣམས་ཀྱི་མཐུས་གཟུང་བར་བྱའོ། །གནས་གཞན་གྱི་རྫས་གཞན་དུ་གཡར་པོ་ཉིད་དུ་ནི་སྦྱིན་པར་བྱའོ། །གནས་གཞན་གྱི་རྫས་གནས་གཞན་དུ་སྦྱིན་པར་མི་བྱ་སྟེ། རྙེད་པ་རྣམ་པར་གཞག་པ་ནི་ཇི་ལྟར་ངེས་པར་བྱས་པ་བཞིན་ནོ། །དེ་དག་གི་སྐབས་དགེ་སློང་བྲམ་

ཟེའི་བུ་མོས་ཞུས་པ་ལས་གནས་གང་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེར་སྦྱིན་བདག་གིས་དགེ་འདུན་གྱི་ཕྱིར་རྙེད་པ་ལ་དབུལ་བར་བྱེད་ན་དགེ་སློང་དེས་གཅིག་བུས་རྙེད་པ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་པར་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་

པ་ལ་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། བདག་གནས་འདི་ན་གཅིག་པུ་གནས་ཏེ། དགེ་འདུན་ལ་གོས་ཀྱི་རྙེད་པ་འདི་བྱུང་བས་བདག་གིས་གོས་འདི་ཉམས་སུ་བླང་ངོ་། །དུས་སུ་བྱིན་གྱིས་བརླབ་པོ་ཞེས་ལན་གསུམ་སེམས་བསྐྱེད་པར་བྱ་ཞིང་ཚིག་

ཏུ་ཡང་བརྗོད་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་སྐབས་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གཙུག་ལག་ཁང་གི་བདག་པོ་བཅོམ་མམ། བཅིངས་སམ། ཤིའམ་སྤྱུགས་ན། དགེ་སློང་དག་གིས་གཙུག་ལག་ཁང་དེ་ཡལ་བར་མི་འདོར་བར་དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་

སུ་ཆགས་པ་ཤས་ཆེན་པོ་ཡོད་པ་དེར་སྲུང་མ་གཞག་ཅིང་དེར་དགེ་འདུན་དང་། སྦྱིན་བདག་དུས་སུམ་ལྷགས་ན་དགེ་སློང་དེས་ལོ་ལྔ་ནི་བསོད་སྙོམས་ཀྱི་ཕྱིར་འདའ་བར་བྱའོ། །ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་འཚོ་བ་ཐུན་མོང་དུ་བྱ་བས་འདའ་བར་བྱ་ཞིང་། གཙུག་ལག་

ཁང་དེ་དང་ཉེ་འཁོར་གྱི་གཙུག་ལག་ཁང་དེ་གཉིས་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་པའི་ལས་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དེས་གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་

เล่ม ๑๕๓ · หน้า 18a

འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ་

བཅིངས་སམ་གུམ་མམ་སྤྱུགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་བ་

སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ་བཅིངས་སམ་གུམ་མམ་སྤྱུགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་ཀྱི་ཚེ་

དང་ལྡན་པ་གང་དག་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གཙུག་ལག་ཁང་འདི་

དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསྔོས་པ་ལས་བསྒྱུར་བའི་སྤང་བ་སྟེ་ཉི་ཤུ་དགུ་པ་བཤད་ཟིན་ཏོ།། །།གསོག་

འཇོག་གི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་དགེ་སློང་དག་སྨན་གང་དག་དེ་ནས་ལག་ཉར་བླངས་པ་དང་། དེ་ལས་

བྱིན་ལེན་བྱས་པ་དང་། ཟས་ཀྱི་ཕྱེ་མ་དང་འདྲེས་པ་དང་། ཕན་ཚུན་འདྲེས་པ་དང་། རང་གི་རྒྱུད་ཀྱིས་མྱངས་པ་གང་དག་རྣམ་པར་དབྱེར་ཡང་མི་མངོན་པ་དེ་དག་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟ་བར་བྱེད་ཅིང་། དེ་དག་ལ་བཟའ་བར་རྣམ་པར་དབྱེ་བར་ཡང་མི་མངོན་

เล่ม ๑๕๓ · หน้า 18b

ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་

ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་དགེ་སློང་རྣམས་ལ་སྨྲས་ནས། གསོ་དཀའ་བ་དང་དགང་དཀའ་བ་དང་འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་རྣམ་པར་སྨད་དེ། གསོ་སླ་བ་དང་དགང་སླ་བ་དང་འདོད་པ་ཆུང་བ་དང་ཆོག་ཤེས་པ་དང་སྦྱངས་པའི་ཡོན་ཏན་དང་མཛེས་

པ་དང་དྲོད་རིག་པའི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་ཕན་པ་སོ་སོར་བསྟེན་པར་བྱ་བ་ནི། སྨན་

གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་ན་བས་འདོད་ན་རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ། གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་

ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་དགེ་སློང་དག །ཉོན་མོངས་པ་ནི་ལྟོ་འདུན་ཆེ་བ། ཉེས་པ་ནི་གསོག་འཇོག་བྱེད་པའོ། །དེ་ལ་

བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ན་བ་རྣམས་ལ་ཞེས་བྱ་བ་ནི་ནད་པ་རྣམས་ལའོ། །ཕན་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ། །སོ་སོར་བསྟེན་པར་བྱ་

བའི་ཞེས་བྱ་བ་ནི་རུང་བའོ། །སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་རབ་ཏུ་བསྟེན་པའོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པའོ། །འབྲུ་མར་ཞེས་བྱ་བ་ནི་འབྲུ་མར་ཉིད་དོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའི་སྦྲང་རྩིའོ། །བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་མོ། །དེ་དག་ལས་

เล่ม ๑๕๓ · หน้า 19a

ཞེས་བྱ་བ་ནི་བཀའ་སྩལ་པ་དེ་དག་ལས་སོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེའོ། །ན་བས་ཞེས་བྱ་བ་ནི་ནད་པས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། རང་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཞག་བདུན་པར་བྱིན་གྱིས་བརླབས་ཏེ་

ཞེས་བྱ་བ་ནི་ཉིན་མཚན་བདུན་པར་རོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་བྱ་བ་ནི་རང་གིས་བླངས་ཏེ་བཟའ་བར་བྱ་བའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་ནི་ཞག་བདུན་ལས་འདས་པར་རོ། །སྤང་བའི་ལྟུང་

བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་

པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་

གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སྐབས་འདིར་དངོས་གཞི་དང་སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ལ་འདུལ་བ་འཛིན་པ་དག་གིས་གཞུང་ལུགས་ཐ་དད་པར་རྟོག་པ་ཡོད་དེ། སྔོན་གྱི་འདུལ་བ་འཛིན་པ་དུ་རྒྱུས་ཀྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲས་འདུལ་བའི་མདོ་

རྒྱ་ཆེར་འགྲེལ་པའི་གཞུང་བཤད་པ་ལས་ནི་དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དང་། བཟའ་བར་བྱ་བ་རུང་བ་མ་ཡིན་པ་དང་། དུས་སུ་རུང་བའི་ཟས་དང་། ཐུན་ཚོད་དུ་རུང་བའི་ལྟུང་བ་དག་བཟའ་བའི་ཕྱིར་འཆང་བ་གསོག་འཇོག་དུ་གྱུར་ན། གསོག་འཇོག་

གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་བ་འབྱུང་། བར་གྱི་འདུལ་བ་འཛིན་པ་ཁ་ཆེའི་ཡུལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཀ་ལྱཱ་ཎ་མི་ཏྲ་ལ་སོགས་པས་སོ་སོར་ཐར་པའི་མདོའི་འགྲེལ་པ་གཞན་ཞིག་བཤད་པ་ལས་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་

เล่ม ๑๕๓ · หน้า 19b

འཆང་བ་གསོག་འཇོག་ཏུ་གྱུར་ན། གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ལ། བཟའ་བར་བྱ་བ་རུང་བ་མ་ཡིན་པ་དང་། དུས་སུ་རུང་བའི་ཟས་དང་ཐུན་ཚོད་དུ་རུང་བའི་ལྟུང་བ་དག་བཟའ་བའི་ཕྱིར་འཆང་བ་གསོག་འཇོག་ཏུ་གྱུར་པ་ནི་གསོག་འཇོག་གི་སྤང་བའི་ལྟུང་བྱེད་

ཀྱི་དངོས་གཞིར་མི་འགྱུར་ཏེ། གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་སྐབས་ཀྱི་སྦྱོར་བའི་ཉེས་བྱས་སུ་འགྱུར་བ་བྱུང་སྟེ། འདིར་ནི་སོ་སོར་ཐར་པའི་མདོ་དང་། རྣམ་པར་འབྱེད་པ་དང་། གཞུང་བླ་མ་དང་། འདུལ་བའི་མདོ་ལས་དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་

བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ལ། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་དུ་བཅང་བ་དང་། བཟའ་བར་བྱ་བ་རུང་བ་མ་ཡིན་པ་དང་། གསོག་འཇོག་ཏུ་གྱུར་པ་ནི་སྐབས་

འདིའི་ཉེས་བྱས་སུ་འགྱུར་བར་གསུངས་པའི་གཞུང་དང་སྦྱར་ཏེ། སློབ་དཔོན་ཀ་ལྱཱ་ཎ་མི་ཏྲས་བཤད་པའི་ལུགས་བཞིན་དུ་བྲིས་སོ། །དགེ་སློང་ལ་གསོག་འཇོག་གི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་

ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར། སྨན་ཞག་བདུན་པར་གཏོགས་པའི་རིགས་མཐུན་པ་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་

རོ། །འདིར་ཞག་བདུན་པ་ལ་རང་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཀྱི་བྱེ་བྲག་གཞན་བསྟན་པའི་ཕྱིར་ཞག་བདུན་ལ་ནི་རིགས་མཐུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སྤང་བ་གཞན་དག་ལ་ནི་རང་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་འཆང་བར་གཏོགས་པ་སྤྱིའི་ཤན་ཉིད་ཀྱང་འཆང་བར་གཏོགས་པ་

གཞན་སྤྱི་ལ་འབྱུང་ཞིང་། འབྲལ་བར་གཏོགས་པ་གཞན་སྤྱིའི་ཤན་ཉིད་ཀྱང་འབྲལ་བར་གཏོགས་པ་གཞན་སྤྱི་ལ་འབྱུང་། འཇོག་པར་གཏོགས་པ་གཞན་སྤྱིའི་ཤན་ཉིད་ཀྱང་འཇོག་པར་གཏོགས་པ་གཞན་སྤྱི་ལ་འབྱུང་བ་ལ་སོགས་པ་ལྟ་བུ་ཡིན་ལ། ཞག་བདུན་པ་འདི་ལ་ནི་རང་

เล่ม ๑๕๓ · หน้า 20a

ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཞག་བདུན་པར་གཏོགས་པ་སྤྱི་ལ་འབྱུང་བ་མ་ཡིན་གྱི། རིགས་མཐུན་པ་ཉིད་ལ་འབྱུང་སྟེ། འདི་ལྟ་སྟེ་རང་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་མར་དུ་གཏོགས་པའི་ནི་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི། འབྲུ་མར་ལ་སོགས་པ་དག་མི་འབྱུང་བ་

དང་། དེ་བཞིན་དུ་རང་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་འབྲུ་མར་དུ་གཏོགས་པའི་ནི་འབྲུ་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི་མར་ལ་སོགས་པ་དག་ལ་མི་འབྱུང་བ་ལྟ་བུའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཚེས་ལ་མར་རྙེད་ལ། དེས་ཚེས་གཉིས་ལ་གཞན་ཞིག་

ཀྱང་རྙེད་པར་གྱུར་ན་དགེ་སློང་དེས་སྔ་མ་ཤོས་བཟའ་བར་བྱ་ཞིང་། ཕྱི་མ་ཤོས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་

ཞེས་གསུངས་པ་ཡིན་ནོ། །དགེ་སློང་གིས་གསོག་འཇོག་གི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་

འཇོག་པར་བྱེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །གསོག་འཇོག་གི་སྤང་བའི་ལྟུང་བྱེད་འདི་དང་། །འོག་ནས་གསོག་འཇོག་གི་ལྟུང་བྱེད་ཅེས་འབྱུང་བ་ལ་བྱེ་བྲག་ནི་འདི་ཡོད་དེ། འདི་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་

བའི་ཕྱིར་བཅང་བ་སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པ་ལ། སྤང་བའི་ལྟུང་བྱེད་དུ་རྣམ་པར་གཞག་གོ། །འོག་མ་ནི་དུས་སུ་རུང་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་གསོག་འཇོག་ཏུ་གྱུར་པ་ཟོས་པ་ལ་ལྟུང་བྱེད་འབའ་ཞིག་ཏུ་རྣམ་པར་གཞག་གོ། །སྨན་ཞག་བདུན་པར་བྱིན་

གྱིས་བརླབས་པ་བཟའ་བའི་ཕྱིར་བཅང་བ་སྐྱ་རེངས་བརྒྱད་པ་ཤར་བ་ལ་ན་སྨད་པ་མེད་དོ། །སྨན་ཞག་བདུན་པ་ནི་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་དང་བུ་རམ་གྱི་དབུ་བ་དག་གོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པ་སྟེ་བདུད་རྩི་ཡང་དེའི་ཁོངས་སུ་གཏོགས་སོ། །འབྲུ་མར་ཞེས་བྱ་

เล่ม ๑๕๓ · หน้า 20b

བ་ནི་འབྲུ་མར་ཉིད་དེ། ཞག་རྣམ་པ་ལྔ་པོ་ཉའི་ཞག་དང་། རི་བོང་གི་ཞག་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་ཞག་དང་། དོམ་གྱི་ཞག་དང་། ཕག་གི་ཞག་དུས་སུ་བསྐོལ། དུས་སུ་བཙགས། དུས་སུ་བྱིན་གྱིས་བརླབས་པ་དག་ཀྱང་འདིའི་ཁོངས་སུ་གཏོགས་སོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའི་སྦྲང་རྩིའོ། །

བུ་རམ་དང་བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་ཉིད་དེ། ཧྭགས་དང་ལི་ཁ་ར་ལ་སོགས་པ་ཡང་འདིའི་ཁོངས་སུ་གཏོགས་སོ། །སྨན་ཞག་བདུན་པ་བྱིན་ལེན་བྱས་པ་དང་བྱིན་གྱིས་བརླབས་པ་དེ་དག་ནི། དགེ་སློང་ནད་པས་ཞག་བདུན་གྱི་མཐའི་དུས་ཚུན་ཆད་དུ་རང་གིས་བྱིན་ལེན་བྱས་ཤིང་བྱིན་

གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་གྱི། མི་ན་བས་ནི་བྱིན་གྱིས་བརླབ་ཏུ་ཡང་མི་རུང་ལ་གཞན་གྱིས་བྱིན་གྱིས་བརླབས་པ་དག་བཟར་ཡང་མི་རུང་ངོ་། །སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །སློང་བ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱའོ། །དེ་དག་ཞག་བདུན་

པར་བྱིན་གྱིས་བརླབས་པའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། སྨན་དེ་དག་སྨན་པ་དང་སྨན་པ་རབ་ཏུ་བྱུང་བ་དང་སྨན་གཡོག་བསྙེན་པར་མ་རྫོགས་པ་མཁས་པ་གང་ཡང་རུང་བས་རུང་བའི་ས་གཞིར་སྔ་དྲོ་བསྐོལ་ཅིང་བཙགས་ནས། བཟའ་བར་བྱ་བ་རུང་བ་མ་ཡིན་པ་ལག་ཉར་བླངས་པ་དང་།

ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པ་དང་མ་འདྲེས་པར་བྱས་ལ། དགེ་སློང་ནད་པས་ཀྱང་སྔ་དྲོ་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ལ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་

གནས་པ་གཅིག་མདུན་དུ་ཙོག་པུར་འདུག་སྟེ། གཉི་གས་ལྷུང་བཟེད་དམ་སྨན་སྣོད་ལག་པ་གཡོན་པར་གཞག་ལ་གཡས་པས་ཁ་ནས་བཀབ་སྟེ། ནད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཞག་བདུན་

པ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཞག་བདུན་པར་བྱིན་གྱིས་བརླབ་པོ། །ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། ནད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ཕྱིན་ཆད་ཞག་བདུན་གྱི་བར་དུ་བྱིན་ལེན་མ་ཞིག་པར་བྱས་ཏེ་རང་གིས་

เล่ม ๑๕๓ · หน้า 21a

བསྟེན་ཅིང་བཟའ་བར་བྱའོ། །ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་ཉི་མ་རེ་རེ་ཞིང་དེང་ཕན་ཆད་དུ་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཞག་བརྒྱད་པའི་སྐྱ་རེངས་མ་ཤར་ཚུན་ཆད་དུ་ཟོས་ཟིན་

ཅིང་ལྷག་མ་བྱེད་ན་དེར་ཟད། ཡོད་ན་ནད་པའི་ཕྱིར་སློང་བ་ལ་སྦྱིན་པའམ། དགེ་འདུན་གྱི་སྨན་ཁང་དུ་གཞག་པའམ། བསམ་པ་ཐག་པ་ནས་ལྟོས་པ་མེད་པའི་སེམས་ཀྱིས་གཞན་ལ་གཏང་བར་བྱའོ། །དེ་ལྟར་མ་བྱས་པར་བཟའ་བའི་ཕྱིར་འཆང་ན་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་ཏུ་

འགྱུར་ཞིང་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་དང་དེ་དག་སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྨན་ཞག་

བདུན་པར་བྱིན་གྱིས་བརླབས་པ་ཉིད་དང་། རང་ཉིད་བཟའ་བའི་ཕྱིར་དང་། འཆང་བ་དང་སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གསོག་འཇོག་གི་སྤང་བའི་ལྟུང་བྱེད་

ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བཟའ་བར་བྱ་བ་རུང་བ་མ་ཡིན་པ་ལག་ཉར་བླངས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཅོས་

པ་དང་། རུང་བ་མ་ཡིན་པ་མི་ཤ་ལ་སོགས་པ་དང་། རུང་བ་མ་ཡིན་པ་དང་འདྲེས་པ་དང་། བརྟགས་པ་ལ་གཞན་དང་འདྲེས་པ། དཔེར་ན་དུས་སུ་རུང་བའི་ཟས་དང་འདྲེས་པའི་ཐུན་ཚོད་དུ་རུང་བ་ལ་སོགས་པ་ལྟ་བུའི་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པ་དག་ནི་བཟའ་བའི་ཕྱིར་འཆང་

ན་ཉིན་ཞག་གཅིག་ལོན་ན་གསོག་འཇོག་ཏུ་འགྱུར་བས་དེ་དག་ཞག་ལོན་པར་འཆང་བ་ལ་ཉེས་བྱས་སོ། །དུས་སུ་རུང་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་བྱིན་ལེན་བྱས་པ་མ་ཞིག་པ་བཟའ་བའི་ཕྱིར་འཆང་ན་ཕྱེད་ཡོལ་ན་གསོག་འཇོག་ཏུ་འགྱུར་བས་དེ་ཕྱེད་ཡོལ་གྱི་བར་དུ་འཆང་

เล่ม ๑๕๓ · หน้า 21b

བ་ལ་ཉེས་བྱས་སོ། །ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་ལེན་བྱས་པ་བྱིན་གྱིས་བརླབས་པ་བྱིན་ལེན་མ་ཞིག་པར་བཏུང་བའི་ཕྱིར་འཆང་ན་ཐུན་ཚོད་ལས་འདས་ན་གསོག་འཇོག་ཏུ་འགྱུར་བས་དེ་ཐུན་ཚོད་ལས་འདས་པར་འཆང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་

མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་

ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་སྨན་ཞག་བདུན་པར་བྱིན་གྱིས་མ་བརླབས་པ་ལ་ལྟུང་བ་མེད་དོ། །སྐྱ་རེངས་བརྒྱད་པ་དང་ཉིན་མཚན་དང་། ཕྱེད་ཡོལ་དང་། ཐུན་ཚོད་མ་འདས་པ་གསོག་འཇོག་ཏུ་མ་གྱུར་པ་

ལ་ལྟུང་བ་མེད་དོ། །ཞག་བདུན་པའི་འབྲུ་མར་ལ་སོགས་པ་རྐང་པ་བསྐུ་བ་ལ་སོགས་པའི་དོན་གང་གི་ཕྱིར་རུང་བ་བྱས་པ་དེའི་ཕྱིར་འཆང་བ་ལ་ལྟུང་བ་མེད་དོ། །སྣར་བླུགས་པ་དང་བསྐུ་མཉེ་བྱ་བ་དག་གི་གསོག་འཇོག་བྱས་ཀྱང་རུང་ངོ་། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་

འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གསོག་འཇོག་གི་སྤང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྨན་ཞག་བདུན་པར་བྱིན་གྱིས་

བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་འདི་སྐད་ཅེས་དེང་ཕན་ཆད་དུ་ཉི་མ་དང་པོ་འདས་ཏེ། དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གསོག་འཇོག་གི་སྤང་བ་སྟེ་སུམ་ཅུ་པ་བཤད་ཟིན་ཏོ།། །།ཚེ་དང་

ལྡན་པ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་གདོན་པའི་མཇུག་བསྡུ་བ་སྟེ། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་བཅུ་ཚན་གསུམ་པོ་དག་གོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་

เล่ม ๑๕๓ · หน้า 22a

བའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཇི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཇི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་

དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྤང་བའི་ལྟུང་བྱེད་གདོན་པ་བཤད་

ཟིན་ཏོ།། །།ད་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར། སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམས་བཞིན་དང་། །འདྲོན་མང་རྐུན་མ་མཆོད་སྟོན་ནོ། །ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །སྤྱི་སྡོམ་ལ་ཞེས་བྱ་བ་ནི་ལྟུང་བྱེད་དགུ་བཅུ་ལ་བཅུ་པ་ཕྲག་དགུ་འོག་ནས་འབྱུང་བ་རྣམས་ཀྱི་སྤྱིའི་དོན་ཚིགས་སུ་བཅད་པ་གཅིག་ཏུ་བསྡུས་པ་ཡིན་ནོ། །དེ་ལ་ཤེས་བཞིན་དང་ནི་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །

འདོད་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་བྱུང་བའི་སྤྱི་སྡོམ་ཡིན་ནོ། །ས་བོན་དང་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་བརྩིགས་

པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མ་བསྐོས་པ་དང་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡི་སྦྱོར་བཅུག་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཡང་ཡང་དང་

ཞེས་བྱ་བ་ནི་འོག་ནས་སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་མིན་གསོག་འཇོག་དང་། །ཁ་ནས་མིད་དང་གསོད་པ་ཉིད། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཆུ་དང་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། སྲོག་ཆགས་བཅའ་དང་ཉལ་

เล่ม ๑๕๓ · หน้า 22b

སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམས་དཀྲུག་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཁྱིམ་དང་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། །བདེ་དང་མེད་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །

དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །བསམ་བཞིན་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་གདེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །

ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །འདྲོན་མང་རྐུན་མ་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མཆོད་སྟོན་ཞེས་བྱ་བ་ནི་འོག་

ནས་སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ད་ནི་སྤྱི་སྡོམ་གྱིས་བསྡུས་པའི་དོན་གྱི་བཅུ་པ་ཕྲག་དགུ་གོ་རིམས་བཞིན་དུ་བཤད་

པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་དང་

པོའི་སྡོམ་འདིས་ལྟུང་བྱེད་ཀྱི་ཆོས་བཅུ་སྟོན་ཏེ། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། འདོན་པ་དང་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དང་། སྐུར་པ་འདེབས་པ་དང་། ཁྱད་དུ་གསོད་པའོ། །ཚེ་དང་

ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི། ལྟུང་བྱེད་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །ལྟུང་བྱེད་ཀྱི་ཆོས་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དག་དེ་ལྟར་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་

เล่ม ๑๕๓ · หน้า 23a

ལྟུང་བ་བཤགས་པར་བྱ་བ་དེ་ལྟ་བུ་མ་ཡིན་ཏེ། སྤང་བར་བྱ་བའི་དངོས་པོ་མེད་པའི་ཕྱིར་དེས་ན་ལྟུང་བྱེད་འབའ་ཞིག་ཅེས་བྱ་བའི་མིང་འཐོབ་པོ། །དེ་དག་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །དགུ་བཅུ་པོ་འདི་དག་ནི་ཞེས་བྱ་བ་ནི་གྲངས་དགུ་བཅུར་ཆད་པའི་

བཅུ་ཕྲག་དགུ་འོག་ནས་འབྱུང་བ་དག་གོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པའི་

དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་ཟིན་རྒྱལ་པོའི་ཁབ་ན་ཆུ་དྲོན་གྱི་ཀུན་དགའ་ར་བ་ན་འདུག་སྟེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་

དག །ཚེ་དང་ལྡན་པ་སྒྲ་གཅན་ཟིན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཙུན་པ་སྒྲ་གཅན་ཟིན། བཅོམ་ལྡན་འདས་ག་ལ་བཞུགས་ཞེས་འདྲི་བ་ན་གལ་ཏེ་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་ན་ནི་དེ་ན་རེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་

འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ན་ནི་དེ་ན་རེ་འོད་མའི་ཚལ་ན་བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་འདས་པིབ་པ་ལའི་ཕུག་ན་བཞུགས་ན་ནི་དེ་ན་རེ་རེ་ལྡེ་ཅན་མའི་ཕུག་ན་བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་འདས་རེ་ལྡེ་ཅན་མའི་ཕུག་ན་བཞུགས་ན་ནི་དེ་ན་རེ་པིབ་པ་ལའི་ཕུག་ན་

བཞུགས་སོ་ཞེས་ཟེར་ནས། དེ་དག་གིས་བཅོམ་ལྡན་འདས་བཙལ་ན་མ་རྙེད་ནས། དེ་དག་ལུས་ངལ་བ་དང་ལུས་དུབ་པ་དང་ལུས་དགུ་པས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ག་ལ་བ་དེར་དོང་བ་དང་། དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་བཅོམ་ལྡན་འདས་

མཐོང་ངམ། བཙུན་པ་སྒྲ་གཅན་ཟིན་མ་མཐོང་ངོ་། །དེ་དགོད་པ་དང་། དེ་དག་གིས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་བསམས་བཞིན་དུ་བདག་ཅག་ལ་ཐོ་འཚམས་པར་མི་མཛད་དམ། དེ་ཡིན་ནོ། །དེ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་

เล่ม ๑๕๓ · หน้า 23b

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་ཏེ། ཟས་ཀྱི་བྱ་བ་མཛད་ནས་ཕྱི་དྲོ་བསོད་སྙོམས་མི་མཛད་པས་

ཆུ་དྲོན་གྱི་ཀུན་དགའ་ར་བར་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སླད་དུ་གདན་བཤམས་པར་བྱེད་ཞབས་བསིལ་བའི་ཆབ་དང་། ཞབས་

བརྟེན་མཐའ་གཅིག་ཏུ་འཇོག་པར་བྱེད་ཅིང་། བསུས་ནས་ཆོས་གོས་ལེན་པར་བྱེད་ཅིང་། འདི་སྐད་ཅེས་བཅོམ་ལྡན་འདས་གཤེགས་སུ་གསོལ། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཞེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་

གདན་བཤམས་པ་ཉིད་ལ་བཞུགས་ནས། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཞབས་གཉིས་བསིལ་ནས་ཆུ་སྣོད་དུ་ཆུའི་ལྷག་མ་ཉུང་ངུ་ཞིག་བཞག་ནས་ས་ལ་ཕོ་སྟེ་ཆུ་སྣོད་ས་ལ་བཟུར་ནས་ཁ་སྦུབ་སྟེ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ཀྱིས་ངས་ཆུ་སྣོད་དུ་ཆུའི་ལྷག་མ་

ཉུང་ངུ་ཞིག་བཞག་ནས་ས་ལ་འཕོ་སྟེ། ཆུ་སྣོད་ས་ལ་བཟུར་ནས་ཁས་སྦུབ་པ་མཐོང་ངམ། གསོལ་པ། བཙུན་པ་མཐོང་ངོ་། །བཀའ་སྩལ་པ། སྒྲ་གཅན་ཟིན་དེ་བཞིན་དུ་ང་ནི་མི་གཏི་མུག་ཅན་གང་ལ་ལ་ཤེས་བཞིན་དུ་བརྫུན་དུ་སྨྲ་ཞིང་ངོ་ཚ་མེད་པ་འཛེམ་པ་མེད་པ་འགྱོད་པ་མེད་པ་དེའི་དགེ་སློང་གི་

ཚུལ་ཆུང་བ་དང་ཕོ་བ་དང་བཟུར་བ་དང་ཁས་སྦུབ་པར་སྨྲའོ། །སྒྲ་གཅན་ཟིན་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་གླང་པོ་ཆེ་དྲེགས་པ་མ་ཏང་གནས་བྱུང་བ་གཞོན་པ་ལོ་དྲུག་ཅུ་ལོན་པ་མཆེ་བ་ཤིང་རྟའི་མདའ་ཙམ་དང་ལྡན་པ་བྲང་དཀྱེལ་ཆེ་བ་གཡུལ་ངོར་སྤྱད་པ་གཡུལ་གྱི་ནང་དུ་སོན་པ། ལག་པ་གཉིས་

དང་། རྐང་པ་གཉིས་དང་། བརླ་གཉིས་དང་། རྐེད་པ་དང་མཇུག་མ་དང་། གློ་གཉིས་དང་། རྒྱབ་དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་ཀྱིས་ལས་བྱེད་ཅིང་སྣས་ལས་མི་བྱེད་པ་ཕ་རོལ་གྱི་དཔུང་དང་། ཕ་རོལ་གྱི་དམག་འཇོམས་པར་བྱེད་པ་ན་དེ་ན་རྒྱལ་

เล่ม ๑๕๓ · หน้า 24a

པོ་གླང་པོ་ཆེ་ལ་ཞོན་པ་འདི་སྙམ་དུ་འདི་ལྟར་རྒྱལ་པོའི་གླང་པོ་ཆེ་འདི་ནི་སྣ་སྲུང་བར་བྱེད་པས་སྲོག་ཡོངས་སུ་མ་བཏང་ངོ་སྙམ་དུ་སེམས་སོ། །གང་གི་ཚེ་རྒྱལ་པོའི་གླང་པོ་ཆེ་དེ་ལག་པ་གཉིས་དང་། རྐང་པ་གཉིས་དང་། བརླ་གཉིས་དང་། རྐེད་པ་དང་། མཇུག་མ་དང་། གློ་གཉིས་དང་། རྒྱབ་

དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་དང་། སྣས་ཀྱང་ལས་བྱེད་པ། ཕ་རོལ་གྱི་དཔུང་དང་། ཕ་རོལ་གྱི་དམག་འཇོམས་པར་བྱེད་པ་ན་དེ་ན་རྒྱལ་པོ་གླང་པོ་ཆེ་ལ་ཞོན་པ་འདི་སྙམ་དུ་འདི་ལྟར་རྒྱལ་པོའི་གླང་པོ་ཆེ་འདི་ནི་སྣ་སྲུང་བར་མི་བྱེད་པས་སྲོག་ཡོངས་

སུ་བཏང་ངོ་སྙམ་དུ་སེམས་ཏེ། སྒྲ་གཅན་ཟིན་ང་ནི་དེའི་ཚེ་ན་རྒྱལ་པོའི་གླང་པོ་ཆེ་དེ་ལས་མི་བྱ་བ་ཅི་ཡང་མེད་པར་སྨྲའོ། །སྒྲ་གཅན་ཟིན་དེ་བཞིན་དུ་གང་ལ་ལ་ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ་འཛེམ་པ་མེད་པ་འགྱོད་པ་མེད་པར་གྱུར་ན་ང་ནི་མི་གཏི་མུག་ཅན་དེས་སྡིག་པའི་ལས་མི་བྱ་བ་ཅུང་ཟད་

ཀྱང་མེད་པར་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི། །ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་དྲལ་བ་ཡི། །འདི་ལ་སྡིག་པ་མི་བྱ་མེད། །ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་

ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །སྒྲ་གཅན་ཟིན་མི་རྣམས་ཀྱིས་མེ་ལོང་བཞིན་གྱི་གཟུགས་སོ་སོར་བརྟག་པའི་ཕྱིར་འཆང་བ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་འདི་ལྟར་ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ལ་སོ་སོར་བརྟགས་ཤིང་

སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ནས་མང་དུ་གནས་པར་བྱའོ་ཞེས་བསླབ་པར་བྱ་སྟེ། སྒྲ་གཅན་ཟིན་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོན་པས་གཞན་

ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ཀྱི་ལས་དང་ངག་ལས་དང་། །ཡིད་ཀྱི་ལས་ལ་མང་དུ་ནི། །སོ་སོར་རྟོགས་ཤིག་སྒྲ་གཅན་ཟིན། །འདི་ནི་དགེ་སློང་ལས་ཡིན་ཏེ། །འདི་ལ་སློབས་ཤིག་སྒྲ་གཅན་ཟིན། །འདི་ལ་ཁྱོད་ནི་སློབ་བྱེད་ན། །བདེ་བར་འགྱུར་ཞིང་སྡིག་མེད་ཡིན། །དེ་ནས་

เล่ม ๑๕๓ · หน้า 24b

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ་སངས་རྒྱས་

བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅའ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་ན་ཤཱཀྱའི་བུ་དགེ་སློང་ལག་

བརྒྱུད་ཅེས་བྱ་བ་ཞིག་འདུག་པ་དེ་ཤིན་ཏུ་སྨྲ་བ་དང་། གཞན་གྱི་སྨྲ་བའི་རྗེས་སུ་བརྩོན་པར་གནས་སོ། །ལྷོ་ཕྱོགས་ནས་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་ཀྱང་བྲམ་ཟེའི་ཁྱེའུ་མང་པོའི་འཁོར་དང་

ལྷན་ཅིག་ཏུ་མཉན་ཡོད་དུ་ཕྱིན་ཏོ། །མཉན་ཡོད་ན་གནས་པའི་བྲམ་ཟེ་འཁོར་ཤིན་ཏུ་མང་པོ་དང་ལྡན་པ་ཞིག་གིས་དེ་དང་བརྩད་པར་བརྩམས་པ་ན་རིག་པའི་གནས་གང་དང་གང་ལ་གཏམ་འདྲེ་བར་བྱེད་པ་དེ་དང་དེ་ལ་ལྷོ་ཕྱོགས་པ་དེས་མཉན་ཡོད་པ་འཁོར་དང་བཅས་པ་དེ་དག་སྤོབས་པ་མེད་

པར་བྱས་སོ། །དེའི་ཚེ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་དེར་འོངས་པ་དང་། ལྷོ་ཕྱོགས་པའི་བྲམ་ཟེ་དེས་སྨྲས་པ། ཀྱེ་དགེ་སློང་ཁྱོད་ལ་སློབ་དཔོན་གྱི་མཚན་མ་ཡོད་པས་ཁྱོད་ནི་སྨྲ་བའི་ཁྱུ་མཆོག་གཅིག་ཡིན་པ་འདྲ་ན་བདག་ལ་ཡང་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་དག་ཅིག་ཡོད་དེ། བདག་ཁྱོད་

དང་ལྷན་ཅིག་ཅུང་ཟད་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པར་འདོད་དོ། །ལག་བརྒྱུད་ཀྱིས་སྨྲས་པ། བྲམ་ཟེ་མ་ཉེས་ཏེ་ཁོ་བོ་ལ་ཡང་གང་དུ་བདག་གིས་རྒོལ་བའི་བསྟན་བཅོས་རྣོན་པོར་བྱ་སྙམ་པའི་བློ་སྐྱེས་ན་ཁྱོད་ཀྱང་འདིར་འོངས་ཀྱི་དེ་བཞིན་དུ་བྱའོ་ཞེས་ཕྱི་དེ་ཉིན་པར་སྐྱེད་མོས་ཚལ་ག་

གེ་མོ་ཞིག་ཏུ་འགྱེད་པར་དུས་བཏབ་པོ། །དེའི་ནུབ་མོ་ལག་བརྒྱུད་ཀྱིས་བསམས་པ། གལ་ཏེ་བདག་གིས་རེ་ཞིག་བྲམ་ཟེ་ཚར་བཅད་ན་ནི་དེ་ལྟ་ན་ཡང་བདག་གིས་སྒོ་འཕར་བརྒྱ་དག་འདས་ཏེ། ཇི་ལྟར་ལྟོ་དགོང་པ་བསྒྲུབ་པར་བྱ་དགོས་སོ། །གལ་ཏེ་བྲམ་ཟེས་བདག་ཚར་བཅད་ན་ནི་དེ་ལྟ་ན་བདག་གིས་

เล่ม ๑๕๓ · หน้า 25a

གྲགས་པའི་ཕྲེང་བ་མེད་པར་འགྱུར་རོ་སྙམ་ནས། དེ་ཕྱི་དེ་ནང་པར་རྒོལ་བའི་སར་མ་སོང་ངོ་། །དེ་ལྟ་བུ་ལན་གཉིས་ལན་གསུམ་ཙམ་དུ་འཐུས་པ་ལས། ཤཱཀྱའི་བུ་ལག་བརྒྱུད་ཀྱིས་དེ་ཐོ་འཚམས་པའི་ཕྱིར་ཡུལ་ཕྱོགས་དང་བརྡ་དང་མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་མི་འགྲོ་ནས་གཞན་

མུ་སྟེགས་ཅན་དག །ཤེས་ལྡན་ཤཱཀྱའི་བུའི་དགེ་སློང་འདི་དག་ནི་བརྫུན་སྨྲ་བ། བརྫུན་སྨྲ་བ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་དག་ཡིན་ཏེ། སྔར་འཐུས་པ་ལས་ཡུལ་ཕྱོགས་དང་བརྡ་དང་མཚན་མ་བྱས་ནས་ཆེད་དུ་བསམས་ཏེ། འགྲོ་བར་མི་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་

ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་ལ་སྨྲས་ནས། དགེ་སློང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་

ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་པ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་

བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད། ཉོན་མོངས་པ་ནི་གཞན་ལ་ཐོ་འཚམས་པ། ཉེས་པ་ནི་ཤེས་བཞིན་དུ་བརྫུན་སྨྲ་བའོ། །དེ་ལ་ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ། །བརྫུན་སྨྲ་ན་ཞེས་བྱ་བ་ནི། བརྫུན་སྨྲ་བ་ལ་ནི་རྣམ་པ་

དགུ་ཡང་ཡོད། རྣམ་པ་བརྒྱད་ཀྱང་ཡོད། རྣམ་པ་བདུན་ཡང་ཡོད། རྣམ་པ་དྲུག་ཀྱང་ཡོད། རྣམ་པ་ལྔ་ཡང་ཡོད། རྣམ་པ་བཞི་ཡང་ཡོད། རྣམ་པ་གསུམ་ཡང་ཡོད། རྣམ་པ་གཉིས་ཀྱང་ཡོད་དོ། །དེ་ལ་བརྫུན་སྨྲ་བ་རྣམ་པ་དགུ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་

མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ། ཉེས་བྱས་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་།

เล่ม ๑๕๓ · หน้า 25b

སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་

བའོ། །རྣམ་པ་དྲུག་གང་ཞེ་ན། དགེ་སློང་བརྫུན་སྨྲ་བར་འདོད་པ་ན། འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ནི་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་བརྫུན་སྨྲ་བའོ། །རྣམ་པ་ལྔ་

གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་བའོ། །རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་

གླེང་བའོ། །རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །གཞན་ཡང་རྣམ་པ་གསུམ་གང་ཞེ་ན་བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་

དུ་བརྫུན་སྨྲས་སོ་སྙམ་པའོ། །རྣམ་པ་གཉིས་གང་ཞེ་ན། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །བརྫུན་སྨྲ་བ་ན་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །བརྫུན་སྨྲ་བ་ནི། ཕམ་པར་འགྱུར་བ་ཡང་ཡོད། དགེ་འདུན་ལྷག་མར་འགྱུར་

བ་ཡང་ཡོད། ཉེས་པ་སྦོམ་པོར་འགྱུར་བ་ཡང་ཡོད། ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། ཉེས་བྱས་སུ་འགྱུར་བ་ཡང་ཡོད། དེ་ལ་བརྫུན་སྨྲ་བ་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་མེད་ལ་མེད་བཞིན་དུ་མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་དགེ་

སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཇི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་ལ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་དགེ་འདུན་གྱི་ནང་དུ་ཆེད་དུ་

เล่ม ๑๕๓ · หน้า 26a

བསམས་ཏེ། ཆོས་མ་ཡིན་པའི་ཆོས་སུ་སྟོན་པ་དང་། ཆོས་ཆོས་མ་ཡིན་པར་སྟོན་པ་དང་། འདུལ་བ་མ་ཡིན་པ་འདུལ་བར་སྟོན་པ་དང་། འདུལ་བ་འདུལ་བ་མ་ཡིན་པར་སྟོན་པའོ། །ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་

འདོན་པ་ན་ཅི་འདི་ལ། ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བར་སྡོད་པའོ། །ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་རྣམ་པ་བཞི་པོ་དེ་དག་མ་གཏོགས་པ་བརྫུན་དུ་སྨྲ་བ་གཞན་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །

ལྟུང་བྱེད་ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་ངན་སོང་དང་ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད་འཚེད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་

བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་

ལྟུང་བ་རྣམ་པར་གཞག་པ་ནི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་དང་། ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བ་ལས་གཞན་པའི་བརྫུན་དུ་སྨྲ་བ་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་ཏེ་བརྫུན་དུ་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་

སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་ན་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བརྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་པ་ཡིན་གྱི། དངོས་པོའི་དབང་གིས་ནི་མ་ཡིན་པས་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བ་ཐམས་ཅད་ལ་ན་སྨད་པ་མེད་དོ། །

བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་ན་སྦྱོར་བ་དང་བཅས་པའི་དངོས་གཞི་ཡིན་པས་དེ་ལ་ན་སྨད་པ་མེད་དོ། །བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པ་ནི་དངོས་གཞི་མཇུག་དང་བཅས་པ་ཡིན་པས་དེ་ལ་ཡང་ན་སྨད་པ་མེད་དོ། །གཞི་གཅིག་ལ་དུ་མ་ཉིད་དང་བཅས་པ་ལ་ན་སྨད་པ་མེད་

เล่ม ๑๕๓ · หน้า 26b

དོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་དེ་ལ་ན་སྨད་པ་མེད་དོ། །ལྟུང་བྱེད་དུ་གཏོགས་པའི་བརྫུན་གྱི་དོན་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་མིའི་འགྲོ་བར་གཏོགས་པ་དོན་གོ་བ་བསམས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དོན་ཤེས་པའི་ཡུལ་ལ་འདུ་ཤེས་

གཞན་དུ་བསྒྱུར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདུ་ཤེས་བསྒྱུར་བ་ཉིད་དང་། བདག་ཉིད་ཀྱིས་སྨྲས་པ་ཉིད་དང་། ཉན་པ་པོ་མིའི་འགྲོ་བར་གཏོགས་པ་རང་བཞིན་དུ་གནས་པ་ཉིད་དང་། ལྟུང་བྱེད་དུ་འགྱུར་བའི་བརྫུན་ཉིད་དང་། གཞན་གྱིས་དོན་གོ་བའོ། །དེ་དག་

ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བརྫུན་སྨྲ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་

དུ་བརྫུན་སྨྲ་བར་བྱའོ་སྙམ་པ་ནི་སྦྱོར་བ་ཡིན་པས་དེ་ལ་ཉེས་བྱས་སོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཀྱི་ཡན་ལག་ཡིན་པས་མི་མ་ཡིན་པའི་འགྲོ་བ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བ་ཉིད་ཡན་ལག་ཡིན་པས་ཉན་པ་པོ་རང་བཞིན་ཉམས་པ་ལ་

སོགས་པས་དོན་མ་གོ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་ཉིད་དེ། སྦྱོར་བ་ཉེས་བྱས་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དངོས་པོ་བརྫུན་ཡང་འདུ་ཤེས་བདེན་པས་སྨྲ་བ་ལ་ལྟུང་བ་

མེད་དོ། །བརྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་པས་བརྫུན་དུ་སྨྲ་བ་འཇུག་པ་ཉི་ཚེ་ལ་ནི་ལྟུང་བ་མེད་དོ། །ཚིག་ཐལ་ཟིན་པའི་ཕྱིར་རོ། །གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་འགྱུར་བ་ཡིན་ན་ནི་གཞན་བརྗོད་ཀྱང་ལྟུང་བ་མེད་དེ། དེའི་ཕྱིར་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་

བ་ལ། རེ་ཞིག་མེ་འདེ་ཤིག །རེ་ཞིག་སྐོམ་འཐུང་ཤིག །རེ་ཞིག་ངལ་སོས་ཤིག །ནམ་མཁའ་མཐོང་ངོ་། །སེན་མོ་མཐོང་ངོ་། །དོན་དམ་པར་ན། སེམས་ཅན་ནམ། གསད་པར་བྱ་བ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་

เล่ม ๑๕๓ · หน้า 27a

བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །མནའ་འདོར་བར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བརྫུན་

དུ་སྨྲ་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོའོ། །སྦྱོར་བ་ཉེས་བྱས་དང་། དངོས་གཞི་ལྟུང་བྱེད་བསྡམ་པ་དང་། མཐོལ་བ་དང་བཤགས་པས་ལྟུང་བ་ལས་བསླང་བར་བྱའོ། །དེ་ལ་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོ་དང་། སྦྱོར་བ་ཉེས་བྱས་དེ་གཉིས་བསྡམ་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་

མཐོལ་བ་དང་བཤགས་མི་དགོས་པར་རང་གི་ཡིད་ཀྱིས་ལྟུང་བ་སྔ་མ་མཐོང་བ་དང་ཕྱིན་ཆད་བསྡམ་པས་སྔ་མ་འགྱོད་པ་དང་། ཕྱིན་ཆད་མི་བྱའོ་སྙམ་དུ་བསྡམ་པ་བྱས་ན་ལྟུང་བ་ལས་ལྡང་ངོ་། །བཤགས་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་མཐོལ་བ་དང་བཤགས་པས་ཕྱིར་བཅོས་པར་བྱ་དགོས་སོ། །དེ་

ལ་བསྡམ་པར་བྱ་བའི་ཉེས་བྱས་ནི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པ་ཡིད་ཀྱི་ཉེས་བྱས་ཞེས་བྱ་བ་དག་ཡིན་ནོ། །བཤགས་པར་བྱ་བའི་ཉེས་བྱས་ནི་ལུས་དང་ངག་གིས་སྦྱོར་བའི་སྒྲུབ་པ་དག་ཡིན་ནོ། །དེ་ལ་བཤགས་པར་བྱ་བའི་ཉེས་བྱས་མཐོལ་བ་དང་བཤགས་པའི་ཆོ་ག་ནི་འདི་

ཡིན་ཏེ། དགེ་སློང་གིས་ལྟུང་བ་བཅབ་པར་མི་བྱ་སྟེ། ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོ་དང་། སྦྱོར་བ་ཉེས་བྱས་བཤགས་པར་བྱ་བ་གང་ཡང་རུང་བ་བྱུང་ན་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་

པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ། ཅིག་ཅར་མཐོལ་བ་དང་བཤགས་པར་བྱར་རུང་ངོ་། །

དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ལ་ལྟུང་བ་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་བྱས་ཕྲ་མོ་དང་། ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་ཚེ་དང་

เล่ม ๑๕๓ · หน้า 27b

ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་པོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉེས་

བྱས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང་། འཆགས་པས་སྡོམ་མོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་དང་། སྦྱོར་བའི་ལྟུང་བ་ལས་ལྡང་

ངོ་། །བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞི་བྱུང་ན་དེའི་ཕྱིར་བཅོས་པ་ཡང་སྔ་མ་བཞིན་དུ་མཐོལ་བ་དང་བཤགས་པས་ཕྱིར་བཅོས་པར་བྱ་དགོས་ཏེ། དེའི་ཆོ་ག་དང་སྔགས་ཀྱང་སྔ་མ་བཞིན་ཏེ། སྔགས་ཀྱི་བྱེ་བྲག་ཏུ་ན་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་བརྫུན་དུ་སྨྲ་བའི་ལྟུང་བྱེད་

བྱུང་བ་སྟེ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ལྟར་ལྟུང་བྱེད་ཀྱི་དངོས་གཞིར་ཅིག་ཅར་མཐོལ་བ་དང་། བཤགས་པར་བྱས་ན་དེའི་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་ནི་ལོགས་ཤིག་ཏུ་མཐོལ་ཞིང་བཤགས་མི་དགོས་ཏེ། དེ་ཙམ་གྱིས་ན་བརྫུན་སྨྲ་བའི་ལྟུང་བྱེད་ཀྱི་ལྟུང་བ་ལས་ལྡང་ངོ་། །དེའི་མོད་ལ་

གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན། སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་མ་བཤགས་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་

ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་

བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་

เล่ม ๑๕๓ · หน้า 28a

གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་པར་དེའི་གན་དུ་མི་འགྲོ་བ་དང་། གཞན་དུ་འགྲོ་བ་དང་། སྐྱ་རེངས་ཀྱི་མདུན་

རོལ་དུ་མི་མཐོལ་བ་དང་། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ། །གང་ལ་མི་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་ལ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་

ཆོས་འདི་པ་གཅིག་ལ་ཇི་མཐོལ་དེའི་འོག་ཏུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་བཤགས་པར་བྱའོ། །ལྟུང་བ་མིང་ལས་མི་མཐུན་པའི་གང་ཟག་མེད་ན། ལྟུང་བ་

རིགས་ལས་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །འདིར་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །ཆོས་འདི་པ་ཞེས་བྱ་བ་ནི་དགེ་སློང་མ་དང་། བསླབ་པ་བྱིན་པ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་།

ཁྱིམ་པ་དེ་བཞིན་གཤེགས་པའི་ལྟ་བ་ཅན་མཚམས་ཀྱི་ནང་ན་འདུག་པ་དང་། ལྟ་བ་མི་མཐུན་པ་མཚམས་གཞན་ན་འདུག་པ་དག་གོ། །འདིར་དེ་དག་གི་རྣམ་པར་གཞག་པ་ནི་མཚན་མི་མཐུན་པ་བསྙེན་པར་རྫོགས་པ་ལ་མཐོལ་ན་བཅབ་པར་ནི་མི་འགྱུར་ལ། ཉེས་བྱས་སུ་ནི་འགྱུར་རོ། །བསྙེན་པར་

མ་རྫོགས་པ་དག་ལ་མཐོལ་ན་བཅབ་པར་ནི་མི་འགྱུར་ལ། གནས་ངན་ལེན་རིག་པར་བྱེད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་པ་རིག་པར་བྱེད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །ཆོས་འདི་པ་དེ་དག་གང་ཡང་རུང་བ་མཚམས་གཞན་དུ་འདུག་པ་དང་། ལྟ་བ་མི་མཐུན་པ་ལ་

མཐོལ་ན་བཅབ་པར་ནི་མི་འགྱུར་ལ། ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་མ་ཡིན་པ་ལ་མཐོལ་ན་ཡང་བཅབ་པར་ནི་མི་འགྱུར་ལ། ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด