སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๓ · หน้า 28b

མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མཐུན་པ་ལ་མཐོལ་ན་ཡང་བཅབ་པར་ནི་མི་འགྱུར་ལ། ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལ་མཐོལ་

ན་བཅབ་པར་ཡང་མི་འགྱུར་ལ། ལྟུང་བར་ཡང་མི་འགྱུར་ཏེ། འོག་མ་གཞན་དག་ལ་ཡང་དེ་བཞིན་ནོ། །ལྟུང་བ་མཐོལ་བ་ལ་སྤྱིར་བསྟན་པ་ནི་མཐོལ་བའི་སྔགས་རྫོགས་པར་བརྗོད་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་པར་མ་ནུས་ན་ཐ་ན་མིང་ངམ། རིགས་གཅིག་གོ་བར་བྱས་ནས་

ཡང་མཐོལ་བར་འགྱུར་རོ། །བཤགས་པའི་སྔགས་ནི་རྫོགས་པར་བརྗོད་དགོས་སོ། །ཉེས་བྱས་མཐོལ་བ་ལ་ནི་མིང་དང་རིགས་ལ་མ་བརྗོད་པར་བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱས་ན་ཡང་རུང་ངོ་། །ཕན་པར་འགྱུར་

བའི་དངོས་གཞི་མ་གཏོགས་པ་སྦྱོར་བ་དང་ཉེས་བྱས་ལ་སོགས་པ་ལྟུང་བ་གཞན་ཐམས་ཅད་ལ་ཡང་བཅབས་པ་ཡོད་ན་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་། ཕྱིས་ལྟུང་བ་ཉིད་ཕྱིར་བཅོས་པར་ཤེས་པར་བྱའོ། །བཅབས་པའི་ཉེས་པ་ཕྱིར་བཅོས་པ་ནི་ལྟུང་བ་མིང་དང་རིགས་གང་བྱུང་བ་

དང་། ཇི་སྲིད་བཅབས་པ་དེ་གཉིས་ཇི་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བ་ཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་སོ། །མཐོལ་བ་དང་བཤགས་པར་བྱ་བའི་སྐབས་ཡོད་བཞིན་དུ་མི་མཐོལ་མི་འཆགས་ན་ཞག་རེ་ཉེས་བྱས་རེ་རེར་འགྱུར་རོ། །གང་ལ་

མཐོལ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ཡོད་ན་ཆོས་འདི་པ་གཞན་ལ་མཐོལ་བར་མི་བྱའོ། །བཤགས་པར་ནི་ཆོས་འདི་པ་གཞན་ལ་རྣམ་པ་ཐམས་ཅད་དུ་

མི་བྱའོ། །དེ་ལྟར་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོ་དང་། སྦྱོར་བ་ཉེས་བྱས་དང་། དངོས་གཞི་ཕྱིར་བཅོས་པའི་ཆོ་ག་དང་སྔགས་དེ་དག་ནི་ལྟུང་བྱེད་དགུ་བཅུ་པོ་ཐམས་ཅད་དང་ཅི་རིགས་པར་སྦྱར་ཏེ། བྱེ་བྲག་ཏུ་ན་ལྟུང་བའི་སྡེ་ཚན་གྱི་མིང་དང་། གང་བྱུང་བའི་རིགས་ཐ་དད་པ་

เล่ม ๑๕๓ · หน้า 29a

སོ་སོར་སྨོས་པར་བྱ་བའི་ཆོ་ག་གཞན་ཐམས་ཅད་ནི་འདྲའོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དེ་དང་པོ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་དགུ་པ། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་

བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག །ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག །མིའུ་ཐུང་དག །ལྦ་བ་ཅན་དག །

ལྐུགས་པ་དག །འོན་པ་དག །རྟེན་འཕྱེ་དག །རྐང་བམ་དག །གྱོལ་པོ་དག །མཆུ་འཕྱངས་དག །མགོ་བོ་ཆེ་དག་ཅེས་མིའི་སྐྱོན་ནས་སྨྲ་བ་ཀུན་ཏུ་སྤྱོད་པར་བྱེད་དོ། །དེས་དགེ་སློང་དག་སྤ་གོང་བ་དང་། གཟེངས་དམའ་བ་དང་། ཞུམ་པར་གྱུར་ནས། ལུང་ནོད་པ་དང་། ཀླག་པ་དང་། ཁ་ཏོན་

དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་བཏང་ཞིང་། སྡུག་བསྔལ་དང་ཡིད་མི་བདེ་བ་མང་བར་གནས་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་སྨྲས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་

རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དག་ཀྱང་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱད་པ་ན་བྱམས་པའི་རྒྱུན་གཅོད་པར་བྱེད་ན་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་སྔོན་བྱུང་བའི་བཀའ་མཆིད་དག་བཀའ་སྩལ་ནས། བསླབ་

པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིའི་སྐྱོན་ནས་སྨྲ་བ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ངག་ཡང་དག་པར་མ་བསྡམས་པ།

เล่ม ๑๕๓ · หน้า 29b

ཉེས་པ་ནི་མིའི་སྐྱོན་ནས་སྨྲ་བའོ། །དེ་ལ་མིའི་སྐྱོན་ནས་སྨྲ་ན་ཞེས་བྱ་བ་ནི་མིའི་སྐྱོན་ནས་སྨྲ་བའི་བསམས་པས་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་སྨྲ་བའོ། །ལྟུང་བྱེད་

དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་

ལྟུང་བ་ཇེ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་གི་སྐྱོན་ཉིད་བརྗོད་པར་འདོད་པས་ཚིག་འཇམ་པོས་ཀྱང་རུང་། རྩུབ་པོས་ཀྱང་རུང་སྟེ། སྐྱོན་གྱི་རྣམ་པ་རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བས་སྨྲ་ན་མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་

སློང་བསྙེན་པར་རྫོགས་པ་ཙམ་མ་ཉམས་པ་ཉིད་ཀྱི་ཡུལ་ལ་ན་སྨད་པ་མེད་དོ། །སྐྱོན་ཉིད་བརྗོད་པར་འདོད་པའི་བསམ་པ་གང་ཡང་རུང་བས་བརྗོད་པ་ལ་ན་སྨད་པ་མེད་དོ། །ཚིག་འཇམ་རྩུབ་གང་ཡང་རུང་བས་བརྗོད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྐྱོན་རུང་བ་མ་ཡིན་པར་བསམ་པ་གང་ཡང་

རུང་བ་སྨྲས་པ་ལ་ན་སྨད་པ་མེད་དོ། །མི་དགའ་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་བ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི། སྐྱོན་ཉིད་བརྗོད་པར་འདོད་པ་དང་། ཕ་རོལ་པོ་དགེ་སློང་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་

བར་འགྱུར་ཏེ། ཕ་རོལ་པོ་དགེ་སློང་ཉིད་དང་། སྐྱོན་ཉིད་བརྗོད་པར་འདོད་པ་དང་། རང་གི་ཚིག་གང་ཡང་རུང་བ་དང་། སྐྱོན་རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བ་སྨྲས་པ་དང་། ཕ་རོལ་པོས་དོན་གོ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་

ཉེས་བྱས་ཏེ། ཇི་སྲིད་དུ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། མིའི་སྐྱོན་ནས་སྨྲ་བར་འདོད་པ་ན་འདི་སྙམ་དུ་སྐྱོན་ནས་སྨྲ་བར་བྱའོ་སྙམ་པ་ནི་སྦྱོར་བ་ཡིན་པས་དེ་ལ་

เล่ม ๑๕๓ · หน้า 30a

ཉེས་བྱས་སོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱས་པ་ཉིད་ཀྱི་ཡན་ལག་ཡིན་པས་མི་མ་ཡིན་པའི་འགྲོ་བ་པ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བ་ཉིད་ཡན་ལག་ཡིན་པས་ཉན་པ་པོ་རང་བཞིན་ཉམས་པ་ལ་སོགས་པས་

དོན་མ་གོ་བ་ལ་ཉེས་བྱས་སོ། །ཁྱིམ་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཆོས་འདི་པའི་རབ་ཏུ་བྱུང་བ་ཉམས་པ་དང་། མཚན་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་དག་ལ་ཉེས་བྱས་སོ། །སྐྱོན་རུང་བ་མ་ཡིན་པར་བསམས་པ་ལས་གཞན་ལ་རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་

དག་ལ་ཉེས་བྱས་སོ། །སྐྱོན་མ་ཡིན་པ་ཚིག་ཀྱལ་བ་འབའ་ཞིག་སྨྲ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་སྐྱོན་ཉིད་བརྗོད་པར་

འདོད་པ་མ་ཡིན་པས་བསྟོད་པའི་ཕྱོགས་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུར་

བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དེ་གཉིས་པ་བཤད་ཟིན་ཏོ།། །།ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་

ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་ཕྲ་མས་ཀུན་དུ་སྤྱོད་པར་བྱེད་དེ། དེས་དགེ་སློང་དག་སྤ་གོང་བ་དང་། གཟེངས་དམའ་བ་དང་། ཞུམ་པར་གྱུར་ནས་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་།

ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། འདི་ལྟར་དུས་ཡུན་རིང་པོ་ནས་ཉེ་བར་བསགས་པ་ཆོས་དང་ལྡན་པའི་གཅུགས་པའི་རྒྱུན་ཡང་གཅོད་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

เล่ม ๑๕๓ · หน้า 30b

ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་སྨྲས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་

མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དག་ཀྱང་ཕྲ་མས་ཀུན་ཏུ་སྤྱད་པ་ན་གསོད་པར་སེམས་ན། མི་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྔོན་བྱུང་བའི་བཀའ་མཆིད་དག་བཀའ་སྩལ་ནས། བསླབ་པ་

བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དབྱེན་གྱི་བསམ་པ།

ཉེས་པ་ནི་དགེ་སློང་ལ་ཕྲ་མ་བྱེད་པའོ། །དེ་ལ་དགེ་སློང་ལ་ཕྲ་མ་བྱེད་ན་ཞེས་བྱ་བ་ནི་དགེ་སློང་ལ་ཕྲ་མ་བྱ་བའི་བསམ་པས་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་

རྣམ་པར་རིག་བྱེད་སྨྲ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་

འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ཕྲ་མ་བྱེད་འདོད་པས་དགེ་སློང་གཞན་ལ་དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཟེར་རོ་ཞེས་ཕྲ་མའི་ཚིག་གང་ཡང་རུང་བ་སྨྲས་ན་ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དབྱེ་

བར་བྱ་བ་གཉི་ག་དགེ་སློང་བསྙེན་པར་རྫོགས་པ་ཅན་མཉམས་པ་ཉིད་ཀྱི་ཡུལ་ལ་ན་སྨད་པ་མེད་དོ། །འདིར་བརྫུན་དང་སྐྱོན་དང་། རུང་བ་མ་ཡིན་པར་བསམ་པ་ཡན་ལག་མ་ཡིན་ཏེ། དབྱེ་བའི་བསམ་པ་ཉིད་ཡན་ལག་ཡིན་པས་དབྱེ་བར་འདོད་པའི་བསམ་པ་གང་ཡང་རུང་བས་

เล่ม ๑๕๓ · หน้า 31a

བདེན་པ་དང་། བརྫུན་པ་གང་ཡང་རུང་བ་སྨྲས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མིང་འདི་ཞེས་བྱ་བ་འདི་སྐད་ཅེས་ཟེར་རོ་ཞེས་སྨྲས་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དབྱེ་བའི་བསམ་པ་ཉིད་དང་།

དབྱེ་བར་བྱ་བ་གཉི་ག་དགེ་སློང་ཉིད་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱེ་བའི་བསམ་པ་ཉིད་དང་། དབྱེ་བར་བྱ་བ་གཉི་ག་དགེ་སློང་ཉིད་དང་། རང་གི་ཚིག་གང་ཡང་རུང་བ་དང་། ངོར་སྨྲས་པ་དང་ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་

ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མི་མ་ཡིན་

པའི་འགྲོ་བ་པ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །ཉན་པ་པོ་རང་བཞིན་ཉམས་པ་ལ་སོགས་པས་དོན་མ་གོ་བ་ལ་ཉེས་བྱས་སོ། །གཉི་ག་ཁྱིམ་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། ཆོས་འདི་པའི་རབ་ཏུ་བྱུང་བ་ཉམས་པ་དང་། མཚན་མི་མཐུན་པ་དང་། བསྙེན་

པར་མ་རྫོགས་པ་དག་ལ་ཉེས་བྱས་སོ། །མིང་ནས་མ་སྨོས་པར་དཔེར་ན་རྒྱལ་རིགས་དང་། བྲམ་ཟེའམ། འོད་སྲུངས་ཀྱི་རིགས་ཤིག་འདི་སྐད་ཟེར་རོ་ཞེས་སྨྲས་པ་ལྟ་བུ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་

སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དབྱེ་བར་འདོད་པའི་བསམ་པ་མ་ཡིན་པས་འཕྲིན་ལ་སོགས་པ་བཟླས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་

གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཕྲ་མ་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དེ་གསུམ་པ་

เล่ม ๑๕๓ · หน้า 31b

བཤད་ཟིན་ཏོ།། །།སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་

དུ། རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་བ་དང་། ལེགས་པར་ཤད་ཀྱིས་མ་བྱང་བ་ཡིན་གྱིས་ཡང་ཤད་ཀྱིས་སྦྱང་བར་བྱའོ། །རྩོད་པ་འདི་ནི་ངེས་པར་མ་བརྟགས་པ་དང་། ལེགས་པར་ངེས་པར་མ་བརྟགས་པ་ཡིན་གྱི་ཡང་ངེས་པར་བརྟགས་པར་བྱའོ། །རྩོད་པ་འདི་ནི་ཉེ་བར་མ་ཞི་བ་དང་། ལེགས་

པར་ཉེ་བར་མ་ཞི་བ་ཡིན་གྱི་ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་དེ། དགེ་སློང་དག་ཡང་དང་ཡང་དུ་རྩོད་པ་ཉེ་བར་ཞི་བར་བྱེད་པ་ན། བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ནས། ལུང་ནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་

སེམས་ཀྱི་ཞི་གནས་གཞན་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་

འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་སྨྲས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་

ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་

ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རྩོད་པ་ལ་དགའ་བ། ཉེས་པ་ནི་སྐྱོ་སྔོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། །གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པས་ཞེས་བྱ་བ་ནི་

เล่ม ๑๕๓ · หน้า 32a

བློ་མཐུན་པས་སོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ། །རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་།

བྱ་བའི་ཕྱིར་རྩོད་པའོ། །སྦྱངས་པར་ཞེས་བྱ་བ་ནི་ཉེ་བར་ཞི་བར་བྱས་པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་དེ་ཡོངས་སུ་རིག་པའམ། གཞན་དག་གིས་བརྗོད་པས་སོ། །ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །

དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་

ནི་དགེ་སློང་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་འབུལ་བ་དག་གིས་དགེ་སློང་གཉིས་ཀྱི་རྩོད་པ་གང་ཡང་རུང་བ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པར་ཤེས་པར་བྱའོ་དེ་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་

རོ། །དགེ་སློང་རྩོད་པ་ཆོས་འདི་པ་བསྙེན་པར་རྫོགས་པ་ཅན་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་གཉིས་ཡན་ཆད་ཀྱི་རྩོད་པ་ལ་ན་སྨད་པ་མེད་དོ། །འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པ་ལ་ན་སྨད་

པ་མེད་དོ། །དགེ་འདུན་གྱིས་ཆོས་བཞིན་དུ་ལེགས་པར་ཞི་བར་བྱས་པ་ཉིད་ལ་ན་སྨད་པ་མེད་དོ། །འཁྲུག་ལོང་གི་རྒྱུ་བཞི་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དང་། ལྟུང་བ་དང་བཅས་པ་ཉིད་དང་། ལས་

ལ་མཐུན་པ་མི་སྦྱིན་པས་འཁྲུག་ལོང་བྱེད་ཅིང་ཡང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་གང་ཡང་རུང་བའི་ལས་ཀྱིས་སྐྱོ་སྔོགས་བྱེད་པ་ལ་ན་སྨད་པ་མེད་དོ། །ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་དབུལ་བ་དག་ལ་ན་སྨད་པ་མེད་དོ། །

เล่ม ๑๕๓ · หน้า 32b

རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྒོལ་

བ་དང་ཕྱིར་རྒོལ་བ་གཉི་ག་དགེ་སློང་ཉིད་ཡིན་པ་དང་། རྩོད་པ་བཞི་པོ་གང་ཡང་རུང་བ་དང་། དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་དང་། ལྟུང་བ་འབྱིན་པ་པོས་དེ་ལྟར་ཤེས་པ་དང་། ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་

སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རྩོད་པ་གཉིས་ཁྱིམ་པ་དང་། ཕྱི་རོལ་པའི་རབ་ཏུ་

བྱུང་བ་དང་། ཆོས་འདི་པའི་རབ་ཏུ་བྱུང་བ་ཉམས་པ་དང་། མཚན་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་དག་ལ་ཉེས་བྱས་སོ། །རྩོད་པ་བཞི་པོ་དག་ལས་གཞན་པ་དག་ལ་ཉེས་བྱས་སོ། །དགེ་འདུན་གྱིས་ལེགས་པར་ཞི་བར་མ་བྱས་པ་ཉིད་ལ་ཉེས་བྱས་སོ། །རྩོད་པ་ཞི་བར་བྱ་བའི་

ཆོས་བདུན་པོ་དག་གི་ལས་ལས་གཞན་པས་ཡང་བྱ་བར་སྐྱོ་སྔོགས་བྱེད་པ་ལ་ཉེས་བྱས་སོ། །ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་འབུལ་བ་དག་ལས་གཞན་པ་ལ་ཉེས་བྱས་སོ། །ལྟ་བ་སྨྲ་བ་དང་གློ་བུར་དུ་འོངས་པ་དག་ལ་འདུ་ཤེས་པས་

སྐྱོ་སྔོགས་བྱེད་པ་ལ་ཉེས་བྱས་སོ། །བསླབ་པ་བྱིན་པ་ལ་ཁྱོད་བསླབ་པ་བྱིན་པ་མ་ཡིན་ནོ་ཞེས་ཟེར་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་

མོའོ། །ལྟུང་བ་མེད་པ་ནི་དགེ་འདུན་གྱིས་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ཞི་བར་བྱས་པ་ཉིད་མ་ཡིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་

เล่ม ๑๕๓ · หน้า 33a

ལྟུང་བ་མོད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྐྱོ་སྔོགས་བྱེད་པའི་མཚན་ཉིད་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་

དེ་བཞི་པ་བཤད་ཟིན་ཏོ།། །།སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཤ་མཚན་གྱི་རིག་པ་ཤེས་ཟེར་ཏེ། སྔ་དྲོ་ཤམ་ཐབས་བགོས་ལྷུང་

བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཤིང་། བྲམ་ཟེ་དང་ཁྱིམ་བདག་དག་ལ་ཆོས་བསྟན་ནས་མནའ་མ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ། དེས་སྨྲས་པ། འཕགས་པ་རི་བོང་མོ་མདས་ཕོག་པ་ཅི་འདྲ་བ་དེ་འདྲ་རོ། །འཆར་ཀས་སྨྲས་པ། སྲུ་

མོ་ཅི་འདྲ་བ་དེ་དེའི་ཉེས་པ་ཡིན་སྙམ་མམ། འདི་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན་ཤ་རྨན་དང་། མཛེར་བུ་དང་། སྨེ་བ་དང་། སྨེ་བ་དམར་པོ་དང་། སྤུ་འཁྱིལ་པ་དག་ཡོད་པས་དེ་ནི་དེའི་ཉེས་པ་ཡིན་ནོ། །དེའི་འོག་ཏུ་སྒྱུག་

མོའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་དེའི་སྐྱོན་ནི་སེག་དར་གྱིས་བདར་འཚལ་ཏེ། ལེ་ལོ་ཅན་སྒྲུབ་མི་ཕོད་པ་གཏུམ་པ་གཤེ་བ། སྤྱོ་བར་བགྱིད་པ་ལགས། འཆར་ཀས་སྨྲས་པ། སྲུ་མོ་ཅི་དེ་དེའི་ཉེས་པ་ཡིན་སྙམ་མམ།

འདི་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན་ཤ་རྨན་དང་། མཛེར་བུ་དང་། སྨེ་བ་དང་། སྨེ་བ་དམར་པོ་དང་། སྤུ་འཁྱིལ་པ་དག་ཡོད་པ་དེ་ནི་དེའི་ཉེས་པ་ཡིན་ནོ། །དེས་བྲམ་ཟེ་དང་། ཁྱིམ་བདག་གཞན་དག་ལ་ཆོས་བསྟན་ནས།

སྒྱུག་མོ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་བུ་མོའམ་ནུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་དེ་ནི་འདིའི་ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན་དཔལ་

เล่ม ๑๕๓ · หน้า 33b

བེའུ་དང་། བུམ་པ་གང་བ་དང་། བཀྲ་ཤིས་དང་། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་དག་ཡིན་ནོ། །དེའི་འོག་ཏུ་མནའ་མའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ་དེས་སྨྲས་པ། འཕགས་པ་མའམ་བུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་དེ་ནི་འདིའི་

ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན་དཔལ་བེའུ་དང་། བུམ་པ་གང་བ་དང་། བཀྲ་ཤིས་དང་། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་དག་ཡིན་ནོ། །དེས་ན་དུས་གཞན་ཞིག་ན་བུད་མེད་དེ་དག་བསྐུ་མཉེ་

དང་། དྲིལ་ཕྱིས་དང་། ཁྲུས་བྱེད་པའི་ཚེ་གཅིག་ལ་གཅིག་གསང་བའི་གནས་ཀྱི་མཚན་མ་རྟོག་པར་བྱེད་པ་ན། ཚེ་དང་ལྡན་པ་འཆར་ཀས་ཇི་སྐད་བསྟན་པ་དེ་ཁོ་ན་ལྟ་བུའི་མཚན་བཟང་པོ་དང་ངན་པ་དག་མཐོང་ནས། མ་དུམ་ཞིང་གང་གི་ཚེ་དེ་དག་འཐབ་པའི་ཚེ་གཅིག་ལ་གཅིག་སྐུར་པ་ཡང་འདེབས་

ཤིང་། འདུམ་པའི་ཚེ་ཕེབས་པར་ཡང་སྨྲ་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། གང་གི་ཕྱིར་ཉེས་དམིགས་

གང་ཆུང་ཟད་ཅི་བྱུང་བ་དེ་དག་ཐམས་ཅད་ནི་དགེ་སློང་བུད་མེད་ལ་ཆོས་སྟོན་པ་ལས་གྱུར་པ་ཡིན་པར་དགོངས་ནས། དགེ་སློང་གིས་བུད་མེད་ལ་ཆོས་བསྟན་པར་མི་བྱ་བ་དང་། ཚིག་ལྔས་ཆོས་བསྟན་པར་བྱ་བ་དང་། ཚིག་དྲུག་གིས་ཆོས་བསྟན་པར་བྱ་བ་དང་། སྐྱེས་པ་གཞག་སྟེ་ཇི་ཙམ་འདོད་

པར་ཆོས་བསྟན་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་ཁྱི་དང་། སྤྲེའུ་དང་། བེའུ་དང་། ཕྱི་རྒན་དུ་ཉལ་བ་དང་། གོག་པ་དང་། ཁྱེའུ་དག་དྲུང་དུ་གཞག་སྟེ། ཇི་ཙམ་འདོད་པར་བུད་མེད་ལ་ཆོས་སྟོན་ཅིང་། དེས་རློམ་པ་དང་། ཁེངས་པར་བྱེད་ནས་དགེ་སློང་

དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་

เล่ม ๑๕๓ · หน้า 34a

སྨྲས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དོ། །བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་

ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་

མོངས་པ་ནི་སྲེད་པ། ཉེས་པ་ནི་བུད་མེད་ལ་རིག་པའི་སྐྱེས་པ་མེད་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ལ་ཞེས་བྱ་བ་ནི་བུད་མེད་གཞོན་ནུ་མ་ལེགས་པར་སྨྲ་བ་དང་།

ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལའོ། །ཚིག་ལྔའམ། དྲུག་ལས་ལྷག་པར་ཞེས་བྱ་བ་ནི་ཚིག་ལྔས་ཆོས་སྟོན་པ་ན་བསམས་བཞིན་དུ་ཚིག་དྲུག་ལས་ཐལ་བར་བྱེད་པ་དང་། ཚིག་དྲུག་གིས་ཆོས་བསྟན་པ་ན་ཡང་བསམས་བཞིན་དུ་ཚིག་བདུན་པ་ལས་ཐལ་

བར་བྱེད་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །སྟོན་ན་ཞེས་བྱ་བ་ནི་འཆད་ནའོ། །རིག་པའི་སྐྱེས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་རིག་པའི་སྐྱེས་པ་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་

ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་

དགེ་སློང་གི་ཁྱིམ་པ་མོ་བུད་མེད་དང་། གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ། གནས་གཅིག་ཏུ་སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚིག་དྲུག་པ་ལས་ལྷག་པ་ཤེས་བཞིན་དུ་རིག་

เล่ม ๑๕๓ · หน้า 34b

པའི་སྐྱེས་པ་མེད་པར་སྟོན་ན་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །མིའི་འགྲོ་བར་གཏོགས་པའི་བུད་མེད་ཁྱིམ་པ་མོ་ཁྱིམ་སོ་བཟུང་བ་དང་། ཁྱིམ་སོ་མ་བཟུང་བ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ན་སྨད་པ་མེད་དོ། །ཁྱམས་དང་སྒོ་ཕུགས་ལ་

སོགས་པ་གནས་གཞན་མ་ཡིན་པ་གཅིག་ཏུ་བསྟན་པ་ལ་ན་སྨད་པ་མེད་དོ། །སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཉིད་ལ་ན་སྨད་པ་མེད་དོ། །ཚིག་འདི་ལྟ་སྟེ། སྨྲ་བར་འདོད་པའི་དབང་གིས་གཟུགས་མི་རྟག་པ་བྱེ་བྲག་དང་བཅས་པ་ནི་ཚིག་

གཅིག་གོ། །མདོར་བསྟན་པ་རྒྱས་པར་བཤད་པའི་དབང་གིས་ཕུང་པོ་ནི་འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་བཤད་པ་དང་བཅས་པ་ནི། ཚིག་གི་གཞན་གཅིག་གོ་ཞེས་བྱ་བ་ནི་དེ་ལྟ་བུ་དྲུག་པ་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ཚིག་ཀྱང་དྲུག་པ་ལས་ལྷག་པ་ཉིད་ཡིན་ལ་དེར་འདུ་ཤེས་

པ་ཉིད་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རིག་པའི་སྐྱེས་པ། མིའི་འགྲོ་བར་གཏོགས་པ་བརྡ་ཕྲད་པ་ཉིད་མེད་པར་སྟོན་པ་ལ་ན་སྨད་པ་མེད་དོ། །རིག་པའི་སྐྱེས་པ་དེ་ལྟ་བུ་ཡོད་ཀྱང་བུད་མེད་མི་རུང་བ་འདི་ལྟ་སྟེ། སྤྱིར་མའི་སྤྱོད་པ་གང་དག་ཡིན་པ་དེ་དག་ལ་ཉེ་བར་

སྟོན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཆོས་ཚིག་དྲུག་ལས་ལྷག་པར་སྟོན་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་

གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བུད་མེད་ཁྱིམ་པ་མོ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། གནས་གཅིག་ཏུ་བསྟན་པ་དང་། སངས་རྒྱས་ཀྱི་ཆོས་དང་། ཚིག་དྲུག་པ་ལས་ལྷག་པ་དང་། རིག་པའི་སྐྱེས་པ་མེད་

པ་དང་། ཤེས་བཞིན་དུ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྟོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་

เล่ม ๑๕๓ · หน้า 35a

ལ་ཉེས་བྱས་རེ་རེའོ། །ཁྱིམ་པ་མོ་བུད་མེད་དམ་གཞོན་ནུ་མ་རང་བཞིན་ཉམས་པ་དང་། སྐད་བརྡ་མི་ཕྲད་པ་དང་། གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་ལ་སོགས་པ་དོན་ཀུན་ཤེས་པར་མི་ནུས་པ་ལ་ཉེས་བྱས་སོ། །རབ་ཏུ་བྱུང་བ་མོ་དང་། ཟ་མ་དང་། མ་ནིང་

དང་། མཚན་གཉིས་པ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་མོ་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་བྱས་སོ། །མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །དུད་འགྲོ་མོ་དོན་ཀུན་ཤེས་པར་ནུས་པ་དང་མི་ནུས་པ་གཉི་ག་ལ་ཉེས་བྱས་ན་སྨད་དོ། །ཁྱམས་དང་སྒོ་ཕུགས་ལ་སོགས་པ་གནས་

གཞན་དང་གཞན་དུ་བསྟན་པ་སྤྱིར་བསྡོམས་པ་ལ་ཚིག་དྲུག་པ་ལས་ལྷག་པ་ཉེས་བྱས་སོ། །སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པའི་ཆོས་ལས་སློབ་དཔོན་ལ་སོགས་པས་བཏུས་པ་དང་། སྙན་དངགས་སུ་སྦྱར་བ་ལ་ཉེས་བྱས་སོ། །ཚིག་དྲུག་པ་ལས་མ་ལྷག་པ་དང་

རིག་པའི་གནས་སྐྱེས་པ་མེད་པར་སྟོན་པ་ལ་ཉེས་བྱས་སོ། །ཚིག་དྲུག་པ་ལས་མ་ལྷག་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །རིག་པའི་སྐྱེས་པ་བརྡ་མི་ཕྲད་པ་དང་། མི་རུང་བ་དང་། གླིང་གཞན་ནས་སྐྱེས་པ་དང་། འགྱུར་བ་བསྟེན་པ་དང་། བུད་མེད་དང་། ཟ་མ་དང་།

མ་ནིང་དང་། མཚན་གཉིས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བུད་མེད་མཁས་པས་གོང་ནས་གོང་དུ་དྲིས་

པ་གཏན་ལ་དབབ་པར་བྱས་པ་དང་། སློབ་གཉེར་གསོད་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་འདྲི་བ་དང་། དུས་ཁྲིམས་དབོག་པ་དང་། ཡོན་བཤད་པ་དག་བྱེད་པ་ལ་ལྟུང་བ་མེད་དོ། །གནས་ཐ་དད་པ་གཞན་དང་གཞན་དུ་ཚིག་དྲུག་པ་ལས་མ་ལྷག་པར་བསྟན་པ་ལ་

ལྟུང་བ་མེད་དོ། །ལམ་དྲི་བ་ལ་སོགས་པ་ལ་ལམ་རྒྱུས་སྟོན་པ་ལ་སོགས་པ་གཞན་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་

เล่ม ๑๕๓ · หน้า 35b

ཐམས་ཅད་དུ་སྟོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྟོན་པའི་ལྟུང་བྱེད་དེ་ལྔ་པ་བཤད་ཟིན་ཏོ།། །།འདོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་

ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་གང་ཟག་བསྙེན་པར་མ་རྫོགས་པ་དག་དང་ཚིག་གིས་ཆོས་འདོན་པར་བྱེད། དེས་ཀུན་དགའ་ར་བའི་མཐར་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་དང་སྐྱེ་བོ་ཕལ་པོ་ཆེ་འཚོགས་པའི་སྒྲ་ལྟ་བུ་

འདི་ལྟ་སྟེ་དཔེར་ན་བྲམ་ཟེ་རྣམས་བྲམ་ཟེའི་གསང་ཚིག་འདོན་པ་ལྟ་བུ་དང་། རྩིས་མཁན་རྣམས་རྩིས་ཀྱི་གནས་ན་སྨྲ་བ་ལྟ་བུར་གྲགས་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་གསན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་ནས། ཀུན་དགའ་བོས་ཇི་ལྟར་གྱུར་པ་རྒྱ་ཆེར་གསོལ་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་

བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་། །

ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་ཞི་བ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང་། ཚིག་གིས་ཆོས་འདོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་

ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །ཚིག་གིས་ཞེས་བྱ་བ་ནི་ཚིག་མཉམ་པ་དང་། ཚིག་སྔ་བ་དང་ཡི་གེ་མཉམ་

เล่ม ๑๕๓ · หน้า 36a

པ་དང་ཡི་གེ་སྔ་བས་སོ། །ཇི་ལྟར་ཚིག་མཉམ་པས་ཤེ་ན། སློབ་དཔོན་འདི་སྐད་ཅེས་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་འདོན་པ་ན་ཉེ་གནས་ཀྱང་དུས་གཅིག་ཏུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་འདོན་པ་སྟེ། དེ་ལྟར་ཚིག་མཉམ་པས་སོ། །ཇི་ལྟར་ཚིག་སྔ་བས་ཤེ་ན། སློབ་

དཔོན་གྱིས་རེ་ཞིག་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་མ་བཏོན་པར་ཉེ་གནས་དགེ་བ་ཕུན་སུམ་ཚོགས་པར་བྱ་ཞེས་འདོན་པ་སྟེ། དེ་ལྟར་ཚིག་སྔ་བས་སོ། །ཇི་ལྟར་ཡི་གེ་མཉམ་པས་ཤེ་ན། སློབ་དཔོན་ཨ་ཞེས་འདོན་པ་ན་ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་

མཉམ་པས་སོ། །ཇི་ལྟར་ཡི་གེ་སྔ་བས་ཤེ་ན། སློབ་དཔོན་གྱིས་རེ་ཞིག །ཨ་ཞེས་མ་བཏོན་པར་ཉེ་གནས་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་སྔ་བས་སོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །འདོན་ན་ཞེས་བྱ་བ་ནི་འཛིན་དུ་

འཛུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་

ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་། ཅིག་ཅར་རམ་དེའི་མཇུག་ཐོགས་སུ་དེའི་ལུང་གི་ཆོས་སམ་ཡི་གེ་ཀླག་པའི་ཕྱིར་འདོན་ན་འདོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གང་ཟག་

བསྙེན་པར་མ་རྫོགས་པ་ཆོས་འདི་པའི་རབ་ཏུ་བྱུང་བ་དང་ལྟ་བ་དང་མཚན་མཐུན་པ་ལ་ན་སྨད་པ་མེད་དོ། །ཅིག་ཅར་རམ་དེའི་མཇུག་ཐོགས་སུ་དགེ་སློང་གིས་འདོན་པ་ལ་ན་སྨད་པ་མེད་དོ། །ལུང་གི་ཆོས་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་ཉན་ཐོས་ཀྱིས་གསུངས་པ་མིང་

དང་ཚིག་གི་བདག་ཉིད་ལ་ན་སྨད་པ་མེད་དོ། །ལུང་གི་ཡི་གེ་སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པ་ཨ་ཨཱ་ཨི་ཨཱི་ལ་སོགས་པ་ལ་ན་སྨད་པ་མེད་དོ། །ལུང་ནོད་པའི་བསམ་པས་ཀླག་པའི་ཕྱིར་འདོན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གང་ཟག་

เล่ม ๑๕๓ · หน้า 36b

བསྙེན་པར་མ་རྫོགས་པ་དང་ལུང་གི་ཆོས་དང་ཡི་གེའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གང་ཟག་བསྙེན་པར་མ་རྫོགས་པ་དང་། ལུང་གི་ཆོས་སམ་ཡི་གེ་དང་། ཅིག་ཅར་རམ། དེའི་མཇུག་ཐོགས་དང་། ཀླག་པའི་ཆེད་དང་། འདོན་པའོ། །དེ་དག་ལས་

ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འདོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་བསྙེན་

པར་མ་རྫོགས་པ་དང་ལྟ་བ་དང་། མཚན་མི་མཐུན་པ་དང་། ཁྱིམ་པའི་རྟགས་ཅན་དང་། ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཉེས་བྱས་སོ། །དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལས་ལུང་ནོད་ཅིང་དེ་དང་ཅིག་ཅར་རམ་མཇུག་ཐོགས་སུ་འདོན་པ་ལ་ཉེས་བྱས་སོ། །ལུང་དུ་གཏོགས་པ་

ཉིད་མ་ཡིན་པ་ལུང་ལས་བཏུས་པའི་ཆོས་དཔེར་ན་ཆོས་ཐམས་ཅད་བདག་མེད་དོ། །འདུས་བྱས་ཐམས་ཅད་སྐད་ཅིག་མའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དང་། ལུང་གི་དོན་ལས་བཏུས་ཤིང་ལུང་གི་ཡི་གེ་མེད་པ་མིང་དང་ཚིག་དང་ཡི་གེ་གཞན་གྱི་བྱེ་བྲག་དང་ལྡན་པ། དཔེར་ན་

སློབ་དཔོན་དཔའ་བོས་བྱས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལ་སོགས་པ་ལྟ་བུ་ལ་ཉེས་བྱས་སོ། །ཡི་གེ་ཞེས་བྱ་བ་ནི་ཡི་གེའི་འབྲུའོ། །མིང་ཞེས་བྱ་བ་ནི་སངས་རྒྱས་ཆོས་དང་དགེ་འདུན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། ཚིག་ཅེས་བྱ་བ་ནི་དཔེར་ན། བསོད་ནམས་དག་གི་རྣམ་སྨིན་བདེ། །

ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་ཀྱང་ལུང་དུ་གཏོགས་པ་ཉིད་ཡིན་ན་དངོས་གཞིའོ། །ལུང་ལས་བཏུས་ན་ཉེས་བྱས་སོ། །ལུང་ནོད་ཅིང་ཀླག་པའི་ཕྱིར་མ་ཡིན་པར་འདོན་པ་ལ་ཉེས་བྱས་སོ། །འདོན་པ་མ་རྫོགས་ན་ཉེས་བྱས་སོ། །མི་མ་ཡིན་པ་ལ་ཉེས་བྱས་ན་སྨད་དོ། །དུད་

འགྲོ་ལ་ཉེས་བྱས་ཏེ་དེ་བས་ཀྱང་ན་སྨད་དོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱིས་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་མི་འདོད་བཞིན་དུ་གྲུབ་པ་ལ་ལྟུང་

เล่ม ๑๕๓ · หน้า 37a

བ་མེད་དོ། །ཁོ་བོའི་རྗེས་སུ་ཕྱིས་ཐོན་ཅིག་ཅེས་རྗེས་སུ་ཉན་དུ་བཅུག་པ་འདོན་པ་ལ་ནི་ལྟུང་བ་མེད་དོ། །ཁ་ཏོན་ཞུ་བ་དང་། སློབ་གཉེར་གསོད་པ་དང་། དམིགས་ཀྱིས་འདྲི་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་

བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འདོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འདོན་པའི་ལྟུང་བྱེད་དེ་དྲུག་པ་བཤད་

ཟིན་ཏོ།། །།གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །འདོད་

ཆགས་དང་བྲལ་བ་མེད་པ་ན་ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར་དགེ་སློང་དག་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པར་བྱེད་པ་དང་། ཁ་ཅིག་ནི་ལམ་གོལ་པར་རྒས་པས་དེ་དག་གང་གི་ཚེ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལས་ཐོས་

པ་དེའི་ཚེ་ན་དེ་དག་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱེད་ཅིང་། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་ན་དགེ་འདུན་ལ་ཆུ་འབྲིམ་པའི་ཚེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། གང་དག་རིན་པོ་ཆེ་རྟོག་པ་དག་ཀྱང་དེ་ལས་ཉེ་བར་བརྟགས་ཤིང་ཉེ་བར་བརྟགས་ཤིང་རིན་པོ་ཆེ་དག་སྡུད་པར་

བྱེད་དོ། །དགེ་སློང་གནས་བརྟན་གནས་བརྟན་བསོད་ནམས་འདོད་པ་འདི་དག་ཀྱང་དགེ་འདུན་ལ་ཆུ་འབྲིམ་ཞིང་བསོད་ནམས་སོགས་པར་བྱེད་དོ། །དྲུག་སྡེ་ཚོན་པོ་དེ་དག་ནི་ཟ་ཞིང་འཁོད་པར་བྱེད་དོ་ཞེས་ཟེར་བས་དྲུག་སྡེ་དག་གིས་ཐོས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཇི་འདི་དག་

ཆོས་བཟང་པོའི་ཆོས་ཀྱིས་དགེ་འདུན་ལ་ཆུ་འབྲིམ་པར་བྱེད་སྙམ་མམ། འདི་ལྟར་འདི་དག་ནི་ཆད་པའི་ལས་བྱེད་པ་ཡིན་ནོ། །དེ་དག་གིས་དྲིས་པ། འདི་དག་གིས་ཅི་བྱས་དྲུག་སྡེ་དག་གིས་ལག་པས་བྱ་བ་མ་ཡིན་པ་བྱས་ཏེ། འདི་ལྟར་འདི་ལྟར་བྱས་སོ་ཞེས་སྨྲས་ནས། དེ་དག་དགེ་

เล่ม ๑๕๓ · หน้า 37b

སློང་གནས་བརྟན་གནས་བརྟན་གང་དག་ཡིན་པ་དེ་དག་གི་གནས་སྐབས་ཀྱང་རེ་ཞིག་འདི་འདྲ་ན་དགེ་སློང་པར་མ་དང་གསར་བུ་གང་དག་ཡིན་པ་དེ་དག་གི་གནས་སྐབས་ཅི་འདྲ་བར་འགྱུར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དགེ་སློང་སྤོ་བ་བྱེད་པ་དེ་དག་

གིས་ཕྱི་དྲོ་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་དག་ལྕི་བ་འཇམ་པོའི་བྱུག་པས་ཉུག་པར་བྱེད་པ་དག་གི་ལྷན་ཅིག་གི་གནས་པ་དང་། ཉེ་གནས་དག་ལ་ཡང་དྲུག་སྡེ་དག་གིས་དེ་དག་གི་གནས་ངན་ལེན་བརྗོད་ནས། གང་གི་ཚེ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་ན་དེ་དག་

གི་རང་རང་གི་དགེ་ཚུལ་དག་ལ་ལས་གྱིས་ཤིག་ཅེས་བསྒོ་བ་དང་། དགེ་ཚུལ་དེ་དག་འདི་སྐད་ཅེས་ལས་འདི་ནི་ཁྱེད་ཅག་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་བྱ་བ་ཡིན་གྱི་ཁོ་བོ་ཅག་མི་བྱེད་དོ་ཞེས་ཟེར་བ་ན་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་གང་ཟག་བསྙེན་པར་མ་རྫོགས་པ་

ལ་གནས་ངན་ལེན་གྱི་ལྟུང་བ་ཅིའི་ཕྱིར་རྗོད་པར་བྱེད་ཅེས་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་

དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་

གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་བ་སྟེ། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ།

ཉོན་མོངས་པ་ནི་གཞན་གྱི་བསྔགས་པ་ལ་ཕྲག་དོག་བྱེད་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གི་གནས་ངན་ལེན་བརྗོད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

เล่ม ๑๕๓ · หน้า 38a

བཞུགས་སོ། །མཉན་ཡོད་ན་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཞེས་བྱ་བ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་བསྐོ་བར་བྱ་སྟེ། ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་

མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། །འཇིགས་པས་འགྲོ་བ་དང་། གོ་བར་བྱས་པ་དང་། མ་བྱས་པའི་ཁྱིམ་མི་ཤེས་པའོ། །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་

ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གོ་བར་བྱས་པ་དང་། མ་བྱས་པའི་ཁྱིམ་ཤེས་པའོ། །འདི་

ལྟར་བསྐོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། དགེ་སློང་འདི་ཞེས་བྱ་བ་ཁྱོད་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་

གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་

གསོལ། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་གཉིས་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་གྱུར་པ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་དེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་

เล่ม ๑๕๓ · หน้า 38b

སུ་སོ་སོར་གོ་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་།

དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མས་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་

ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ནས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་

པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་

ཤིག །གང་ཟག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་

ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཁྱིམ་རྣམས་སུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཁྱོད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་

པར་བྱེད་པ་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་དེ་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་

เล่ม ๑๕๓ · หน้า 39a

ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱི། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་།

དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་། གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། རྟ་ཐུལ་དང་། བཟང་ལྡན་དང་། མིང་ཆེན་དང་། གནས་བརྟན་གྲགས་པ་དང་། གང་པོ་དང་། དྲི་མེད་

དང་། བ་ལང་བདག་དང་། ལག་བཟངས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། གསུས་པོ་ཆེ་ཆེན་པོ་དང་། སྐུལ་བྱེད་ཆེན་པོ་དང་། ཀཱ་ཏྱཱའི་བུ་ཆེན་པོ་དང་། ལྟེང་རྒྱས་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། འགབ་མ་འོད་སྲུངས་དང་། འོད་

སྲུངས་ཆེན་པོ་དང་། དགའ་བྱེད་དང་། ཀིམ་པི་ལི་དང་། ལེགས་སྐྱེས་དང་། ནམ་གྲུ་དང་། ས་རི་དང་། ཉེ་སྡེ་དང་། སོམ་ཉི་ནམ་གྲུ་དང་། ལམ་བསྟན་དང་། ལམ་ཕྲན་བསྟན་དང་། བརྟག་པའི་ཤིང་རྟ་དང་། ཆེན་པོ་པ་དང་། གྲགས་བྱིན་དང་། དེ་དག་ལ་སོགས་པ་དགེ་

སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་བརྗོད་པར་བྱའོ། །དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་དེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་དུ་སོང་བ་དང་། དགེ་སློང་འཕྲལ་བས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་དང་། དེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་བསྐོས་

སོ་ཞེས་ཐོས་ནས། དེ་དེའི་གན་དུ་སོང་ནས་སྨྲས་པ། ཁྱོད་ཁྱིམ་རྣམས་སུ་ཁོ་བོ་སུན་འབྱིན་དུ་འགྲོའམ། དེས་སྨྲས་པ། དགེ་འདུན་གྱི་ཆོས་དང་ལྡན་པའི་བཀའ་བསྒྲུབ་པར་བྱའོ། །ཁོ་བོས་དེ་དང་དེ་བྱར་རུང་ན། ཁྱོད་ཀྱི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་དཀྲི་བར་བྱ་བ་དང་། མགོ་

ཡང་འབྲུ་མར་གྱི་སྣོད་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་དཔྱང་ལ་གདགས་པར་ཅི་མ་རུང་བ་ཅི་ཡོད་ཅེས་ཟེར་ནས་དགེ་སློང་དེས་དགེ་སློང་རྣམས་ལ་འཕྲལ་བས་བདག་སྤྱོས་ཏེ། དེ་ན་རེ་དེ་སྐད་ཟེར་གྱིས་བདག་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་

เล่ม ๑๕๓ · หน้า 39b

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་གཏི་མུག་ཅན་དེས་གང་ཟག་ནི་གསོད་པར་ནུས་ཀྱི་དགེ་འདུན་ནི་མི་ནུས་པས་དེའི་ཕྱིར་དགེ་འདུན་གྱིས་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱའོ། །འདི་ལྟར་སོ་སོར་གོ་བར་བྱ་སྟེ། གསོལ་བ་འབའ་ཞིག་གི་ལས་བྱའོ། །

དེ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་

འཕྲལ་བ་འདི་དང་། དགེ་སློང་མ་གསལ་མ་འདི་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་

ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ཀྱང་། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཕྲལ་

བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་པ་གང་གིས་མཐོང་ཞིང་གང་དུ་མཐོང་བ་དེས་ཁྱིམ་དེར་ཁྱེད་དགེ་སློང་འདི་དང་། དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག་དགེ་སློང་འདི་དང་

དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སོ་སོར་གོ་བར་བགྱིད་དུ་སྩལ་ཏོ། །འདི་ནི་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་སོ་སོར་རིག་པའི་ཁྱིམ་དག་ཏུ་

སོ་སོར་གོ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་སོ་སོར་མ་རིག་པ་དང་། སོ་སོར་མ་རིག་པའི་ཁྱིམ་དག་ཏུ་ཡང་སོ་སོར་གོ་བར་བྱེད་པ་ན་དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

เล่ม ๑๕๓ · หน้า 40a

པ། སོ་སོར་རིག་པའི་ཁྱིམ་དག་ཏུ་སོ་སོར་གོ་བར་བྱའི། སོ་སོར་མ་རིག་པའི་ཁྱིམ་དག་ཏུ་སོ་སོར་གོ་བར་མི་བྱ་སྟེ། དེ་ལྟ་བས་ན་དགེ་འདུན་གྱིས་གནང་བ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་

ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་

ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱིས་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་

མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །གནས་ངན་ལེན་

ཞེས་བྱ་བ་ལ། གནས་ངན་ལེན་ནི་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང་། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཞེས་བྱ་ཞེ་ན་ངོ་བོ་ཉིད་ལས་དང་ཀུན་ནས་སློང་བ་ལས་སོ། །ལྟུང་བ་བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་གྱིས་གནང་བ་མ་

གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་

བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་བསྐོས་པས་ཉན་པ་པོ་བསྙེན་པར་མ་རྫོགས་པ་ལ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་མི་ཤེས་པ་ཉིད་དུ་

เล่ม ๑๕๓ · หน้า 40b

ཤེས་པ་ལ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་བ་སྨྲས་ན། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ལྟུང་བ་འབྱིན་པ་པོའི་དགེ་སློང་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་བསྐོས་པ་ལ་ན་སྨད་པ་མེད་དོ། །གནས་

ངན་ལེན་བརྗོད་པའི་ཕྱིར་དགེ་འདུན་ལ་མ་གསོལ་བ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་བསྙེན་པར་མ་རྫོགས་པ་མིའི་འགྲོ་བ་ཁྱིམ་པ་དང་རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་། མི་མཐུན་པ་ལ་ན་སྨད་པ་མེད་དོ། །ཉན་པ་པོས་སྔ་ནས་དགེ་སློང་གིས་ཕམ་པར་འགྱུར་བ་དང་། དགེ་འདུན་

ལྷག་མ་ཞེས་བྱ་བའི་ལྟུང་བ་མི་ཤེས་པ་ལ་ན་སྨད་པ་མེད་དོ། །ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་གཉིས་གང་ཡང་རུང་བ་རང་གིས་སྨྲས་པ་ལ་ན་སྨད་པ་མེད་དོ། །དེ་གཉིས་སོ་སོར་ཡང་རུང་། བསྡུས་

པར་ཡང་རུང་། སྦྱོར་བ་གཅིག་གིས་ཚིག་གཅིག་ཏུ་ཡང་སྨྲས་པ་ལ་ནི་དོན་དུ་མ་ཡོད་ཀྱང་དངོས་གཞི་གཅིག་ཏུ་རྣམ་པར་གཞག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཉན་པ་པོ་བསྙེན་པར་མ་རྫོགས་པ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་མི་ཤེས་པ་ཉིད་ལ་འདུ་

ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་བསྐོས་པ་དང་། དེས་ཉན་པ་པོ་བསྙེན་པར་མ་རྫོགས་པ་གནས་ངན་ལེན་མི་ཤེས་པ་ཉིད་དུ་ཤེས་པ་དང་། ཉན་པ་པོ་མིའི་འགྲོ་བ་པ་

བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ངན་ལེན་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོའམ། བསྡུས་པ་གང་ཡང་རུང་བ་སྨྲས་པ་དང་། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་

ཇི་སྲིད་དུ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཉན་པ་པོ་མི་མ་ཡིན་པའི་འགྲོ་བ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །

เล่ม ๑๕๓ · หน้า 41a

ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་གནས་ངན་ལེན་ལས་གཞན་པའི་ལྟུང་བ་བརྗོད་པ་ལ་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པའི་གནས་ངན་ལེན་བརྗོད་པ་ལ་ཉེས་བྱས་སོ། །བདེན་པར་སྨྲས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱིས། བརྫུན་དུ་

སྨྲས་ན་ནི་ལྟུང་བ་གཞན་སྨྲས་པ་ཡང་ཡིན་ནོ། །ཕ་རོལ་པོས་དོན་མ་གོ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་

དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་བསྐོས་པ་ལ་ལྟུང་བ་མེད་དོ། །དགེ་འདུན་ལ་གསོལ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་

གནས་སྐབས་ཐམས་ཅད་དུ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་འདུན་གྱིས་དགེ་སློང་དང་དགེ་སློང་མ་སྡིག་པ་ཅན་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །

ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་དགེ་སློང་གིས་གནས་ངན་ལེན་སོ་སོར་རིག་པ་དག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་བྱེད་པ་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་

ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་།

ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱི། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་། དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་

เล่ม ๑๕๓ · หน้า 41b

ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སྨྲ་བར་བྱའོ། །གལ་ཏེ་དགེ་སློང་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོ་ན་དེའི་ཚེ་དགེ་སློང་ཐམས་ཅད་ཀྱིས་དགེ་སློང་དང་དགེ་སློང་མ་འདི་གཉིས་སྡིག་ཅན་

ཡིན་ནོ་ཞེས་ཁྱིམ་དུ་སོ་སོར་གོ་བར་བྱ་བའི་ཕྱིར། གསོལ་བ་འབའ་ཞིག་གི་ལས་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དེ་བདུན་པ་བཤད་ཟིན་ཏོ།། །།མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་

འདས་ཡངས་པ་ཅན་ན། སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་བརྟེན་ཅིང་འཁོད་པ་དག་གིས་ཆུ་སྲིན་ཉའི་རིགས་གཟུང་བའི་གླེང་གཞི་ལས་དེ་དག་ལེགས་པར་གསུངས་པའི་

ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་མུ་གེ་བྱུང་བའི་ཚེ་ཉ་བའི་གྲོང་གི་ཉེ་འཁོར་དུ་དབྱར་གནས་པར་ཁས་བླངས་པ་དག་གིས་མིའི་ཆོས་བླ་མ་ཇི་ལྟར་ཐོབ་པ་ཉེ་དུ་དག་ལ་བརྗོད་

ནས། འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་ཉེ་དུ་དག་གིས་རེ་ཞིག་རང་གི་བུ་དག་ལས་ཀྱང་ཕྲོགས་ཏེ། དེ་དག་ལ་བསོད་སྙོམས་ལེགས་པར་བསྟབས་པས་འཚག་བརྟས་པར་གྱུར་ཏོ། །གང་གི་ཚེ་དབྱར་འདས་ནས་འདུས་པ་ཆེན་པོའི་ཚེ་དགེ་སློང་རྣམས་བཅོམ་ལྡན་འདས་ཀྱི་ཞབས་

ལ་ཕྱག་འཚལ་དུ་འདོང་བའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་གང་དག་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བས་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐོམས་པ་དང་། ལུས་མ་ཐོབ་པ་དང་། པགས་པ་དང་། ཤ་དང་

ཁྲག་བྲི་བར་མཐོང་། དགེ་སློང་གང་དག་ཉ་བའི་གྲོང་གི་ཉེ་འཁོར་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བ་མེད་པས་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་མཐོང་ནས། དེ་ཅི་ལས་གྱུར་པའི་རྒྱུ་དྲིས་པ་དང་། དེ་དག་གིས་ཀྱང་རྒྱས་པར་

เล่ม ๑๕๓ · หน้า 42a

སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་ཁྱེད་ཅག་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་དུ་རུང་ངམ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། རུང་ཡང་སྲིད། མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་སྨྲས་

སོ་ཞེས་ཟེར་བ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་གནས་པའི་དགེ་སློང་རྣམས་ལ་རྨས་ནས། མི་བརྩོན་པ་དང་མི་སྦྱོར་བ་དང་མ་བརྟགས་པར་སྦྱོར་བ་རྣམ་པར་སྨད་པ་མཛད་དེ། བརྩོན་པ་དང་

སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་

བདེན་པ་སྨྲས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་ཉ་བ་ལས་རབ་ཏུ་བྱུང་བའི་དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བརྟགས་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་

བདེན་པ་སྨྲས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །མིའི་ཆོས་བླ་མ་ཞེས་བྱ་བ་ནི་མི་

རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་ནི་མི་རྣམས་ཀྱིས་འཐོབ་ཀྱི། ཟ་མ་དང་མ་ནིང་དང་། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་

เล่ม ๑๕๓ · หน้า 42b

ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་དག་གོ། །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །བདེན་པ་ཞེས་བྱ་བ་ནི་དེའི་དངོས་པོ་བདེན་པ་ཁོ་ན་ཡིན་པའོ། །

སྨྲ་ན་ཞེས་བྱ་བ་ནི་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་

མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་འདུ་ཤེས་མ་བསྒྱུར་བར་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་བདེན་པ་ཉིད་གང་ཟག་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལ་བརྗོད་ན་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་དངོས་

གཞིར་འགྱུར་རོ། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་འདི་དང་། སྔར་སྨྲས་པའི་ཕམ་པར་འགྱུར་བའི་རྣམ་པར་བསྟན་པ་གཞན་ཐམས་ཅད་ནི་འདྲའོ། །ཁྱད་པར་དུ་ན་སྔ་མ་ནི་འདུ་ཤེས་བསྒྱུར་ཏེ། བརྫུན་དུ་སྨྲས་པ་དང་། ཉན་པ་པོ་གང་ཡང་རུང་བའོ། །འདི་ནི་འདུ་ཤེས་མ་བསྒྱུར་བར་

བདེན་པར་སྨྲས་པ་དང་། ཉན་པ་པོ་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན་དངོས་གཞི་རྣམ་པར་གཞག་གོ། །དེའི་ཕྱིར་འདུ་ཤེས་མ་བསྒྱུར་བར་བདེན་པར་སྨྲས་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་མིའི་ཆོས་བླ་མ་གང་ཡང་རུང་བ་དང་ལྡན་པར་སྨྲས་པ་ལ་ན་སྨད་པ་མེད་དེ། །

མིའི་ཆོས་བླ་མ་དང་དེའི་འབྲས་བུ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་མིའི་འགྲོ་བ་པོ་བདེན་པ་མ་མཐོང་བ་དང་། བསྙེན་པར་མ་རྫོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བ་པའི་གང་ཟག་ནི་བདེན་པ་མ་མཐོང་བ་དང་བསྙེན་པར་མ་རྫོགས་པ་དང་། མིའི་ཆོས་བླ་མ་བདེན་པ་ཉིད་

དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་མིའི་ཆོས་བླ་མ་དང་། བདེན་པ་ཉིད་དང་། ཉན་པ་པོ་མིའི་འགྲོ་བ་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་དང་། རང་གིས་བརྗོད་པ་དང་། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་

เล่ม ๑๕๓ · หน้า 43a

ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གཞན་དེ་དང་ལྡན་

པར་སྨྲས་པ་ལ་ཉེས་བྱས་སོ། །ཉན་པ་པོ་མིའི་འགྲོ་བ་པ་དང་རང་བཞིན་ཉམས་པ་ལ་སོགས་པས་སྨྲ་མི་ཤེས་པ་དང་། དོན་བརྡ་མི་འཕྲད་པ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་པ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་

བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་མིའི་ཆོས་བླ་མ་མ་ཡིན་པ་ལ་ལྟུང་བ་མེད་དོ། །ཉན་པ་པོ་བདེན་པ་མཐོང་བ་དང་། བསྙེན་པར་རྫོགས་པ་ལ་

ལྟུང་བ་མེད་དོ། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་

ཅད་མི་བསྟེན་པར་བསླབ་པར་བྱའོ། །གདུལ་བའི་དོན་ཉིད་མ་གཏོགས་པར་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །དགེ་སློང་མ་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མིའི་ཆོས་བླ་མ་བརྗོད་པའི་

ལྟུང་བྱེད་དེ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་

བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པའི་ཚེ་ན། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་དགེ་འདུན་ལ་ཆོས་དང་ལྡན་པས་ཞལ་ཏ་བྱེད་པའི་ལས་ལ་བརྩོན་པ་ཡིན་ལ་དེས་སངས་རྒྱས་སམ་

เล่ม ๑๕๓ · หน้า 43b

ཆོས་སམ། །དགེ་འདུན་ནམ་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་རྙིངས་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ལ་

གསོལ་བའི་ལས་ཀྱིས་རས་ཡུག་ཆེན་བྱིན་པ་དང་། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་། ཚེ་རབས་ཚེར་བས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས་དེ་གཉིས་དགེ་སློང་རྣམས་ཀྱི་མདུན་ན་ཚེ་དང་ལྡན་པ་དག་འདི་ལྟར་དགེ་འདུན་གྱི་རྙེད་པ་རྙེད་དོ་ཅོག་

གཅིག་གིས་གང་ཟག་ལ་ཡོངས་སུ་སྔོ་བར་བྱེད་ན་དགེ་འདུན་གྱིས་རྙེད་པ་བསྒྲུབ་པར་ག་ལ་འགྱུར་ཞེས་སྨོད་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་ནས་ཚེ་དང་ལྡན་པ་དག་ཁྱེད་གཉིས་དེར་མ་འདུས་སམ། འདུས་སོ། །འོ་ན་ཅིའི་ཕྱིར་སྨོད་པར་བྱེད། དེ་གཉིས་ཀྱིས་སྨྲས་པ། ཇི་

ཁོ་བོ་ཅག་གཉིས་ངུར་ཡང་མི་གནང་ངམ་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གིས་གང་ཟག་ལ་བསྔོས་

སོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་མཛའ་

བོ་དང་། ས་ལས་སྐྱེས་གཉིས་ལ་སྨྲས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་

གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་

เล่ม ๑๕๓ · หน้า 44a

གིས་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་

དང་ས་ལས་སྐྱེས་སམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་དད་པ་ཕུལ་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་

ཏེ་ཞེས་བྱ་བ་ནི་དགེ་སློང་གི་བཤེས་པ་གང་ཞེ་ན། མཁན་པོའི་ནི་ལྷན་ཅིག་གནས་པའོ། །ལྷན་ཅིག་གནས་པའི་ནི་མཁན་པོའོ། །སློབ་དཔོན་གྱི་ནི་ཉེ་གནས་སོ། །ཉེ་གནས་ཀྱི་ནི་སློབ་དཔོན་ནོ། །མཁན་པོ་གཅིག་པའི་ནི་མཁན་པོ་གཅིག་པའོ། །སློབ་དཔོན་གཅིག་པའི་ནི་སློབ་

དཔོན་གཅིག་པའོ། །མཛའ་བོའི་ནི་མཛའ་བོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །རྙེད་པ་ཞེས་བྱ་བ་ལ། རྙེད་པ་ནི་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་སྟེ། དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །

བསྔོས་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུ་གྲུབ་པའོ། །བདག་གིས་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་གང་ཟག་གི་དོན་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་

བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱང་དགེ་འདུན་གྱི་ལས་དེའི་ནང་དུ་གཏོགས་

པའི་དགེ་སློང་གི་དགེ་འདུན་གྱིས་གོས་ཀྱི་རྙེད་པ་གང་ཟག་གཞན་ལ་བྱིན་པའི་འོག་ཏུ་འདི་སྐད་ཅེས་དགེ་སློང་འདིས་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་གོས་ཀྱི་རྙེད་པ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་ཡང་དག་པ་མ་ཡིན་པའི་དོན་དེ་ཉིད་དམ། གཞན་གྱི་མདུན་དུ་མིང་ནས་

เล่ม ๑๕๓ · หน้า 44b

སྨོས་ཀྱང་རུང་། མ་སྨོས་ཀྱང་རུང་སྟེ་སྨྲས་ན་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱིས་དད་པས་ཕུལ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་གི་དགེ་འདུན་ལ་མངའ་བའི་རྙེད་པ་ལ་ན་སྨད་པ་མེད་དོ། །གོས་ཀྱི་རྙེད་པ་རུང་བ་ཉིད་དང་། ཚད་

དང་ལྡན་པ་དང་། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །མིའི་འགྲོ་བར་གཏོགས་པའི་གང་ཟག་རབ་ཏུ་བྱུང་བའམ། ཁྱིམ་པ་ལ་བྱིན་པ་ལ་ན་སྨད་པ་མེད་དོ། །ལོག་པར་མི་རིགས་པར་བསྔོས་སོ་ཞེས་ཟེར་བ་ལ་ན་སྨད་པ་མེད་དོ། །ཡང་དག་པ་མ་ཡིན་པའི་དོན་བརྫུན་པ་ཉིད་ལ་ན་སྨད་

པ་མེད་དོ། །སྐུར་པ་གདབ་པར་བྱ་བའི་དགེ་སློང་དེ་ཉིད་དམ། གཞན་གྱི་མདུན་དུ་སྨྲས་པ་ལ་ན་སྨད་པ་མེད་དོ། །གང་ལ་སྐུར་པ་གདབ་པར་བྱ་བའི་དགེ་སློང་དེའི་མིང་ནས་སྨོས་པ་དང་། མ་སྨོས་པ་ལ་ན་སྨད་པ་མེད་དོ། །རང་གིས་སྨྲས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་

འདུན་གྱི་གོས་ཀྱི་རྙེད་པ་དང་གང་ལ་བསྔོས་པའི་གང་ཟག་མིའི་འགྲོ་བར་གཏོགས་པ་རབ་ཏུ་བྱུང་བ་འམ། ཁྱིམ་པ་གང་ཡང་རུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྔར་དད་པས་ཕུལ་བ་དང་། དགེ་འདུན་གྱི་གོས་ཀྱི་རྙེད་པ་དང་གང་ལ་བསྔོས་པའི་མིའི་

འགྲོ་བ་པ་གང་ཡང་རུང་བ་དང་། བརྫུན་དུ་སྨྲས་པ་དང་། ཕ་རོལ་པོས་ཐབས་གང་ཡང་རུང་བས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་

མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མཚན་དང་ལྟ་བ་མི་མཐུན་པ་དང་བསྙེན་པར་མ་རྫོགས་པ་ལ་གཞི་འདིས་སྐུར་པ་འདེབས་པ་ལ་ཉེས་བྱས་སོ། དགེ་སློང་གི་དགེ་འདུན་གྱི་རྙེད་པ་ལ་ཉེས་བྱས་སོ། །ཟས་ཀྱི་རྙེད་པ་ལ་

ཉེས་བྱས་སོ། །གོས་ཀྱི་རྙེད་པ་མི་རུང་བ་ཉིད་དང་། ཚད་ལས་ཆུང་བ་ལ་ནི་ཉེས་བྱས་སོ། །དགེ་འདུན་ལ་ལོག་པར་བསྔོས་སོ་ཞེས་ཟེར་བ་ལ་ཉེས་བྱས་སོ། །གང་ཟག་གིས་རྙེད་པ་གང་ཟག་གཞན་ལ་ལོག་པར་བསྔོས་སོ་ཞེས་ཟེར་བ་ལ་ཉེས་བྱས་སོ། །གང་ལ་བསྔོས་པའི་གང་ཟག་མི་མ་

เล่ม ๑๕๓ · หน้า 45a

ཡིན་པའི་འགྲོ་བ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་

དད་པས་མ་ཕུལ་བ་ལ་ལྟུང་བ་མེད་དོ། །ལོག་པར་བསྔོས་པ་བདེན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྐུར་པ་

འདེབས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གནས་མལ་སྟོབས་པ་ལ་སོགས་པ་འདུལ་བར་གཏོགས་པའི་བྱ་བ་ལ་གལ་ཏེ་བསྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་གྱི་ལས་བྱའོ། །དགེ་སློང་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་

ཡང་ཡོངས་སུ་རྙིངས་པ་ལ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་རས་ཡུག་ཆེན་སྦྱིན་པར་བྱའོ། །དེ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་

ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ཚེ་དང་ལྡན་པ་གྱད་བུ་ནོར་འདི་ནི་དད་པ་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དགེ་འདུན་ལ་

ཡང་ཆོས་ཀྱིས་ཞལ་ཏ་བགྱིད་པའི་ལས་ལ་བརྩོམ་པ་ལགས་ལ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་

གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ལ། དགེ་འདུན་ལ་ནི་རས་ཡུག་ཆེན་འབྱོར་པར་མངའ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རས་ཡུག་ཆེན་སྩོལ་ཏོ། །འདི་ནི་

เล่ม ๑๕๓ · หน้า 45b

གསོལ་བའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དགུ་པ་བཤད་ཟིན་ཏོ།། །ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་

འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད་པ་ན། དྲུག་སྡེ་དག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ན་ཅང་མི་སྨྲ་བར་འཁོད་དོ། །དགེ་འདུན་ལྷག་

མ་བཅུ་གསུམ་དང་། མ་ངེས་པ་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ན་ནི། །འདི་སྐད་ཅེས་ཚེ་

དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་པ་ཡོད་བཞིན་དུ་བདག་ཅག་གི་རྨ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་

གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གི་ཕྱིར་ཁོ་བོ་ཅག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ཡིན་གྱིས། འདི་ལྟར་ཁོ་བོ་ཅག་ནི་སྟོན་པའི་བཀའ་ལུང་གིས་འདོན་

ཏོ། །གལ་ཏེ་ཁྱེད་ཅག་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་ན་ཅིའི་ཕྱིར་ལྷག་པར་སྤྱོད་ཅེས་ཚར་བཅད་ཅིང་དགེ་སློང་དོན་ཉུང་ངུ་དག་ཀྱང་དྲུག་སྡེ་དག་ལ་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་བྱུང་བ་འདི་དང་གླིང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སློང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་

เล่ม ๑๕๓ · หน้า 46a

རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་ཚེ་དང་

ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ་ཞེས་

བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་བསླབ་པ་ཁྱད་དུ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་

ཕྱེད་ཅིང་ངོ་། །སོ་སོར་ཐར་པའི་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་།

བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་དག་གིའོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བའི་མདོའོ། །ཡང་ན་མདོ་ཡང་དག་པར་སྦྱོར་བའོ། གདོན་པ་འདོན་པ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་རབ་ཏུ་བཏོན་པ་ནའོ། །འདི་སྐད་ཅེས་ཚེ་

དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ཞེས་བྱ་བ་ནི་

བསླབ་པ་ཁྱད་དུ་གསོད་པའི་བསམ་པས་ངག་དང་ཚིག་དང་ཐ་སྙད་དང་སྐད་དང་། བརྗོད་པ་དང་ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་

เล่ม ๑๕๓ · หน้า 46b

ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སྡེ་སྣོད་གསུམ་

ལས་མདོ་སྡེ་མ་གཏོགས་པ་ལ་འདུལ་བ་ཉིད་དང་། ཆོས་མངོན་པ་ལས་འདུལ་བར་གཏོགས་པ་གང་ཡང་རུང་བ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་པ་ན་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདུལ་བ་དང་ལྡན་པ་ཉིད་དུ་གཏོགས་པ་སོ་སོ་ཐར་པ་དང་། དེ་རྣམ་པར་འབྱེད་པ་དང་།

གཞི་དང་། ཕྲན་ཚེགས་དང་། གཞུང་བླ་མའི་ཚིག་ལ་བརྙས་ཐབས་སུ་གྱུར་པ་བརྗོད་པའི་ཚིག་རེ་རེ་ལ་ན་སྨད་པ་མེད་དོ། །འདིར་བརྙས་ཐབས་ཀྱི་བྱེ་བྲག་ལས་ཚིག་གི་བྱེ་བྲག་སྦྱོར་བ་གཅིག་པ་རེ་རེ་ལ་ལྟུང་བ་བྱེ་བྲག་རེ་རེར་རྣམ་པར་གཞག་གི་གདོན་པའི་བྱེ་བྲག་ལས་ནི་མ་ཡིན་ནོ། །གང་དག་

གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་བའི་ཚིག་རེ་རེ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྡེ་སྣོད་གསུམ་

ལས་འདུལ་བར་གཏོགས་པ་ཐམས་ཅད་དང་ཁྱད་དུ་གསོད་པའི་བསམ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཁྱད་དུ་གསོད་པའི་བསམ་པ་དང་། ཚིག་ཏུ་སྨྲས་པ་དང་། འདུལ་བར་གཏོགས་པ་ཉིད་དང་། རང་གི་ཚིག་དང་། གཞན་གྱིས་དོན་གོ་བའོ། །དེ་

དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཁྱད་དུ་

གསོད་པ་བསམས་པ་ཙམ་ལ་ཉེས་བྱས་ཏེ། ཚིག་མ་རྫོགས་པ་ལ་ཉེས་བྱས་སོ། །མདོ་སྡེ་ལ་ཉེས་བྱས་སོ། །གཞན་སྨྲར་བཅུག་པ་ལ་ཉེས་བྱས་སོ། །གཞན་གྱིས་དོན་མ་གོ་བ་ལ་ཉེས་བྱས་སོ། །དགེ་སློང་མའི་བསླབ་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་

เล่ม ๑๕๓ · หน้า 47a

ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཁྱད་དུ་གསོད་པའི་བསམ་པ་མེད་པ་དང་། ཚིག་ཏུ་མ་སྨྲས་པ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་

འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྡེ་སྣོད་གསུམ་གྱི་བྱེ་བྲག་དང་། བསླབ་པར་བྱ་བའི་

མཚན་ཉིད་ལ་མཁས་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བཅུ་པ་བཤད་ཟིན་ཏོ།། །།སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་བརྩེགས་པའོ། །ཞེས་

བྱ་བ་ནི་བཅུ་པ་གཉིས་ཏེ། སྡོམ་ལ་ཞེས་བྱ་བ་ནི། ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་གཉིས་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ས་བོན་དང་། སྐྱེ་བ་འཇིག་པ་དང་། འཕྱ་བ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། གནས་མལ་དང་། གདིང་བ་དང་། སྐྲོད་པ་དང་།

ཕྱིས་གནོན་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་། གཙུག་ལག་ཁང་གི་ལྟུང་བྱེད་དོ། །དེ་ལ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་

འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ་རྨོངས་པ་མི་མཁས་པ་མི་གསལ་བ་ཞིག་གིས་ཤིང་ལྗོན་པ་བཅད་ནས་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་བཅུག་གོ། །དེ་ཤིང་ལྗོན་པ་དེ་ལ་གནས་པའི་

ལྷ་ཁ་དོག་ཤིན་ཏུ་འདས་པ་གང་ཡིན་པ་དེ་མཚན་མོ་ནམ་སྲོས་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་ལྷ་དེའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་

เล่ม ๑๕๓ · หน้า 47b

རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཞིག་གིས་བདག་གི་གནས་དང་། གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། གནས་མལ་དང་། གཞི་

དང་། རྟེན་གྱི་ཞུགས་ཤིང་ལྗོན་པ་གང་ལགས་པ་དེ་བཀུམ་ནས་དགེ་འདུན་གྱི་གཙུག་ལག་ཁང་བགྱིད་དུ་སྩལ་ཏེ། བཙུན་པ་དགུན་གྱི་དགུན་ནི་རིང་། །དགུན་སྨད་ཀྱི་དུས་ཀྱི་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་གསེར་མ་དག་ལྡང་ཞིང་། བཙུན་པ་བདག་གི་བུ་ཕྲུག་དག་ནི་ཆུང་ན་བདག་གིས་ཇི་

ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཞིག་ལ་བཀའ་སྩལ་པ། ལྷ་ཁྱོད་ཀྱི་གནས་སུ་ལྷ་འདིའི་གནས་བྱིན་ཅིག །ལྷ་དེས་འདི་ལྟ་སྟེ་སྟོན་པའི་བཀའ་ལུང་གིས་རང་གི་གནས་སུ་ལྷ་དེའི་གནས་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་། དགེ་སློང་གི་དགེ་འདུན་གྱི་གུང་ལ་

གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་ལྷ་ཁ་དོག་ཤིན་ཏུ་འདས་པ་ཞིག་མཚན་མོ་ནམ་སྲོས་པ་དང་དེའི་གན་དུ་འོངས་ཏེ་འདི་སྐད་ཅེས་ཟེར་རོ་ཞེས་ལྷ་དེས་ཇི་སྐད་གསོལ་པའི་ཚིག་བཟླས་ནས་བཀའ་

སྩལ་པ། དགེ་སློང་དག་འདི་ལྟར་ལྷ་དག་དེ་སྐད་ཅེས་ཀྱེ་མ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ཀྱིས་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ཡིན་ནོ། །དེ་ནས་བཅོམ་

ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་ཤིང་ལྗོན་པ་གཅོད་པར་བྱེད་པ་ལས་གྱུར་པ་ཡིན་ནོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། དགེ་སློང་གིས་ཤིང་ལྗོན་པ་གཅད་པར་མི་བྱའོ། །གཅོད་པ་

ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་གནས་ན་འབྲོག་གི་གནས་མཆོག་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྗོན་པ་གཅད་པར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལག་གི་བླ་དག་གིས་ཤིང་མེད་པས་མཁར་ལན་དག་

เล่ม ๑๕๓ · หน้า 48a

གཏང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་མཛད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་ལག་གི་བླ་དག་གིས་མཁར་ལེན་དག་བཏང་བར་གྱུར།

བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྗོན་པ་བཅད་པར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལག་གི་བླ་དག་གིས་ཞུགས་ཤིང་མ་མཆིས་པས་མཁར་ལན་དག་བཏང་བར་གྱུར་ཏོ། །ཀུན་དགའ་བོ་ངས་དགེ་སློང་ལག་གི་བླའི་ཀུན་དུ་སྤྱད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་

ལག་གི་བླས་ཞག་བདུན་ནམ་བརྒྱད་ཀྱིས་ཤིང་ལྗོན་པ་གཅོད་པར་འགྱུར་བ་ནི་ཤིང་ལྗོན་པ་དེའི་དྲུང་དུ་དཀྱིལ་འཁོར་བྱ་ཞིང་སྤོས་དང་། མེ་ཏོག་དང་། གཏོར་མ་ཡང་སྦྱིན་པར་བྱ། རྒྱུན་ཆགས་གསུམ་པ་ཡང་ཀླག་པར་བྱ། ཡོན་བཤད་པ་ཡང་བྱ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་དག་གི་བསྔགས་

པ་ཡང་བརྗོད་པར་བྱ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་གི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱའོ། །འདི་སྐད་ཅེས་ཤིང་ལྗོན་པ་འདི་ལ་ལྷ་གང་གནས་པ་དེ་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་གྱིའམ། ཆོས་ཀྱིའམ། དགེ་འདུན་གྱི་བྱ་བ་

བྱེད་པར་འགྱུར་རོ་ཞེས་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་ཉི་མ་བདུན་ནམ་བརྒྱད་ཀྱིས་ཤིང་ལྗོན་པ་དེ་གཅད་པར་བྱའོ། །གལ་ཏེ་འགྱུར་བ་སྟོན་ན་གཅད་པར་མི་བྱའོ། །འོན་ཏེ་མི་སྟོན་ན་གཅད་པར་བྱའོ། །དགེ་སློང་ལག་གི་བླས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་

བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་

ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་རང་གི་ལག་གིས་ཤིང་ལྗོན་པ་གཅོད་ཅིང་གཅོད་དུ་འཇུག་པར་ཡང་བྱེད། རྩྭ་སྔོན་པོ་རྔ་ཞིང་བརྔར་འཇུག་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཇུག་པར་ཡང་

เล่ม ๑๕๓ · หน้า 48b

བྱེད་ནས། །གཞན་མུ་སྟེག་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་དེ་ལྟར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་འདི་དག་ཀྱང་དེ་ལྟར་བྱེད་པས། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་དང་། བྲམ་ཟེ་དང་ཁྱིམ་བདག་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་

དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དག་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་

གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ་བསླབ་པ་

བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་ལས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད།

གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་པའོ། །དེ་ལས་ས་བོན་གྱི་ཚོགས་ཞེས་བྱ་བ་ནི་ས་བོན་ལྔ་སྟེ་རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོག་གུའི་ས་བོན་དང་། འགས་པའི་ས་བོན་དང་། ས་

བོན་གྱི་ས་བོན་ཉིད་ནི་ལྔ་པའོ། །རྩ་བའི་ས་བོན་གང་ཞེ་ན། གླ་སྒང་དང་། ཤུ་དག་དང་། ཡུང་བ་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་གང་ཡིན་པའོ། །སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀཉྩ་ན་དང་། ཀ་པི་ཏ་ལ་

དང་། ཨ་ཤྭད་ཐ་དང་། ཨུ་དུམ་ཝཱ་ར་དང་། ནྱ་གྲོ་དྷ་དང་། གཞན་ཡང་སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་གང་ཡིན་པའོ། །ཐོག་གུའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང་། འདམ་བུ་དང་། སྨྱིག་མ་དང་། རྒྱ་མཚོ་ནས་འབྱུང་བ་དང་། གཞན་ཡང་ཐོག་གུ་བཏབ་པ་ལས་ཐོག་

เล่ม ๑๕๓ · หน้า 49a

གུ་ཉིད་སྐྱེ་བ་གང་ཡིན་པའོ། །འགས་པའི་ས་བོན་གང་ཞེ་ན། ཨརྫ་ཀ་དང་། སརྫ་ཀ་དང་། ཕ་ནི་ཉྫ་ཀ་དང་། བྷུ་སྟྲི་ན་དང་། ཛཾ་བྷི་ར་དང་། གཞན་ཡང་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བ་གང་ཡིན་པའོ། །ས་བོན་གྱི་ས་བོན་གང་ཞེ་ན། སཱ་ལུ་དང་། ནས་དང་།

གྲོ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྡེའུ་དང་། ཡུངས་ཀར་དང་། གཞན་ཡང་ས་བོན་བཏབ་པ་ལས་ས་བོན་ཉིད་སྐྱེ་བ་གང་ཡིན་པའོ། །འབྱུང་པོའི་གནས་ཞེས་བྱ་བ་ལ། །འབྱུང་པོ་ཞེས་བྱ་བ་ནི་གྲོག་སྦུར་དག་དང་། ཕྱེ་མ་ལེབ་དག་དང་། སྦྲང་བུ་དག་དང་། ཏིལ་དང་ཕུབ་མ་ཟ་བ་

དག་དང་། སྦྲུལ་དང་སྡིག་པ་དག་དང་། སྦྲང་བུ་ཏྲེ་མ་བུ་ག་དག་དང་། ཏྲཻ་ལ་ཏ་ཀ་དག་གོ། །དེ་དག་གི་གནས་ཞེས་བྱ་བ་ནི་ཤིང་ལྗོན་པའོ། །དེ་དག་འཇིག་གམ། འཇིག་ཏུ་འཇུག་ན་ཞེས་བྱ་བ་ནི་འབྱིན་པ་དང་། སྙོལ་བ་དང་། གཅོད་པ་དང་། འབིགས་པ་དང་། འཚེག་པ་དག་བདག་ཉིད་

ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་ལྟུང་བ་དེ་མ་བཤགས་ཤིང་

སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་།

ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་ཀྱི་ས་བོན་དང་། ཁྱེའུ་ཁ་འཐོན་པར་རུང་བར་མ་བྱས་པ་མ་ཉམས་པ་ཉིད་དུ་ཤེས་བཞིན་དུ་ཐ་ན་རྩ་རྒྱུད་ཡན་

ཆད་ཐབས་ཇི་ལྟར་ཡང་རུང་བས་ཉམས་པར་འདུན་པས་རང་ངམ་གཞན་གྱིས་ཀྱང་ཉམས་པར་བྱས་ན། ཉམས་པར་བྱ་བའི་སྡོང་བུ་དང་། འབྲུ་ལ་སོགས་པའི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ས་བོན་

เล่ม ๑๕๓ · หน้า 49b

ལྔ་པོ་རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོག་གུའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་མ་ཉམས་པ་ཉིད་དུ་རུང་བར་མ་བྱས་པ་ལ་ན་སྨད་པ་མེད་དོ། །ཤིང་ལྗོན་པ་དང་། རྩྭ་ལ་སོགས་པ་སྐྱེ་བ་དག་གི་ཐ་ན་རྩ་རྒྱུད་ཡན་ཆད་མ་ཉམས་པ་ཉིད་རུང་བར་མ་བྱས་པ་

དག་ལ་ན་སྨད་པ་མེད་དོ། །ཉམས་པར་བྱ་བའི་ཐབས་སྤྲུག་པར་བྱ་བ་ལ་སོགས་པ་ཇི་ལྟར་རུང་བ་ལ་ན་སྨད་པ་མེད་དོ། །ཉམས་པར་བྱེད་པའི་ཡོ་བྱད་རྩྭ་དང་། འདམ་རྫབ་དང་། ས་རྡུལ་དང་། ཁུ་ཚན་དང་། འཆག་པ་དང་། འདྲེན་པ་དང་། དཀྱིལ་འཁོར་དང་། སྐྱང་ནུལ་དང་།

རླུང་དང་། ཉི་མ་དང་། ས་གཞི་སྐམ་པོར་འཇོག་པ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །གཞན་ཡང་ལུས་ཀྱི་ཡན་ལག་དང་། དེ་དང་འབྲེལ་པ་དང་། དེས་འཕངས་པ་སེམས་ཅན་དང་སེམས་ཅན་དུ་བགྲང་བ་མ་ཡིན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ས་བོན་དང་སྐྱེ་བ་ཉམས་

པར་འདུན་པའི་བསམ་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གང་ཡང་རུང་བས་བྱས་སམ། བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཉམས་པར་གྱུར་པ་ན་དངོས་གཞི་ལ་ན་སྨད་པ་མེད་དོ། །ས་བོན་ལ་ནི་སྦུབས་དང་། ཐོག་གུ་དང་། སྙེ་མའི་ནང་དང་། ཕྱི་རོལ་ན་

ཉམས་པར་བྱ་བའི་འབྲུ་གྲངས་ཇི་སྙེད་པ་རེ་རེ་ལ་ལྟུང་བ་རེ་རེར་རྣམ་པར་གཞག་གོ། །སྐྱེ་བ་ལ་ནི་ཉམས་པར་བྱ་བའི་སྡོང་བུའི་གྲངས་ཇི་སྙེད་པ་རེ་རེ་ལ་ལྟུང་བ་རེ་རེར་རྣམ་པར་གཞག་གོ། །ཉམས་པར་བྱེད་པའི་ཡོ་བྱད་ཀྱང་ས་དེ་ན་འབྲུ་གཅིག་གམ། སྡོང་བུ་དྲུང་པ་གཅིག་ལ་བསྣུན་པའི་

རྫས་ཇི་སྙེད་པ་རེ་རེ་ལ། ལྟུང་བ་རེ་རེར་རྣམ་པར་གཞག་གོ། །ཤིང་ལྗོན་པ་ལ་སོགས་པ་རང་གི་གནས་ནས་རྩ་བ་བཏོན་དུ་གདོན་པ་ལ་སོགས་པའི་རྣམ་པས་བཏོན་ན་བཏོན་པ་དེ་གནས་གཞན་དུ་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་ན་སྨད་པ་མེད་དོ། །ཉ་ལྕིབས་དང་། ཉ་ཚོང་

དག་ཆུ་ནས་བཏོན་ན་སྐྱེར་རུང་བའི་ཆོས་ཉིད་ཡིན་དུ་ཟིན་ཀྱང་ན་སྨད་པ་མེད་དོ། །ས་བོན་དང་སྐྱེ་བ་གཞན་དག་ལ་གཞན་ཉིད་དུ་འདུ་ཤེས་པ་ལ་ན་སྨད་པ་མེད་དོ། །ས་བོན་དང་སྐྱེ་བ་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ཤུན་པ་དང་། ཕྲི་དང་། འདབ་མ་སྐྱ་བོ་དང་།

เล่ม ๑๕๓ · หน้า 50a

མེ་ཏོག་ཁ་བྱེ་བ་དང་། འབྲས་བུ་སྨིན་པ་དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་བྱེ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ས་བོན་དང་། ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་གིས་མ་ཉམས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །

འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་རོ། །ས་བོན་དང་། ཁྱེའུ་ཁ་འཐོན་པ་རུང་བ་མ་བྱས་པ་དང་། མ་ཉམས་པ་ཉིད་དང་། རང་དང་གཞན་གང་ཡང་རུང་བ་དང་། ཐབས་གང་ཡང་རུང་བ་དང་། ཉམས་པར་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་

ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ས་བོན་དང་། སྐྱེ་བ་འཇིག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ས་བོན་

དང་སྡོང་བུ་ཉམས་པར་བྱ་བའི་གྲངས་ཇི་སྙེད་པ་རེ་རེ་ལ་སྦྱོར་བའི་ཉེས་བྱས་རེ་རེའོ། །དེ་དག་ལ་ཉམས་པར་བྱེད་པའི་ཡོ་བྱད་བསྣུན་པའི་རྫས་ཀྱི་གྲངས་རེ་རེའི་སྦྱོར་བ་ལ་ཉེས་བྱས་རེ་རེའོ། །ཚི་གུ་མ་བཅོམ་པར་རིལ་མིད་བྱེད་པ་ལ་ཉེས་བྱས་སོ། །གལ་ཏེ་འདི་བཅད་པར་གྱུར་

ན་ལེགས་སོ་ཞེས་གཞོགས་ཀྱིས་བཅོལ་ན་ཉེས་བྱས་སོ། །ས་བོན་དང་སྐྱེ་བ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཤུན་པ་དང་། ཕྲི་དང་། འདབ་མ་སྐྱ་བོ་དང་། མེ་ཏོག་ཁ་བྱེ་བ་དང་། འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་

ཐ་སྙད་གདགས་པས་དེ་དག་ལ་ཉེས་བྱས་སོ། །ཨུཏྤ་ལ་ལ་སོགས་པ་ཁ་བྱེ་བའི་ཆུ་བ་གཅོད་པ་དང་། ཕ་བོང་གི་དྲེག་པ་འཆུ་ན་ཉེས་བྱས་སོ། །ས་བོན་གྱི་ཁམས་བཏབ་པ་ལ་རྩ་བ་མ་སྐྱེས་པ་ནི་ཕྱེད་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་གདགས་པས་དེ་ལ་ཉེས་བྱས་སོ། ས་འབུས་པ་དང་།

ཤ་མོ་དང་། ཤ་བལ་དང་། སྣོད་དང་གོས་ལ་སོགས་པའི་རླན་རྣམས་ཀྱང་ཕྱེད་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་འདོགས་པས་དེ་དག་ལ་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་

เล่ม ๑๕๓ · หน้า 50b

སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཉམས་པ་ཉིད་དང་། རུང་བར་བྱས་པ་དག་ལ་ལྟུང་བ་མེད་དོ། །དེར་འདུན་པ་དང་། དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །ཕོངས་པའི་ཚེ་རྫུ་འཕྲུལ་གྱིས་གཅོད་པ་ལ་ལྟུང་བ་མེད་དོ། །འུ་ཤའི་ཁུ་ཚན་

ལ་སོགས་པ་དབོ་བ་དང་། འཆག་པ་དང་། ཡན་ལག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་དག་བྱེད་པ་ལ་དེ་དག་གི་བསམ་པ་ཉིད་ལ་ལྟུང་བ་མེད་དོ། །ཕོངས་པའི་ཚེ་རྩྭ་ཀུ་ཤ་ལ་སོགས་པས་བཅིངས་པ་དེ་ནི་མི་ཐར་ན་བཅད་པ་ལ་ཡང་ལྟུང་བ་མེད་དོ། །དགེ་

སློང་དུ་མ་རྩྭ་ཀུ་ཤ་ལ་སོགས་པས་བཅིངས་པ་དེ་དག་གིས་མི་ཐར་ན་དེ་དག་ལས་དགེ་སློང་གཅིག་གིས་བཅད་པ་ལ་ལྟུང་བ་མེད་དོ། །ས་བོན་གྱི་ཆོས་ཉིད་མེད་པ་ནི་ཉེས་པ་མེད་པ་ཉིད་ཡིན་པས་ས་བོན་གྱི་ཆོས་ཉིད་མེད་པ་དེ་ཉམས་པར་བྱས་ཀྱང་ལྟུང་བ་མེད་དོ། །མེས་རེག་པ་དང་།

མཚོན་དང་། སེན་མོ་དང་། ནེ་ཙོ་དག་གིས་རྨ་ཕྱུང་བ་དང་། རྙིས་པ་དང་། ཕྱུང་བ་དང་། བཀྲུམ་པ་དང་། བཀས་པ་དང་། བཅད་པ་ལྟ་བུ་དག་གིས་རུང་བ་ཉིད་ཡིན་པས། དེས་དེ་དག་ལ་དགེ་སློང་གིས་བརྟག་པ་གཞན་གྱིས་རུང་བར་བྱ་བ་ལ་ལྟོས་ཀྱང་མི་དགོས་ལ། དེ་དག་

ཉམས་པར་བྱས་པ་ལ་ཡང་ལྟུང་བ་མེད་དོ། །འབྲུ་ལ་སོགས་པ་དག་བརྟག་པས་རུང་བར་བྱེད་པ་ན་ཇི་སྲིད་དུ་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དེ་སྲིད་དུ་དེ་ལ་བསྡད་མི་དགོས་ཏེ། བརྟག་པ་ཙམ་བྱས་པ་ཉིད་རུང་བ་ཡིན་པས་དེ་ལ་ལྟུང་བ་མེད་དོ། །འབྲུ་ལ་སོགས་པ་དག་བརྟག་པས་

རུང་བར་བྱ་བ་ལ་མེ་དང་རླངས་པ་ཉིད་ནི་འདྲ་བས་དེ་གཉིས་གང་གིས་བརྟགས་ཀྱང་རུང་བ་ཉིད་ཡིན་པས་དེ་ལ་ལྟུང་བ་མེད་དོ། །རྒུན་འབྲུ་ལ་སོགས་པའི་འབྲས་བུ་དག་མེའི་བརྟག་པས་རུང་བར་བྱས་པ་ལ་སྤྱིའི་ཚོམས་སྤྱི་བུངས་སུ་བཅེར་བ་ལ་མེས་ཕྱོགས་གཉིས་སམ། གསུམ་ལ་

བརྟགས་ན་ཐམས་ཅད་རུང་བ་ཉིད་ཡིན་པས་དེ་ལ་ལྟུང་བ་མེད་དོ། །དགེ་སློང་གཞན་གྱིས་མེས་རུང་བར་བྱས་པ་མ་གཏོགས་པ་མཚོན་དང་། སེན་མོ་ལ་སོགས་པས་ས་བོན་གྱི་རིགས་ལྔ་པོ་དག་རུང་བར་བྱས་པ་ཉིད་ནི་དགེ་སློང་གཞན་ལ་རུང་བ་ཉིད་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །

เล่ม ๑๕๓ · หน้า 51a

རུང་བར་བྱེད་པའི་དགེ་སློང་ཉིད་ལ་ནི་ས་བོན་གྱི་ཚོགས་འཇིག་པའི་ལྟུང་བྱེད་དུ་འགྱུར་རོ། །མེས་རུང་བར་བྱས་པ་ནི་དེ་བྱེད་པའི་དགེ་སློང་ལ་ཡང་ས་བོན་གྱི་ཚོགས་འཇིག་པའི་ལྟུང་བྱེད་དུ་འགྱུར་ལ་དེ་ཟ་བ་ལ་ཡང་དགེ་སློང་གིས་བཙོས་པ་ཟ་བའི་གསོག་འཇོག་གི་

ལྟུང་བྱེད་དུ་འགྱུར་རོ། །རུང་བའི་ཁང་པ་མ་ཡིན་པའི་ས་རུང་བ་མ་ཡིན་པར་འབྲུ་ལ་སོགས་པ་གཞག་སྟེ། དགེ་ཚུལ་ལ་སོགས་པས་མེས་རུང་བར་བྱེད་པ་གང་ཡིན་པ་དེ་ཡང་རུང་བར་བྱས་པ་ཉིད་ཡིན་པས། དེ་ལ་ཡང་ལྟུང་བ་མེད་དོ། །སྨན་ཞག་བདུན་པ་དང་། འཚོ་བའི་བར་དུ་

བཅངས་པ་ཆུ་གྲང་མོས་མ་གཏོར་བར་བཟའ་བར་མི་བྱ་སྟེ། དེས་གཏོར་ན་རུང་བ་ཉིད་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །ཐུན་ཚོད་དུ་རུང་བ་ཡང་ཆུ་གྲང་མོས་མ་གཏོར་བར་བཏུང་བར་མི་བྱ་སྟེ། དེས་གཏོར་ན་རུང་བ་ཉིད་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །ཞག་བདུན་པ་ལ་ནི་མེས་

རུང་བར་བྱ་བ་མི་སྲིད་དོ། །རུང་བར་བྱ་བ་ནི་གང་གིས་དུས་སུ་བྱས་ཀྱང་རུང་བ་ཉིད་ཡིན་གྱི། བཟའ་བའི་དུས་ཁོ་ནར་བྱ་བར་ནི་མ་ངེས་སོ། །དེ་དག་ནི་རུང་བར་བྱ་བ་དང་འབྲེལ་པ་ཡིན་པས་ཞར་ལ་སྨོས་པར་ཟད་ཀྱི་སྐབས་འདིའི་ལྟུང་བ་རྣམ་པར་གཞག་པར་གཏོགས་པ་ནི་མ་ཡིན་

ནོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ས་བོན་དང་། སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་

ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་ལག་གི་བླས་མཆོད་རྟེན་དང་། ཆོས་དང་། དགེ་འདུན་གྱི་དོན་དུ་ཤིང་ལྗོན་པ་དག་གཅད་པར་བྱའོ། །གཅད་པར་བྱ་བའི་ཕྱིར་སྟ་གོན་བྱ་བ་ནི་དེའི་མདུན་རོལ་དུ་ཉི་མ་བདུན་ནམ། བརྒྱད་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་།

དྲི་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་གཏོར་མ་སྦྱིན་པ་དང་། རྒྱུན་ཆགས་གསུམ་པ་གདོན་པ་དང་སྦྱིན་པ་བཤད་པར་བྱས་ནས། ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་འདི་དག་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་དང་། ཆོས་

เล่ม ๑๕๓ · หน้า 51b

སམ། དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས། དགེ་སློང་ལག་གི་བླ། སྨྲ་བ་པོས་རང་གི་ལག་དར་ཏེ་མི་གཅད་པར་ཁྱིམ་པ་ཤིང་མཁན་ལ་སོགས་པ་ལ་ཤེས་པར་གྱིས་ཤིག་ཅེས་ཟུར་གྱིས་བསྒོ་སྟེ་གཅོད་དུ་གཞུག་པར་བྱའོ། །དེ་ལྟར་ཤིང་ལྗོན་པ་དེ་གཅོད་དུ་བཅུག་པ་

ན་གལ་ཏེ་མེ་འབྱུང་བའམ། ཁྲག་འཛག་པའམ། ཡལ་ག་འགུལ་བའམ། ལོ་མ་ལྷགས་པ་ལ་སོགས་པ་རྣམ་པར་འགྱུར་བ་སྟོན་ན། དེའི་ཚེ་ལག་གི་བླ་དེས་མཆོད་རྟེན་ནམ། ཆོས་སམ། དགེ་འདུན་བསོད་ནམས་ཀྱི་ཞིང་ལ་སྦྱིན་པ་དང་། སེར་སྣ་དག་གིས་བསྔགས་པ་དང་།

བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ། །དེ་ལྟར་བྱས་ཀྱང་མེ་འབྱུང་བ་ལ་སོགས་པའི་རྣམ་པར་འགྱུར་བ་མི་གཏོང་ན་ཤིང་ལྗོན་པ་དེ་གཅད་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དེ་བཅུ་གཅིག་པ་བཤད་ཟིན་ཏོ།། །།འཕྱ་བའི་ལྟུང་

བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་འདུན་གྱིས་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པའི་ཚེ་ན། དགེ་སློང་མཛའ་བོ་དང་།

ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོ་ན་ཡོད་པས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་གྱིས་འཁོད་པ་ན། ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་

འོངས་པ་དང་། དེ་གཉིས་ཀྱིས་ཉེ་དགའ་ལ་སྨྲས་པ་ཚེ་དང་ལྡན་པ་ཉེ་དགའ་ཁྱོད་ཀྱང་གལ་ཏེ་དགེ་འདུན་གྱིས་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པར་གྱུར་ན། ཁོ་བོ་ཅག་ལ་འདི་ལྟ་སྟེ། དཔེར་ན་ཚེ་དང་ལྡན་པ་གྱད་བུ་ནོར་རམ། ཁ་ཅིག་བཞིན་དུ་ཐོ་

འཚམས་པར་འགྱུར་རོ། །ཉེ་དགས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་གཉིས་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པར་ཤེས་བཞིན་དུ། དེ་ལ་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་དམ། དེ་གཉིས་

เล่ม ๑๕๓ · หน้า 52a

ཀྱིས་སྨྲས་པ། ཁོ་བོ་ཅག་གཉིས་ངུར་ཡང་མི་དབང་ངམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་

སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིག །དགེ་སློང་རྣམས་ཀྱིས་དེ་གཉིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་

བཅུག་ཀྱང་། དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་ངོར་

འཕྱ་བ་དང་། གཞོགས་འཕྱས་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་

དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་

དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འཕྱ་བའམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་

མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་ལ་འཕྱ་བ་དང་། གཞོགས་འཕྱས་བྱེད་པའོ། །དེ་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་ཞེས་བྱ་བ་ནི་འཕྱ་བ་དང་གཞོགས་འཕྱས་བྱ་བའི་བསམ་པས་ངག་

เล่ม ๑๕๓ · หน้า 52b

དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན།

འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསྲབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་

གང་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ལས་ཀྱི་སྦྱོར་བ་བག་ཡངས་སུ་བྱས་པ་ཡང་རུང་། མ་བསྐོས་པ་ལས་ཀྱི་སྦྱོར་བ་བག་ཡངས་སུ་མ་བྱས་པ་ཡང་རུང་ལ། བདག་དང་འབྲེལ་པའི་དོན་གྱིས་སྐུར་བས་ངོར་འཕྱ་ཡང་རུང་། གཞོགས་འཕྱས་

བྱེད་ཀྱང་རུང་བའི་དགེ་འདུན་གྱིས་དེའི་གྲངས་སུ་བཅུག་ནས། ཡང་བྱེད་ན་འཕྱ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གི་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་གང་ཡང་རུང་བ་ལས་ཀྱི་སྦྱོར་བ་བཏང་བ་

དང་། མ་བསྐོས་པ་ལས་ཀྱི་སྦྱོར་བ་བཏང་བ་དག་ལ་ན་སྨད་པ་མེད་དོ། །དེ་དག་ཉིད་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་མཚན་དང་ཁས་བླངས་པས་རང་གི་ཕྱོགས་སུ་གྱུར་པ་ཉིད་ལ་ན་སྨད་པ་མེད་དོ། །བདག་དང་འབྲེལ་པའི་དོན་གྱིས་འཕྱ་བའམ། གཞོགས་

འཕྱས་བྱེད་པ་ལ་ན་སྨད་པ་མེད་དོ། །འཕྱ་བ་དང་གཞོགས་འཕྱས་བྱ་བའི་དོན་བརྫུན་གྱིས་སྐུར་བ་ཉིད་ལ་ན་སྨད་པ་མེད་དོ། །དེ་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་འཕྱ་བ་དང་གཞོགས་འཕྱས་བྱེད་པའི་གྲངས་སུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་

པ་པོ་ནི་དགེ་སློང་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ལས་ཀྱི་སྦྱོར་བ་བག་ཡངས་སུ་བྱས་པ་དང་། མ་བསྐོས་པ་ལས་ཀྱི་སྦྱོར་བ་བག་ཡངས་སུ་མ་བྱས་པ་དང་། སྐུར་བས་འཕྱ་བ་དང་། གཞོགས་འཕྱས་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་

เล่ม ๑๕๓ · หน้า 53a

ལྟུང་བར་འགྱུར་ཏེ། དགེ་སློང་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ལ་སྦྱོར་བ་བག་ཡངས་སུ་བྱས་པའམ། མ་བསྐོས་པ་སྦྱོར་བ་བག་ཡངས་སུ་མ་བྱས་པ་དང་། སྐུར་བ་ཉིད་དང་། འཕྱའམ་གཞོགས་འཕྱས་སམ། གཉི་

ག་བྱེད་པ་དང་། བདག་དང་འབྲེལ་པའི་དོན་དང་། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འཕྱ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་

ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་མ་བསྐོས་པ་ལས་ཀྱི་སྦྱོར་བ་བག་ཡངས་སུ་བྱས་པ་ལ་ཉེས་བྱས་སོ། །དགེ་སློང་ཉམས་པ་དང་།

མ་ཆགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་ལ་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་དག་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། ཁྱིམ་པའི་རྟགས་ཅན་དང་། མི་མ་ཡིན་པའི་འགྲོ་བ་པ་དང་། དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །གཞན་གྱི་དོན་དུ་

འཕྱའམ། གཞོགས་འཕྱས་བྱེད་ན་ཉེས་བྱས་སོ། །སྐུར་བའི་དོན་བརྫུན་པ་ལ་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །འཕྱ་བ་དང་གཞོགས་འཕྱས་ཉིད་མ་ཡིན་པའི་ཟུར་གཞན་ལ་ཉེས་བྱས་སོ། །དགེ་འདུན་གྱིས་འཕྱ་བ་དང་། གཞོགས་འཕྱས་

བྱེད་པའི་གྲངས་སུ་མ་བཅུག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་མ་སྐུར་བར་བདེན་

པ་ཉིད་ཡིན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཕྱ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་

เล่ม ๑๕๓ · หน้า 53b

པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །གང་ཟག་རིགས་པའི་ཚིག་ཅུང་ཟད་ཙམ་ཡང་བཟོད་ཅིང་དང་དུ་ལེན་པར་མི་ནུས་པ་ལ་བསྐུལ་བ་དང་། དྲན་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བརྗོད་པར་མི་བྱའོ། །ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པའི་

གང་ཟག་དེ་ཞེ་སྡང་བར་འགྱུར་ན་དགེ་འདུན་གྱིས་ལས་བྱེད་པའི་དགེ་སློང་རང་གིས་དགེ་འདུན་གྱི་ལས་སུ་བསྐོ་བར་མི་བྱ་སྟེ། བརྒྱུད་པས་ནི་བསྐོ་བར་བྱའོ། །ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པའི་དགེ་འདུན་གྱི་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བ་དང་།

གཞོགས་འཕྱས་བྱེད་པའི་གྲངས་སུ་མི་གཞག་པར་མི་བྱའོ། །འཕྱ་བའི་གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གི་ས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་

དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ། དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོགས་

པ་དང་། ཟས་ལ་བསྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་ངོར་འཕྱ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ། །འདི་

ནི་གསོལ་བའོ། །གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་

གཅིག་གིས་གསོལ་བ་བྱའོ། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོགས་པ་དང་།

เล่ม ๑๕๓ · หน้า 54a

ཟས་ལ་བསྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་གཞོགས་འཕྱས་བགྱིད་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མཛ་བོ་དང་ས་ལས་སྐྱེས་གཞོགས་འཕྱས་བྱེད་

པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འཕྱ་བའི་ལྟུང་བྱེད་དེ་བཅུ་གཉིས་པ་བཤད་ཟིན་ཏོ།། །།བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས་དེ་ལ་དགེ་སློང་དོན་འདོད་པ། ཕན་པ་འདོད་པ། བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང་བདེ་བ་འདོད་པ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ལྟུང་བ་

བྱུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དེས་སྨྲས་པ། སུ་ལ་ལྟུང་བ་བྱུང་བ་དང་སུ་འགྱོད་པའི་ཕྱིར་བྱེད་པར་འགྱུར་རོ། །གལ་ཏེ་ཚེ་དང་ལྡན་པ་ཁྱེད་ཅག་ལ་ལྟུང་བ་བྱུང་ན་ཁོ་བོའི་མདུན་དུ་མ་འཆགས་པར་གཞན་གྱི་མདུན་དུ་ཤོགས་ཤིག །ཚེ་དང་ལྡན་པ་ཁྱེད་ཅག་ནི་འདི་ལྟ་སྟེ།

དཔེར་ན་ཤིང་ལྗོན་པ་དག་གི་ལོ་མ་སྣ་ཚོགས་རླུང་གི་བླགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་པུ་འདུག་པ་བཞིན་དུ་རིགས་སྣ་ཚོགས་དང་རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པས་ནི་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ནོ། །ཞེས་

དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་། གཞན་ཡང་དེ་ལྟ་བུ་

གང་ཡིན་པ་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་ཆུག་ཤིག །དགེ་འདུན་གྱིས་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་བཅུག་ཀྱང་། དེ་དགེ་

เล่ม ๑๕๓ · หน้า 54b

སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།

ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འདུན་པ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ།

རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་

གཞི་འདི་ལྟར་གདོན་པར་བྱ་སྟེ། བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་ལོག་ཐབས་བྱེད་པ། ཉེས་པ་ནི་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་པའོ། །དེ་ལ་བསྒོ་བ་རྣ་ལ་གཟོན་ན་

ཞེས་བྱ་བ་ནི་བསྒོ་བ་རྣ་ལ་གཟོན་པའི་བསམ་པས། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་

ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་

ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གླེང་བར་གཏོགས་པ་བསྒོ་བ་ཚིག་གིས་རྣ་ལ་གཟོན་པར་འདུན་པས་གཞན་བརྗོད་པས་རྣ་ལ་གཟོན་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་རྣམས་ཀྱིས་གླེང་བར་གཏོགས་པའི་བསྒོ་བ་

เล่ม ๑๕๓ · หน้า 55a

ཚིག་གིས་རྣ་ལ་གཟོན་པ་ལ་ན་སྨད་པ་མེད་དོ། །རྣ་ལ་གཟོན་པར་འདུན་པའི་བསམ་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཅི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་པ་ཐམས་ཅད་ལ་ན་སྨད་པ་མེད་དོ། །འདིས་ལོག་ཐབས་

སྨྲས་སོ། །ཞེས་ཉན་པ་པོས་དོན་གོ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་གིས་གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གིས་དང་། གླེང་བར་གཏོགས་པའི་

བསྒོ་བ་དང་། དེའི་ཚིག་གིས་རྣ་ལ་གཟོན་པ་དང་། དེར་འདུན་པ་དང་། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་

བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་ཉམས་པ་དང་། མ་ཆགས་པའི་བསྒོ་བ་ལ་ཉེས་བྱས་སོ། །དགེ་སློང་མའི་བསྒོ་བ་ལ་ཉེས་བྱས་སོ། །བསྙེན་པར་མ་

རྫོགས་པའི་བསྒོ་བ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། ཁྱིམ་པའི་རྟགས་ཅན་དང་། མི་མ་ཡིན་པའི་འགྲོ་བ་པ་དང་། དུད་འགྲོའི་བསྒོ་བ་ལ་ཉེས་བྱས་ན་སྨད་དོ། །གླེང་བར་གཏོགས་པའི་བསྒོ་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཅང་མི་སྨྲ་བས་རྣ་ལ་གཟོན་ན་

ཉེས་བྱས་སོ། །མི་དྲན་ནོ་ཞེས་རྣ་ལ་གཟོན་ན་ཉེས་བྱས་སོ། །ཉན་པ་པོས་དོན་མ་གོ་བ་ལ་ཉེས་བྱས་སོ། །དགེ་འདུན་གྱིས་དེའི་གྲངས་སུ་མ་བཅུག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་

བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེར་འདུན་པ་མེད་པ་དང་། གཞན་ལ་བརྗོད་པ་ལ་ལྟུང་བ་མེད་དོ། །གལ་ཏེ་བརྗོད་པར་བྱ་བ་ནི་སྡུག་བསྔལ་བར་གྱུར་པ་ཡིན་ན་གཞན་བརྗོད་པ་ལ་ལྟུང་བ་མེད་དོ། །དེའི་

เล่ม ๑๕๓ · หน้า 55b

ཕྱིར་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལ་རེ་ཞིག་མེ་འདི་ཤིག །རེ་ཞིག་སྐོམ་འཐུང་ཤིག །རེ་ཞིག་ངལ་སོ་ཤིག །ནམ་མཁའ་མཐོང་ངོ་། །སེན་མོ་མཐོང་ངོ་། །དོན་དམ་པར་ནི་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་སྨྲ་ན་ལྟུང་བ་མེད་དོ། །

ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་

བསླབ་པར་བྱའོ། །གང་དུ་ཆེ་བཞི་ཉིད་བྱ་དགོས་པར་གྱུར་པའི་གནས་དེར་བསྟེན་པར་མི་བྱའོ། །གནོད་པའི་སྒོ་མ་བཅད་པས་ཆེ་བཞི་དབྱེ་བར་མི་བྱའོ། །དགེ་སློང་གིས་བསྒོ་བའི་ཚིག་གིས་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པ་དགེ་འདུན་གྱིས་གསོལ་བ་འབའ་

ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་མི་གཞུག་པར་མི་བྱའོ། །བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་

ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདུན་པ་ནི་ལྟུང་

བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་། བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེས་གླེངས་ཀྱང་། དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་

ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་ནི་འདི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด