ตัวบทไม่มีชื่อ — ประโยคแรก: འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๕ · หน้า 1b

༄༅༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ། ཡང་སོ་སོར་ཐར་པ་བཤད་པ་ཡང་རྣམ་པ་གཉིས་

ཀྱི་ཕྱིར་ཏེ། ལོག་པའི་ངང་ཚུལ་སྤང་བར་བྱ་བའི་ཕྱིར་དང་། ཡང་དག་པའི་ངང་ཚུལ་རྒྱས་ཤིང་བསྟན་པར་བྱ་བའི་ཕྱིར་བཤད་དོ། །དེ་ལ་སྔོན་གྱི་གཏམ་རྒྱུད་མདོ་ཙམ་ཞིག་སྨོས་པར་བྱ་སྟེ། སངས་

རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས། ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་ལན་བཅུ་གཉིས་བསྐོར་ཏེ་གཞག་པའི་ཚེ་ལོ་བཅུ་གཉིས་ཀྱི་བར་དུ་ནི་དེ་བཞིན་གཤེགས་པའི་འཁོར་ཉན་ཐོས་ཀྱི་

དགེ་སློང་གི་དགེ་འདུན་ལ་ཚུལ་ཁྲིམས་ཀྱི་སྒོ་ནས་སྐྱོན་དང་འཕན་མ་བྱུང་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པས་འདུལ་བ་ལ་བསླབ་པའི་གནས་བཅས་པ་ཡང་མེད་དེ། དེའི་ཚེ་དགེ་སློང་རྣམས་ལ་འདུལ་

བ་བཤད་ཅིང་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱ་བ་དང་། སྡིག་པ་མི་དགེ་བའི་ཆོས་སྤང་བར་བྱ་བའི་ཆོས་ཐབས་དང་གཉེན་པོ་ཙམ་དུ་བསྟན་པ་ནི། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཐམས་ཅད་

เล่ม ๑๕๕ · หน้า 2a

རྫོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་ཡང་ནི་སྡོམ་པ་ལེགས། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་

སྡོམ་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ། །ཞེས་བྱ་བ་ལ་སོགས་པ་སོ་སོར་ཐར་པའི་མཇུག་ནས་འབྱུང་བའི་ཤློ་ཀ་གསུམ་པོ་དེ་ད་ལྟར་གྱི་སོ་སོར་ཐར་པ་དང་འདྲ་བར་གནས་སོ། །དེའི་ཚེ་དགེ་སློང་རྣམས་ཀྱང་

དགེ་བའི་ཆོས་རྣམས་ནི་སྒྲུབ། སྡིག་པའི་ཆོས་རྣམས་ནི་སྤོང་ངོ་། །དེ་ནས་ལོ་བཅུ་གསུམ་དུ་སོགས་པ་ན་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱིས་ཚུལ་ཁྲིམས་ལ་རྨ་ཕྱུང་སྟེ། ཕས་ཕམ་པ་ལ་སོགས་ཏེ་ལྟུང་བའི་རིགས་ལྔ་ཡང་དང་པོ་ཁོ་ནར་

བྱུང་ངོ་། །ད་ལྟར་བ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་རྨ་མེད་པ་ལ་རྨ་བྱུང་སྟེ། སྐྱོན་དང་འཕན་ཐམས་ཅད་དུ་གྱུར་ནས། ཡང་དགེ་སློང་གང་འདི་ལྟ་བུའི་ཆོས་ཤིག་སྤྱད་ཅིང་བྱས་ན་ཉེས་པ་འདིར་འགྱུར་རོ་ཞེས་བཅོམ་ལྡན་འདས་

ཀྱིས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །འདི་བསླབ་པའི་གནས་བཅས་ཀྱང་། དེ་དག་ཙམ་ན་དགེ་སློང་དག་ཀྱང་བསོད་ནམས་ཆེ་ཞིང་དབང་པོ་རྣོ་བས་ཆོས་ཅི་དང་ཅི་བཤད་པ་ཡང་ཡིད་ལ་འཛིན་པ་ཙམ་དུ་ཟད་དོ། །ཡི་གེར་

เล่ม ๑๕๕ · หน้า 2b

བྲིས་ཤིང་བག་བག་ལ་གླན་པ་མེད་དོ། །ཕྱིས་དེ་བཞིན་གཤེགས་པ་རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པའི་ཚེ་འཕགས་པ་ཉན་ཐོས་ལྔ་བརྒྱ་ལ་བཀའ་སྩལ་པ། ངའི་འདུལ་བ་འདི་ཅི་ནས་ཀྱང་ཡུན་རིང་དུ་གནས་པ་དང་། ལྷ་དང་མི་ལ་སོགས་ཏེ་མ་འོངས་པའི་སྐྱེ་བོ་མང་

པོ་ལ་ཕན་ཐོགས་པར་འགྱུར་བའི་ཕྱིར་ངས་སྔོན་ཇི་སྐད་དུ་བཤད་ཅིང་བསླབ་པའི་གནས་བཅས་པ་དེ་བཞིན་དུ་མ་ནོར་བར་གཞུང་དུ་ཡི་གེར་བྲིས་ཏེ་ཞོག་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ལྔ་བརྒྱ་པོ་དེ་དག་འདུས་ཏེ་ཇི་སྐད་དུ་གསུངས་པ་བཞིན་གཞུང་དུ་

ཡི་གེར་བྲིས་ཏེ་གཞག་གོ། །ཡུལ་མཉན་དུ་ཡོད་པ་ལ་སོགས་པར་སྔོན་དེ་བཞིན་གཤེགས་པ་ཆོས་འཆད་ཅིང་སྟོན་པ་མཛད་པའི་ཚེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཡུལ་ཡང་གྲངས་མ་མཆིས་པ་ཞིག་ཡོད་ན། རྩྭ་མཆོག་གི་གྲོང་ཁྱེར་ཁོ་ནར་མྱ་ངན་ལས་འདས་པར་བསྟན་པ་ཡང་དགོས་

པའི་དབང་འགའ་ཞིག་ཡོད་དམ་མེད་ཅེས་ཁ་ཅིག་དཔྱོད་ཀྱང་སྲིད་དེ། དེ་བཞིན་གཤེགས་པའི་དགོངས་པ་དང་ལྡན་པར་མཛད་པས་ན་འདིར་མྱ་ངན་ལས་འདའ་བར་བསྟན་པ་ཡང་ཡུལ་དེ་ན་གྱད་སྟོབས་དང་ལྡན་པ་ཤ་སྟག་གནས་གནས་པས་ཕྱིའི་མུ་སྟེགས་མ་དད་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་

གདུང་ཤ་རི་རམ་ཆུད་མི་གསན་ཅིང་གྲོང་ཁྱེར་ཆེན་པོ་དེ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ཐམས་ཅད་ཀྱིས་ཀྱང་ཤ་རི་རམ་མཉམ་པར་ཐོབ་པར་བྱ་བ་དང་། ཐམས་ཅད་ཀྱིས་བསོད་ནམས་ཐོབ་པ་དང་། བསོད་ནམས་སྐྱེ་བར་འགྱུར་ཞིང་མཆོད་རྟེན་དུ་གཟུང་བར་བྱ་བར་དགོངས་ནས་ཡུལ་དེར་མྱ་ངན་ལས་

འདའ་བར་བསྟན་ཏོ། །འདུལ་བ་སྡུད་པར་མཛད་པ་ནི་འཕགས་པ་ཀུན་དགའ་བོ་མཆིས་ཏེ་སྡུད་པའི་ཕུག་ཆེན་པོའི་རིའི་སྒོར་ཕྱིན་པ་ན་ཉན་ཐོས་ཕལ་གྱི་ནང་དུ་མ་ཆུད་ནས་ཀུན་དགའ་བོས་བསམས་པ། སྔོན་དེ་བཞིན་གཤེགས་པ་ཞལ་བཞུགས་པའི་ཚེ་ན་བདག་ཀྱང་མང་དུ་ཐོས་པ་དང་། ཤེས་རབ་དང་

ལྡན་ཞིང་ཐོས་པ་འཛིན་པའི་མཆོག་ཉེ་གནས་བགྱིད་ཅིང་ཞ་འབྲིང་ན་རྟག་ཏུ་བསྙེན་བཀུར་བགྱིད་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་དེ་དག་གི་ནང་དུ་ཡང་བདག་གིས་མ་ཆུད་ན་ཉེས་པ་ཅི་ཞིག་བྱས་སྙམ་དུ་མི་དགའ་ཞིང་ངོ་མཚར་ཆེའོ་སྙམ་དུ་བཟུང་ནས་མི་

เล่ม ๑๕๕ · หน้า 3a

མི་དགའ་ཞིང་སླར་ལོག་ནས་རང་གི་གནས་སུ་ཕྱིན་ནས་ཏིང་ངེ་འཛིན་དུ་རྩེ་གཅིག་པར་ཞུགས་ཏེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་རྣམས་སྤངས་ནས། དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །གཟོད་འཕགས་པ་ཉན་ཐོས་དེ་དག་སྡུད་པར་མཛད་པའི་སྒོར་

ཕྱིན་ཏེ། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱིས་སྒོའི་བུ་ག་ནས་ཞུགས་པས་ནང་དུ་ཐར་རོ། །དེ་ནས་འཕགས་པ་ཀུན་དགའ་བོ་ལ་སོགས་པ་རྣམས་འདུས་ཏེ་འདུལ་བ་འབུམ་པ་ལ་སོགས་པ་ཡང་གཞུང་བག་བག་ལ་གླན་ནོ། །སོ་སོར་ཐར་པ་ཡང་ཡི་གེར་བྲིས་ཤིང་འདིར་བསྡུས་སོ། །འདི་ལྟར་ཀུན་དགའ་

བོ་ནང་དུ་མ་ཆུད་པ་ཡང་ཉན་ཐོས་ལ་ཉོན་མོངས་པ་གཉིས་ཏེ། མཐོང་བའི་ལམ་གྱིས་སྤང་བ་དང་། །བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའོ། །ཀུན་དགའ་བོས་མཐོང་བར་བྱ་བའི་ཉོན་མོངས་པ་ནི་སྤངས་ཀྱི། བཅོམ་ལྡན་འདས་ཀྱི་ཞ་འབྲིང་ན་རྟག་ཏུ་བསྙེན་བཀུར་བྱེད་ཅིང་བསྒོམ་དུ་མི་ཁོམ་པས་ན་

བསྒོམ་པའི་ཉོན་མོངས་པ་ནི་མ་སྤངས་པས་དགྲ་བཅོམ་པ་དེ་དག་གི་ནང་དུ་མི་ཆུད་ཅེས་འཆད་དོ། །དེ་ལ་ཁ་ཅིག་ན་རེ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་ཞ་འབྲིང་ན་རྟག་ཏུ་གནས་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ་གཤེགས་ཀར་ད་དུང་མྱ་ངན་ལས་མི་འདའ་ཞིང་སེམས་ཅན་གྱི་དོན་

མཛད་ཅིང་བཞུགས་སུ་ཅི་གནང་ཞེས་མ་གསོལ་བ་དང་། ཉེས་པ་རྣམ་པ་ལྔ་མ་བཤགས་མ་མཐོལ་བས་ཆད་པར་དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་དག་གི་ཕྱི་རོལ་དུ་བཞག་ཅེས་ཀྱང་འཆད་དོ། །དེ་ཡན་ཆད་ནི་སྔོན་བྱུང་བའི་གཏམ་རྒྱུད་དང་། གླེང་བསླང་བ་ཙམ་དུ་ཟད་དོ། །དེ་ནི་ཡང་དག་པར་སྡུད་པ་

པོ་འཕགས་པ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་སྡུད་པར་འདོད་ནས་འགྲོ་བ་ཐམས་ཅད་ཀྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་དང་། སོ་སོར་ཐར་པ་ལ་བསྟོད་པ་དང་ཕྱག་འཚལ་བས་མཆོད་པའི་ཕྱིར། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་

གྲགས། །ཞེས་བྱ་བ་ལ་སོགས་པས་མངོན་པར་བསྟོད་པ་དང་། ཁ་ཅིག་འདི་སྐད་དུ་རྟོག་ཀྱང་སྲིད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཅིང་བསྟན་པ་ནི་ཡང་དགེ་སློང་དག་ཉེས་པ་འདི་ལྟ་བུ་ཞིག་བྱས་ན་ཕས་ཕམ་པར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་ཞེས་བྱ་བ་ལ་སོགས་ཏེ།

เล่ม ๑๕๕ · หน้า 3b

ལྟུང་བ་རིགས་ལྔ་ནི་བཀའ་ཞལ་གྱིས་སྩལ་ཅིང་འདུལ་བ་ལ་བསླབ་པའི་གནས་ཀྱང་བཅས་ཀྱི། སྙན་པའི་བ་དན་ཞེས་བྱ་བ་ལ་སོགས་པ་ཡེ་མ་གསུངས་ན། འདི་སྡུད་ཚིག་གར་དགོས་ཞེས་རྟོག་ཀྱང་སྲིད་དོ། །དེ་ཡང་དེ་བཞིན་གཤེགས་པས་གསུངས་པ་ནི་མ་ཡིན་མོད་ཀྱི། ཡང་དག་པར་སྡུད་

པ་པོ་འཕགས་པ་ལྔ་བརྒྱ་པོས་དགོས་པ་དང་། དོན་དང་བཅས་པར་བྱས་པ་ཡིན་གྱི། དོན་མེད་པའམ། འོལ་རས་སམ། གྱ་ཚོམ་དུ་སྨྲས་པ་ནི་མ་ཡིན་ཏེ། དེ་ཡང་རྣམ་པ་གསུམ་གྱི་ཕྱིར་གཞག་གོ། །དེ་ལ་རྣམ་པ་གསུམ་ནི་སྐྱེས་བུ་དམ་པ་རྣམས་ལ་བསྟོད་ཅིང་རྗེས་སུ་མཐུན་པར་བྱ་བ་དང་

བདག་ཅག་གིས་ཐོས་པ་མང་བ་བསྒྲག་པ་དང་། བརྩམས་པ་མཐར་ཕྱིན་ཅིང་བར་ཆད་མེད་པའི་ཕྱིར་བརྩམས་པ་ཡིན་ཏེ། དེ་ཡང་དཔེར་ན་འཇིག་རྟེན་ན་སྐྱེས་བུ་དམ་པ་ཡ་རབས་དག་ནི་གཙུག་ལག་རྩོམ་པ་ལ་སོགས་ཏེ་ལས་ཅི་ཡང་རུང་། དང་པོ་ཁོ་ནར་རང་གི་ལྷ་དང་སྟོན་པ་ལ་མཆོད་ཅིང་

ཕྱག་འཚལ་ནས་རྩོམ་པ་སྲིད་དོ། །སྐབས་འདིར་ཡང་སོ་སོར་ཐར་པའི་མདོ་སྡུད་པར་འདོད་ནས། ཡང་དག་པར་སྡུད་པ་པོ་འཕགས་པས་སངས་རྒྱས་བཅོམ་ལྡན་འདས་དང་། སོ་སོར་ཐར་པ་ལ་བསྟོད་ཅིང་ཕྱག་འཚལ་བས་མཆོད་ནས་སྡུད་པར་མཛད་དོ། །དེ་ལ་སྙན་པའི་བ་དན་ཞེས་པ་ནས། དར་

ལ་བབ་པ་ཡོལ་རྣམས་ཀྱང་བདེ་ཞེས་བྱ་བའི་བར་དུ་སངས་རྒྱས་དང་སོ་སོར་ཐར་པ་ལ་བསྟོད་པའི་སྟོབས་ཡང་དག་པར་ཟློས་པར་བྱེད་པའི་ཚིག་ཡིན་པས་ན་གཙུག་ལག་རྩོམ་མོ་ཅོག་ལ་དགོས་པ་དང་། དོན་མེད་པར་རྩོམ་མི་སྲིད་དེ། དེ་ཡང་རྣམ་པ་བཞི་ཞིག་གིས་བསྙད་པར་བྱ་སྟེ། དེ་མ་

བསྟན་ན་ནི་ཅི་ཉེས་ཤེ་ན། སློབ་མ་ཉན་པ་ལ་བློ་འདུན་པ་རྣམས་སྤྲོ་བ་དང་། དགོས་པའི་དོན་མེད་པས་ཉན་པ་ལ་བློ་གཡེལ་བས་ན་དེ་བསྟན་ཏོ། །བཞི་ཡང་གང་ཞེ་ན། བཤད་ཅིང་བསྟན་པར་བྱ་བ་དང་། དགོས་པ་དང་། འབྲེལ་པ་དང་། དགོས་པའི་ཡང་དགོས་པའོ། །དེ་ལ་བསྟན་པར་

བྱ་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་། སོ་སོར་ཐར་པའི་ཡོན་ཏན་ཏེ། དེ་དག་གི་བདག་ཉིད་ཆེ་བའོ། །དགོས་པ་ནི་དེ་གཉིས་ཀྱི་ཡོན་ཏན་གྱི་དོན་ཡོངས་སུ་ཤེས་དགོས་པའོ། །འབྲེལ་པ་ནི་ཚིག་དང་དོན་དུ་འབྲེལ་བ་ལ་བྱ་སྟེ། ཚིག་གིས་མཚོན་ནས་དོན་ཤེས་པར་བྱེད་པས་

เล่ม ๑๕๕ · หน้า 4a

གཅིག་ལ་གཅིག་ལྟོས་པའམ་བརྟེན་པས་ན་འབྲེལ་པའོ། །དཔེར་ན་ཐབས་དང་ཐབས་སུ་བྱ་བའམ། རྒྱུ་དང་འབྲས་བུ་ལྟ་བུའམ། ཞགས་པས་གཟུང་བར་བྱ་བ་ལྟ་བུའི་ཕྱིར་འབྲེལ་པའོ། །དགོས་པའི་དགོས་པ་ནི་བརྩམས་པ་མཐར་ཕྱིན་པར་བྱ་བའི་དགོས་པའི་ཕྱིར་དགོས་

པའི་ཡང་དགོས་པའོ། །ཡང་ན་རྣམ་པ་བཞི་པོ་འདི་ལྟུང་བ་རིགས་ལྔ་ལ་ཡང་སྦྱར་བར་བྱ་སྟེ། བཤད་པར་བྱ་བ་ནི་ལྟུང་བ་རིགས་ལྔ་བཤད་ཅིང་ལྟུང་བ་ལྕི་ཡང་གི་བྱེ་བྲག་བཤད་པའོ། །དགོས་པ་ནི་དེ་དག་ཤེས་ཤིང་ཉེས་བྱས་ཕྲ་མོ་ཡན་ཆད་ལ་ལྷག་པར་བག་དང་བཅས་ནས་བསྡུ་བ་དགོས་པའོ། །འབྲེལ་

བ་ནི་དེ་དག་ཉིད་དོན་དང་གཅིག་ཏུ་འབྲེལ་ཅིང་སྙན་རྣར་གཏད་པ་ལ་ཡང་བྱའོ། །དགོས་པའི་དགོས་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པ་ཡང་བྱ་དགོས་པས་ན་དགོས་པའི་ཡང་དགོས་པ་སྟེ། བཞི་པོ་འདི་དག་བསྟན་ན་སློབ་མ་ཉན་པ་རྣམས་དང་བ་སྐྱེ་ཞིང་སྤྲོ་བ་དང་། ཉན་པ་ལ་འཇུག་པའི་ཕྱིར་

འདི་དག་སྨོས་སོ། །དེ་ལ་སྙན་པའི་བ་དན་ཞེས་བྱ་བ་ནས། དར་ལ་བབ་པ་ཡོལ་བ་ཞེས་བྱ་བའི་བར་དུ་སྡུད་པ་པོས་བསྟོད་པ་དེ་ཡང་རྣམ་པ་བདུན་དུ་དབྱེ་བར་བྱའོ། །དེ་ཡང་གང་ཞེ་ན། སངས་རྒྱས་ལ་བསྟོད་པ་དང་། ཆོས་ལ་བསྟོད་པ་དང་། སངས་རྒྱས་འབྱུང་བ་བདེ་བའི་རྒྱུར་བསྟན་པ་དང་། དགེ་བའི་

བཤེས་གཉེན་ལ་བརྟེན་པ་བདེ་བར་བསྟན་པ་དང་། མི་དགེ་བའི་གྲོགས་པོ་སྤངས་ན་བདེ་བ་དང་། འབྲས་བུ་ཐོབ་པ་བདེ་བར་བསྟན་པ་དང་། འབྲས་བུ་ཐོབ་པའི་གནས་བསྟན་པའོ། །དེ་ལ་སངས་རྒྱས་ལ་བསྟོད་པ་ནི་དང་པོ་ཤློ་ཀ་གཉིས་དང་སྦྱར་བས་བྱ་སྟེ། དེ་ཡང་དེ་རྣམ་པ་ལྔ་སྟེ་གྲགས་པ་ཕུན་

སུམ་ཚོགས་པ་དང་། བཀའ་ཕུན་སུམ་ཚོགས་པ་དང་། གཏེར་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། ཁྱད་ཞུགས་པ་ཕུན་སུམ་ཚོགས་པའོ། །ད་ནི་སོ་སོར་ཐར་པའི་ཚིག་གཉེར་ལ་བབ་སྟེ། སྙན་པའི་བ་དན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྙན་པའི་བ་དན་འཇིག་

རྟེན་གསུམ་དུ་གྲགས་པ་ཞེས་བྱ་བས་གྲགས་པ་ཕུན་སུམ་ཚོགས་པ་སྟོན་པ་སྟེ། དེ་ལ་སྙན་པ་ནི་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྟོབས་བཅུ་ལ་སོགས་པ་ལ་བྱ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ལས་བྱུང་བས་ན་

เล่ม ๑๕๕ · หน้า 4b

རྒྱུ་སྦྱིན་པ་ལ་སོགས་པ་ཤིན་ཏུ་སྙན་པ་དང་། འབྲས་བུ་སྟོབས་དང་མ་འདྲེས་པ་ལ་སོགས་པ་ཤིན་ཏུ་སྙན་པས་ན་སྙན་པ་ཞེས་ཀྱང་བྱ། དེ་ཡང་ཇི་ལྟར་སྙན་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མཐར་ཆོས་དང་ཟང་ཟིང་གི་སྦྱིན་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གཏོང་བར་

མཛད་དོ་ཞེས་འཇིག་རྟེན་དུ་སྙན་པར་གྲགས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་སྐྱོན་མེད་དེ་ཡོངས་སུ་དག་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པ་མཚུངས་པ་མེད་པར་མཛད་ཅིང་མངའ་ཞེས་འཇིག་རྟེན་དུ་སྙན་པར་སྒྲོགས་ཤིང་གྲགས་པ་སྟེ།

དེ་བས་ན་འཇིག་རྟེན་གསུམ་དུ་གྲགས་ཞེས་སྨོན་པ་ཡིན་ནོ། །དེ་བ་དན་ཞེས་སྨོས་པས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དཔེར་བཤད་པ་ཡིན་ཏེ། དེ་ཡང་བ་དན་བཟང་པོ་གང་ན་བཙུགས་པའི་ས་ཕྱོགས་དེ་ན་ཤིན་ཏུ་བཙུན་ཞིང་བརྗིད་པར་གནས་པ་ལྟ་བུའམ། ཡང་

སྐྱེ་བོ་ངན་པ་རྣམས་བག་འཁུམས་ཤིང་སྤ་གཞིལ་བ་ལྟ་བུ་འམ། ཡང་ན་དམག་དཔོན་གཡུལ་ངོ་ལས་རྒྱལ་བའི་རྟགས་ལྟ་བུ་འམ། ཡང་ན་གནས་ལ་བརྩོན་པར་བྱེད་པ་ལྟ་བུ་ནི་བ་དན་ཡིན་ཏེ། དེ་དག་དང་འདྲ་བར་བ་དན་བཟང་པོ་བཙུགས་པའི་ས་ཕྱོགས་བཙུན་པར་གནས་པ་ལྟར་དེ་བཞིན་

གཤེགས་པའི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱང་རང་བཞིན་གྱིས་བཙུན་པར་གནས་པའོ། །ཡང་ན་བ་དན་བཟང་པོ་བཙུགས་པས་ངན་པ་རྣམས་སྤ་གཞིལ་ཞིང་བག་འཁུམས་པ་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་ཀྱིས་མུ་སྟེགས་ཅན་ངན་པ་ལོག་པའི་ངང་ཚུལ་ཅན་

ལ་སོགས་པ་རབ་ཏུ་སྤ་གོང་བར་མཛད་པས་སྤ་གཞིལ་བ་ཞེས་ཀྱང་བྱའོ། །ཡང་ན་སྐྱེས་བུ་གཡུལ་ངོ་ལས་རྒྱལ་བའི་ཚེ་རྒྱལ་མཚན་བཙུགས་པ་ལྟར་བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་བཙུགས་པ་ཞེས་ཀྱང་བྱའོ། །ཡང་ན་གནས་ལ་བརྩོན་པར་གྱུར་པས་ཏེ། གང་ན་གཙུག་ལག་ཁང་ཡོད་

པ་ན་བ་དན་བཟང་པོ་གཟུགས་པ་དང་། ཕན་ཆད་རྒྱ་གར་ཡུལ་ལ་སོགས་པ་ན་གང་ན་ཚོང་འདུས་དང་། ཆང་འཚོང་བ་དང་། སྨད་འཚོང་བའི་གནས་སུ་བ་དན་གཟུགས་པས་བ་དན་གྱིས་མཚན་པས་ན་གནས་དེ་ཉིད་དུ་མ་སོན་མ་ཕྱིན་དུ་ཟིན་གྱིས་ཀྱང་། ཕ་གི་ནི་གཙུག་ལག་ཁང་ངོ་། །ཆང་

เล่ม ๑๕๕ · หน้า 5a

ཚོང་དང་ཚོང་འདུས་ཀྱི་གནས་སོ་ཞེས་ཤེས་པར་ཡང་བྱེད་ཅིང་ཆུད་པར་ཡང་བ་དན་དེས་མཚོན་ནས་ཁོང་དུ་ཆུད་པར་རུང་ངོ་། །དེ་ལྟར་དེ་བཞིན་དུ་སོ་སོའི་སྐྱེ་བོ་སྒྲིབ་པ་ཆེ་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་མངོན་སུམ་དུ་མ་མཐོང་དུ་ཟིན་གྱིས་ཀྱང་དེ་བཞིན་གཤེགས་པའི་ཡོན་

ཏན་སྟོབས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་ཡོན་ཏན་བཤད་ཅིང་བརྗོད་དེ་མངོན་སུམ་དུ་བསྟན་པ་དང་། འོ་དེ་ན་འདི་འདྲ་བའི་སྐྱེས་བུ་དམ་པ་ཡོན་ཏན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟ་ཞེས་ཀུན་གྱིས་ཤེས་པས་ན་དེ་བས་ན་དེའི་ཕྱིར་མཚོན་པའི་ཕྱིར་བ་དན་ཞེས་བྱ་བ་སྟེ། བ་དན་

གྱིས་གཙུག་ལག་ཁང་དང་། ཚོང་འདུས་ལ་སོགས་པ་ཡང་མཚོན་པ་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཡང་མཚོན་ཅིང་འཇུག་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བཟང་པོ་བ་དན་དང་འདྲ་བས་དེ་བཞིན་གཤེགས་པ་ལ་མཚོན་པར་བྱེད་པ་དེའི་

ཕྱིར་དཔེ་དང་དོན་དུ་བཅས་ཏེ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་སྨོས་སོ། །དེ་ལ་འཇིག་རྟེན་གྱི་སྒྲ་བཤད་དེ། འཇིག་རྟེན་ནི་འཇིག་པ་ཡང་ཡིན་ལ་རྟེན་པ་ཡང་ཡིན་པས་ན་འཇིག་རྟེན་ནོ། །ཡང་ན་འཇིག་རྟེན་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་འཇིག་

རྟེན་ནོ། །ཡང་ན་འཇིག་རྟེན་གསུམ་ནི་འདོད་པའི་ཁམས་དང་། གཟུགས་ཡོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་ལ་འདོད་པའི་ཁམས་ནི་ཉི་ཤུ་སྟེ། སེམས་ཅན་དམྱལ་བ་བརྒྱད་དང་། གླིང་བཞི་དང་། བྱོལ་སོང་དང་། ཡི་དགས་དང་། ལྷའི་ཁམས་དྲུག་གོ། །དམྱལ་

བ་བརྒྱད་གང་ཞེ་ན། ཡང་སོས་དང་། ཐིག་ནག་དང་། ཀུན་དུ་འཇོམས་པ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའོ། །བྱོལ་སོང་དང་། ཡི་དགས་ནི་དངོས་སུ་ཟད་དོ། །གླིང་བཞི་ལ་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་

སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་སོ། །འདོད་པའི་ཁམས་ཀྱི་ལྷའི་ཁམས་དྲུག་ལ་གཞན་འཕྲུལ་དབང་བྱེད་པ་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། ཐུན་སྤྱོད་པ་དང་། སུམ་ཅུ་རྩ་གསུམ་པ་དང་། རྒྱལ་ཆེན་བཞི་པའོ། །གཟུགས་ཡོད་པའི་ཁམས་ན་གནས་བཅུ་དྲུག་ལ་

เล่ม ๑๕๕ · หน้า 5b

ཚངས་གནས་པ་དང་། ཚངས་པའི་མདུན་ན་འདོན་པ་དང་། འོད་ཆུང་བ་དང་། ཚད་མེད་འོད་དང་། འོད་གསལ་བ་དང་། དགེ་ཆུང་བ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་པ་དང་། སྤྲིན་མེད་པ་དང་། བསོད་ནམས་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་།

བདེ་སྣང་བ་དང་། གྱ་ནོམ་མཐོང་བ་དང་། འོག་མིན་པའོ། །གཟུགས་མེད་པའི་ཁམས་བཞི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་ཡོད་མིན་སྐྱེ་མཆེད་དང་། ཅུང་ཟད་མེད་མིན་སྐྱེ་མཆེད་དོ། །དེ་ལྟར་ན་ཁམས་གསུམ་པོ་དེ་དག་ཏུ་སངས་རྒྱས་

ཀྱི་ཡོན་ཏན་ཤིན་ཏུ་སྙན་པར་གྲགས་པས་ན་གྲགས་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་ཁ་ཅིག་འདི་སྐད་རྒོལ་བ་ཡང་སྲིད་དེ། གཟུགས་མེད་པའི་ཁམས་ན་གཟུགས་དང་རྣ་བའི་དབང་པོ་ཡང་མེད་ལ། ཚིག་ཏུ་སྨྲ་བ་དང་ཡང་བྲལ་བས་གྲགས་ཞེས་བྱར་ཡང་མི་རུང་ན་ཞེས་ཟེར་ཡང་སྲིད་དེ།

དེ་ནི་ཉེས་པ་མེད་དེ་སྔོན་ཐོས་པའི་བག་ཆགས་ཡིད་ལ་ཡོད་པས་ན་རུང་ངོ་། །ཡང་ན་འཇིག་རྟེན་གསུམ་ཞེས་བྱ་བ་ནི་ལྷ་དང་། མི་དང་། ཀླུའི་འཇིག་རྟེན་ལ་བྱ་སྟེ། དེ་དག་ལ་གསུང་རབ་ཀྱི་ཆོས་བཤད་ཅིང་བསྟན་ན་གོའི་གཞན་ལ་སྣོད་དུ་མི་འགྱུར་ཞིང་མི་ཀོ་བས་ན་མ་ཡིན་ནོ་ཞེས་ཁ་ཅིག་དེ་སྐད་

ཅེས་ཀྱང་འཆད་དོ། །དམ་པའི་ཆོས་སྨྲ་སེང་གེའི་སྒྲ་བསྒྲགས་པ་ཞེས་པས་བཀའ་ཕུན་སུམ་ཚོགས་པ་དང་སྦྱར་ཏེ། དེ་ལ་དམ་པ་ནི་དེ་བཞིན་གཤེགས་པ་སྟེ། སྒྲིབ་པ་གཉིས་སྤངས་པས་དམ་པ་ཞེས་བྱ་སྟེ། དེས་གསུངས་ཤིང་བསྟན་པའི་ཆོས་ཀྱང་དམ་པ་སྟེ། ཀུན་ནས་བསྐོར་བ་དང་བག་ལ་ཉལ་

བའི་ཉོན་མོངས་པ་རྣམ་པ་གཉིས་སྤོང་ཞིང་སེལ་ནུས་པས་དམ་པ་ཞེས་སྨོས་སོ། །དམ་པའི་ཆོས་དངོས་སུ་ན་གང་ལ་བྱ་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་དང་། འཕགས་པའི་བདེན་པ་བཞིའི་ཆོས་ལ་བྱའོ། །ཉོན་མོངས་པའི་ཆོས་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཞེས་གདགས་མོད་

ཀྱི། དེ་ལ་བྱེ་བྲག་ཏུ་ཉོན་མོངས་པའི་གཉེན་པོར་གྱུར་པས། དམ་པའི་ཆོས་ཞེས་སྨོས་སོ། །ཡང་ན་དམ་པའི་ཆོས་ཞེས་བྱ་བ་རྒྱ་གར་སྐད་དུ་སད་དྷ་རྨཱ་ཞེས་བྱ་སྟེ། སད་ཅེས་བྱ་བ་ནི་ཡོད་པའི་སྒྲར་ཡང་བཤད་དུ་རུང་སྟེ། ཡོད་པར་ལྟ་ན་ཡང་ཇི་ལྟར་གཟུང་ཞེ་ན། མུ་སྟེགས་ཅན་ཁ་ཅིག་གང་གིས་

เล่ม ๑๕๕ · หน้า 6a

སྡིག་པ་བྱས་པ་དང་། གང་གིས་དགེ་བ་བྱས་པའི་འབྲས་བུ་མེད་པར་ལྟ་བའི་ཆོས་དེ་དག་དང་མི་འདྲ་སྟེ། སྡིག་པ་དང་དགེ་བ་བྱས་པའི་འབྲས་བུ་ཆུད་ཟ་བའམ་སྟོར་བར་མི་འགྱུར་ལ། འབྲས་བུ་ཡོད་དོ་ཞེས་སྨྲ་བས་ན། ཡོད་པའི་ཆོས་ཞེས་ཀྱང་བཤད་དོ། །སེང་གེའི་སྒྲ་ནི་

དཔེ་བསྟེན་ཏོ། །དེ་བཞིན་གཤེགས་པ་ནི་མིའི་སེང་གེ་ཞེའོ། །དེ་ཡང་ཇི་ལྟར་ན་སེང་གེ་ལ་དཔེ་བླང་ཞེ་ན། རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ནགས་དང་གཞོངས་གང་ནས་གང་དུ་རྒྱུ་ཞིང་འགྲོ་བ་དེར་སེང་གེའི་ཕུལ་གྱིས་སྒྲ་འབྱིན་ཅིང་སྒྲོགས་པ་ཙམ་གྱིས་གླང་པོ་ཆེ་དང་རྟ་དང་། ཝ་ལ་སོགས་

ཏེ་རི་དགས་ཕྲ་མོ་རྣམས་ཤིན་ཏུ་སྐྲག་ཅིང་སྔངས་པ་དང་། བག་འཁུམས་ཤིང་སྤ་གོང་བ་ལྟར་དེ་བཞིན་གཤེགས་པ་སེང་གེ་དང་འདྲ་བས་ཆོས་ཀྱི་གསུང་སྒྲ་སྙན་པ་ཙམ་གྱིས་མུ་སྟེགས་ཅན་རི་དགས་དང་འདྲ་བ་རྣམས་བག་འཁུམས་ཤིང་སྤ་གོང་བ་དང་གཟི་བརྗིད་འཇིལ་བས་དེ་བཞིན་གཤེགས་

པ་ནི་སེང་གེ་དང་འདྲའོ་ཞེས་སོ། །བསྒྲགས་ཞེས་བྱ་བ་ནི་གསུངས་ཤེའམ། བསྟན་ཞེའམ། བཤད་ཅེས་པའི་ཐ་ཚིག་གོ། །དེ་ལྟར་ན་འདི་བཀའ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཕུན་སུམ་ཚོགས་ཞེས་བྱ་བ་ནི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གསུང་གཅིག་གིས་འགྲོ་བ་ཐ་དད་པའི་སེམས་ཅན་

རྣམས་ཡིད་བཞིན་དུ་གོ་བར་མཛད་པས་ན་བཀའ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་རིན་ཆེན་མཛོད་བརྙེས་པ་ཞེས་བྱ་བས་ཤེས་རབ་ཁྱད་ཞུགས་ཤིང་གཏེར་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་མ་ལུས་པར་ཐུགས་སུ་ཆུད་པའི་དོན་ཏེ།

འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་ཟག་པ་མེད་པ་དང་། ཕུང་པོ་དང་། ཁམས་ལ་སོགས་པའི་ཆོས་རྣམས་སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པ་ཞེས་བྱའོ། །རྣམ་པ་གཞན་དུ་རེ་ཞིག་རྣམ་པ་བཞི་ཞིག་གིས་བསྟན་པར་བྱ་སྟེ།

མ་ལུས་པ་དང་། ཚད་མེད་པ་དང་། ཐུན་མོང་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པའོ། །མ་ལུས་པ་ཞེས་བྱ་བ་ནི་ཕྱོགས་འགའ་ཙམ་ཤེས་པ་མ་ཡིན་གྱི་དངོས་པོ་ཀུན་ཆུབ་པར་མཁྱེན་པའོ། །ཚད་མེད་པ་ནི་མདོའམ་མ་མོ་འགའ་ཙམ་ཤེས་པ་མ་ཡིན་གྱི་སྡེ་སྣོད་ཚད་མེད་པར་མཁྱེན་པའོ། །

เล่ม ๑๕๕ · หน้า 6b

ཐུན་མོང་མ་ཡིན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དག་དང་ཐུན་མོང་མ་ཡིན་པའི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་ཐུགས་སུ་ཆུད་པའོ། །མུ་སྟེགས་ཅན་ཁ་ཅིག་མང་དུ་ཆུད་ཅིང་ཤེས་ཀྱང་ནོར་ཞིང་ཕྱིན་ཅི་ལོག་ཏུ་བཤད་པ་དག་

ཡོད་ན། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ཅིང་མཁྱེན་ཀྱང་ནོར་བ་ལྟ་བུ་ཡོད་དམ་མེད་ཅེས་འདྲི་ཡང་སྲིད་དེ་དེ་ན་མེད་དེ་དེ་བཞིན་གཤེགས་པ་ཕྱིན་ཅི་མ་ལོག་པ་ཉིད་དུ་འཆད་དེ། དེ་བས་ན་གཞུང་དག་གི་ནང་ནས་ཀྱང་འཁྲུལ་པ་མེད་པ་ཞེས་འཆད་དོ། །རིན་ཆེན་ཞེས་བྱ་བ་ནི་

ཆོས་དཀོན་མཆོག་རིན་པོ་ཆེ་ལ་བྱ་སྟེ། དེ་ཡང་གང་ཞེ་ན། བཤད་པའི་ཆོས་དང་། སྒྲུབ་པའི་ཆོས་དང་། འཕགས་པའི་ལམ་རྣམས་ཀྱི་རང་བཞིན་ནོ། །ཡང་ན་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་ཡང་བྱའོ། །རིན་ཆེན་ཞེས་བྱ་བ་ནི་དཔེ་

སྟེ། ཇི་ལྟར་འཇིག་རྟེན་ན་རིན་པོ་ཆེ་ཤིན་ཏུ་དཀོན་པ་དང་རིན་ཆེ་བ་དང་། མུན་ནག་སེལ་ཅིང་མཚོ་དངས་པར་བྱེད་པ་དང་། རིན་པོ་ཆེ་སུ་ལ་བདོག་པའི་མི་དེ་བསམ་པ་ཡོངས་སུ་འགྲུབ་པ་དང་འདྲ་བར་ཆོས་དཀོན་མཆོག་རིན་པོ་ཆེ་བསླབ་པ་གསུམ་པོ་ཡང་ཤིན་ཏུ་རྙེད་པར་དཀའ་ཞིང་

རིན་ཆེ་བ་དང་། ཉོན་མོངས་པ་རྣམས་སེལ་ཅིང་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་བྱེད་པས་ཆོས་དཀོན་མཆོག་རིན་པོ་ཆེ་ཞེས་བྱའོ། །མཛོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་དེ། འདི་འདྲ་བའི་ཆོས་རིན་པོ་ཆེའི་འབྱུང་ཁུང་དུ་གྱུར་པའི་ཕྱིར་མཛོད་ཅེས་བྱའོ། །ཡང་ན་ཐམས་ཅད་

མཁྱེན་པས་ཆོས་དཀོན་མཆོག་འབྲས་བུ་འདི་འདྲ་བ་བརྙེས་པས་ན་མཛོད་དང་འདྲ་བས་ན་མཛོད་བརྙེས་པ་ཞེས་ཀྱང་བྱ། མཛོད་ནི་འཕགས་པའི་དགེ་འདུན་ལའང་བྱ་སྟེ། ཆོས་དཀོན་མཆོག་གི་མཛོད་དང་གནས་སུ་འོས་པའི་ཕྱིར་མཛོད་ཅེས་སྨོས་ཏེ། དེ་འདྲ་བའི་སློབ་མ་རིན་པོ་ཆེའི་

སྣོད་དུ་མཛོད་དང་འདྲ་བའི་བཅོམ་ལྡན་འདས་ཀྱིས་འཁོར་དུ་བརྙེས་པས་ན། ཐམས་ཅད་མཁྱེན་པ་རིན་ཆེན་མཛོད་བརྙེས་པ་ཞེས་བྱའོ། །དེ་ལྟར་ན་ནོར་གྱི་གཏེར་དང་འདྲ་བས་གཏེར་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བ་

เล่ม ๑๕๕ · หน้า 7a

བས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་མུ་སྟེགས་ཅན་ཁ་ཅིག་ཚངས་པ་དང་བརྒྱ་བྱིན་ལ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་ལྟ་བ་དག་ཡོད་དེ། དེ་ལྟར་ལྟ་བ་སྤང་ཞིང་ཐམས་ཅད་མཁྱེན་པ་དེ་དག་ལས་འཕགས་པར་བསྟན་པའི་ཕྱིར་འཇིག་རྟེན་

པའི་གཙོ་བོ་མཆོག་ཕུལ་ཚད་མར་བྱ་བ་ཚངས་པ་མི་མཇེད་ཀྱི་བདག་པོ་དང་། བརྒྱ་བྱིན་ལྷའི་རྒྱལ་པོ་སྟེ། ཚངས་པ་ཡང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚད་མེད་པ་བཞི་དང་ལྡན་པ་ཡིན་ལ། བརྒྱ་བྱིན་ཡང་ལྷའི་དབང་པོ་ཡིན་ཏེ། འཇིག་རྟེན་ན་

གྲགས་པའི་མཚན་མ་རྣམས་ཀྱིས་ཀྱང་རང་གི་ལུས་ཀྱི་ནང་ན་དམ་པ་སྤྱི་བོས་ཀྱང་བཏུད་ལ། བསོད་ནམས་ཀྱིས་ཐོབ་པའི་ནོར་བུ་རིན་པོ་ཆེ་རྒྱན་དང་བཅས་པས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཤིང་ཕྱག་འཚལ་བ་ལ་བལྟས་ན་ལྷག་པར་ཡོན་ཏན་དང་ལྡན་ཞིང་མངའ་

དབང་ཕུན་སུམ་ཚོགས་པའམ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་། བསྙེན་བཀུར་བྱེད་པར་འོས་པས་ན། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་སྨོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་དུ་འོས་ཤིང་བསྟན་ཏོ། །ཡང་གཅིག་ཏུ་ན་

དེ་བཞིན་གཤེགས་པའི་ཞབས་ཀྱིས་ཚངས་པ་དང་། དབང་པོའི་གཙུག་གི་ནོར་བུ་ལ་རེག་པར་བྱས་སོ་ཞེས་པར་རྒྱ་གར་སྐད་ལས་དྲང་དུ་ཡང་རུང་ངོ་། །དེ་ལྟར་ན་བརྒྱ་བྱིན་དང་དབང་པོ་ལ་སོགས་ཏེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་བསྙེན་བཀུར་བ་དང་། འཁོར་

མང་པོ་དང་ལྡན་པས་ན་འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྡུག་བསྔལ་རྒྱ་མཚོ་ཕ་མཐའ་མེད་རྒལ་བ། །ཞེས་བྱ་བ་ཤློ་ཀ་གཅིག་གིས་ནི་ཡོན་ཏན་ཕལ་ལས་ཁྱད་ཞུགས་པ་བསྟན་ཏེ། སྡུག་བསྔལ་ནི་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལ་སོགས་ཏེ་སྡུག་བསྔལ་གསུམ་དང་

བརྒྱད་ལ་བྱའོ། །ཡང་ན་ལས་དང་ཚེ་དང་ཉོན་མོངས་པ་ཉིད་འཁོར་བའི་རྒྱུ་ཡིན་པས་དེ་ཉིད་སྡུག་བསྔལ་ཡིན་པར་བསྟན་ཏེ། སྡུག་བསྔལ་དེ་ཡང་ཤིན་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པའི་ཕྱིར་དཔེ་རྒྱ་མཚོ་དང་འདྲ་ཞེའོ། །ཕ་མཐའ་མེད་པ་ནི་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཐ་ཚིག་སྟེ།

เล่ม ๑๕๕ · หน้า 7b

དེ་ལྟ་བུ་ལས་སུས་རྒལ་ཞེ་ན། དེ་བཞིན་གཤེགས་པ་འགྲོ་བའི་གཙོ་བོས་རྒལ་ཏེ། དེ་བས་ན་བརྒྱ་བྱིན་དང་ཚངས་པ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཉིད་ལ་གནས་པས། དེ་དག་ལས་བཅོམ་ལྡན་འདས་ཁྱད་ཞུགས་པའི་ཕྱིར་སྤྱི་བོས་ཕྱག་འཚལ་ལོ་ཞེས་སྨོས་སོ། །ཡང་ན་འགྲོ་བའི་གཙོ་

ནི་སྐྱེ་བོ་ངན་སོང་དུ་འགྲོ་བ་ལས་སྐྱོབ་ཅིང་དགེ་བ་བཅུའི་ཆོས་ལས་བླན་ཏེ། བདེ་བའི་ཆོས་རྣམས་སྟོབས་ཤིང་ཐར་པར་འདྲེན་པས་ན་ཡོན་ཏན་འདི་ལྟ་བུ་དང་ལྡན་ཞིང་སྐྱེ་བ་གཞན་ལ་མེད་པས། འགྲོ་བའི་གཙོ་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། འདི་འདྲ་བའི་ཡོན་ཏན་གྱི་བདག་ཉིད་ཅན་

གྲགས་པ་ཕུན་སུམ་ཚོགས་པ་དང་རིན་པོ་ཆེའི་གཏེར་དང་འདྲ་བར་འཁོར་མང་པོ་མངའ་བ་སྡུག་བསྔལ་རྒྱ་མཚོ་ལས་རྒལ་བ་ཡོན་ཏན་གྱི་བདག་ཉིད་ཅན་ལ་ཕྱག་འཚལ་ཞིང་བསྟོད་པ་བརྩམས་ནས་གདོད་སོ་སོར་ཐར་པ་ལ་བསྟོད་པ་བརྩམ་མོ་ཞེས་འཆད་དོ། །དེ་ལ་ཕྱག་འཚལ་བ་ནི་

ལུས་དང་། ངག་དང་། ཡིད་གསུམ་གྱིས་ཕྱག་འཚལ་བ་ལ་བྱའོ། །དེ་ལྟར་ཕྱག་འཚལ་བ་ཡང་ཅིར་དགོངས་ཤེ་ན། བླ་མ་ལ་མཐུ་བསྟན་པས་བགེགས་དང་བར་ཆད་ཀྱིས་མི་ཟུག་ཅིང་བརྩམ་པ་མཐར་ཕྱིན་པར་འགྱུར་རོ་ཞེའོ། །དེ་ལ་སློབ་དཔོན་ཁ་ཅིག་ན་རེ་སྙན་པའི་བ་དན་ཞེས་བྱ་

བ་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའི་སྒོ་ནས་བསྟོད་པའོ། །སྡུག་བསྔལ་རྒྱ་མཚོ་ཕ་མཐའ་རྒལ། །ཞེས་བྱ་བ་ནས། འགྲོ་བའི་གཙོ་ལ་ཕྱག་འཚལ་ལོ། །ཞེས་བྱ་

བའི་བར་དུ་རང་གི་དོན་ཕུན་སུམ་ཚོགས་པ་ལ་བསྟོད་པའོ། །ཐམས་ཅད་མཁྱེན་པའི་བསླབ་ཚིག་ཞེས་པ་ནས། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ། །ཞེས་བྱ་བའི་བར་དུ་སོ་སོར་ཐར་པ་ལ་བསྟོད་ཅིང་བསྟན་པར་དམ་བཅས་པ་སྟེ། དེ་བས་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་

ཐམས་ཅད་མཁྱེན་པ་ལ་བསྟོད་ཅིང་ཕྱག་འཚལ་ནས། སོ་སོར་ཐར་པ་ལ་བསྟོད་ཅིང་བསྟན་པར་བྱའོ་ཞེའོ། །ཇི་ལྟར་ན་སོ་སོར་ཐར་པའི་བསླབ་པའི་ཚིག་ལ་བསྟོད་ཅེ་ན། དཀོན་མཆོག་ཅེས་བྱ་བ་སྟེ། རྒྱ་གར་སྐད་དུ་རཏྣ་ཞེས་བྱ་བ་སྟེ། རཏྣ་ནི་རིན་པོ་ཆེ་ལ་བྱ་བས་རིན་པོའི་སྣོད་དམ་རིན་པོ་

เล่ม ๑๕๕ · หน้า 8a

ཆེའི་མཛོད་དབྱེ་ཞིང་གཞན་ལ་བསྟན་པ་ཡང་དཔེར་བྱ་ན་རིན་པོ་ཆེ་ལ་མཁས་པའམ་རིན་ཐང་འདེབས་ཤེས་ཤིང་སྔོན་ཆད་མཐོང་བའི་མདུན་དུ་དབྱེ་ཞིང་བསྟན་པ་ཡིན་གྱི། རིན་པོ་ཆེ་མ་མཐོང་བ་དང་མི་ཤེས་པའི་མདུན་དུ་བསྟན་ཅིང་ཕྱིར་ཟིན་གྱིས་ཀྱང་བཟང་ངན་

བྱེ་བྲག་མི་ཕྱེད་ལ། ཅིར་ཡང་མི་མཁོ་བ་དང་མཚུངས་ཏེ། ཆོས་དཀོན་མཆོག་རིན་པོ་ཆེ་ཡང་འཕགས་པའི་གང་ཟག་ཚུལ་ཁྲིམས་འདི་ལ་འཇུག་ཅིང་སྤྱོད་པར་འགྱུར་བ་དེ་དག་ལ་དབྱེ་ཞིང་བསྟན་པར་བྱའི། དེ་ལ་མི་འཇུག་པའི་གང་ཟག་ཀུན་ལ་བསྟན་ཀྱང་དགོས་པ་མེད་པའི་ཕྱིར་

འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་སྨོས་ཏེ། དེས་ནི་སོ་སོར་ཐར་པའི་བསླབ་ཚིག་ལ་བསྟོད་ཅིང་དམ་བཅས་པའོ། །ཐམས་ཅད་མཁྱེན་པ་ནི་གོང་མ་འདྲ། དེས་བསྟན་པས་ན་བསླབ་པ་ཚུལ་ཁྲིམས་དེ་ནི་བསླབ་ཚིག་གོ། །དཀོན་མཆོག་ནི་བསླབ་ཚིག་དེ་

དཀོན་ཞིང་མཆོག་དམ་པ་ཡིན་པས་ན་དཀོན་མཆོག་གོ། །སྣོད་དང་འདྲ་སྟེ་རྣམ་པར་དབྱེ་བ་དང་། དངོས་པོ་ལ་སོགས་པའི་གཞི་འམ་གནས་སུ་གྱུར་པའི་ཕྱིར་སོ་སོ་ཐར་པ་ནི་སྣོད་ཅེས་སྨོས་སོ། །དེ་ཡན་ཆད་སངས་རྒྱས་ལ་བསྟོད་པ་དང་སྦྱར་རོ། །འདི་མན་ཆད་ཆོས་ལ་བསྟོད་པ་དང་

སྦྱར་ཏེ། སངས་རྒྱས་ཀྱི་ནི་འདུལ་བ་མཚོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སངས་རྒྱས་ནི་མ་རིག་པའི་གཉིད་ལས་སངས་ཤིང་མཁྱེན་པར་བགྱི་བའི་སྤྱོད་ཡུལ་ལ་པད་མོ་ཁ་རྒྱས་པ་བཞིན་དུ་རྒྱས་པ་ལ་བྱ། ཡང་ན་རྒྱ་གར་སྐད་དུ་རྒྱས་ཞེས་བྱ་བའི་ཉི་ཚེའི་སྒྲ་ཡོད་དེ། སྒྲིབ་

པ་རྣམས་ཡོངས་སུ་བྱང་ནས། མཁྱེན་པར་བྱ་བའི་ཡུལ་ལ་མིག་དང་འདྲ་བའི་ཡེ་ཤེས་ཀྱིས་གསལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རྒྱས་པ་ཞེས་ཀྱང་བྱའོ། །ཀྱི་ཞེས་བྱ་བ་ནི་དགར་བའི་ཚིག་སྟེ། མུ་སྟེགས་ཅན་གཏོགས་འདོད་ལ་སོགས་པའི་མ་ཡིན་གྱི་སངས་རྒྱས་ཀྱི་འདུལ་བ་

མཚོ་དང་འདྲའོ་ཞེས་པའི་ཐ་ཚིག་གོ། །འདུལ་བ་ཞེས་བྱ་བ་ནི་མདོ་སྡེ་དང་མ་མོ་དག་ལས་ཁྱད་པར་དུ་བསྟན་པའོ། །ཡང་ན་ཡོན་ཏན་གྱི་སྒོ་ནས་འདུལ་བ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་བསྐོར་བའི་ཉོན་མོངས་པ་འདོན་ཞིང་འདུལ་བར་བྱེད་པས་ན་འདུལ་བའོ། །ཡང་ན་འདོད་ཆགས་དང་།

เล่ม ๑๕๕ · หน้า 8b

ཞེ་སྡང་དང་། གཏི་མུག་གི་གཉེན་པོར་འགྱུར་ཏེ་འདུལ་བས་ན་འདུལ་བའོ། །འོ་ན་འདི་ལྟ་བུའི་འདུལ་བའི་ལེའུ་མང་ཉུང་ཇི་ཙམ་ཅིག་ཡོད་ཅེ་ན། ཚད་བཟུང་ཞིང་དཔག་དཀའ་བར་བསྟན་པས་དཔེ་རྒྱ་མཚོ་དང་འདྲའོ་ཞེས་སོ། །མཚོ་དང་འདྲ་བར་བསྟན་པ་ནི་ཟབ་པ་དང་རྒྱ་

ཆེ་བའི་སྒོ་ནས་བསྟན་པའོ། ཡང་ན་ཇི་ལྟར་ན་མཚོ་ལས་ནོར་བུ་རིན་པོ་ཆེ་འབྱུང་བ་ལྟར་ཚུལ་ཁྲིམས་འདུལ་བའི་གཞི་ལས་ཡོན་ཏན་གྱི་འབྲས་བུ་ཡིད་བཞིན་དུ་འབྱུང་བས་ན་མཚོ་དང་འདྲའོ་ཞེས། མ་ལུས་ཞེས་སྨོས་པ་ནི་འོག་ནས་འགྲེལ་ཏེ། གཏིང་དང་ཕ་རོལ་དུ་མེད་པར་

གནས་དང་སྙིང་གི་སྙིང་པོ་ཞེས་པ་དང་སྦྱར་ཏེ། གཏིང་དང་ཕ་རོལ་མེད་པ་ནི་མཚོ་དེ་ཇི་ལྟར་གཏིང་དཔག་དཀའ་ཞིང་ཕ་རོལ་མེད་པ་ལྟར་འདུལ་བ་ཡང་ཚད་གཟུང་དཀའ་བའི་ཕྱིར་རོ། །ཕ་རོལ་མེད་པ་ནི་འདི་ནི་ཕ་རོལ་ཏོ། །འདི་ནི་ཚུལ་རོལ་ཏོ་ཞེས་བསྙད་པ་དང་མཐོང་བར་མི་ནུས་

པའི་ཕྱིར་ཏེ། འདུལ་བ་ཡང་འདི་ནི་ཐོག་མའི་མཐའོ། །འདི་ནི་ཐ་མའི་མཐའོ་ཞེས་ཚད་མི་ཟིན་པའི་ཕྱིར་རོ། །ཡང་ན་འདུལ་བའི་ཡོན་ཏན་དེ་ལྟར་དཔག་ཅིང་ཚད་གཟུང་བའམ་གཞལ་བར་བྱ་བ་ལ་ཡང་བྱའོ། །གནས་དང་སྙིང་གི་སྙིང་པོ་ནི་འདུལ་བ་མ་ལུས་པ་ཞེས་འདིར་སྦྱར་བར་བྱ་སྟེ། མ་

ལུས་པ་ནི་རྣམ་པར་དབྱེ་བ་དང་། དངོས་པོ་དང་། ཕྲན་ཚེག་ལ་སོགས་པ་དེ་དག་མ་ལུས་པའི་གནས་སམ། ལུས་དྲན་པར་གྱུར་པས་ན་དེ་བས་ན་སོ་སོར་ཐར་པ་ནི་གནས་ཞེས་བྱའོ། །སྙིང་དང་ཞེས་བྱ་བ་ནི་དམ་པ་ལྟ་བུའི་དཔེ་སྟེ། དཔེར་ན་ལུས་ཀྱི་ནང་ན་དམ་པ་ནི་སྙིང་ངོ་། །དེ་དང་འདྲ་བར་

འདུལ་བ་ཐམས་ཅད་ཀྱི་སྙིང་དུ་གྱུར་པ་འམ། དམ་པ་ལྟ་བུར་གྱུར་པའི་ཕྱིར་དཔེ་སྙིང་དང་འདྲའོ་ཞེའོ། །སྙིང་པོ་ནི་ཡོངས་སུ་ཡང་གཙོ་བོ་ལྟ་བུའམ། མཐུ་དང་ལྡན་ཞིང་གཞིག་པར་དཀའ་བ་ལྟ་བུ་འམ་བརྟག་བཟོད་པ་ལྟ་བུའི་ཚིག་སྟེ། ཇི་ལྟར་གཙོ་བོ་ལྟ་བུར་ལྟ་ཞེ་ན། འདུལ་བ་ཐམས་

ཅད་ཀྱི་ནང་ན་སོ་སོར་ཐར་པ་ནི་གཙོ་བོའམ་མཆོག་ཏུ་གྱུར་པ་ལྟ་བུའོ། །ཇི་ལྟར་བརྟན་ཞིང་གཞིག་པར་དཀའ་ཞེ་ན། དགེ་སྦྱོང་དང་མུ་སྟེགས་ཅན་ལ་སོགས་པ་ལོག་པར་ལྟ་བ་རྣམས་ཀྱིས་མི་ཕྱེད་ཅིང་གཞིག་པར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་ན་བརྟག་བཟོད་པར་བལྟ་ཞེ་ན། དེ་བཞིན་

เล่ม ๑๕๕ · หน้า 9a

གཤེགས་པའི་འདུལ་བ་ལ་སྐྱོན་དང་། དྲི་མ་དང་། ལྷད་ཀྱིས་མ་ནོར་བས་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་འཇིག་རྟེན་པའི་ཐ་སྙད་ཀྱིས་ཆོས་བརྟག་མི་བཟོད་པ་དང་མི་འདྲ་བས་སྙིང་པོ་ཞེས་བྱའོ། །གནས་དང་སྙིང་གི་སྙིང་པོ་ནི་དོན་གཅིག་སྟེ་ཡོན་ཏན་གྱི་རྣམ་

གྲངས་སོ། །དེ་ལྟ་བུ་གང་ཡིན་ཞེ་ན། མདོ་ལས་སོ་སོར་ཐར་པ་ཡིན་ནོ་ཞེས་སྨོས་ཏེ། དེས་ནི་འདུལ་བ་གཞན་དང་། སྡེ་སྣོད་གཞན་ལས་ཁྱད་པར་དུ་སོ་སོར་ཐར་པ་འདི་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་སོ་སོར་ཐར་པའི་སྒྲ་ནི་ཉོན་མོངས་པ་དང་། ངན་སོང་གསུམ་དང་། ལྟུང་བ་རིས་ལྔའི་

ཉེས་པ་ལས་ཐར་པར་བྱེད་པའམ། ཉེས་པ་འདི་རྣམས་འདུལ་བར་བྱེད་པས་ན་ཐར་པ་ཞེས་ཀྱང་བྱ། འདུལ་བ་ཞེས་ཀྱང་བྱའོ། །ཡང་ན་སྐྱེ་བོ་ཐ་དད་པ་རྣམས་སོ་སོ་ནས་སྡོམ་པ་ལ་གནས་པ་དེ་དག་སོ་སོར་ཐར་པའི་འབྲས་བུ་ཐོབ་པར་བྱེད་པས་ན་སོ་སོར་ཐར་པ་ཞེས་ཀྱང་བྱའོ། །ཡང་ན་རྒྱ་གར་

སྐད་ལས་པྲ་ཏི་ཞེས་བྱ་བའི་ཕྱིར་རམ། ཀུན་དུ་བའི་སྒྲ་ཡང་རུང་སྟེ། ཐར་པའི་ཕྱིར་རམ། ཀུན་དུ་ཐར་པ་སྟེ། ཀུན་ནས་བསྐོར་བའི་བག་ལ་ཉལ་བའི་ཉོན་མོངས་པ་ལས་ཐར་པའི་ཕྱིར་རོ། །དེ་ལ་ཁ་ཅིག་འདི་སྐད་རྟོག་ཀྱང་སྲིད་དེ། བག་ལ་ཉལ་བའི་ཉོན་མོངས་པ་ཡེ་ཤེས་ཀྱིས་སྤོང་བ་ཡིན་

ཇི་ལྟར་འདུལ་བས་སྤོང་ཞེས་བྱ། སྤོང་ཞིང་བག་ལ་ཉལ་བའི་ཉོན་མོངས་པ་ཕྲ་མོ་རྣམས་ཡེ་ཤེས་ཀྱིས་སྤོང་ངོ་ཞེས་འབྱུང་མོད་ཀྱི། འདུལ་བ་ཡང་ཆོས་ཐམས་ཅད་ཀྱི་གཞི་དང་གནས་སུ་གྱུར་པས་ཉོན་མོངས་པ་ཡང་བརྒྱུད་དེ་སྤོང་བ་དང་། མངོན་སུམ་དུ་སྤོང་བ་དང་གཉིས་ཡོད་པས་ན་སྐབས་འདིར་འདུལ་བ་

ཡང་བརྒྱུད་དེ་སྤོང་བའི་རྒྱུར་འགྲོ་བས་ཉེས་པ་མེད་དོ། །དེ་བས་ན། ཚུལ་ཁྲིམས་ལ་ནི་གནས་བྱ་ཞིང་། །ཏིང་ངེ་འཛིན་དག་མངོན་པར་བསྒྲུབ། །ཅེས་ཚིགས་སུ་བཅད་པ་ལས་འབྱུང་བ་དག་ཡིན་ཏེ། ཚུལ་ཁྲིམས་ས་དང་འདྲ་བའི་གཞི་མེད་དུ་མི་རུང་བའི་ཕྱིར་རོ། །འོ་ན་མདོ་སྡེ་དང་མངོན་པའི་

ཆོས་ཀྱང་སོ་སོར་ཐར་པ་ཞེས་མི་གདགས་སམ་ཞེས་ཟེར་ཡང་སྲིད་དེ། དེ་དག་ལས་ཁྱད་དུ་བསྟན་པའི་ཕྱིར་རྣམ་པ་བདུན་ཞིག་གིས་མདོ་སྡེ་དེ་དག་ལས་བྱེ་བྲག་ཏུ་བསྟན་ཏེ། །རྣམ་པ་བདུན་པོ་ནི་འདུལ་བའི་ལུས་དང་། འདུལ་བའི་གནས་དང་། འདུལ་བའི་དམིགས་པ་དང་། འདུལ་

เล่ม ๑๕๕ · หน้า 9b

བའི་རང་བཞིན་དང་། འདུལ་བའི་མཚན་ཉིད་དང་། འདུལ་བའི་གླེང་གཞི་དང་། འདུལ་བའི་འབྲས་བུའོ། །དེ་ལ་ལུས་ནི་སོ་སོར་ཐར་པ་འདི་འདུལ་བ་ཀུན་གྱི་ལུས་ཡིན་ནོ་ཞེའོ། །འདུལ་བའི་གནས་ནི་སོ་སོར་ཐར་པ་དེ་ཉིད་འདུལ་བའི་གནས་སུ་བལྟ་བའམ། ལས་བརྒྱ་རྩ་གཅིག་དང་

གསོལ་བ་དང་ཞུ་བའི་གནས་སོ་ཞེའོ། །འདུལ་བའི་དམིགས་པ་ནི་ཉེས་བྱས་ཕྲ་མོ་ཡན་ཆད་ལས་ལྷག་པར་བསམ་པས་བསྲུང་ཞིང་བག་བྱེད་པའི་ཕྱིར་རོ། །ལྟུང་བ་རིས་ལྔ་ནི་འདུལ་བའི་རང་བཞིན་ནོ། །མཚན་ཉིད་ནི་ལས་བརྒྱ་རྩ་གཅིག་ལ་བྱའོ། །འདུལ་བའི་གླེང་གཞི་ནི་ཡུལ་མཉན་དུ་ཡོད་པ་ལ་

སོགས་ཏེ། ཡུལ་གང་དུ་བསླབ་པ་བཅས་པ་ལ་བྱའོ། །འདུལ་བའི་འབྲས་བུ་ནི་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་ལ་བྱའོ། །རྣམ་པ་བདུན་པོ་དེས་མདོ་སྡེ་དག་ལས་བྱེ་བྲག་ཏུ་བསྟན་ཏོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཞེས་པ་དམ་ཆོས་རྒྱལ་པོ་ནི་སོ་སོར་ཐར་པ་ཉིད་ལ་བྱའོ། །ཅིའི་ཕྱིར་མདོ་སྡེ་

དང་མངོན་པའི་ཆོས་ལ་རྒྱལ་པོ་ཞེས་མི་བྱའི། འདུལ་བ་ཉི་ཚེ་ལ་རྒྱལ་པོར་བྱ་ཞེ་ན། འདུལ་བ་ནི་ཆོས་ཐམས་ཅད་ཀྱི་རྟེན་ཏམ་རྩ་བར་གྱུར་ཏེ། ཆོས་ཐམས་ཅད་འདི་ལ་བརྟེན་ཅིང་སྐྱེ་བས་ན་གཙོ་བོར་གྱུར་པའི་ཕྱིར་རྒྱལ་པོ་ཞེས་བྱའོ། །ཡང་ན་དམ་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་

ཉིད་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་མངའ་དབང་མཛད་ཅིང་བདག་པོར་གྱུར་པས་ལྷ་དང་མི་ལ་སོགས་པ་རྣམས་ཐམས་ཅད་ཀྱང་ལུང་དེ་ལས་ནོད་པའི་ཕྱིར་རྒྱལ་པོའོ། །དེ་ལྟ་བུའི་ཆོས་ནི་དམ་པ་བས་ན་དམ་པའི་ཆོས་སོ། །མི་བྲི་བསྡུས་པ་ཞེས་བྱ་བ་ནི་སྔོན་དེ་བཞིན་གཤེགས་

པ་མངོན་པར་བྱང་ཆུབ་ནས་ལོ་བཅུ་གསུམ་དུ་སོགས་པ་ན་འདུལ་བ་སྐྱོན་མེད་པ་ལ་རྨ་བྱུང་ནས་འདུལ་བ་ལ་བསླབ་པའི་གནས་བཅས་པ་ཡང་བྱུང་མོད་ཀྱི། དེའི་ཚེ་འཕགས་པའི་དགེ་འདུན་དག་ཀྱང་དབང་པོ་རྣོ་བས་བསླབ་པ་ཡང་ཡིད་ལ་འཛིན་པ་ཙམ་དུ་ཟད་ཀྱི། ཡི་གེར་བྲིས་པ་མེད་པས་

མི་བྲི་བསྡུས་པ་ཞེས་སྨོས་པ་ལ་བྱའོ། །ཡང་ན་མདོ་སྡེ་དང་། མངོན་པའི་ཆོས་ནི་སྡེ་སྣོད་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་གནས་པར་བྱ་བ་དང་། དུས་དུས་སུ་ཀླག་ཅིང་མཆོད་པའི་རྟེན་དུ་བྱ་བའི་ཕྱིར་བྲི་བ་ཡིན་གྱི་འདུལ་བ་རྣམས་ནི་བྲིས་ཏེ་ཀླག་པའམ་བལྟ་བ་ཙམ་དུ་བྱ་བ་མ་ཡིན་གྱི།

เล่ม ๑๕๕ · หน้า 10a

ནང་ནུབ་གཉིས་སུ་ཡིད་ལ་དྲན་ཞིང་འདྲིས་པར་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་ཀྱང་ཡིན་ནོ། །དེའི་ཕྱིར་མི་བྲི་བསྡུས་པ་ཞེས་ཀྱང་བྱའོ། །ཡང་ན་མི་བྲི་བ་ཡང་ཡིན་ལ་བསྡུས་པ་ཡང་ཡིན་ཏེ་མི་བྲི་བ་ནི་སྔ་མ་བཞིན། བསྡུས་པ་ནི་འདུལ་བ་འབུམ་གྱི་དོན་སོ་སོར་ཐར་པའི་ནང་

དུ་བསྡུས་སོ་ཞེའོ། །སུས་བསྡུས་ཤེ་ན། ཆོས་ཀྱི་བདག་པོ་བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེའོ། །འདི་ནི་དགེ་སློང་ཚོང་པའི་ཞེས་བྱ་བ་ནི་སོ་སོར་ཐར་པ་ཉིད་ལ་བྱའོ། །དགེ་སློང་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ཁས་འཆེས་པའི་དགེ་སློང་དང་། སློང་བའི་ཕྱིར་དང་། མིང་གི་ཕྱིར་དང་། ཉོན་མོངས་

པ་དང་བྲལ་བའི་ཕྱིར་དང་། གསོལ་བ་དང་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་སྡེ་ལྔ་འབྱུང་མོད་ཀྱི་སྐབས་འདིར་གང་གསོལ་བ་དང་ལས་ཀྱིས་བསྙེན་པར་རྫོགས་ཤིང་བསླབ་པ་ཆགས་པ་སྐྱོན་མེད་པ་ལ་དགེ་སློང་ཞེས་བྱ་སྟེ། ཅིའི་ཕྱིར་འདི་འབའ་ཞིག་ལ་དགེ་སློང་ཞེས་བྱའི་གཞན་མ་ཡིན་

ཞེ་ན། ཉོན་མོངས་པ་དང་བྲལ་བའི་དགེ་སློང་ནི་མྱ་ངན་ལས་འདས་པའི་འབྲས་བུ་རྙེད་ཟིན་པས་བསླབ་ཟོང་ལ་བརྟེན་ཅིང་བསྒྲུབ་མི་དགོས་པའི་ཕྱིར་ཞེའོ། །གཞན་ནི་བསླབ་པ་ལ་མི་གནས་ཤིང་མེད་པས་ན་འདིར་བསླབ་ཟོང་དང་ལྡན་པས་ཞེས་སྨོས་པས་གཞན་ལ་མི་རིགས་སོ། །ཚོང་པ་ཞེས་

སྨོས་པ་ནི་དགེ་སློང་བསླབ་པ་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་པས་ཐར་པ་མྱ་ངན་ལས་འདས་པའི་འབྲས་བུ་སྒྲུབ་ཅིང་ཁེ་འཚོལ་བའི་དཔེ་སྟེ། ཚོང་པ་ཟོང་དང་ལྡན་པས་ནོར་གྱི་རྣམ་པ་ཁེ་ཚོལ་བ་དང་འདྲ་བར་དགེ་སློང་ཡང་ཚུལ་ཁྲིམས་མ་ཉམས་མ་རལ་པའི་ཟོང་གིས་ནི་ཐར་པ་མྱ་ངན་ལས་

འདའ་བའི་འབྲས་བུ་ཁེ་བཙལ་དུ་ཡོད་ཀྱི། བསླབ་པ་ཉམས་ཤིང་རལ་བ་དག་གིས་མ་ཡིན་ཏེ། རྣམ་པར་གྲོལ་བའི་འབྲས་བུ་ཚོལ་བའི་ཟོང་བསླབ་ཚིག་གིས་བྱས་པས་ན། དགེ་སློང་ཚོང་པ་འདྲའོ་ཞེའོ། །བསླབ་ཟོང་ནི་ཟོང་དང་འདྲ་བའི་ཕྱིར་རོ། །ཚོང་འདུས་ཞེས་བྱ་བ་ནི་ཚོང་པ་ནོར་སྣ་

ཚོགས་ཡོད་པ་དེར་གནས་པའམ། ཐམས་ཅད་འདུ་ཞིང་སོ་སོར་རང་རང་ཇི་ལྟར་འདོད་པ་བཞིན་ཁེ་རྙེད་པ་ལྟར་བསླབ་ཚིག་ཚོང་འདུས་དང་འདྲ་བ་དེ་ལ་གནས་ཤིང་བརྟེན་ན། རིགས་དང་ཁ་དོག་དང་། མིའི་འབྱོར་ལྡན་དང་། མཐོ་རིས་བཟང་འགྲོའི་བདེ་བའི་རྣམ་པ་དང་། རྣམ་པར་གྲོལ་

เล่ม ๑๕๕ · หน้า 10b

བའི་འབྲས་བུ་དང་། མྱ་ངན་ལས་འདས་པ་མན་ཆད་ཀྱང་། འདི་ལ་གནས་ཤིང་བརྟེན་པས་ཐོབ་པའི་ཕྱིར་ཚུལ་ཁྲིམས་བསླབ་པ་ཉིད་ནོར་སྣ་ཚོགས་ཡོད་པའི་ཚོང་འདུས་བཞིན་ནོ་ཞེའོ། །ཐམས་ཅད་དེར་འདུ་བ་ལྟར་སྣང་ན་ཡང་སྐྱེ་བོ་དགེ་བའི་གང་ཟག་བཟང་འགྲོ་བ་དང་། མྱ་ངན་ལས་འདའ་

བ་མན་ཆད་ཐོབ་པར་བྱེད་པ་དེ་དག་ཀྱང་སོ་སོ་ནས་ཚུལ་ཁྲིམས་ཚོང་འདུས་དང་འདྲ་བ་འདི་ལ་མ་གནས་མི་བརྟེན་པའི་འབྲས་བུ་ཐོབ་མི་སྲིད་པའི་ཕྱིར་ཐམས་ཅད་འདུས་པ་ལྟ་བུར་ཡང་བསྟན་པའོ། །དེ་ལ་ཁ་ཅིག་འདི་སྐད་ཟེར་ཡང་སྲིད་དེ་གཞུང་དག་གི་ནང་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་

སོགས་པ་བསླབ་པ་ལ་མ་བརྟེན་ཏེ། ཁྱིམ་ན་གནས་པས་ཐོབ་པ་སྐད་དུ་ཟེར་བ་དང་། དགྲ་བཅོམ་པ་ནི་དགེ་སློང་མ་ཡིན་པ་ལས་ཐོབ་པར་མི་སྲིད་དོ་ཞེས་བྱ་བ་ཞིག་ཀྱང་ཡོད་མོད་ཀྱི། དེ་འདུལ་བ་ལ་མི་བརྟེན་པར་ཐོབ་མི་སྲིད་དེ། དགེ་བསྙེན་ལ་སོགས་པ་དགེ་བ་བཅུ་རང་བཞིན་གྱིས་བསྲུང་ངོ་

ཞེས་བྱུང་བས་དེ་ནི་བསླབ་པའི་ཚིག་ལ་གནས་པར་རིག་པར་བྱའོ། །དེ་བས་ན་ལུང་དག་ལས་ཀྱང་། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་བཟང་འགྲོ་འཐོབ། །ཡེ་ཤེས་ཀྱིས་ནི་རྣམ་པར་གྲོལ་བར་འགྱུར། །ཞེས་བཤད་པས། ཚུལ་ཁྲིམས་ཀྱི་ཆ་ལ་མི་གནས་པར་མཐོ་རིས་བཟང་འགྲོ་ཐོབ་མི་

སྲིད་ཅེས་འབྱུང་བས་འགལ་བ་མེད་དོ། །ཆེན་པོ་ཞེས་བྱ་བ་ནི་བསླབ་ཟོང་འདི་ལ་བརྟེན་པས་མྱ་ངན་ལས་འདའ་བ་མན་ཆད། ལྷ་དང་མི་ཡན་ཆད་ཀྱི་བར་དུ་འབྲས་བུ་ཡིད་བཞིན་ཐོབ་པར་བྱེད་པས་ཚོང་འདུས་ཆེན་པོ་ཞེས་བྱའོ། །ཡང་ན་བསླབ་ཚིག་ཉུང་ངུ་དེས་མྱ་ངན་ལས་འདའ་བ་འབྲས་བུ་ཆེན་

པོ་བརྙེས་པའི་ཕྱིར་ཞེའོ། །ཚུལ་ཁྲིམས་ངན་པས་ཟིན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་སྒྲ་ངང་ཚུལ་ཞེས་ཀྱང་བྱ་བས་ངང་ཚུལ་ངན་པ་ཅན་ནི་བདག་དང་གཞན་གྱི་རྒྱུད་ཤིན་ཏུ་ཉོན་མོངས་པར་བྱེད་པས་སྦྲུལ་གདུག་པས་ཟིན་པ་དང་འདྲའོ་ཞེའོ། །ལོག་པའི་ངང་ཚུལ་ངན་པ་སྲོག་གཅོད་པ་

དང་། མ་བྱིན་པར་ལེན་པ་ལ་སོགས་པ་མི་དགེ་བ་བཅུ་བྱེད་པ་ནི་ཚུལ་ཁྲིམས་ངན་པས་ཟིན་པ་ཞེས་བྱའོ། །ཟིན་པ་ནི་གདུག་པའི་ཡིད་དཔེ་དང་སྦྱར་བར་བྱ་སྟེ། སྲོག་གཅོད་པ་ལ་སོགས་པ་ངང་ཚུལ་ངན་པ་ཅན་འདི་དག་ནི་ཅི་ལྟར་སྐྱེས་བུ་སྦྲུལ་གདུག་པས་ཟིན་པ་བཞིན་ནོ་ཞེས་སྨོས་

เล่ม ๑๕๕ · หน้า 11a

སོ། །དེ་ལྟར་སྦྲུལ་གདུག་པས་ཟིན་པ་ལ་སྨན་མརྒད་དང་། ཨ་ཀ་ཏས་སོས་པར་ནུས་པ་བཞིན་དུ་ཚུལ་ཁྲིམས་ངན་པ་ཅན་དེ་དག་ལའང་བསླབ་པ་འདིས་ནད་དང་འདྲ་བའི་ཉེས་པ་སེལ་ཞིང་སྦྱོང་བའམ། འཇིལ་བར་བྱེད་པ་ཡིན་ཏེ། དེ་བས་ན་སོ་སོར་ཐར་པ་ནི་

སྨན་དང་འདྲའོ་ཞེའོ། །ཡང་གཅིག་ཏུ་གང་ཟག་ཚུལ་ཁྲིམས་ཉམས་པར་གྱུར་པའམ། བསླབ་པ་ཕུལ་བ་རྣམས་སླར་ཚངས་པར་སྤྱོད་པ་སྦྱིན་ཞིང་བསླབ་པ་བྱིན་པ་དང་། རབ་ཏུ་འབྱུང་དུ་གནས་པས་རང་སྔར་ཚུལ་ཁྲིམས་ཉམས་ཤིང་བསླབ་པ་ཕུལ་བས་མི་དགའ་ཞིང་སེམས་ཚེར་

མ་གདུག་པས་བཙུགས་པ་དང་འདྲ་བར་གནས་པ་ལ་ཚུལ་ཁྲིམས་འདིས་ཉེས་པ་སེལ་ཅིང་སྦྱོང་བས་ན། སེམས་ཀྱི་གདུང་བའམ་ཟུག་རྔུ་བ་སྨན་དུ་གྱུར་པས་ན་སྨན་ཞེས་སྨོས་སོ། །ལང་ཚོ་ཞེས་པ་ནི་གཞོན་ནུ་དར་ལ་བབ་པ་དྲེགས་མི་ཐུབ་ཅིང་བདོ་བ་ལ་བྱ་སྟེ། དེ་ལྟ་བུའི་ཚེ་ན་བློ་གཏན་ལ་མི་

ཕེབས་ཤིང་རྒྱགས་པར་གྱུར་པས་འཕྲུལ་བའི་ཉེས་པ་ལྷག་པར་འབྱུང་བས་ན་ལང་ཚོ་འཁྲུལ་པ་ཞེས་སྨོས་ཏེ། དཔེ་གླང་པོ་གཞོན་ནུ་དང་འདྲའོ་ཞེའོ། །གླང་པོ་གཞོན་ནུ་གཡུལ་ལ་མ་ཕྱིན་ཅིང་ཞོ་ཤ་བདོ་ཞིང་ཉམས་རྩལ་ཆེ་བའི་ཚེ་ལམ་ནས་ལམ་མ་ཡིན་པར་རྟེན་ཅིང་འབྲོས་པ་ལ་ལྕགས་ཀྱུས་

ཁ་ལོ་བསྒྱུར་ཞིང་ལམ་མ་ཡིན་པ་ནས་ལམ་དུ་དགུག་ཅིང་འདུལ་བ་དང་འདྲ་བར་བྱིས་པ་གཞོན་ནུ་བློ་གཏན་ལ་མ་ཕེབས་ཤིང་གནས་མ་ཡིན་པར་འཇུག་ཅིང་སྤྱོད་པ་ལ་མི་དགེ་བའི་ཕྱོགས་ནས་དགེ་བའི་ཕྱོགས་སུ་བསྒྱུར་བར་བྱེད་པར་སོ་སོར་ཐར་པས་བྱེད་པས་ན་གླང་པོ་བསྒྱུར་བའི་

ལྕགས་ཀྱུ་དང་འདྲའོ་ཞེའོ། །ངན་འགྲོ་འཁོར་བ་ཟབ་མོ་ཞེས་བྱ་བ་ནི་ངན་པར་འགྲོ་བས་ན་ངན་འགྲོ་སྟེ། བྱོལ་སོང་ངན་པར་འགྲོ་བ་དང་། ཡི་དགས་དང་། སེམས་ཅན་དམྱལ་བ་ངན་པར་འགྲོ་བ་སྟེ། ངན་སོང་གསུམ་ལ་བྱའོ། །ཡང་ན་འཁོར་བ་ཉོན་མོངས་པས་འཁོར་བའི་ཕྱིར་

རོ། །འཁོར་བའི་འགྲོ་བ་ཀུན་ལ་བྱའོ། །འཁོར་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་། སྐྱེ་བ་མང་པོ་ལེན་པ་སྟེ། དེ་ཡང་ཐོག་མ་དང་ཐ་མ་མེད་པས་འཁོར་བའོ། །ཟབ་མོ་ནི་འཁོར་བ་ཉིད་མཐའ་མེད་ལ། སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ཉིད་བསྐྱེད་པས་ན་ཤིན་ཏུ་འཇིགས་ཤིང་རྒྱ་

เล่ม ๑๕๕ · หน้า 11b

མཚོ་ན་ཆུ་སྲིན་གནས་པ་བཞིན་ནོ། །དེ་ལྟ་བུའི་ཟབ་མོ་ལས་སྒྲོལ་བར་གྱུར་པའི་གཟིངས་དང་འདྲ་བར་གྱུར་པ་གང་ཞེ་ན། སོ་སོར་ཐར་པ་འདི་ཡིན་ནོ་ཞེའོ། །ཇི་ལྟར་གཟིངས་དང་འདྲ་བ་ཇི་ལྟར་རིག་པར་བྱ་ཞེ་ན། ཆུ་བོ་ཆེན་པོ་ལས་རྒལ་བར་བྱ་བའི་ཐབས་ནི་གཟིངས་བཅས་ཏེ་

རྒལ་ལོ། །དེ་དང་འདྲ་བར་འཁོར་བ་ཟབ་མོ་པས་རྒལ་བར་འདོད་པའི་མི་དེས་ཀྱང་། འདུལ་བ་དེ་ལ་མ་བརྟེན་མ་གནས་ན་འཁོར་བ་ལས་རྒལ་བར་མི་ནུས་པས་གཟིངས་དང་འདྲ་བར་འདུལ་བ་འདི་ཉིད་ལྟ་ཞེའོ། །བཟང་འགྲོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་ཏེ། གནས་དམ་པར་འགྲོ་

བའི་ཕྱིར་བཟང་འགྲོ་ཞེས་སྨོས་ཏེ། དེ་ཡང་རྣམ་པ་གསུམ་ལ་བྱ་སྟེ། དམ་པར་འགྲོ་བ་དང་། བཀྲ་ཤིས་པར་འགྲོ་བ་དང་། མཛེས་པར་འགྲོ་བ་སྟེ། འདི་ནི་བཟང་འགྲོའི་སྒྲའོ། །དེ་ལྟ་བུར་འགྲོ་བའི་སྟེགས་དང་། ཟམ་པར་བལྟ་བ་གང་ཡིན་ཞེ་ན་འདུལ་བ་དེ་ཉིད་སྟེགས་དང་ཟམ་

པའམ། ལམ་ལྟ་བུར་བལྟའོ་ཞེའོ། །སྟེགས་དང་ཟམ་པའང་བགྲོད་ཅིང་ཕྱིན་པར་བྱ་བའི་ཐབས་སུ་ཟད་དེ་དེ་དང་འདྲ་བར་སོ་སོར་ཐར་པ་ཡང་བཟང་འགྲོར་འགྲོ་བའི་ཐབས་ཡིན་པའི་ཕྱིར་རོ། །ངེས་པའོ་ཞེས་སྨོས་པ་ནི་ཅི་སྟེ་འགའ་ཞིག་ན་རེ་སྟེགས་དང་ཟམ་པ་ཡིན་པར་ཅིས་མངོན་ཞེས་

ཟེར་ཡང་སྲིད་དེ། དེ་ལྟ་བུའི་དོགས་པ་བསལ་བའི་ཕྱིར་ངེས་པའོ་ཞེས་སྨོས་སོ། །ཅིའི་ཕྱིར་ངེས་པ་ཞེ་ན། དེ་བཞིན་གཤེགས་པ་ནི་ཤོ་བེ་མི་གསུང་གི །མི་སླུ་བའི་བདག་ཉིད་ཅན་ཡིན་པས་དེས་སྟེགས་དང་། ཟམ་པ་འདྲའོ་ཞེས་གསུངས་པས་ན་ངེས་སོ། །ཉོན་མོངས་ཕམ་བྱེད་ལམ་

ཞེས་པ་ཉོན་མོངས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གམ་ཡང་ན་ཀུན་ནས་བསྐོར་བའི་ཉོན་མོངས་པ་དང་། བག་ལ་ཉལ་བའི་ཉོན་མོངས་པ་སྟེ། དེས་ལུས་དང་སེམས་ཀྱི་རྒྱུད་ཤིན་ཏུ་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ། །ཕམ་བྱེད་ཅེས་བྱ་བ་ནི་ཉོན་མོངས་པ་དེ་དག་

སྤོང་ཞིང་སེལ་བའི་གཉེན་པོར་གྱུར་པ་སྟེ། སོ་སོར་ཐར་པ་འདི་ཉིད་ཀྱིས་ཉོན་མོངས་པ་རྣམས་མི་རྒྱུ་ཞིང་བཀག་པས་ན་ཕམ་པར་བྱས་སོ་ཞེའོ། །དེ་ལྟར་སོ་སོར་ཐར་པ་ལ་བརྟེན་པའི་རྒྱུས་ན་འཕགས་པའི་ལམ་ཐོབ་པས་ན་ཕམ་བྱེད་ལམ་ཞེས་བྱ་སྟེ། སོ་སོར་ཐར་པ་ནི་ཀུན་ནས་བསྐོར་བའི་ཉོན་

เล่ม ๑๕๕ · หน้า 12a

མོངས་པ་འཕྲལ་དུ་མི་སྤྱོད་པ་ཙམ་དུ་སྤོང་གི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་གནས་ནས། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་ཞིང་རྣམ་པར་གྲོལ་བ་ཐོབ་པར་བྱེད་པས་ན་ལམ་དེ་ནི་འཇིག་རྟེན་པའི་ལམ་ལས་ཁྱད་ཞུགས་པའི་ཕྱིར་

ལམ་དེ་ནི་མཆོག་དམ་པའོ། །ཇི་ལྟར་རྒྱལ་པོ་གཡུལ་ལས་འགྲོ་བ་གང་ནས་གང་དུ་བཟློག་པར་བྱ་བ་དེ་ནས་དེར་ཁ་ལོ་སྒྱུར་ཞིང་ཤིང་རྟ་འདྲེན་པས་ལམ་འདྲེན་པ་དེ་དང་འདྲ་བས་ཉོན་མོངས་པའི་ལམ་སེལ་ཅིང་ཕམ་པར་བྱེད་པ་དང་། འཕགས་པའི་ལམ་ཐོབ་ཅིང་མྱ་ངན་ལས་འདའ་བའི་ཁང་པར་ཕྱིན་པར་

བྱེད་པའི་ཐོག་མར་འགྲོ་བ་ནི་སོ་སོར་ཐར་པ་འདི་ཡིན་པས་འདྲེན་པ་མཆོག་ལྟ་བུར་བསྟན་ཏོ། །དེ་ལ་ཐར་པའི་གྲོང་འཇུག་པ་ཞེས་བྱ་བ་ནི་ཐར་པ་ནི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དེ་ཡང་ཇི་ལྟར་ཐོབ་ཅེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་ཤིན་ཏུ་ཕྲ་བའི་ཡང་ཕྲ་བ་བཅོམ་ནས་ཟད་

པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་སྟེ། དེའི་གནས་ནི་ཐར་པའི་གྲོང་དང་འདྲའོ། །འཇིགས་པ་དང་བརྩེ་བ་ཐམས་ཅད་དང་བྲལ་བས་གྲོང་ཁྱེར་བཞིན་ཏེ། ཇི་ལྟར་ར་བས་བསྐོར་བའི་གྲོང་སྒོ་བསྡོམས་ཤིང་བཅས་པ་ལ་དགྲས་འཇིགས་པ་དང་བྲལ་བ་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་

ཡང་། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱིས་སྒོ་བཅད་པས་ན། ཉོན་མོངས་པའི་དགྲས་མི་འཇིགས་སོ་ཞེའོ། །ཡང་ན་ཐེམ་སྐས་ཀྱི་དཔེས་ན་ཇི་ལྟར་འཇིག་རྟེན་ན་རིམ་པར་འགྲོ་བ་ལ་ཐེམ་སྐས་བཙུགས་ཏེ་འགྲོ་བར་བྱ་སྟེ། དེ་ནི་ཕྱིན་པར་བྱ་བའི་ཐབས་སུ་དགོས་སོ་ཞེའོ། །འདུལ་བ་དེ་ལ་བརྟེན་

ཅིང་གནས་པ་དེ་དག་ཀྱང་མྱ་ངན་ལས་འདའ་བའི་གནས་སུ་ཕྱིན་པར་ཡང་འགྱུར་ལ་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་ཐབས་ནི་སོ་སོར་ཐར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ང་ནི་མྱ་ངན་འདས་གྱུར་ཞེས་བྱ་བ་ལ། ང་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་

མྱ་ངན་ལས་འདའ་བར་སྟོན་པ་ལ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། སྟོན་པ་མེད་ན་ཆོས་དང་དགེ་འདུན་ཡང་མེད་དེ་དཀོན་མཆོག་གསུམ་ཡང་ནུབ་པ་ལ་འཇིག་རྟེན་ཡང་སྟོངས་སོ་ཞེས་གསོལ་པ་དང་ལན་བཀའ་སྩལ་པ། ང་མྱ་ངན་ལས་འདས་པའི་འོག་ཏུ་སོ་སོར་ཐར་པ་ནི་

เล่ม ๑๕๕ · หน้า 12b

སྟོན་པར་ལྟོས་ཤིག །དྲན་པ་ཉེ་བར་གཞག་པས་ནི་གནས་བརྟན་གྱིས་ཤིག །གང་ཟག་མི་སྲུན་པ་ནི་མི་སྨྲ་བར་འདུལ་ཞིང་ལན་ལོན་ཅིག །མདོ་སྡེའི་མགོ་ལ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྲིས་ཤིག །ང་འདུག་པའི་ཚེ་བྱ་བ་དང་མི་བྱ་བར་བསྟན་པ་རྣམས་དེ་དེ་བཞིན་དུ་བྱས་ན་ང་

འདུག་པ་དང་འདྲའོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉོན་མོངས་པའམ་འཁོར་བ་ལས་རྒལ་བ་ལ་བྱའོ། །ཁྱོད་ཀྱི་སྟོན་པ་ཞེས་བྱ་བ་ནི་འཁོར་ཉན་ཐོས་དང་། སོ་སོར་ཐར་པ་ཉིད་ལ་བྱའོ། །དེ་བས་ན་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པའི་ཚེ་ཀུན་གྱིས་བསྙེན་བཀུར་

བྱེད་པ་ལྟར་འདུལ་བ་ལ་ཡང་བསྙེན་བཀུར་མི་ཆུང་བར་བཅོམ་ལྡན་འདས་དང་འདྲ་བར་ལྟོས་ཤིག་པའོ། རང་བྱུང་ཉིད་ཀྱི་ནན་ཏན་དུ་ཞེས་བྱ་བ་ནི་རང་བྱུང་ནི་དེ་བཞིན་གཤེགས་པ་ཉིད་ལ་བྱ་སྟེ། དེ་བཞིན་གཤེགས་པ་ནི་གཞན་གྱི་དྲིང་དང་མན་ངག་ལ་བརྟེན་ཅིང་གཉེན་པོ་གང་གིས་ཀྱང་རབ་ཏུ་མ་བྱུང་

གི་རང་གི་ཡེ་ཤེས་ཀྱིས་ཆོས་རྣམས་རྟོགས་ནས་རང་བྱུང་བའོ། །ཡང་སྐྲ་དང་ཁ་སྤུ་རང་བྱི་ཞིང་། བསོད་ནམས་ཀྱི་ལྷུན་གྱིས་དཀར་པོ་ཆོས་གཟིགས་ཏེ། མཁན་པོ་དང་སློབ་དཔོན་གྱི་རྒྱུས་མ་ཡིན་གྱི་རང་བྱུང་གི་ཕྱིར་རང་བྱུང་ངོ་། །ནན་ཏན་དུ་ཞེས་བྱ་བ་ནི་ལེགས་པར་ཞེས་བྱ་བའི་དོན་ཏེ།

དེ་ལྟར་དགེ་སློང་རྣམས་ཀྱི་མདུན་དུ་དེ་བཞིན་གཤེགས་པ་དང་འདྲ་བ་འདུལ་བ་ལ་བསྟོད་པའོ། །སངས་རྒྱས་ཞེས་བྱ་བའི་སྒྲ་དེ་ཡང་། འཇིག་རྟེན་དག་ན་ཤིན་ཏུ་དཀོན། །ཞེས་བྱ་བ་ལ་སོགས་པས་སོ་སོར་ཐར་པ་ལ་མཉན་པ་དང་། ནན་ཏན་གྱིས་རིམ་གྲོ་དང་། གུས་པར་བྱེད་དུ་བཅུག་

པའི་ཕྱིར་མི་ཁོམ་པར་གྱུར་པ་ལས་བརྩམས་ཏེ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འཇིག་རྟེན་དུ་གཤེགས་ཤིང་སངས་རྒྱས་ཀྱི་སྒྲ་ཐོས་པ་ཡང་ཤིན་ཏུ་དཀའ་ན་མཐོང་བ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་བསྐལ་པ་དགུ་བཅུ་རྩ་གཅིག་ནས་འཇིག་རྟེན་དུ་སྟོན་པ་མི་མཛད་དེ་

འཇིག་རྟེན་སྟོང་ངོ་ཞེས་འབྱུང་ངོ་། །ཇི་ལྟར་སངས་རྒྱས་ཀྱི་སྒྲ་ཐོས་པར་ཡང་དཀའ་བ་བཞིན་དུ་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་དང་། མི་ལུས་ཐོབ་ཏུ་ཟིན་གྱིས་ཀྱང་། དགེ་བའི་བཤེས་གཉེན་དང་ཕྲད་ཅིང་རབ་ཏུ་འབྱུང་བ་ཤིན་ཏུ་དཀའ་བ་དང་། དེ་ལྟར་རབ་ཏུ་བྱུང་དུ་ཟིན་གྱིས་ཀྱང་ཚུལ་

เล่ม ๑๕๕ · หน้า 13a

ཁྲིམས་ཡོངས་སུ་དག་པར་ཤིན་ཏུ་དཀའ་སྟེ། སངས་རྒྱས་དང་མི་ལུས་ཐོབ་པ་ལ་སོགས་པ་ཤིན་ཏུ་དཀའ་བའི་དཔེ་ནི་རྒྱ་མཚོ་འཇིང་ནམས་ཀྱི་ནང་ན་རུས་སྦལ་ཞར་བ་གནས་པ་དེ་ལོ་སྟོང་ཞིག་ནས་ཆུའི་སྟེང་དུ་ལན་ཅིག་འབྱུང་ལ། གཉའ་ཤིང་མིག་གཅིག་པ་རྒྱ་མཚོའི་

ནང་དུ་བོར་བར་ཡང་ཤར་ནུབ་ཀུན་ཏུ་རླུང་གིས་བདས་པ་དེའི་བུ་གར་རུས་སྦལ་མགྲིན་པ་ཆུད་པ་ནི་སླའི། སངས་རྒྱས་ལ་སོགས་པའི་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་བདག་ཉིད་ཁོམ་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཤིན་ཏུ་དེ་བས་ཀྱང་དཀའ་བས་ན་དེ་ལྟ་བུའི་འབྱོར་པ་དང་

ལྡན་པའི་དུས་སུ་བདག་ཉིད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། སོ་སོར་ཐར་པ་ལ་ནན་ཏན་གྱིས་གུས་པས་ཉན་ཅིང་ཚུལ་ཁྲིམས་སྐྱོན་མེད་པར་འབད་ཅིང་བསྲུང་ངོ་ཞེས་པའི་དོན་ཏོ། །དེ་ལ་སློབ་དཔོན་ཁ་ཅིག་གིས་འདི་སྐད་ཀྱང་འཆད་དེ། སངས་རྒྱས་ཀྱི་ནི་འདུལ་བ་

མཚོ། །ཞེས་བྱ་བ་ནས། སོ་སོར་ཐར་པ་མཉན་པར་འབད་པར་བྱ་ཞེས་པའི་བར་དུ་རྣམ་པ་དྲུག་ཏུ་འབྱེད་ཅིང་སྟོན་པ་ཡང་ཡོད་དེ། རྣམ་པ་དྲུག་ནི་མཐོང་བའི་འབྲས་བུ་དང་། མ་མཐོང་བའི་འབྲས་བུ་དང་། སོ་སོར་ཐར་པ་ཉིད་ལ་སྟོན་པར་བསྟོད་པ་དང་། ཁོམ་པ་ཕུན་སུམ་

ཚོགས་པ་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་། སོ་སོར་ཐར་པ་ལ་བསྟི་སྟང་དང་བཅས་པས་བསྲུང་ཞིང་ཉན་པ་ཞེའོ། །དེ་ལ་སངས་རྒྱས་ཀྱི་ནི་འདུལ་བ་མཚོ། །ཞེས་བྱ་བ་མན་ཆད་ནས། གླང་པོ་གཞོན་ནུའི་ལྕགས་ཀྱུའོ། །ཞེས་བྱ་བ་ཡན་ཆད་མཐོང་བའི་འབྲས་

བུ་དང་སྦྱར་རོ། །དེ་ནས་ཐེམ་སྐས་བཞི་དང་འདྲ་བར་གནས་ཞེས་པ་ཡན་ཆད་ནི་མ་མཐོང་བའི་འབྲས་བུ་དང་སྦྱར་རོ། །ང་ནི་མྱ་ངན་འདས་གྱུར་ན། །ཞེས་བྱ་བ་ཤློ་ཀ་གཅིག་གིས་ནི་སོ་སོར་ཐར་པ་ལ་སྟོན་པར་བསྟོད་པའོ། །སངས་རྒྱས་ཞེས་བྱ་བའི་སྒྲ་དེ་ཡང་ཞེས་བྱ་བ་ནི་དགེ་

བའི་བཤེས་གཉེན་ཕུན་སུམ་ཚོགས་པ་བསྟན་ཏོ། །མི་ལུས་ཐོབ་པ་དང་རབ་ཏུ་བྱུང་བ་ཤིན་ཏུ་དཀོན་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བས། ཁོམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སོ་སོར་ཐར་པ་མཉན་པར་འབད་པར་བྱ་ཞེས་བྱ་བ་ནི་སོ་སོར་ཐར་པ་ལ་བསྟི་

เล่ม ๑๕๕ · หน้า 13b

སྟང་དང་བཅས་པས་བསྲུང་ཞེའོ། །དེ་ལྟར་གོང་དུ་སངས་རྒྱས་ཀྱི་སྒྲ་ཐོས་པ་དང་། མིའི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། རབ་ཏུ་འབྱུང་བ་ལ་སོགས་པ་རྙེད་པ་ཤིན་ཏུ་དཀའ་བར་བསྟན་པ་བཞིན་དུ་སོ་སོར་ཐར་པ་ཐོས་པ་ཡང་ཤིན་ཏུ་རྙེད་

པར་དཀའ་བར་བསྟན་པར་བཞེད་ནས། ཁམ་པ་ཕུན་སུམ་ཚོགས་པ་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་སྨྲས་པ། བསྐལ་པ་བྱེ་བ་རྣམས་སུ་ཡང་། །ཞེས་སྨོས་སོ། །བསྐལ་པ་བྱེ་བ་ཞེས་སྨོས་པས་ནི་སོ་སོར་ཐར་པ་ཐོབ་པར་དཀའ་བའི་དཔེ་སྟེ། བསྐལ་པ་བྱེ་བ་འམ། གལ་ཏེ་དེ་ལས་ལྷག་

པར་ཡང་སངས་རྒྱས་འཇིག་རྟེན་དུ་མི་འབྱུང་ལ། བརྒྱ་ལ་བྱུང་དུ་ཟིན་གྱིས་ཀྱང་བདག་ཉིད་ཡུལ་གྱིས་བསྐལ་ཏེ་སངས་རྒྱས་དང་མི་ཕྲད་པ་དང་། སངས་རྒྱས་དང་མི་ལུས་རྙེད་པ་ཤིན་ཏུ་དཀའ་བས་ན་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་། འདུལ་བའི་ཆོས་རྣམས་ཀྱང་ཡོད་ཀྱི་སངས་རྒྱས་

མི་འབྱུང་བ་དང་། གསུང་རབ་ཀྱི་ཆོས་འདུལ་བ་ཡང་མེད་པས་ན་དེའི་ཕྱིར་སོ་སོར་ཐར་པ་གདུང་པ་དང་འཛིན་པ་དཀའོ་ཞེས་བསྟན་ཏོ། །སོ་སོར་ཐར་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ལས་ཤིན་ཏུ་ཐར་པར་བྱེད་པས་ན། སོ་སོར་ཐར་པ་ཞེས་སྨོས་སོ། །ཐོས་

ཞེས་བྱ་བ་ནི་ཚིག་དང་དོན་རྣ་བའི་དབང་པོས་ཐོས་པའོ། །གཟུང་ཞེས་བྱ་བ་ནི་ཤེས་རབ་ཀྱིས་རྟོགས་པའོ། །འཛིན་ཞེས་བྱ་བ་ནི་མི་བརྗེད་པར་དྲན་པས་དེ་ཉིད་ཁ་ཏོན་དུ་སྦྱོར་བ་ལ་སོགས་ཏེ། ཡུན་རིང་དུ་མི་བརྗེད་པའོ། །སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེའི་དོན་དུ་ལུས་དང་། ངག་དང་

ཡིད་ཀྱིས་ནན་ཏན་དུ་ཉམས་སུ་ལེན་ཅིང་བྱེད་པའོ། །རྙེད་དཀའ་ཞེས་བྱ་བ་ནི་བསྐལ་པའི་དཔེ་དང་སྦྱར་རོ། །དཀའ་བ་ནི་ཐོས་པས་ཀྱང་ཡིད་ལ་གཟུང་བ་ཤིན་ཏུ་དཀའ། གཟུང་བ་ལས་ཀྱང་ཡིད་ལ་འཛིན་ཅིང་འདྲིས་པར་བྱེད་པ་ཤིན་ཏུ་དཀའ། འཛིན་པ་བས་ཀྱང་ཉམས་སུ་

ལེན་ཅིང་སྒྲུབ་པར་བྱེད་པ་ཆེས་དཀའ་སྟེ་ཤིན་ཏུ་དཀོན་ནོ་ཞེས་བསྟན་ཏོ། །སྒྲུབ་པ་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ལྟ་བུ་ཉེས་བྱས་ཤིན་ཏུ་ཕྲ་བ་ལ་ཡང་སྲོག་དང་བསྔོ་ཞིང་འབད་པ་ཆེན་པོ་དང་བཅས་པས་ཀྱང་ཚོགས་ཆེན་པོ་དང་ནན་ཏན་ཆེན་པོས་རྙེད་པའི་ཕྱིར་རོ་ཞེས་སྨོས་

เล่ม ๑๕๕ · หน้า 14a

པས་གཞན་ཞིག་སྨོས་ཀྱང་ཅི་དགོས། ཡང་གཅིག་ཏུ་ན་ཐོས་པའི་ཤེས་རབ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་སྟེ། ཤེས་རབ་རྣམ་པ་གསུམ་གྱིས་ནན་ཏན་བྱེད་པ་ཤིན་ཏུ་དཀོན་ཞེས་བསྟན་པའོ། །ཐོས་པ་དང་ཐོས་པའི་ཤེས་རབ་དང་སྦྱར། གཟུང་བ་

འཛིན་པ་གཉིས་ནི་བསམ་པའི་ཤེས་རབ་དང་སྦྱར། སྒྲུབ་པར་བྱེད་པ་ནི་བསྒོམ་པའི་ཤེས་རབ་དང་སྦྱར་རོ་ཞེའོ། །དེ་ཡན་ཆད་དུ་ཆོས་ལ་བསྟོད་པ་བསྟན་ཏོ། །དཀོན་མཆོག་གསུམ་འབྱུང་བ་དེ་བདེ་བར་བསྟན་པའི་ཕྱིར་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་

ཀྱི་སྒྲ་ནི་གོང་དུ་བཤད་པ་དང་འདྲ་སྟེ། ཅུང་ཟད་དུ་ན་དྲང་སྲོང་ཕྱིང་གི་རི་དང་། ཨང་གི་རི་ལ་སོགས་པ་མངོན་པར་ཤེས་པ་དང་ལྡན་པ་འཇིག་རྟེན་ན་གྲགས་པ་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་མཁྱེན་པ་ལ་བསྐྱེད་དུ་མེད་པས་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བ་བདེ་ཞེས་

བྱ་བ་ནི་སངས་རྒྱས་འོད་གསལ་ལྷའི་རིས་ནས་ཡུམ་གྱི་ལྷུམས་སུ་གཤེགས་ཏེ། གླང་པོ་དཀར་པོ་ལྟ་བུའི་ཚུལ་དུ་མངལ་གྱི་གཡས་རོལ་དུ་མངལ་གྱི་དྲི་མས་མ་གོས་པར་གཤེགས་པ་དང་། བལྟམས་སམ། བཙས་པའི་ཚེ་རྒྱལ་པོ་ཆེན་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་

བཞི་དང་། བློན་པོའི་བུ་ལྔ་བརྒྱ་ཙམ་བཙས་ཏེ། དེ་དག་ནི་མངལ་གྱི་སྡུག་བསྔལ་དང་ལྡན་པ་ཡིན་གྱི་དེ་བཞིན་གཤེགས་པ་ནི་སྡུག་བསྔལ་དང་། དྲི་མས་མ་གོས་ཏེ་བྲལ་བས་ན་མངལ་དུ་གནས་པ་དང་བཙས་པའི་ཚེ་བདེ་བ་ཉིད་དོ་ཞེའོ། །གཅིག་ཏུ་ནི་འོད་གསལ་ལྷའི་རིས་ནས་

གཤེགས་པའི་ཚེ་ཞལ་གྱི་སྒོ་ནས་འོད་ཟེར་མང་པོ་བྱུང་ནས་སེམས་ཅན་དམྱལ་བ་ལ་སོགས་པ་དག་ལ་འོད་ཟེར་གྱིས་རེག་པར་བྱས་ནས་དམྱལ་བ་པ་དེ་དག་གིས་བསམས་པ་འདི་འདྲ་བ་སེལ་བར་བྱེད་པ་ནི་སྐྱེས་བུ་མཐུ་ཆེན་པོ་འབའ་ཞིག་འོད་ཟེར་འབྱིན་ཏོ་ཞེས་དད་པ་སྐྱེས་པས་

སྡུག་བསྔལ་ལས་ཐར་པ་ལྟ་བུར་སྣང་བ་དང་། འོན་པ་རྣམས་ཀྱིས་ནི་རྣར་ཐོས། ལོང་བ་རྣམས་ཀྱིས་ནི་མིག་གིས་མཐོང་། བཟའ་བ་དང་བཏུང་བ་དང་འདོད་པ་རྣམས་ཡིད་བཞིན་དུ་རྙེད་པས་སངས་རྒྱས་འབྱུང་བ་ནི་འཇིག་རྟེན་ན་བདེ་བའི་རྒྱུར་གྱུར་པས་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་

เล่ม ๑๕๕ · หน้า 14b

བདེའོ་ཞེས་སོ། །ཡང་ན་སངས་རྒྱས་འབྱུང་བ་བདེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ་རྣམ་པར་གྲོལ་བའི་འབྲས་བུ་རྣམ་པ་མཆོག་ཐམས་ཅད་དང་ལྡན་པས་སངས་རྒྱས་འབྱུང་བ་བདེ་བའོ་ཞེའོ། །དེ་ལ་ཁ་ཅིག་འདི་སྐད་དུ་རྒོལ་ཡང་

སྲིད་དེ། མངོན་པར་རྫོགས་པར་སངས་མ་རྒྱས་པའི་དུས་དང་། ལྷུམས་སུ་བལྟམ་ཞིང་བཙས་པའི་ཚེ་བྱང་ཆུབ་སེམས་དཔའ་ཡིན་ན་ཅིའི་ཕྱིར་སངས་རྒྱས་འབྱུང་བ་བདེ་ཞེས་བྱ། རྣམ་པ་གཅིག་ཏུ་དེ་བཞིན་གཤེགས་པ་སྐྱེ་བ་དང་འབྱུང་བ་དང་། མངལ་དུ་གཤེགས་ཞེས་བྱ་བ་མི་

འཐད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བའི་ཉོན་མོངས་པ་བཅོམ་པ་སྟེ། འཁོར་བ་ལས་རྒལ་བའི་ཕྱིར་རོ་ཞེས་སོ། །དེ་ནི་ཉེས་པ་མེད་དེ། དེའི་ཚེ་དེ་བཞིན་གཤེགས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཡིན་ཀྱང་རྒྱུ་ལ་འབྲས་བུ་བཏགས་ཏེ་བཤད་དེ། དཔེར་ན་འཇིག་རྟེན་ན་ཐགས་

འཐག་པ་སྣམ་བུར་མ་ཟིན་པར་ཡང་སྣམ་བུ་འཐག་ཅེས་ཟེར་བ་ལྟ་བུ་དང་། འབྲས་འཚེད་ཀྱང་ཟན་འཚེད་དོ་ཞེས་ཟེར་བ་དང་། ཡོས་འཐག་ཀྱང་ཕྱེ་འཐག་གོ་ཞེས་ཟེར་བ་དང་འདྲ་སྟེ། དེ་ཉིད་དུ་མ་གྱུར་ཀྱང་དེར་མངོན་པར་འོང་བ་རྣམས་རྒྱུ་ལ་འབྲས་བུ་བཏགས་པ་སྲིད་པས་འདི་འང་

དེའི་ཚེ་བྱང་ཆུབ་སེམས་དཔའ་ཡིན་མོད་ཀྱི། ཕྱིས་སངས་རྒྱས་སུ་མངོན་པར་འགྲུབ་ཅིང་མངོན་པར་འགྱུར་བའི་ཕྱིར་འདི་སྐད་ཅེས་བྱ་བ་ལ་ཉེས་པ་མེད་དོ། །ཆོས་བསྟན་པ་བདེ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་རྣམས་འཇིག་རྟེན་དུ་བསྟན་ཅིང་བཤད་པས་ཕྱིའི་མུ་སྟེགས་ལ་

སོགས་པ་ལྟ་བ་སྣ་ཚོགས་སུ་སྨྲ་བ་རྣམས་སྤོང་ཞིང་ཚར་གཅོད་པ་དང་གསུང་རབ་ཀྱི་ཆོས་རྣམས་རྒྱས་ཤིང་ཡུན་རིང་དུ་གནས་པའི་ཕྱིར་ཆོས་བསྟན་པ་བདེ་བའོ་ཞེའོ། །དགེ་འདུན་ཞེས་བྱ་བ་ནི་གང་ཟག་ཆེན་པོ་བརྒྱད་པོ་ལ་སོགས་ཏེ། བཞི་ཡན་ཆད་མང་པོ་འདུས་པ་ལ་བྱ་སྟེ། དེའི་མཐུན་

པ་ནི་ཚུལ་ཁྲིམས་དང་། ལྟ་བ་དང་། སྤྱོད་ལམ་དང་། འཚོ་བ་ལ་སོགས་པ་མཚུངས་པར་གྱུར་ཅིང་བྱ་བ་རྣམས་གཅིག་པ་ནི་མཐུན་པ་བདེ་ཞེས་བྱའོ། །ཡང་ན་བདེ་བ་ནི་མཐུན་པའི་རྒྱུས་མྱ་ངན་ལས་འདས་པ་མན་ཆད་བཟང་འགྲོ་ལ་སོགས་པའི་འབྲས་བུ་ཐོབ་པར་གྱུར་པས་ན་དཔེར་ན་

เล่ม ๑๕๕ · หน้า 15a

དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པའི་མཐུས་འཕགས་པ་ཀཽ་ཎྜི་ནྱ་ལ་སོགས་པ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་ལྟ་བུ་ཡང་ཡིན་ནོ། །ཡང་ན་དགེ་འདུན་མཐུན་པའི་མཐུས་བསླབ་པ་གསུམ་ལ་བསྒྲུབ་ཅིང་ནན་ཏན་དུ་བྱེད་པས་ཉོན་མོངས་པ་ནག་པོའི་ཕྱོགས་སྤོང་བ་འམ།

སེལ་བ་འམ། བསྲེག་པ་འམ། གདུང་བར་བྱེད་པ་ནི་དཀའ་ཐུབ་སྟེ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་གནས་པའི་ཉོན་མོངས་པ་ནག་པོའི་ཕྱོགས་སྤོང་བ་དེ་ནི་བདེ་བའོ་ཞེའོ། །ཚིགས་སུ་བཅད་པ་འདིས་ནི་དཀོན་མཆོག་གསུམ་འབྱུང་བ་བདེ་བ་དང་། དེའི་དགོས་

པ་བདེ་བའི་རྒྱུ་བསྟན་ཏོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །ཞེས་བྱ་བས་རྣམ་པ་བདུན་པོའི་ནང་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་བ་བཤད་དེ། དེ་ལ་དགེ་བའི་བཤེས་གཉེན་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་དགེ་བའི་བཤེས་གཉེན་དང་། དོན་དམ་པའི་དགེ་བའི་

བཤེས་གཉེན་ནོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་སྡིག་པའི་ཆོས་དང་ཉོན་མོངས་པའི་ཆོས་ལས་རིང་དུ་གྱུར་པས་ན་འཕགས་པ་ཞེས་བྱའོ། །དམ་པ་ནི་གཞན་ལ་ཕན་འདོགས་པའི་ངང་ཚུལ་ཅན་ཡིན་པས་འཕགས་པ་ཉིད་ལ་བྱའོ། །དེ་ལྟ་བུའི་སྐྱེས་བུ་དམ་པ་མཐོང་ན་བདེའོ་ཞེའོ། །ཁ་ཅིག་ན་

རེ་མཐོང་བ་ལྟ་ཞིག་ཅི་བདེ་ཞེ་ན། ཟླས་རིག་པར་བྱ་སྟེ། འགྲོགས་པ་དང་། ལྷན་ཅིག་གནས་པར་འགྱུར་བ་དང་བདེ་ཞེས་ཀྱང་འཆད་དོ། །ཁ་ཅིག་ན་རེ་དཔེར་ན་མི་མི་སྲུན་པ་ནི་མ་མཐོང་ཡང་བླ་ཞེས་བྱ་བ་ཡིན་པས་འཕགས་པ་རྣམས་ནི་མཐོང་ན་དགའ་བ་སྐྱེ་བའི་ཕྱིར་མཐོང་ན་བདེ་ཞེས་ཀྱང་འཆད་དོ། །

འགྲོགས་ན་བདེ་བ་ནི་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་འགྲོགས་ན་མི་དགེ་བའི་ཆོས་དང་བྲལ་ནས་དགེ་བའི་ཆོས་སྟོབས་པ་དང་། ཉེས་པ་ལས་འབྱིན་ཅིང་སྟོང་ཞིང་གྲོགས་བྱེད་པས་ན་དེ་ལྟ་བུ་དང་འགྲོགས་ཤིང་ལྷན་ཅིག་གནས་ན་འཕྲལ་དུ་བདེ་བ་སེམས་ལ་འཚེར་ཞིང་ཟུག་རྔུ་མེད་པ་དང་།

སེམས་དགའ་ཞིང་དང་བ་སྐྱེ་བ་དང་། ཡུལ་དང་བསོད་ནམས་བདེ་བར་སྨིན་པར་འགྱུར་བའི་ཕྱིར་དགེ་བའི་བཤེས་གཉེན་དང་འགྲོགས་ན་བདེའོ་ཞེའོ། །བྱིས་པ་རྣམས་ནི་མ་མཐོང་བདེ། །ཞེས་བྱ་བ་ནི་མི་དགེ་བའི་གྲོགས་པོ་སྤོང་བ་སྟོན་ཏེ། །བྱིས་པ་ཞེས་བྱ་བ་ནི་ངན་དུ་སེམས་ཤིང་ངན་དུ་སྨྲ་བ་

เล่ม ๑๕๕ · หน้า 15b

དང་། ངན་དུ་སྤྱོད་པ་སྟེ། དེ་ལྟ་བུ་རྣམས་དང་མི་བསྙེན་མི་འགྲོགས་ན་རྟག་ཏུ་བདེ་ཞེའོ། །དཔེར་ན་འཕྲ་བ་ཅན་ནི་འདོམ་གྱིས་སྤོང་བ་དང་། རྭ་ཅན་ནི་རྒྱང་གྲགས་ཀྱིས་སྤང་བ་དང་། མཆེ་བ་ཅན་ནི་དཔག་ཚད་ཀྱིས་སྤོང་ཞིང་བསྲིང་བ་དང་འདྲ་བར་བྱིས་པ་སྡིག་པ་སྤྱོད་པ་རྣམས་ཀྱང་

བསྲིངས་ཤིང་རིང་བར་གྱུར་ན་ཤིན་ཏུ་བདེའོ་ཞེའོ། །དེ་ལ་ཀུན་རྫོབ་ཀྱི་དགེ་བའི་བཤེས་གཉེན་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང་། ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །ཞེས་བྱ་བ་ནི་ཞི་གནས་ཀྱི་ཡན་ལག་

ལ་གནས་པ་བསྟེན་ཏེ་ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་ནི་ལུས་ཀྱི་ཉེས་པ་དང་། ངག་གི་ཉེས་པ་དང་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་རབ་ཏུ་བསྲུངས་པས་གཞན་ལ་མི་གནོད་པའི་ཕྱིར་དེ་ལྟ་བུའི་སྐྱེས་བུ་དམ་པ་མཐོང་ན་བདེའོ་ཞེའོ། །ཅིའི་ཕྱིར་ཞེ་ན། དཔེར་ན་རྐུན་པོ་རྣམས་

ནི་མ་མཐོང་ཡང་སླ་ཞེས་འབྱུང་བས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་མཐོང་བ་དང་བདག་གི་རྒྱུད་དང་ཕ་རོལ་གྱི་རྒྱུད་ལ་ཡིད་ཆེས་པས་དགའ་བ་ཡིན་ནོ། །མང་དུ་ཐོས་པ་ནི་ཐེ་ཚོམ་སེལ་ཞིང་བདེན་པ་རྟོགས་པ་དང་། དོགས་པ་རྣམས་མེད་པར་བྱེད་པས་མང་དུ་ཐོས་པ་མཐོང་ན་བདེའོ་ཞེའོ། །འདི་

ནི་ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །དེ་ལ་སྐབས་འདིར་ཚུལ་ཁྲིམས་ཀྱི་ནང་དུ་ཞི་གནས་དང་ལྷག་མཐོང་གི་ཆ་གཉིས་ཀ་མེད་དམ་ཞེས་ཟེར་ཡང་སྲིད་དེ། དེ་ནི་ཞི་གནས་ཀྱི་ནང་ན་ལྷག་མཐོང་ཡོད། ལྷག་མཐོང་གི་ནང་ནའང་ཞི་གནས་ཡོད་མོད་ཀྱི། ཤས་ཆེ་ཆུང་གི་ཕྱིར་དབྱེ་བ་ཙམ་དུ་

ཟད་དེ། དེ་ལ་ཞི་གནས་ནི་གཡེང་བ་ཞི་བའི་ཚུལ་ཁྲིམས་ཀྱང་མི་རྒོད་མི་འཕྱར་བའི་རང་བཞིན་ཏེ་ཞི་བ་ཤས་ཆེ་བས་ཞི་གནས་ཀྱིས་བསྟན་ཏོ། །མང་དུ་ཐོས་པ་ནི་ཐོས་པའི་ཤེས་རབ་སྟེ། ཤེས་པ་ཤས་ཆེ་བས་ན་ལྷག་མཐོང་གིས་བསྟན་ཏེ། ཡན་ལག་ལ་གནས་ཞེས་བྱ་བ་ནི་ཞི་གནས་དང་ལྷག་

མཐོང་མཐར་རྫོགས་པར་མ་གྱུར་པའི་ཕྱིར་རོ། །དེ་ལ་དོན་དམ་པའི་དགེ་བའི་བཤེས་གཉེན་ལ་ཡང་ཞི་གནས་ཀྱི་མཐའ་ལ་གནས་པ་དང་། ལྷག་མཐོང་གི་མཐའ་ལ་གནས་པའོ། །ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡང་གི་སྒྲ་ནི་ཕྱིར་ཞེས་པའི་ཐ་ཚིག་སྟེ། སྲིད་པ་ནི་ཁམས་གསུམ་ལ་བྱའོ། །

เล่ม ๑๕๕ · หน้า 16a

དེ་བས་ན་ཕྱིར་སྲིད་པར་འགྲོ་བའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་ན་ཡང་སྲིད་པར་རྣམ་པར་གྲོལ་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བ་ནི་ཟག་པ་དང་བཅས་པ་ཉེ་བར་ལེན་པའི་ཕུང་པོ་ཉོན་མོངས་པའི་བཅིངས་པ་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བའི་ཐ་ཚིག་ཡིན་ཏེ། དེ་

ཡང་གང་ཞེ་ན། དགྲ་བཅོམ་པ་དག་མཐོང་ན་བདེ་ཞེས་འབྱུང་བ་དེ་ཉིད་དེ། དེ་ལྟ་བུའི་རྣམ་པར་གྲོལ་བ་ནི་དགྲ་བཅོམ་པ་ཞེས་གདགས་སོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པས་དགྲ་བཅོམ་པ་ཞེས་ཀྱང་བྱ། ཕྱིར་སྐྱེ་བ་དང་འབྱུང་བ་མེད་པས། རྒྱ་གར་གྱི་སྐད་ཀྱིས་འབྱུང་བ་མེད་པ།

སྐྱེ་བ་མེད་པ་ཞེས་ཀྱང་བྱའོ། །ཡང་ན་མཆོད་པར་འོས་པ་སྟེ། ཡོན་གྱི་གནས་སུ་གྱུར་ཅིང་དད་པ་དང་། མ་དད་པས་བྱིན་པའི་ཟས་དང་གོས་ཞུ་བར་འགྱུར་བའི་དགྲ་བཅོམ་པས་དགྲ་བཅོམ་པ་ཞེ་འམ། མཆོད་པར་འོས་པ་ཞེས་བྱའོ། །དེ་ལྟ་བུའི་སྐྱེས་བུ་དམ་པ་ཡོན་ཏན་གྱི་བདག་ཉིད་ཆེ་

བ་མཐོང་བ་བདེའོ་ཞེའོ། །དེ་ཡན་ཆད་ཀྱིས་དགེ་བའི་བཤེས་གཉེན་བརྟེན་པར་བྱ་བ་དང་། མི་དགེ་བའི་གྲོགས་པོ་སྤོང་བ་བཤད་ཟིན་ཏོ། །ད་ནི་རྣམ་པ་བདུན་པོ་ལས་འབྲས་བུ་ཐོབ་པ་བསྟན་ཏེ། དེ་ཡང་གང་གི་རྒྱུས་ཐོབ་ཅེ་ན། སྔར་བསྟན་པའི་དཀོན་མཆོག་གསུམ་འབྱུང་བ་དགེ་

བའི་བཤེས་གཉེན་ལ་བརྟེན་པས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པོ་ཞེའོ། །དེ་ལ་རྣམ་པར་གྲོལ་བ་ཉིད་ཅི་ལྟ་བུ་ཡིན་པ་བསྟན་པར་འདོད་ན་དཔེར་ན། འབབ་སྟེགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་བསྟན་ཏེ། ཅི་ལྟར་ཆུ་བོ་ཆེན་པོ་ལས་རྒལ་བར་འདོད་ན་ཆུ་འགྲམ་ན་ཉམ་ང་བ་མེད་ཅིང་།

གྲོག་པོ་དང་། ཚེར་གད་དང་། རྡོ་ལ་སོགས་པ་མེད་པ་ན་ཆུ་འགྲམ་ཉིད་ཀྱང་བདེ་བ་ཡིན་ལ། དེ་རྒལ་བའི་མི་དང་ཆུ་བོ་འབབ་པ་ཉིད་ཀྱང་ཤིན་ཏུ་བདེ་བ་ཡིན་ཏེ། དེ་བཞིན་དུ་ཡོད་པ་དང་མེད་པ་དང་། རྟག་པ་དང་ཆད་པར་ལྟ་བའི་དྲི་མའི་མུ་དང་བྲལ་བ་དེ་ནི་འཕགས་པའི་ལམ་ཞེས་བྱ་སྟེ།

ཆུ་འགྲམ་བདེ་བའི་ལམ་བཟང་པོ་དང་འདྲ་བར་མཐའ་ཐམས་ཅད་དང་བྲལ་བའི་འཕགས་པའི་ལམ་གྱིས་ཐོབ་པའི་ཆོས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་དེ་ནི་ཤིན་ཏུ་བདེ་བར་བསྟན་ཏོ། །ཆོས་ལས་རྒྱལ་བའི་སྐྱེ་བོ་བདེ། །ཞེས་བྱ་བ་ནི་དེ་ལྟར་འཕགས་པའི་ལམ་ལ་གནས་ཤིང་

เล่ม ๑๕๕ · หน้า 16b

རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པས་མི་མཐུན་པའི་ཕྱོགས་ནག་པོའི་ཆོས་རྣམས་སེལ་ཞིང་རྒྱལ་བར་བྱས་པས་ན་ཆོས་ལས་རྒྱལ་བའི་སྐྱེ་བོ་བདེའོ་ཞེའོ། །དོན་དེ་ཉིད་ཕྱེད་འོག་ནས་སྟོན་ཏེ། །ངའོ་ང་རྒྱལ་ཟད་པ་བདེའོ་ཞེས་བསྟན་པ་སྟེ། འཕགས་པའི་ལམ་མ་ཐོབ་པའི་ཤེས་རབ་ཀྱི་

རལ་གྲིས་མི་མཐུན་པའི་ཕྱོགས་འཇོམས་ཤིང་གཅོད་པར་བྱེད་པ་ནི་ཤེས་རབ་ཡིན་ཏེ་ཤེས་རབ་མེད་པར་ཉོན་མོངས་པ་སྤོང་བར་མི་ནུས་པས་དེའི་ཕྱིར་ཤེས་རབ་ཐོབ་པ་བདེའོ་ཞེའོ། །དེ་བས་རྒྱུ་བསྟན་ཏེ། ཇི་ལྟར་ཤེས་རབ་ཐོབ་པ་བདེ་ཞེ་ན། ངའོ་ང་རྒྱལ་ཟད་པ་བདེ། །ཞེས་

སྨྲས་ཏེ། ངའོ་ང་རྒྱལ་ཡང་ཤེས་རབ་ཀྱི་རལ་གྲིས་ཡོངས་སུ་གཅོད་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་པའི་ཕྱིར། ཤེས་རབ་ཐོབ་པ་བདེ་ཞེའོ། །དེའི་སྐབས་སུ་ངའོ་ང་རྒྱལ་ཟད་ཅེས་མི་བྱ་བར་འདོད་ཆགས་ལ་སོགས་པ་ཟད་ཅེས་སྨྲས་ན་ཅི་ཉེས་ཞེས་ཟེར་ཡང་སྲིད་དེ། དེ་ནི་ཉེས་པ་

མེད་དེ། ང་རྒྱལ་ནི་ཉོན་མོངས་པ་ཐམས་ཅད་སྐྱེད་པའི་ཕྱིར་རྩ་བ་འམ་གཞི་ལྟ་བུ་ཡིན་པས་དེ་བཅད་པ་དང་འདོད་ཆགས་ལ་སོགས་པ་ཡང་མི་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་ཡང་འདོད་ཆགས་ལ་སོགས་པ་ཡང་ང་དང་ང་ཡི་བ་དང་། བདག་དང་བདག་གི་ཞེས་པའི་བསམ་པ་ངན་པ་

ལས་བྱུང་ནས་བདག་ལ་ཆགས་པ་སྐྱེ་ཞིང་ཕ་རོལ་གྱི་ཕྱོགས་ལ་ཞེ་སྡང་སྟེ། དེ་གཉིས་བྱུང་བ་དང་དེའི་ལས་གཏི་མུག་ཀྱང་འབྱུང་བ་ཡིན་པས་ང་རྒྱལ་ཆོད་དང་གཞན་ལྟ་ཞིག་ཟླས་མི་གནས་པར་རིག་པར་བྱའོ། །དེའི་ཕྱིར་ང་རྒྱལ་ཟད་པ་བདེ་བའོ། །དེ་ཡན་ཆད་དུ་འབྲས་བུ་

ཐོབ་པ་བདེ་བ་བསྟན་ཟིན་ཏོ། །ད་ནི་འབྲས་བུ་ཐོབ་པའི་གནས་བསྟན་ཏེ། ངེས་པར་བྱས་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་ཅན་རྣམས་ཀྱི་ཐོག་མའི་དག་པ་བསྟན་ཏེ། དགོན་པ་ལ་གནས་པར་བྱ་བར་ཡང་ནུས་ན་ནི་བྱ། མི་ནུས་ན་ནི་གཏོང་ངམ་ཞེའམ། བདག་གིས་ཅི་ཙམ་ནུས་པ་ནི་བྱ། དེ་

མ་ཡིན་ན་ནི་གཏོང་ཞེས་དམ་བཅའ་བའི་དགོན་པ་ཅན་ནི་དག་པའི་བསམ་པ་ཅན་མ་ཡིན་པས། གང་ཇི་ཙམ་དུ་བདག་གི་དོན་ཡོངས་སུ་མ་རྫོགས་པར་མི་བཏང་མི་ལྡོག་པར་དམ་བཅས་པ་དང་། ཡི་དམ་ངེས་པར་བྱ་བ་དེ་ནི་བསམ་པ་དག་པ་ཡིན་པས་ངེས་པར་བྱ་བ་ནི་དེ་ལྟ་བུའོ། །

เล่ม ๑๕๕ · หน้า 17a

དབང་པོ་ཐུལ་བ་ནི་དབང་པོ་མི་རྒོད་ཅིང་མི་འཕྱར་མི་གཡེང་བའི་ཐ་ཚིག་སྟེ། ཞི་བ་བཅིངས་པ་དེ་ཞེས་བྱ་བའི་ཐ་ཚིག་གོ། དངོས་སུ་ན་འདོད་པ་ལྔའི་ཡོན་ཏན་ལ་སེམས་མི་འབྲང་བ་དེ་ཉིད་དབང་པོ་ཐུལ་བ་ཞེས་བྱའོ། །མང་དུ་ཐོས་པ་དགོན་པ་ཞི་རྣམས་ཞེས་

བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྟན་པ་འཇིག་པ་གཉིས་ཏེ། མང་དུ་ཐོས་པ་གྲོང་ན་གནས་པ་དང་། ཉུང་དུ་ཐོས་པ་དགོན་པ་ན་གནས་པ་ཞེས་འབྱུང་བས་འཇིག་པར་འགྱུར་རོ། །དགོན་པ་ན་གནས་པ་ཡང་ཚུལ་ཁྲིམས་ལྕི་ཡང་དང་གསོ་སྦྱོང་གི་བྱེ་བྲག་དང་། མདོ་

སྡེའི་གནས་ཤེས་པ་གནས་པར་བྱའི་གཞན་མ་ཡིན། ཉུང་དུ་ཐོས་པ་དགོན་པར་གནས་པ་མི་རིགས་པའི་ཐ་ཚིག་གོ། །དགོན་པ་ནི་རྒྱང་གྲགས་གཅིག་ཕན་ཆད་དོ། །ཞི་བ་ནི་འཇིགས་པ་དང་དོགས་པ་དང་། ཉམ་ང་བའི་ས་མ་ཡིན་པ་ལ་བྱའོ། །འཇིགས་པ་ནི་དགྲས་འཇིགས་

པའོ། །དོགས་པ་ནི་གཅན་གཟན་གྱིས་འཚེ་བར་དོགས་པའོ། །ཉམ་ང་བ་ནི་སྦྲང་བུ་ལ་སོགས་པ་ཡོད་པའོ། །དེ་དག་མེད་པའི་གནས་སུ་དགོན་པ་བཅའ་བར་བྱ་བ་ནི་འདི་ལྟར་འདུལ་བ་ལས་གསོལ་བ་དང་ལས་ཀྱིས་གང་ཟག་ཅིག་བསྐོས་ཏེ། དགོན་པའི་གནས་རྟོགས་ཤིག་ཅེས་འབྱུང་

བ་ཡིན་ནོ། །གནས་པར་གྱུར་པ་ནགས་སུ་རྒས་པ་བདེ། །ཞེས་པ། གནས་པར་གྱུར་ན་ནི་ཐོག་མའི་བསམ་པ་ངེས་པ་ལ་བྱ་སྟེ་གནས་ཕན་ཆད་འདི་ལྟར་གནས་ལ་མེ་ཏོག་རྒས་ཤིང་རང་ལྷགས་སུ་གནས་པ་དང་འདྲ་བས་ཆེས་བཏགས་ཏེ་གནས་པར་བྱ་བའི་ཚིག་གོ། །ཡང་གཅིག་ཏུ་ན་

དགོན་པའི་ནགས་སུ་རྒས་པར་གྱུར་གྱི་བར་དུ་གནས་པར་བྱའོ་ཞེས་པ་དང་སྦྱར་རོ། །དེ་ལ་ནགས་འབའ་ཞིག་དགོན་པ་ཡིན་ནམ་ཞེ་ན། དེ་ནི་ཉི་ཚེ་བའི་མཚན་ཉིད་ཙམ་དུ་ཟད་ཀྱི་གྲོང་དང་རྒྱང་གྲགས་གཅིག་ཕན་ཆད་གཞན་ཡང་འདི་དང་འདྲ་བར་རིག་པར་བྱའོ། །དར་ལ་བབ་པ་

ཡལ་བ་ནི་རྒས་ཀྱི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཟླས་རིག་བྱ་ན་ཇི་ལྟར་སྐྱེས་བུ་དར་ལ་བབ་པའི་ཚེ་ཞོ་ཤ་ཆེ་ཞིང་རྩལ་མི་ཐུབ་པ་དང་འདྲ་བར་རྣམ་པར་ཤེས་པ་སྤྲེའུ་དང་འདྲ་བར་འདོད་པའི་ཡོན་ཏན་ལ་གནས་ཤིང་། ངལ་བ་མེད་པར་སྤྱོད་ཅིང་རྒྱུ་བས་དེའི་གནས་ལས་བཟློག་

เล่ม ๑๕๕ · หน้า 17b

སྟེ། དེ་ཤིན་ཏུ་བཏུལ་ནས་གཅིག་ཏུ་ཞི་བར་གནས་ཤིང་ཉོན་མོངས་པའི་གདུང་བ་ཡང་ཡལ་བར་བྱས་པས་ན་མྱ་ངན་ལས་འདས་པ་ཐར་པ་ཐོབ་པར་འགྱུར་བས། དར་ལ་བབ་པ་ཡལ་བ་བདེ། །ཞེས་བཤད་དོ། །དེ་ཡན་ཆད་འབྲས་བུ་ཐོབ་པའི་གནས་བཤད་ཟིན་ཏོ། །ཡང་དག་

པར་སྡུད་པ་པོའི་འཕགས་པ་རྣམས་ཀྱིས་འདུལ་བ་ལ་བསྟོད་པའི་སྟོད་ཏྲ་བཟླས་ཟིན་ཏོ། །ཚེ་དང་ལྡན་པ་དག་དཔྱིད་རྣམས་ལས་ཅི་ཙམ་ལུས་ཞེས་བྱ་བ་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ཡན་ཆད་དུ་སོ་སོར་ཐར་པའི་གླེང་གཞི་སྟོན་ཏེ། དེ་ཡང་རྣམ་པ་དགུ་ཞིག་ཏུ་དབྱེ་བར་བྱ་སྟེ།

དགུ་པོ་ཡང་གང་ཞེ་ན། བཀའ་ལུང་དང་། མི་འདུར་མི་གནང་བ་དང་། མི་འདུར་གནང་བ་དང་། མཆོད་པའི་ཆོ་ག་དང་། ཡང་དག་པར་འཛིན་དུ་བཅུག་པ་དང་། ཡང་དག་པར་འཛིན་པའི་ལེགས་པ་དང་། ཡང་དག་པར་མི་འཛིན་པའི་ཉེས་དམིགས་དང་། ཡང་དག་པར་བསྒོ་བ་

དང་། འཁོར་རྣམ་པར་དག་པའོ། །དེ་ལ་ཚེ་དང་ལྡན་པ་དག་དཔྱིད་རྣམས་ལ་ཞེས་བྱ་བ་ནས། བག་ཡོད་པས་ཐོབ་པོ་ཞེས་བྱ་བའི་བར་དུ་རྣམ་པ་དགུ་པོའི་ནང་ནས་བཀའ་ལུང་གི་དབང་དུ་བྱས་ཏེ་བསྟན་ཏོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་སྙན་པར་བོད་པའམ། བཙུན་པར་བོད་པའི་ཚིག་གོ། །

དཔྱིད་རྣམས་ཞེས་བྱ་བ་ནི་ལོ་གཅིག་ལ་དུས་གསུམ་དུ་རྣམ་པར་གཞག་སྟེ། དེ་ཡང་དགུན་དང་། དབྱར་དང་། དཔྱིད་གསུམ་མོ། །དེ་ལ་སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་དུ་ནི་དགུན་གྱི་དུས་ནི་ཤིན་ཏུ་གྲང་བའོ། །དཔྱིད་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་དུ་ནི་

དཔྱིད་ཀྱི་དུས་ཏེ་ཚ་བའི་དུས་སོ། །དབྱར་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་དུ་ནི་དབྱར་གྱི་དུས་ཏེ་གྲང་དྲོ་སྙོམས་སོ། །འདིར་དཔྱིད་སྨོས་པ་ནི་ཉེ་བའི་མཚན་ཉིད་ཙམ་དུ་ཟད་དེ། དུས་གསུམ་པོ་གང་ལ་བབ་པའི་ཟླ་བ་དང་། ཅི་ཙམ་འདས་པའི་སོ་སོར་ཐར་པ་འདོན་པའི་ཚེ་བརྗོད་པར་

བྱ་སྟེ། དཔེར་ན་དེ་ནི་དཔྱིད་ཟླ་ར་བ་བཅོ་ལྔ་འདས་ཏེ། ཞག་གཅིག་གིས་མ་ཚང་བའི་ཟླ་བ་ཕྱེད་དང་། བཞི་འོངས་པ་ལྟར་སོ་སོར་ཐར་པ་འདོན་པས་བརྗོད་པར་བྱའོ། །ཅི་ཙམ་འདས་པ་དང་། ལྷག་མ་ཇི་ཙམ་དུ་ལུས་པ་དེ་ཡང་དེ་བཞིན་དུ་བརྗོད་དེ། ཅི་ཙམ་ཞེས་བྱ་བ་འདས་པ་དང་།

เล่ม ๑๕๕ · หน้า 18a

མ་འོངས་པ་ལ་ངེས་པ་མེད་པས་ཅི་ཙམ་དུ་དེ་ཉིད་སྨོས་སོ། །དེས་ནི་གང་ཟག་དགེ་བ་ལ་མི་བརྩོན་ཞིང་། དུས་སྙེམས་པའི་གཉེན་པོར་གསུངས་སོ། །ཚེ་སྙེམས་པའི་གཉེན་པོར་དགའ་བ་དང་། འཆི་བ་མངོན་པར་འོང་ངོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

ཅིའི་ཕྱིར་སྲིད་པའི་ཡན་ལག་མྱ་ངན་ལ་སོགས་པ་གཞན་འདིར་མ་སྨོས་པར། རྒ་བ་དང་འཆི་བ་འབའ་ཞིག་སྨོས་ཤེ་ན། ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུའི་གཙོ་བོ་ཡོངས་སུ་ཉམས་པར་བརྗོད་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉམས་པར་གྱུར་པའི་རྒྱུ་

གཉིས་ཏེ། ལུས་དང་། སྐྱེ་གནས་སོ། །དེ་ལ་ལུས་ཉམས་པ་ནི་རྒ་བ་དང་འཆི་བ་སྟེ། རྒས་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་གསུང་རབ་ཀྱི་ཡན་ལག་འཇིག་རྟེན་གནས་སུ་ཟིན་ཀྱང་ལུས་ཀྱིས་མི་ནུས་ཤིང་མི་ལྕོགས་ལ་ཉམས་ཀྱིས་དཔྱད་མི་བཟོད་པས་སྦྱོར་ཞིང་རྩོལ་མི་ནུས་

ཏེ། ཚངས་པར་སྤྱད་པ་ལས་འཕང་བར་འགྱུར་རོ་ཞེའོ། །འཆི་བ་ནི་ཕུང་པོ་རྒྱུན་འཆད་པ་ལ་བྱ་བས་དགེ་བའི་ཆོས་རྣམས་སྤྱད་དུ་མེད་དེ་ཚངས་པར་སྤྱོད་པ་དང་རིང་བར་འགྱུར་རོ། །དེའི་ཕྱིར་སྐྱེ་བའི་གནས་ཉམས་པ་ནི་སྟོན་པའི་བསྟན་པ་འཛིན་པ་ཞེས་བྱ་སྟེ་བསྟན་པ་འཛིན་པ་ནི་གང་ཟག་

སྒྲུབ་པ་དང་། འཛིན་པ་དང་བརྗོད་པ་ཉམས་པའོ། །དེའི་ཕྱིར་དུས་ཇི་ལྟར་འདས་པ་བཞིན་དུ་རྒ་བ་དང་འཆི་བས་གནོད་པར་གྱུར་ཏེ། གསུང་རབ་ཀྱི་ཆོས་ཀྱང་འཇིག་གོ་ཞེས་གསུངས་པས་བག་ཡོད་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་སྨོས་སོ། །སྟོན་པ་ནི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་

སྟེ་དེ་བཞིན་གཤེགས་པའོ། །བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་ལ་བཤད་ཅིང་བསྟན་པའི་བག་ཡོད་པ་ནི་དགེ་བའི་ཆོས་ལ་གཟུད་པའི་རྣལ་འབྱོར་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་དུ་གཟུད་པའི་དོན་ཏེ། ཞི་གནས་

དང་ལྷག་མཐོང་ཟུང་དུ་འབྲེལ་བས་འགྲོ་བའི་ལམ་ནི་རྣལ་འབྱོར་ཞེས་བྱའོ། །དེ་ལྟར་བག་བྱས་པས་ཐོབ་པའི་འབྲས་བུ་གང་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་དང་དགེ་བའི་ཆོས་རྣམས་ཀྱང་བག་ཡོད་པས་ཐོབ་པས་ན་བཅོམ་ལྡན་འདས་ཀྱིས་བག་ཡོད་པ་ལ་རྣལ་འབྱོར་དུ་བྱའོ་

เล่ม ๑๕๕ · หน้า 18b

ཞེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་དུ་ཐུགས་སུ་ཆུད་དེ་སྟོན་པས་ན། དེ་བཞིན་གཤེགས་པའོ། །ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་སྟེ། གང་ཟག་ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པ་ནི་

ཡང་དག་པ་ཉིད་དུ་མཁྱེན་པར་བྱ་བ་ཡོངས་སུ་རྫོགས་པ་ལ་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལ་བྱའོ། །དེ་ཡན་ཆད་བཀའ་ལུང་འདས་སོ། །ད་ནི་དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཞེ་ན་ཞེས་བྱ་བ་ནས་བྱ་བ་ཉུང་ངོ་ཞེས་བྱ་བ་ཡན་ཆད་དུ་

རྣམ་པ་དགུ་པོའི་ནང་ནས་མི་འདུར་མི་གནང་བ་བསྟན་པར་བྱ་སྟེ། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཞེས་བྱ་བ་ནི་དྲི་ཞིང་བརྟགས་པ་ལྟ་བུའི་ཚིག་གམ། ཡང་ན་མེད་པ་ལྟ་བུའི་ཚིག་ལའང་བྱ་སྟེ། དྲི་མ་ལྟ་བུའི་ཚུལ་དུ་བཤད་ནའང་གསོ་སྦྱོང་བྱ་བའི་གནས་སུ་ཆག་ཆག་བྱ་བ་དང་།

སྐྱང་ནུལ་དང་དཀྱིལ་འཁོར་དང་སྟན་གདིང་བ་ལ་སོགས་པ་དང་པོ་ཁོ་ནར་བྱའོ་ཞེས་བསྟན་པའོ། །མེད་པའི་ཚིག་ལྟར་བཤད་ན་ཡང་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ། བྱ་བ་ཉུང་བ་ཡིན་པས་གང་ཟག་གི་གསོ་སྦྱོང་ལ་སོགས་པ་སྔར་མ་བྱས་ན་དགེ་འདུན་འདུ་བའི་ཚེ་མི་མཐུན་པར་

འགྱུར་བས་ན་གསོ་སྦྱོང་ལ་ཆེད་ཆེ་ཞིང་གཅེས་པ་ཅི་ཞིག་ཡོད་ཅེས་དྲི་བ་ལྟ་བུའོ། །ཡང་ན་གསོ་སྦྱོང་ནི་ཕྱིས་བྱ་བ་འམ། ཤོལ་དུ་མི་རུང་བས་གསོ་སྦྱོང་གི་སྔོན་རོལ་དུ་ལས་ཅི་ཡང་བྱ་བ་མེད་ཅེས་པའི་ཐ་ཚིག་གོ། །ཉན་ཐོས་ཞེས་བྱ་བ་ནི་གཞན་ལས་ཐོས་པར་བྱ་བས་ན་ཉན་ཐོས་ཏེ། གཞན་

གྱི་དྲིང་ལ་བརྟེན་ཏེ་འབྱུང་བའི་ཕྱིར་རོ། །དེ་ཡང་ཅི་ལྟ་བུ་ཞེ་ན། དཔེར་ན་མཁན་པོ་དང་སློབ་དཔོན་ལས་ཐོས་པར་བྱས་ནས་ལན་གསུམ་རྫོགས་པའི་ཐ་མ་ལ་ཁྱོད་ནི་དགེ་སློང་ངོ་། །དགེ་སྦྱོང་ངོ་ཞེས་གདགས་པ་ལྟ་བུ་སྟེ། དེའི་ཕྱིར་གཞན་ལ་རག་ལས་ཤིང་བརྟེན་ཏེ་འབྱུང་བས་ན་ཉན་ཐོས་

སོ། །དོན་ཉུང་བ་བྱ་བ་ཉུང་བ་ཞེས་བྱ་བས་འདོད་པ་ཆུང་བའི་རྒྱུ་བསྟན་ཏེ། དོན་ཉུང་བ་ནི་ལུས་ཀྱིས་སྒྲུབ་པ་དང་། ངག་གིས་སྨྲ་བའི་དོན་ཉུང་བའོ། །བྱ་བ་ཉུང་བ་ནི་ཡོད་ཀྱི་བྱ་བ་ཉུང་བ་སྟེ། དངོས་སུ་ན་ཞིང་གི་རྨོ་རྐོ་དང་། ཚོང་གི་ཁེ་སྤྲུལ་དང་། ཡུལ་གྱི་རྣམས་ཆོས་སུ་བྱ་བ་མེད་ཅིང་

เล่ม ๑๕๕ · หน้า 19a

ཡིད་ཀྱིས་བཙལ་བའི་དོན་ཉུང་བ་སྟེ། དེ་ལྟ་བུའི་ཚུལ་གྱིས་ན་བྱ་བ་གཞན་མེད་པས་དང་པོ་རིངས་པར་བྱ་བ་ཉིད་གསོ་སྦྱོང་ཡིན་པས་ན་དེའི་ཕྱིར་མི་འདུར་མི་གནང་སྟེ། རྐྱེན་ཅི་ལྟ་བུ་བྱུང་ཞིང་བྲེལ་ཀྱང་མི་འདུར་མི་གནང་གི་འདུས་ཤིག་ཅེས་བཀའ་སྩལ་ཏོ། །འདི་

སྐད་དུ་བཀའ་སྩལ་པ་ལས་དགེ་སློང་ཁ་ཅིག་བླ་མའི་ཁྱད་པར་ཐོབ་ཏུ་ཉེ་བ་ལས་བར་ཆད་དུ་གྱུར་ཏེ། མ་ཐོབ་པ་དང་ལམ་གྱིས་དུབ་པ་དག་སེམས་རྩེ་གཅིག་ཏུ་འདུག་པར་མི་ནུས་ནས་གྲལ་ན་གཅོག་པ་ལྟ་བ་དང་། དགེ་སློང་ནད་པ་ཁ་ཅིག་འཕྱེས་འཁྲུད་དེ་གསོ་སྦྱོང་གི་སར་ཕྱིན་པ་དང་།

ཤི་བར་གྱུར་ནས་དེ་ལྟ་བུར་གྱུར་པ་ལ་རྗེས་སུ་གནང་སྟེ། བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བུའི་རྐྱེན་བྱུང་བ་རྣམས་ལ་དད་པ་དང་ཡོངས་སུ་དག་པ་ལོངས་ལ་དགེ་འདུན་གྱི་གསོ་སྦྱོང་བར་ཆད་དུ་མི་འགྱུར་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ལྟ་བས་ན་ཚེ་དང་ལྡན་པ་དག་མ་

ལྷགས་པ་རྣམས་ལ་དད་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་སྨོས་ཏེ། དེ་ནི་རྣམ་པ་དགུ་པོའི་ནང་ནས་མི་འདུར་གནང་བའི་དབང་དུ་བྱས་ནས་བསྟན་ཏོ། །ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་རྒྱལ་པོའི་ཁབ་ན་དགེ་སློང་དག་གཅིག་ལ་གཅིག་ཁྱིམ་

པའི་མིང་རུས་ནས་འབོད་པ་ལས་ཁྱིམ་བདག་འཕྱ་བར་གྱུར་ནས་བཀའ་སྩལ་པ། ཚེ་དང་ལྡན་པའམ། བཙུན་པ་ཞེས་བོས་ཤིག་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་སྒོ་ནས་འབོད་དོ་ཞེས་གསུངས་སོ། །མ་ལྷགས་པ་རྣམས་ཞེས་བྱ་བ་ནི་གང་དུ་ནད་པ་ལ་སོགས་པ་གསོ་

སྦྱོང་སར་འགྲོ་མི་ནུས་ཤིང་མཚམས་ཀྱི་ནང་ན་འཁོད་པ་རྣམས་ལ་བྱའོ། །ནད་ཚབས་ཆེ་སྟེ་སྨྲ་མི་ནུས་ན་ལུས་ཀྱི་བརྡས་ཕུལ་ན་ཡང་ཕུལ་བའོ་ཞེས་བྱའོ། །དེ་སྟེ་ཡང་འབུལ་མ་ནུས་ན་དགེ་འདུན་དེར་དེང་ཤིག །ཡང་ན་དགེ་འདུན་གྱི་ནང་དུ་ནད་པ་བླང་བར་བྱའོ། །ཡོངས་སུ་དག་

པར་འདྲི་བ་ནི་དད་པ་དང་འདྲ་བར་བརྗོད་དོ། །འདྲི་བའི་མདུན་དུ་དད་པ་འབུལ་བའི་དགེ་སློང་གིས་གསོ་སྦྱོང་བྱས་ནས་རྒན་གཞོན་གྱི་ཚུལ་དུ་ཙོག་ཙོག་པོར་འདུག་ནས་གུས་པར་བདག་ནི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་གཙང་སྟེ། དགེ་འདུན་ཕྲིན་ལས་མཛད་པ་ལ་དད་པ་དང་

เล่ม ๑๕๕ · หน้า 19b

ཡོངས་སུ་དག་པ་དབུལ་ལོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དད་པ་ཕུལ་བ་ནི་དེ་ལྟར་དད་པ་ཕུལ་བས་ན་དགེ་འདུན་དང་མཐུན་པར་འགྱུར་རོ། །ཡོངས་སུ་དག་པ་ཕུལ་བས་ན་བདག་ཉིད་གསོ་སྦྱོང་གི་སྣོད་དུ་འགྱུར་རོ། །དྲིས་ཤིག་ཅེས་བྱ་བ་ནི་དབུལ་དུ་གཞུག་པའོ། །བརྗོད་པར་བྱའོ་

ཞེས་བྱ་བ་ནི་དད་པ་བླངས་པའི་དགེ་སློང་གིས་གསོ་སྦྱོང་གི་གནས་སུ་དགེ་འདུན་ཚོགས་པ་ལ་བརྗོད་པ་འམ། ཡང་ན་དགེ་སློང་གཅིག་ལ་བརྗོད་ན་ཡང་དད་པ་ཕུལ་བ་ཡིན་ནོ། །དད་པ་དང་ཡོངས་སུ་དག་པ་ལེན་པ་ཡང་ནད་པ་དང་ནད་གཡོག་དང་། དགེ་བའི་ཕྱོགས་ཁྱད་པར་ཅན་ལ་སྦྱོར་བ་

དང་། སོ་སོར་ཐར་པའི་མདོ་གདོན་པ་ལ་ཞུགས་ཤིང་དོན་ཡིད་ལ་བྱེད་པའམ་ལམ་རིང་པོ་ནས་དུབ་ཅིང་འགྲོ་མི་ནུས་པ་དང་། ནད་ཀྱིས་བཏབ་སྟེ་སོས་ནས་རིང་པོར་མ་ལོན་པ་ལ་སོགས་པ་རྐྱེན་བྱུང་བ་རྣམས་ཀྱིས་དད་པ་ཕུལ་བར་བྱའི། དགེ་བའི་ཕྱོགས་ཅུང་ཟད་ཙམ་བྱེད་པའམ་ཅུང་ཟད་

ན་བའི་ཕྱིར་སྙད་བཏགས་ཏེ་དད་པ་འབུལ་བ་ནི་མ་ཡིན་ནོ། །དད་པ་ལེན་པའི་དགེ་སློང་བསྐོ་བ་ནི་བསླབ་པ་བྱིན་པ་དང་། ཕས་ཕམ་པ་བྱུང་ན་དང་བསླབ་པ་མ་ཆགས་པ་དང་། རང་བཞིན་དུ་མི་གནས་པའི་དགེ་སློང་མ་ཡིན་པ་དང་། སྨྱོས་པ་ལ་སོགས་པས་དད་པ་བླང་བར་མི་བྱའོ། །དད་པ་

ལེན་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ནང་དད་པའི་ཚེ་མཚམས་ཀྱི་ཕྱི་རོལ་ནས་ནང་དུ་ཕན་ཚུན་དུ་དབུལ་བར་མི་བྱ་ནམ་མཁའ་ལ་གནས་ཤིང་ས་ལ་དབུལ་བར་མི་བྱ། གཅིག་ནས་གཅིག་ཏུ་བརྒྱུད་དེ་དབུལ་བར་མི་བྱ། དད་པ་བླངས་ནས་རྒྱུག་ཅིང་མཆོང་བར་མི་བྱ། བསམ་གཏན་ལ་

འཇུག་ཅིང་ཉལ་བར་མི་བྱའོ། །མཚམས་ནི་གཉིས་ཏེ། ཆེན་པོ་དང་ཆུང་ངུའོ། །ཆེན་པོ་ནི་ཐང་ཀ་དང་བླ་འོག་དཔག་ཚད་ཕྱེད་དང་གསུམ་ཁོ་ར་ཁོར་ཡུག་གོ། །ཆུང་ངུ་ནི་འདི་ཚུན་ཆད་དཀྱིལ་འཁོར་གྱི་བར་དུ་སྟེ། དགེ་འདུན་བཞི་བཅུའི་ལས་ཤོང་བའོ། །ཤཱཀྱ་སེང་གེ་ཞེས་པ་ནས་འདུལ་བ་

དེ་ནི་ང་ལས་ཉོན་ཞེས་བྱ་བ་ཡན་ཆད་དུ་རྣམ་པ་དགུ་པོའི་ནང་ནས་མཆོད་པའི་ཆོ་ག་བསྟན་པར་བྱས་ཏེ། སོར་མོ་བཅུའི་ཐལ་སྦྱར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། དེ་བཞིན་གཤེགས་པ་ལ་ཁྱིམ་པའི་རིགས་དང་། རབ་ཏུ་བྱུང་བའི་ཡོན་ཏན་ལས་བསྟོད་པ་དང་

เล่ม ๑๕๕ · หน้า 20a

སོ་སོར་ཐར་པ་ལ་མཆོད་ཅིང་བསྟོད་པའོ། །ཁྱིམ་པའི་རིགས་ཀྱི་སྒོ་ནས་བསྟོད་པ་ནི་གདུང་གཙང་ཞིང་རིགས་བཙུན་པའི་ཕྱིར་ཤཱཀྱ་ཞེས་སྨོས་སོ། །སེང་གེ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། ཇི་ལྟར་སེང་གེ་རལ་པ་ཅན་ཕྱོགས་གང་ནས་

གང་དུ་འགྲོ་བ་དེར་འཇིགས་པ་དང་བག་ཚ་བ་མེད་པར་འགྲོ་བ་བཞིན་དུ་དེ་བཞིན་གཤེགས་པ་སེང་གེ་དང་མཚུངས་པ་ཡང་མི་འཇིགས་པ་བཞི་དང་ལྡན་པས་མུ་སྟེགས་ཅན་གྱི་ཚོགས་མང་པོ་ཤིན་ཏུ་སྐྲག་པར་མཛད་པས་སེང་གེ་དང་འདྲའོ་ཞེའོ། །ཡང་ན་ཤཱཀྱ་ཞེས་བྱ་བའི་སྒྲ་ནི་ཕོད་པའམ་ནུས་

པ་འམ་ལྕོགས་པ་ལྟ་བུའི་དོན་ཏེ། སྔོན་རྒྱལ་པོ་འཕགས་སྐྱེས་པོའི་བུ་ལས་ཡུལ་ཀ་ཕྱི་ལ་སྡུ་ཞེས་བྱ་བ་སྤུན་གཉིས་ཤིག་སྤྱུགས་པ་ལས་དེ་དག་ཀྱང་མཐུ་སྟོབས་ལྷག་པར་ཆེ་སྟེ། ཡུལ་དང་ལྗོངས་ལ་སོགས་པ་ཡང་བཅོམ་ཞིང་ཕམ། བདག་ཅག་ཉིད་ཀྱང་རྒྱལ་པོའི་བུ་ཞིག་པས་ཀ་ཕྱི་ལ་

ཞེས་བྱ་བའི་དྲང་སྲོང་གིས་ཀྱང་རིལ་བ་སྤྱི་བླུགས་ཀྱིས་ཡུལ་གྲུ་བཅད་དེ་བྱིན་ནས། དེ་དག་སྐྱེད་པའི་བདེ་བས་ན་ཕྱོགས་ཀུན་དུ་བདེའོ་ཞེས་གྲགས་ཏེ། ཕྱོགས་གང་ན་རྒྱལ་པོའི་སྲིས་གཏོང་བའི་རྒྱལ་པོའི་ལྟ་བུའམ། རྒྱལ་པོ་ལ་མ་རངས་པའི་བློན་པོ་ལྟ་བུ་ལ་སོགས་ཏེ། ཐམས་ཅད་

ཀྱང་འདིར་འདུ་ཞིང་ལྷགས་ནས་རྒྱལ་པོ་འཕགས་སྐྱེས་པོ་ཉིད་པས་ཀྱང་བུ་དེ་དག་ནི་ཤིན་ཏུ་འབྱོར་ཅིང་ནུས་པ་དང་། ཕོད་ཅིང་ལྕོགས་པ་དང་། གྲགས་ཆེ་ཞིང་དེ་ལྟ་བུ་ལས་གྱུར་པས་ན་ཤཱཀྱ་ཞེས་བྱ་བ་ཁྱིམ་པའི་རིགས་ཀྱི་སྒོ་ནས་བསྟོད་དོ་ཞེའོ། །སོ་སོར་ཐར་པ་ལ་མཆོད་པ་ཡང་བསྟོད་

པས་མཆོད་དེ། ཉོན་མོངས་པ་ལས་ཐར་པར་བྱེད་པས་ན་སོ་སོར་ཐར་པ་ལ་ཞེས་ཡོན་ཏན་གྱིས་མཆོད་པའོ། །བཤད་པར་བྱ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་བཤད་པའམ་འདོན་པ་ལ་བྱའོ། །ཐལ་སྦྱར་ཞེས་བྱ་བ་ནི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་ཏེ། ཕྱག་རྣམ་གསུམ་

གྱི་བྱེ་བྲག་གོ། །འདུལ་བ་ཞེས་བྱ་བ་ནི་རྣམ་པ་བདུན་གྱིས་བྱེ་བྲག་ཏུ་བསྟན་པ་ཡང་ཡིན་ཏེ། ཡང་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་འདུལ་བར་བྱེད་པས་ན་འདུལ་བ་ཞེས་ཀྱང་བྱའོ། །མཆོད་པའི་ཆོ་ག་འདས་སོ། །ང་ལ་ཉོན་ཞེས་བྱ་

เล่ม ๑๕๕ · หน้า 20b

བ་ནས། སྲབ་འདྲ་སོ་སོར་ཐར་པ་འདིའོ། །ཞེས་བྱ་བའི་བར་དུ་རྣམ་པ་དགུ་པོ་ལས་ཡང་དག་པར་འཛིན་དུ་གཟུད་པ་བསྟན་ཏེ། ང་ལ་ཉོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་རྣམ་པ་བཞིར་དབྱེ་བར་བྱ་སྟེ། བཞི་པོ་ཡང་གང་ཞེ་ན། ཉན་དུ་གཞུག་པ་དང་། ཕྱིན་ཅི་མ་ལོག་པར་

བསྒྲུབ་པ་དང་། མི་གཡེལ་བར་སྦྱོར་བ་དང་། ལྟ་བ་ལ་ཆགས་སུ་མི་གཞུག་པའོ། །ང་ལ་ཉོན་ཞེས་བྱ་བ་ནི་ཉན་དུ་གཞུག་པ་དང་སྦྱར་རོ། །ཁ་ན་མ་ཐོ་ཕྲ་རྣམས་ལ། །སྒྲིམས་ཏེ་གུས་པར་གྱིས་ཤིག་ཅེས་བྱ་བ་ནི་མི་གཡེལ་བར་སྦྱོར་བ་དང་སྦྱར་རོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིན། །

གསུངས་པ་ཇི་བཞིན་སྒྲུབ་པར་གྱིས། །ཞེས་པས་ནི་ཕྱིན་ཅི་མ་ལོག་པར་སྒྲུབ་པར་སྦྱར་རོ། །རྟག་པར་ཤིན་ཏུ་བསྟེན་པ་ཡིས། །ཞེས་པ་ནས། སྲབ་འདྲ་སོ་སོར་ཐར་པ་འདིའོ། །ཞེས་བྱ་བའི་བར་དུ་ནི་ལྟ་བ་ལ་ཆགས་སུ་མི་གཞུག་པ་བསྟན་ཏོ། །དེ་ལ་ང་ལ་ཉོན་ཅིག་ཅེས་བྱ་བ་སྟེ། ང་ཞེས་

བྱ་བ་ནི་སོ་སོར་ཐར་པ་འདོན་པའི་གང་ཟག་གོ། །དེ་ལ་ཅི་ཞིག་མཉན་ཞེ་ན། སོ་སོར་ཐར་པ་མཉན་པའོ། །དེས་ནི་དབང་པོ་གཞན་དུ་མི་གཡེང་ཞིང་། དྲན་པ་མངོན་སུམ་དུ་བྱོས་ལ་རྣ་བླགས་ཏེ་ཉོན་ཅིག་པ་སྟེ། སོ་སོར་ཐར་པ་འདོན་པ་ལ་བསྟི་སྟང་དང་བཅས་པས་ཉོན་ཅིག་པའོ། །དེ་ལ་ཐོས་

ནས་དྲང་སྲོང་ཆེན་པོ་ཞེས་བྱ་བ་དང་། གསུངས་པ་བཞིན་དུ་སྒྲུབ་པར་གྱིས་ཞེས་བྱ་བ་གཉིས་ཀྱིས་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དེས་ཅི་ཐོས་ནས་ཇི་ལྟར་སྒྲུབ་ཅེ་ན། དྲང་སྲོང་ཆེན་པོས་གསུངས་བཞིན་སྒྲུབ་ཅེས་སྨོས་སོ། །དྲང་སྲོང་ནི་དེ་བཞིན་གཤེགས་པ་ལ་བྱའོ། །ཆེན་པོ་ནི་ཚུལ་

ཁྲིམས་ཀྱིས་རྒྱས་ཤིང་འཇིག་རྟེན་པའི་མུ་སྟེགས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དྲང་སྲོང་ལས་མངོན་པར་ཤེས་པ་ལ་སོགས་པས་ཁྱད་པར་འཕགས་པའི་ཕྱིར་ཆེན་པོ་ཞེས་སྨོས་སོ། །དེས་ཇི་སྐད་གསུངས་པ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ་ཞེས་བྱ་བའི་དོན་ཏོ། །

ཁ་ན་མ་ཐོ་ཕྲ་རྣམས་ལ། །སྒྲིམས་ཏེ་གུས་པར་གྱིས་ཤིག་པ་ནི་མི་གཡེལ་བར་སྦྱར་བ་སྟེ། ཁ་ན་མ་ཐོ་ཞེས་བྱ་བ་ནི་བརྗོད་པར་མི་རིགས་པའི་ཚིག་སྡུད་པ་སྟེ། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པའོ། །ཁ་ན་མ་ཐོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱི་དང་། བཅས་པའི་

เล่ม ๑๕๕ · หน้า 21a

ཁ་ན་མ་ཐོ་བའོ། །དེ་ལ་བཅས་པའི་ཁ་ན་མ་ཐོ་བ་ལས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡིག་པ་ཆེ་ཞིང་ལྕི་བས་ན། སྐབས་འདིར་ཕྲ་ཞེས་སྨོས་པས་ན་བཅས་པའི་ཁ་ན་མ་ཐོ་བ་ལ་བྱ་སྟེ། དེ་བས་ན་དགེ་བ་ལ་བརྩོན་པའི་གང་ཟག་གིས་བཅས་པའི་ཁ་ན་མ་ཐོ་བ་ཕྲ་བའི་ཡང་

ཕྲ་བ་ལ་བརྙས་པར་མི་བྱ་ཞིང་ཤིན་ཏུ་བསྒྲིམས་ཏེ་བསྲུང་ཞིང་བསྡམས་པར་བྱ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་སོགས་ཏེ་སྡིག་ཆེ་བ་སྦོམ་པོ་རྣམས་ལྟ་ཅི་སྨོས་ཞེས་བསྟན་ཏོ། །དེས་ནི་བསླབ་པ་ལ་མི་གཡེལ་བར་སྦྱོར་བ་བསྟན་ཏོ། །རྟག་པར་ཤིན་ཏུ་བརྟེན་པ་ཞེས་བྱ་བ་ནི་ཤློ་ཀ་གཅིག་གིས་

ནི་ལྟ་བ་ལ་ཆགས་སུ་མི་གཞུག་པ་བསྟན་ཏེ། རྟག་པར་ཤིན་ཏུ་བརྟེན་པ་ཞེས་བྱ་བས་སེམས་རྟ་རྒོད་དང་མཚུངས་པ་ཤིན་ཏུ་གདུལ་དཀའ་བ་དཔེ་རྟ་རྒོད་ལས་བླངས་ཏེ་བསྟན་ཏོ། །རྟ་རྨུ་རྒོད་མ་རུངས་པ་འཇུག་ཅིང་འགྲོ་བར་བྱ་བའི་ལམ་མ་ཡིན་པར། བརྟེན་ཅིང་འཚལ་བའམ། འཐར་བ་

ལྟར་སེམས་རྟ་རྒོད་དང་མཚུངས་པ་ཡང་ཉོན་མོངས་པའི་ཆོས་འདོད་པ་ལྔའི་ཡོན་ཏན་ལ་ཤིན་ཏུ་མོས་ཤིང་གྱ་ཚོམ་དུ་འཇུག་པ་ལས་བཟློག་པར་དཀའ་བ་བསྟན་ཏེ། ཅི་ལྟར་རྟ་རྒོད་མ་རུངས་པ་འཇུག་པར་བྱ་བ་ལམ་མ་ཡིན་པར་བརྟེན་ཅིང་འགྲོ་བ་ལ་སྲབ་ཀྱིས་ཁ་ལོ་སྒྱུར་ཅིང་དགུག་པ་ལྟར་སེམས་

རྟ་རྒོད་དང་མཚུངས་པ་ཡང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཆོས་རྣམས་ལ་སེམས་རབ་ཏུ་གཡེང་བར་སྤྱོད་ཅིང་འཇུག་པ་ལས་བཟློག་པ་དང་ལྡོན་པར་བྱེད་པ་ནི་སོ་སོར་ཐར་པ་དེ་ཡིན་ཏེ། དེ་བས་ན་སོ་སོར་ཐར་པ་སྲབ་དང་འདྲའོ་ཞེས་སྨོས་སོ། །དེ་ལ་སེམས་ཞེས་སྨོས་

པ་ནི་མུ་སྟེགས་ཅན་བདག་ཏུ་ལྟ་བ་ལས་བྱེ་བྲག་ཏུ་བསྟན་ཞིང་བཟློག་པའི་ཕྱིར་སེམས་ཞེས་སྨོས་ཏེ། ཉོན་མོངས་པའི་གཡུལ་ལ་བརྟེན་ཞིང་འཇུག་ཀྱང་བདག་ཅེས་བྱ་བ་མེད་པས་ན་སེམས་འབའ་ཞིག་གདུལ་བའི་དོན་ཏོ། །དེས་ནི་ཀུན་ནས་ཉོན་མོངས་པ་སྦྱོང་ཞིང་སྤེལ་བར་སྟོན་གྱི།

བདག་རྟག་པ་ཐེར་ཟུག་པ་ནི་རྟག་པར་མི་འགྱུར་བའི་རང་བཞིན་དུ་འདོད་པས་ན་ཀུན་ནས་ཉོན་མོངས་པའང་མེད། རྣམ་པར་བྱང་བ་ཡང་མེད་དེ་དེ་ནམ་མཁའ་དང་འདྲའོ། །དེ་བས་ན་བདག་ཏུ་ལྟ་བ་ལ་ཆགས་སུ་མི་གཞུག་པ་བསྟན་ཏོ། །གཟེར་བུ་རྣོན་པོ་ཞེས་བྱ་བ་ནི་ཆད་པའི་ལས་བྱས་

เล่ม ๑๕๕ · หน้า 21b

ཤིང་འགྱོད་པ་དང་། བཤགས་པ་དང་། མཐོལ་བའི་ལས་བྱས་ཏེ། སོ་སོར་ཐར་པ་ཉིད་ལ་གནས་ན་མ་འོངས་པའི་ཉོན་མོངས་པ་ངན་སོང་གསུམ་དུ་འགྲོ་ཞིང་ཁྲིད་པར་བྱེད་པའི་ཁ་ན་མ་ཐོ་བ་རྣམས་རབ་ཏུ་གཅོད་པར་བྱེད་པས་ན་ཁ་ན་མ་ཐོ་བའོ། །བརྒྱ་པ་ནི་སོ་སོར་ཐར་པ་ལས་འདའ་བ་

རྣམས་ཚེ་འདི་ལ་ཆད་པའི་ལས་ཀྱི་སྒོ་མང་པོ་ནས་འགྱོད་ཅིང་མི་བདེ་བའོ། །དེ་གཉིས་ཀྱིས་མི་སྲབ་ལྟ་བུར་བསྟན་ཏེ། སྲབ་ཅེས་སྨོས་པ་ནི་ངང་ཚུལ་ངན་པ་དང་ལྡན་པའི་གང་ཟག་འདུལ་བ་མ་ཡིན་པ་ལ་ཞུགས་པ་རྣམས་ཁ་དས་གློན་ཞིང་སྣང་བར་བྱ་བའི་ཕྱིར་སྲབ་ཅེས་བསྟན་ཏོ། །འདྲ་ཞེས་

བྱ་བ་ནི་འཕགས་པ་དང་མ་རབས་གཉིས་ཀ་དང་མཐུན་ཏེ། བདག་ལ་གནོད་པའི་དཀའ་ཐུབ་སྤངས་མོད་ཀྱི་སྦྱངས་པའི་ཡོན་ཏན་དང་ཡང་མཐུན་པས་ཧ་ཅང་དོག་པ་ཡང་མ་ཡིན། འདོད་པའི་བདེ་བ་སྤངས་མོད་ཀྱི་གང་ཟག་མ་རབས་རྣམས་ཀྱི་སྤྱོད་པ་དང་མཐུན་པས་ཧ་ཅང་སྤངས་པ་

ཡང་མ་ཡིན་ནོ། །ཆེ་བ་གང་དག་ཅེས་བྱ་བ་ཤློ་ཀ་གཅིག་གིས་ནི་ཡང་དག་པར་འཛིན་པའི་ལེགས་པ་བསྟན་ཏེ། དེ་ལ་ཆེ་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་དག་ལ་ཆེ་ཞེས་གདགས་པ་ཡང་ཡོད་མོད་ཀྱི། སྐབས་འདིར་ནི་གང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་ཤིང་བསླབ་པ་

ལ་འདོད་པ་རྣམས་ལ་བྱ་སྟེ། དེ་ཡང་ངག་གིས་བསྒོ་བ་ཙམ་གྱིས་ལྡོག་པའོ་ཞེའོ། །ངག་ཙམ་ཞེས་བྱ་བ་ནི་རྡོ་དབྱིག་དང་ཁུ་ཚུར་ལ་སོགས་པའི་དྲག་ཤུལ་གྱིས་བདའ་མི་དགོས་ཤིང་། ངག་གིས་སྨྲས་པ་ཙམ་གྱིས་ཉོན་མོངས་པའི་ཕྱོགས་ལས་ལྡོག་པའོ། །མཚམས་ཞེས་བྱ་བ་ནི་བསླབ་པ་ལ་

བྱ་སྟེ། བསླབ་པ་དང་མི་བསླབ་པ་དང་། བྱ་བ་དང་། མི་བྱ་བ་དང་། གནང་བ་དང་། མི་གནང་བ་ལ་སོགས་པའི་མཚམས་ཤེས་པས་ན་བསླབ་པའི་མཚམས་ལས་མི་འདའ་བ་ཞེས་བྱའོ། །དེ་ལ་མི་རྟ་བཟང་པོ་ཞེས་བྱ་བ་སྨོས་པ་ནི་དཔེ་སྟེ། གོང་མའི་མི་རྟ་ནི་རྡོ་དབྱིག་དང་ཁུ་ཚུར་ལ་སོགས་པས་

བདའ་དགོས་པས་ན་བཟང་པོ་མ་ཡིན་ཏེ། དེ་ལ་ངག་ཙམ་གྱིས་ལྡོག་པས་ན་རྟ་ཅང་ཤེས་སམ་མི་ཤེས་བཞིན་ཅན་ལྟ་བུའི་ཕྱིར་མི་རྟ་བཟང་པོའོ། །ཉོན་མོངས་པའི་གཡུལ་ལས་ཐར་ཅེས་པ་ནི་ཇི་ལྟར་ཐབས་དང་ལྡན་པའི་སྐྱེས་བུ་གཡུལ་ངོ་བཟློག་སྟེ་གཡུལ་ལས་རྒྱལ་བ་བཞིན་དུ་བསླབ་

เล่ม ๑๕๕ · หน้า 22a

པ་གནས་པའི་སྐྱེས་བུ་ཅང་ཤེས་པ་ནི་ཉོན་མོངས་པ་དང་འཐབ་པའི་གཡུལ་ལས་རྒྱལ་ནས་དགྲ་བཅོམ་པར་ཐར་པ་ལ་བྱའོ། །ཡང་དག་པར་མི་འཛིན་པའི་ཉེས་དམིགས་ཀྱི་དབང་དུ་བྱས་ནས་སུ་ལ་སྲབ་འདི་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སུ་ལ་མེད་ཅེས་བྱ་བ་ནི་མུ་

སྟེགས་ཅན་དང་། འདོད་པའི་ལོངས་སྤྱོད་ལ་ཞུགས་པ་རྣམས་ཏེ། དེ་དག་ལ་སོ་སོར་ཐར་པའི་སྲབ་འདི་མེད་པས་ན་ནམ་དུའང་མྱ་ངན་ལས་འདས་པར་མི་འགྱུར་རོ་ཞེའོ། །དེ་ལ་ཁ་ཅིག་ན་རེ་མུ་སྟེགས་ཅན་གཅིག་པུར་མ་ཟད་ཀྱི། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱང་ཚུལ་ཁྲིམས་ཀྱི་

སྐྱོན་དང་བཅས་ཤིང་འདོད་པའི་ལོངས་སྤྱོད་ལ་གྱ་ཚོམ་དུ་འཇུག་པ་དེ་དག་ཀྱང་མྱ་ངན་ལས་འདས་པ་མི་འདོད་པ་དང་འདྲ་བར་ནམ་དུ་ཡང་རྣམ་པར་གྲོལ་བ་ཐོབ་པར་མི་འགྱུར་རོ་ཞེའོ། །དེ་དག་ཉོན་མོངས་གཡུལ་ལས་ཕམ། །ཞེས་བྱ་བ་ནི་ཉོན་མོངས་པ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་

མུག་ལ་སོགས་པ་དེ་དག་ཚོགས་པའམ་འདུས་པ་ཚིག་བླ་དགས་སུ་གདགས་པ་ནི་གཡུལ་ཞེས་བྱ་སྟེ། བདག་ཉིད་ཉོན་མོངས་པའི་དབང་དུ་གྱུར་ཅིང་། ཉོན་མོངས་པ་ལས་བདག་ཉིད་ཕམ་པས་ན་ཉོན་མོངས་གཡུལ་ལས་ཕམ་ཞེས་བསྟན་ཏོ། །དཔེར་ན་ཇི་ལྟར་དགྲའི་གཡུལ་གྱིས་བཟློག་

པ་བཞིན་པས་གཡུལ་ལས་ཕམ་པའོ། །གཟུངས་མེད་རྣམ་པར་འཁྱམ་པར་འགྱུར། །ཞེས་པ་གང་གིས་གཟུངས་མེད་ཅེ་ན། སོ་སོར་ཐར་པའི་གཟུངས་མེད་པ་ལ་བྱའོ། །རྣམ་པར་འཁྱམ་ཞེས་བྱ་བ་ནི་འགྲོ་བ་ལྔ་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། ལྷ་

དང་མིའི་ནང་དུ་ཡང་ནས་ཡང་འཐོར་ཞིང་བརྒྱུད་པས། ནམ་དུའང་ཐར་པར་མི་འགྱུར་རོ་ཞེའོ། །འཁྱམ་ཞེས་བྱ་བ་ནི་ཇི་ལྟར་བྱིས་པ་དོན་མེད་པར་འཕྱན་ཅིང་འཁྱམ་པ་ལྟར། སོ་སོར་ཐར་པའི་གཟུངས་མེད་ཅིང་མྱ་ངན་ལས་འདས་པའི་དོན་མི་ཚོལ་བས་རྟག་པར་འཁོར་བ་ཉིད་ཀྱི་ནང་དུ་འཁྱམ་པར་

འགྱུར་རོ་ཞེའོ། །དཔེར་ན་རྟ་བརྟོད་ལས་ཤོར་ཏེ། འཁྱམ་པའམ། མཛོ་རུ་དག་མེད་ན་ལས་ཀྱིས་མུ་སྟོར་བ་ལྟ་བུ་ཡིན་ཏེ། དེ་ཡང་སོ་སོར་ཐར་པའི་གཟུངས་མེད་པས་དོན་སྟོར་བར་འགྱུར་རོ་ཞེའོ། །དེ་ཡན་ཆད་ཡང་དག་པར་མི་འཛིན་པའི་ཉེས་དམིགས་བསྟན་ཏོ། །ཡང་དག་པར་བསྒོམ་

เล่ม ๑๕๕ · หน้า 22b

པའི་དབང་དུ་བྱས་ནས། དགེ་འདུན་བཙུན་པ་གསོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གསོན་ཅིག་ཅེས་བྱ་བ་ནི་འདོད་པ་པོའི་མིས་འཁོར་ཉན་པ་རྣམས་ལ་བོས་ནས་སེམས་གཞན་དུ་མི་གཡེང་བར་ཉན་དུ་གཞུག་པའོ། །དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་རྣམ་པ་ལྔ་ལ་བྱ་སྟེ། བཞི་

འདུས་པས་ཚུལ་ནས་འབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། དགེ་འདུན་གྱི་ལྷག་མའི་ཆད་པ་དབྱུང་བར་མི་འགྱུར་རོ། །ལྔ་འདུས་པས་ནི་བསྙེན་པར་རྫོགས་པ་དང་དབྱུང་བར་མི་བྱའོ། །མཐའ་འཁོབ་ན་ནི་བསྙེན་པར་རྫོགས་པར་ཡང་བྱའོ། །བཅུ་འདུས་པས་ནི་དབྱུང་བར་མི་བྱའོ། །

ཉི་ཤུ་དང་ཉི་ཤུ་ལས་ལྷག་པས་ནི་ལས་ཐམས་ཅད་བྱའོ། །གསོ་སྦྱོང་བཅུ་བཞིའམ་བཅོ་ལྔ་ཞེས་སྨོས་པས་ནི། སྔོན་མུ་སྟེགས་ཅན་གཅིག་གིས་དགེ་སློང་དག་ལ་དི་རིང་ཚེས་གྲངས་ནི་དུ་གསོ་སྦྱོང་བྱེད་དམ་མི་བྱེད་ཅེས་དྲིས་པ་དང་། དགེ་སློང་དག་གིས་མི་ཤེས་པར་གྱུར་ནས་བཅོམ་ལྡན་

འདས་ལ་ཞུས་པ་དང་། དེ་ནི་མུ་སྟེགས་ཟེར་བ་ཡང་བདེན་གྱི་དགེ་སློང་དག་གསོ་སྦྱོང་ཡང་གྱིས་ཤིག །ཚེས་གྲངས་ཀྱང་ཤེས་པར་གྱིས་ཤིག །དེ་ལ་དགུན་གྱི་དུས་ཀྱི་ཟླ་བ་ཕྱེད་བརྒྱད་ལ་ཕྱེད་གསུམ་པ་དང་། བདུན་པ་ནི་བཅུ་བཞི་ཡིན་ཏེ། དེ་ཡང་གང་ཞེ་ན། དགུན་ཟླ་ར་བ་གནམ་

སྟོང་དགུན་ཟླ་ཐ་ཆུངས་གནམ་སྟོང་། དཔྱིད་ཀྱི་དུས་ལ་ཕྱེད་བརྒྱད་ལ་བཅུ་བཞིའི་གསོ་སྦྱོང་དཔྱིད་ཟླ་འབྲིང་པོ་གནམ་སྟོང་། དབྱར་ཟླ་ར་བ་གནམ་སྟོང་། དབྱར་གྱི་ཕྱེད་བརྒྱད་ལ་བཅུ་བཞིའི་གསོ་སྦྱོང་དབྱར་ཟླ་ཐ་ཆུངས་གནམ་སྟོང་། སྟོན་ཟླ་འབྲིང་པོ་གནམ་སྟོང་། དུས་ལ་བབ་ཅེས་

བྱ་བ་ནི་གསོ་སྦྱོང་གི་དུས་ལ་བབ་པའོ། །དུས་ལ་མ་བབ་པ་དང་དུས་ལས་ཡོལ་བར་བྱས་ན། ཉེས་བྱས་སོ། །བཟོད་ཅེས་བྱ་བ་ནི་གལ་ཏེ་དགེ་སློང་དག་མི་གཙང་ངམ། ལས་ཀྱིས་བྲེལ་ཏམ། མི་མཐུན་པར་འགྱུར་ན་ཁ་ཏོན་དུ་འདོད་པའི་གང་ཟག་ལ་མི་དད་ཅིང་མི་བཟོད་པར་འགྱུར་བས་ན་དེ་

ལྟ་བུ་མེད་དེ། བཟོད་ཅིང་དད་ན་སོ་སོར་ཐར་པའི་མདོ་གདོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གནང་བར་མཛོད་ཅིག་ཅེས་བྱ་བ་ནི་བདག་འདོན་པར་དགེ་འདུན་གྱིས་གནང་ཤིག་པའོ། །སུས་འདོན་ཞེ་ན། དགེ་འདུན་གྱི་གནས་བརྟན་གྱིས་སོ། །དེ་ཡང་མི་ཤེས་ན་གནས་བརྟན་དང་འོག་གིས་

เล่ม ๑๕๕ · หน้า 23a

གདོན་ཏོ། །དེ་ཡང་མི་ཤེས་ན་གསོལ་བ་བཏབ་ནས་འདོན་པ་པོ་བསྐོ་བར་བྱའོ། །འདི་ནི་སོ་སོར་ཐར་པ་འདོན་པ་པོ་ཉིད་ཀྱི་ཚིག་གོ། །ཅིའི་ཕྱིར་དགེ་འདུན་ཐམས་ཅད་ཀྱིས་མི་གདོན་ཞེ་ན། ཀུན་གྱིས་མཐུན་པར་ཡང་མི་ཐོན་ལ། ཆོས་ཉན་པའི་ཚུལ་དུ་ཡང་མི་

རུང་ལ། རིང་དུ་ཐོགས་པ་དང་། སྒྲ་ཅ་ཅོས་མ་ཞི་བའི་ཉེས་པར་འགྱུར་བས་ན་གཅིག་གིས་སྟོན་ལ་གཞན་ཆོས་ཉན་ན་དེ་ལྟ་བུའི་ཉེས་པ་ཡང་མེད་ལ་ལྟུང་བ་ཡོད་པ་ཡང་དྲན་པར་འགྱུར་རོ། །རང་རང་གི་གནས་སུ་སོ་སོར་ཐར་པ་གདོན་ན་ཅི་ཉེས་ཤེ་ན། དེ་ཡང་དགེ་འདུན་མ་འདུས་པས་གསོ་

སྦྱོང་བྱས་པ་མ་ཡིན་ནོ་ཞེའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་མཐའ་སྟོན་ཏོ། །ཚེ་དང་ལྡན་པ་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ལ། ཅིའི་ཕྱིར་གསོ་སྦྱོང་བྱ་ཞེ་ན། དཔེར་ན་སྐྱེས་བུ་ལུས་སྣད་པའམ་རྨ་དང་ལྡན་པ་ལ་སྨན་པས་སྨན་བྱས་ན་ནད་ལས་སོས་པར་འགྱུར་རོ། །དེ་དག་

འདྲ་བར་སེམས་ཀྱི་ནད་དང་རྨ་ནི་མི་དགེ་བའི་ཆོས་སྡིག་པ་ཡིན་ཏེ། དེ་ལ་མི་དགེ་བ་སེལ་ཞིང་བྱ་དགའ་སྦྱིན་པས་ན་གསོ་སྦྱོང་ངོ་། །ཡང་ན་དེ་ལྟར་གཉེན་པོ་ལ་བརྟེན་ཞིང་བྱས་པས་སྡིག་པའི་ཆོས་རྣམས་སྤོང་ཞིང་དགེ་བའི་ཆོས་རྣམས་བརྟས་པར་བྱེད་པས་ན་དགེ་བརྟས་ཞེས་ཀྱང་བྱའོ། །བྱ་

བ་ཇི་ལྟ་བུ་ཞེ་ན། ཐ་ན་བཞི་འདུས་པ་མཐུན་པས་ཀྱང་སོ་སོར་ཐར་པ་གདོན་ཏོ། །བཞི་གནས་པས་དད་པ་མི་བླང་ངོ་། །གསུམ་མན་ཆད་གནས་པ་ནི་སྟ་གོན་བྱས་ལ་ཁ་ཏོན་བྱ། ཞི་བར་བྱ་སྟེ་དགེ་སློང་གཞན་ཉུང་ན་བྱིན་གྱིས་བརླབ་པོ། །བྱ་བའི་གནས་ནི་སྤངས་ཤིང་དབེན་པར་རོ། །

དེའི་ཉིན་མོ་ཟླ་བ་ཕྱེད་ཚུན་ཆད་ཀྱི་ཉེས་པ་བསམ་མོ། །མཐོལ་བ་ནི་ལྟུང་བ་འདྲ་བའི་མདུན་དུ་མི་བྱའོ། །ཐམས་ཅད་ལྟུང་བ་འདྲ་ན་གཅིག་གུད་དུ་མཐོལ་དུ་བཏང་ལ་དེ་ཚངས་ནས་ཀུན་གྱིས་དེ་ལ་བྱའོ། །འགྲོ་བར་སུའང་མ་དད་ན་གསོལ་བས་སྤྱིར་བསྔོའོ། །གསོ་སྦྱོང་དུས་སུ་མ་བྱས་སམ།

དུས་མ་ཡིན་པར་བྱས་ན་འདས་པའོ། །དུས་མ་ཡིན་པར་གསོ་སྦྱོང་བྱར་རུང་བ་ནི་བཞི་སྟེ། བར་ཆད་བརྒྱད་ལྟ་བུའི་རྐྱེན་བྱུང་ན་གསུམ་མམ་སྤྱི་སྟེ། དེ་ནི་རྐྱེན་གྱིའོ། །བསྔོ་བའི་ནི་དུས་ཀྱི་ཚེ་མི་བདེ་ན་བསྔོ་བར་བྱའོ། །མཐུན་པའི་རྩོད་པ་སྡུམ་པའི་ཐབས་སམ་ཆད་པས་གསོལ་བའི་ཚེའོ། །

เล่ม ๑๕๕ · หน้า 23b

བཀྲ་ཤིས་ཀྱིས་ནི་ལྟས་ངན་ནམ་ཐན་པའི་ཚེའོ། །སོ་སོར་ཐར་པའི་མདོ་བཤད་པ་གདོན་ཞེས་བྱ་བ་ལ། མདོའི་གདོན་པ་ལྔ་སྟེ། གླེང་གཞི་ནས་ཕས་ཕམ་པ་བཞི་དང་། གླེང་གཞི་ནས་དགེ་འདུན་ལྷག་མ་ཡན་ཆད་དང་། གླེང་གཞི་ནས་མ་ངེས་པའི་བར་དུ་བརྗོད་པ་དང་། གླེང་གཞི་

ནས་ཐམས་ཅད་རྫོགས་ཀྱི་བར་དུ་གདོན་པའོ། །གནས་བརྟན་གྱིས་མ་ཐོན་ན་དེ་མན་ཆད་སུས་ཐོན་པས་སོ། །མ་རྫོགས་ན་གཞན་གྱིས་བཏུད་དོ། །སྨྱོན་པས་བཏོན་ན་ཡང་རུང་སྟེ། འཁོར་རྣམ་པར་དག་པའི་དབང་དུ་བྱས་ནས་ཁྱེད་ཅག་སུ་ལ་ཉེས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

ཉེས་པ་ཡོད་པ་ནི་ལྟུང་བ་མ་མཐོལ་བའོ། །མཐོལ་ཅིག་ཅེས་བྱ་བ་ནི་ལ་ལ་ན་རེ་དེར་འཕྲལ་དུ་དྲན་ན། དགེ་འདུན་ནམ་ཡང་ན་དྲུང་ན་གཅིག་ལ་བཤུབས་ཏེ་མཐོལ་ཅིག །ཁ་ཅིག་ན་རེ་དེར་ཡིད་ཀྱིས་བྱིན་གྱིས་བརླབས་ལ་ཕྱིས་མཐོལ་ཅིག་ཅེའོ། །ཁ་ཅིག་ན་རེ་ཁ་ཏོན་འདོན་པས་ནི་ཡིད་ཀྱིས་

བྱིན་གྱིས་བརླབ་པོ། །སོ་སོར་དྲིས་ནས་ལན་བཏབ་པ་དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མ་ལྷགས་པ་རྣམས་ལ་གནས་སོ་སོར་དྲིས་ན་དེ་དག་གིས་དད་པ་དང་གཙང་མ་ལན་གསུམ་གྱི་བར་དུ་བཟླས་ཏེ། ལན་བཏབ་པ་བཞིན་དུ་འདིར་ཚོགས་པ་རྣམས་ལ་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་

བྱའོ་ཞེའོ། །ལན་གསུམ་ཆུད་པ་ནི་རིང་དུ་ཐོགས་པ་དང་ཡེངས་པས་མི་གོ་བའི་ཉེས་པ་སྤོང་བའི་ཕྱིར་ཧ་ཅང་མི་མང་མི་ཉུང་བའོ། །ལན་གསུམ་གྱི་བར་དུ་དྲི་བའི་ཚིག་ནི་ཚེ་དང་ལྡན་པ་དག་ཅེས་པ་ནས་བསྒྲགས་པར་བྱའོ་ཞེས་བྱ་བའི་བར་དུའོ། །འཁོར་འདི་ལྟ་བུ་ཞེས་བྱ་བ་ནི་འཁོར་གཙང་མ་འདི་

ལྟ་བུ་ཞེས་བསྟོད་པའོ། །དྲན་བཞིན་དུ་ཞེས་སྨོས་པ་ནི་དེ་ལྟར་ལན་གསུམ་དུ་དྲིས་ནས་ཉེས་པ་ཡོད་ལ་དྲན་བཞིན་དུ་མཐོལ་ན་བརྫུན་དུ་འགྱུར་གྱི། མི་དྲན་ན་བརྫུན་དུ་མི་འགྱུར་རོ། །བརྫུན་ནི་ཚིག་ཡིན་མོད་ཀྱི། ཡོད་ན་མཐོལ་ཅིག །མེད་ན་མ་སྨྲ་ཤིག་ཅེས་བསྒོ་བ་ལས་ཡོད་བཞིན་དུ་མི་སྨྲ་

བས་ན། ཚིག་གིས་གོ་བར་བྱའོ། །དོན་བརྡས་གོ་བར་བྱེད་པས་ན་དེ་ཉིད་བརྫུན་ནོ། །བར་དུ་གཅོད་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུའི་བར་དུ་གཅོད་དེ་ཚེ་འདི་ལ་དགེ་བའི་བར་དུའོ། །ཚེ་ཕྱི་མ་ལ་ནི་བདེ་འགྲོ་དང་མྱ་ངན་ལས་འདས་པའི་བར་དུ་གཅོད་དོ། །རྣམ་པར་དག་པ་འདོད་ཅེས་བྱ་བ་ནི་མྱ་

เล่ม ๑๕๕ · หน้า 24a

ངན་ལས་འདའ་བར་འདོད་པ་ཡིན་གྱི་ནན་ཏུར་འདོད་པ་མ་ཡིན་ནོ། །ཉེས་པ་ཡོད་ཅེས་བྱ་བ་ནི་མཐོལ་བ་མ་བྱས་པའོ། །དྲན་ཞིང་ཞེས་པ་མ་བརྗོད་པའི་མཐོང་བ་ཞེས་པ་ནི་ལྕི་ཡང་མཐོང་བའོ། །བཤགས་ན་བདེ་བར་འགྱུར་ཞེས་པ་ནི་ལྔ་སྟེ། ལེ་ལོའི་གཉེན་པོ་བརྩོན་

འགྲུས་དང་། ཁ་ན་མ་ཐོ་བ་འབྱུང་བའི་གཉེན་པོ་ཁ་ན་མ་ཐོ་བ་མེད་པ་དང་། བསླབ་པ་ཁྱད་དུ་གསོད་པའི་གཉེན་པོ་གུས་པ་དང་། འགྱོད་པའི་གཉེན་པོ་འགྱོད་པ་མེད་པ་དང་། རྣམ་པར་མ་དག་པའི་གཉེན་པོ་ཏིང་ངེ་འཛིན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམས་དག་པས་

སོ། །གླེང་གཞི་ཞེས་བྱ་བ་ནི་སོ་སོར་ཐར་པ་དེ་ལས་འབྱུང་བའོ། །སོ་སོར་ཐར་པ་དང་པོ་བརྗོད་པ་མི་བརྗེད་པའི་དྲན་བྱེད་ཙམ་དུ་བྲིས་ལ། སོ་སོར་ཐར་པའི་མདོ་གདོན་པ་ལས་བརྩམས་ཏེ། མི་ཚངས་པར་སྤྱོད་པའི་གླེང་གཞི་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཉན་ཐོས་ཀྱི་དགེ་སློང་རྣམས་ཚུལ་

ཁྲིམས་ཀྱི་སྒོ་ནས་སྐྱོན་དང་འཕེན་མེད་པ་ལས། ལོ་བཅུ་གསུམ་པ་ལ་བབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་བྲམ་ཟེ་ཀ་ལན་ད་ཀའི་གྲོང་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཀ་ལན་ད་ཀའི་བུ་བཟང་སྦྱིན་ཞེས་བྱ་བ་དེ་ནོར་མང་ཞིང་ལོངས་སྤྱོད་ཆེ་བའི་ཚད་ནི་

ངལ་སོ་པོའི་ནོར་ལ་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་རྩེ་དགའ་ཡོངས་སུ་སྤྱོད་ཅིང་འདུག་པ་ལས་སླད་ཀྱིས་ཁྱིམ་བདག་དེ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་དེ་སྐྱབས་སུ་སོང་ནས་དགེ་སློང་གི་སྡོམ་པ་བླངས་ནས་སྐྲ་དང་ཁ་

སྤུ་བྲེགས་ཏེ་འདུག་གོ། །དེ་ནས་དུས་ཕྱི་ཞིག་ན་བཟང་སྦྱིན་གྱིས་བསམས་པ། བདག་ཁྱིམ་ནས་ཕྱུང་སྟེ་དགེ་སློང་གི་དངོས་པོར་གྱུར་ཀྱང་གཉེན་བཤེས་དང་འདྲེས་ཏེ་སྔོན་གྱི་ཁྱིམ་པ་བཞིན་དུ་གནས་པ་ནི་ཤིན་ཏུ་མི་རིགས་སོ་སྙམ་ནས་དེ་དག་དང་དབྲལ་བའི་ཕྱིར་ལྷུང་བཟེད་དང་ཆོས་

གོས་ཐོགས་ཏེ་ལྗོངས་རྒྱུར་སོང་བ་དང་། དེའི་ལོ་ལ་མུ་གེ་བྱུང་ནས་ཕ་མའང་བུ་ལ་མི་སྟེར་བ་ཙམ་དུ་ཟས་དཀོན་པར་གྱུར་ནས་བཟང་སྦྱིན་གྱིས་བསམས་པ། དེ་ལྟར་ཟས་དཀོན་པའི་སྐབས་དེར་བདག་གི་གཉེན་ཕྱུག་པོ་ཀུན་བསོད་ནམས་རྟག་ཏུ་བྱ་མ་ནུས་ཀྱང་དུས་དྲུག་ཙམ་དུ་

เล่ม ๑๕๕ · หน้า 24b

ཡང་དགེ་འདུན་དག་ལ་བཤོས་དང་སྤྱན་གཟིགས་དག་སྦྱོར་དུ་གཞུག་གོ་སྙམ་ནས་བདག་གིས་ཡུལ་ཀ་ལན་ད་ཀར་འོངས་ཏེ། དགོན་པའི་གནས་སྤྱིལ་པོ་ཞིག་ན་འདུག་ཅིང་། དེ་བཞིན་དུ་བསོད་ནམས་དག་ཀྱང་འཕེལ་ཞིང་། བདག་ཉིད་ཀྱང་སྦྱངས་པའི་ཡོན་ཏན་ཅན་བསོད་

སྙོམས་བླངས་པ་ལས་ནང་ཅིག་བདག་གིས་མའི་སྒོར་འོངས་པ་དང་དེར་མ་ཡང་གྲོང་གཞན་ཞིག་ཏུ་སོང་སྟེ་དེ་ནས་སྦྱིན་པ་ཡང་མ་འཐོབ། མི་གཅིག་ཀྱང་མི་སྣང་ནས་སླར་མྱུར་དུ་སོང་བ་དང་། བྲན་མོ་ཅིག་གིས་མཐོང་ནས་དེས་ཇོ་མོ་ག་ན་བ་དེར་སོང་སྨྲས་ན། མས་བསམས་པ། བདག་

གི་བུ་དེ་ནི་སླར་ཁྱིམ་པར་དབབ་འདོད་ཡང་དག་སྙམ་ནས་ཕྱི་བཞིན་བརྒྱུགས་ཏེ་བུའི་གན་དུ་འོངས་ནས་བུ་ཁྱོད་དགེ་སྦྱོང་ལ་སྐྱོ་འམ། ཆགས་པ་འམ། ཐེ་ཚོམ་ཟ་བ་ལྟ་ན་སླར་བཞུད། ཁྱོད་ཀྱི་ཕའི་ནོར་ལ་ལྟ་ཞིག་ཅི་སྨོས་ཀྱི། ཁྱོད་ཀྱི་མའི་ནོར་གསེར་དངུལ་སྤུངས་པ་ཡང་ཕ་རོལ་ན་

མི་འགྲེང་བས་ཚུལ་རོལ་ན་འགྲེང་བ་མི་མཐོང་། ཚུ་རོལ་ན་འགྲེང་བས་ཕ་རོལ་ན་འགྲེང་བ་མི་མཐོང་བ་ནི་ཁྱོད་ཀྱི་མའི་ནོར་ཡིན་ན་འདི་རྣམས་སུས་བསྐུར། འདོད་པ་རྣམས་ལ་སྤྱོད། བསོད་ནམས་ཀྱང་གྱིས་ཤིག་ཅེས་བྱ་བ་དང་། བཟང་སྦྱིན་གྱིས་ལན་སྨྲས་པ་དང་། ཟ་ཟ་བདག་དགེ་

སྦྱོང་ལ་སྐྱོ་བའམ་ཆགས་པ་མ་མཆིས་ཏེ། སླར་མཆིའོ་ཞེས་སྨྲས་ནས། མས་བསམས་པ་ད་བདག་གིས་ཇི་ལྟར་བྱས་ཀྱང་རུང་བ་ལྟ་མ་ཡིན་སྙམ་ནས་སླར་སོང་སྟེ་ཁྱིམ་དུ་འོངས་ནས་མནའ་མ་ལ་སྨྲས་པ། ཁྱོད་ནམ་ཟླ་མཚན་དང་ལྡན་པ་དང་ང་ལ་སྨྲོས་ཤིག་ཅེས་བསྒོ་ནས་ཕྱིས་ཡང་

དུས་གཅིག་ན་མནའ་མ་དེ་གོས་དང་དྲི་དང་ཕྲེང་བས་བརྒྱན་ནས་ཆས་ཏེ་ཁྲིད་ཅིང་བུའི་གན་དུ་འོངས་ཏེ་བུ་ཁྱོད་སླར་འོང་དུ་མི་རུང་ན་རབས་འཆད་དོ། །ཁྱོད་ཀྱིས་ནོར་ཀུན་སླར་བཞེས་པ་རེས་ཀྱང་བྱ་སྟེ། ཅི་དང་ཅི་ལ་སྙད་བཏགས་ནས་བུ་མོ་འདི་དུས་ལ་བབ་ཀྱི་ས་བོན་གྱི་ཚུལ་ཅུང་ཟད་ཅིག་

བྱིན་ཅིག་བྱས་པ་དང་། བཟང་སྦྱིན་དེ་ཡང་སྔོན་ནི་བསླབ་པ་མ་བཅས། ངན་སོང་མ་མཐོང་བས་ན། ཆུང་མ་ཤིན་ཏུ་མདོག་བཟང་མོ་མཐོང་བ་དང་སེམས་ལ་འདོད་པ་ཡང་སྐྱེས་ནས། ཟ་ཟ་དེ་ལྟ་བུ་བགྱིད་དབང་ངམ་ཞེས་བྱ་བ་དང་། བུ་ས་བོན་གྱི་ཆོས་ཙམ་ནི་ཤིན་ཏུ་དབང་ངོ་ཞེས་

เล่ม ๑๕๕ · หน้า 25a

སྨྲས་ནས། བཟང་སྦྱིན་གྱིས་ཆོས་གོས་གཞག་སྟེ། ལྐོག་ཏུ་ཁྲིད་དེ་མི་ཚངས་པར་སྤྱོད་པ་ལས་བཅས་སོ། །རྗེས་སུ་བཅས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ན། དེའི་ཚེ་དགེ་སློང་ཞིག་དགོན་པའི་སྤྱིལ་པོ་ན་གནས་པའི་ཚེ།

སྤྲ་མོ་ཞིག་ཁ་ཟས་ཀྱིས་བྲིད་ནས་དེ་ལ་མི་ཚངས་པར་སྤྱོད་དོ། །ཕྱིས་དགེ་སློང་མང་ཞིག་དགོན་པའི་གནས་དག་ཡུལ་ཞིང་དགོན་པར་ལྷགས་ནས་མངོན་དུ་དགའ་བའི་གཏམ་མང་ཞིག་བྱས་ནས་འཁོད་པ་དང་། སྤྲ་མོ་དེ་ཡང་དེར་འོངས་ནས་དགེ་སློང་དེའི་མདུན་ན་འདུག་སྟེ་རོ་སྨད་བསྙེན་པ་དང་

དགེ་སློང་དེ་གྲོགས་མང་པོ་ལ་རབ་ཏུ་ངོ་ཚ་བར་གྱུར་ནས་ལན་གཉིས་ལན་གསུམ་ཕུལ་ཏེ་བསྐྲད་པ་དང་། དགེ་སློང་དེའི་གདོང་དུ་སྤྲ་མོས་བཟར་ཏེ། སྒྲ་མི་སྙན་པ་འབྱིན་ཅིང་སོང་ནས་ཕ་ཟད་ནས་ལྟ་ཞིང་ཙོག་པུར་འདུག་གོ། །དེ་ནས་དགེ་སློང་དེ་དག་གིས་དེ་ལ་འདིར་དགོན་པའི་སྤྲ་མོ་འདི་

ཁྱོད་ལ་འདི་ལྟར་བྱེད། ཁྱོད་ཀྱིས་དེ་ལ་ངོ་ཚ་བའི་ཕྱིར་བསྐྲད། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟ་བུ་མི་རིགས་པའི་ཆོས་སྤོངས་ཤིག་ཅེས་མ་བྱུང་ངམ་ཞེས་བྱས་པ་དང་། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཅས་པ་ནི་མི་ལ་སྟེ། བྱོལ་སོང་ལ་མ་ཡིན་ནོ་ཞེས་སྨྲས་པ་དང་།

དགེ་སློང་དག་གིས་དེ་ལ་བསྔགས་པ་ཡང་མེད། གྱོད་བཏབ་པ་ཡང་མེད་དེ་དོང་བ་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ནས་བཅས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་སྟོང་ཕྲག་ཏུ་མ་བསྡུས་ཏེ་ཆོས་སྟོན་ཏོ། །འཁོར་དེར་ཚེ་དང་ལྡན་པ་བཟང་སྦྱིན་ཡང་འདུས་པར་

གྱུར་ཏེ་འདུག་གོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བཤད་པ་དང་ཚེ་དང་ལྡན་པ་བཟང་སྦྱིན་ཐེ་ཚོམ་དང་འགྱོད་པ་སྐྱེས་ནས་རབ་ཏུ་སེམས་ཤིང་

འདུག་གོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་གནས་ཉུང་བ་དག་ཅིག་བཟང་སྦྱིན་གྱི་གནས་སུ་ཕྱིན་པ་དང་། བཟང་སྦྱིན་སྔོན་ཆད་ནི་དགེ་སློང་གློ་བུར་དུ་ལྷགས་པ་ལ་མདུན་ནས་བསུ་ཞིང་ཆོས་གོས་དང་འཁར་གསིལ་ལ་སོགས་པ་ཡང་ལེན་ན། ད་ནི་དགེ་སློང་གློ་བུར་དུ་ལྷགས་པ་

เล่ม ๑๕๕ · หน้า 25b

རྣམས་མཐོང་ན་དོགས་པ་དང་ཐེ་ཚོམ་སྐྱེ་བར་གྱུར་ན། ཚེ་དང་ལྡན་པ་མི་བདེ་བ་དག་ལྟ་མེད་དམ་ཞེས་སྨྲས་པ་དང་། བཟང་སྦྱིན་གྱིས་ཀྱང་ཇི་ལྟར་གྱུར་པ་དྲང་བོར་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་།

གླེང་གཞི་འདི་དང་། དེ་ལྟར་གྱུར་པ་དེའི་ཕྱིར་དགེ་སློང་གི་དགེ་འདུན་རྣམས་བསྡུས་སོ། །དེ་བཞིན་གཤེགས་པས་དོན་གྱི་དབང་རྣམ་གཉིས་གཟིགས་པས་དགེ་སློང་གི་དགེ་འདུན་སྡུད་དེ། ངའི་ཉན་ཐོས་རྣམས་དོན་ཀུན་ཤེས་པར་གྱུར་པ་དང་། ངའི་འདུལ་བ་ལ་བསླབ་པའི་གནས་

ཤིན་ཏུ་བཅའ་བར་བྱའོ། །བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་དྲི་ཞིང་དོན་དང་ལྡན་པར་དྲི། དོན་དང་ལྡན་པར་དགོངས་ནས་ཚེ་དང་ལྡན་པ་བཟང་སྦྱིན་ཁྱོད་ཀྱིས་དེ་ལྟ་བུ་མི་རིགས་པར་བྱས་པ་བདེན་ནམ་ཞེས་རྨད་པ་དང་། བཙུན་པ་མད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྨད་དེ་དགེ་སློང་གི་བྱ་བ་

མ་ཡིན། མཐུན་པ་མ་ཡིན། རུང་བ་མ་ཡིན། ཚུལ་མ་ཡིན་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཁྱོད་ཀྱིས་སྦྲུལ་མ་རུངས་པའི་ཁར་ཕོ་མཚན་བཙུག་པ་ནི་བླའི། བུད་མེད་དུ་གྱུར་པ་ལ་ནི་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་དོ། །དེ་ལྟ་བས་ན་དགེ་སློང་རྣམས་ལེགས་པ་བཅུ་གཟིགས་ནས་ཉན་ཐོས་

རྣམས་ལ་འདུལ་བ་ལ་བསླབ་པའི་གནས་བཅའ་བར་བྱའོ། །དེ་འདི་ལྟ་སྟེ་དགེ་འདུན་ཡང་དག་པར་བསླབ་པ་དང་། དགེ་འདུན་དགེ་བ་དང་། དགེ་འདུན་བདེ་བ་ལ་རེག་པར་གནས་པར་བྱ་བ་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ལ་ནན་ཏུར་ཆེར་བྱ་བ་དང་། ངོ་ཚ་ཤེས་པའི་གང་ཟག་རྣམས་

བདེ་བ་ལ་རེག་པར་གནས་པར་བྱ་བ་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བ་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བ་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བ་དང་། ཚེ་ཕྱི་མའི་ཟག་པ་རྣམས་ཡང་དག་པར་གཞོམ་པར་བྱ་བ་དང་། ངའི་ཚངས་པར་

སྤྱད་པ་ཡུན་རིང་དུ་གནས་པར་འགྱུར་བ་སྟེ། ཅི་ཙམ་དུ་ལྷ་དང་མི་དང་སྐྱེ་བོ་མང་པོ་ལ་རྒྱ་ཆེར་རབ་ཏུ་བཤད་དེ། ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་རྩ་བའི་ཚིག་རྣམས་སྨོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་།

เล่ม ๑๕๕ · หน้า 26a

སློང་བའི་དགེ་སློང་དང་། ཉོན་མོངས་པ་དང་བྲལ་བའི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ་། །དེ་ལ་མིང་གི་དགེ་སློང་ནི་མིང་དུ་བཏགས་པའམ་དགར་བའི་ཚིག་གམ། ཚིག་བླ་དགས་སམ། བརྡར་དགེ་སློང་དུ་མིང་

བཏགས་པའོ། །ཁས་འཆེ་བའི་དགེ་སློང་ནི་དགེ་སློང་མ་ཡིན་ཡང་ང་དགེ་སློང་ངོ་ཞེས་ཁས་འཆེ་ཞིང་ཀུན་གནས་སུ་གྱུར་པའོ། །སློང་བའི་དགེ་སློང་ནི་འཕྲལ་ལ་འཚོ་བ་ཙམ་ཚོལ་ཞིང་སློང་བ་ལ་བྱའོ། །ཉོན་མོངས་པ་དང་བྲལ་བའི་དགེ་སློང་ནི། ཁམས་གསུམ་ནས་ཉོན་མོངས་པ་སྤངས་ནས་དགྲ་

བཅོམ་པ་ལ་བྱའོ། །དགེ་སློང་བཞི་པོ་མ་གཏོགས་པར་སྐབས་འདིར་ནི་གང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་མ་འཁྲུགས་པ་སྐྱོན་མེད་པ་དེ་ནི་དགེ་སློང་དུ་དགོངས་ཏེ་དེའི་ཕྱིར་དགེ་སློང་ཞེས་གསུངས་སོ། དགེ་སློང་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་མཚུངས་པ། ཚངས་

པ་མཚུངས་པར་སྤྱོད་པའི་གྲོགས་པོ་རྣམས་སོ། །བསླབ་པ་མཚུངས་པར་གྱུར་ཅེས་བྱ་བ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་ཀྱང་བསླབ་པ་འདི་ལ་བསླབ་ལ། དེང་བསྙེན་པར་རྫོགས་པས་ཀྱང་བསླབ་པ་འདི་ལ་བསླབ་པའོ། །དེ་ལྟར་ན་སོ་སོར་ཐར་པའི་མདོ་འཆད་པ་

མཚུངས་པ་དེ་ནི་བསླབ་པ་མཚུངས་པར་གྱུར་པ་ཞེས་བྱའོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ཇི་ཙམ་གྱིས་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། དགེ་སློང་ཁྲོས་པའི་ཟིལ་གྱིས་ནོན་པའམ། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བའམ། དབེན་པ་ལ་མི་དབེན་པར་འདུ་ཤེས་

པས་སམ། མི་དབེན་པ་ལ་དབེན་པར་འདུ་ཤེས་སམ། འཕགས་པ་ལ་མཐའ་ཁོབ་ཀྱི་སྐད་དམ། ཅ་ཅོའི་ནང་དུ་འམ་གཏོང་བའི་སེམས་ཀྱང་མེད་ལ། དགེ་སློང་དོན་དུ་གཉེར་ལ། ཁྱིམ་གྱི་གནས་དོན་དུ་མི་གཉེར་ལ། རང་བཞིན་དུ་གནས་ཤིང་བརྡ་ཕྲད་པའི་མི་ལ་མ་བྱས་ན་བསླབ་

པ་ཕུལ་བ་མ་ཡིན་ནོ། །དགེ་སློང་གིས་ཕ་རོལ་སྨྱོན་པ་དང་། སེམས་འཁྲུགས་པའམ། ནད་ཀྱིས་གཟིར་བའམ། ལྐུགས་པ་དང་། འོན་པ་དང་། མཐའ་ཁོབ་པའི་སྐད་མི་ཤེས་པ་དང་། གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་དང་། མི་མ་ཡིན་པའམ། ལྷ་དང་། སྤྲུལ་པ་

เล่ม ๑๕๕ · หน้า 26b

དང་། བྱོལ་སོང་དང་། སངས་རྒྱས་ཀྱི་གཟུགས་ལ་བསླབ་པ་ཕུལ་ན་བསླབ་པ་ཕུལ་བ་མ་ཡིན་ནོ། །བསླབ་པ་འཕུལ་བས་གང་ལ་ཕུལ་ན་ཕུལ་བ་ཞེས་བྱ་ཞེ་ན། དགེ་སློང་མི་དགའ་ཞིང་དགེ་སྦྱོང་དོན་དུ་མི་གཉེར་རམ། ཐེ་ཚོམ་ཟ་ཞིང་སྨོད་ན་དགེ་སློང་གི་དྲུང་དུ་སོང་ནས། ཚེ་དང་ལྡན་པ་

དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ་ཞེ་འམ། དཀོན་མཆོག་གསུམ་འབུལ་ལོ་ཞེ་འམ། སྡེ་སྣོད་གསུམ་འབུལ་ལོ་ཞེ་འམ། སློབ་དཔོན་དང་མཁན་པོ་འབུལ་ལོ་ཞེས་བརྡ་ཕྲད་པའི་མི་ལ་སྨྲས་ན། བསླབ་པ་ཕུལ་བ་ཞེས་བྱའོ། །ཡང་ན་བདག་ཁྱིམ་པ་འམ། དགེ་

ཚུལ་ལམ། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་འམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། རྐུན་གནས་དང་། ཐ་དད་དུ་གནས་

པ་དང་། མི་གནས་པ་དང་། མཐར་ན་ཆོས་མཚུངས་པར་སྤྱོད་པ་ཁྱོད་དང་འགྲོགས་མི་དགོས་སོ་ཞེས་སྨྲས་ནས་བསླབ་པ་ཕུལ་བ་ཞེས་བྱའོ། །དེ་ལ་ཉམས་པར་བྱས་ཞེས་བྱ་བ་ནི་དགེ་སློང་དགེ་སྦྱོང་དོན་དུ་མི་གཉེར་ཞིང་ཐེ་ཚོམ་ཟ་ནས་དགེ་སློང་གི་དྲུང་དུ་སོང་ནས། ཚེ་དང་ལྡན་པ་མཁྱེན་པར་

མཛོད་ཅིག་དང་། ཚངས་པར་སྤྱད་པ་ནི་ཤིན་ཏུ་དཀའོ། །རབ་ཏུ་དབེན་པ་དང་། གཅིག་པུར་གནས་པ་དང་། བས་མཐའ་ན་གནས་པ་ནི་ཤིན་ཏུ་དཀའ་སྟེ་སྡུག་བསྔལ་བའོ། །བདག་ནི་ཕ་མ་དང་ཕུ་ནུ་བོ་དང་སྔོན་གྱི་སློབ་དཔོན་དྲན་ནོ། །བདག་གིས་གཉེན་བཤེས་ལ་གཏོད་ཅིག་ཅེས་མི་

དགའ་ཞིང་ཆགས་པའི་ཚིག་གིས་གཞན་ལ་གོ་བར་བྱེད་ན། བསླབ་པ་ཉམས་པར་བྱ་བ་ཞེས་བྱའོ། །དེ་ཡང་མཐའ་བཞིར་སྦྱར་ཏེ་ཉམས་པར་བྱས་པ་ལ་བསླབ་པ་མ་ཕུལ་བ་དང་། བསླབ་པ་ཕུལ་ལ་ཉམས་པར་མ་བྱས་པ་དང་། བསླབ་པ་ཡང་ཕུལ་ཉམས་པར་ཡང་བྱས་པ་དང་། བསླབ་

པ་ཡང་མ་ཕུལ་ཉམས་པར་ཡང་མ་བྱས་པའོ། །དེ་ལ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ནི་ཕ་དྲན་ན་མ་དྲན་ནོ་ཞེས་གཞན་ལ་མི་དགའ་བའི་རྟགས་སྣ་ཚོགས་སྨྲ་ལ། བསླབ་པ་འབུལ་ལོ་ཞེས་མི་སྨྲའོ། །དེ་ལ་བསླབ་པ་ཕུལ་ལ་ཉམས་པར་མ་བྱས་པ་ནི་བསླབ་པ་འབུལ་ལོ་ཞེས་བརྡ་ཕྲད་

เล่ม ๑๕๕ · หน้า 27a

པའི་མདུན་དུ་གོ་བར་ཕ་མ་མ་དྲན་ནོ་ཞེས་ཉམས་པར་གྱུར་པའི་ཚིག་མི་སྨྲ་བའོ། །དེ་ལ་བསླབ་པ་ཡང་ཕུལ་ཉམས་པར་ཡང་བྱས་པ་ནི་གོང་མ་གཉིས་ཀ་དང་ལྡན་པའོ། །བསླབ་པ་ཡང་མ་ཕུལ་ཉམས་པར་ཡང་མ་བྱས་པ་ནི་གོང་དུ་སྨོས་པ་རྣམས་མ་གཏོགས་པའོ། །མི་ཚངས་

པར་སྤྱད་པ་ཞེས་བྱ་བ་ནི་ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་དང་མི་མཐུན་ཞིང་བསོད་ནམས་མ་ཡིན་པའི་ཆོས་སྐྱེས་པ་དང་། བུད་མེད་དང་གཉིས་འཁྲིག་པ་ནི་མི་ཚངས་པར་སྤྱོད་པའོ། །ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པས་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་སོ། །བྱས་ཞེས་

བྱ་བ་ནི་སྤྱོད་པའོ། །ཐ་ན་བྱ་བ་ནི་སྤྲ་མོ་དང་། གཞན་ཡང་འདི་དང་འདྲ་བ་དག་གོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཡང་དག་པར་བསྟན་པའི་ཚིག་བླ་དགས་སོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྙེན་པར་རྫོགས་ཤིང་བྱ་བ་གྲུབ་པ་གང་དགེ་སློང་གི་དངོས་པོ་ཡོད་པ་ལ་

བྱའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ལྟུང་བ་ཐ་མ་འདི་ལྟ་སྟེ། ཐ་ཤལ་མི་བཅའ་བའི་ངེས་པ་ཅན་མི་མཚུངས་པ་སྟེ། གང་ལ་དེ་ལྟ་བུའི་ལྟུང་བ་བྱུང་སྟེ། དེ་བྱུང་མ་ཐག་ཏུ་དགེ་སློང་མ་ཡིན་ཤཱཀྱའི་སྲས་མ་ཡིན་ཏེ། དགེ་སློང་གི་དངོས་པོ་དང་བྲལ་བ་འཁྱམས་པ་བཤིག་པ། ལྟུང་བ་ཕས་ཕམ་པ་སྟེ།

སླར་དགེ་སློང་དུ་བསླང་དུ་མི་རུང་བའོ། །འདི་ལྟར་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་མི་འགྱུར་མི་སྐྱེ། འཕེལ་ཞིང་རྒྱས་པར་མི་འགྱུར་བ་དེ་བཞིན་དུ་དགེ་སློང་ཡང་འདི་ལྟ་བུའི་གནས་ཀྱི་ལྟུང་བ་བྱུང་ན། དེ་བྱུང་མ་ཐག་ཏུ་དགེ་སློང་མ་ཡིན། ཤཱཀྱའི་སྲས་མ་ཡིན། དགེ་སྦྱོང་དུ་བསླང་དུ་

མི་རུང་སྟེ། དེ་བས་ན་ཕས་ཕམ་པ་ཞེས་གསུངས་སོ། །གནས་པར་མི་བྱའོ། །ཞེས་བྱ་བ་ནི་དེ་དང་དགེ་སློང་དག་གསོ་སྦྱོང་ངམ། ཚུལ་ནས་འབྱུང་བའམ། གསོལ་བའམ། གསོལ་བ་དང་གཉིས་སམ། གསོལ་བ་དང་བཞིའི་ལས་ལ་མི་གནས་པ་སྟེ། གང་ཟག་བཅུ་གཉིས་ཀྱི་ལས་

བསྐོ་བ་ལ་ཡང་མི་ཆུད་པའོ། །དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །གཞན་ཡང་མི་ཚངས་པར་སྤྱོད་པའི་སྒོ་ནས་ཕས་ཕམ་པར་འགྱུར་བའི་རྣམ་གྲངས་ལ། གླེང་གཞི་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་ཅིག་གི་བུ་རྒྱབ་རབ་ཏུ་

เล่ม ๑๕๕ · หน้า 27b

མཉེན་པ་ནི་བྱི་ལའི་རྒྱབ་འདྲ་བ་ཞིག་བཙས་ཏེ། དེ་ཡང་དཀོན་མཆོག་གསུམ་ལ་མངོན་པར་དད་པ་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །མིང་ཡང་རྒྱབ་མཉེན་དུ་བཏགས་སོ། །དགེ་སློང་རྒྱབ་མཉེན་དེ་སྔ་དྲོའི་དུས་ཀྱི་ཚེ་བསོད་སྙོམས་བླངས་ནས་ཟས་ཟོས་ཏེ།

གནས་ཁང་དུ་འོངས་ནས་ནང་དུ་ཡང་དག་འཇོག་པའི་ཕྱིར་འདུག་གོ། །དེའི་ཚེ་དབང་པོ་མ་བསྡམས་པས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་རང་གི་ཕོ་མཚན་ལས་སུ་རུང་བར་གྱུར་ཏེ། རང་གི་སྒོ་དང་པོར་སྤྱད་པའི་ཚེ་དགེ་སློང་གནས་ཉུང་བ་དག་གིས་མཐོང་ནས་དེ་དག་གི་ཡིད་

མ་མགུ་ནས་རི་མོ་མེད་པར་བྱས་ཏེ། ཚེ་དང་ལྡན་པ་དེ་ལྟ་བུ་བྱེད་དུ་དབང་ངམ་ཞེས་བྱས་པ་དང་དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཅས་པ་ནི་ཕ་རོལ་ལ་བྱེད་དུ་མ་གནང་གི་བདག་ཉིད་ལ་ནི་མ་ཡིན་ནོ་ཞེ་ན། དེ་དག་གིས་དེ་ལ་གྱོད་བཏབ་པའམ། བསྔགས་པ་ཡང་མེད་དེ། དེ་

དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་གཞན་གྱི་ལའང་སྤངས་ན་རང་གི་ལ་ལྟ་ཅི་སྨོས། སྐྱེས་བུ་གཏི་མུག་ཅན་འདི་ནི་ཕས་ཕམ་པར་གྱུར་ཏོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་

ཅིག་གི་བུ་ཕོ་ཕོ་མཚན་ཚད་ལས་འདས་པ་ཞིག་བཙས་ཏེ། དེའི་མིང་ཡང་མཚན་རིངས་སུ་བཏགས་ཏེ། དེའང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དགེ་སློང་གི་དངོས་པོར་གྱུར་ཏེ། དེས་སྔ་དྲོའི་ཚེ་བསོད་སྙོམས་བླངས་ནས་ཟས་ཟོས་ཟིན་གྱི་འོག་ཏུ་ནང་དུ་ཡང་དག་འཇོག་པ་ལ་

ཞུགས་པ་དང་། འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་ཏེ། རང་གི་ཕོ་མཚན་ལས་སུ་རུང་བས་སྒོ་ཐ་མར་སྤྱད་པ་དང་། དགེ་སློང་གཞན་ཞིག་གིས་མཐོང་ནས་སྙན་དུ་བདས་ཏེ། དེ་ལྟ་བུ་ཡང་ཕས་ཕམ་པར་འགྱུར་རོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གླེང་གཞི་

མཉན་དུ་ཡོད་པ་ན་སྟེ། མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་གྲོང་ཁྱེར་ན། དེད་དཔོན་དགའ་བོའི་བུ་དེ་ཤིན་ཏུ་བྱད་བཟང་ཞིང་མཛེས་པ་ཞིག་འདུག་པ་ཡུལ་གཞན་ཞིག་ཏུ་ཚོང་ལ་འགྲོ་བར་ཆས་ཏེ། ཡང་དང་ཡང་དུ་དུས་ཀྱི་ཕ་ལ་གསོལ་ནས་ཕས་ཀྱང་ཡུལ་དེ་ན་ཚོང་པ། འགྲོ་བ་ལྔ་བརྒྱ་ལ་ཡང་

เล่ม ๑๕๕ · หน้า 28a

བུའི་གྲོགས་གྱིས་ཤིག་ཅེས་གཏད་བུ་ལ་ཡང་གཏམས་ཏེ། འདི་ལྟར་ཚོང་པ་ཡུལ་གཞན་དུ་འགྲོ་བ་ལ་བར་ཆད་གསུམ་སྟེ། རྒྱན་པོ་དང་། སྟུ་གླ་དང་། ཆང་རིན་ནོ་ཞེས་བསྒོ་ནས། དེ་དག་ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་ནས་

སྟུ་འཚོང་མ་བཟང་མོ་ཞེས་བྱ་བ་ཤིན་ཏུ་བཟང་པོ་ཞིག་འདུག་པ་དེས་མཐོང་ནས་བསམས་པ། དེའི་ནོར་ཐམས་ཅད་མ་ཐོབ་ན། ངའི་མིང་བཟང་མོ་ཞེས་མི་བྱ་མོད་སྙམ་ནས། བྲན་མོ་ཞིག་དེའི་གན་དུ་མངགས་ནས་ཚོང་པ་དེ་དག་དང་ཕྲད་པའི་བར་དུ་སྟེ། ཚོང་པ་དེའི་ནོར་ཟད་ཟད་དུ་མོས་བྲིད་ནས་

ཚོང་གྲོགས་ཀུན་ཀྱང་སླར་དོང་ནས། ནོར་མེད་པ་དང་མོས་མ་འདོད་དེ། མཛེས་དགའ་འཁྱམས་ཤིང་འགྲོ་བ་དགེ་སློང་ཅིག་དང་ཕྲད་ནས་ཐར་པར་ཞུགས་ཏེ། ཞག་གཉིས་གསུམ་དུ་ཤིན་ཏུ་བསླབས་ནས། དགེ་སློང་དེ་ན་རེ་རི་དགས་ཀྱིས་རི་དགས་མི་སོས་ཀྱི་མཉན་དུ་ཡོད་པ་ནི་བདག་གི་ཡུལ་དང་

འདྲས། ཕར་སློང་ཞིང་སོས་ཤིག་ཅེས་བསྒོས་ཏེ་བཏང་ངོ་། །སྟུ་འཚོང་མ་དེས་ཀྱང་ཕྱིན་ནས་བསམས་པ། བདག་གིས་སྐྱེས་བུ་དེ་ལྟ་བུ་བལྟ་ན་བཟང་བ་ནི་ཕྱིན་ཆད་ཉལ་མི་མྱོང་སྟེ། མཚར་གཅིག་བྱ་སྙམ་ནས་བྲན་མོ་ལ་ཡང་ཕྱིན་ཆད་བྱར་བྱོས་ཤིག་ཅེས་བསྒོ་ནས་མཛེས་དགའ་དེ་ཡང་ཡུལ་རྒྱུས་

ལ་མི་མཁས་པས་སླར་ཡང་ཁྱིམ་དེའི་སྒོར་ཕྱིན་པ་དང་བྲན་མོས་རྗེ་མོ་ལ་སྨྲས་པ། རབ་ཏུ་བྱུང་སྟེ་འདིར་ཕྱིན་ཏོ་ཞེས་བྱ་བ་ནས་རབ་ཏུ་བྱུང་ཡང་བླས་ནང་དུ་བོས་ཞེས་བྱ་སྟེ། དེས་བྲང་བརྡུངས་ནས་རྐེད་ནས་འཁྱུད་དེ་ངུས་ནས་བདག་གིས་ནོངས་ཀྱིས་བདག་ལ་ད་ཡོངས་སུ་སྤྱོད་ཅིག་ཚུར་བྱོན་ཞེས་བྱས་

པ་དང་། མཛེས་དགས་སྨྲས་པ། ཁྱོད་ཀྱིས་ནོར་དང་གྲོགས་སུ་ཡང་ཕྲལ་ན་ཅི། ང་ཚུལ་ཁྲིམས་དད་ཡང་བྲལ་ལམ་ཞེས་སྨྲས་པ་དང་། སྟུ་འཚོང་མས་སྨྲས་པ། འཕགས་པ་ཕྱི་རོལ་དུ་བདར་ཅིང་ནང་དུ་བླུགས་སམ། ནང་དུ་སྨྱུགས་ལ་ཕྱིར་ཕོ་ན་ནི་ཚུལ་ཁྲིམས་ངན་པར་མི་འགྱུར་རོ་ཞེས་བྱ་

བ་དང་། དེས་བསམས་པ་དང་མོ་དེ་སྐད་ཟེར་བ་ལས་ནི། དགེ་སློང་གནས་བརྟན་དག་ཀྱང་འདི་ལྟར་བྱ་གོར་མ་ཆག་སྙམ་སྟེ་ཕྱི་རོལ་ཏུ་བདར་ཏེ་ནང་དུ་བླུགས་ནས། ཕྱིས་བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བའི་ཆོས་མང་པོ་བཤད་པའི་ཚེ་མཛེས་དགའ་ཤིན་ཏུ་རོད་ཉམས་པ་སྨན་པས་

เล่ม ๑๕๕ · หน้า 28b

བརྟགས་ན་ཡང་སེམས་མི་བདེ་བར་སྣང་སྟེ། དགེ་སློང་དག་གིས་སྨྲས་ན། ཁས་བླངས་པའི་བར་དུ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ། སྐྱེས་བུ་གཏི་མུག་པ་ཉེས་པ་དེ་ལྟར་བྱས་པ་ཡང་ཕས་ཕམ་པར་འགྱུར་རོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་

གིས་བུད་མེད་ལ་གནས་གསུམ་དུ་མི་ཚངས་པར་སྤྱད་ན་ཕས་ཕམ་པར་འགྱུར་རོ། །བུད་མེད་ལ་ཇི་ལྟ་བ་བཞིན་དུ་མ་ནིང་དང་། མཚན་གཉིས་པ་དང་སྐྱེས་པ་ལ་ཡང་མཚམས་ལས་འདས་ན་ཕས་ཕམ་པར་འགྱུར་རོ། །བུད་མེད་ལ་མི་ཚངས་པར་སྤྱོད་པའི་སེམས་བསྐྱེད་ན་བསྡམ་པར་བྱ་བའི་ཉེས་

བྱས་སོ། །གོམ་པ་གཅིག་ནས་གཅིག་ཏུ་བོར་ཏེ་མ་རེག་གི་བར་དུ་ནི་བཤགས་པར་བྱ་བའི་ཉེས་བྱས་སོ། །རེག་པའི་ཚེ་ནི་སྦོམ་པོའོ། །མི་ཚངས་པར་སྤྱད་དེ་ཡན་ལག་བདུན་དང་ལྡན་ན་ཕས་ཕམ་པར་འགྱུར་རོ། །གཅིག་དང་མི་ལྡན་ན་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྔགས་དང་སྨན་གྱིས་

བདག་དང་བུད་མེད་གཉིས་ཀའང་རུང་གཅིག་ཀྱང་རུང་། བྱོལ་སོང་གི་སྐྱེ་གནས་སུ་བསྒྱུར་ཏེ་མི་ཚངས་པར་སྤྱད་ན་ཕས་ཕམ་པར་འགྱུར་རོ། །བུད་མེད་ཕྱེད་དུ་བཤགས་པ་ལ། སྒོ་གསུམ་དུ་སྤྱད་ན་སྦོམ་པོར་འགྱུར་རོ། །བུད་མེད་རྐེད་པ་ཕྱེད་བཅད་པ་ལ་སྒོ་གསུམ་དུ་སྤྱོད་ན་ཕམ་པར་འགྱུར་

རོ། །མགོ་བཅད་པ་ལ་སྒོ་གཉིས་སུ་སྤྱད་ན་ཕམ་པར་འགྱུར་རོ། །མི་མ་ཡིན་པའི་བུད་མེད་ལ་ཡང་ཕས་ཕམ་པར་འགྱུར་རོ། །སྒོ་གསུམ་དུ་མ་རེག་པར་སྤྱད་པ་དང་བལྟ་བ་སྟེ་སྤྱད་པ་ནི་སྦོམ་པོར་འགྱུར་རོ། །གཞན་ལ་གཞན་བྱེད་དུ་བཅུག་པ་ནི་གོང་མ་བཞིན་ནོ། །ཡུལ་མེད་པར་

བདག་གཅིག་པོར་གནས་པ་ལ་མཐར་འགྱུར་བ་ནི་མཚན་རིངས་དང་རྒྱབ་མཉེན་ལྟ་བུའོ། །ཕྱིང་བུའམ་གྲོ་བ་སྟུག་པོས་དཀྲིས་པའང་། ལམ་མ་ཉམས་པའམ། ལམ་མ་ཉམས་པ་ལ་ལམ་དུ་འདུ་ཤེས་པ་འམ། བསྙེན་པར་རྫོགས་ཏེ་བཤམས་ཏེ་བསྙེན་པར་མ་རྫོགས་པ་ན་སྤྱད་པ་ལ་

སོགས་པ་ཐམས་ཅད་ཀྱང་ཉེས་པ་སྦོམ་པོར་འགྱུར་རོ། །དར་དང་རས་དང་བེའུ་རས་སྲབ་མོས་གཡོགས་ཏེ་སྤྱད་པ་ནི་མཐར་འགྱུར་རོ། །བསྙེན་པར་མ་རྫོགས་པར་དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་སྦྱོང་ཕས་མི་ཚངས་པར་སྤྱད་ན་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །དགེ་

เล่ม ๑๕๕ · หน้า 29a

སློང་ལ་ཕས་ཕམ་པར་གྱུར་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ཡང་ཕས་ཕམ་པར་འགྱུར་རོ། །ཡན་ལག་བདུན་དང་ལྡན་ན་ཕས་ཕམ་པར་འགྱུར་རོ། །བདུན་གང་ཞེ་ན། བསླབ་པ་མནོས་པ་དང་། བསླབ་པ་མ་ཕུལ་བ་དང་། ལམ་གསུམ་མ་ཉམས་པ་

དང་། ཡན་ལག་སྐྱེས་མཚམས་ལས་འདས་པ་དང་། དགའ་བར་ཚོར་བ་དང་། གནོང་བཀུར་བའི་སེམས་མེད་པ་དང་། སེམས་ཐ་མལ་པའོ། །བསླབ་པ་མ་མནོས་པ་ནི་དགེ་འདུན་དང་། སློབ་དཔོན་ལས་ཚུལ་ཁྲིམས་མ་ཐོབ་པའོ། །བསླབ་པ་མ་ཕུལ་བ་ནི་རང་བཞིན་དུ་གནས་པའི་མི་བརྡ་ཕྲད་

པ་ལ་མ་ཕུལ་བའོ། །ལམ་གསུམ་མ་ཉམས་པ་ནི་ཕ་རོལ་ཚུ་རོལ་གྱི་མུ་གཉིས་ནས་མ་ཉམས་པའམ་ཡང་ན་རྨ་མ་ཞིགས་པའམ། མ་རུལ་པའམ། སྲིན་བུས་མ་ཟོས་པའོ། ཡན་ལག་སྐྱེས་འཇུག་པ་ནི་གནས་གསུམ་གྱི་མཚམས་ལས་འདས་པའོ། །དགའ་བར་ཚོར་བ་ནི་ཉམས་སུ་བླང་སྟེ།

མྱོང་བ་ཡོད་པའོ། །གནོང་མི་བཀུར་བ་ནི་ཁ་ཅིག་མི་ཚངས་པར་སྤྱོད་ཀྱང་གནོང་མི་བཀུར་ཞིང་བཤགས་ཤིང་མཐོལ་བ་ཆེན་པོ་ན་བསླབ་པ་བྱིན་ཞིང་དགེ་སྦྱོང་དུ་རུང་སྟེ། དཔེར་ན་དགེ་སློང་ནན་ཏེ་ཀ་ལ་བསླབ་པ་སྦྱིན་ཞིང་དགེ་སློང་ཐམས་ཅད་ཀྱི་མི་འཇུག །དགེ་སློང་ཐམས་ཅད་ཀྱི་ནི་

གང་དུ་གཞག་སྟེ་སྔ་དྲོ་ལ་མི་ཚངས་པར་སྤྱད་ནས་འཇིགས་ཤིང་ངོ་ཚ་བ་ཆེན་པོས་བཤགས་ཤིང་འགྱོད་པས་ན་བསླབ་པ་སྦྱིན་པ་ཞེའོ། །ཁ་ཅིག་ན་རེ་ཕས་ཕམ་པའི་སྦོམ་པོའོ་ཞེས་ཟེར་མོད་ཀྱི་ཕས་ཕམ་པའི་མཚན་མ་ཡོད་པས་ན་སྦོམ་པོར་མི་རུང་སྟེ། བསླབ་པ་སྦྱིན་པ་ཉིད་དུ་རིགས་སོ། །

ལས་དང་པོ་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། སྨྱོན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་ལ་ཇི་ལྟ་བུ་ཞེ་ན། ཚེ་དང་ལྡན་པ་བཟང་སྦྱིན་གྱིས་བསླབ་པའི་གནས་མ་བཅས་པ་ན་བདག་གིས་མི་ཚངས་པར་སྤྱོད་པའི་ཆོས་མང་ཞིག་བྱས་ན་ལས་དང་པོ་པ་གང་ཡིན་སྙམ་ཐེ་ཚོམ་དུ་

གྱུར་པ་དང་། བཀའ་སྩལ་པ་བསླབ་པ་མ་བཅས་པ་ན་བཟང་སྦྱིན་གྱིས་སྤྱད་པ་ཐམས་ཅད་ཀྱང་ལས་དང་པོ་པ་ཡིན་ཏེ། ལས་དང་པོ་པ་ཡིན་པས་ཉེས་པ་མེད་དོ། །སྨྱོན་པ་ཞེས་བྱ་བ་ནི་རྣམ་པ་ལྔས་སྨྱོས་པར་འགྱུར་ཏེ། གཉེན་བཤེས་ཟད་པ་དང་། ལོངས་སྤྱོད་དང་ནོར་ཟད་པ་དང་།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด