ตัวบทไม่มีชื่อ — ประโยคแรก: འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๕๕ · หน้า 29b
ཁམས་མི་མཉམ་པ་དང་། མི་མ་ཡིན་པས་བརླམས་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ་རྣམ་པ་འདི་ལྔས་སྨྱོ་བར་འགྱུར་རོ། །དགེ་སློང་གི་འདུ་ཤེས་ཡོད་ན་ཉེས་པར་འགྱུར་རོ། །འདུ་ཤེས་མེད་ན་ཉེས་པ་མེད་དོ། །སེམས་འཁྲུགས་པ་ནི་རྣམ་པ་ལྔ་སྟེ། མི་མ་ཡིན་པས་བདག་
གི་སེམས་དཀྲུག་པ་དང་། མི་མ་ཡིན་པས་དེ་ལ་བརླམས་པ་དང་། མི་མ་ཡིན་པས་བདག་གི་མདངས་འཕྲོག་པ་དང་། ཁམས་མི་མཉམ་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ། རྣམ་པ་དེ་ལྔས་ན་སེམས་འཁྲུགས་པ་ཞེས་བྱ་བ་སྟེ་ཉེས་པ་མེད་དོ། །ནད་ཀྱིས་གཟིར་བ་ནི་རྣམ་པ་ལྔས་ནད་
ཀྱིས་གཟིར་བ་སྟེ། དེ་ལ་རླུང་གིས་བསྐྱོད་པ་དང་། མཁྲིས་པ་དང་བད་ཀན་དང་འདུས་པ་དང་། དུས་གྱུར་པ་རྣམས་ཏེ། རྣམ་པ་དེ་ལྔས་ན་ནད་ཀྱིས་གཟིར་བ་སྟེ། ཉེས་པ་མེད་དོ། །མི་ཚངས་པར་སྤྱོད་པའི་གླེང་གཞི་ནི་ཡུལ་འབྲི་པའི་ཟི་ནའོ། །གང་ཟག་ནི་ཚེ་དང་ལྡན་པ་བཟང་སྦྱིན་ནོ། །ཉེས་
པ་ནི་ལུས་ཀྱིས་སོ། །ཉོན་མོངས་པ་ནི་འདོད་ཆགས་སོ། །མཚན་མ་ནི་ཕས་ཕམ་པ་སྟེ། དེ་ལྟར་ན་ཕས་ཕམ་པ་དང་པོ་ལེགས་པ་བཅུ་སྨོས་པ་དང་། བསླབ་པ་ཕུལ་བའི་བྱེ་བྲག་དང་། དགེ་སློང་ཞེས་བྱ་བའི་མིང་གི་རྣམ་གྲངས་དང་། མཁྱེན་བཞིན་དུ་འདྲི་བ་དང་། གླེང་གཞི་དང་། གང་ཟག་དང་།
ལས་དང་པོ་པ་ལ་ཉེས་པ་མེད་པ་རྣམས་བསླབ་ཚིག་དང་པོ་ལ་འདིར་སྨོས་པས་འོག་མ་གཞན་རྣམས་ལ་གང་རིགས་སུ་དེ་བཞིན་དུ་སྦྱར་རོ། །ཕས་ཕམ་པ་དང་པོའི་མི་བརྗེད་པའི་ཚིག་གོ། །།མ་བྱིན་པར་ལེན་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་
གནས་པ་ན་བཞུགས་སོ། །དེའི་ཚེ་སྔོན་རྫ་མཁན་དགེ་སློང་ནོར་ཅན་ཞེས་བྱ་བ་རྒྱལ་པོའི་ཁབ་ཀྱི་དགོན་པོའི་རི་ལ་གནས་སྤྱིལ་པོར་བྱས་ཏེ་འདུག་གོ། །དགེ་སློང་ནོར་ཅན་སྔ་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལེན་དུ་སོང་བའི་འོག་ཏུ་རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫིང་དང་། ལུག་རྫི་
དང་ཤིང་ཐུན་ལ་སོགས་པས་དགེ་སློང་ནོར་ཅན་གྱི་སྤྱིལ་པོ་དྲལ་བཤིག་སྟེ་རྩྭ་ཤིང་ཀུན་ཁྱེར་བར་མཐོང་ངོ་། །དེ་ནས་ནོར་ཅན་གྱིས་རྩྭ་ཤིང་བསྡུས་ནས་སླར་སྤྱིལ་པོ་བྱས་ནས་ལན་གཉིས་ལན་གསུམ་དུ་བཤིག་ཅིང་ཁྱེར་བའི་ལན་གྲངས་མང་ནས་ནོར་ཅན་གྱིས་བསམས་པ་ཀྱེ་མའོ་མི་བཟོད་དོ། །ཀྱེ་མའོ་
เล่ม ๑๕๕ · หน้า 30a
སྡུག་བསྔལ་ལོ། །དེ་ལྟར་སྤྱིལ་པོ་བཤིག་ཅིང་ཁྱེར་མོད་ཀྱི། བདག་གི་ཕའི་བཟོའི་གནས་དང་། ལས་ཀྱི་གནས་ལ་བདག་མཁས་ཀྱིས་ཅི་ནས་སྲ་བ་ཀུན་ས་ལས་གནས་ཤིག་བྱའོ་སྙམ་ནས། ས་སྲོག་ཆགས་མེད་པ་ལས་འཇིམ་པ་བྱས་ཏེ་ཁང་བུ་བརྩིགས་ནས་
སྐམས་པ་དང་སོ་བཏང་སྟེ། ཤིན་ཏུ་ཁ་དོག་དམར་བ་འཚེར་བ་གཅིག་བྱས་ནས་བདག་གིས་ཤིན་ཏུ་ལེགས་པའི་ཁང་བུ་གྲུབ་སྟེ། ང་འདི་ཁབ་སྲོའོ་སྙམ་ནས་དགེ་སློང་དག་ལ་ཁང་བུ་གཏམས་ཏེ། ལྗོངས་རྒྱུ་ཞིང་སོང་བའི་ཕྱི་ན་བཅོམ་ལྡན་འདས་དགེ་སློང་མང་པོའི་འཁོར་དང་བཅས་ཏེ་གནས་
ཉུལ་ཞིང་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ནོར་ཅན་གྱི་ཁང་པ་ཚོས་ཤིང་ཁ་དོག་ཤིན་ཏུ་དམར་བ་གཟིགས་པ་དང་། བཀའ་སྩལ་པ། དེ་ལྟ་བུ་སུའི་ཁང་པ་ཡིན། དགེ་སློང་ནོར་ཅན་གྱི་ལགས་སོ་ཞེས་གསོལ་པ་དང་། བཀའ་སྩལ་པ། དགེ་སློང་དག་ཁང་བུ་
འདི་ལྟ་བུ་བྱེད་དུ་མི་གནང་གི་གྲོལ་ཅིག་ཆོམ་ཅིག །དེའི་ཕྱིར་མུ་སྟེགས་ཅན་རྣམས་ཀྱང་འདི་ལྟར་དགེ་སྦྱོང་གཽ་ཏ་མ་འདུག་བཞིན་དུ་ཉན་ཐོས་ཁ་ཅིག་ལ་ཟབ་པའི་གནས་ཀྱི་ཆོས་འབྱུང་ངོ་ཞེས་འཆའོ། །དེ་ནས་དེ་དག་བཤིག་སྟེ་སླར་གཤེགས་པ་དང་དེའི་འོག་ཏུ་ནོར་ཅན་ཡང་སླར་འོངས་
ཏེ། ཉེ་འཁོར་གྱི་མི་རྣམས་ལ་ཁང་པ་གར་སོང་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་འཁོར་དང་བཅས་པས་བཅོམ་མོ་ཞེས་སྨྲས་པ་དང་། ནོར་ཅན་ན་རེ་དེ་ལྟར་ཆོས་ཀྱི་བདག་པོ་བདེ་བར་གཤེགས་པས་བཅོམ་ན་ལེགས་སོ་ཞེས་སྨྲས་ནས། དེའི་འོག་ཏུ་ནོར་ཅན་གྱིས་བསམས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་
ཤིང་སྲུང་གི་བློན་པོ་སྔ་ནས་བདག་དང་མཛའ་བས་ན། །བདག་གི་གནས་ཁང་ཐམས་ཅད་ཤིང་ལས་བྱའོ་སྙམ་ནས་ཤིང་སྲུང་གི་བློན་པོའི་གན་དུ་སོང་ནས་ཀྱེ་སྐྱེས་བུ་མཁྱེན་པར་མཛོད་ཅིག །ལུས་འཕགས་མོའི་བུ་ཡུལ་མཉམ་ཀའི་རྒྱལ་པོ་མ་སྐྱེས་དགྲས་ང་ལ་ཤིང་བྱིན་པ་དེ་འདོད་ཀྱི་
བྱིན་ཅིག་ཅེས་བྱས་པ་དང་། འཕགས་པ་ལྷས་གནང་བ་ཡིན་ན་ནི་ཅི་བདེར་སྣོམས་ཤིག་ཅེས་བྱས་པ་དང་དགེ་སློང་ནོར་ཅན་གྱིས། རྒྱལ་པོའི་ཁབ་ཀྱི་ཞིག་རལ་གསོ་བར་དགོས་པའི་ཤིང་བཞག་པ་སྦས་པ་གཅིག་བསྡམས་ཏེ་ཕྱུང་ནས་ཁྱེར་བ་མཐོང་ངོ་། །དེ་ནས་གྲོང་སྲུང་གི་སྣ་
เล่ม ๑๕๕ · หน้า 30b
བོས་ཤིང་དེ་ལྟ་བུ་གཅེས་པ་སུས་ཁྱེར་ཞེས་སྨྲས་པ་དང་། དེ་ན་རེ་དགེ་སློང་ནོར་ཅན་གྱིས་ཁྱེར་རོ་ཞེས་བྱས་པ་དང་། དེ་ནས་གྲོང་སྲུང་གི་སྣ་བོས་དེ་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་དགེ་སློང་ནོར་ཅན་དང་། ཤིང་སྲུང་གི་སྣ་བོ་འགུགས་པར་བཏང་སྟེ། གཉིས་རྒྱལ་
པོའི་སྤྱན་སྔར་ལྷགས་སོ། །རྒྱལ་པོས་ནོར་ཅན་ལ་འཕགས་པ་ཤིང་མ་བྱིན་པར་ལེན་དུ་དབང་ངམ་ཞེས་སྨྲས་པ་དང་། གསོལ་པ། མི་དབང་ངོ་། །འོ་ན་ཅིའི་ཕྱིར་ཤིང་ཁྱེར། ལྷས་སྩལ་བ་ལགས་སོ། །འཕགས་པ་མི་དྲན་ནོ། །ལྷ་བདག་གིས་དགོངས་པར་བགྱིའོ། །ལྷ་འདི་ལྟར་ཡབ་ཀྱིས་
རྒྱལ་སྲིད་སྤྱི་བོ་ནས་དབང་བསྐུར་ནས་རིང་པོར་མ་ལོན་པ་ལྷས་ངའི་ཡུལ་དགེ་བར་གྲགས་པས་དགེ་སློང་དང་བྲམ་ཟེ་དག་ཀྱང་རུང་རྩྭ་དང་ཤིང་དང་ཆུ་རྣམས་དེང་ཕན་ཆད་ཅི་བདེར་སྤྱོད་དུ་གནང་ངོ་ཞེས་འཁོར་མང་པོའི་མདུན་དུ་བསྟན་དུ་རུང་བའི་ཁྱུ་མཆོག་གི་སྒྲ་བསྒྲགས་པ་མི་དགོངས་སམ་
འཕགས་པ་དེ་ནི་གཟུང་བ་མེད་པ་ལ་བྱའི། གཟུང་བ་དང་བཅས་པ་ལ་ནི་མ་ཡིན་ནོ། །གཟུང་བ་མ་མཆིས་པ་ལ་ལྷས་མངའ་བགྱིར་ཅི་མཆིས་ཞེས་སྨྲས་པ་དང་། རྒྱལ་པོ་མ་སྐྱེས་དགྲའང་ཁྲོས་འཁྲུགས། རྔམ་སྟེ་དཔྲལ་བ་ལ་ཁྲོ་གཉེར་གསུམ་བྱུང་བཞིན་བསྒྱུར་མིག་བགྲད་ལག་པ་
མཉེས་ནས་འདི་སྐད་སྨྲས་སོ། །གསད་པའི་རིགས་པའི་དགེ་སྦྱོང་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་བསྒོའོ། །དེ་ནས་དགེ་སློང་ནོར་ཅན་རང་གི་གནས་སུ་སོང་སྟེ་དགེ་སློང་གྲོགས་པོ་རྣམས་ལ་རྒྱལ་པོ་མ་སྐྱེས་དགྲས་ཧད་པོར་དེ་བསད་དེ་བཏང་ངོ་ཞེས་སྨྲས་པ་དང་།
ཅི་ཉེས་ཞེས་བྱས་པ་དང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱོད་དགེ་སློང་ཟླ་ཞིག་ཁྲིད་ལ་རྒྱལ་པོའི་ཁབ་ཀྱི་གྲོང་གི་མངོན་སུམ་མམ། ལམ་གྱི་
བཞི་མདོར་སྒྲས་གོ་བར་འགྱུར་བའི་གནས་སུ་འདུག་ལ། རྒྱལ་པོ་མ་སྐྱེས་དགྲའི་བཀའ་ཁྲིམས་ལས་ཅི་ཙམ་ཞིག་མ་བྱིན་པར་བླངས་ན་ཆད་པས་བཅད་ཅིང་སྲོག་དང་དབྲལ་བ་དྲིས་ཤིག །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས། ཀུན་དགའ་བོས་རྒྱལ་པོའི་མི་དད་པ་དང་། མ་དད་
เล่ม ๑๕๕ · หน้า 31a
པ་ལ་ཅི་ཙམ་གྱིས་ན་སྲོག་དང་དབྲལ་ཞེས་སྨྲས་པ་དང་། མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པས་སོ་ཞེས་མཆི་བ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་བྱུང་བ་དེ་དང་། གླེང་གཞི་དང་དེ་ལྟར་གྱུར་པའི་ཕྱིར་དགེ་སློང་གི་དགེ་འདུན་རྣམས་བསྡུས་
སོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་དྲིས་པས། དགེ་སློང་ནོར་ཅན་ལ་ཁྱོད་ཀྱིས་འདི་ལྟ་བུ་མི་རིགས་པ་ཆོས་འདི་འདྲ་བ་བྱས་པ་བདེན་ནམ་ཞེས་སྨྲས་པ་དང་། བཙུན་པ་མད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་བྱ་བ་མ་ཡིན། རུང་བ་མ་ཡིན།
རིགས་པ་མ་ཡིན་མཐུན་པ་མ་ཡིན་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས་འདི་ལྟར་ངའི་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གནས་བཅའོ་ཞེས་རྩ་བའི་ཚིག་ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་བཞི་པོ་སྔར་གོང་དུ་བཀག་ཟིན་
པས་ན། སྐབས་འདིར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་མ་འཁྲུགས་པ་ཤོལ་བར་མི་འོས་པ་དེ་ནི་དགེ་སློང་དུ་དགོངས་སོ། །གཞན་གྱིས་ཞེས་བྱ་བ་ནི་བུད་མེད་དང་། སྐྱེས་པ་དང་། མ་ནིང་དང་མི་རྣམས་ཀྱིའོ། །གྲོང་ན་ཡོད་ཅེས་བྱ་བ་ནི་ར་བའི་ནང་ན་མིའི་ཡོ་
བྱད་ཡོད་པའོ། །དགོན་པ་ན་ཡོད་ཅེས་བྱ་བ་ནི་ར་བའི་ཕྱི་རོལ་ན་ནོར་ཡོད་པའོ། །མ་བྱིན་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་། མ་ནིང་དང་། མི་རྣམས་སུས་ཀྱང་དེ་ལ་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་ཞེས་བྱ་བ་ནི་གང་མ་བྱིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པའོ། །
བླངས་ཞེས་བྱ་བ་ནི་ལེན་པའོ། །ཇི་ཙམ་མ་བྱིན་པར་བླངས་པ་ཞེས་བྱ་བ་ནི་ཡུལ་དང་དུས་ཀྱི་མ་ཤ་ཀ་ལྔ་འམ། ལྔ་ལས་ལྷག་པས་སོ། །དེ་ལ་རྒྱལ་པོའི་ཞེས་བྱ་བ་ནི་རྒྱལ་པོ་ཉིད་དམ། བུད་མེད་ལས་རྒྱལ་ཐབས་ཀྱི་དབང་བསྐུར་བའམ་རྒྱལ་པོ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་
ནས་དབང་བསྐུར་བ་འམ། ཡང་ན་རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུའི་རིགས་སམ། དམངས་རིགས་ཀྱང་རུང་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་ལ་བྱའོ། །བློན་པོ་ཞེས་བྱ་བ་ནི་རྒྱལ་པོ་ལ་གློ་བ་ཉེ་ཞིང་བཀའ་གྲོས་ཀྱིས་འཚོ་བ་དང་། དབང་པོ་ཆེན་པོ་ཆབ་སྲིད་
เล่ม ๑๕๕ · หน้า 31b
འཛིན་པ་དང་། གང་དེ་ལ་གནས་ཤིང་འཚོ་བར་སེམས་པའོ། །བཟུང་ནས་ཞེས་བྱ་བ་ནི་རྒྱལ་པོ་དད་པ་དང་མ་དད་པ་སྟེ། རྒྱལ་པོ་མ་དད་པས་ནི་བཅིང་བ་དང་། སྤྱུག་པ་དང་། སྲོག་དང་དབྲལ་བའི་ཆད་པས་གཅོད་པའོ། །དད་པས་ནི་ཀྱེ་མི་ཁྱོད་རྐུན་མའོ་ཞེས་ཚིག་གིས་སྤྱོ་
བའོ། །དེ་ལ་གསོད་ཅེས་བྱ་བ་ནི་སྲོག་དང་འབྲལ་བའོ། །འཆིང་ཞེས་བྱ་བ་ནི་བཅིངས་པ་རྣམ་པ་གསུམ་སྟེ། ལྕགས་སྒྲོག་དང་། ཤིང་སྒྲོག་དང་། གྲེས་ཐག་གིས་བཅིང་བའོ། །སྤྱུག་ཅེས་བྱ་བ་ནི་ཡུལ་ས་དང་འབྲེལ་པའོ། །ཀྱེ་མི་ཁྱོད་ནི་རྐུན་མའོ་ཞེས་བྱ་བ་ནི་རྐུ་བས་ན་གླེང་གཞི་དང་
བཅས་ཏེ་རྐུན་མའོ་ཞེས་སྤྱོ་བའོ། །བྱིས་པ་ཞེས་བྱ་བ་ནི་ཉེས་པའི་ལས་བྱེད་ཅིང་ཚེ་འདི་ལ་ཉེས་པ་མ་མཐོང་བས་ན་བྱིས་པའོ། །བླུན་པོ་ཞེས་བྱ་བ་ནི་ཚེ་ཕྱི་མའི་ཉེས་པ་མ་མཉེས་པ་ན་བླུན་པའོ། །རྐུ་བ་ཞེས་བྱ་བ་ནི་གཤེ་བ་དང་བཅས་པའི་ཚིག་གོ། །འདི་སྐད་ཅེས་ཀྱང་ཟེར་རོ་ཞེས་བྱ་བ་ནི་
སྨྲ་བའོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། གང་བསྙེན་པར་རྫོགས་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གང་གསོལ་བ་དང་བཞིའི་ལས་ཀྱིས་བྱ་བ་བྱས་པ་ཡང་དག་པར་
རྫོགས་པ་སྟེ། གང་ཟག་དེས་ཀྱང་ཁས་བླངས་ཤིང་མི་སྨོད་མི་སྤོང་བའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ལྟུང་བའི་ཐ་མ་ཐ་ཤལ་ངན་པ་མི་བཅའ་བའི་ཉེས་པ་ཅན་གང་དང་ཡང་མི་མཚུངས་ཏེ། ལྟུང་བ་དེ་བྱུང་མ་ཐག་ཏུ་དེ་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན། ཤཱཀྱའི་སྲས་མ་ཡིན་ཏེ། དགེ་
སློང་གི་དངོས་པོ་དང་བྲལ་བ་འཁྱམས་པ་བཤིག་པ། ཕས་ཕམ་པ་སྟེ་དགེ་སྦྱོང་དུ་བསླང་དུ་མི་རུང་བའོ། །དཔེར་ན་ཤིང་ཏ་ལ་མགོ་བཅད་ན་སྔོན་པོར་མི་འགྱུར་མི་སྐྱེ་མི་འཕེལ་རྒྱས་པར་མི་རུང་བ་བཞིན་དུ་དགེ་སློང་ལྟུང་བ་དེ་བྱུང་ན་དགེ་སྦྱོང་དུ་བསླང་དུ་མི་རུང་སྟེ། ཕས་ཕམ་པར་
འགྱུར་རོ་ཞེས་བཤད་དོ། །གནས་པར་མི་བྱ་ཞེས་བྱ་བ་ནི་གསོ་སྦྱོང་བྱ་བའམ། ཚུལ་ནས་འབྱུང་བའམ། གསོལ་བ་དང་གཉིས་སམ། གསོལ་བ་དང་བཞིའི་ལས་ལ་མི་གནས་པ་སྟེ་གང་ཟག་བཅུ་གཉིས་ཀྱི་ལས་བསྐོ་བ་ཡང་མི་ཆུད་པའོ། །དེས་ན་གནས་པར་མི་
เล่ม ๑๕๕ · หน้า 32a
བྱའོ་ཞེས་གསུངས་པས་སོ། །གཞན་ཡང་མ་བྱིན་པར་ལེན་པའི་སྒོ་ནས་བསླབ་པའི་གནས་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་གདོལ་བ་དང་། ཆར་ལྡན་ཞེས་བྱ་བ་ཤིན་ཏུ་མཛའ་
བ་གཉིས་ཤིག་ལྷན་ཅིག་འཁོད་དེ། གདོལ་བ་ནི་བསོད་ནམས་ཆེ་བས་ཆོས་གོས་དང་ཡོ་བྱད་རྣམས་སུ་ཡང་ལྡན་ནོ། །ཆར་ལྡན་ནི་ཆོས་གོས་ལ་སོགས་པ་ཡང་མེད་དོ། །སྦྱར་མ་ཞིགས་པ་ཞིག་གྱོན་ནས་དགེ་སློང་དག་གིས་ཁྱོད་འདོད་པ་ཆུང་ངུ་ཟིན་གྱིས་ཀྱང་རང་གི་ལུས་སྒྲེན་མོར་སྟོན་པ་
མི་རིགས་ཀྱི་གོས་གྱོན་ཅིག་ཅེས་བསྒོ་བ་དང་། དེ་ན་རེ་ཆོས་གོས་མ་རྙེད་དོ། །འོ་ན་ཁྱོད་ཀྱི་མཛའ་བོ་གདོལ་བ་ལ་ཆོས་གོས་ལྷག་པ་དག་ཡོད་ན་ཅི་ཉེས་དེས་མི་སྟེར་བ་སྙམ་ན་སྟེར་གྱི་སློངས་ཤིག །ཅེས་བསྒོ་བ་དང་དེ་ཡང་གདོལ་བའི་གནས་ཁང་དུ་སོང་སྟེ་ཆོས་གོས་རན་མ་ནི་བླང་ངོ་སྙམ་
ནས་ཆོས་གོས་སད་ཅིང་འདུག་པ་དང་གདོལ་བས་མཐོང་ངོ་། །ཁྱོད་ཀྱིས་ནི་ཆོས་གོས་རྐུ་སེམས་ཀྱིས་བླངས་པ་ན་ཕས་ཕམ་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ཡང་ཐེ་ཚོམ་སྐྱེས་ནས་དེས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཀའ་སྩལ་པ། སད་པར་བསམས་པས་ལྟུང་བ་མེད་དེ་ཕྱིན་ཆད་
དགེ་སློང་གིས་ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་བརྟན་པ་མ་སྐྱེད་ཅིག །བསྐྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །མཛའ་བོ་རྣམ་གསུམ་ལ་ཆུང་ངུ་ན་མཛའ་བ་ལ་ཆུང་ངུ་ཡིད་བརྟན་པར་བྱ་སྟེ། འབྲིང་པོ་དང་ཆེར་མཛའ་བ་ལ་ཡང་དེ་བཞིན་ནོ། །གླེང་གཞི་ནི་མཉན་དུ་ཡོད་
པ་ན་སྟེ། དགེ་སློང་མི་ཕམ་པ་དང་ཟླ་བས་སྦེད་ཅེས་བྱ་བ་ཤིན་ཏུ་མཛའ་བ་གཉིས་ཤིག་འཁོད་དེ། ཟླ་བ་སྦེད་ནི་ཆོས་གོས་དང་། ལྷུང་བཟེད་དང་། ཡོ་བྱད་རྣམས་སུ་ཡང་ལྡན་ན། མི་ཕམ་པ་ནི་ཆོས་གོས་དག་དང་མི་ལྡན་ཏེ། སྦྱར་མ་དག་ཀྱང་ངན་ནས་དགེ་སློང་དག་གིས་ཟླ་བ་
སྦེད་པ་ལ་དགེ་སློང་སློངས་ཤིག་ཅེས་བསྒོ་ནས། མི་ཕམ་གྱིས་ཟླ་བ་སྦེད་ལ་ལྷུང་བཟེད་བླངས་པས་མ་སྟེར་ཏོ། །འོ་ན་ཆོས་གོས་སློང་ཞེས་བྱས་པ་དང་། ཚར་ཚར་ཡང་མི་སྦྱིན་ན་ཆོས་གོས་ལྟ་ཅི་སྨོས་སོ། །མི་ཕམ་གྱིས་བསམས་པ་ཆོས་གོས་ཤིག་རྐུའོ་སྙམ་ནས་སྐབས་ཚོལ་
เล่ม ๑๕๕ · หน้า 32b
ཞིང་འདུག་པ་དང་། ཟླ་བ་སྦེད་ཁ་དོག་བསྒྱུར་བའི་ལས་བྱེད་པའི་ཚེ་མི་ཕམ་ན་རེ་ཁ་དོག་བསྒྱུར་བའི་གྲོགས་བྱའོ་ཞེས་སྨྲས་པ་དང་། དེས་ནི་ཤིན་ཏུ་རྐུ་བར་བཤམས་སོ་སྙམ་དུ་ཚོར་ནས་དེའི་ནུབ་མོ་མི་ཕམ་པ་ཉལ་བའི་སྔས་ནས་ཆོས་གོས་བླངས་ཏེ་བདག་གི་སྔས་སུ་བཅུག་སྟེ་ཉལ་བ་
དང་ཐོ་རངས་མི་ཕམ་གྱིས་ཟླ་བ་སྦེད་ཀྱི་སྔས་ནས་ཆོས་གོས་བརྐུས་ཏེ་བྲོས་པ་དང་། ནམ་ལངས་ནས་བལྟས་པ་ན་བདག་གི་ཆོས་གོས་ཡིན་པར་གྱུར་ནས་ཕས་ཕམ་པའི་ལྟུང་བ་མ་བྱུང་གྲང་སྙམ་དུ་ཐེ་ཚོམ་སྐྱེས་ནས་སྙན་དུ་གསོལ་པ་དང་། བཀའ་སྩལ་པ་རང་གི་ཡོ་བྱད་རྐུ་སེམས་ཀྱིས་བླངས་
ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཡང་དེའི་ཚེ་དགེ་སློང་མ་ལྷོ་ཕྱོགས་ནས་འོངས་པ་དང་། ཤར་ཕྱོགས་ནས་འོངས་པ་གཉིས་ཆོས་ཉན་དུ་དོང་བ་ལས་ལྷོ་ཕྱོགས་མའི་ཆོས་གོས་ལྷུང་བ་དང་། ཤར་ཕྱོགས་མས་ཤར་ཕྱོགས་ཀྱི་སྐད་དུ། ཨ་བ་སད་
ད་ཞེས་བྱས་ན། མོས་མ་ཤེས་ནས། ཆོས་གོས་བསྡུས་ཏེ་རང་གི་གནས་ཁང་དུ་བཞག་གོ། །སླད་ཀྱི་དགེ་སློང་མ་རྨེད་དུ་འོངས་ནས་བྱིན་པ་དང་། ཁྱོད་ཀྱིས་བརྐུས་པས་ཕས་ཕམ་པར་འགྱུར་རོ་ཞེས་བྱས་པ་དང་། དེ་ཡང་ཐེ་ཚོམ་སྐྱེས་ནས་སྙན་དུ་གསོལ་པ་དང་། བཀའ་སྩལ་པ། ཨ་བ་
སད་ད་ཞེས་བྱ་བས་ཉེས་པ་མེད་དེ། ཕྱིན་ཆད་ཡུན་རིང་དུ་བཞག་ན་འདས་པ་དང་བཅས་པར་འགྱུར་རོ། །ཞེས་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཁྱིམ་བདག་མགོན་མེད་ལ་ཁྱོད་ཀྱི་བུ་རྣམས་སངས་རྒྱས་ཀྱི་
བཀའ་བསླབ་ཏུ་ཛེ་ཏའི་གཙུག་ལག་ཁང་དུ་ཁྱེ་ཤིག །ཁྱིམ་བདག་གི་བུ་རྣམས་ཀྱང་ཛེ་ཏའི་ཚལ་དུ་དོང་དོང་བ་ལས། སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་གྱིས་བྱིས་པ་རྣམས་ལ་ལམ་དུ་བརྐུས་སོ། །མཽད་གལ་གྱི་བུས་བསམས་པ་བྱིས་པ་རྣམས་ལ་མ་བསམས་ན་བྱིས་པ་ཡང་ཕ་མ་
དང་བྲལ་བས་སྡུག་བསྔལ། ཕ་མ་ཡང་བུ་དང་བྲལ་བས་སྡུག་བསྔལ། མ་དད་པ་རྣམས་ཀྱང་སྐབས་རྙེད། དད་པ་རྣམས་ཀྱང་གཞན་དུ་གྱུར་ཏེ་ཕྱིན་ཆད་ཛེ་ཏའི་ཚལ་དུ་སུ་ཡང་འོང་བར་མི་འགྱུར་སྙམ་ནས་རྫུ་འཕྲུལ་གྱིས་རྔ་བརྡུངས་ཏེ་ཕྱོགས་བཞི་ནས་བསྐོར་བ་དང་བྱིས་པ་རྣམས་
เล่ม ๑๕๕ · หน้า 33a
སྐྱེའོ། །དེ་ལྟར་གྱུར་པ་དྲུག་སྡེ་རྣམས་ཀྱིས་མཽད་གལ་གྱི་བུ་ལ་ལྟུང་བ་བྱུང་སྟེ་བསྐྲད་པའི་ལས་བྱའོ་ཞེས་གཎྜཱི་བརྡུངས་པ་དང་། སྙན་དུ་བདས་སོ། །བཀའ་སྩལ་པ། མཽད་གལ་གྱི་བུས་བསམས་པ་འདི་ལྟ་བུ་བྱས་པས་ཉེས་པ་མེད་དོ། །གླེང་གཞི་ནི་བཅོམ་
ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་བཞུགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་དག་གི་ཞབས་ལ་རྟག་ཏུ་ཕྱག་འཚལ་དུ་འགྲོའོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་ཆོས་བཤད་གཟེངས་བསྟོད་རབ་ཏུ་དགའ་
བར་བྱས་སོ། །དེ་ནས་རྒྱལ་པོ་ཚེ་དང་ལྡན་པ་སྲུང་བའི་བུའི་གན་དུ་སོང་ནས་འཕགས་པ་ལག་དར་ཏེ་ཁང་པ་རྩིག་པ་ནི་འོ་བརྒྱལ་བདག་གིས་གཡོག་ལྔ་བརྒྱ་གསོལ་ལོ་ཞེས་སྨྲས་པ་དང་། སྲུང་བའི་དབང་པོའི་བུས་རྒྱལ་པོ་ཆེན་པོ་བསྙུན་མི་མངའ་བར་གྱུར་ཅིག་ཅེས་བྱས་ནས་དགེ་འདུན་
གྱི་དོན་དུ་བླངས་སོ། །དེ་ནས་དུས་གཞན་ཞིག་ན་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་གྱིས་དགེ་སློང་གི་བྲན་རྣམས་ཀྱི་ཁྱིམ་བརྐུས་སོ། །ཚེ་དང་ལྡན་པ་སྲུང་བའི་བུས་རྫུ་འཕྲུལ་མངོན་པར་བྱས་ནས་གྲོང་ཁྱེར་ཀུན་ལྕགས་ཀྱི་རིས་བསྐོར་ཏོ། །གཡོན་ཅན་དག་གིས་བསམས་པ་མཐུ་བོ་ཆེ་
འགའ་ཞིག་གིས་ཀྱལ་ཀ་བྱས་ཡང་དག་སྙམ་ནས་རྫས་ཀུན་བོར་ཏེ་བྲོས་སོ། །དྲུག་སྡེས་དེ་བྱས་པས་ལྟུང་བ་བྱུང་ངོ་ཞེས་བསྐྲད་པའི་ལས་བྱས་པ་དང་། སྙན་དུ་བདས་ཏེ་བཀའ་སྩལ་པ། གལ་ཏེ་བདག་གིས་གཡོག་པོ་རྣམས་ལ་མ་བསམས་ན་གཡོག་པོ་ཡང་ནོར་དང་བྲལ་བས་
སྡུག་བསྔལ་ཆེ། མ་དད་པ་ནི་སྐབས་རྙེད་དད་པ་ནི་གཞན་དུ་གྱུར། གཞན་གྱིས་བྱིན་པ་ལ་མ་བསྲུངས་ན་ཕྱིན་ཆད་ཀྱང་ཤཱཀྱའི་སྲས་དགེ་སྦྱོང་རྣམས་ལ་སུ་ཡང་སྦྱིན་པར་བསམས་པ་མེད་པས་ན་རྫུ་འཕྲུལ་མངོན་པར་བགྱིས་མད་དོ་ཞེས་གསོལ་བ་དང་། དེ་ལྟ་བུར་བསམས་པས་ཉེས་
པ་མེད་དོ་ཞེས་བཀའ་སྩལ་ཏོ། །ཉེས་པ་ཇི་ལྟ་བུ་ཞེ་ན་དགེ་སློང་གིས་ཤོ་གམ་དང་གྲུ་བཙས་མ་བྱིན་པར་འདས་ན་ཕམ་པར་འགྱུར་རོ། །དཀོན་མཆོག་གསུམ་དང་ཕ་མའི་ཕྱིར་ཡང་ཆོས་བཤད་དེ་སྟེར་ན་སོང་ཤིག །མ་སྟེར་དང་ཤོ་གམ་སྦྱིན་པར་བྱའོ། །དགེ་སློང་གིས་
เล่ม ๑๕๕ · หน้า 33b
མིའི་ནོར་ཡོ་བྱད་དམ་པ་བདག་གིས་རྐུས་སམ་གཞན་རྐུར་བཅུག་གམ། ཕོ་ཉ་ལས་རྐུར་བཅུག་ཀྱང་རུང་སྟེ། མིའི་ཡོ་བྱད་ནོར་བུ་དང་དཔུང་རྒྱན་དང་། གདུ་བུ་དང་སེ་མོ་དོ་དང་། དོ་ཤལ་དང་། མུ་ཏིག་དང་། གསེར་དངུལ་ལ་སོགས་པ་བཞག་པ་ལ་བརྐུ་བར་སྦྱོར་ཞིང་
ཁྲི་ལས་ལངས་ཏེ་ཤམ་ཐབས་བགོས་ནས་སོང་ན་མ་རེག་གི་བར་དུ་ན་ཉེས་བྱས་སོ། །རེག་ན་ནི་སྦོམ་པོར་འགྱུར་རོ། །གནས་ནས་སྦགས་ཏེ་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །སྔགས་སམ་སྨན་གྱིས་གཞན་གྱི་ཡོ་བྱད་བླངས་ནས་ཕས་ཕམ་པར་འགྱུར་རོ། །བདག་པོ་མེད་པའི་བརྐུ་ན་ཉེས་
པ་སྦོམ་པོར་འགྱུར་རོ། །གྲུ་བརྐུ་ན་ལྟར་སྣང་གི་བར་དུ་ནི་ཉེས་བྱས་སྦོམ་པོར་འགྱུར་རོ། །མི་སྣང་ན་ནི་ཕས་ཕམ་པར་འགྱུར་རོ། །དངོས་པོ་གསུམ་སྟེ། ཞིང་གི་དངོས་པོ་དང་། ཁྱིམ་པའི་དངོས་པོ་དང་། ཚོང་དུས་ཀྱི་དངོས་པོ་སྟེ། དེ་ལ་རྐུ་བས་སྦྱོར་ན་ཤགས་ཁར་འདོར་བ་
དང་། མཐའ་ར་བས་བསྐོར་བའོ། །དེ་ལ་ཤགས་ཁར་འདོར་བ་ནི་ཡུལ་དཔོན་ནམ། ཞལ་ཅེ་གྲ་འམ། རྒྱལ་པོ་ལ་ཤགས་སུ་བགྱི་སྟེ་མི་དབང་བ་ལ་དགེ་སློང་ནམ་རྒྱལ་བ་ན་ཕས་ཕམ་པར་འགྱུར་རོ། །བསྐོར་བ་ནི་ཞིང་སྣ་ཕྲད་པའམ་མཐའ་རིབ་མས་བསྐོར་བའོ། །དགེ་
སློང་གིས་སྲོག་ཆགས་རྐང་གཉིས་དང་། རྐང་བཞི་དང་། རྐང་མངས་དང་། རྐང་མེད་བརྐུས་ཏེ་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །རྐང་བཞི་ནི་རྟ་ལ་སོགས་པ་ཕྱུགས་རྣམས་ཏེ། ནམ་ཁྱུ་ནས་བཀར་ཏེ་བདག་གི་དབང་དུ་གྱུར་པ་ན་ཕས་ཕམ་པར་འགྱུར་རོ། །རྐང་
གཉིས་ནི་མི་དང་བྱ་སྟེ། མི་བརྐུ་བ་ནི་རྣམ་པ་གསུམ་སྟེ། དུས་མལ་དང་། བརྡ་དང་། མཚན་མའོ། །ནམ་རྣམ་པ་གསུམ་པོས་གོ་སྟེ་བདག་གི་དབང་དུ་གྱུར་པ་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་རིན་ཐང་མེད་པའི་དངོས་པོ་བརྐུས་ན་ཕས་ཕམ་པར་འགྱུར་རོ། །
རིན་ཐང་ཆེ་ཆེས་ཏེ་ཐང་མེད་པའོ། །རིན་ཐང་ཆུང་ངུ་བརྐུས་པ་དང་བསྙེན་པར་རྫོགས་ན་བརྐུས་པར་བཤམས་ལ། མ་རྫོགས་པ་ན་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་མ་བྱིན་པར་བླངས་ཏེ་མཚན་གྱུར་ན་ཕས་ཕམ་པར་འགྱུར་རོ། །རྐུ་བ་ལ་རྣམ་པ་དྲུག་སྟེ། སྒྱུས་རྐུ་བ་དང་།
เล่ม ๑๕๕ · หน้า 34a
མཐུས་རྐུ་བ་དང་། བསྐྱིས་པ་ལས་བརྣོགས་ཏེ་རྐུ་བ་དང་། གཏམས་པ་ལས་བརྣོགས་ཏེ་རྐུ་བ་དང་། སྒྱོང་ཞིང་རྐུ་བ་དང་། ཆོས་རྐུ་བའོ། །རྐུ་བ་དྲུག་པོ་ལ་ཆོས་རྐུ་བ་མ་གཏོགས་པར་ལྷག་མ་རྣམས་ནི་ཕས་ཕམ་པར་འགྱུར་རོ། །ནོར་གྱི་
དངོས་པོ་གཅིག་ལ་མི་མང་དུ་རྐུ་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སོ་སོར་དགོས་པ་ལ་རེ་རེ་ཡང་མ་ཤ་ཀ་ལྔ་ལྔའི་ཐང་དུ་ཐོབ་ན་ཕས་ཕམ་པར་འགྱུར་རོ། །མ་ཤ་ཀ་ལྔས་ཕམ་པར་འགྱུར་རོ་ཞེས་བྱ་བ་ལ་མ་ཤ་ཀ་གསུམ་གྱིས་ཀྱང་ཕམ་པར་འགྱུར་བ་ཡོད་དོ། །མ་ཤ་ཀ་ལྔ་
བརྐུས་ཀྱང་ཕམ་པར་མི་འགྱུར་བ་ཡང་ཡོད་དེ། རེ་རེ་འམ་གཉིས་གཉིས་སམ་གསུམ་གསུམ་དུ་བརྐུས་ཀྱི་ལྔར་མ་ཚང་ནའོ། །ཇི་ལྟར་འཛམ་བུའི་གླིང་དུ་མ་ཤ་ཀ་ལྔས་ཕམ་པར་འགྱུར་བ་བཞིན་དུ། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་སུ་ཡང་དེ་བཞིན་ནོ། །བྱང་གི་སྒྲ་མི་སྙན་དུ་
མ་བྱིན་པར་ལེན་པ་མེད་དོ། །དེ་དེ་རྐུ་བར་སེམས་བསྐྱེད་ན་སྦོམ་པོར་འགྱུར་རོ། །གཞན་ལ་བྱིན་པའི་ཕྱིར་རྐུ་བ་དང་། མི་མ་ཡིན་པའི་ནོར་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །མཆོད་རྟེན་གྱི་ཉེ་འཁོར་གྱི་རྒྱན་སྲུང་མ་མེད་པར་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་གཤེགས་
པའི་རིང་བསྲེལ་དང་གླེགས་བམ་བརྐུས་ཏེ་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །ཕྱོགས་བཞིའི་དགེ་འདུན་གྱི་ནོར་བརྐུས་པ་དང་། གང་ཟག་མང་པོ་རྣམས་ཀྱི་ནོར་བརྐུས་པ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལས་སོ་སོར་སྐལ་བ་མ་ཤ་ཀ་ལྔ་བྱུང་བ་བརྐུས་ན་ཕས་
ཕམ་པར་འགྱུར་རོ། །སྔར་བསྔོས་པ་ལས་ཕྱིས་བརྐུས་ན་ཕས་ཕམ་པར་འགྱུར་རོ། །ཡོ་བྱད་ཆེན་པོ་བརྐུས་ཀྱང་ཕས་ཕམ་པར་མི་འགྱུར་བ་ཡོད་དོ། །གནས་ཁང་དུ་བཞག་པའི་ས་གཞི་དང་མ་བྲལ་བར་བརྐུས་པའོ། །རྙེད་པ་མི་དབང་བ་ལ་དབང་ངོ་ཞེས་སྨྲས་ན་ཤེས་
བཞིན་དུ་བརྫུན་ཟེར་བས་ལྟུང་བར་འགྱུར་རོ། །རྐུ་སེམས་ཡོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དངོས་པོ་གྲུབ་ན་ཕས་ཕམ་པར་འགྱུར་རོ། །ཉེས་པ་གཞན་ནི་འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་བཞིན་དུ་གར་རིགས་སུ་སྦྱར། དགེ་སློང་ནོར་ཅན་གྱིས་བསམས་པ་
เล่ม ๑๕๕ · หน้า 34b
ལས་དང་པོ་པ་ལ་ཉེས་པ་མེད་དོ་ཞེས་གསུངས་ན། བདག་གིས་བསླབ་པ་མ་བཅས་པ་ལ། ཤིང་མང་པོ་ཞིག་མ་བྱིན་པར་བླངས་ན། ལས་དང་པོ་པ་གང་ལ་བྱ་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསླབ་པ་མ་བཅས་པ་
ན་དགེ་སློང་ནོར་ཅན་གྱིས་མ་བྱིན་པ་བླངས་པ་ཐམས་ཅད་ཀྱང་མ་བྱིན་པར་བླངས་པ་མ་ཡིན་ཏེ། ལས་དང་པོ་པ་ལ་ཉེས་པ་མེད་དོ། །མ་བྱིན་པར་ལེན་པའི་གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་ཟག་ནི་དགེ་སློང་ནོར་ཅན་ནོ། །དངོས་པོ་ནི་མ་བྱིན་པར་ལེན་པའོ། །ཉོན་མོངས་པ་ནི་
འདོད་ཆགས་སོ། །མཚན་མ་ནི་ཕས་ཕམ་པའོ། །ཡན་ལག་ནི་རྣམ་པ་བདུན་ཏེ། རྐུ་སེམས་ཉེ་བར་གནས་པ་དང་། དངོས་པོ་མིའི་ནོར་ཡིན་པ་དང་། མིའི་ནོར་ཡིན་པར་ཡང་འདུ་ཤེས་པ་དང་། གནས་ནས་གནས་སུ་འཕགས་པ་དང་། སྦྱོར་བ་གཅིག་པ་དང་། རང་གི་
མ་ཡིན་པ་དང་། རིན་ཐང་ཚང་བའོ། །ཕས་ཕམ་པར་འགྱུར་བ་གཉིས་པ་མི་བརྗེད་པའི་ཚིག་གོ། །།མི་གསོད་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་བྲི་ཛིའི་ལྗོངས་ན། ཆུ་བོ་དགའ་སྐྱེད་ཅན་གྱི་འགྲམ་ན་ཐང་ཞིག་གི་ནགས་སྟུག་པོ་ན་བཞུགས་སོ། །
དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་དགེ་སློང་གི་དགེ་འདུན་རྣམས་ལ་མི་གཙང་བའི་ཆོས་བཤད་དེ། དགེ་སློང་དག་གིས་མི་གཙང་བ་ལ་བསྒོམས། ནན་ཏན་དུ་བགྱིས་པས་ན་ལུས་རྣག་ཅན་འདིས་ཡིད་བྱུང་། ངོ་ཚ། སྒྱིད་ལུག་སྟེ་རྣམ་པར་སྨོད་ནས། རང་གི་ལུས་ལ་མཚོན་གྱིས་ཀྱང་འདེབས། ཁ་ཅིག་དུག་
ཟ་ཞིང་སྲིན་བུས་ཀྱང་འགེག །གཡང་དུ་ཡང་མཆོང་། གཅིག་གིས་གཅིག་ལ་ཡང་གསོད་པའི་སྟེང་དུ་མུ་སྟེགས་ཅན་གྱི་དགེ་སྦྱོང་རི་དགས་དབྱུག་པ་ཅན་དགེ་སྦྱོང་རི་དགས་སྲུང་བ་ག་ལ་བ་དེར་སོང་ནས། ཀྱེ་བཞིན་བཟངས་དག་ཚུར་ཤོག་ཁྱོད་ཀྱིས་ངའི་སྲོག་ཆོད་ཅིག་དང་། ཆོས་
གོས་དང་ལྷུང་བཟེད་ཀྱང་ཁྱོད་ཀྱིར་འགྱུར་རོ་ཞེས་གཞན་ལ་ཡང་སྲོག་གཅོད་དུ་འཆོལ་བས་ན་རི་དགས་དབྱུག་པ་ཅན་དེས་ཀྱང་དགེ་སློང་དེ་བསད་ནས་རལ་གྲི་ཁྲག་ཅན་མཆན་དུ་བཅུག་ནས་ཆུ་བོ་དགའ་སྐྱེད་ཅན་གྱི་འགྲམ་དུ་ཁྱེར་ཏེ་ཁྲག་ཏུ་འཁྲུ་ཞིང་འདུག་པ་དང་།
เล่ม ๑๕๕ · หน้า 35a
དེ་ན་བདུད་ཀྱི་རིས་ཀྱི་ལྷ་ཞིག་ནམ་མཁའ་ལས་རི་དགས་དབྱུག་པ་ཅན་དགེ་སྦྱོང་སྲུང་བ་ལ་འདི་སྐད་སྨྲས་ཏེ། ལེགས་སོ་བཞིན་བཟངས་ཁྱོད་ཀྱིས་བསོད་ནམས་མང་དུ་སྤེལ་ཏོ། །ཁྱོད་ཀྱིས་ཡོན་ཏན་ཅན་གྱི་དགེ་སྦྱོང་མ་བསྒྲལ་བ་ནི་བསྒྲལ་མ་གྲོལ་བ་
ནི་དགྲོལ། དབྱུགས་མ་ཕྱུང་བ་ནི་དབུགས་ཕྱུང་། ཀུན་ཡོངས་སུ་མྱ་ངན་ལས་འདས་པའི་སྟེང་དུ་ལྷག་པར་དེ་དག་གི་ལྷུང་བཟེད་དང་ཆོས་གོས་ཀྱང་ཁྱོད་ཀྱིར་འགྱུར་རོ་ཞེས་སྨྲས་པ་ཐོས་ནས། དེ་ཡང་ཕྱིས་ཕྱིར་སྡིག་པ་ལ་བལྟ་བར་འགྱུར་བ་རབ་ཏུ་ཐོབ་སྟེ། བདག་གིས་བདེ་
མོར་བསོད་ནམས་མང་དུ་བསྐྱེད་དོ། །མྱ་ངན་ལས་མ་འདས་པ་ཀུན་ཀྱང་མྱ་ངན་ལས་འདས་ཀྱི་སྟེང་དུ་ཆོས་གོས་ལ་སོགས་པ་ཀུན་ཀྱང་བདག་གི་ཡིན་སྙམ་ནས་ཡང་རལ་གྲི་མཆན་དུ་བཅུག་ནས་ཀུན་དགའི་ར་བ་ནས་ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ་ཁང་
ཕྲན་ནས་ཁང་ཕྲན་དུ། འཆག་ས་ནས་འཆག་སར་བྱུང་སྟེ། དེས་དགེ་སློང་ཕྲད་དོ་ཅོག་ལ་མ་བསྒྲལ་བ་བསྒྲལ་ལོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱས་ནས་དགེ་སློང་ཅིག་ལུས་མི་གཙང་བས་སྐྱོ་སྟེ་བསྒོམ་ཞིང་འདུག་པ་ལངས་ནས་ཁང་
བུ་ནས་བྱུང་སྟེ་དགེ་སློང་སྲུང་བ་ལ་བཞིན་བཟངས་བདག་མ་བསྒྲལ་གྱིས་སྒྲོལ། མ་ཁྲོལ་གྱིས་ཁྲོལ་ཅིག་ཅེས་བྱས་ནས་དེས་སྲོག་གཅོད་དོ། །དེ་བཞིན་དུ་གཉིས་ནས་གསུམ་ནས་དྲུག་ཅུའི་བར་དུ་སྲོག་བཅད་དོ། །དེའི་ཚེ་བཅོམ་ལྡན་འདས་བཅོ་ལྔའི་གསོ་སྦྱོང་གི་ཚེ་ཉན་ཐོས་
ཀྱི་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ལ་བཞུགས་སོ། །འཁོར་དགེ་སློང་རྣམས་ལ་གླང་པོ་ཆེའི་ལྟ་བའི་ཚུལ་གྱིས་གཟིགས་ན། ཉན་ཐོས་ཀྱི་འཁོར་རྣམས་སྔོན་པས་རབ་ཏུ་ཉུང་བ་དང་འགྲིབ་ཅིང་བསྲབས་པར་གྱུར་པ་གཟིགས་སོ། །བཀའ་སྩལ་པ།
ཀུན་དགའ་བོ་རྒྱུ་གང་རྐྱེན་གང་གིས་དགེ་སློང་ཉུང་བར་གྱུར། བཙུན་པ་དུས་གཅིག་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མི་གཙང་བ་བཤད་དེ། མི་གཙང་བ་ལ་བསྒོམ་པ་ནན་ཏན་བྱ་ཞིང་བསྙེན་ན་འབྲས་བུ་ཆེ་ཞིང་ཡོན་ཏན་ཆེན་པོར་འགྱུར་རོ་ཞེས་བཤད་པས་ན།
เล่ม ๑๕๕ · หน้า 35b
དགེ་སློང་རྣམས་ཀྱིས་མི་གཙང་བ་ལ་ནན་ཏན་དུ་བྱས་པས་ལུས་རྣག་ཅན་འདི་ཉིད་ཀྱིས་ཡིད་བྱུང་ཞིང་སྒྱིད་ལུག་ནས་དགེ་སློང་དག་རང་གིས་རང་ལ་འགུམས་ཤིང་རི་དགས་དབྱུག་པ་ཅན་ལ་གསོད་དུ་བཅོལ་བས་ཉུང་བར་གྱུར་ཏོ་ཞེས་གསོལ་པ་དང་། བཀའ་སྩལ་པ། ཀུན་
དགའ་བོ་ཅི་དགེ་སློང་གིས་ཀྱང་དགེ་སློང་གསོད་དམ། བཙུན་པ་འགུམས་སོ་ཞེས་གསོལ་པ་དང་། དེ་ལྟར་ན་དགེ་སྦྱོང་གི་བྱ་བ་མ་ཡིན། མཐུན་པ་མ་ཡིན་ཚུལ་མ་ཡིན་ཏེ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མའི་སྒོ་ནས་སྨད་དོ། །
དེ་བས་ན་དགེ་སློང་དག་ཉེས་པ་དེ་དང་གླེང་གཞི་དེ་དག་དེ་ལྟར་གྱུར་པ་དེའི་ཕྱིར་ལེགས་པ་རྣམ་པ་བཅུ་ལ་གཟིགས་ནས། འདུལ་བ་ལ་བསླབ་པའི་གནས་བཅས་ཏེ། ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་རྩ་བའི་ཚིག་རྣམས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་
སློང་གི་དངོས་པོ་ཡོད་པ་སྟེ། གང་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྙེན་པར་རྫོགས་པ་ལ་བྱའོ། །མི་འམ་ཞེས་བྱ་བ་ནི་དབང་པོ་དྲུག་དང་ལྡན་པ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་སྟེ་དབང་པོ་དྲུག་དང་ལྡན་པ་ལ་མི་ཞེས་བྱའོ། །
མིར་ཆགས་ཞེས་བྱ་བ་ནི་གང་མའི་མངལ་དུ་དབང་པོ་གསུམ་ཐོབ་པར་གྱུར་པ་སྟེ། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཚོར་བའི་དབང་པོ་ལ་བྱའོ། །ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་སེམས་ཀྱིས་དཔྱད་ཅིང་བརྟགས་པའོ། །ལག་དར་ཞེས་བྱ་བ་ནི་བདག་རང་གི་ལག་གིས་
བསྣུན་ཅིང་བརྒྱབ་པའོ། །སྲོག་བཅད་ཅེས་བྱ་བ་ནི་དེ་སྲོག་དང་བྲལ་བའོ། །མཚོན་འབྱིན་ཏམ་ཞེས་བྱ་བ་ནི་རལ་གྲི་འམ་ཆུ་གྲི་འམ་སྤུ་གྲི་ལ་བྱ་སྟེ། སྔོན་དགེ་སློང་གཉིས་ཤིག་འཁོད་པ་ལས་དགེ་སློང་གཅིག་བདག་རང་འཆིའོ་སྙམ་ནས་དགེ་སློང་གྲོགས་པོ་ལ་གྲི་བརྙས་ཏེ་
རང་གི་གནས་ཁང་དུ་ཞུགས་ཏེ་སྒོ་བཅད་ནས་གནས་ཁང་དུ་སྐྱིལ་མོ་ཀྲུང་དུ་ཙོག་ཙོག་པོར་འདུག་ནས་རང་གི་སྲོལ་སྒོ་གྲིས་བཅད་དེ་གྲི་ཐོགས་བཞིན་དུ་དུས་ལས་འདས་སོ། །དེ་བས་ན་མཚོན་མ་བྱིན་ཅིག་པའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་གང་ལ་
เล่ม ๑๕๕ · หน้า 36a
གཉེར་ཞེ་ན། སྐྱེས་པ་དང་བུད་མེད་དང་མ་ནིང་རྣམས་ལའོ། །དེ་ལ་འཆིར་འཇུག་ཅེས་བྱ་བ་ནི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ངན་པ་ཅན་དང་། ནད་པ་རྣམས་ལའོ། །ཇི་ལྟར་ཚུལ་ཁྲིམས་ངན་པ་ཅན་ལ་ཞེ་ན། དགེ་སློང་གིས་ཚུལ་ཁྲིམས་
ངན་པ་ཅན་གྱི་དགེ་སློང་གི་ཆོས་གོས་དང་། ལྷུང་བཟེད་དང་ཡོ་བྱད་རྣམས་འདོད་དེ་ཚུལ་ཁྲིམས་ངན་པ་ཅན་རིང་དུ་གནས་ན་བདག་གི་ཡོ་བྱད་རྣམས་མི་འཐོབ་ཀྱི་འདི་འཆིར་གཞུག་གོ་སྙམ་ནས་ཚེ་དང་ལྡན་པ་ཚུལ་ཁྲིམས་ངན་པ་ཅན་སྡིག་པའི་ཆོས་ཅན་ཇི་ཙམ་དུ་ཡུན་རིང་དུ་
གནས་པ་དེ་ཙམ་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསོད་ནམས་མ་ཡིན་པ་སྡིག་པ་མང་དུ་སྐྱེས་པས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་བས་ན་ཚེ་དང་ལྡན་པ་རང་གིས་རང་སོད་ཅིག་རང་གིས་རང་སྲོག་ཆོད་ཅིག་ཅེས་བསྒོ་ནས། རང་གིས་རང་བསད་ན་དགེ་
སློང་སྨྲ་སྨྲ་བ་ཕས་ཕམ་པར་འགྱུར་རོ། །རང་གིས་མ་བསད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་སླར་འགྱོད་ནས་ཚེ་དང་ལྡན་པ་ངས་གྱི་ནར་སྨྲས་ཀྱི། རང་གིས་རང་མ་བསད་ཅིག་ཅེས་སླར་བསྒོ་ན། དང་པོ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་ན་ཚུལ་
ཁྲིམས་དང་ལྡན་པ་རྣམས་ཞེ་ན་ཚུལ་ཁྲིམས་དང་ལྡན་པ་འདི་ཇི་སྲིད་དུ་ཡུན་རིན་དུ་འཚོ་བ་དེ་སྲིད་དུ་ཡོ་བྱད་བདག་ལ་མི་སྟེར་གྱི་དེ་འཆིར་གཞུག་གོ་སྙམ་ནས་ཚེ་དང་ལྡན་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཁྱོད་ཡུལ་ན་གནས་ལོ་ལེགས་པ་དང་འདྲ་བ་ལ། མཐོ་རིས་ནི་རས་ལྟ་
བུས་ཆོད། ཐར་པ་ནི་ཡོལ་བ་ལྟ་བུས་ཆོད་དེ་ཁྱོད་ལུས་དང་བྲལ་ན་ལྷའི་ནང་དུ་སྐྱེ་བར་འགྱུར་གྱི་རང་གིས་རང་ལ་སོད་ཅིག་རང་གིས་རང་ལ་སྲོག་ཆོད་ཅིག་ཅེས་བསྒོ་ནས་རང་གིས་རང་བསད་ན་དགེ་སློང་སྨྲ་སྨྲ་བ་ཕས་ཕམ་པར་འགྱུར་རོ། །རང་གིས་རང་མ་བསད་ན་ཉེས་པ་སྦོམ་
པོར་འགྱུར་རོ། །ཇི་ལྟར་ན་ནད་པ་ལ་ཞེ་ན། དགེ་སློང་གིས་ནད་པའི་ཆོས་གོས་དང་ཡོ་བྱད་འདོད་པའི་ཕྱིར་ཇི་སྲིད་དུ་ནད་པ་རིང་དུ་གནས་པ་དེ་སྲིད་དུ་བདག་གིས་ཡོ་བྱད་མི་ཐོབ་པོ་སྙམ་ནས། ཚེ་དང་ལྡན་པ་ནད་པ་ཇི་སྲིད་རིང་དུ་གནས་པ། དེ་སྲིད་དུ་ནད་པ་སྡུག་བསྔལ་བས་གཟིར་
เล่ม ๑๕๕ · หน้า 36b
ཅིང་ཚོར་བ་མྱོང་བར་འགྱུར་གྱི། རང་གིས་རང་སྲོག་ཆོད་ཅིག་ཅེས་སྨྲས་པ་ལས་རང་གིས་རང་བསད་ན་འདེབས་འདེབས་པ་ཕས་ཕམ་པར་འགྱུར་རོ། །རང་གིས་རང་མ་བསད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་ན་འཆིར་འཇུག་པ་ཞེས་བྱའོ། །འཆི་བའི་བསྔགས་
པ་བརྗོད་ཅེས་བྱ་བ་ནི། འཆིར་འདོད་པའི་མདུན་དུ་འཆི་བའི་ཡོན་ཏན་དང་བསྔགས་པ་བརྗོད་པའོ། །མི་ཁྱོད་ཅེས་བྱ་བ་དེ་ནི་འབོད་པའི་ཚིག་བླ་དགས་སོ། །སྡིག་པ་དང་མི་གཙང་བ་འཚོ་བ་ངན་པས་ཇི་ཞིག་བྱ་ཀྱེ་མི་ཁྱོད་གསོན་པ་བས་འཆི་བ་བླའོ། །འཆིར་འདོད་པའི་མདུན་
དུ་སྨད་པའི་ཚིག་གོ། །སྐྱེད་ལ་འདི་སྐད་ཀྱང་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །སེམས་ཀྱིས་བརྟགས་ཞེས་བྱ་བ་ནི་སེམས་ཀྱིས་མངོན་པར་འདོད་པའོ། །བརྟགས་ཞེས་བྱ་བ་ནི་འདི་ཤི་ན་ཡོ་བྱད་བདག་གིས་ཐོབ་པར་འགྱུར་རོ་སྙམ་དུ་སེམས་ཀྱིས་བརྟགས་པའོ། །རྣམ་གྲངས་དུ་མར་
འཆིར་གཞུག་ཅེས་བྱ་བ་ནི་རྣམ་གྲངས་མང་པོ་དུ་མའི་སྒོ་ནས་འཆིར་བསྟབས་ཤིང་འཆི་བར་འགྱུར་བའོ། །འཆི་བའི་བསྔགས་པ་བརྗོད་ཅེས་བྱ་བ་ནི་འཆི་བའི་མདུན་དུ་རྣམ་གྲངས་དུ་མར་འཆི་བའི་བསྔགས་པ་བརྗོད་ཅིང་ཡང་དང་ཡང་དུ་སྣོན་ཅིང་མི་ཟློགས་པར་བྱེད་པའི་དོན་
ཏོ། །དེ་ཡང་ཐབས་དེས་འཆི་བའི་དུས་བྱས་ཞེས་བྱ་བ་ནི་ཐབས་དེ་ཉིད་ཀྱིས་ཡིན་གྱི་གཞན་གྱིས་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཡང་དག་པར་བསྟན་པའམ་ཉེ་བར་བསྟན་པའི་ཚིག་གོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དངོས་པོ་གང་ཞེ་ན་གསོལ་བ་དང་
བཞིའི་ལས་ཀྱིས་བསྙེན་པར་རྫོགས་ཤིང་གང་ཟག་ཉིད་ཀྱིས་ཀྱང་མངོན་སུམ་དུ་ཁས་བླངས་ཤིང་མི་འདོར་མི་སྤོང་བའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ལྟུང་བ་ཐ་ཤལ་ངན་པ་མི་ཆ་བའི་ཉེས་པ་ཅན་མི་མཚུངས་པ་སྟེ་གང་ལ་ལྟུང་བ་བྱུང་ན་བྱུང་མ་ཐག་ཏུ་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན་
ཤཱཀྱའི་སྲས་མ་ཡིན་ཏེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་རྒྱས་ཤིང་འཕེལ་བར་མི་འགྱུར་བ་དེ་བཞིན་དུ་དགེ་སློང་ལ་ལྟུང་བ་དེ་བྱུང་ན། དགེ་སློང་མ་ཡིན། ཕས་ཕམ་པར་བཤིག་པ་ལྟུང་བ་ཞེས་གསུངས་སོ་གནས་པར་མི་བྱ་ཞེས་བྱ་བ་ནི་དགེ་སློང་དག་གསོ་སྦྱོང་བྱ་བའམ་
เล่ม ๑๕๕ · หน้า 37a
ཚུལ་ནས་བྱུང་བའམ། གསོལ་པའམ་གསོལ་བ་དང་གཉིས་སམ། གསོལ་བ་དང་བཞིའི་ལས་ལ་མི་གནས་པ་སྟེ། གང་ཟག་བཅུ་གཉིས་ཀྱི་ལས་ལ་མི་ཆུད་པས་ན་གནས་པར་མི་བྱའོ་ཞེས་གསུངས། གཞན་ཡང་མི་གསོད་པའི་སྒོ་ནས་འདུལ་བ་ལ་གནས་
བཅས་པའི་རྣམ་གྲངས་ལ། གླེང་གཞི་ནི་བཅོམ་ལྡན་འདས་འབྲོག་སྐྱེས་ཀྱི་འབྲོག་དགོན་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་བསོད་སྙོམས་པ་ཅིག་གིས། ཁྱིམ་བདག་ཅིག་དད་པ་སྐྱེས་ནས། ཁྱིམ་བདག་དེས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་རྩིག་པར་ཁས་བླངས་
ནས། དགེ་སློང་དག་གཙུག་ལག་ཁང་རྩིག་པའི་གྲོགས་བྱེད་དེ་དེའི་ཚེ་དགེ་སློང་དག་ཕ་གུ་གཅིག་ནས་གཅིག་ཏུ་དོར་བས་དགེ་སློང་གཅིག་ཕ་གུས་ཀླད་དུ་ཕོག་ནས་དུས་ལས་འདས་སོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀའ་སྩལ་པ། གཅིག་ནས་གཅིག་ཏུ་ཕ་
གུ་མ་འདོར་བར་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱིན་ཅིག་ཅེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྲོ་ཁང་དང་མེ་ཁང་རྩིགས་ཤིག་ཅེས་བཀའ་སྩལ་ནས། །དགེ་སློང་དག་
གདུང་ཕྱམ་ཕན་ཚུན་བསྐྱོད་ཅིང་བསྒུལ་བ་ལས་ཤིང་ཤོར་ནས་ཤིང་མཁན་གྱི་ཀླད་དུ་བསྣུན་ཏེ་དུས་ལས་འདས་སོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། དགེ་སློང་ཁྱིམ་པ་དང་བསྡེབས་ཤིང་ཤིང་གདེག་པར་བྱའི་མི་ཐེག་པར་བཏེག་ན་འདས་པ་དང་བཅས་པར་འགྱུར་རོ་ཞེས་
བསླབ་པ་ལ་གནས་བཅས་སོ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་འཆར་བས། ཁྱིམ་བདག་གི་བུ་མོ་གཏུམ་མོ་ཞེས་བྱ་བ་ཞིག་བཏུལ་ནས། བསླབ་པའི་གནས་ལ་བཞག་གོ། །གཏུམ་མོས་འཆར་བ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་ན་ལེན་དུ་
མ་བཏུབ་ནས་ཡུལ་གཞན་དུ་སོང་ངོ་། །དེ་ནས་དུས་གཞན་ཞིག་ན་གཏུམ་མོ་ལ་བུ་ཁྱེའུ་ཞིག་བཙས་སོ། །དེ་ནས་བསྒོ་བ་ཁྱེའུ་འདི་ཆུས་ཁྲུས་ལ་གོས་དཀར་པོས་གཡོགས་ཏེ་དྲང་སྲོང་གི་སྟན་ལ་ཞོག་ཤིག་ཅེས་བསྒོ་བ་དང་། དེས་ཀྱང་སྟན་གྱི་སྟེང་དུ་བསྙལ་ལོ། །དེའི་ཚེ་
เล่ม ๑๕๕ · หน้า 37b
འཆར་བས་སྔ་དྲོ་ཡང་བསོད་སྙོམས་བླངས་ནས་མོའི་སྒོར་འོངས། སྟན་ལ་མ་བརྟགས་པར་འདུག་པས། གཏུམ་མོས་འཕགས་པ་བུ་བུ་ཞེས་སྨྲས་བཞིན་ན་མ་སླེབས་ནས་འཆར་བ་ལངས་ཏེ་བལྟས་ན་བུ་དུས་ལས་འདས་སོ། །དེའི་གཉེན་རྣམས་ངུས་པ་དང་། ཀྱེ་མའོ་བཅོམ་
ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་ཅེས་གསུངས་པ་རེ་མད་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་དང་མི་འགལ་བས་ཉེས་མེད་དོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀའ་སྩལ་པ། སླན་ཆད་སྟན་ལ་མ་བརྟགས་པར་མ་འདུག་ཤིག་ཅེས་འདུལ་བ་ལ་བསླབ་
པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཁྱིམ་བདག་གཉིས་ཤིག་རབ་ཏུ་བྱུང་ནས་གཅིག་ན་སྟེ། གཅིག་གི་ནད་གཡོག་གཅིག་གིས་བྱེད་དོ། །ཁྱོད་སྔོན་ན་བའི་ཚེ་ན་སྨན་ཇིས་གསོས་ཞེས་སྨྲས་པ་དང་། ལན་ཚྭས་སོ། །དེས་ཀྱང་རྩབ་མོའི་ནང་དུ་
ལན་ཚྭ་བཏབ་ནས་བྱིན་པ་དང་དེ་དུས་ལས་འདས་སོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀའ་སྩལ་པ། སྔོན་ནི་ནད་བད་ཀན་གྱུར་པས་ལན་ཚྭས་ཕན་གྱི། ད་ནི་མཁྲིས་པ་དང་རླུང་དུ་གྱུར་པས་གང་སྔོན་ཕན་པ་ད་ལྟ་དུག་ཏུ་གྱུར་ཏོ། །དེས་ན་དགེ་སློང་གིས་སྨན་ཐུག་ཐུ་བ་ཏུ་མ་སྦྱིན་པར་
སྨན་པ་ལ་དྲིས་ཤིག །སྨན་པ་མེད་ན་ནད་བུ་ཅན་ནམ་རྒན་པོ་ལ་དྲིས་ཤིག །མ་དྲིས་པར་སྨན་བྱིན་ན་འདས་པ་དང་བཅས་པར་འགྱུར་རོ་ཞེས་འདུལ་བ་ལ་བསླབ་པའི་གནས་སུ་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཨུ་པཱ་ལི་ལ་སོགས་
པ་བཅུ་བདུན་སྡེ་རབ་ཏུ་ཕྱུང་ནས། བཅུ་བདུན་སྡེ་རྣམས་ལས་གང་གི་རེས་ལ་བབ་ཀྱང་རུང་སྟེ། ཐམས་ཅད་ཀྱིས་བྱེད་དོ། །དུས་གཅིག་ན་གཅིག་ནི་གཙུག་ལག་ཁང་སྐྱོང་བྱེད་དེ་དུས་ཀྱི་མཆོད་པ་ལ་བབ་སྟེ། གཙུག་ལག་ཁང་རྒྱན་གྱིས་བརྒྱན་ནས་མཚན་ཐོག་ཐག་
མེལ་ཚེ་བྱེད་དོ། །གྲོགས་རྣམས་གཅིག་གི་སྙིང་ལམ་ན་གཅིག་བྱེད་སྙམ་ནས་གཅིག་གིས་ཀྱང་མ་བལྟས་པར་ནང་བར་གཙུག་ལག་ཁང་སྐྱོང་ཁྲོས་ཤིང་འདུག་པ་མཐོང་ནས། ཁ་ཅིག་གིས་རྐང་པ་ནས་བཟུང་ཁ་ཅིག་གིས་ལག་པ་ནས་བཟུང་ནས་བཟོད་པར་གསོལ་ཞེས་
เล่ม ๑๕๕ · หน้า 38a
བྱས་ན་མ་བཏུབ་པོ། །གཅིག་གིས་ག་ག་ཚིལ་བྱས་པ་དང་ཁོ་དགོད་པར་གྱུར་པ་དང་། ཐབས་དེ་རུང་ངོ་ཞེས་ཀུན་གྱིས་བྱས་པ་དང་། དེ་རླུང་གིས་འཚུབ་སྟེ་ཤིའོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀའ་སྩལ་པ། ད་སླན་ཆད་གཅིག་
ལ་གག་ཚིལ་མ་བྱེད་ཅིག་ཅེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཁྱིམ་བདག་ཅིག་གིས་དགོན་པའི་གནས་སུ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཞིག་བརྩིགས་ཏེ། དགེ་སློང་མ་ཞིག་གནས་དེར་དབྱར་ཚུལ་དུ་བཞུགས་
པ་དང་། འདིར་གཡོན་ཅན་རྣམས་ཀྱིས་བཅོམ་མོ་སྙན་དུ་བདས་ནས་བཀའ་སྩལ་པ། ད་སླན་ཆད་གཡོན་ཅན་དག་རྐུར་ལྷགས་པ་དང་། སྒྲ་ཆ་གཎྜཱི་དེ་ཁྱེར་ཏེ་ཤོག །ལྷུང་བཟེད་དང་སྦྱར་མ་ཁྱེར་ཏེ་ཤོག་ཅེས་བོས་ཤིག་དང་གཡོན་ཅན་རྣམས་འབྲོས་པར་འགྱུར་རོ་ཞེས་བཀའ་
སྩལ་ཏོ། །དུས་ཕྱི་ཞིག་ན་གཙུག་ལག་ཁང་འདིར་གཡོན་ཅན་རྣམས་སླར་རྐུར་ལྷགས་སོ། །དེའི་ཚེ་དགེ་སློང་རྒན་ཞུགས་ཤིག་མེལ་ཚེ་བྱེད་པས་མཐོང་ནས། དེ་དག་སྒོ་སྟེང་དུ་འཛེག་ཅིང་འཁོད་པ་དང་། དེས་བསམས་པ་ཅུང་ཞིག་མ་བསྡིགས་ན་ཡོ་བྱད་རྣམས་འཕྲོག་ཏུ་འོང་
སྙམ་ནས་སྒོའི་སྟེང་དུ་འཛེགས་ཏེ་གཎྜཱི་ཞིག་ཚོད་ཙམ་དུ་འཕངས་པ་དང་ནང་པར་བལྟས་ནས་གཡོན་ཅན་ཞིག་མགོར་ཕོག་སྟེ་ཤི་ཞིང་འདུག་གོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་བཀའ་སྩལ་པ། ཕོག་པར་མི་འཕེན་པར་ཕ་ཟད་ཙམ་ནས་བསྡིགས་ཤིག་ཅེས་འདུལ་བ་ལ་བསླབ་
པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཁྱིམ་བདག་ཕ་སྤད་གཉིས་ཤིག་སྔོན་ལོངས་སྤྱོད་ཆེ་བ་ལས་སླད་ཀྱིས་ལོངས་སྤྱོད་ཀྱང་འགྲིབས་གཉེན་བཤེས་དག་ཀྱང་ཟད་དེ་ཕ་སྤད་གཉིས་ཀྱང་རབ་ཏུ་བྱུང་ནས་གཙུག་ལག་ཁང་དུ་འཁོད་དོ། །དེ་ནས་
དགེ་སློང་དག་གིས་རྟག་པར་ལས་ལ་བསྐོ་ཞིང་བརྩེ་བས་ཕ་སྤད་གཉིས་ཀྱང་ལྗོངས་རྒྱུ་ཞིང་དོང་དོང་བ་དང་གཙུག་ལག་ཁང་དུ་ཕྱིན་དུ་ཉེ་སྟེ། གདུགས་ཚོད་ཀྱི་གཎྜཱི་བརྡུང་བ་མཐོང་ནས་ཕན་ཆད་དེ་འགྲོ་མ་ནུས་པ་དང་བུས་རྒྱབ་ནས་ཕུལ་བ་དང་ཕ་དུས་ལས་འདས་སོ། །དེ་ལྟར་
เล่ม ๑๕๕ · หน้า 38b
གྱུར་པ་སྙན་དུ་བདས་ནས་ད་སླན་ཆད་ཕུལ་བར་མི་བྱའི། སྔར་སོང་སྟེ་ཕའི་ཟན་སྐལ་དག་མནོས་ཏེ་སླར་ལམ་དུ་བསྡུ་བར་བྱའོ་ཞེས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་བྲན་ཅན་དང་སྐྱོང་བ་པོ་ཞེས་བྱ་བ་གཉིས་
ཤིན་ཏུ་མཛའ་བ་གཉིས་ཤིག་འཁོད་དེ་སྐྱོང་བ་པོ་ནད་ཀྱིས་བཏབ་ནས་མཚན་གཅིག་རངས་འབོད་འགྲོགས་སོ། །བྲན་ཅན་གྱིས་སྨྲས་པ། ངས་སྔར་ལངས་ཏེ། སྨན་པ་ལ་སྨན་བསླངས་ནས་འོང་གིས་ཁ་ཟས་ཅང་མ་ཟ་བར་སྡོད་ཅིག་ཅེས་བསྒོ་སྟེ་སོང་བ་དང་། དེ་ནང་པར་ཁྱིམ་
མཚེས་རྣམས་ཀྱིས་མདང་ཁྱོད་འབོད་འགྲོགས་ཏེ་ཅི་ཉེས་བྱས་པ་དང་། བཀྲེས་སོ། །ཁྱིམ་མཚེས་རྣམས་ཀྱིས་ཤ་དང་ཁུར་བ་དང་ཐུག་པ་མང་ཞིག་བྱིན་ཏེ་ཟོས་སོ། །སླད་ཀྱིས་བྲན་ཅན་སྨན་ཁྱེར་ཏེ་འོངས་ནས། སྐྱོང་བ་སྨན་ཟོ། །དེ་ན་རེ་ངས་ནི་ཟན་ཟོས་ཟིན་ཏེ་མི་འདོད་དོ། །དེ་
ན་རེ་ང་ནི་དགེ་བའི་ཕྱོགས་ཉམས་ཉམས་ཁྱོད་ཀྱི་གྲོགས་བྱེད་ན། ཁྱོད་ནི་ནད་དང་མི་མཐུན་པའི་ཁ་ཟས་ཟ་བས་དུག་ཟ་ཡང་བླའོ་ཞེས་བྱས་པ་དང་། དེ་ཡང་སྣོད་ཀྱི་ནང་ནས་དུག་རྡོག་མ་གཅིག་རྙེད་དེ་ཟོས་པ་དང་དེ་དུས་ལས་འདས་སོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་
བཀའ་སྩལ་པ། ཕྱིན་ཆད་ནད་པ་འཆི་བར་སེམས་པའི་གཏམ་མ་ཟེར་ཅིག་ཅེས་བསླབ་པ་བཅས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་གཉིས་ཤིག་ནི་ལྷུང་བཟེད་བཙས་ཁྱེར་ཏེ་སློང་དུ་མི་རུང་གཅིག་ནི་ཆོས་གོས་རུལ་ནས་བགོར་མི་རུང་ནས་ཚེ་དང་
ལྡན་པ་དག་ཆོས་གོས་དང་ལྷུང་བཟེད་མེད་པར་སྤྱད་དུ་མི་རུང་གི་ཆོས་གོས་དྲུབས་ཤིག་ལྷུང་བཟེད་ཚོལ་ཅིག་ཅེས་བྱས་པ་དང་། དེ་གཉིས་ཀྱིས་སྨྲས་པ་གནས་འདི་ཞེས་བྱ་བ་ན་དགེ་སློང་ནད་ཀྱིས་བཞུས་པ་དེ་ཤི་བ་དང་བདག་ཅག་གིར་འགྱུར་རོ་ཞེས་བྱས་པ་དང་དགེ་སློང་དག་
གིས་སྙན་དུ་གསོལ་ཏོ། །བཀའ་སྩལ་པ། གདོལ་པ་ལྟ་བུའི་སེམས་མ་བསྐྱེད་པར་ལྷུང་བཟེད་ནི་མིག་བཞིན་དུ་གླན་པ་དང་བསྲེག་པར་བྱའོ། །ཆོས་གོས་ནི་པགས་པ་བཞིན་དུ་བཙེམ་ཞིང་དྲུབ་པར་བྱའོ་ཞེས་བསླབ་པའི་གནས་སུ་བཅས་སོ། །ཉེས་པ་ཇི་ལྟ་བུ་ཞེ་
เล่ม ๑๕๕ · หน้า 39a
ན། དགེ་སློང་གིས་བུད་མེད་དང་སྐྱེས་པ་དང་མ་ནིང་རྣམས་ལ་བསད་པའི་སེམས་ཀྱིས་སོར་མོ་གཅིག་གིས་བསྣུན་ཏེ། ཐབས་དེས་འཆི་བར་གྱུར་ན་ཡང་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་མི་ལ་དུག་བྱིན་པའམ། གཡང་སར་བཏང་བའམ།
སྟག་གཟིག་མང་པོའི་ཡུལ་དུ་བཏང་བ་འམ། ལྷགས་པ་ཆེ་བ་དང་ཚད་ཁུངས་སུ་བཏང་བའམ། སྔགས་དང་སྨན་གྱི་སྦྱོར་བས་ཀྱང་རུང་སྟེ། གསོད་སེམས་དང་ལྡན་ན་མཐར་ན་ཡུངས་ཀར་འབྲུམ་བུ་གཅིག་གིས་བརྒྱབ་སྟེ་ཤི་ཡང་ཕས་ཕམ་པར་འགྱུར་རོ། །དགེ་
སློང་གིས་སྨན་དང་སྔགས་ཀྱིས་བཏབ་བམ་ཕ་རོལ་གཉིས་ཀ་བྱོལ་སོང་གི་སྐྱེ་གནས་སུ་བསྒྱུར་ཏེ་མི་བསད་ན་ཡང་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་མི་གཞན་བསད་པར་བསམས་པ་ལས་གཞན་ཤི་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་མི་བསད་ན་ཕས་
ཕམ་པར་འགྱུར་རོ། །མི་མ་ལགས་པ་བསད་ན་སྦོམ་པོར་འགྱུར་རོ། །འདི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་བསད་ན་ཕས་ཕམ་པར་འགྱུར་རོ། །རང་གིས་རང་བསད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགྲ་བཅོམ་པ་བསད་པ་ལས་སོ་སོའི་སྐྱེ་བོ་བསད་པ་དང་།
སོ་སོའི་སྐྱེ་བོ་བསད་པར་བྱས་པ་ལས་དགྲ་བཅོམ་པ་ནི་གཉིས་ཀ་ཡང་འདྲ་སྟེ་ཉེས་པ་སྦོམ་པོར་འགྱུར་རོ། །མི་གཅིག་བསད་པར་བྱས་པ་ལས་བྲོས་ཏེ་དགེ་སློང་དང་ཕྲད་དེ་བསྙེགས་མ་ཕྱི་བཞིན་དུ་འོང་སྟེ། དགེ་སློང་གིས་བསད་སེམས་ཉེ་བར་བཞག་ནས་བསྙེགས་མ་ལ་བསྟན་
བསྙེགས་མ་དང་ཕྲད་དེ་བསད་ན་ཕས་ཕམ་པར་འགྱུར་རོ། །ཇི་ལྟར་དགེ་སློང་ལ་ཕས་ཕམ་པར་འགྱུར་བ་དེ་བཞིན་དུ་དགེ་སློང་མ་དང་བསླབ་པ་བྱིན་པ་ལ་ཡང་ཕས་ཕམ་པར་འགྱུར་རོ། །དགེ་སྦྱོང་ཕ་དང་། དགེ་སྦྱོང་མ་དང་། དགེ་སློང་མ་ལ་ནི་ཉེས་བྱས་སུ་འགྱུར་རོ། །
ཁྱིམ་པ་ལ་ནི་སྡིག་པ་མང་དུ་འགྱུར་རོ། །ཆུ་བོ་དགའ་སྐྱེད་ཅན་གྱི་འགྲམ་ན་འཁོད་པའི་དགེ་སློང་རྣམས་ཀྱིས་བསམས་པ། ལས་དང་པོ་པ་ཉེས་པ་མེད་དོ་ཞེས་བྱུང་ན། བསླབ་པའི་གནས་མ་བཅས་ན་དགེ་སློང་མང་ཞིག་བདག་ཅག་གིས་འཆི་བར་བསྟབས་ན་བདག་
เล่ม ๑๕๕ · หน้า 39b
ཅག་གིས་ལས་དང་པོ་པ་གང་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་བོ་དགའ་སྐྱེད་ཅན་གྱི་འགྲམ་ན་དགེ་སློང་དག་གིས་ཉེས་པ་སྤྱད་པ་ཐམས་ཅད་ཀྱང་ལས་དང་པོ་པ་ཡིན་ཏེ། དེ་ལ་ཉེས་པ་མེད་དོ། །ཡན་ལག་ནི་རྣམ་པ་བདུན་ཏེ།
དངོས་པོ་མ་ཡིན་པ་དང་། གསོད་སེམས་ཉེ་བར་གནས་པ་དང་། སྦྱོར་བ་གཅིག་པ་དང་། སྲོག་དང་བྲལ་བ་དང་། མིར་འདུ་ཤེས་པ་དང་། བསླབ་པ་བླངས་པ་དང་། བསླབ་པ་ཕུལ་བའོ། །དེ་ལ་མི་གསོད་པའི་གླེང་གཞི་ནི་ཡུལ་བྲི་ཛིའི་ཆུ་བོ་དགའ་སྐྱེད་ཅན་གྱི་འགྲམ་
ནའོ། །གང་ཟག་ནི་དགེ་སློང་མང་པོ་མི་གཙང་བ་བསྒོམ་པ་རྣམས་སོ། །དངོས་པོ་ནི་གསོད་པའོ། །ཉོན་མོངས་པ་ནི་མི་བཟོད་པའོ། །མཚན་མ་ནི་ཕས་ཕམ་པའོ། །ལས་དང་པོ་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། སྨྱོས་པ་ལ་ལྟུང་བ་མེད་དོ། །
ཕས་ཕམ་པ་གསུམ་པ་ནི་མི་བརྗེད་པའི་ཚིག་གོ།། །།དེ་ལ་མིའི་ཆོས་ལས་བླ་མར་གྱུར་པའི་བརྫུན་དུ་སྨྲ་བའི་གླེང་གཞི་ནི་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་བཞུགས་ཤིང་འོད་མའི་གྲོང་ཕན་ཚུན་ལྗོངས་རྒྱུ་ཞིང་འོད་མའི་གྲོང་གི་བྱང་ཕྱོགས་ན་ཤིང་ཤ་པ་ཞེས་བྱ་བའི་
གནས་ན་བཞུགས་སོ། །དེའི་ལོ་ལ་མུ་གེ་བྱུང་ནས་མི་ཀུན་ཀྱང་སྡུག་བསྔལ་ཏེ། མི་མང་པོ་ཤི་བར་གྱུར་ནས་ཟས་དཀོན་ཁྱད་ནི་ཕ་མ་ཡང་རང་གི་བུ་ལ་ཟས་མི་སྟེར་བ་ཙམ་དུ་དཀོན་ཏེ། བཅོམ་ལྡན་འདས་ཀྱིས་ཉ་བ་ལྔ་བརྒྱ་པོ་ལས་རབ་ཏུ་བྱུང་བའི་དགེ་སློང་རྣམས་ལ་འདི་ལྟར་
ཟས་དཀོན་པས་ན་ཁྱེད་ཀྱང་ཡུལ་ཡངས་པ་ཅན་དང་། བྲི་ཛིའི་གྲོང་ཕྱོགས་སུ་དབྱར་ཚུལ་དུ་ཞུགས་ཤིང་། ང་ཡང་གཡོག་དགེ་སློང་ཀུན་དགའ་བོ་དང་ལྷན་ཅིག་ཏུ་འོད་མའི་གྲོང་འདིར་ཚུལ་དུ་འཇུག་གོ། །དེ་ལྟར་མ་བྱས་ན་བསོད་སྙོམས་ཀྱིས་བྲེལ་བར་འགྱུར་རོ་ཞེས་བྱས་པ་
དང་། བཙུན་པ་དེ་བཞིན་ནོ་ཞེས་པ་ནས། ཡངས་པ་ཅན་དུ་སོ་སོར་བཤེས་གཉེན་དག་དང་བསྙེན་ནས་འཁོད་པ་ལས་ཕན་ཚུན་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདིར་འཁོད་དང་བདེའོ་ཞེས་གསུངས་ན། འདི་ན་ནི་བདག་ཅག་གི་གཉེན་ཡང་མེད་ན། བདག་ཅག་གི་གཉེན་ནི་
เล่ม ๑๕๕ · หน้า 40a
ཉ་བའི་གྲོང་ན་ཡོད་ཀྱི། དེར་དོང་ལ་གཉེན་དག་བལྟས་ཏེ་དེར་འཁོད་དང་བདེའོ་ཞེས་ནས་དེར་དོང་སྟེ་ལྷགས་ནས་དབྱར་ཚུལ་དུ་ཞུགས་ཏེ། དེ་དག་གིས་གྲོས་བྱས་པ། བདག་ཅག་ནི་ཐོས་པ་ཉུང་བས་ཆོས་བཤད་དུ་ནི་ཀུན་གྱིས་ཀྱང་མི་ནུས་ཀྱི།
གཉེན་རྣམས་ལྷགས་པ་དང་བདག་ཅག་ཕན་ཚུན་ཡོན་ཏན་བརྗོད་པར་བྱའོ་ཞེས་ནས་དེ་དག་ལྷགས་པ་དང་། ཀྱེ་ཁྱོད་ཀྱིས་གྲོང་ཕྱོགས་འདིར་དགེ་འདུན་སྦྱིན་གནས་འདི་ལྟ་བུ་དབྱར་ཚུལ་དུ་ཞུགས་པ་ནི་ཁྱོད་ཀྱིས་རྙེད་པ་རབ་ཏུ་རྙེད་དོ། །དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་
ཐོབ་པའོ། །འདི་ནི་བསམ་གཏན་དང་པོའོ། །འདི་ནི་དགྲ་བཅོམ་པའོ་ཞེས་དེ་བཞིན་དུ་ཀུན་ལ་ཡོན་ཏན་རེ་རེ་བསྒྲགས་ནས་དེ་དག་གིས་སྨྲས་པ་འཕགས་པའི་ཡོན་ཏན་གྱི་འབྲས་བུ་བརྙེས་སམ་ཞེས་པ་དང་། འཇིག་རྟེན་པ་ནི་ཡོན་ཏན་ལ་དགའ་བས་དེ་དག་རང་རང་
གི་བུའི་ཁ་ནས་ཀྱང་ཕྲི་ཞིང་བསོད་སྙོམས་འབུལ་ལོ། །དེ་ནས་དབྱར་ཟླ་གསུམ་འདས་པ་དང་། བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཉན་ཐོས་ཀྱི་དགེ་འདུན་རྣམས་འདུན་མ་ཆེན་པོ་རྣམ་པ་གཉིས་ཡོད་དེ། གཅིག་ནི་དབྱར་ཟླ་འབྲིང་པོ་ཉ་ལ་འདུན་མ་འདུས་ནས་ལུང་
མནོས་ནས་ཚུལ་དུ་འཇུག་གོ། །འདུན་མ་གཅིག་ནི་སྟོན་ཟླ་འབྲིང་པོ་ཉ་ལ་ཚུལ་ནས་འབྱུང་བའི་ཚེ་འདུན་མ་འདུ་བའོ། །དགེ་སློང་གཞན་དེ་དག་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འོད་མའི་གྲོང་ན་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་སུ་དོང་ངོ་། །འོང་བ་
དང་ཀུན་དགའ་བོས་མཐོང་སྟེ། བསུ་ནས་ཚུར་སྤྱོན་ཚེ་དང་ལྡན་པ་དག་བདེ་བར་བྱོན་ཏམ། བསོད་སྙོམས་ཀྱིས་བྲེལ་བར་མ་གྱུར་ཏམ་ཞེས་བྱས་ཏེ་བསུ་ན་དེ་དབང་ཤིན་ཏུ་རིད་ཅིང་ཉམ་ཆུང་སྟེ་ལྷགས་ནས་བདག་ཅག་ཡུལ་བྲི་ཛི་ན་དབྱར་བདེ་བར་གནས་མོད་
ཀྱི། བསོད་སྙོམས་ཀྱིས་ནི་རྟག་ཏུ་བྲེལ་ཏོ་ཞེས་འཛེར་ཏེ་ལྷགས། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་ཀྱང་ལྷགས། དེ་བཞིན་དུ་ཀུན་དགའ་བོས་བསུ་སྟེ་དྲིས་ནས། དེ་དག་ཤིན་ཏུ་ཚོ་མདོག་བཟང་སྟེ་ལྷགས་ནས་ཀུན་དགའ་བོ་མེད་པར་བདག་ཅག་ཉ་བའི་གྲོང་ན་
เล่ม ๑๕๕ · หน้า 40b
ཤིན་ཏུ་བདེ་བར་འཁོད་འཁོད་དེ་བསོད་སྙོམས་ཀྱིས་བྲེལ་ཀྱང་མ་མྱོང་ངོ་། །འདི་ལྟར་ཟས་དཀོན་པ་ན་ཁྱོད་ཀྱིས་རྒྱུ་རྐྱེན་ཅིས་ཅིས་ན་འབྲེལ་བར་མ་གྱུར། དེ་དག་གིས་སྨྲས་པ། བདག་ཅག་གིས་ཡོན་ཏན་བརྗོད་པར་བགྱིས་ཏེའོ། །ཅི་ཡང་དག་པར་རམ་འོན་ཏེ་བརྫུན་དུ་སྨྲས་
པ། བདག་ཅག་གིས་བརྫུན་བགྱིས་མོད། དེས་སྨྲས་པ། ཁྱེད་ཁ་ཟས་ཅུང་ཟད་ཀྱི་ཕྱིར་བརྫུན་དུ་སྨྲར་དབང་ངམ་ཞེས་བྱས་པ་དང་། དེ་དག་གིས་དབང་ཡང་རུང་མི་དབང་ཡང་རུང་། བདག་ཅག་གིས་སྨྲས་སོ། །དེ་ནས་དོན་ཉུང་ངུ་བའི་དགེ་སློང་རྣམས་འཕྱ་སྟེ། ཟང་ཟིང་ཅུང་
ཟད་ཀྱི་ཕྱིར་མིའི་ཆོས་ལས་བླ་མར་གྱུར་པ་མེད་ལ། མེད་བཞིན་དུ་ཅིའི་ཕྱིར་སྨྲ་ཞེས་སྨོད་ཅིང་མི་སྙན་པར་འཛེར་བ། བཅོམ་ལྡན་འདས་ཀྱི་སྙན་དུ་བདས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དེ་ལྟར་བཅས་ནས་ཕྱིས་དགེ་སློང་ཕ་མང་ཞིང་དགོན་པ་དང་ནགས་
འདབ་དང་། བས་མཐའི་དགོན་པ་ན་རྣལ་འབྱོར་ལ་བརྩོན་པར་གནས་པ་ལས་འདོད་པའི་འདོད་ཆགས་དང་གནོད་སེམས་མི་སྤྱོད་ཅིང་འཇིག་རྟེན་པའི་ལམ་གྱིས་ཞི་གནས་ཀྱི་མཚན་མ་འགའ་ཞིག་ཡིད་ལ་ཡོད་པ་ལ་བརྟེན་ནས་གནས་གནས་པ་ལས་ཕན་ཚུན་དུ་སྨྲས་ཏེ།
ཚེ་དང་ལྡན་པ་དག་བདག་ཅག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་སྤྱད་བྱས་པ་ནི་བྱས་ཀྱིས་གནས་འདི་སྤངས་ཏེ་གྲོང་འདབ་དུ་དོང་ངོ་ཞེས་ཏེ་དེར་གྲོང་དུ་ལྷགས་པ་དང་། བུད་མེད་དང་། ཀུན་དགའི་ར་བ་དང་། དགེ་ཚུལ་བར་འདྲེས་ཤིང་གནས་པས་ཡང་ཉོན་མོངས་པ་
སྐྱེས་ནས་བདག་ཅག་ཕས་ཕམ་པར་མ་གྱུར་ཡང་གྲོང་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ། བཅོམ་ལྡན་འདས་ལ་ཞུ་བར་ཅི་གནང་ཞེས་གསོལ་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཀའ་སྩལ་པ། མངོན་པའི་ང་རྒྱལ་མ་གཏོགས་
སོ་ཞེས་གསུངས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་འདོད་པ་དང་བསླབ་པ་ལ་གཙོ་བོར་བྱེད་པའི་བསླབ་པ་བརྗོད་དེ། ཡང་དགེ་སློང་མངོན་པའི་ང་རྒྱལ་མ་གཏོགས་ཏེ། སྔ་མ་ནི་བཅས་པའོ། །དེ་ནི་གནང་བའོ། །ཞེས་གསུངས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་
เล่ม ๑๕๕ · หน้า 41a
ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ལ་བྱའོ། །མངོན་པར་མི་ཤེས་ཞེས་བྱ་བ་ནི་ཅི་མངོན་པར་མི་ཤེས་ཤེ་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སོགས་ཏེ་ཡོད་པར་མི་ཤེས་ཤིང་བདག་ཏུ་ལྟ་བའོ། །ཡོངས་
སུ་མི་ཤེས་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པས་ཡོངས་སུ་མི་ཤེས་པའོ། །མིའི་ཆོས་ནི་དེ་དག་གིས་ཐོབ་པ་ཡིན་གྱི། ངན་སོང་
གསུམ་དང་། མ་ནིང་དང་མཚན་གཉིས་པས་མི་ཐོབ་པོ། །བླ་མར་གྱུར་ཅེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་བླ་མར། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་བླ་མར། ཡང་གཅིག་ཏུ་ན་མིའི་ཆོས་ནི་སྒྲིབ་པ་ལྔ་ལ་བྱ་སྟེ། གང་དེ་དག་སྤངས་པ་དེ་ནི་བླ་མར་
གྱུར་པ་ཞེས་བྱ་བའོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་མཐའ་ཞེས་བྱ་བའོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་། རང་སངས་རྒྱས་རྣམས་ཀྱི་ཉན་ཐོས་རྣམས་ལ་འཕགས་པ་ཞེས་བྱའོ། །བྱེ་བྲག་ཐོབ་ཅེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་ལ་བྱ་སྟེ། རྒྱུན་དུ་ཞུགས་པའི་
འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་རྣམས་ཏེ་བྱེ་བྲག་ཐོབ་པ་ཞེས་བྱའོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པ་བཞི་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་
དང་། ལམ་ཤེས་པའོ། །མཐོང་ཞེས་བྱ་བ་ནི་མཐོང་བ་བཞི་སྟེ། སྡུག་བསྔལ་མཐོང་བ་དང་། ཀུན་འབྱུང་མཐོང་བ་དང་། འགོག་པ་མཐོང་བ་དང་། ལམ་མཐོང་བའོ། །རེག་པར་བྱེད་ཅེས་བྱ་བ་ནི། བསམ་གཏན་བཞི་ལ་རེག་པར་སྤྱོད་ཅེས་བྱ་བ་སྟེ། སྙོམས་པར་འཇུག་
པ་ལ་བྱའི་སྒྲུབ་པ་ལ་ནི་མ་ཡིན་ནོ། །མེད་ཅེས་བྱ་བ་ནི་དེའི་དངོས་པོ་མེད་པའོ། །མེད་བཞིན་དུ་ཞེས་བྱ་བ་ནི་བདག་ལ་མེད་པའོ། །མེད་བཞིན་དུ་འདི་ཤེས་ཞེས་བྱ་བ་ཅི་ཤེས་ཤེ་ན། སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ཤེས་པ་ལ་བྱའོ། །མཐོང་ཞེས་བྱ་བ་ནི་ལྷ་དང་། ཀླུ་དང་
เล่ม ๑๕๕ · หน้า 41b
གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། ལྟོ་འཕྱེ་ཆེན་པོ་མཐོང་ངོ་ཞེས་ཟེར་བ་དང་། དེ་དག་གི་སྒྲ་ཐོས་སོ་ཞེས་སྨྲས་པ་དང་། དེ་དག་ངའི་གན་དུ་འོངས་སོ་ཞེས་ཟེར་བ་དང་།
དེ་དག་གི་གན་དུ་བདག་རྟག་ཏུ་འགྲོགས་ཤིང་འགྲོའོ་ཞེས་སྨྲས་པ་དང་། འགོག་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་
འདུ་ཤེས་དང་། སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་མ་ཐོབ་པར་ངས་ཐོབ་པོ་ཞེས་ཟེར་བ་དང་། བསམ་གཏན་དང་པོ་ནས་བསམ་གཏན་བཞིའི་བར་དུ་ཐོབ་པོ་ཞེས་བརྗོད་པ་དང་། ཚད་མེད་པ་བཞི་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བཞི་
ཐོབ་པོ་ཞེས་བརྗོད་པ་དང་། དགེ་སྦྱོང་གི་འབྲས་བུ་བཞི་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་མ་ཐོབ་པར་ཐོབ་པོ་ཞེས་ཟེར་བ་དང་། དགྲ་བཅོམ་པ་ལ་སོགས་ཏེ་
ཐོབ་ཞེས་ཟེར་བའོ། །ཁས་འཆེས་ཞེས་བྱ་བ་ནི་ཁས་ལེན་པའོ་ཉེས་པ་འབྱུང་ཞེས་བྱ་བ་ནི་དེའི་དངོས་པོ་བྱུང་བའོ། །ཚངས་པར་འདོད་ཅེས་བྱ་བ་ནི་བྲལ་བར་འདོད་པའོ། །དེས་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་དེ་མ་ཡིན་པའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་
སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱང་འགྱོད་པ་སྐྱེས་ནས་དོགས་ཤིང་རྣམ་པར་དོགས་ཏེ་ཡིད་ལ་གཅགས་པའོ། །ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །མ་མཐོང་བར་མཐོང་ངོ་ཞེས་བྱ་བ་ནི་མིག་གི་རྣམ་པར་
ཤེས་པས་སོ། །གསོབ་ཅེས་བྱ་བ་ནི་བསྒྲུབ་པའི་དོན་མེད་པ་ལ་བྱའོ། །ཟང་ཟིང་ཅུང་ཟད་ཀྱི་ཕྱིར་དགོས་པའི་དངོས་པོ་དང་དོན་མེད་པས་ན་གསོག་གོ། །ཡང་དག་པའི་འདུ་ཤེས་བཅབས་ནས་དོན་གཞན་ལ་སྒྲ་བཞིན་དུ་ཚིག་སྨྲ་བ་ནི་བརྫུན་ཞེས་བྱའོ། །མངོན་པའི་ང་རྒྱལ་མ་
เล่ม ๑๕๕ · หน้า 42a
གཏོགས་ཞེས་བྱ་བ་ནི་གནས་དབེན་པ་ན་གནས་ཤིང་ཉོན་མོངས་པ་མངོན་དུ་མི་སྤྱོད་པས་ཡང་དག་པའི་དོན་ཆུད་དོ་སྙམ་དུ་སེམས་པའི་ཕྱིར་ན་མ་གཏོགས་སོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཀུན་ཏུ་ཡང་དག་པར་བསྟན་པའི་ཚིག་གོ། །དགེ་
སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པ་ལ་བྱའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་སྐྱོན་མེད་ཅིང་བཤོལ་བར་མི་འོས་པ་ལ་བྱའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ལྟུང་བ་ཉེས་པ་ཅན་མི་མཚུངས་པ་ཐ་ཤལ་དེ་ལ་བྱ་སྟེ། དེ་བྱུང་ན་བྱུང་མ་
ཐག་ཏུ་དགེ་སློང་མ་ཡིན། ཤཱཀྱའི་སྲས་པོ་ཡིན་ཕས་ཕམ་པའོ་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་གང་ལ་ཉེས་པ་དེ་ལྟ་བུ་བྱུང་བའི་གང་ཟག་དགེ་འདུན་གྱི་ནང་དུ་མི་ཆུད་ཅིང་གསོ་སྦྱོང་དང་ཚུལ་དུ་འཇུག་པ་དང་གང་ཟག་བཅུ་གཉིས་ཀྱི་ལས་ལ་མི་ཆུད་
པས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །དགེ་སློང་གིས་ཆོས་བཞི་པོ་དེ་དག་ལ་ཞེས་བྱ་བ་ནི་གང་དུ་ཕས་ཕམ་པ་བཞི་པོ་དེ་གང་ཡང་རུང་བའོ། །དང་པོ་ཇི་ལྟ་བུ་བཞིན་ཞེས་བྱ་བ་ནི་ཁྱིམ་པ་ལ་བྱའོ། །གནས་པར་མི་བྱ་བ་ནི་དགེ་སློང་རྣམས་དང་ཆོས་དང་། ཟང་ཟིང་གི་
ལོངས་སྤྱོད་ལ་མི་ཆུད་ཅིང་གནས་ཁང་གཅིག་ཏུ་མི་གནས་པ་ལ་བྱའོ། །ཕས་ཕམ་པའི་རིམ་པ་ཡང་དེ་ལྟར་གཞག་པ་ཡང་ཅིའི་ཕྱིར་གཞག་སྙམ་པ་ལ་ཡང་རྩ་བ་བཞི་ལ་སྡིག་པ་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཆེ་བ་ཡིན་ཞེས་མདོ་སྡེ་དག་ལས་འབྱུང་མོད་ཀྱི་འདིར་དང་པོ་
གང་སྔར་བྱུང་བ་དེའི་རིམ་པ་བཞིན་དུ་བཤད་དེ། དེའི་ཕྱིར་ན་དང་པོ་ཁོ་ནར་མི་ཚངས་པར་སྤྱོད་པའི་ཆོས་འཇིག་རྟེན་དུ་བྱུང་ངོ་། །དེའི་འོག་ཏུ་མ་བྱིན་པར་ལེན་པའི་ཆོས་བྱུང་ངོ་། །དེའི་ཕྱི་ནས་མི་གསོད་པ་དང་བརྫུན་དུ་སྨྲ་བ་བྱུང་སྟེ། དེ་ལྟར་ན་མི་ཚངས་པར་སྤྱོད་པའི་རྒྱུས་མ་བྱིན་པར་ལེན་
ཏོ། །མ་བྱིན་པར་ལེན་པ་དེའི་རྒྱུས་ན་ནོར་གྱི་བདག་པོ་གསོད་དོ། །དེ་ལྟར་གསོད་པའི་རྒྱུས་ན་བརྫུན་དུ་སྨྲ་བ་བྱུང་ངོ་། །དེ་ལྟར་གཅིག་གི་རྒྱུས་གཅིག་བྱུང་བས་ན་རིམ་པ་དེ་ལྟར་སྦྱར་ཏེ་བཞག་གོ། །གཞན་ཡང་བརྫུན་དུ་སྨྲ་བ་ལས་བསླབ་པ་བཅས་པའི་རྣམ་གྲངས་ལ་གླེང་གཞི་ནི་
เล่ม ๑๕๕ · หน้า 42b
སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་ཁང་པ་བརྩིགས་པ་ན་བཞུགས་སོ། །དེའི་ཚེ་ཡུལ་མཉམ་ཀའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡུལ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་སུ་འཐབ་ཅིང་འཁྲུགས་པར་གྱུར་ཏོ། །མ་སྐྱེས་དགྲས་ཡན་ལག་བཞི་
པའི་དཔུང་གི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཀུན་གོ་བསྐོན་ཏེ། ཡུལ་བྲི་ཛི་གཞོམ་པར་བཤམས་པ་དང་། ཡུལ་བྲི་ཛི་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ཀྱིས་མ་སྐྱེས་དགྲའི་དཔུང་གི་ཚོགས་དག་མཐོང་ནས་
ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་སྦྲན་ཏེ། ཡངས་པ་ཅན་པ་ཡང་དཔུང་བཞི་དང་ཆས་ཏེ་དོང་ངོ་། ལིཙྪ་བཱི་རྣམས་ཀྱིས་འཕགས་པ་མཽད་གལ་ལ་བདག་གང་རྒྱལ་བར་འགྱུར་ཞེས་དྲིས་པ་དང་། ལིཙྪ་བཱི་རྣམས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་ལུང་བསྟན་ཏོ། །དེ་དག་ཀྱང་
གཡུལ་སྤྲད་པ་དང་། སྔར་ནི་ལིཙྪ་བཱི་རྣམས་རྒྱལ། སླད་ཀྱིས་ནི་མ་སྐྱེས་དགྲ་རྒྱལ་བར་གྱུར་ཏོ། །འཕགས་པ་མཽད་གལ་གྱི་བུས་མ་རྟོགས་ཞེས་སྐྱེ་བོ་རྣམས་འཕྱ་བར་གྱུར་ཏེ། དྲུག་སྡེ་རྣམས་ཀྱིས་ལྟུང་བ་བྱུང་གི་གཎྜཱི་དེ་བརྡུངས་ཏེ་བསྐྲད་པའི་ལས་བྱས་པ་དང་། སྙན་དུ་བདས་
ཏེ་ཉེས་པ་མེད་དེ། སྔར་ནི་ལིཙྪ་བཱི་རྒྱལ་བར་གྱུར་པས་ན། ཕྱིས་གང་རྒྱལ་ཞེས་མ་སྨྲས་པས་མ་ཉེས་སོ་ཞེས་བཀའ་སྩལ་ཏོ། །གླེང་གཞི་ནི་ཡངས་པ་ཅན་ན་སྟེ། དེའི་ཚེ་མུ་སྟེགས་ཅན་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པོ་ཞེས་ལུང་བསྟན་པ་དང་། མཽད་གལ་
གྱི་བུས་ཞག་བདུན་ན་ཆར་འབབ་པོ་ཞེས་ལུང་བསྟན་པས་སོ་སོ་རང་རང་གི་བང་མཛོད་ནས་འབྲུ་སྣ་ཚོགས་ཕྱུང་སྟེ་ས་བོན་བཏབ་པོ། །ཞག་དྲུག་ལོན་པ་དང་ཕྱོགས་བཞི་ནས་སྤྲིན་ཡང་ལངས། ཆར་ཡང་ཅུང་ཟད་ཅིག་འབབ་པ་དང་། དེ་ནས་སེམས་ཅན་གྱི་ལས་ཀྱིས་ཆར་མེད་པར་
གྱུར་ཏོ། །ཞག་བདུན་གྱི་ཚེ་ལུང་བསྟན་པ་བཞིན་དུ་འབབ་ལ་ཕྱིས་འབབ་པར་འགྱུར་རམ་མི་འགྱུར་མ་དྲིས་པས་ཉེས་པ་མེད་དོ། །གླེང་གཞི་ནི་ཡངས་པ་ཅན་ན་སྟེ། དེའི་ཚེ་གཅེར་བུ་པའི་ཆུང་མ་ཞིག་རུམ་ན་བུ་ཡོད་པར་གྱུར་ཏེ། མུ་སྟེགས་ཅན་གྱི་ལྟས་མཁན་གྱིས་ནི་བུ་མོར་
เล่ม ๑๕๕ · หน้า 43a
ལུང་བསྟན། མཽད་གལ་གྱི་བུས་ནི་ཁྱེའུར་ལུང་བསྟན་ཏོ། །སླད་ཀྱིས་བུ་མོ་ཞིག་བཙས་པ་དང་། མུ་སྟེགས་ཅན་རྣམས་ཀྱིས་འཕྱས་ཏེ། དྲུག་སྡེ་རྣམས་ཀྱིས་བསྐྲད་པའི་ལས་བྱས་པ་དང་། བཀའ་སྩལ་པ། ཉེས་པ་མེད་དོ། །སེམས་ཅན་གྱི་ལས་
བསམ་གྱིས་མི་ཁྱབ་པས་མངལ་གྱི་ནང་ན་ཁྱེའུ་ཡིན་ཏེ། ཕྱིས་ནས་མཚན་གྱུར་ཏེ་བུ་མོར་གྱུར་པས་ན་ཉེས་པ་མེད་དོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ཁྱིམ་བདག་ཅིག་གིས་ཐོས་པ། དགེ་སློང་གི་དགེ་འདུན་རྣམས་མི་རེ་བར་བཤོས་གསོལ་ན་ལོངས་སྤྱོད་ཆེན་པོར་
འགྱུར་རོ་ཞེས་ཐོས་ནས་དགེ་འདུན་ཀུན་སྤྱན་དྲངས་ཏེ། ཟངས་ཁལ་ཚད་མར་གྱིས་བཀང་སྟེ། དེའི་ནང་དུ་ཤ་བཙོས་ནས་ཤ་ཁུ་ལྷུང་བཟེད་རེ་རེ་ཕུལ་ལོ། །དེའི་ཉིན་པར་ཡུལ་ངན་བྱུང་ནས་ལྷུང་བཟེད་རྣམས་ཤ་ཁུས་སྣུམ་པས་ཆུ་དྲོན་གྱི་གན་དུ་ཕྱིན་ནས་འཁྲུ་ཞིང་འཁོད་པ་
དང་། དགེ་སློང་དེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་ཆུ་དྲོན་འདི་གང་ནས་འབབ་ཅེས་སྨྲས་པ་དང་། མཽད་གལ་གྱི་བུས་མཚོ་ཆེན་པོ་མ་དྲོས་པ་ནས་འབབ་པོ་ཞེས་བྱས་པ་དང་། བསྙེན་དགའ་བོས་མཚོ་མ་དྲོས་པ་ནི་ཡན་ལག་བརྒྱད་དང་ལྡན་ཏེ། གྲང་བ་ཡིན་ན་ཅི་སྟེ་ཆུ་ཚ་བར་
གྱུར། བརྫུན་དུ་སྨྲས་པ་ཡིན་ནོ་ཞེས་བསྐྲད་པའི་ལས་བྱས་པ་དང་། སངས་རྒྱས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ལ་ལྟུང་བ་མེད་དེ། ཆུ་དེ་ནི་ཚ་བའི་སེམས་ཅན་དམྱལ་བ་བརྒྱད་ཀྱི་སྟེང་ན་འབབ་པས་དྲོ་བ་ཡིན་ནོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་
ན་ཚེ་དང་ལྡན་པ་མཽད་གལ་གྱི་བུས་དགེ་སློང་དག་ལ་སྨྲས་པ། བདག་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་བདག་སྙོམས་པར་ཞུགས་པའི་ཚེ་རྫིང་བུ་སྒྲ་བསྐྱུང་གི་འགྲམ་ན་གླང་པོ་ཆེ་བརྒྱ་སྟོང་མང་པོ་སྒྲ་གྲག་པ་བདག་གིས་ཐོས་ཞེས་སྨྲས་པ་དང་། བསྙེན་དགའ་བོས་ཆོས་ཀྱི་ཚུལ་
བཤིག་པར་མ་བྱེད་ཅིག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ན་གཟུགས་ཀྱི་འདུ་ཤེས་མེད་ཅིང་སྒྲའི་འདུ་ཤེས་དང་བྲལ་བ་ཡིན་ན། དེ་ལྟར་བྲལ་བ་ལ་གཟུགས་མཐོང་ཞིང་སྒྲ་ཐོས་པར་ཇི་ལྟར་འགྱུར། ལྟུང་བ་བྱུང་ངོ་ཞེས་བསྐྲད་པའི་ལས་བྱས་པ་
เล่ม ๑๕๕ · หน้า 43b
དང་། བཀའ་སྩལ་པ། མཽད་གལ་གྱི་བུ་བསམ་གཏན་དང་པོ་དང་། རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པའི་ཚེ་མྱུར་དུ་སྙོམས་པར་འཇུག་ཅིང་མྱུར་དུ་ལྡང་ངོ་། །དེ་ལངས་པའི་ཚེ་ཐོས་པས་ན་མཽད་གལ་གྱི་བུ་ལ་ཉེས་པ་མེད་དོ། །ཉེས་པ་དེ་ཇི་ལྟ་བུ་ཞེ་ན། དགེ་སློང་
གིས་འདུ་ཤེས་དང་བཟོད་པ་དང་། བློ་གྲོས་སྦས་ནས་ལྷ་དང་ཀླུ་མཐོང་ངོ་། །གནོད་སྦྱིན་དང་ལུས་སྲུལ་པོ་རྣམས་མཐོང་ངོ་ཞེས་སྨྲས་ན་ཕས་ཕམ་པར་འགྱུར་རོ། །ཇི་ལྟར་མཐོང་བ་བཞིན་དུ་ཐོས་པ་ལ་ཡང་ངོ་། །ཐ་ན་རྡུལ་ཁྲོད་ཀྱི་ཤ་ཟ་མཐོང་ངོ་ཞེས་ཟེར་བ་ཡང་ཉེས་པ་
སྦོམ་པོར་འགྱུར་རོ། །དགེ་སློང་གིས་གྲོགས་མེད་པའི་དགོན་པ་ན་མི་མ་ཡིན་པས་དགེ་སློང་རྣམས་གཙེས་སོ། །དེ་ན་དགྲ་བཅོམ་པ་རྣམས་ལ་མི་གཙེ་སྟེ། ང་ལ་ཡང་མི་གཙེའོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ། །སྟན་ཁྲ་བོ་ལ་དགྲ་བཅོམ་པ་རྣམས་འདུག་སྟེ། ང་ཡང་
འདུག་གོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ། །བདག་བླ་མར་འགྱུར་རོ་ཞེ་འམ། བདག་སྟོན་པའོ་ཞེ་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདག་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་ངོ་ཞེ་ན། སྔ་མའི་རྣམ་པར་གཟིགས་པ་ལ་སྐྱབས་སུ་སོང་ངོ་ཞེ་ན་ཕས་ཕམ་པར་འགྱུར་
རོ། །འོན་ཏེ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་སོང་བས་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་བ་འདྲའོ་ཞེ་ན་སྦོམ་པོར་འགྱུར་རོ། །བདག་མི་སློབ་པའོ་ཞེ་ན་མི་སློབ་པའི་འཕགས་པ་ལུང་བསྟན་ན་ཕས་ཕམ་པར་འགྱུར་རོ། །འོན་ཏེ་འཇིག་རྟེན་བྱ་བ་མི་སློབ་པོ་ཞེ་ན། སྦོམ་པོར་
འགྱུར་རོ། །བདག་ལ་ཅུང་ཟད་ཀྱང་མེད་དོ་ཞེ་ན་ཉོན་མོངས་པ་མེད་པར་སྟོན་ན་ནི་ཕས་ཕམ་པར་འགྱུར་རོ། །དེ་མ་ཡིན་ན་ནི་སྦོམ་པོར་འགྱུར་རོ། །བདག་ནི་འཕོས་པའོ། །བདག་ནི་གྲོལ་བའོ། །བདག་ནི་འཇིག་རྟེན་པས་མི་འཇིགས་པའོ་ཞེས་སྨྲ་ན། འཕགས་པའི་སར་
བསམས་ཏེ་སྨྲས་ན་ཕས་ཕམ་པར་འགྱུར་རོ། །འོན་ཏེ་གཞན་དུ་ན་ནི་སྦོམ་པོར་འགྱུར་རོ། །བདག་གི་མིང་འདི་ནི་དགྲ་བཅོམ་པའོ་ཞེས་བྲིས་ལ་འདི་སུས་བྲིས་ཞེས་ཟེར་བ་དང་། གཞན་གྱིས་ཁྱེད་འབྲས་བུ་ཐོབ་བམ་ཞེས་དྲིས་པ་ལ། ཤིང་ཐོག་གི་འབྲས་བུ་མང་ཞིག་ལག་པ་ན་
เล่ม ๑๕๕ · หน้า 44a
བཅངས་ལ། ད་དུང་མ་སྨིན་ནོ་ཞེས་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདག་ནི་ཉམས་པའོ་ཞེས་ཟེར་བ་དང་བདག་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་མ་ཡིན་ནོ་ཞེ་ན། ཉེས་པ་སྦོམ་
པོར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ། བརྫུན་དུ་སྨྲ་བ་དང་། མི་མ་ཡིན་པ་ལ་མིར་འདུ་ཤེས་ཏེ་སྨྲ་བ་དང་། མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ཏེ་སྨྲ་བ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཕོ་ཉ་ལས་མི་ལས་བླ་མར་གྱུར་པའི་ཆོས་སྨྲ་བ་
དང་། ཕྲིན་ཡིག་དང་། ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་མི་ལས་བླ་མར་གྱུར་པའི་ཆོས་སྨྲ་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་སྨྱོས་པ་དང་། སེམས་འཁྲུགས་པ་དང་ནད་ཀྱིས་གཟིར་བ་དང་། འོན་པ་དང་། གླེན་པ་རྣམས་ལ་དགེ་སློང་གིས་
མི་ལས་བླ་མར་གྱུར་པའི་ཆོས་སྨྲ་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ར་རོ་བ་དང་། འགྲོ་བ་གཞན་དུ་གནས་པ་དང་། མི་དབེན་པ་ལ་དབེན་པར་འདུ་ཤེས་པ་དང་། སྨན་དང་སྔགས་ཀྱིས་མི་སྣང་བར་སྨྲ་བ་དང་། འཕགས་པའི་སྐད་ཀྱིས་མཐའ་འཁོབ་པ་ལ་
མཐའ་འཁོབ་པའི་སྐད་ཀྱིས་འཕགས་པ་ལ་ཡང་རུང་སྟེ། མིའི་ཆོས་ལས་བླ་མར་གྱུར་པ་སྨྲས་ན་ཐམས་ཅད་ཀྱང་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་དགེ་སློང་ལ་ཕས་ཕམ་པར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་རྣམས་ལ་ཡང་ཕས་ཕམ་པར་
འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་སྦྱོང་ལ་ནི་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་ལ་ལྟུང་བ་མེད་དོ། །གླེང་གཞི་ནི་ཡུལ་ཡངས་པ་ཅན་ནའོ། །གང་ཟག་ནི་ཉ་བ་ལྔ་བརྒྱ་
པོའོ། །ཉེས་པ་ནི་ངག་གིས་སོ། །ཉོན་མོངས་པ་ནི་ཁེ་དང་བཀུར་སྟིས་སོ། །མཚན་མ་ནི་ཕས་ཕམ་པའོ། །ཡན་ལག་ནི་རྣམ་པ་བདུན་ཏེ། མིའི་ཆོས་ལས་བླ་མར་གྱུར་པ་དང་། དེར་ཡང་འདུ་ཤེས་པ་དང་། ཕ་རོལ་མ་ཡིན་པ་དང་མི་ཡིན་པར་འདུ་ཤེས་པ་དང་། ཚིག་
เล่ม ๑๕๕ · หน้า 44b
ཏུ་སྨྲས་པ་དང་། ཕ་རོལ་གྱི་དོན་གོ་བ་དང་། འདུ་ཤེས་བཅབས་པའོ། །ཕས་ཕམ་པ་བཞིའི་མི་བརྗེད་པའི་ཚིག་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གཉིས་པ་རྫོགས་སོ།། །།སོ་སོར་ཐར་པའི་མདོ་གདོན་པ་གསུམ་པ་ལས་བརྩམས་ཏེ་མདོ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་བ་རང་བཞིན་གྱིས་གྲོང་ཁྱེར་རམ་གྲོང་རྡལ་གང་ན་གནས་ཀྱང་རུང་སྟེ། དེ་ནང་པར་
སྔར་ལངས་ནས་གཙུག་ལག་ཁང་ཆག་ཆག་བཏབ། ཕྱག་དར་བྱས། སྐྱང་ནུལ་བྱུགས་ནས་དེ་གཙུག་ལག་ཁང་གི་ཕྱི་ལོགས་སུ་བྱུང་སྟེ་རྐང་ལག་བཀྲུས། སོ་ཤིང་འཆོས་ནས་དེ་སྔ་དྲོ་ཆོས་གོས་གྱོན་ལྷུང་བཟེད་ཐོགས་ཏེ་གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས་ལ་འཇུག་
གོ། །དེ་དེ་ལྟར་བསོད་སྙོམས་ལ་ཞུགས་པའི་ཚེ་ལུས་མ་བསྲུངས། དབང་པོ་མ་བསྡམས། དྲན་པ་ཉེ་བར་མ་བཞག་པས། བསོད་སྙོམས་ལས་སླར་ཕྱིན་ནས་ཟས་ཀྱི་བྱ་བ་བྱས་ཏེ། ནང་དུ་ཡང་དག་འཇོག་ལ་ཞུགས་པའི་ཚེ་འགྲོ་བའི་བཟང་མོ་དག་མཐོང་བས་འདོད་པའི་
འདོད་ཆགས་ཀུན་ཏུ་བསྐོར་བའི་སེམས་སུ་གྱུར་ནས། དེ་རང་གི་ཡན་ལག་སྐྱེས་ལས་སུ་རུང་བས་ལག་པ་གཉིས་ཀྱིས་བཟུང་སྟེ་བསྐྱོད་ནས་ཁུ་བ་འབྱིན་ཏོ། །དེ་ནས་དགེ་སློང་གནས་ཉུལ་བ་དག །ཚེ་དང་ལྡན་པ་འཆར་བའི་གནས་ག་ལ་བ་དེར་དོང་སྟེ། ཚེ་དང་
ལྡན་པ་ཁྱོད་ཅི་བཟོད་ཅིང་ཉམས་བདེ་འམ། བདེ་བ་ལ་རེག་པར་གནས་སམ། བསོད་སྙོམས་ཀྱིས་བྲེལ་བ་ལྟ་མེད་དམ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་བདག་ནི་བསོད་སྙོམས་ཀྱིས་བྲེལ་བ་ཡང་མེད་ལ་བདག་ཉམས་བདེ་ཞིང་བདེ་བ་ལ་རེག་པར་གནས་སོ་ཞེས་
སྨྲས་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་ཁྱོད་ཇི་ལྟར་ཉམས་བདེ་ཞིང་བདེ་བ་ལ་རེག་པར་གནས་ཞེས་སྨྲས་པ་དང་། བདག་འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་བསྐོར་བའི་ཚེ་ན་བདག་གི་ཡན་ལག་སྐྱེས་བསྐྱོད་དེ་སྤྱད་པས་ན་འདོད་པའི་འདོད་ཆགས་དང་བྲལ་
เล่ม ๑๕๕ · หน้า 45a
རིམས་ནད་དང་གདུང་བ་དང་བྲལ་བར་གྱུར་ཏེ། བུད་མེད་ལ་ཆགས་པའི་བློ་མི་སྐྱེ་བས་བདེ་བ་ལ་རེག་པར་གནས་སོ་ཞེས་སྨྲས་པ་དང་། དགེ་སློང་གིས་དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཆར་བ་ལ་
ཁྱོད་ཀྱིས་དེ་ལྟ་བུ་བྱས་པ་བདེན་ནམ་ཞེས་སྨྲས་པ་དང་། བཙུན་པ་མད་དོ་ཞེས་གསོལ་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །རྨི་ལམ་གྱི་མ་གཏོགས་ཞེས་བྱ་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཚན་མོ་དགེ་སློང་དག་ཅིག་ཉལ་བའི་རྨི་ལམ་ན་མི་གཙང་
བ་ཁུ་བ་བྱུང་བར་རྨི་ནས་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་ཁུ་བ་ཕྱུང་ན་ལྷག་མར་འགྱུར་རོ་ཞེས་བསླབ་པ་བཅས་ན། བདག་ཅག་ལ་ལྟུང་བར་མ་གྱུར་ཏམ་ཞེས་འགྱོད་པ་སྐྱེས་ནས། དགེ་སློང་འདི་དག་གིས་ཀུན་དགའ་བོ་ལ་གསོལ་ཏེ། ཀུན་དགའ་
བོས་སྙན་དུ་ཞུས་པ་དང་། བཀའ་སྩལ་པ། དགེ་སློང་འདི་ལ་བསླབ་པར་འདོད་པ་དང་། བསླབ་པ་ལ་ནན་ཏན་བྱེད་པ་བསྔགས་པ་བརྗོད་ནས་དགེ་སློང་དེ་དག་ལ་དགའ་བར་ཚོར་བའི་འདུ་ཤེས་ཀྱང་ཡོད་མོད་ཀྱི། དེ་ནི་ཉམས་པར་གྱུར་པས་རྨི་ལམ་གྱི་ལྟུང་བ་མེད་
དེ་མ་གཏོགས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་བའོ། །བསམས་ནས་ཞེས་བྱ་བ་ནི་སེམས་ཀྱིས་བརྟགས་པ་ལ་བྱའོ། །ཁུ་བ་ཞེས་བྱ་བ་ནི་རྣམ་པ་ལྔ་ལྟ་བུ་ཡོད་དེ། སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། གར་བ་དང་། སླ་བའོ། །སྔོན་པོ་ནི་འཁོར་
ལོས་སྒྱུར་བའི་རྒྱལ་པོ་འམ། དེའི་བུ་ཐུ་བོའི་འོ། །སེར་པོ་ནི་བུ་གཞན་རྣམས་ཀྱིའོ། །དམར་པོ་ནི་བློན་པོ་རྣམས་ཀྱིའོ། །དབང་པོ་སྨིན་པ་རྣམས་ཀྱི་ནི་གར་བའོ། །དབང་པོ་མ་སྨིན་པ་རྣམས་ཀྱི་དང་། ཁུར་དང་ལམ་གྱིས་དུབ་པ་དང་མཚོན་གྱིས་དུབ་པ་ལ་སོགས་པ་ནི་སླ་
བའོ། །རྨི་ལམ་གྱི་མ་གཏོགས་ཞེས་བྱ་བ་ནི་རྨི་ལམ་གྱི་བཀོལ་བའོ། །ཕྱུང་ཞེས་བྱ་བ་ནི་ཕྱུང་མ་ཐག་པའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་དབང་ཡོད་ལ། དགེ་འདུན་ལ་རག་ལས་ལ་དགེ་འདུན་ལ་བརྟེན་པ་སྟེ། ལྟུང་བ་དེ་དགེ་འདུན་གྱིས་
เล่ม ๑๕๕ · หน้า 45b
དབྱུང་གི། གང་ཟག་གིས་ནི་མ་ཡིན་ནོ། །ལྷག་མ་ཞེས་བྱ་བ་ནི་ཕས་ཕམ་པ་བཞི་ལ་ལྷག་མ་མེད་ཀྱི་ལྟུང་བ་དེ་ལྷག་མ་དང་བཅས་པས་ན་དགེ་འདུན་གྱི་ལྷག་མ་ཞེས་བཤད་དོ། །ཉེས་པ་ཇི་ལྟ་བུ་ཞེ་ན་ཉེས་པ་ལྔ་སྟེ། བདེ་བར་བྱ་བ་དང་ས་བོན་དང་། རིག་སྔགས་
དང་། སྨན་དང་། བརྟག་པའི་ཕྱིར་རོ། དགེ་སློང་གིས་རྣམ་པ་ལྔ་ལྟ་བུའི་ཚུལ་གྱིས་ཁུ་བ་ཕྱུང་ན་ལྷག་མར་འགྱུར་རོ། །མ་ཕྱིན་ན་ལྷག་མའི་སྦོམ་པོར་འགྱུར་རོ། །རྨན་དང་གཡན་པ་དང་མཛེ་དང་། ཤ་བཀྲ་དང་། རྔོ་དང་། སྒོའི་ཐེམ་པ་ལ་འགོང་བ་དང་། འོབས་
ལ་མཆོང་བ་དང་། གོས་ལ་རེག་པ་དང་། བུད་མེད་སྦུ་གུ་མཐོང་བ་དང་། སྔོན་གྱི་སྤྱོད་པ་རྗེས་སུ་དྲན་པ་དང་། གཅིག་གི་བརླ་ལ་གཅིག་རེག་སྟེ་དགའ་བར་ཚོར་བ་ནི་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་ལ་ཉེས་པ་མེད་
དོ། །དང་པོ་འཛིན་པའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་དྲུག་སྡེ་པོ་རང་བཞིན་གྱིས་ཛེ་ཏའི་གཙུག་ལག་ཁང་གི་སྒོ་སྟོང་པར་མི་འཇོག་སྟེ། དེའི་ཚེ་ཚེ་དང་ལྡན་པ་འཆར་བའི་རེས་ལ་བབ་པ་ན་ཛེ་ཏའི་གཙུག་ཁང་གི་སྒོ་ན་སྒོ་སྲུང་ཞིང་
འཆག་ཅིང་འདུག་པ་དང་། ཚེ་དང་ལྡན་པ་འཆར་བ་ནི་གྲོང་ཁྱེར་ཆེན་པོ་དྲུག་གི་མི་རྣམས་ཀྱི་མིའི་རུས་དང་། རིགས་དང་། གཟུགས་དང་། བཟོའི་ལས་དང་། འཚོ་བ་ལ་སོགས་ཏེ་མི་ཤེས་པའམ། མི་མཐོང་བ་གཅིག་ཀྱང་མེད་པས། དེའི་ཚེ་གྲོང་གི་བུད་མེད་
མང་ཞིག་གཙུག་ལག་ཁང་དུ་ལྟ་ཞིང་ཕྱག་འཚལ་དུ་ལྷགས་པ་དང་། འཆར་བས་འདི་ཞེས་བྱ་བའི་བུ་མོ། འདི་ཞེས་བྱ་བའི་ཆུང་མ། འདི་ཞེས་བྱ་བའི་མནའ་མ། འདི་ཞེས་བྱ་བའི་སྲིང་མོ་ཁྱེད་ཅག་བདེ་བར་ལྷགས་སམ། ཁྱེད་ཅག་གར་འགྲོ་ཞེས་སྨྲས་པ་དང་།
འཕགས་པ་འཆར་བ་བདག་ཅག་ནི་མི་ཁོམ་པ་དགུ་དང་ལྡན་པས། གཞན་ལ་ནི་མི་ཁོམ་པ་བརྒྱད་གསུངས་ན་བདག་ཅག་ཁྱིམ་གྱི་བྱ་བས་བྲེལ་བ་ན་རྟག་ཏུ་མཆིར་ནི་མི་ཁོམ་སྟེ། དེ་བདག་ཅག་ལྷ་ཁང་དུ་ལྟ་ཞིང་ཕྱག་འཚལ་དུ་འོངས་སོ་ཞེས་སྨྲས་པ་དང་། འཆར་བས་
เล่ม ๑๕๕ · หน้า 46a
སྨྲས་པ་ཤིན་ཏུ་ལེགས་ཏེ། གསེར་སྲང་ཁྲི་ཡོན་དུ་ཕུལ་བ་བས་མཆོད་རྟེན་ལ་ཕྱག་འཚལ་བ་བསོད་ནམས་ཆེ་ཞིང་དགེའོ་ཞེའོ། །གོམ་པ་རེ་རེ་བོར་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱེད་ཅག་འཕགས་པ་རྣམས་ཀྱི་གནས་ཁང་ལ་ཕྱག་
འཚལ་བར་འདོད་དམ། ཕྱག་འཚལ་བར་འཚལ་ལོ། །འོ་ན་སུས་བསྟན་པར་བྱ། མར་མེ་ཡོད་བཞིན་དུ་སྒྲོན་མ་གུད་དུ་མི་ཚོལ་ཏེ། འཕགས་པ་ཉིད་ཀྱིས་བསྟན་དུ་གསོལ། འཆར་བས་བསམས་པ། གཙུག་ལག་ཁང་བསྟན་ན་ནི་དགེ་བའི་བར་ཆད་དུ་ཡང་འགྱུར། མ་
བསྟན་ན་ནི་མ་རུངས་པ་འདི་དག་གིས་བསོད་སྙོམས་ཀྱང་མི་སྟེར་བའི་སྟེངས་སུ། བཅོམ་ལྡན་འདས་ཀྱིས་ཀྱང་མ་དད་པ་དང་མ་དུལ་བ་རྣམས་དུལ་བ་དང་། དད་པ་དང་བ་ཕུན་སུམ་ཚོགས་པར་གྱིས་ཤིག་ཅེས་བཀའ་སྩལ་པས་ན་བདག་གིས་བསྟན་དགོས་སོ་སྙམ་ནས། དེ་ནི་སངས་རྒྱས་ཀྱི་
གནས་ཁང་ངོ་། །དེ་ནི་ཅང་ཤེས་ཀཽཎྜི་ནྱའིའོ། །དེ་ནི་འོད་སྲུངས་ཆེན་པོའིའོ། །དེ་ནི་ཤཱ་རིའི་སྲས་པོའིའོ། །དེ་ནི་འཕགས་པ་མཽད་གལ་གྱིའོ། །དེ་ནི་འཕགས་པ་མ་འགགས་པའིའོ། །དེ་ནི་ཚེ་དང་ལྡན་པ་ཀུན་དགའ་བོའིའོ། །དེ་ནི་སྒྲ་གཅན་གྱིའོ། །དེ་ནི་དྲུག་སྡེ་རྣམས་
ཀྱིའོ། །དེ་ནི་ངའི་གནས་ཁང་ངོ་། །དེ་ལྟར་ཐར་ཆགས་ཀྱིས་ཀྱང་ཕྱག་འཚལ་དུ་བཅུག་གོ། །དེ་ལྟར་ཕྱག་འཚལ་ནས་བུད་མེད་རྣམས་ཀྱིས་འཆར་བ་ལ་ཆོས་བཤད་དུ་གསོལ་ཏོ། །འཆར་བས་ཀྱང་ཆེ་ཞེ་དག་ལེགས་ཀྱི། ཆོས་བཤད་ཀྱི་གདན་བཏིང་ལ་འཁོད་ཅིག་
ཅེས་བྱས་པ་དང་། དེ་དག་གིས་འཆར་བའི་རྐང་པ་ལ་ཕྱག་འཚལ་ནས་འཁོད་དེ། དེ་དག་ལ་འཆར་བ་ཆོས་སྟོན་པ་ལ་ཞུགས་ཏེ། ཇི་ལྟ་ཇི་ལྟ་བུར་ཆོས་སྟོན་པ་དེ་ལྟ་དེ་ལྟ་བུར་ཀུན་དུ་ཆགས་སོ། །ཅི་ལྟར་ཆགས་པ་དེ་ལྟར་ཞེན་ཏོ། །ཅི་ལྟར་ཞེན་པ་དེ་ལྟ་བུར་ལག་
ནས་འཛིན་ཅིང་། ཡན་ལག་དང་ཉིང་ལག་ནས་ནོམ་མོ། །དེ་ལ་གང་དག་དགའ་བར་ཚོར་བ་དེ་དག་ནི་ཀུན་དུ་རྩེ་གད་རྒྱངས་བྱེད་འཛེམ་སྙེས་ལུས་ཀྱིས་སྙོགས་སོ། །གང་དག་དགའ་བར་མ་ཚོར་བ་དེ་དག་ནི་དེ་ནས་བྱུང་སྟེ། འཆག་ས་དང་སྒོ་ཁང་དག་ན་འཕྱ་སྟེ་བདག་ཅག་
เล่ม ๑๕๕ · หน้า 46b
གི་སྐྱབས་ལས་ཀྱང་། གནོད་པ་དང་འཁྲུགས་པ་དེ་ལྟ་བུ་བྱུང་བ་ལྟ་ཞེས་མི་སྙན་པར་ཟེར་ཞིང་དོང་བ་དང་། དགེ་སློང་དག་ཅིག་མདུན་ནས་འོང་བ་ཐོས་ཏེ། ཁྱེད་སུ་ལ་ཁ་ཟེར་འཕགས་པ་ཁྱོད་ལའོ། །ངེད་ཀྱིས་ཅི་ཞིག་བྱས་འཕགས་པ་འཆར་བས་བདག་ཅག་གི་
ཡན་ལག་དང་ཉིང་ལག་ཁྱིམ་ཐབ་ཀྱིས་ཀྱང་མ་མནམ་མ་རེག་པའི་གནས་ཐམས་ཅད་དུ་རེག་སྟེ་མནམས་པས་ན་གལ་ཏེ་བདག་ཅག་གི་ཕ་མ་དང་མིང་པོས་ཐོས་ན་ཡང་ཛེ་ཏའི་གཙུག་ལག་ཁང་དུ་མིག་གིས་ཀྱང་ལྟར་མི་སྟེར་ན་འགྲོ་བ་ལྟ་ཅི་སྨོས་ཞེས་འཛེར་ཏོ། །དགེ་སློང་དག་
གིས་ཆེ་ཞེས་འཆར་བ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། ཉེ་འཕེན་གྱི་བུ་ལས་རབ་ཏུ་བྱུང་བས་ན། འདོད་ཆགས་ཤས་ཆེ་བས་ན། ཐབས་དེ་ཉིད་ཀྱིས་འདོད་ཆགས་སེལ་ཏོ། །འཆར་བ་ལ་སླན་ཆད་དེ་ལྟ་བུ་མ་བྱེད་ཅིག་ཅེས་བསྒོས་ཆེ་ཞེ་དག་དེ་ལྟ་བུ་མ་ཟེར་བར་དེངས་ཤིག་
འཕགས་པ་དག་བསྒོ་ཡང་རུང་མ་བསྒོ་ཡང་རུང་སྟེ། བདག་ཅག་ནི་སླན་ཆད་ཛེ་ཏའི་གཙུག་ལག་ཁང་དུ་མི་མཆིའོ་ཞེས་འཕྱ་བཞིན་དུ་དོང་ངོ་། །འཆར་བ་ཡང་གཙུག་ལག་ཁང་ནས་དགོད་བཞིན་དུ་ཕྱི་བཞིན་དུ་འོང་ངོ་། །ཚེ་དང་ལྡན་པ་ཁྱོད་དེ་ལྟ་བུ་མི་མཛེས་པ་བྱས་ཀྱང་བགད་དུ་
ཅི་ཡོད་ཅེས་སྨྲས་པ་དང་། ཅི་ངས་ཆང་འཐུངས་སམ་འོན་ཏེ་སྒོག་པ་ཟོས། ཁྱིམ་བདག་གི་བུད་མེད་རྣམས་ནི་ཁྱོད་ལ་འཕྱ་བཞིན་དུ་དོང་ངོ་། །འཆར་བས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་རྣམས་ཀྱི་རང་བཞིན་གྱིས་དེ་འདྲ་སྟེ། སེར་སྣ་ཆེ་བས་ན་ཆོས་ཚིག་བཞིའི་ལེའུ་གཅིག་ཀྱང་
སུ་ལ་ཡང་མི་སྟོན་པའི་སྟེང་དུ་གཞན་སྟོན་ཅིང་སེམས་ཅན་གྱི་དོན་བྱེད་པ་ལ་ཡང་འཕྱའོ། །ཅི་ཁྱོད་ཀྱིས་བདེན་པ་ལ་བཀོད་དམ། འཆར་བས་སྨྲས་པ། དེ་དག་རེ་ཞིག་དབང་པོ་སྨིན་པར་བྱས་ལ་མཐར་གྱིས་བདེན་པ་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་དང་། དགེ་སློང་རྣམས་འཕྱ་སྟེ་
གང་གིས་ངོ་ཚ་བ་དེ་ཉིད་ཀྱིས་ང་རྒྱལ་བསྐྱེད་དམ་ཞེས་མི་སྙན་པར་ཟེར་རོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས་འཆར་བ་བཀུག་སྟེ། བཀའ་སྩལ་པ། དེ་ལྟར་གྱུར་པ་བདེན་ནམ་ཞེས་སྨྲས་པ་དང་། བཙུན་པ་མད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་བྱ་བ་མ་ཡིན་
เล่ม ๑๕๕ · หน้า 47a
མཐུན་པ་མ་ཡིན་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས་འདུལ་བ་ལ་བསླབ་པའི་གནས་བཅས་ཏེ་ཡང་དགེ་སློང་གང་ཞེས་རྩ་བའི་ཚིག་རྣམས་སོ། །དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གང་གཞན་ཡང་དེ་འདྲའོ། །ཆགས་ཤིང་བརྟུལ་བའི་སེམས་
ཀྱིས་ཞེས་བྱ་བ་ནི་ཆགས་པའི་སེམས་ཡོད་ལ་བརྟུལ་བའི་སེམས་མེད་པ་དང་། བརྟུལ་བའི་སེམས་ཡོད་ལ་ཆགས་པའི་སེམས་མེད་པ་དང་། ཆགས་པ་ཡང་ཡོད་ལ་བརྟུལ་བ་ཡང་ཡོད་པ་དང་། ཆགས་པ་ཡང་མེད་ལ་བརྟུལ་བ་ཡང་མེད་པའོ། །ཆགས་པ་ཞེས་བྱ་
བ་ནི་བརྟུལ་བ་མ་ཡིན་ཏེ། སེམས་གང་ལ་ཆགས་པའི་དངོས་པོ་ལ་ཀུན་དུ་བསྐོར་བ་ལ་གནས་པའོ། །བརྟུལ་བ་ནི་ཆགས་པ་མ་ཡིན་ཏེ། སེམས་གང་གིས་སྡུག་པ་ལ་ཞེན་པའི་སེམས་སོ། །ཆགས་པ་ཡང་ཡོད་ལ་བརྟུལ་བ་ཡང་ཡོད་པ་ནི་སེམས་གང་ཆགས་ཤིང་ཆགས་
པས་ཀུན་ནས་བསྐོར་བ་དང་། སྡུག་པ་ལ་ཞེན་པའི་སེམས་སོ། །ཆགས་པ་ཡང་མ་ཡིན་བརྟུལ་བ་ཡང་མ་ཡིན་པ་ནི་དེ་ལྟ་བུ་མེད་པའོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ནི་བུད་མེད་གང་གཞོན་ནུ་མ་མི་ཚངས་པར་སྤྱད་པར་རུང་བའོ། །རེག་ཅེས་བྱ་བ་ནི་ལུས་ཀྱིས་སྤྲད་པའོ། །
གྱུར་ཏམ་ཞེས་པ་ནི་བྱེད་པའོ། །ལག་པ་ནས་བཟུང་ཞེས་བྱ་བ་ནི་མཁྲིག་མ་མན་ཆད་དོ། །ལན་བུ་ནས་བཟུང་ཞེས་བྱ་བ་ནི་སྐྲ་སྟེ། དེ་དང་ལྷན་ཅིག་ལྡན་པ་ཅོད་པན་ཡང་ངོ་། །ཡན་ལག་དང་ཉིང་ལག་ཀྱང་རུང་བ་ཞེས་བྱ་བ་ནི་ལག་པའམ་དཔུང་པ་ནས་གཟུང་བ་མ་
གཏོགས་པ་གཞན་ནས་བཟུང་བའོ། །ནོམ་ཀུན་དུ་ནོམ་པ་དགའ་བར་ཚོར་ཞེས་བྱ་བ་ནི་ཉམས་སུ་མྱོང་བའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་ཉིད་ལྷག་མ་དང་བཅས་པ་དང་དགེ་འདུན་ལ་རག་ལུས་པས་ན་དགེ་འདུན་གྱི་ལྷག་མ་ཞེས་བཤད་དོ། །དེ་ལ་ཉེས་པ་གང་ཞེ་ན།
རྣམ་པ་དགུ་སྟེ། ནོམ་པ་དང་། ཀུན་དུ་ནོམ་པ་དང་། འཁྱུད་པ་དང་། འཛིན་པ་དང་། འདྲེན་པ་དང་། ཀུན་དུ་འདྲེན་པ་དང་། འདེགས་པ་དང་། འབེབས་པ་དང་། མངོན་དུ་བཙིར་བའོ། །ནོམ་པ་ཇི་ལྟ་བུ་ཞེ་ན། དགེ་སློང་འདོད་ཆགས་ཀྱིས་བརྟུལ་བའི་སེམས་ཀྱིས་བུད་མེད་གཞོན་
เล่ม ๑๕๕ · หน้า 47b
ནུ་མ་མི་ཚངས་པར་སྤྱད་དུ་བཟོད་པ་དེ་ལ་སྤྱི་བོ་ནས་མནམས་ཏེ་གོས་ཀྱིས་མ་ཆོད་ན་ལྷག་མར་འགྱུར་རོ། །ཆོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་སྤྱི་བོར་ནོམ་པ་དེ་བཞིན་དུ་འཕྲལ་བ་དང་མཁུར་ཚོས་དང་། མཆུ་དང་། ཀོསྐོ་དང་། རྣ་བ་དང་། མགྲིན་པ་དང་། དཔུང་
མགོ་དང་། རྒྱབ་དང་། ཐ་ན་རྐང་པའི་མཐེ་བོང་ཡང་རུང་སྟེ། ཐམས་ཅད་དུ་ལྷག་མར་འགྱུར་རོ། །ཇི་ལྟར་ཀུན་དུ་ནོམ་པ་ལ་ཇི་ལྟར་ཉེས་པའི་དམིགས་སུ་འགྱུར་བ་དེ་བཞིན་དུ་ཀུན་དུ་ནོམ་པ་དང་། འཁྱུད་པ་དང་། འཛིན་པ་དང་། འདྲེན་པ་དང་། འདེགས་པ་དང་། །
འབེབས་པ་དང་། བཙིར་བ་ལ་ཡང་ཀུན་དུ་ནོམ་པ་བཞིན་སྦྱར་རོ། །གང་སྤྱད་དུ་རུང་བ་ལ་དགེ་འདུན་གྱི་ལྷག་མར་སྦྱར་རོ། །སྤྱད་དུ་མི་བཟོད་པ་ལ་སྦོམ་པོར་འགྱུར་རོ། །སྐྱེས་པ་དང་། མ་ནིང་དང་། ཟ་མ་དང་། མཚན་གཉིས་པ་སྤྱད་དུ་བཟོད་པ་ལ་སྦོམ་པོའོ། །སྤྱད་དུ་མི་
བཟོད་པ་ལ་ཉེས་བྱས། བྱོལ་སོང་ལ་ཡང་ཉེས་བྱས་སུ་འགྱུར་རོ། །མ་དང་སྲིང་མོ་དང་། བུ་མོར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །མེའམ་ཆུར་ལྟུང་བ་དང་། དུག་ཟོས་པ་དང་། མཚོན་གྱིས་འདེབས་པ་དང་། གཡང་དུ་ལྷུང་བ་དང་། ཐག་པས་འགེག་པ་དང་། འཆིར་
ཆས་པ་ལ་ཟློག་པ་ནི་བུད་མེད་ལ་རེག་ཀྱང་ཉེས་པ་མེད་དོ། །བུད་མེད་ལུས་ཀྱི་དབང་པོ་ཉམས་པ་འམ། དགེ་སློང་གི་ལུས་ཀྱི་དབང་པོ་ཉམས་ཀྱང་རུང་སྟེ། རེག་ན་གཉིས་ཀ་ཡང་འདྲ་སྟེ་སྦོམ་པོར་འགྱུར་རོ། །གཉིས་ཀ་ཡང་ཉམས་ལ་གཅིག་ལ་གཅིག་རེག་ན་ཉེས་བྱས་སུ་འགྱུར་
རོ། །བུད་མེད་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་རེག་ན་སྦོམ་པོར་འགྱུར་རོ། །སོས་སོ་ལ་རེག་པ་དང་། སྤུས་སྤུ་ལ་རེག་པ་དང་། རྨ་ལ་རེག་པ་དང་། སེན་མོ་ལ་རེག་པ་ནི་སྦོམ་པོར་འགྱུར་རོ། །བུད་མེད་མ་ལགས་པར་འདུ་ཤེས་པ་དང་། བུད་མེད་མ་ལགས་པ་ལ་
བུད་མེད་དུ་འདུ་ཤེས་པ་དང་། གོས་ཀྱིས་གཡོགས་པ་དང་། མ་གཡོགས་པ་ལ་གཡོགས་པར་འདུ་ཤེས་པ་ནི་ཐམས་ཅད་ཀྱང་སྦོམ་པོར་འགྱུར་རོ། །བུད་མེད་གཞན་ལ་རེག་པར་བྱས་པ་ལས་བུད་མེད་གཞན་ལ་རེག་པ་དང་། བུད་མེད་ཀྱི་རོ་ལ་རེག་པ་དང་། འགྲོ་བ་གཞན་
เล่ม ๑๕๕ · หน้า 48a
དུ་གནས་པ་ལ་རེག་པ་དང་། མ་ནིང་ལ་རེག་པ་ལ་སོགས་ཏེ་ཐམས་ཅད་ཀྱང་སྦོམ་པོར་འགྱུར་རོ། །གོས་ཀྱིས་མ་གཡོགས་པ་ལ་བུད་མེད་ཀྱང་ཡིན་ལ་སྤྱད་ཀྱང་བཟོད་པ་དང་། ལུས་ཀྱང་མ་ཉམས་ལུས་ཀྱིས་ཀྱང་རེག་སྟེ་དགའ་བར་ཚོར་ན་ཡན་ལག་ཚང་བ་ཞེས་བྱའོ། །ཡན་ལག་མ་
ཚང་ན་ཐམས་ཅད་ཀྱང་སྦོམ་པོར་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །འཁྲིག་ཚིག་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དྲུག་སྡེ་པོ་རྣམས་རང་བཞིན་གྱིས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་གི་སྒོ་སྟོང་པར་མི་འཇོག་སྟེ།
དེའི་ཚེ་ན་ཚེ་དང་ལྡན་པ་འཆར་བ་གཙུག་ལག་ཁང་གི་སྒོ་ན་འཆག་ཅིང་འདུག་པ་དང་། གྲོང་མིའི་བུད་མེད་རྣམས་གཙུག་ལག་ཁང་དུ་ཕྱག་འཚལ་དུ་ལྷགས་པ་རྣམས་ལ་སོ་སོའི་རྒྱུས་ལ་མཁས་པས་ན། སོ་སོའི་མིང་ནས་ཕྱུང་ཞིང་བདེ་བར་འོངས་སམ་ཞེས་དྲིས་ནས་གཙུག་
ལག་ཁང་དང་། གནས་ཁང་རིམ་གྱིས་བསྟན་པའི་བར་དུ་སྔ་མ་བཞིན་ནོ། །དེས་དེ་ལྟར་ཆོས་སྟོན་པ་ན། སྡིག་པ་ཅན་དབྱུང་བར་མི་འོས་པ་འཁྲིག་པ་དང་ལྡན་པའི་ཚིག་སྨྲས་པ་ལ་ཞུགས་པས་ན་ཁྱིམ་མི་མོ་དེ་དག་མི་སྙན་པར་འཕྱ་ཞིང་དོང་བ་དང་། དགེ་སློང་དག་གིས་ཆེ་
ཞེ་ཁྱེད་ཅག་སུ་ལ་འཕྱ། ཁྱོད་ལའོ། །ངེད་ཀྱིས་ཅི་ཞིག་བྱས། བདག་ཅག་གིས་དྭ་དང་། རྒྱན་པོ་པ་དང་། ནལ་གྱི་བུ་ལས་མ་ཐོས་པར་ཁྱེད་འཕགས་པ་འཆར་བ་ལས་ཐོས་སོ། །ཁྱོད་ཅག་མ་ཟེར་ཅིག །ངེད་ཀྱིས་འཆར་བ་ལ་བསྒོ་བར་བྱའོ། །བསྒོ་ཡང་རུང་མ་བསྒོ་
ཡང་རུང་། སླན་ཆད་ཛེ་ཏའི་གཙུག་ལག་ཁང་དུ་མིག་ཀྱང་མི་ལྟའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་སྙན་དུ་གསོལ་པ་དང་། བཀའ་སྩལ་པ་འཆར་བ་བཀུག་སྟེ་རྨས་པ་ན། བཙུན་པ་མད་དོ་ཞེས་གསོལ་ནས། དགེ་སྦྱོང་གི་བྱ་བ་མ་ཡིན་ཞེས་བྱ་བ་ནས། ཡང་དགེ་སློང་
ཞེས་བྱ་བའི་བར་དུ་རྩ་བའི་ཚིག་རྣམས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བ་སྟེ། ཆགས་པ་ཞེས་བྱ་བ་ནི་ཆགས་པས་ཀུན་ནས་བསྐོར་བའོ། །བརྟུལ་བ་ཞེས་བྱ་བ་ནི་ཆགས་པའི་དངོས་པོ་ལ་ཡང་དང་ཡང་དུ་ཞེན་པའོ། །བུད་མེད་ཅེས་
เล่ม ๑๕๕ · หน้า 48b
བྱ་བ་ནི་གང་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་ཤེས་པའོ། །གནས་ངན་ལེན་ཅེས་བྱ་བ་ནི་ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མའོ། །འཁྲིག་པ་དང་ལྡན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པའོ། །སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་ཞེས་བྱ་བ་
ནི་འདི་ལྟ་སྟེ་སྐྱེས་པས་བུད་མེད་ལའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལས་པའོ། །ཉེས་པ་གང་ཞེ་ན། དགུ་སྟེ། བསྔགས་པར་བྱེད་པ་དང་། བསྔགས་པར་མི་བྱེད་པ་དང་། བཀུག་པ་དང་། ཉེ་བར་བཀུག་པ་དང་། འདྲི་བ་དང་། ཀུན་དུ་འདྲི་བ་དང་།
སྨྲ་བ་དང་། བརྗོད་པ་དང་། གཤེ་བའོ། །བསྔགས་པར་བྱེད་པ་ལ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་ཆགས་ཤིང་བརྟུལ་བའི་སེམས་ཀྱིས་བུད་མེད་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་གོ་བར་ནུས་པ་ལ། ཆེ་ཞེ་ཁྱོད་ཀྱི་རྨའི་སྒོ་གསུམ་བཟང་བྱུང་ལ་ཤིན་ཏུ་
སྤྱོད་དུ་རུང་བའོ་ཞེ་ན། བདེན་ནམ་ཞེས་སྨྲས་ཏེ། འཁྲིག་པ་དང་ལྡན་པ་རྒྱའི་རྣ་རུ་ཞེས་བྱ་བ་སྨྲས་ན་ལྷག་མར་འགྱུར་རོ། །རྒྱའི་རྣ་རུ་ཞེས་མ་སྨྲས་ན་སྦོམ་པོར་འགྱུར་རོ། །བསྔགས་པར་མི་བྱེད་པ་གང་ཞེ་ན། ཁྱོད་ཀྱི་སྒོ་གསུམ་མི་བཟང་། དབྱིབས་ཀྱང་མི་བཟང་
སྟེ་ཤིན་ཏུ་ངན་ན་རྒྱའི་རྣ་རུ་ཞེས་སྨྲས་ན་གོང་མ་བཞིན་དུ་ཉེས་པའོ། །བཀུག་པ་ཇི་ལྟ་བུ་ཞེ་ན། ཆེ་ཞེ་ཚུར་ཤོག་འདི་དང་འདི་ལྟ་བུ་ཞིག་བྱ་བ་ཞེས་སྨྲས་ཏེ། འཁྲིག་པ་དང་ལྡན་པ་རྒྱའི་རྣ་རུ་ཞེས་བྱ་བ་ནས་གོང་མ་བཞིན་དུ་ཉེས་པའོ། །ཉེ་བར་བཀུག་པ་གང་ཞེ་ན། སྲིང་མོ་
བུད་མེད་གང་སྐྱེས་པ་དང་འདི་དང་འདི་བྱེད་པ་འདི་ནི་སུ་ལ་ཡིད་དུ་འོང་བའོ། །སྲིང་མོ་ཡང་ང་དང་འདི་ལྟ་བུ་བྱས་ན་ཡིད་དུ་འོང་ངོ་ཞེས་རྒྱའི་རྣ་རུ་ཞེས་སྨྲས་ན་གོང་མ་བཞིན་ནོ། །འདྲི་བ་ནི་སྲིང་མོ་སྐྱེས་པ་གང་བུད་མེད་ལ་དེ་དང་འདི་བྱེད་པ་ལ། དེ་དེ་ལ་སྡུག་པ་དང་ཡིད་དུ་འོང་བར་
འགྱུར་ན་བདག་ཅག་ཀྱང་འདི་བྱས་ན་ཡིད་དུ་འོང་བར་འགྱུར་རོ་ཞེས་རྒྱའི་རྣ་རུ་སྨྲས་ན་གོང་མ་བཞིན་ནོ། །ཀུན་དུ་འདྲི་བ་ནི་སྲིང་མོ་སྐྱེས་པ་གང་བུད་མེད་དང་འདི་དང་འདི་བྱེད་ན་ཡིད་དུ་འོང་ངོ་ཞེ་ན། དེ་ལྟར་ཡིན་ནམ་མ་ཡིན་ཞེས་སྨྲ་ལ་རྒྱའི་རྣ་རུ་ཞེས་སྨྲ་ན་གོང་མ་བཞིན་ནོ། །སྨྲ་
เล่ม ๑๕๕ · หน้า 49a
བ་ཅི་ལྟ་བུ་ཞེ་ན། སྲིང་མོ་བདག་ཅག་སྐྱེད་མོས་ཚལ་ག་གེ་མོ་ཞེས་བྱ་བ་ན་བཟའ་བ་དང་བཏུང་བ་དང་བགོ་བ་འདི་འདྲ་བ་ཞིག་བགོ་སྟེ། བདག་ཅག་འདི་དང་འདི་ལྟ་བུ་ཞིག་བྱས་སོ། །ཁྱོད་ཀྱང་འདིར་འོངས་ན་འདི་ལྟ་བུ་ཞིག་བྱའོ་ཞེས་ཟེར་ལ་
རྒྱའི་རྣ་རུ་ཞེས་སྨྲས་ན་གོང་མ་བཞིན་ནོ། །བརྗོད་པ་ནི་ལྷན་ཅིག་དེ་ལྟ་བུ་ཞིག་བྱས་ན་མཐོ་རིས་སུ་སོན་པ་དང་འདྲའོ་ཞེས་ཟེར་ལ་རྒྱའི་རྣ་རུ་ཞེས་སྨྲས་ན་གོང་མ་བཞིན་ནོ། །སྤྱོ་བ་ནི་རོ་ལྟ་བུའོ་ཞེས་སྤྱོ་ཞིང་རྒྱའི་རྣ་རུ་ཞེས་སྨྲས་ན་གོང་མ་བཞིན་ནོ། །བུད་མེད་ལེགས་ཉེས་ཀྱི་དོན་
གོ་བ་དེ་དགེ་སློང་གི་གན་དུ་སོང་ནས་འཕགས་པ་བདག་གི་རྨའི་སྒོ་གསུམ་ཤིན་ཏུ་བཟང་སྟེ། དོ་ལ་བབ་པོ་ཞེས་ཟེར་ཏེ། དགའ་བར་ཚོར་བ་དགེ་འདུན་གྱི་ལྷག་མར་འགྱུར་ཏེ། དངོས་པོ་ལྷག་མ་བརྒྱད་པོ་ཡང་དེ་བཞིན་དུ་སྦྱར་ཏེ། བུད་མེད་སྤྱད་མི་བཟོད་པ་དང་། སྐྱེས་
པ་དང་། མ་ནིང་དང་། མཚན་གཉིས་པ་དང་། ཟ་མ་ལ་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱད་མི་བཟོད་པ་དང་བྱོལ་སོང་ལ་ཡང་ཉེས་བྱས་སུ་འགྱུར་རོ། །སྐད་ངེས་པའི་ཚིག་དང་། ཡུལ་གྱི་ངེས་པའི་ཚིག་དང་། སྐད་ཟུར་མ་ཕྱིན་པ་ན་ཉེས་པ་མེད་དོ། །མཐའ་
འཁོབ་པའི་སྐད་དང་བདག་ཉིད་མི་སྣང་བར་བྱས་ཏེ་སྨྲས་པ་དང་། བུད་མེད་ལ་གཞན་སྨྲར་གཞུག་པ་དང་། གཞན་གྱི་སླད་དུ་སྨྲས་པ་དང་། སྤྲུལ་པའི་བུད་མེད་དང་། ཕྲིན་ཡིག་དང་། ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་ཉེས་པ་སྦོམ་
པོར་འགྱུར་རོ། །སྨྱོ་བ་དང་། ར་རོ་བ་དང་། སེམས་འཁྲུགས་པ་དང་། གླེན་མ་དང་། གཉིད་ལོག་པ་ལ་དགེ་སློང་གིས་གནས་ངན་ལེན་གྱི་ཚིག་སྨྲས་ན་ཐམས་ཅད་ཀྱང་སྦོམ་པོར་འགྱུར་རོ། །ཡན་ལག་ནི་རྒྱའི་རྣ་རུ་ཞེས་སྨྲས་པ་དང་། དབྱིབས་ཤིན་ཏུ་བཟང་
པོའོ་ཞེས་སྨྲས་པ་དང་། བུད་མེད་སྤྱད་དུ་བཟོད་པ་དང་། དོན་གོ་བ་སྟེ་རྣམ་པ་དེ་རྣམས་དང་ལྡན་ན་ལྷག་མའོ། །དེ་རྣམས་གཅིག་དང་མི་ལྡན་ན་སྦོམ་པོའོ། །བསྙེན་པར་མ་རྫོགས་པ་རྣམས་ནི་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །ཀུན་སྤྱོད་ཀྱི་གླེང་གཞི་ནི་
เล่ม ๑๕๕ · หน้า 49b
བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་བས་གཙུག་ལག་ཁང་དུ་ལྟར་ལྷགས་པའི་བུད་མེད་རྣམས་ལ་བདག་གི་ལུས་ཀྱིས་ཀུན་དུ་སྤྱད་པའི་ཕྱིར་བསོད་ནམས་སུ་འགྱུར་བའི་སྒོ་
ནས་བསྟོད་ཅིང་བསྒོ་བའོ། །དེ་ལ་བྱེ་བྲག་ནི་དང་པོའི་ལུས་ལ་བཟུང་ངོ་། །ལུས་ལ་བཟུང་དུ་མ་བཏུབ་ནས་ཕྱི་ནས་འཁྲིག་ཚིག་ཏུ་སྨྲ་ཞིང་བརྔོད་པའོ། །འཁྲིག་ཚིག་ཀྱང་མཉན་དུ་མ་བཏུབ་ནས་བསོད་ནམས་སུ་འགྱུར་བའི་ཚིག་གི་སྒོ་ནས་བརྗོད་པའོ། །ཡང་དགེ་སློང་གང་
ཞེས་བྱ་བ་ནི་འཆར་བ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ཆགས་ཤིང་བརྟུལ་བ་ནི་གོང་མ་བཞིན་ནོ། །རང་གི་ལུས་ཀྱིས་ཀུན་དུ་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་བདག་གི་ལུས་ཀྱིས་གཡོག་བྱ་བའོ། །བུད་མེད་ཅེས་བྱ་བ་ནི་ལེགས་པ་དང་ཉེས་པར་སྨྲ་བའི་དོན་གོ་བར་ནུས་པའོ། །
ང་ལྟ་བུ་དགེ་སློང་ཞེས་བྱ་བ་ནི་ཡང་དག་པར་བསྟན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཚངས་པར་སྤྱད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོའོ། །དེ་ལྟར་ན་ཕུང་པོ་གསུམ་
དང་ལྡན་པ་ན་ཡོན་ཏན་དང་ལྡན་པ་ཡིན་པས་ན་དེ་ལྟ་བུའི་གཡོག་བྱེད་ཅིང་མི་ཚངས་པར་སྤྱད་ན་བསོད་ནམས་སུ་འགྱུར་རོ་ཞེས་བསྟན་པའོ། །ཀུན་དུ་སྤྱད་ན་ཞེས་བྱ་བ་ནི་གཡོག་བྱ་བའོ། །ཆེ་ཞེ་དེ་ནི་ཀུན་དུ་སྤྱད་པའི་མཆོག་གོ་ཞེས་བྱ་བ་ནི་འཁྲིག་པའི་ཆོས་ཀྱི་
མཆོག་ནི་འདི་ཞེས་བྱའོ། །བསྔགས་པ་ཞེས་བྱ་བ་ནི་བསྟོད་པའོ། །ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ཇི་ལྟ་བུ་ཞེ་ན། དངོས་པོ་ནི་བཅོ་བརྒྱད་དེ། མཆོག་དང་། གཙོ་བོ་དང་། བྱེ་བྲག་ཏུ་འཕགས་པ་དང་། བཟང་པོ་དང་། མཛེས་པ་དང་། དགེ་
བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་པ་དང་། ཆེས་གཙོ་བོ་དང་། ཆེས་བྱེ་བྲག་ཏུ་འཕགས་པ་དང་། ཆེས་བཟང་པོ་དང་། ཆེས་བཟང་པོ་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་།
เล่ม ๑๕๕ · หน้า 50a
ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བའོ། །དགེ་སློང་ཆགས་བརྟུལ་བའི་སེམས་ཀྱིས་བུད་མེད་ལེགས་པ་དང་ཉེས་པའི་དོན་གོ་ལ། ཆེ་ཞེ་འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ། ཆོས་འདི་ལྟ་བུ་ཀུན་དུ་སྤྱད་ན་དེ་ནི་མཆོག་
གོ་ཞེས་ཟེར་ན་ལྷག་མའོ། །ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་ང་ལྟ་བུ་དང་སྦྱར་ན་ཡང་ལྷག་མར་འགྱུར་རོ། །དགེ་བའི་ཆོས་ཅན་ཚངས་པར་སྤྱད་པ་ང་ལྟ་བུ་དང་། འཁྲིག་པའི་ཆོས་འདི་ལྟ་བུ་སྦྱར་ན་ཡང་ལྷག་མར་འགྱུར་རོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་
པ་ང་ལྟ་བུ་ཞེ་འམ་ཚངས་པར་སྤྱད་པ་ང་ལྟ་བུ་ཞེའམ། དགེ་བའི་ཆོས་ཅན་ང་ལྟ་བུ་ཞེས་སྨོས་པའི་ཚིག་གསུམ་པོ་དེ་རེ་རེ་དང་། དངོས་པོ་བཅོ་བརྒྱད་པོ་དེ་གང་ཡང་རུང་སྟེ་བསྣོར་ཞིང་སྦྱར་རོ། །ཡན་ལག་ནི་ང་ལྟ་བུ་ཞེས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ཞེས་སྨྲས་པ་དང་།
འཁྲིག་པའི་ཆོས་དེ་ལྟ་བུ་བྱས་ན་བསོད་ནམས་ཆེའོ་ཞེས་སྨྲས་པ་དང་། བུད་མེད་ཀྱིས་དོན་གོ་བའོ། །དེ་དག་དང་ལྡན་ན་ལྷག་མར་འགྱུར་རོ། །དེ་དག་གཅིག་དང་མི་ལྡན་ན་སྦོམ་པོར་འགྱུར་རོ། །དགེ་སྦྱོང་དང་། དགེ་སྦྱོང་མ་དང་། དགེ་བསྙེན་ཕ་དང་། དགེ་སློབ་
མ་དང་། དགེ་བསྙེན་མ་ལ་ནི་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་ལ་ཉེས་པ་མེད་དོ། །ཉེས་པར་འགྱུར་མི་འགྱུར་གྱི་ལྕི་ཡང་གོང་མ་དང་འདྲའོ། །སྨྱན་བྱེད་པ་བཤད་པར་བྱ་སྟེ། གླེང་གཞི་ནི་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་
རི་དགས་དགྲའི་བུ་ནག་པོ་ཞེས་བྱ་བ་དེ་ལྟས་ཤེས་པས་བག་མ་ལེན་པ་དང་བག་མ་གཏོང་བའི་ཚེ་ཀུན་ཀྱང་འདི་ལ་དྲིས་ཏེ། ལུང་བསྟན་པ་བཞིན་དུ་བྱས་པས་བག་མ་བླངས་སོ་ཅོག་ཀུན་བཀྲ་ཤིས་ནས་ཀུན་གྱིས་དེ་ལ་ཟས་དང་འཚོ་བའི་ཡོ་བྱད་སྦྱིན་ནོ། །རི་དགས་དགྲའི་བུ་
ནག་པོ་རབ་ཏུ་བྱུང་ནས་ཡང་སྔོན་གྱི་ལས་སྡིག་པ་སྨྱན་བྱེད་པ་ལ་ཞུགས་ཏེ། འཚོ་བའི་ཡོ་བྱད་སྦྱོར་བ་སོགས་པ་གཞན་གྱིས་སྦྱར་བས་ན། དྲུག་སྡེ་རྣམས་ཀྱིས་ཀྱང་དེའི་ཁེ་མཐོང་ནས་དྲུག་སྡེ་ཡང་སྨྱན་བྱེད་པ་ལ་ཞུགས་སོ། །དེ་ན་མུ་སྟེགས་ཅན་རྣམས་དགེ་སྦྱོང་ཤཱཀྱའི་བུ་དེ་
เล่ม ๑๕๕ · หน้า 50b
རྣམས་བསླབ་པ་བཟུང་ཡང་ཁྱིམ་པ་སྐྱེ་བོ་བཞིན་དུ་སྨྱན་བྱེད་ན། སྐྱེ་བོ་དང་བསམ་པ་དང་བྱེ་བྲག་ཐ་དད་ཅི་ཡོད་ཅེས་མི་སྙན་པ་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་བཀུག་སྟེ་རྨས་ན། བཙུན་
པ་མད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་དང་། གླེང་གཞི་དེ་དང་། དེ་ལྟར་གྱུར་པ་དེའི་ཕྱིར་དགེ་སློང་གི་དགེ་འདུན་རྣམས་བསྡུས་ནས། ཡང་དགེ་སློང་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་རྣམས་ཏེ། གཞན་
ཡང་དེ་དང་འདྲ་བའོ། །བུད་མེད་ལས་སྐྱེས་པའི་ཚིག་ཅེས་བྱ་བ་ནི་བུད་མེད་གང་ལ་སྐྱེས་པས་ཀུན་དུ་སྤྱད་པར་སེམས་པའོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཅེས་བྱ་བ་ནི་གང་སྐྱེས་པ་ལ་བུད་མེད་ཡོངས་སུ་སེམས་པའོ། །ཆུང་མ་འམ་མཛའ་ན་མོ་ཞེས་བྱ་བ་ནི་ཆུང་མ་བདུན་དང་
མཛའ་ན་མོ་བཅུའོ། །ཆུང་མ་བདུན་གང་ཞེ་ན། ཆུ་སྦྱིན་པའི་ཆུང་མ་དང་། ནོར་གྱིས་ཉོས་པའི་ཆུང་མ་དང་། རྒྱལ་མཚན་གྱིས་ཕྲོགས་པའི་ཆུང་མ་དང་། དགའ་བས་གནས་པར་བྱ་བའི་ཆུང་མ་དང་། བསྒོ་བས་གནས་པར་བྱ་བའི་ཆུང་མ་དང་། མཉམ་དུ་འཚོ་བའི་
ཆུང་མ་དང་། དེ་སྐད་ཅིག་མའི་ཆུང་མའོ། །ཆུ་བྱིན་པའི་ཆུང་མ་གང་ཞེ་ན། སྐྱེས་པ་གང་ཕ་མས་ཆུ་བླུད་དེ་འདི་ནི་ཁྱོད་ཀྱི་ཆུང་མའོ་ཞེས་བསྒྲགས་ནས་དེ་ལ་གཞན་གྱིས་སྤྱད་དུ་དོགས་ནས་ཤིན་དུ་རྩེ་ཞིང་སྲུང་བའོ། །ཅི་ལྟར་ཆུས་ཉེས་པ་བཞིན་དུ་སླད་མ་དྲུག་པོ་རྣམས་ལ་ཡང་
དེ་བཞིན་དུ་སྲུང་ཞིང་སྦ་བར་སྦྱར་རོ། །མཛའ་ན་མོ་བཅུ་གང་ཞེ་ན། ཕས་བསྲུངས་པ་དང་། མས་བསྲུངས་པ་དང་། མིང་པོས་བསྲུངས་པ་དང་། ཕུ་ནུ་མོས་བསྲུངས་པ་དང་། སྒྱུག་མོས་བསྲུངས་པ་དང་། གྱོས་པོས་བསྲུངས་པ་དང་། གཉེན་གྱིས་བསྲུངས་པ་དང་
རིགས་ཀྱིས་བསྲུངས་པ་དང་། རུས་ཀྱིས་བསྲུངས་པ་དང་། འཁྲུག་པ་མེད་པ་དང་བཅུའོ། །མས་བསྲུངས་པ་གང་ཞེ་ན། བུད་མེད་གཞོན་ནུ་མ་ཁྱིམ་ཐབ་ཡུལ་གཞན་དུ་སོང་ངམ་དམག་ལ་སོང་ན། དེའི་ཆུང་མ་གཞོན་ནུ་མ་མི་གཞན་གྱིས་ཡོངས་སུ་སྤྱད་དུ་དོགས་ནས་ཤིན་
เล่ม ๑๕๕ · หน้า 51a
ཏུ་སྦ་ཞིང་བསྲུང་བའོ། །མཛའ་ན་མོ་གཞན་རྣམས་ཀྱང་དེ་བཞིན་དུ་སྦྱར་རོ། །སྨྱན་ཞེས་བྱ་བ་ནི་ཕྲིན་ནོ། །བྱེད་ཅེས་བྱ་བ་ནི་སྦྱོར་བའོ། །སྐད་ཅིག་པ་ཞེས་བྱ་བ་ནི་ཐང་ཅིག་པ་ཡང་རུང་ངོ་། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་
བདག་ཉིད་ཀྱིས་བཟླུགས་ལ། བདག་ཉིད་ཀྱིས་ལན་བསྐྱལ་ན་ལྷག་མར་འགྱུར་རོ། །དེ་བཞིན་དུ་གཉིས་བདག་གིས། གཅིག་ཐན་གྱིས་སམ། གཅིག་བདག་གིས། གཉིས་ཐན་ཕྲིན་གྱིས་ཀྱང་རུང་སྟེ། ལྷག་མར་འགྱུར་རོ། །ལན་གསུམ་དུ་མ་བསྐྱལ་ལ། ལན་གཉིས་སུ་
བླངས་པ་ནི་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཆུང་མ་དང་པོ་གསུམ་པ་ལས་འཐབས་མ་ཐག་སྟེ། འཐབས་ནས་ཅུང་ཟད་ཅིག་ལོན་ལ་རྩྭ་བཅད་པ་དང་རྡོ་གསུམ་བོར་བ་དང་། ཆུང་མ་ཡིན་ནོ་ཞེས་མ་བསྒྲགས་པ་བསྡུམས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཆུང་
མ་དང་པོ་གསུམ་པོ་འཐབས་པར་ཡང་གྱུར། རྩྭ་བཅད་པ་ལྟ་བུ་དང་། རྡོ་གསུམ་བོར་བ་ལྟ་བུ་དང་། བརྩད་དེ་སྤངས་པ་དང་། ཆུང་མ་མ་ཡིན་ནོ་ཞེས་བསྒྲགས་པ་སླར་བསྡུམས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་དེ་ལས་གཞན་པ་བུད་མེད་བཅུ་བཞི་ལས་
འཐབས་པར་ཡང་གྱུར། ཆུང་མ་མ་ཡིན་ནོ་ཞེས་བསྒྲགས་པ་ལས་སླར་བསྡུམས་ན་དགེ་འདུན་ལྷག་མར་འགྱུར་རོ། །ལྷག་མ་མཛའ་ན་མོ་བཅུ་འཐབས་པར་གྱུར་ནས་སླར་བསྡུམས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་ཁྱེའུ་ཆུང་མ་བླངས་པའི་རིགས་
ཤེའམ། བུ་མོ་འདི་བག་མར་ཅི་ཕྱིར་མི་བཏང་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། །སྨྱོན་པ་ལས་ཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་བསྐྱལ་ཏམ། རང་བཞིན་དུ་གནས་པ་ལས་བླངས་ཏེ། སྨྱོན་པ་ལ་བསྐྱལ་ན་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་
འཁྲུགས་པ་དང་། ནད་ཀྱིས་གཟིར་བ་ལ་ཡང་ངོ་། །དབང་པོ་ཡོད་པ་ལས་ཕྲིན་བླངས་ཏེ་དབང་པོ་མེད་པ་ལ་ཡང་ངམ། མི་དབང་བ་ལས་ཕྲིན་བླངས་ཏེ། དབང་པོ་ལ་ཡང་ཐམས་ཅད་ལ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལས་ཕྲིན་བླངས་ཏེ། བུད་མེད་
เล่ม ๑๕๕ · หน้า 51b
ལ་ཡང་ངམ། བུད་མེད་ཤིན་དུ་གཞོན་ནུ་མའམ། བུད་མེད་མངལ་ན་གནས་པ་ལ་སྨྱན་བྱས་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །ལས་དང་པོ་པ་དང་སེམས་འཁྲུགས་པ་ལ་ལྟུང་བ་མེད་དོ། །ཡན་ལག་ནི་མི་ཡང་ཡིན་ལ། བུད་མེད་ལས་ཕྲིན་བླངས་པ་དང་། སྐྱེས་
པ་དབང་པོ་ཡོད་པ་ལ་བཟླུགས་པ་དང་། དེའི་ལན་སླར་བསྐྱལ་བ་སྟེ། ལན་གསུམ་དུ་ཡང་བསྐྱལ་ལ། དངོས་པོ་གྲུབ་ན་ལྷག་མར་འགྱུར་རོ། །ཁང་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ཡོན་
བདག་གིས་གནས་ཁང་དུ་བརྩིགས་ཏེ་བྱིན་པ་དང་། དགེ་སློང་དག་གིས་འདི་ནི་ཁང་པ་རིང་ཆེས། འདི་ནི་ཧ་ཅང་ཡང་ཐུང་འདི་ནི་ཀུན་དུ་གྲུམས་པ་གསོ་ཞིང་བཅོས་དཀའོ་ཞེས་དེ་དག་བོར་བ་ནས། ཁང་པ་བཅོས་ཤིང་གསར་དུ་ཁང་པ་གཞན་བརྩིགས་པ་དང་། རྩྭ་ཤིང་
དང་མི་བླས་ཁྱིམ་པ་རྣམས་ལ་སློང་བས་ན། ཁྱིམ་པ་དག་ཀྱང་འཕྱ་ནས། དགེ་སློང་ཡང་བྱ་བ་མང་བས་ལུང་དབོག་པ་དང་། ཆོས་ཀླག་པ་དང་། ཁ་དོན་བྱ་བ་དང་། རྣལ་འབྱོར་ཡིད་ལ་བྱེད་པ་རྣམས་སྤངས་ཏེ་བར་ཆད་དུ་གྱུར་པས། ཁྱིམ་པ་དག་འཕྱ་བ་འོད་སྲུངས་
ཆེན་པོས་ཐོས་ནས་འོད་སྲུངས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བཀུག་སྟེ། དེ་ལྟར་གྱུར་པ་བདེན་ནམ་ཞེས་རྨས་པ་དང་། བཙུན་པ་མད་དོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་མགུ་དཀའ་བ་ཆོག་མི་ཤེས་པ་ཞེས་རྣམ་
གྲངས་དུ་མའི་སྒོ་ནས་སྨད་ནས་དགེ་སློང་གི་དགེ་འདུན་རྣམས་བསྡུས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །བདག་གིས་བསླངས་ཞེས་བྱ་བ་ནི་ཤིང་དང་རྩྭ་དང་མིའི་བླས་སོ། །ཁང་པ་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་
ལྡན་པ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ཤོང་བའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །བདག་པོ་མེད་ཅེས་བྱ་བ་ནི་བདག་པོ་གཞན་མེད་དེ། བདག་གི་ཕྱིར་རྩིག་པའོ། །ཚད་བཞིན་དུ་བརྩིགས་ཤིང་ཞེས་བྱ་བ་ནི་ཁང་པ་
เล่ม ๑๕๕ · หน้า 52a
དེའི་ཚད་ནི་ནང་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཏེ། བཅུ་གཉིས་ལ་མི་ཐ་མལ་པའི་ཁྲུ་བཅོ་བརྒྱད་དོ། །བདེ་བར་གཤེགས་པའི་མཐོ་གང་ལ་ཐ་མལ་པའི་ཁྲུ་ཕྱེད་དང་དོའོ། །ཞེང་དུ་བདེ་བར་གཤེགས་པའི་མཐོ་བདུན་ཞེས་བྱ་བ་ནི་མི་ཐ་
མལ་བའི་ཁྲུ་ཕྱེད་དང་བཅུ་གཅིག་གོ། །ནང་ཞེས་བྱ་བ་ནི་གལ་ཏེ་ལྷག་པར་བྱས་པའོ། །དགེ་སློང་དེ་ཞེས་བྱ་བ་ནི་ཁང་པ་བརྩིག་པར་འདོད་པའི་དགེ་སློང་སུ་ཡང་རུང་བའོ། །དགེ་སློང་དག་ཁྲིད་ཅིག་ཅེས་བྱ་བ་ནི་དེ་ན་དགེ་སློང་དག་སུ་ཡོད་པ་དག་ཁྲིད་པར་བྱའོ། །བདག་གི་
མིག་གིས་མ་བརྟགས་ཀྱི་བར་དུ་དགེ་སློང་དག་མ་ཁྲིད་ཅིག །བདག་གིས་སྔར་བརྟག་པར་བྱ་བ་ནི་ས་གཞི་འདི་ན་སེམས་ཅན་སྦྲུལ་གདུག་པ་དང་སེམས་ཅན་ཤ་ཟན་དང་། སྡིག་པ་དག་ཀྱང་མེད་པ་དང་། ས་གཞི་རྒྱལ་པོའི་གཅེས་པ་དང་། མཆོད་རྟེན་གྱི་གཞིར་དགོས་
པ་དང་། ལམ་ཀ་དང་། ཁྱིམ་བདག་གི་ས་གཞི་འམ། མུ་སྟེགས་ཅན་གྱི་གཞི་འམ། དགེ་སློང་མའི་དབྱར་མོ་ཁང་ངམ། ཤིང་ཆེན་པོ་བཅད་དགོས་པའི་ས་གཞི་ཞིག་ཡིན་ན་རྩེད་དགོས་པ་དེར་ཡང་མ་གསོལ་ཅིག །ས་གཞི་དེ་ཉེ་འཁོར་ཁྲོན་པའམ། གཡང་སའམ། ལམ་
སྲང་ལྟ་བུ་ཡོད་ན་དེ་ཡངས་པའི་གནས་མ་ཡིན་གྱི་མ་གསོལ་ཅིག །དེ་ལྟ་བུ་མི་རུང་བ་དང་། རྩོད་པ་དང་། མི་ཡངས་པ་མ་ཡིན་པའི་གནས་སུ་ཁང་པ་བརྩིག་པ་ཞེས་བྱ་སྟེ། དགེ་འདུན་ལ་གསོལ་བར་བྱའོ། །དེས་དགེ་འདུན་ལ་གསོལ་བ་དང་ལས་བྱས་ནས་དགེ་
འདུན་རྣམས་ཀྱིས་ཀྱང་དགེ་སློང་དེ་ལ་ཡིད་ཆེས་པར་མ་བྱེད་པར་ཡང་ན་དགེ་འདུན་ཐམས་ཅད་དེར་དེང་ལ་ལྟོས་ཤིག །ཡང་ན་དགེ་སློང་གཅིག་ཅིག་སྐོས་ཤིག །དགེ་སློང་དེས་ཀྱང་དམིགས་ཀྱིས་ལེགས་པར་བརྟགས་ནས་གནས་རྩོད་པ་ཡང་མེད། དོག་པ་ཡང་
མེད། མི་རུང་བ་ཡང་མ་ཡིན་ན། གདོད་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་འདུན་ལ་གསོལ་ནས་གདོད་ཁང་པ་བརྩིག་པར་བྱའོ། །དགེ་སློང་ཁྲིད་པའི་དགེ་སློང་དག་གིས་ཞེས་བྱ་བ་ནི་དགེ་སློང་དེ་ན་སུ་འཁོད་པའོ། །ས་གཞི་ཞེས་བྱ་བ་ནི་ཁང་པ་བརྩིགས་
เล่ม ๑๕๕ · หน้า 52b
པའོ། །ལྟོས་ཤིག་ཅེས་བྱ་བ་ནི་སོ་སོར་བརྟགས་པའོ། །རུང་བ་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པ་མེད་པའོ། །མི་རྩོད་ཅེས་བྱ་བ་ནི་འཐབ་མོ་དང་མཚང་འདྲུ་བ་ལ་སོགས་པ་དང་བྲལ་བའོ། །ཡངས་པ་ཞེས་བྱ་བ་ནི་དེའི་ཁོ་ར་ཁོར་ཡུག་འདོམ་གང་ཚུན་ཆད་ཁྲོན་
པ་ལ་སོགས་པ་མེད་པའོ། །གལ་ཏེ་མི་རུང་བར་དགེ་སློང་དེས་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པ་གནས་པའོ། །རྩོད་པ་ཞེས་བྱ་བ་ནི་འཐབ་པ་དང་མཚང་འདྲུ་བ་དང་འཁྲུག་པ་དང་བཅས་པའོ། །མི་ཡངས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་འདོམ་གང་ཁོ་ར་
ཁོར་ཡུག་ཉེ་བར་སྤྱོད་དུ་མེད་པའོ། །བདག་གིས་བསླངས་པ་བདག་པོ་མེད་པ་ཞེས་བྱ་བ་ནི། བདག་པོ་གཞན་མེད་པའོ། །གཞི་བསྟན་པའི་ཕྱིར། དགེ་སློང་དག་མ་ཁྲིད་དམ་ཞེས་བྱ་བ་ནི་གཞི་རྟོག་པའི་དགེ་སློང་མ་ཁྲིད་པའོ། ཁྲིད་པ་དག་ལ་མ་བསྟན་
ཏམ་ཞེས་བྱ་བ་ནི། དགེ་སློང་འགས་གནས་བརྟགས་པ་དེ་དགེ་འདུན་ལ་མ་བཟླུགས་མ་གསོལ་བའོ། །ཚད་ལས་འདས་ཞེས་བྱ་བ་ནི་ཚད་གསུངས་པ་ལས་ལྷག་པར་བྱས་པའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལུས་པས་ན་དགེ་འདུན་ལྷག་མ་
ཞེས་བཤད་དོ། །ཉེས་པར་འགྱུར་བ་གང་ཞེ་ན། མི་རུང་བའི་གནས་སུ་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་ཡངས་པར་བརྩིགས་ན་ཉེས་པར་སྦོམ་པོར་འགྱུར་རོ། །ལུང་མེད་པར་
བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་གཞན་ཞིག་ལ་སྐྱོན་རྣམ་པ་ལྔ་པོ་མེད་པས་རྩིགས་
ཤིག་ཅེས་བསྒོ་བ་ལས་ཐམས་ཅད་དང་འགལ་བར་བརྩིགས་ན་རྩིག་རྩིག་པ་ལ་ཉེས་པར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་པ་ལས་མ་ཟིན་པ་དང་། ཕྱེད་ཙམ་བགྱིས་ནས་བོར་བ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བསླབ་པ་བྱིན་པ་ལ་ཡང་དགེ་འདུན་
เล่ม ๑๕๕ · หน้า 53a
ལྷག་མར་འགྱུར་རོ། །ཡན་ལག་ནི་མི་ཡངས་པ་དང་། རུང་བ་མ་ཡིན་པ་དང་། རྩོད་པ་ཅན་དང་། ལུང་མེད་པས་མ་ཡིན་པ་དང་། ཚད་ལས་འདས་ན་ལྷག་མར་འགྱུར་རོ། །གཙུག་ལག་ཁང་གི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམ་བཱི་དགྲ་ཟིན་གྱི་ཀུན་
དགའི་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་པོ་རྣམས་གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ན་འཁོད་པ་བཞིན་དུ་དགའ་བོ་བསྙེན་དགའ་བོ་ལྟོས། འདི་ནི་གོགས། འདི་ནི་རལ། འདི་རྩིག་པ་མ་ལེགས་སོ་ཞེས་གཞན་གྱིས་བརྩིགས་པའི་གཙུག་ལག་ཁང་ལ་འཕྱས་འདོགས་པ་
ལ་ཞུགས་པ་དང་། དེ་ན་དགེ་སློང་རྣམས་ཀྱིས་ཁྱེད་ཅག་ཉིད་ཀྱིས་ཕ་གུ་གཅིག་བསླང་ཡང་མི་ནུས་ན། གཞན་གྱིས་བརྩིགས་པ་ལ་འཕྱར་ཅི་ཡོད། དྲུག་སྡེ་པོ་ནང་བགྲོས་པ། ལྷུང་བཟེད་ནག་པོ་ཅན་དེ་དག་བདག་ཅག་ལ་ཤིན་ཏུ་བརྙས་ཀྱི། དེ་དག་གིས་སྔོན་མ་བརྩིགས་པའི་ཁང་པ་གཅིག་བདག་
ཅག་གིས་རྩིགས་ཤིག །བདག་ཅག་ཀུན་གྱིས་བརྩིགས་ན་ནི་ཁོ་ཡང་འཕྱ་ན་མ་ལེགས་ཀྱི། བདག་ཅག་གི་ནང་ན་གང་ཁབ་ཀྱི་རྗེས་སུ་གཉའ་ཤིང་ཆུད་པར་ནུས་པ་གཅིག་གིས་བྱའོ་ཞེས་ནས་དེ་དག་གིས་ཚེ་དང་ལྡན་པ་མོས་པ་ཅན་དད་པར་བྱས་སོ། །མོས་པ་ཅན་གྱིས་བསམས་པ། གཞན་ནི་མེད་ན་གྲོང་
ཁྱེར་འདི་ན་བྲམ་ཟེ་ཕྱུག་པོ་སེར་སྣ་ཅན་བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ་མ་དད་ཅིང་སུའི་ཡོན་བདག་ཏུ་ཡང་མ་བྱས་པ་ཞིག་ཡོད་པ་དེ་ལ་འབྲིད་དོ་སྙམ་དུ་བསམས་ནས་མོས་པ་ཅན་གྱིས་གྲོང་ཁྱེར་གཞན་ནས་བསླངས་པའི་ཕྱེ་ཞིག་ཁྱེར་ཏེ། བྲམ་ཟེ་དེའི་སྒོར་ཕྱིན་པ་དང་། སྒོ་བས་མ་སྟེར་ཏོ། །དེའི་སྒོ་བ་ཡང་རོལ་མོ་
ཞིག་ལ་གཡེང་བའི་བར་དུ་ནང་དུ་སོང་ནས་བྲམ་ཟེ་ལ་ཕྱེ་འཚག་ཏུ་བཅོལ་བ་དང་། དེས་བྲན་མོ་ཕྱེ་འཚག་ཏུ་བཅུག་པ་དང་། བདག་གི་དྲུང་དུ་ཚོགས་ཤིག་ཅེས་བྱས་སོ། །དེ་དྲུང་ན་འཚག་པའི་ཚེ་ཡང་དེ་ལ་རབ་ཏུ་རྟོག་ནས། བྲམ་ཟེས་ཁྱེད་ཅི་ལ་རྟོག་ཅེས་དྲིས་ན། དེ་ལ་སྲོག་ཆགས་ཡོད་དམ་མེད་རྟོག་གོ། །ཡོད་ན་ཅི་
བྱ་ཞེས་སྨྲས་པ་དང་། དེ་ལས་གླེང་ནས་སྲོག་བཅད་དུ་མི་རུང་བ་དགེ་བ་བཅུ་བཤད་པས་བྲམ་ཟེ་དད་པར་བྱས་སོ། །དེ་ནས་བྲམ་ཟེ་དེས་དགེ་སློང་དེ་ལ་ཟས་དང་གོས་ཀྱིས་བསྟབས་ན་དེས་ཕྱིན་ཆད་སྒོ་བཅད་དུ་དོགས་ནས་ལེན་དུ་མ་བཏུབ་པོ། །དེ་ནས་དགེ་སློང་དེས་བསོད་ནམས་སུ་བྱ་བའི་ལེགས་པ་བཤད་པ་དང་། དེས་
เล่ม ๑๕๕ · หน้า 53b
འོ་ན་ངས་ཅི་བྱ་བའི་རིགས་ཞེས་བྱས་པ་དང་། དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་པའི་རིགས་སོ་ཞེས་བྱས་སོ། །འོ་ན་རྒྱུ་ནི་བདག་གིས་སྦྱོར་ནས་གཞི་མེད་དོ་ཞེས་བྱས་པ་དང་ས་གཞི་ངས་རྒྱལ་པོ་ལ་བསླང་ངོ་། །ཞལ་ཏ་སུས་བགྱི་ཞེས་དྲིས་ན་ངས་བྱའོ་ཞེས་ཁས་བླངས་སོ། །དེ་ནས་རྒྱལ་པོ་ལ་
ས་གཞི་གསོལ་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་མ་གཏོགས་པ་གཞན་གར་དགའ་བར་བརྩིགས་ཤིག་ཅེས་བྱས་སོ། །དེ་ནས་ཀཽ་ཤཱམྦཱི་དང་། དགྲ་ཟིན་གྱི་བར་ན་བྲམ་ཟེའི་བུ་ལྔ་བརྒྱ་ཙམ་ཡོད་པ་རྟག་པར་སྨྲང་ཀློག་པའི་གྲིབ་ཤིང་ཆེན་པོ་གཅིག་ཡོད་དེ། བྲམ་ཟེའི་བུ་དེ་དག་རྟག་ཏུ་དྲུག་སྡེ་ཡན་མན་འགྲོ་
བ་ལ་འཕྱ་བས་ན། དེ་དག་ལ་ཀུ་རེ་བྱ་བའི་ཕྱིར་མཚན་མོ་གྲིབ་ཤིང་ཆེན་པོ་བཅད་དེ་མི་མངོན་པར་བྱས་ནས། དེ་ཉིན་གཅིག་གིས་ལྷ་ཁང་ཟིན་པར་བྱས་ཏེ། སྐར་ཁུང་མ་བཏོད་པ་དེའི་ཕྱི་དེ་ཉིན་ཆར་ཆེན་པོ་བབ་སྟེ། ཁང་པ་འཇིག་པར་འགྱུར་བས་ན་བྲམ་ཟེ་མི་དགའ་ཞིང་ཁྲག་གིས་སྐྱུགས་པར་བཅོམ་ལྡན་
འདས་ཀྱིས་མཁྱེན་ནས་དེ་མཚན་གཅིག་ལྷའི་འཁོར་དང་སྲོད་ཀྱི་བར་དུ་ཆོས་བཤད་ནས། ཕྱི་དེ་ཉིན་བྲམ་ཟེ་ཕས་འོངས་པ་ལ་མདུན་ནས་བསུ་སྟེ། མདང་དེ་ལྟར་ཁང་པའི་ནང་དུ་ཆོས་བཤད་དོ་ཞེས་བཀའ་སྩལ་པས་ན། དེ་ཡང་དགའ་བར་གྱུར་ཏོ། །གྲིབ་ཤིང་ཆེན་པོ་བཅད་པས་ན་བྲམ་ཟེའི་བུ་
རྣམས་དགེ་སྦྱོང་ཤཱཀྱའི་བུ་རྣམས་མི་སྲུན་པའི་ཚིག་པ་ཅན་གཞན་ལ་གནོད་པར་བྱེད་པ་ཞེས་མི་སྙན་པར་འཛེར་པ་དགེ་སློང་དག་གིས་སྙན་དུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་པོ་རྣམས་ལ་རུང་བ་མ་ཡིན་མཐུན་པ་མ་ཡིན་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། དགེ་སློང་གི་དགེ་
འདུན་རྣམས་བསྡུས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་པོ་རྣམས་ཏེ་གཞན་ཡང་དེ་དང་འདྲ་བའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་སྤྱོད་ལམ་བཞི་དང་ལྡན་པའོ། །བདག་པོ་ཡོད་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་། མ་ནིང་དང་། མཚན་
གཉིས་རྣམས་སོ། །དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དགེ་འདུན་ནོ། །དགེ་སློང་འདི་ཞེས་བྱ་བ་ནི་ཆོས་འདི་དང་ལྡན་པའོ། །དགེ་སློང་དག་ཁྲིད་ཅིག་ཅེས་བྱ་བ་ནི་དེ་ན་དགེ་སློང་སུ་ཡོད་པའོ། །བདག་ཉིད་ཀྱིས་མ་བརྟགས་ཀྱི་བར་དུ་དགེ་སློང་དག་སྔར་མ་ཁྲིད་ཅིག་བདག་གིས་
เล่ม ๑๕๕ · หน้า 54a
བརྟགས་ཏེ་གནས་རུང་བ་དང་། ཡངས་པ་དང་མི་རྩོད་པ་ཡིན་ན་དགེ་འདུན་ལ་གསོལ་ནས་དགེ་སློང་གཅིག་གིས་བལྟ་བར་བྱའོ། །དགེ་འདུན་རྣམས་ཀྱིས་རབ་ཏུ་བརྟགས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་འདུན་ལ་གསོལ་ནས་གཞི་རུང་བ་དང་། མི་རྩོད་པ་དང་། ལུང་བྱིན་
པ་ཡིན་ན་ཐེ་ཚོམ་མེད་པ་ཡིན་གྱིས་རྩིགས་ཤིག །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལས་པས་ན་དགེ་འདུན་ལྷག་མའོ་ཞེས་སོ། །ཉེས་པ་ཇི་ལྟ་བུ་ཞེ་ན། གནས་མི་རུང་བར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་ཅན་དུ་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་
རོ། །མི་ཡངས་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལུང་མེད་པར་བརྩིགས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་དང་འགལ་བར་བརྩིགས་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་གཞན་ལ་རྩིག་ཏུ་བཅོལ་ན་ཡང་གཉིས་ཀས་དགའ་བར་བརྩིགས་ན་གཉིས་ཀ་ལ་ཉེས་པ་སྦོམ་
པོའོ། །དགེ་སློང་ལ་ཇི་ལྟར་ཉེས་པར་འགྱུར་བ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་དེ་བཞིན་ནོ། །ལས་དང་པོ་ལ་ཡང་ཉེས་པ་མེད་དོ། །རུང་བ་མ་ཡིན་པ་དང་། ཡངས་པ་དང་། རྩོད་པའི་སྒྲས་ནི་ཁང་པ་གོང་མ་བཞིན་ནོ། །རྩ་བ་མེད་པའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་
ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་གྲོང་ཁྱེར་སྡིག་པ་ཅན་ཞེས་བྱ་བ་ན། གྱད་སྡེ་རྒྱལ་ཞེས་བྱ་བ་ཞིག་ཡོད་དེ། །ཡང་རིགས་མཉམ་པ་ལས་ཆུང་མ་བླངས་ནས་ཡོངས་སུ་སྤྱད་པ་ལས་བུ་གཅིག་ཅིག་བཙས་ཏེ། ཁྱེའུ་དེ་ཡང་མལ་སྟན་ཆེན་པོའི་སྟིང་དུ་བཤང་གཅི་དག་མི་བྱེད་པས་ན་ནོར་དང་
འདྲའོ་ཞེས་གྲགས་ཏེ། དེའི་ཕྱིར་ཡང་མིང་གྱད་བུ་ནོར་དུ་བཏགས་སོ། །གྱད་བུ་ནོར་ཡང་སྔོན་དགེ་བའི་རྩ་བས་བསྐུལ་བས་ན་འདི་སྙམ་དུ་སེམས་ཏེ། ལྷ་དང་མིར་བཅས་པ་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་འཇིག་རྟེན་ན་རྐང་གཅིག་པ་དང་། རྐང་གཉིས་པ་དང་། རྐང་བཞིའི་ནང་ན། སྨན་དང་སྔགས་དང་
རིགས་པའི་ཚིག་འཛིན་པ་གང་གིས་བདག་འཁོར་བའི་འབྲོག་དགོན་པ་དེ་ནས་རབ་ཏུ་ཐར་བར་བྱེད་སྙམ་སེམས་སོ། །དེས་མུ་སྟེགས་ཀྱི་མཁན་པོ་དྲུག་ལ་ལུང་མནོས་ན། དེ་དག་ལ་མི་མགུ་ནས་རབ་ཏུ་སེམས་ཤིང་འདུག་པ་དང་། བར་སྐབས་འདིར་བཅོམ་ལྡན་འདས་ཀྱིས་ཀྱང་མི་མཁྱེན་པའམ་མི་གཟིགས་པ་
เล่ม ๑๕๕ · หน้า 54b
མེད་པས་གྱད་བུ་ནོར་ཡང་སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་ལ་རྒྱུད་ཡོངས་སུ་སྨིན་སྤྱོད་ལམ་གྱིས་འདུལ་བར་གཟིགས་ནས་དགེ་སློང་རྟ་ཐུལ་གྱིས་གྱད་བུ་ནོར་རབ་ཏུ་ཕྱུང་ཤིག་པར་བཀའ་སྩལ་ནས། དེས་ཀྱང་རབ་ཏུ་ཕྱུང་ངོ་། །གྱད་བུ་ནོར་གྱིས་ཁ་དོན་བསླབ་པས་ནི་སྡེ་སྣོད་གསུམ་ལོབས། བསམ་གཏན་བྱས་
པས་ནི་གོང་ནས་གོང་དུ་འཕར་བའི་ཁྱད་པར་ཐོབ་བོ། །དེ་ནས་གྱད་བུ་ནོར་བཅོམ་ལྡན་འདས་ལ་ཕྱག་འཚལ་དུ་བཅོམ་ལྡན་འདས་ཀྱི་གན་དུ་ཕྱིན་ཏོ། །བཀའ་སྩལ་པ། གྱད་བུ་ནོར་བདེ་བར་འོངས་སམ་ཚུར་ཤོག །ཁྱོད་སུས་ཕྱིན་ཏོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ན་རྒྱལ་པོའི་ཁབ་ན་དགེ་འདུན་གྱི་གནས་ཁང་
དང་མལ་སྟན་དག་མི་མཐུན་པར་འགྱེད་དེ། མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པར། མདོ་སྡེ་འཛིན་པ་དང་ནི་མ་མོ་འཛིན་པར། མ་མོ་འཛིན་པ་དང་ནི་དགེ་སློང་བསམ་གཏན་པར། དེ་ལྟར་ནང་མི་མཐུན་པར་མལ་སྟན་དང་གནས་ཁང་བགོས་པས་ན། གཅིག་ལ་གཅིག་སེམས་མི་སྲུང་ཞིང་མི་མཛེམ་
པས་ན་དགེ་བ་མི་འཕེལ་ཏེ་མི་བདེ་བར་གནས་པ་ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་མལ་སྟན་འདིང་བར་བསྐོས་ཏེ། གྱད་བུ་ནོར་གྱིས་མདོ་སྡེ་འཛིན་པ་དང་མདོ་སྡེ་འཛིན་པར། འདུལ་བ་འཛིན་པ་དང་འདུལ་བ་འཛིན་པར། ཆོས་སྨྲ་བ་དང་ཆོས་སྨྲ་བར། བསམ་གཏན་པ་དང་
བསམ་གཏན་པར། རྒན་རིམས་སུ་ཐོབ་རྒྱལ་མེད་པར་གནས་ཁང་དང་མཐུན་མཐུན་དུ་བགོས་པས་ན། དགེ་སློང་རྣམས་དགེ་བའི་ཆོས་མངོན་པར་འཕེལ་བ་ནི་ཆུ་ཅན་གྱི་ཨུཏྤ་ལ་བཞིན་ནོ། །གློ་བུར་དུ་མཚན་མོ་ལྷག་པ་རྣམས་ལ་ཡང་རྫུ་འཕྲུལ་གྱིས་རང་གི་མཛུབ་མོ་ལས་མེ་འབར་བར་བྱས་ནས་
མལ་སྟན་མཚན་མོ་བཏིང་བས་ན། དགེ་སློང་དེ་དག་ཀྱང་དེ་ལྟར་འདི་འདྲ་བའི་སྟོན་པ་དང་མཚུངས་པས་བདག་ཅག་གིས་མལ་སྟན་བཏིང་བས་ན་བདག་ཅག་ཉལ་བའི་མི་རིགས་ཞེས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་བརྩོན་པར་དགེ་བར་བྱེད་དོ། །སླད་ཀྱིས་དགེ་སློང་དྲུག་སྡེ་པོ་རྣམས་ཀྱིས་ཁྱིམ་བདག་
དད་པས་མགྲོན་དུ་གཉེར་བའི་ཚེ། ཁྱིམ་བདག་ཕྱུག་པོ་དང་ཟས་ཞིམ་པོ་དག་གམ་ཐ་ཤལ་དག་ཏུ་བསྲེས་པས་གྱད་བུ་ནོར་ཟས་འགྱེད་པར་ཡང་བསྐོས་སོ། །གྱད་བུ་ནོར་གྱིས་ཟས་རྣམ་པ་གསུམ་དུ་བསྐོས་ཏེ་ཟས་ཞིམ་རབ་དང་། བར་མ་དང་ཐ་མའོ། །དགེ་སློང་རྒན་རིམས་ཀྱིས་དང་པོ་ནི་དེར་ཟས་
เล่ม ๑๕๕ · หน้า 55a
ཞིམ་པོར་བསྐོ། ཕྱི་དེ་ཉིན་ནི་འབྲིང་པོར་བསྐོའོ། །དེའི་ཡང་ཕྱི་དེ་ཉིན་ནི་ཐར་མར་རོ། །དེའི་ཚེ་ལྷོའི་རི་བོ་ཞེས་བྱ་བ་ནས་དགེ་སློང་མཛའ་བོ་དང་ས་ཅན་ཞེས་བྱ་བ་གཉིས་ལྗོངས་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་གཉིས་ཀྱིས་དགེ་འདུན་གྱི་ཟས་འགྱེད་པ་དང་། མལ་
སྟན་འགྱེད་པ་སུ་ཡིན་ཞེས་སྨྲས་པ་དང་། གྱད་བུ་ནོར་ཡིན་ནོ། །དེ་ནས་གྱད་བུ་ནོར་གྱི་གན་དུ་སོང་ནས་མལ་སྟན་དང་ཟས་ལ་སྐོས་ཤིག་ཅེས་སྨྲས་པ་དང་། དེའི་ཚེ་མལ་སྟན་དང་ཟས་བསྐོས་ཟིན་པས་ནང་གི་ངན་པ་ཐ་མར་མལ་སྟན་ཐོབ་པོ། །བྲམ་ཟེ་ཕྱུག་པོ་ཞིག་གིས་དེར་ང་ཟས་ལ་བསྐོས་པ་དང་
བྲམ་ཟེ་དེ་ཡང་བུ་ཤི་སྟེ་བྲེལ་བ་དང་། བདག་གིས་དེར་སུ་འོང་ཞེས་དྲིས་ན་མཛའ་བོ་དང་ས་ཅན་འོང་ཞེས་ཐོས་ནས་གནས་ངན་ལེན་དུ་སྤྱོད་པས་ཞལ་ཏ་དང་རིམ་གྲོ་ཆེར་མ་བྱས་ཏེ་ཟས་ངན་པ་ཞིག་བྱིན་ནོ། །དེའི་ཕྱི་དེ་ཉིན་ཟས་འབྲིང་པོར་བསྐོས་པ་དང་། དེ་དག་གིས་ཀྱང་ཞལ་ཏ་མ་བྱས་ཏེ་ཟས་ངན་པ་བྱིན་
ནོ། །དེའི་ཡང་ཕྱི་དེ་ཉིན་ཟས་ངན་པ་བསྐོས་པས་ཟས་ངན་པ་ཐོབ་པོ། །དེ་ནས་དེ་གཉིས་ཀྱིས་བསམས་པ། ཀྱེ་མའོ་བདག་ཅག་ལ་གྱད་བུ་ནོར་གྱིས་ཟས་ངན་པ་དང་གོས་ངན་པས་ལན་དུ་མར་མནར་ཏེ། ལུས་ཀྱང་དམས་པར་གྱུར་ན། བདག་ཅག་གཉིས་ཀྱིས་དེ་ལ་གནོད་པ་ཞིག་བྱའོ་སྙམ་ནས། དེའི་
མཛའ་མོ་སྲིང་མོ་ཞེས་བྱ་བ་ལ་སྲིང་མོ་ཁྱོད་གྱད་བུ་ནོར་དང་ཉལ་གྱིས་གྱད་བུ་ནོར་ནི་ཕས་ཕམ་པ་བྱུང་ངོ་ཞེས་བཅོམ་ལྡན་འདས་ལ་གསོལ་ཅིག་དང་ངེད་ཀྱིས་ཀྱང་ཆེ་བཞི་བྱའོ། །དགེ་སློང་མ་དེས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་
བུ་ནོར་ཁྱོད་ཀྱིས་ཐོས་སམ་དྲན་ནམ། བཙུན་པ་བདག་གིས་མི་དྲན་ནམ། ཁྱོད་ཀྱིས་ཉེས་སམ་བཙུན་པ་བདག་གིས་ནོངས་སམ་མ་ནོངས་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། གྱད་བུ་ནོར་ནི་ཉེས་པ་མེད་ཅིང་དྲན་པ་དང་ལྡན་
པར་ཟུང་ཤིག །དགེ་སློང་མ་མཛའ་མོ་ནི་བདག་རང་གིས་ཁས་ལེན་པ་སྨ་ཕོབ་ཤིག །དགེ་སློང་མཛའ་བོ་དང་ས་ཅན་གཉིས་ཤིན་ཏུ་ལེགས་པར་སྨྲོས་ལ། གང་དུ་མཐོང་ཇི་ལྟར་མཐོང་། ཁྱོད་གཉིས་དེར་ཇི་ལ་དོང་དོང་བ་ལས་མཐོང་ཞེས་ཞིབ་ཏུ་སྨྲོས་ཤིག །དེ་ནས་དགེ་སློང་རྣམས་ཀྱིས་བཀའ་
เล่ม ๑๕๕ · หน้า 55b
སྩལ་པ་བཞིན་དུ་ཞིབ་ཏུ་རྨས་པ་དང་། མཛའ་བོ་དང་ས་ཅན་གཉིས་ཀྱི་མཆིང་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་མི་ཚངས་པར་སྤྱོད་ཅིང་ཕས་ཕམ་པར་གྱུར་པ་ནི་མ་མཆིས་ཀྱི་གདུགས་གསུམ་གྱི་བར་དུ་བདག་ལ་ཟས་ཀྱིས་མནར་བས་ན་བདག་ཅག་ཞེ་སྡང་གི་དབང་གིས་སྨྲས་སོ་ཞེས་བྱས་པ་དང་།
དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མཛའ་བོ་དང་ས་ཅན་གཉིས་བཀུག་ནས། སྐྱེས་བུ་གཏི་མུག་ཁྱེད་གཉིས་ཀྱིས་ཟས་ཆུང་ངུའི་ཕྱིར་ཤེས་བཞིན་དུ་བརྫུན་དུ་སྨྲ་ཞེས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས་ཡང་དགེ་སློང་གང་ཞེས་འདུལ་བ་ལ་
བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་གཉིས་ཏེ། གཞན་ཡང་དེ་དང་འདྲའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཁྲོས་པའོ། །ཞེ་སྡང་གིས་གནོད་པར་བྱེད་ཅེས་བྱ་བ་ནི་ཡི་མ་རངས་ནས་གནོད་པར་བྱེད་པའོ། །དགེ་སློང་གཙང་མ་ཞེས་བྱ་བ་ནི་གྱད་བུ་ནོར་ཏེ།
གཞན་ཡང་དེ་དང་འདྲའོ། །ཉེས་པ་མེད་ཅེས་བྱ་བ་ནི་རྩ་བའི་ཉེས་པ་མེད་པས་ན་དངོས་པོ་མེད་པའོ། །རྩ་བ་མེད་ཅེས་བྱ་བ་ཡང་གསུམ་སྟེ། མཐོང་བའི་རྩ་བ་དང་། དོགས་པའི་རྩ་བ་དང་། ཐོས་པའི་རྩ་བ་གསུམ་མེད་པའོ། །ཕས་ཕམ་པ་ཞེས་བྱ་བ་ནི་ཕས་ཕམ་པ་བཞི་པོ་གང་ཡང་རུང་བའོ། །སྐུར་ཞེས་
བྱ་བ་ནི་ཀླང་བཏབ་པའོ། །ཅི་ནས་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ཞེས་བྱ་བ་ནི་ཅི་ནས་དགེ་སྦྱོང་གི་དངོས་པོ་དང་དབྲལ་ལོ་སྙམ་པའོ། །དེ་ཡང་དུས་གཞན་ཞིག་ན་ཞེས་བྱ་བ་ནི་ཕྱི་ཞིག་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་འགྱོད་
དེ་མཐོལ་བའོ། །རྩོད་པ་དེ་ཡང་རྩ་བ་མེད་པར་གྱུར་ཞེས་བྱ་བ་ནི་རྩོད་པའི་དངོས་པོ་མེད་པར་གྱུར་པའོ། །རྩོད་པ་རྣམ་པ་བཞི་སྟེ། རྩོད་པས་རྩོད་པ་དང་། མི་འདོམས་པས་རྩོད་པ་དང་། ལྟུང་བ་ལ་རྩོད་པ་དང་། བྱ་བ་ལ་རྩོད་པའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་བདག་གིས་
སྐུར་པ་གདབ་པར་འདོད་པའོ། །ཁྲོས་ཏེ་སྨྲས་སོ་ཞེས་བྱ་བ་ནི་སྐུར་པ་འདེབས་པ་ཡིན་ནོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལས་ཤིང་ཉེས་པ་ལྷག་མ་དང་བཅས་པའི་ཕྱིར་རོ། །དེ་ལ་ཉེས་པ་གང་ཞེ་ན། ཉེས་པ་བཅུས་ལྷག་མར་འགྱུར་བ་དང་། ཉེས་པ་ལྔས་ལྷག་མ་མེད་པར་
เล่ม ๑๕๕ · หน้า 56a
འགྱུར་རོ། །གང་ཟག་གཙང་མ་ལ་སྐུར་ནའོ། །མ་མཐོང་མ་ཐོས་མི་དོགས་པར་འདུ་ཤེས་དང་བློ་གྲོས་སྦས་ནས་མཐོང་ངོ་ཐོས་སོ་དོགས་སོ་ཞེས་སྨྲས་ན་ལྷག་མ་རེ་རེར་འགྱུར་རོ། །ཐོས་དོགས་ལ་དེ་ཡང་བརྗེད་པར་འགྱུར་ལ། བཟོད་པ་དང་བློ་གྲོས་དང་འདུ་ཤེས་སྦས་ནས་མ་
བརྗེད་དོ་ཞེས་སྨྲས་ན་ལྷག་མ་རེ་རེར་འགྱུར་རོ། །ཐོས་ནས་ཡིད་ཆེས་ཏེ་ངས་མཐོང་ངོ་ཞེའམ་ཐོས་ནས་ཡིད་མ་ཆེས་པར་མཐོང་ངོ་ཞེས་སྨྲས་སམ་ཐོས་ལ་མི་དོགས་པར་ངས་མཐོང་ངོ་ཞེ་འམ། ཐོས་ལ་དོགས་པར་ངས་མཐོང་ངོ་ཞེའམ། དོགས་ལ་དོགས་བཞིན་དུ་ངས་མཐོང་ངོ་ཞེས་སྨྲ་ན་ཚིག་རེ་རེ་ཞིང་
ལྷག་མ་རེ་རེར་འགྱུར་རོ། །རྣམ་པ་ལྔས་ལྟུང་བ་མེད་པ་གང་ཞེ་ན། མཐོང་བ་དང་ཐོས་པ་དང་། དོགས་པ་དང་། དོགས་པ་ཡང་མེད་ལ། འདུ་ཤེས་ཀྱང་མ་སྦས་པའོ། །ངས་དོགས་ཏེ་དེ་ཡང་བརྗེད་ཐོས་ཏེ་དེ་ཡང་བརྗེད་ཅེས་སྨྲས་ན་ལྟུང་བ་མེད་དོ། །གང་ཟག་ཉེས་པ་བྱུང་བ་དྲིལ་བརྡུངས་པ་བཞིན་དུ།
ཀུན་གྱིས་ཤེས་པ་དང་། རི་མོ་བྲིས་པ་དང་། བདག་གིས་ཤེས་པ་བཞིན་དུ་འཇིག་རྟེན་ཀུན་གྱིས་ཤེས་པ་ནི་ཉེས་པ་མེད་དོ། །དགེ་སློང་གིས་དགེ་སློང་ལ་ཕྲིན་དང་ཕྲིན་ཡིག་དང་ལག་བརྡ་དང་གཅིག་ནས་གཅིག་དུ་བརྒྱུད་དེ་སྐུར་ན་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དགེ་སློང་སྨྱོན་པ་དང་སེམས་འཁྲུགས་པ་
དང་། ནད་ཀྱིས་གཟིར་བ་དང་། གླན་པ་དང་། ལྐུགས་པ་དང་། འོན་པ་དང་། ར་རོ་བ་ལ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པའི་སྐད་དམ་དབེན་པ་ལ་མི་དབེན་པའི་འདུ་ཤེས་སམ། སྔགས་དང་སྨན་གྱིས་ལུས་མི་སྣང་བར་བྱས་ཏེ་སྨྲས་སམ། ལུས་ཀྱིས་དམིགས་ཏེ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་
རོ། །དགེ་སྦྱོང་དང་མུ་སྟེགས་ཅན་དང་། ཁྱིམ་པ་སྐྱེ་བོ་དང་བྲམ་ཟེ་ལ་སྐུར་ན་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་།
མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་སུ་གྱུར་པ་དང་སྔར་འཁྲུགས་པ་ལ་སྐུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དགེ་འདུན་ལ་སྐུར་པ་དང་། དགེ་འདུན་བྱེ་བ་དང་། མི་གནས་པ་དང་། རྗེས་སུ་ཕྱོགས་པ་དང་། བསླབ་པ་བྱིན་པ་ལ་སྐུར་ན་ཐམས་ཅད་ཀྱང་ལྷག་མར་འགྱུར་རོ། །ལྟུང་བ་འོག་མ་ལ་
เล่ม ๑๕๕ · หน้า 56b
ཡང་དེ་བཞིན་དུ་སྦྱར་རོ། །བག་ཙམ་གྱི་གླིང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་སྤུངས་པའི་རི་ལ་རྫིང་བུ་རྡོས་བསྐོར་ཞེས་བྱ་བ་ཞིག་ཡོད་དེ། དེའི་འགྲམ་ཡན་མན་གྱད་བུ་ནོར་ཉིན་
པར་དེར་གནས་ཤིང་བསྒོམ་མོ། །དེའི་ཚེ་དགེ་སློང་མ་ཨུཏྤ་ལའི་མདོག་དགེ་བའི་བཤེས་གཉེན་འཕགས་པ་མཽད་གལ་གྱི་བུས་རབ་ཏུ་ཕྱུང་ངོ་། །ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་སངས་རྒྱས་དང་། འཕགས་པ་མཽད་གལ་གྱི་བུ་དང་། འཕགས་པ་གྱད་བུ་ནོར་ལ་སོགས་པ་ལ་རྟག་ཏུ་བསྙེན་བཀུར་བྱེད་ཅིང་
ཕྱག་འཚལ་དུ་འགྲོའོ། །དེའི་ཉིན་པར་འཕགས་པ་མཽད་གལ་ལ་སོགས་པ་ལ་ཕྱག་བྱས་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་ཕྱག་འཚལ་ཏེ་ཆོས་ཉན་པའི་ཕྱིར་མདུན་ན་འདུག་གོ། །དེའི་ཚེ་ན་དགེ་སློང་མཛའ་བོ་དང་ས་ཅན་གཉིས་ཀྱང་རྟག་ཏུ་ཀླན་ཀ་ཚོལ་བ་ནན་ཏན་བྱེད་པས་ནང་པར་དེ་གཉིས་ཕྱག་དར་
ཁྲོད་པ་མང་ཞིག་བཏུས་ནས་རྫིང་བུ་རྡོས་བསྐོར་དུ་འཁྲུར་ལྷགས་པ་དང་། དེའི་ཚེ་རི་དགས་ཁྱུ་མང་པོ་ཞིག་རྫིང་བུ་དེར་ཆུ་འཐུང་དུ་ལྷགས་ནས། ཆུ་འཐུངས་ཟིན་པའི་འོག་ཏུ་རི་དགས་རྣམས་གཅིག་ལ་གཅིག་ཞོན་ཞིང་མི་ཚངས་པར་སྤྱོད་པ་དང་མཛའ་བོ་དང་ས་ཅན་གཉིས་ཀྱིས་མཐོང་ནས་གཅིག་ལ་
གཅིག་སྨྲས་པ། དགེ་སློང་ཨུཏྤ་ལའི་མདོག་དང་གྱད་བུ་ནོར་གཉིས་མི་ཚངས་པར་སྤྱོད་ཀྱི། དགེ་སློང་དག་ལ་བསྙད་དུ་འདོང་ཞེས་བྱས་པ་དང་། ཚེ་དང་ལྡན་པ་ཁར་ཉིན་ཡང་བདག་ཅག་ཨད་པོར་དོ་སྤངས་ནས། ད་ཡང་སྤང་བའི་ལས་བྱེད་འདོད་དམ་ཞེས་ས་ཅན་གྱིས་སྨྲས་པ་དང་། དེས་ཁར་ཉིན་
ནིའུ་བུ་ཅག་བརྫུན་གྱི། ད་ནི་བག་ཙམ་གྱི་ཆ་ལས་བླངས་པས་རུང་གིས་དགེ་སློང་དག་ལ་བསྙད་དུ་འདོང་ངོ་ཞེས་བྱས་ནས། དེ་དག་དགེ་སློང་དག་ལ་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་མི་ཚངས་པར་སྤྱོད་དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་ཁྱོད་གཉིས་ལྷ་དང་མི་ནི་ཤིན་ཏུ་སྤངས་
ཀྱི། བྱོལ་སོང་དང་སེམས་ཅན་དམྱལ་བ་དང་། ཡི་དགས་ནི་མངོན་པར་བསྙེན་ཏོ་ཞེས་བྱ་བ་དང་། དགེ་སློང་དག་གིས་ཡང་གོང་མ་བཞིན་དུ་ཅིའི་ཕྱིར་མཐོང་། གང་དུ་མཐོང་ཁྱེད་ཅག་ཅི་ལ་དོང་དོང་སྟེ་མཐོང་ཞེས་སྨྲས་པ་དང་། དེ་གཉིས་ཀྱིས་ཅི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དོན་ཉུང་བའི་
เล่ม ๑๕๕ · หน้า 57a
དགེ་སློང་རྣམས་འཕྱ་སྟེ། དགེ་སློང་གཙང་མ་ཉེས་པ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་ལ་ཕས་ཕམ་པར་སྐུར་ཅེས་སྨོད་ཅིང་མི་སྙན་པར་འཛེར་ཏོ། །དེ་ལྟར་གྱུར་པ་སྙན་དུ་བདས་ནས། ལེགས་པ་རྣམ་པ་བཅུ་ལ་གཟིགས་ནས། ཡང་དགེ་སློང་གང་ཞེས་འདུལ་བ་ལ་བསླབ་
པའི་གནས་བཅས་ཏེ་རྩ་བའི་ཚིག་རྣམས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་ཏེ་གཞན་ཡང་དེ་དང་འདྲའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཞེ་སྡང་གིས་ཀུན་ནས་བསྐོར་བའོ། །ཁྲོས་ནས་གནོད་པར་བྱེད་ཅེས་བྱ་བ་ནི་ཡི་མ་རངས་ཏེ། འཁྲུགས་པ་མ་བཏང་བའོ། །དགེ་སློང་གཙང་མ་ཞེས་
བྱ་བ་ནི་གྱད་བུ་ནོར་རམ་གཞན་ཡང་དེ་དང་འདྲའོ། །མ་ཉེས་ཞེས་བྱ་བ་ནི་ཉེས་པ་དེའི་དངོས་པོ་མེད་པའོ། །གཞན་གྱི་ཆ་མ་ཡིན་ཞེས་བྱ་བ་གཞན་གྱི་མྱ་ངན་ལས་འདས་པ་སྟེ། དེའི་ཆ་མ་ཡིན་པ་ནི་བཞི་སྟེ། ཕས་ཕམ་པའི་ཆོས་སོ་ཕས་ཕམ་པ་ཞེས་བྱ་བ་ནི་བཞི་པོ་ལས་གང་གིས་ཀྱང་རུང་ངོ་། །ཆོས་ཞེས་བྱ་
བ་ནི་རང་གི་མཚན་ཉིད་འཛིན་པས་སོ། །སྐུར་ཞེས་བྱ་བ་ནི་ཀླང་བཏབ་པའོ། །དེ་ཅི་ནས་ཀྱང་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་པ་ནི་དེ་ཅི་ནས་ཀྱང་དགེ་སློང་གི་དངོས་པོ་དང་དབྲལ་ལོ་སྙམ་དུ་སེམས་པའོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་
གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཏེ། རབ་ཏུ་འགྱོད་ཅིང་རྣམ་པར་འགྱེད་པའོ། །གཞན་གྱི་ཆ་མ་ཡིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལས་གཞན་པ་ཕས་ཕམ་པར་སྨྲས་པའོ། །རྩོད་པ་ནི་རྣམ་པ་བཞི་སྟེ། རྣམ་པར་རྩོད་པས་རྩོད་པ་དང་། མི་འདོམས་པས་རྩོད་པ་དང་། ལྟུང་
བས་རྩོད་པ་དང་བྱ་བས་རྩོད་པའོ། །གཞན་གྱི་ཆ་མ་ཡིན་པས་རྩོད་པ་ཡང་བག་ཙམ་གྱི་ཆ་ལས་འགའ་ཞིག་ཅེས་བྱ་བ་ནི་རི་དགས་ཕོ་མོས་འཁྲིག་པའི་ཆ་ལས་བླངས་པའོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པར་ཆོས་ཀྱི་སྒྲར་གསུངས་སོ། །བླངས་པ་ཡིན་ཞེས་བྱ་བ་ནི་གཟུང་བ་ཡིན་ནོ། །དགེ་སློང་
ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་ཀླང་གདབ་པར་འདོད་པའོ། །ཁྲོས་ཏེ་སྨྲས་སོ་ཞེས་བྱ་བ་ནི་ཀླང་འདེབས་པའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉེས་པ་གང་ཞེ་ན། དགེ་སློང་གིས་དགེ་སློང་ལ་ཕས་ཕམ་པའི་ལྟུང་བ་བྱུང་བ་མཐོང་ནས་དེས་དེ་ལ་ལྟུང་བ་མ་ཡིན་ནོ་སྙམ་དུ་བལྟས་ལ་འདུ་
เล่ม ๑๕๕ · หน้า 57b
ཤེས་དང་བློ་གྲོས་སྦས་ནས་ཕས་ཕམ་པ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་ཕས་ཕམ་པ་བྱུང་བ་མཐོང་ན་དེས་དགེ་འདུན་གྱི་ལྷག་མའོ་སྙམ་དུ་བལྟས་ལ་འདུ་ཤེས་དང་བཟོད་པ་སྦས་ན་ཕས་ཕམ་པའི་ལྟུང་བ་བྱུང་ངོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དེ་བཞིན་དུ་ལྟུང་བ་
རིགས་ལྔ་ལ་ཡང་སྦྱར་རོ། །དགེ་འདུན་གྱི་ལྷག་མ་མཐོང་བ་དང་། སྤངས་པ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་བྱུང་བ་མཐོང་བ་ལ་དེས་འདུ་ཤེས་སྦས་ན་བློ་གྲོས་སྦས་ནས་ཕས་ཕམ་པ་བྱུང་ངོ་ཞེས་བྱ་བ་སྨྲས་ན་ཐམས་ཅད་དུ་ལྷག་མར་འགྱུར་བ་དེ་རེ་རེར་སྦྱོར་ཅིག །ཀུན་གྱིས་ཤེས་
པ་དང་། རི་མོ་བྲིས་པ་འདྲ་བ་དང་། ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་འདུན་གྱི་དབྱེན་གྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་དགེ་སློང་ལྷ་སྦྱིན་དང་། དེའི་གྲོགས་རྗེས་སུ་ཕྱོགས་པ་དགེ་སློང་ཀོ་ཀ་ལི་
ཀ་དང་། ཁཎྜ་དྲ་བ་བྱ་དང་། ཀ་ཌ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་ལ་སོགས་པ་དགེ་འདུན་འདུམ་པ་དབྱེ་བ་ལ་ཞུགས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གསུམ་གྱི་བར་དུ་བཟློག་ཀྱང་མ་བཏུབ་ནས། དེ་བཞིན་གཤེགས་པའི་བཀའ་བཅག་པས་ཉོན་མོངས་པས་ན་དགེ་འདུན་
གྱི་ལྷག་མ་བཅུ་པ་དང་བཅུ་གཅིག་པ་བཅས་པའོ། །དེའི་ཚེ་རྒྱལ་པོའི་ཁབ་ན་མུ་གེ་ཆེན་པོ་བྱུང་ནས། ཁ་ཟས་རབ་ཏུ་དཀོན་ཏེ་རྙེད་པར་དཀའ་ནས་དགེ་སློང་རྫུ་འཕྲུལ་ཐོབ་པ་རྣམས་གྱིས་འཛམ་བུའི་གླིང་ནས་ཤིང་འཛམ་བུའི་འབྲུ་དང་སྐྱུ་རུ་རའི་འབྲས་བུ་ལ་སོགས་ལེན། དགེ་སློང་ཁ་ཅིག་
གིས་བྱང་གི་སྒྲ་མི་སྙན་གྱི་གླིང་ནས་མ་བཏབ་མ་རྨོས་པའི་འབྲས་ལེན། ཁ་ཅིག་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དུ་དོང་ནས་ལྷའི་ཟས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ཏེ་འོངས་ནས་བདག་ཀྱང་ཟ་དགེ་སློང་གཞན་རྣམས་ལ་ཡང་སྦྱིན་ནོ། །དེ་ནས་ལྷ་སྦྱིན་གྱིས་བསམས་པ། ད་ལྟར་ཁ་
ཟས་དཀོན་ཞིང་སྡུག་བསྔལ་ཆེ་ན་བདག་གིས་ཀྱང་རྫུ་འཕྲུལ་མངོན་པར་བསྒྲུབས་ལ་བདག་ཀྱང་ཟས་གཞན་ལ་ཡང་སྦྱིན་ནོ་སྙམ་ནས་བཅོམ་ལྡན་འདས་ལ་རྫུ་འཕྲུལ་གྱི་ལམ་ཞིག་དྲིའི་སྙམ་དུ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལ་རྫུ་འཕྲུལ་བསྟན་ན་དེ་ལྟ་བུའི་སྡིག་པའི་འདོད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด