འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๒ · หน้า 319b
ཚུལ་མ་དབང་བ་གང་ཡིན་བ་དེ་དགེ་སློང་མས་སྦེད་པར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་མ་དེ་ཉིད་དང་དགེ་སློང་མ་གཞན་དག་ལ་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟོས་པ་དང་བཅས་པས་བྱིན་པ་ན་བཏང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ལག་ཉར་བླངས་
པ་ལ་སོགས་པའི་རྫས་དེ་ཡང་ཕྱིར་བླང་ངོ་སྙམ་པའི་འདོད་པ་དང་བཅས་པའི་སེམས་ཀྱིས་ཕར་བྱིན་པ་ནི་བཏང་བ་ཉིད་མ་ཡིན་ཏེ་བསམ་པ་ཐག་པ་ནས་མ་བཏང་བའི་ཕྱིར་རོ། །ལྟོས་པ་མེད་པར་བཏང་བ་ལ་ལྟོས་པ་དང་བཅས་པ་ཉིད་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ལག་ཉར་བླངས་པ་ལ་སོགས་
པའི་རྫས་ལྟོས་པ་མེད་པར་བཏང་བ་གང་ཡིན་པ་དེ་ལ་ཡང་ལྟོས་པ་དང་བཅས་པ་ཉིད་ཡིན་ན་བྱིན་ལེན་བྱས་ཏེ་ཟོས་པའི་ཚེ་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་བླང་བར་མི་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་ལག་ཉར་བླངས་པ་ལ་སོགས་པའི་རྫས་ལྟོས་པ་མེད་པའི་
སེམས་ཀྱིས་བཏང་བ་དེ་ཡང་ལྟོས་པའི་སེམས་ཀྱིས་ཕྱིར་སློང་ན་ཉེས་བྱས་སུ་འགྱུར་བ་དེའི་ཕྱིར་དེ་བཟའ་བའི་ཕྱིར་བསླང་བར་མི་བྱ་སྟེ། ཡང་སློང་ན་གདོན་མི་ཟ་བར་ལྟོས་པ་དང་བཅས་པ་ཉིད་སྐྱེ་བའི་ཕྱིར་རོ། །ཤེས་བཞིན་དུ་མི་བླང་ངོ་ཞེས་བྱ་བ་ནི། གང་གི་ཕྱིར་ལྟོས་པ་མེད་པར་བཏང་བ་
དེ་ཤེས་བཞིན་དུ་ཕྱིར་བླངས་ན་ལྟོས་པ་དང་བཅས་པ་ཉིད་དུ་འགྱུར་ལ་མི་ཤེས་ན་མི་འགྱུར་བ་དེའི་ཕྱིར་ཤེས་བཞིན་དུ་མི་བླང་སྟེ། མི་ཤེས་པས་བླངས་པ་ལ་ནི་ཉེས་པ་མེད་དོ། །རིགས་པ་འདི་ཉིད་ཀྱིས་ན་གསོག་འཇོག་བྱས་པ་དང་། ལག་ཉར་བླངས་པ་དང་། ནང་དུ་ཞག་ལོན་པ་
དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པ་དག་ཀྱང་བསམ་པ་ཐག་པ་ནས་ཚིག་བཞིན་བྱེད་པ་གཞན་ལ་བཏང་ན་རུང་བ་མ་ཡིན་པ་ཉིད་དང་བྲལ་བར་འགྱུར་ཏེ། དེའི་ཕྱིར་དེ་ཟོས་ན་ཉེས་པ་འགའ་ཡང་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་
ཀུན་དགའ་ར་བ་པའམ་དགེ་ཚུལ་ལ་ཟས་སྩལ་བ་དེ་གཉིས་ཀྱིས་དེ་ཉིད་ལ་སླར་སྩལ་ན་འཚལ་བར་བགྱིའམ། གལ་ཏེ་མངོན་པར་མ་བསམས་ན་བཟའ་བར་བྱའོ། །བསླང་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་པར་མ་བསམས་ན་ཞེས་བྱ་བ་ནི་འཐོབ་བོ་
เล่ม ๑๖๒ · หน้า 320a
སྙམ་དུ་ཡིད་ཀྱིས་མ་བསམས་ནའོ། །གླེང་གཞི་དག་ལས་ཀྱང་ལྟོས་པ་དང་བཅས་པ་ཟོས་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤས་མནོས་པ་དེ་བྲུབ་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། ཞིང་བ་དག་ལས་
འབྲས་ལ་སོགས་པའི་ཐོག་ཤས་ཐོབ་པ་དེ་དག་མནོད་པའི་ཕྱིར་དེ་ལ་རེག་པ་ནི་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་འབྲས་ལ་སོགས་པ་མནོས་པ་དག་བང་བ་ལ་སོགས་པ་དག་ཏུ་བྲུབ་པའི་ཕྱིར་རེག་པ་ཡང་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཅི་དུས་ཐམས་ཅད་དུ་འམ་ཞེ་ན་
དེའི་ཕྱིར། རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་བྱ་བ་སྨྲས་ཏེ། ཆུད་ཟ་བའི་རྐྱེན་དག་ཉེ་བར་གྱུར་པའམ་བསྙེན་པར་མ་རྫོགས་པ་དག་མེད་དམ་འབྲུབ་པར་བྱེད་པ་གཞན་དག་མེད་པ་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ནའོ། །ཤིང་རྟ་ལ་ནི་ཁ་ལོ་བའི་སྟན་མ་གཏོགས་པ་ཉིད་དོ་ཞེས་བྱ་བ་ནི། འདི་
དག་ཐམས་ཅད་ཀྱང་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་བྱ་བའི་རྗེས་སུ་སྦྱར་བར་རིག་པར་བྱའོ། །བཟའ་བར་བྱ་བ་བཀལ་བའི་ཤིང་རྟ་ལ་རེག་པར་མི་བྱའོ། །གལ་ཏེ་དེ་ལ་རྐྱེན་དེ་ལྟ་བུ་དག་ཡོད་པར་གྱུར་ན་དེའི་ཚེ་ན་ཁ་ལོ་བའི་སྟན་འབའ་ཞིག་མ་གཏོགས་པ་ཉིད་ཀྱི་ཤིང་རྟ་ལ་རེག་པར་བྱའོ། །ཤིང་རྟ་
ཉི་ཚེ་ལ་རེག་པས་ནི་ཤིང་རྟའི་ནང་ན་འདུག་པའི་ཟས་མི་རུང་བ་ཉིད་དུ་མི་འགྱུར་རོ། །དེ་གང་བ་ལ་ཡང་ངོ་ཞེས་བྱ་བ་ནི། འབྲས་ལ་སོགས་པས་གང་བའི་ཤིང་རྟ་ལ་ཡང་མི་རེག་ཏུ་མི་རུང་བའི་ཕྱིར་རྐྱེན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ་ཁ་ལོ་བའི་སྟན་དེ་མ་གཏོགས་པ་ཉིད་དོ། །ནད་པ་གཞན་པ་ལ་ཡང་
ངོ་ཞེས་བྱ་བ་ནི། ཟས་ཀྱིས་སྟོང་བའི་ཤིང་རྟར་ནད་པ་བཞོན་ཞིང་བརྒལ་བ་ལ་ཡང་དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ་ཡང་ཁ་ལོ་བའི་སྟན་དེ་མ་གཏོགས་པ་ཉིད་དོ། །གྲུ་ལ་ནི་རུ་སྐྱའོ་ཞེས་བྱ་བ་ནི། བཟའ་བར་བྱ་བ་བཅུག་པའི་གྲུ་དང་འབྲས་ལ་སོགས་
པས་གང་བའི་གྲུ་དང་གྲུར་ནད་པ་གཞུག་པ་ལ་ཡང་དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ་གྲུ་དེ་ལ་ནི་རུ་སྐྱ་མ་གཏོགས་པ་ཉིད་དོ། །གྲུར་ནད་པ་མ་ཡིན་པ་ཡང་གཞུག་ཏུ་རུང་སྟེ། དེ་ལ་ཡང་ཚུལ་དེ་ཁོ་ན་བཞིན་ནོ། །དེ་འཛིན་པའི་སྟན་ཡང་ངོ་ཞེས་བྱ་བ་ནི། བཟའ་
เล่ม ๑๖๒ · หน้า 320b
བར་བྱ་བ་བཅུག་པའི་གྲུ་དང་འབྲས་ལ་སོགས་པས་གང་བའི་གྲུ་དང་གྲུར་ནད་པ་དང་མི་ན་བ་དག་གཞུག་པ་ལ་ཡང་དགེ་སློང་གིས་མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ་གྲུ་དེ་ལ་རུ་སྐྱ་འཛིན་པའི་སྟན་ཡང་མ་གཏོགས་པ་ཉིད་དོ། །ཁ་ལོ་བའི་སྟན་དང་རུ་སྐྱ་འཛིན་པའི་སྟན་དག་ལ་དགེ་སློང་གིས་
བརྡོས་པར་གྱུར་ན་དེའི་ཚེ་ཤིང་རྟ་དང་གྲུ་སྨན་པར་མི་ནུས་པས་དེའི་ཕྱིར་དགེ་སློང་ལ་རྐྱེན་དེ་ལྟ་བུ་དག་ཡོད་དུ་ཟིན་ཀྱང་དེ་དག་ལ་རེག་པ་དགག་པ་མཛད་དོ། །དགེ་འདུན་གྱི་སྨན་དག་ལུད་པ་ན་བསྐྱམ་པ་དང་དབྱུང་བ་དང་གཟར་བུའི་ལས་དང་དབོག་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་གྱི་
བཟའ་བ་ལ་སོགས་པ་སྨན་དག་དང་གང་ཟག་གི་ཡང་རུང་སྟེ། དེ་དག་ལུད་པ་ན་བསྐྱམ་པ་ལ་སོགས་པའི་ཕྱིར་དགེ་སློང་གིས་རེག་པ་ལ་ཡང་མི་རུང་བ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལུད་པ་ན་ཞེས་བྱ་བ་ནི་ཐབ་ཏུ་བསྐོལ་བའི་ཚེ་གྱེན་དུ་ལུད་པ་ནའོ། །བསྐྱམ་པ་ཞེས་བྱ་བ་ནི། བསྐྱོད་
པའོ། །དབྱུང་བ་ཞེས་བྱ་བ་ནི་གནས་ནས་ཕྱིར་དབྱུང་བའོ། །གཟར་བུའི་ལས་ཞེས་བྱ་བ་ནི། གཟར་བུས་ཕྱར་བ་ལ་སོགས་པའོ། །དབོག་པ་ཞེས་བྱ་བ་ནི་བསྐོལ་པའི་གནས་སྒྱེད་པོ་དག་ལས་ཤོད་དུ་དབོག་པའོ། །ཚིག་དེ་དག་གིས་རྫས་ཆུད་མི་ཟ་བའི་ཕྱིར་རོ། །ཅི་བསྐྱམ་པ་དེ་ལ་དང་པོ་
ཉིད་ནས་རེག་པར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར། དང་པོར་ཤིང་དབྲི་བ་དང་མེ་བསད་པ་དང་གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པ་འབད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་སྨན་དེ་བསྐྱམ་པ་ན་དང་པོ་ཁོ་ནར་ལུད་པ་ཞི་བར་བྱ་བའི་ཕྱིར། ཤིང་དབྲི་བ་ལ་སོགས་པ་དག་གིས་འབད་
པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ལུད་པ་ཞི་བར་བྱ་བའི་ཕྱིར་དང་པོ་ཁོ་ནར་རེ་ཞིག་བུད་ཤིང་དབྲི་བར་བྱ། །མེ་གསད་པར་བྱ། གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པར་བྱའོ། །འོན་ཀྱང་ཞི་བར་མ་གྱུར་ན་དེའི་ཚེ་གཟོད་བསྐྱམ་པ་ལ་སོགས་པས་རིག་པར་བྱའོ། །དེས་
ན་འདི་ལྟར་ཤེས་ཏེ། དང་པོར་བུད་ཤིང་དབྲི་བ་ལ་སོགས་པས་ཞི་བར་མ་གྱུར་ན་དེའི་འོག་ཏུ་གཟོད་བསྐྱམ་པ་ལ་སོགས་པ་བྱ་བ་ཡིན་ནོ། །ཆུ་ཀླུང་རྒལ་བའི་ཕྱིར་རམ་ཁུར་ཙ་བ་བསྙག་པའི་ཕྱིར་ལག་ཉར་བླངས་པའི་ལམ་རྒྱགས་རུང་སྟེ། ཆོ་ག་མ་འབྱོར་ཏམ་ལམ་རྒྱགས་གཞན་མེད་ནའོ་ཞེས་
เล่ม ๑๖๒ · หน้า 321a
བྱ་བ་ནི། དགེ་སློང་ཆུ་ཀླུང་རྒལ་བའི་ཕྱིར་རམ། ལམ་རྒྱགས་ཁྱེར་བའི་ཁུར་ཙ་བ་བསྙག་པའི་ཕྱིར་ནི་ལག་ཉར་བླངས་པའི་ལམ་རྒྱགས་བཟར་རུང་ངོ་། །གང་གི་ཚེ་ཞེ་ན། ཆོ་ག་མ་འབྱོར་ཏམ་ཞེས་བྱ་བ་སྨྲས་ཏེ། རུང་བར་བྱེད་པའི་དགེ་སྦྱོང་ལ་སོགས་པས་རེག་
ན་ལག་ཉར་བླངས་པ་ཉིད་དུ་མི་འགྱུར་བ་དེ་ལྟ་བུའི་ཆོ་ག་མ་འབྱོར་ན་དགེ་སློང་དེ་ཉིད་ཀྱིས་ཆུ་ཀླུང་རྒལ་བར་བྱ་བ་དང་གནས་གང་ན་ཁུར་ཙ་བ་འདུག་པ་དེར་ཡང་དགེ་སློང་དེ་ཉིད་ཀྱིས་བསྐུར་བར་བྱའོ། །ལག་རྒྱགས་གཞན་མེད་ན་ཞེས་བྱ་བ་ནི། ལམ་རྒྱགས་རུང་བ་གཞན་མེད་ན་ཡང་དེའི་ཚེ་ལམ་
རྒྱགས་ཀྱི་དོན་དུ་ལག་ཉར་བླངས་པ་བཟའ་བར་བྱའོ། །ཁུར་ཙ་བ་མེད་ན་སྦྱིན་བདག་སྤྲོ་བར་བྱའོ་ཞེས་བྱ་བ་ནི། ལམ་རྒྱགས་དེ་ཁྱེར་བའི་ཁུར་ཙ་བ་གཞན་མེད་ན་སྦྱིན་བདག་གིས་དེ་བསྐུར་བར་སྤྲོ་བ་བསྐྱེད་པར་བྱའོ། །ཁྱེར་བ་མེད་ན་རང་གིས་སོ་ཞེས་བྱ་བ་ནི། སྦྱིན་བདག་ལ་བཅོལ་བ་ཡང་
མ་གྲུབ་ན་དེའི་ཚེ་དགེ་སློང་རང་གིས་ལམ་རྒྱགས་བསྐུར་བར་བྱའོ། །དེ་ཉིད་ལས་སྦྱིན་པས་བརྗེ་ཞིང་བླང་བ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། གཞན་ཁྱེར་དུ་གཞུག་པ་མ་གྲུབ་ཅིང་རང་གིས་ཁྱེར་བར་གྱུར་ན་རང་གིས་ཁྱེར་བ་དེ་ཉིད་ལས་གཞན་ལ་སྦྱིན་པས་ལམ་རྒྱགས་བརྗེ་ཞིང་བླང་བ་བསྒྲུབ་པར་
བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་རུང་བ་གཞན་མ་གྲུབ་ན་དེའི་ཚེ་རང་གིས་ཁྱེར་བའི་ལམ་རྒྱགས་དེ་ཉིད་ལས་བསྙེན་པར་མ་རྫོགས་པ་ལ་སྐལ་བ་སྦྱིན་པར་བྱ་ཞིང་། དེའི་འོག་ཏུ་བསྙེན་པར་མ་རྫོགས་པ་དེའི་སྐལ་བ་དེ་རང་གི་སྐལ་བས་བརྗེ་ཞིང་བཟའ་བར་བྱའོ། །དེ་ཡང་མ་གྲུབ་ན་དེ་
བཟའ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། རང་གིས་ཁྱེར་བ་དེ་ཉིད་ལས་བརྗེ་ཞིང་བླང་བ་དེ་ཡང་མ་གྲུབ་ན་རང་གིས་ཁྱེར་བ་དེ་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པ་དེའམ་གཞན་ཡང་ངོ་ཞེས་བྱ་བ་ནི། བྱིན་ལེན་སྟོབས་པར་བྱེད་པའི་མི་གཞན་མེད་ན་དེའི་ཚེ་
བྱིན་ལེན་མ་བྱས་པར་རང་གིས་ཁྱེར་བ་དེའམ་གཞན་ཁྱེར་དུ་བཅུག་པ་གཞན་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། རང་གིས་ཁྱེར་བའི་ལམ་རྒྱགས་དེ་བཟའ་བར་བྱ་བ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་ཉིད་དམ་གཞན་བྱིན་ལེན་མ་བྱས་པ་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །
เล่ม ๑๖๒ · หน้า 321b
རང་གིས་ཁྱེར་བ་དང་བྱིན་ལེན་མ་བྱས་པ་དེ་གཉིས་དགེ་སློང་གང་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར། ཟན་གཅད་པར་བྱས་པའིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་གིས་སྔར་ཉིན་གཅིག་ཟན་གཅད་པ་དེ་ནི་ཟན་གཅད་པར་བྱས་པ་སྟེ་དེའིའོ། །ཉི་མ་གང་ལ་ཇི་ཙམ་བཟའ་བར་བྱ་བ་ཉིད་
ཡིན་ཞེ་ན། དེའི་ཕྱིར་ཉི་མ་དང་པོ་ལ་སྤར་གང་ངོ་ཞེས་བྱ་བ་སྨྲས་ཏེ། སྔར་ཉིན་གཅིག་ཟན་གཅད་པར་བྱས་པའི་ཕྱི་དེ་ཉིན་པར་ཟན་བཟའ་བའི་དུས་ལ་བབ་པ་ནི་ཉི་མ་དང་པོ་ཞེས་བྱ་བ་སྟེ། དེ་ལ་ནི་སྤར་གང་བཟའ་བར་བྱ་བ་ཉིད་ཡིན་ནོ། །སྦར་གང་ཞེས་བྱ་བ་ནི་ལག་པ་ཁས་སྦུབ་པའི་སོར་མོ་
སྒུ་པོར་བཀྲམ་པ་དག་གིས་ཕྱེ་ལ་སོགས་པ་ཇི་ཙམ་བཟུང་བར་ནུས་པ་དེ་ནི་སྤར་གང་ཞེས་བྱའོ། །གཉིས་པ་ལ་ནི་དེའོ་ཞེས་བྱ་བ་ནི། ཉི་མ་གཉིས་པ་ལ་ནི་སྤར་བ་དོ་བཟའ་བར་བྱ་བ་ཉིད་ཡིན་ནོ། །གསུམ་པ་ལ་ནི་ཇི་ཙམ་གྱིས་ཆོག་པའོ་ཞེས་བྱ་བ་ནི། ཉི་མ་གསུམ་པ་ལ་ནི་ཇི་ཙམ་གྱིས་
ཆོག་པར་འགྱུར་པ་དེ་ཙམ་བཟའ་བར་བྱ་བ་ཉིད་ཡིན་ནོ། །ཤིང་ཏོག་རུང་བར་མ་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་བཟའ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་ཟན་གཅད་པ་བྱས་པས་དགུན་ལ་སོགས་པ་ཤིང་ཏོག་རུང་བར་མ་བྱས་པ་དང་། །
བྱིན་ལེན་མ་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །ཀྱང་ཞེས་བྱ་བ་དང་ཡང་ཞེས་བྱ་བ་ཁ་གཉིས་སུ་སྨོས་པ་ནི་གཉི་ག་ཡང་ཉེས་པ་མེད་དོ་ཞེས་བསྡུ་བའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱང་གཞན་མ་གྲུབ་ན་ཞེས་བྱ་བའི་དབང་དུ་
བྱས་པ་ཉིད་ཡིན་ནོ། །དེ་དག་སུའི་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན་དེའི་ཕྱིར་ཟན་མེད་པའི་འོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཟས་མེད་པའི་འོ། །ཅི་གནས་སྐབས་ཐམས་ཅད་དུ་འམ་ཞེ་ན་དེའི་ཕྱིར། ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། ཤིན་ཏུ་བཀྲེས་པའི་དངོས་པོ་ནི་ཤིན་ཏུ་
བཀྲེས་པ་ཉིད་དེ་དགེ་སློང་དེ་ཤིན་ཏུ་བཀྲེས་པ་ཉིད་ཡིན་ན་བཟའ་བར་བྱ་བ་ཉིད་ཡིན་ཏེ། བཀྲེས་པས་ཤིན་ཏུ་སྲོག་ལ་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་། དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་རྩ་བ་རུང་བར་མ་བྱས་པ་ལ་སོགས་པ་དག་ཀྱང་དུས་མ་
เล่ม ๑๖๒ · หน้า 322a
ཡིན་པར་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །རང་གིས་ཀྱང་བཏོག་པ་ཉིད་དང་དབྱུང་བ་ཉིད་དང་བསྒྲུབ་པར་བྱ་བ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། རང་གིས་ཀྱང་ཞེས་སྨོས་པའི་ཀྱང་གི་སྒྲས་ནི་གཞན་བྱེད་དུ་གཞུག་པ་ཡང་བསྡུའོ། །དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་
ནི་རང་གིས་ཀྱང་ཤིང་ཏོག་ལ་སོགས་པ་བཏོག་པ་ཉིད་དང་། རྩ་བ་ལ་སོགས་པ་དབྱུང་བ་ཉིད་དང་། བཙོ་བར་བྱ་བ་བསྒྲུབ་པར་བྱ་བ་ཉིད་ཀྱང་བྱར་རུང་ལ་གཞན་བྱེད་དུ་གཞུག་ཏུ་ཡང་རུང་ངོ་། །བྱིན་ལེན་མ་བསྟབས་པ་དང་རུང་བར་མ་བྱས་པ་དང་དུས་མ་ཡིན་པར་བཟའ་བ་ལ་སོགས་པ་རུང་བར་
བྱ་བ་དག་ལ་རྩོམ་པ་འདོད་པ་ནི་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་བྱའོ་ཞེས་བྱ་བ་ནི། དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་བྱིན་ལེན་མ་བསྟབས་པ་དང་། རུང་བར་མ་བྱས་པ་དང་དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བ་བྱ་བ་དག་ལ་རྩོམ་པའི་མདུན་རོལ་དུ་རྩོམ་པ་འདོད་
པའི་ཚེ་ན་དགེ་སློང་དེས་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་བྱ་སྟེ། འདི་ལྟར་བྱང་གི་སྒྲ་མི་སྙན་ན་གཞན་དང་འབྲེལ་བའི་ཐ་སྙད་མེད་ཅིང་སེམས་ཅན་དེ་དག་ཀྱང་བྱེ་བྲག་ཏུ་མི་རྟོག་པས་རང་གིས་བླང་བ་ལ་སོགས་པའི་ཐ་སྙད་བྱེད་པ་ཡིན་ཏེ། བསམ་པ་དྲང་ཞིང་དགེ་བ་ཡིན་པའི་
ཕྱིར་བདག་གི་ཞེ་འམ་གཞན་གྱི་ཞེ་འམ་གཞན་ལས་བླང་བར་བྱ་བ་དེ་ལྟ་བུ་ལ་སོགས་པའི་བྱེ་བྲག་ཏུ་རྟོག་པ་དེ་ན་མེད་པ་ཁོ་ན་ཡིན་པས་དགེ་སློང་དེས་ཀྱང་དེའི་ཚེ་བྱིན་ལེན་མ་བསྟབས་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་དེ་ལྟ་བུའི་བསམ་པས་རང་གིས་བྱའོ། །ལག་བསྙལ་བ་དང་འདབ་མ་དག་
ཡོད་ན་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ་ཞེས་བྱ་བ་ནི། ལག་བསྙལ་བ་དང་འདབ་མ་དག་ཡོད་ན། སྐྱོགས་ཀྱི་ནང་ནས་སྐོམ་བཏུང་བར་མི་བྱ་བའོ། །མེད་ན་མ་བསྒྲིབས་པར་མི་བྱ་བའོ་ཞེས་བྱ་བ་ནི། ལག་བསྙལ་བ་དང་འདབ་མ་དག་མེད་ན་སྐྱོགས་ཀྱིས་སྐོམ་བཏུང་བ་མ་བསྒྲིབས་པར་
བཏུང་བར་མི་བྱའོ། །དེ་ཆུ་དང་བཅས་པ་ཉིད་ཡིན་ན་ཁ་མ་བཅད་པ་ཉིད་དུ་མི་གཞག་གོ་ཞེས་བྱ་བ་ནི། སྐྱོགས་དེ་ཆུ་དང་བཅས་པ་ཉིད་ཡིན་ན་ཁ་མ་བཅད་པ་ཉིད་དུ་མི་གཞག་སྟེ། ཁ་གབ་མེད་པར་བཅང་བར་མི་བྱའོ། །འདིར་ཆུ་དང་བཅས་པ་ཉིད་ཅེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་
เล่ม ๑๖๒ · หน้า 322b
དེ། ཆུ་མེད་ན་ཡང་ཁ་མ་བཅད་པ་ཉིད་དུ་མི་གཞག་གོ། །དེའི་ཁ་གབ་ནི་རྣམ་པ་གསུམ་སྟེ། ཤིང་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། ས་ལས་བྱས་པའོ་ཞེས་བྱ་བ་ནི། སྐྱོགས་དེའི་ཁ་གབ་ནི་རྣམ་པ་འདི་གསུམ་ལས་བྱར་རུང་བའོ། །སྐྱོགས་གཞི་ཤིང་ལས་བྱས་པའམ་རྡོ་ལས་
བྱས་པ་བཅང་བར་བྱའོ་ཞེས་བྱ་བ་ལ། གང་དུ་སྐྱོགས་གཞག་པར་བྱ་བ་དེ་ནི་སྐྱོགས་གཞི་ཞེས་བྱ་སྟེ། དེ་ཤིང་ལས་བྱས་པའམ་རྡོ་ལས་བྱས་པ་བཅང་བར་བྱའོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ན་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། འདབ་མ་དག་སྡེར་ཉིད་དུ་
སྤྱོད་པ་ན་བྱིན་ལེན་མ་བསྟབས་པ་ཉིད་ལ་ཉེས་པ་མེད་དེ། འདབ་མ་བྱིན་ལེན་མ་བྱས་པ་དག་གི་སྟེང་དུ་ཟས་ལ་སོགས་པའི་བྱ་བ་བྱེད་ན་དེའི་ཚེ་ཉེས་པ་མེད་པའོ། །འདི་ལ་བརྔས་པ་དང་མ་བརྔས་པ་དག་ལ་ནི་ཁྱད་པར་མེད་དོ་ཞེས་བྱ་བ་ནི། སྣོད་ཉིད་དུ་སྤྱོད་པ་འདི་ལ་འདབ་མ་དག་
ཤིང་ལྗོན་པ་ལ་སོགས་པ་དག་ལས་བརྔས་པ་དང་མ་བརྔས་པ་དག་ནི་བྱིན་ལེན་བསྟབས་པ་ཉིད་ཀྱི་ཕྱིར་ཁྱད་པར་མེད་པར་རིག་པར་བྱའོ། །གཞན་མེད་ན་མ་བརྔས་པ་དག་སྤྱད་དོ་ཞེས་བྱ་བ་ནི། འདབ་མ་བརྔས་པ་གཞན་དང་སྣོད་གཞན་མེད་ན་སྣོད་དུ་བྱ་བའི་ཕྱིར་འདབ་མ་མ་བརྔས་པ་དག་
སྤྱད་པར་བྱ་ཞིང་སྡེར་དུ་བྱའོ། །གཞན་ཡོད་ན་ནི་ཤིང་ལྗོན་པ་ལ་སོགས་པ་དག་དང་འབྲེལ་བའི་འདབ་མས་སྐོམ་ལ་སོགས་པ་འཐུང་བར་བྱེད་པ་བཞད་གད་དུ་འགྱུར་བས་མི་བྱའོ། །གསོག་འཇོག་གི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་སྨྲ་བར་
འདོད་ནས། གཞན་དང་བྱིན་ལེན་སྟོབས་པ་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བ་རང་གིས་བླངས་ཏེ་བཟའ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། བྱིན་ལེན་མ་བསྟབས་པར་བཟའ་བ་ཐམས་ཅད་ལ་ཡང་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་པར་བྱའོ་ཞེས་ཐམས་ཅད་དུ་
ཤེས་པར་བྱའོ། །བྱིན་ལེན་བྱས་ཟིན་པའི་ཟན་གཞན་མེད་དམ་བྱིན་ལེན་སྟོབས་པའི་མི་ལ་སོགས་པ་མེད་ན་ཟས་དེ་སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བ་ཡིན་ན་རང་གིས་བླངས་ཏེ་བཟའ་བར་བྱའོ། །གང་ཡང་རུང་བ་ཅིག་ཡོད་ན་ནི་ཉེས་པ་ཁོ་ནར་འགྱུར་རོ། །འདིར་གཞན་མེད་
เล่ม ๑๖๒ · หน้า 323a
པའི་གཞུང་ནི་དགེ་སློང་ཅིག་གིས་བསོད་སྙོམས་བླངས་ཏེ་གཙུག་ལག་ཁང་དུ་བཞག་ནས་ཕྱི་རོལ་དུ་བྱུང་བ་དང་། ཁྱིམ་བདག་ཅིག་གིས་ཀྱང་བསོད་སྙོམས་ཤིག་ཁྱེར་ཏེ་འོངས་ནས་དེ་ཉིད་ཀྱི་སྟེང་དུ་བཞག་པ་ན་བསོད་སྙོམས་པ་ཕྱིར་འོངས་ནས་དེའི་སྟེང་དུ་བསོད་སྙོམས་
གཞན་བཞག་པ་མཐོང་ནས་དེ་འགྱོད་པ་སྐྱེས་ཏེ། མི་ཟ་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བྱིན་ལེན་སྟོབས་པ་ཡོད་ན་ནི། བྱིན་ལེན་བྱས་པ་དེ་བཟའ་བར་བྱའོ། །ཇི་སྟེ་མེད་ན་ནི་ཕྱིས་བྱིན་པ་གང་
ཡིན་པ་དེ་བསལ་ཞིང་སྔ་མ་ཤོས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་ལེན་སྟོབས་པ་མེད་པའི་གཞུང་ནི་དེ་ཉིད་ལས་ཚོང་པ་རབ་ཏུ་མང་པོ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ཏེ། དེ་དག་གིས་ཟས་
དག་སྤྱི་བུངས་སུ་བཅེར་བ་དང་ཚོང་ཁང་དག་ཏུ་མེ་ཤོར་ནས་དེ་དག་མེ་གསོད་པའི་ཕྱིར་དོང་བ་དང་གདུགས་ཚོད་ཀྱང་བབ་པར་གྱུར་ནས་དགེ་སློང་དག་གིས་ཇི་ལྟར་བསྒྲུབ་པར་བྱ་བ་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་བསམ་པ་ཐག་པས་བཏང་བ་ཡིན་
པས་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་ཅིང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་ལེན་གྱི་མཚན་ཉིད་སྨྲ་བར་འདོད་ནས། མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་གནས་པ་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་
པས་གྱེན་དུ་འདེགས་ནུས་པ་རྫོགས་པར་མ་བསྙེན་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་བའི་བྱིན་པ་མནོས་པ་ནི་བྱིན་ལེན་ནོ་ཞེས་བྱ་བ་སྨྲས་ཏེ། མངོན་སུམ་དུ་ཞེས་བྱ་བ་ནི་དྲང་ཐད་ནས་བླངས་ན་བྱིན་ལེན་ཡིན་གྱི་གློ་འམ་རྒྱབ་ནས་བླངས་
པ་ནི་བྱིན་ལེན་མ་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་གནས་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་གྱི། སྒོ་འཕར་ལ་སོགས་པས་བར་དུ་ཆོད་པའི་མཚམས་ཀྱི་ཕྱི་རོལ་ན་གནས་པས་བླངས་པ་ནི་མ་ཡིན་ནོ། །འཐོབ་པའི་ཕྱོགས་ན་
เล่ม ๑๖๒ · หน้า 323b
གནས་པ་ཞེས་བྱ་བ་ནི། ཕྱོགས་གང་དུ་བྱིན་ལེན་འཐོབ་པའི་ཕྱོགས་དེ་ན་གནས་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་གྱི། ཁང་སྟེང་ལ་སོགས་པ་ན་འདུག་པ་ལས་འོག་ན་འདུག་པའི་དགེ་སློང་གིས་བླངས་པ་ནི་མ་ཡིན་ནོ། །ལག་པ་བཀན་པས་ཞེས་བྱ་བ་ནི། གང་གིས་ལག་པ་
གཉིས་བཀན་པ་དེ་ནི་ལག་པ་བཀན་པ་སྟེ། དེས་བླངས་ན་བྱིན་ལེན་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །ལུས་སམ་ཞེས་བྱ་བ་ནི་ལག་པ་ལ་སོགས་པར་མནོས་པའོ། །དེ་དང་འབྲེལ་བར་ཞེས་བྱ་བ་ནི། ལག་པ་དང་འབྲེལ་བའི་ལྷུང་བཟེད་ལ་སོགས་པར་མནོས་པ་སྟེ། དེ་གཉིས་སུ་མནོས་པ་
ནི་བྱིན་ལེན་གྱི་གཞན་དུ་མནོས་པ་ནི་མ་ཡིན་ནོ། །གྱེན་དུ་འདེགས་ནུས་པ་ལས་ཞེས་བྱ་བ་ནི། གང་གིས་སྦྱིན་པར་བྱ་བའི་ཟས་དེ་གྱེན་དུ་འདེགས་ནུས་པ་སྟེ། དེ་ལས་མནོས་ན་བྱིན་ལེན་ཡིན་གྱི་དེ་ལས་གཞན་པ་ལས་ནི་མ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ལས་ཞེས་བྱ་བ་ནི་བསྙེན་པར་
མ་རྫོགས་པ་ལས་མནོས་ན་བྱིན་ལེན་ཡིན་གྱི། དགེ་སློང་ལས་ནི་མ་ཡིན་ནོ། །མི་མ་ཡིན་པ་ལས་ཀྱང་ཞེས་བྱ་བ་ནི། གླང་པོ་ཆེ་ཅང་ཤེས་ལ་སོགས་པ་དག་ལས་ཀྱང་མནོས་ན་བྱིན་ལེན་ཡིན་པའོ། །འདིར་གཞུང་ནི་དགེ་སློང་དགོན་པ་པ་རྣམས་ལ་དགོན་པ་ན་གནས་པའི་གླང་པོ་ཆེ་ཅང་
ཤེས་པ་དང་། རྟ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དག་གིས་ཤིང་ཏོག་དག་འབུལ་བ་དགེ་སློང་དག་མི་ལེན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་གྱེན་དུ་འདེགས་པ་ཡོད་པ་དེ་ལ་བྱིན་ལེན་ཡང་ཡོད་པས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་
པ་ཡིན་ནོ། །སྦྱིན་པར་འདོད་པས་ཞེས་བྱ་བ་ནི། སྦྱིན་པར་འདོད་པས་བྱིན་པ་མནོས་པ་བྱིན་ལེན་ཡིན་གྱི། སྦྱིན་པར་མི་འདོད་པས་ནི་མ་ཡིན་ཏེ། འདིར་གཞུང་ནི་དབང་མེད་པ་ལ་སོགས་པས་སྦྱིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡན་ལག་གིས་སམ་ཞེས་བྱ་བ་
ནི། ལག་པས་སོ། །དེ་དང་འབྲེལ་བས་བྱིན་པ་ཞེས་བྱ་བ་ནི། ལག་པ་དང་འབྲེལ་བའི་རིལ་བ་ལ་སོགས་པ་ནས། ཟས་ལ་སོགས་པ་བྱིན་པའོ། །དགེ་སློང་རྣམ་པ་དེ་ལྟ་བུས་བྱིན་ལེན་སྟོབས་པ་རྣམ་པ་དེ་ལྟ་བུ་ལས་ཟས་ལ་སོགས་པ་མནོས་པ་ནི་བྱིན་ལེན་ཡིན་ནོ།། །།
เล่ม ๑๖๒ · หน้า 324a
བམ་པོ་ཉི་ཤུ་རྩ་དགུ་པ། ཡུལ་གྱི་མི་སྨད་པར་བྱ་བ་ཉིད་ཡིན་ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཤིག་ཅེས་བསྟན་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་མི་རྣམས་རང་གི་ཡུལ་ན་སྨད་པར་བྱ་བ་ཉིད་ཡིན་ན། དེའི་ཕྱིར་ཡུལ་གྱི་མི་སྨད་པར་བྱ་བ་ཉིད་དེ་ལ་དཀྱིལ་འཁོར་འདིའི་སྟེང་དུ་ཞོག་
ཤིག་ཅེས་དེ་སྐད་བསྟན་ན་དེ་ཡང་བྱིན་ལེན་མནོས་པ་ཡིན་གྱི། ལུས་སམ་དེ་དང་འབྲེལ་པར་མནོས་པ་འབའ་ཞིག་ཏུ་མ་ཟད་དོ། །ལྷུང་བཟེད་དང་དེའི་གཞི་དག་ནི་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། ལྷུང་བཟེད་དང་ལྷུང་བཟེད་ཀྱི་གཞི་དག་ནི་འདྲ་བ་ཉིད་དེ། ལྷུང་བཟེད་དུ་མནོས་པ་དང་དེའི་གཞིར་
འཇོག་པ་ནི་བྱིན་ལེན་བྱས་པ་ཉིད་ཡིན་ཏེ་གཞན་དུ་ཡང་དེ་བཞིན་ནོ། །སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་ཡིན་པས་དེ་ནས་དེའི་ཕྱིར་མི་འཐོབ་པའི་ས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་དག་ཡིན་པས་ཡལ་ག་དེ་ནས་སྤྲེའུ་ལས་བྱིན་ལེན་བསྟབས་པ་དེའི་ཕྱིར་མི་
འཐོབ་པའི་ས་ཉིད་མ་ཡིན་ཏེ། ཡལ་ག་ལ་གནས་པའི་སྤྲེའུ་ལས་བྱིན་ལེན་བྱར་རུང་བ་ཁོ་ན་ཡིན་ནོ། །ཤིང་ཏོག་དག་མན་ཤེལ་དང་ཁྲི་དང་ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་ཀྱི་གཞི་དག་གིས་བྱིན་ལེན་མནོད་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཤིང་ཏོག་དག་མན་ཤེལ་དང་ཁྲི་དང་།
ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་ཀྱི་གཞི་བྱེད་པར་གྱུར་པ་དེ་དག་གི་བྱིན་ལེན་མནོད་དུ་མི་རུང་བ་ཉིད་མ་ཡིན་ཏེ། བྱིན་ལེན་མནོད་དུ་རུང་བ་ཉིད་ཡིན་ནོ། །དེ་དག་གནས་པ་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི། ཤིང་ཏོག་དེ་དག་གནས་པ་སློབ་མ་དང་ཉེ་གནས་དག་གིས་ཅང་
མི་སྨྲ་བས་སོ་སོར་བརྟག་པར་བྱའོ། །སྙོམས་པར་འདྲིམ་པར་བྱེད་པ་མོས་པར་བྱའོ་ཞེས་བྱ་བ་ནི། གང་སྙོམས་པར་འདྲིམ་པའི་ཕྱིར་འཇུག་པ་དེ་ནི་སྙོམས་པར་འདྲིམ་པར་བྱེད་པ་སྟེ། དེ་མོས་པར་བྱ་བ་མོས་པ་བསྐྱེད་པར་བྱའོ། །འདིར་གཞུང་ནི་དེ་འདྲིམ་པའི་ཕྱིར་ཁྱིམ་པ་རྣམས་ཤིང་ཏོག་
དག་མི་སྙོམས་པར་འདྲིམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་དག་འདྲིམ་དུ་གཞུག་པར་བྱའོ། །དགེ་ཚུལ་དག་ཀྱང་མི་སྙོམས་པར་འདྲིམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ལག་པ་དག་བསྙལ་ཏེ་བྱིན་ལེན་བྱས་
เล่ม ๑๖๒ · หน้า 324b
ནས་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཟས་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ཏེ། ཚུལ་དང་མི་མཐུན་པ་ཉིད་མ་ཡིན་ནོ། །ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་
གྱི་དབུ་བའི་བུམ་པ་དག་འདྲིམ་ན་རྩྭ་དང་ལོ་མ་དག་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱའོ་ཞེས་བྱ་བ་ནི། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བའི་ཕྲུ་བ་དག་འདྲིམ་པར་བྱེད་པའི་དགེ་སློང་གིས་རྩྭ་དང་འདབ་མ་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱ་
སྟེ། བར་དུ་གོས་མ་རུང་བར་མི་འགྱུར་བར་བྱ་བའི་ཕྱིར་གཡོགས་པར་བྱའོ། །བྲིམ་པར་བྱ་བ་གཅེས་པ་དང་བར་མ་དང་ཐ་མ་དག་སོ་སོར་བྱའོ་ཞེས་བྱ་བ་ནི། བྲིམ་པར་བྱ་བའི་ཟས་རྒུན་ལ་སོགས་པ་གཅེས་པ་དང་། བར་མ་དང་ཐ་མ་དག་སོ་སོར་བྲིམ་པར་བྱ་སྟེ། མི་བསྲེ་བར་བྲིམ་པར་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཨ་མྲ་ཞིམ་པོ་རྣམས་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱའོ་ཞེས་བྱ་བ་ནི། ཨ་མྲ་ཞིམ་པོ་མཆོག་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱ་བ་སྟེ། མདོ་འདི་ནི་མི་སྙོམས་པ་ཉིད་བསལ་བའི་ཕྱིར་བྱས་སོ། །དེ་ཡང་མདོ་སྔ་མའི་སྤྲོས་པ་ཡིན་ཏེ། འདི་ལྟར་ཨ་མྲ་གཅེས་
པ་ཞིམ་པོ་དག་དང་། བར་མ་དང་ཐ་མ་དང་འབྲིང་དང་མི་ཞིམ་པ་དག་ཡོད་པའི་ཕྱིར་རོ། །འདྲིམ་པར་བྱེད་པའི་ནི་མཁན་པོ་འམ་སློབ་དཔོན་གྱིས་མནོད་པར་བྱའོ་ཞེས་བྱ་བ་ནི། འདྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་འམ་སློབ་དཔོན་གྱིས་མནོད་པར་བྱ་བའོ། །མི་འཐོབ་པ་ཐོབ་ན་དྲུང་ན་
འདུག་པས་སོ་ཞེས་བྱ་བ་ནི། མཁན་པོ་འམ་སློབ་དཔོན་གྱིས་འདྲིམ་པར་བྱེད་པའི་སྐལ་བ་མནོད་པ་ན་དེ་གཉིས་རྒན་པའི་ཕྱིར་འདྲིམ་པར་བྱེད་པས་མི་འཐོབ་པ་འཐོབ་པར་མི་རིགས་པ་ཤིན་ཏུ་བསོད་པ་དག་འཐོབ་པ་ལྟ་ན་དེ་ནི་མི་འཐོབ་པ་ཐོབ་པ་ཡིན་པས་མི་འཐོབ་པ་ཐོབ་ན་དེ་མི་རིགས་
པས་དེའི་ཚེ་མཁན་པོ་དང་སློབ་དཔོན་གྱིས་མི་མནོད་པར་འདྲིམ་པར་བྱེད་པ་རང་གི་དྲུང་ན་འདུག་པའི་གྲོགས་གང་ཡིན་པ་དེས་མནོད་པར་བྱའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་ནི་མཁན་པོ་དང་སློབ་དཔོན་དག་གིས་མནོད་པར་བྱའོ། །དེ་དག་
เล่ม ๑๖๒ · หน้า 325a
གིས་བསོད་པ་དག་འཐོབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་དྲུང་ན་འདུག་པ་དག་གིས་མནོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དུ་མ་ཉིད་ཡིན་ན་སྟན་ལས་མ་འཕགས་པས་ཇི་ཙམ་ལེན་ནུས་པའོ་ཞེས་བྱ་བ་ནི། འདྲིམ་པར་བྱེད་པ་
དུ་མ་ཉིད་ཡིན་ན་དྲུང་ན་འདུག་པའི་དགེ་སློང་སྟན་ལས་མ་འཕགས་པ་གང་ཡིན་པ་དེས་དེ་དག་གི་སྐལ་བ་ཇི་ཙམ་ལེན་ནུས་པ་དེ་ཙམ་མནོད་པར་བྱ་ཞིང་། གཞན་ནི་གཞན་དག་གིས་མནོད་པར་བྱའོ། །འདྲིལ་བ་ནི་རང་གནས་ནས་མ་འཕགས་པས་ལེན་ནུས་པ་འདི་ཡིན་ན་བྱིན་ལེན་མ་ཞིག་གོ་
ཞེས་བྱ་བ་ནི། བྱིན་ལེན་བྱས་པའི་ཟས་འདྲིལ་ཞིང་གནས་ནས་གུད་དུ་སོང་བ་གང་ཡིན་པ་དེ་ནི་རང་སྟན་ལས་མ་འཕགས་པས་ལེན་ནུས་པ་ཉིད་ཡིན་ན་བྱིན་ལེན་མ་ཞིག་པ་ཡིན་ལ་གཞན་དུ་ན་ཞིག་པ་ཁོ་ན་ཡིན་ནོ། །སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པ་ཡང་ངོ་ཞེས་བྱ་བ་ནི། སྦྲང་
བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པས་ཀྱང་བྱིན་ལེན་མ་ཞིག་གོ། །སོགས་པའི་སྒྲས་ནི་བྱི་ཕྲུག་བྱུང་མ་ཐག་པའི་ཚད་པས་ཀྱང་ཆུང་བ་ནི་སྐྱེ་བ་པོ་ཕྲ་མོ་དག་བསྡུའོ། །དགེ་སློང་གིས་མ་བཏང་བ་ལ་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་ནི། དགེ་སློང་གིས་འཛིན་པ་མ་བཏང་བ་ལ་མི་ལ་
སོགས་པ་གཞན་གྱིས་རེག་པས་ཀྱང་བྱིན་ལེན་མ་ཞིག་པ་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་ཀྱིས་བྱིན་ལེན་བྱ་ཞིང་དེ་ལ་ཡང་བགོ་བཤའ་བྱས་ཏེ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱི་བས་ནི་ཞིག་པར་བྱེད་དོ་ཞེས་བྱ་བ་ནི། བྱི་བས་
རེག་པས་ནི་བྱིན་ལེན་ཞིག་པར་བྱེད་དོ། །འདིར་གཞུང་ནི་དེ་ལྟར་སྦྲང་བུ་དང་གྲོག་སྦུར་དང་། བྱི་བའི་བར་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱི་མང་ལ་སོགས་པའི་བྱི་བ་དག་གིས་རེག་པ་ནི་བྱིན་ལེན་བྱས་ཏེ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་ལེན་
བྱས་པའི་བྱིན་ལེན་སྟོབས་པ་ནི་མི་རིགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བྱིན་ལེན་བསྟབས་ཟིན་པ་ལ་ཡང་སྟོབས་པར་བྱེད་པ་ནི་མི་རིགས་པ་ཉིད་མ་ཡིན་ཏེ། རིགས་པ་ཁོ་ན་ཡིན་ནོ། དེ་ནི་འདི་ལ་གཞན་དག་གིས་རེག་པར་མ་གྱུར་ཏམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ། །ཤེས་
เล่ม ๑๖๒ · หน้า 325b
གཙོ་བོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བྱིན་ལེན་མ་བསྟབས་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། བྱིན་ལེན་མ་བསྟབས་པའི་
དངོས་པོ་ནི་བྱིན་ལེན་མ་བསྟབས་པ་ཉིད་དེ་དེ་ལའོ། །གལ་ཏེ་འདི་ལྟར་ཟས་འདི་བྱིན་ལེན་མ་བསྟབས་པ་ཡིན་ནོ་ཞེས་བྱ་བར་ཤེས་ན་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་བྱིན་ལེན་མ་བསྟབས་པ་ཉིད་ལ་ཞེ་ན། དེའི་ཕྱིར། ཆུ་དང་སོ་ཤིང་མ་གཏོགས་པར་བཟའ་བར་བྱ་བའི་འོ་ཞེས་བྱ་བ་སྨྲས་ཏེ། ཆུ་དང་
སོ་ཤིང་མ་གཏོགས་པ་དེ་ལས་གཞན་པའི་བཟའ་བར་བྱ་བའི་བྱིན་ལེན་མ་བསྟབས་པ་ཉིད་དུ་ཤེས་ནའོ། །འདིར་ཆུ་དང་སོ་ཤིང་ཞེས་སྨོས་པས་ནི་དཔེ་ཙམ་དུ་ཟད་དེ་ཁ་སྦྱང་བའི་འདག་རྫས་དང་ལྕི་བ་དག་ཀྱང་འདིས་བསྡུས་པར་རིག་པར་བྱའོ། །དེ་ཡང་ཁ་སྦྱང་བའི་ཕྱིར་དེ་སྐད་སྨྲས་པ་ཡིན་གྱི།
མགུལ་དུ་མིད་པའི་ཕྱིར་ནི་མ་ཡིན་ཏེ། མགུལ་དུ་མིད་པ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཁར་རོ་ཞེས་བྱ་བ་ནི། རྣ་བ་ལ་སོགས་པ་གཞན་གྱིས་མ་ཡིན་ནོ། །ཇི་ཞིག་རྗེས་སུ་བསྒྲུབ་ན་བཟའ་བར་བྱ་བ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར། ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། བཅའ་བར་བྱ་བ་དང་བཟའ་
བར་བྱ་བ་ལ་སོགས་པའོ། །ཅི་ཡུལ་ཐམས་ཅད་དུ་འམ་ཞེ་ན་དེའི་ཕྱིར། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ་ཞེས་བྱ་བ་སྨྲས་ཏེ། བྱང་གི་སྒྲ་མི་སྙན་གྱི་གླིང་མ་གཏོགས་པར་རོ། །འདིར་གཞུང་ནི་ཞུ་བ་ལས་ཀྱང་བྱང་གི་སྒྲ་མི་སྙན་གྱི་གླིང་ན་ནི་ཟས་མ་བྱིན་པར་ཁའི་སྒོ་ནས་ཟ་བར་བྱེད་དེ། གལ་
ཏེ་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་རློབ་ན་ནི་ལྟུང་བ་མེད་དོ། །ཇི་སྟེ་བྱིན་གྱིས་མི་རློབ་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ནད་པས་བསྙེན་པར་རྫོགས་པ་མེད་ན་བསྙེན་པར་མ་རྫོགས་པ་ལས་ཟན་མནོད་པར་བྱའོ་ཞེས་བྱ་བ་ནི། ནད་པའི་ཁར་ཟན་མནོད་པར་བསྙེན་པར་རྫོགས་
པར་མེད་ན། བསྙེན་པར་མ་རྫོགས་པ་ལས་ཀྱང་མནོད་པར་བྱའོ། །མི་ན་བས་ནི་བསྙེན་པར་རྫོགས་པ་ཡོད་དུ་ཟིན་ཀྱང་མི་སྡུག་པའི་ཕྱིར་འདི་མི་བྱ་བ་ཉིད་དོ། །བསྙེན་པར་མ་རྫོགས་པས་བཟའ་བར་བྱའོ་ཞེས་བྱ་བ་ནི། ནད་པ་ཁོ་ནས་ཏེ་ནད་པ་བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་
เล่ม ๑๖๒ · หน้า 326a
པ་དག་གིས་བསྟབས་པ་བཟའ་བར་བྱའོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བསོད་པ་སློང་བའི་ལྟུང་བྱེད་སྨྲ་བར་འདོད་ནས། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ་ཞེས་བྱ་བ་སྨྲས་
ཏེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ། །ལྟ་བུ་ཞེས་བྱ་བའི་སྒྲས་ནི་རྣམ་པ་ཞེས་པའི་དོན་ཏེ་རྣམ་པ་དེ་ལྟ་བུ་དག་དང་མར་ཁུ་ལ་སོགས་པ་དག་ནི་ཟས་བསོད་པ་ཡིན་ནོ། །དེ་ནི་བྱེད་པ་པོའོ་ཞེས་བྱ་བ་ནི། ཟས་བསོད་པ་དེ་ནི་ལྟུང་
བ་ཉིད་བྱེད་པ་པོ་ཡིན་ནོ། །སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། ཉེ་དུ་མ་ཡིན་པའི་ཁྱིམ་པ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །གལ་ཏེ་སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ཡིན་ན་དེ་ཡང་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། ཉེ་དུ་
མ་ཡིན་པ་ཞེས་སྨོས་པ་ལ་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་བྲོ་མ་འཚལ་བར་བདག་ཉིད་ཀྱི་སླད་དུ་ཁྱིམ་དག་ནས་ཟས་བསོད་པ་བསླངས་ཏེ་འཆའ་འམ་འཚལ་ལ་དེ་ལ་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་ཉེ་དུ་ལས་བསླངས་ཏེ་ཟོས་ན་ལྟུང་བ་མེད་དོ། །གལ་ཏེ་རྟགས་
འདི་ལ་སྦྱིན་བདག་ཡིན་ན་དེའི་ཚེ་ཡང་ལྟུང་བ་མེད་དོ། །གལ་ཏེ་ཕྱི་རོལ་པའི་རབ་ཏུ་བྱུང་བ་སྦྱིན་བདག་ཡིན་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་དེ་གཉིས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། རང་གིས་བསླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་བླངས་ཤིང་ཟོས་
ན་སྟེ། །གལ་ཏེ་འོ་མ་ལ་སོགས་པ་དག་གིས་བསླངས་ཏེ་རང་གིས་ཟོས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཟ་བ་ལས་གཞན་པ་སློང་བ་ཙམ་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན་དེའི་ཕྱིར། མི་ན་བས་བསླངས་པ་དང་སློང་དུ་བཅུག་པ་ཉིད་དེ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། མི་ན་བས་རང་གིས་
བསླངས་པ་ཙམ་ལ་ཡང་དེ་གཉིས་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཡིན་ལ། མི་ན་བར་གཞན་སློང་དུ་བཅུག་པ་ཉིད་ཡིན་ན་སློང་དུ་བཅུག་སྟེ་ཟོས་པ་དེ་ལ་ནི་དེ་གཉིས་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །ན་བ་ལ་ནི་ཐམས་ཅད་དུ་ལྟུང་བ་མེད་དོ། །འདི་སྐད་བསྟན་ཏེ། མི་ན་བར་གང་གི་ཚེ་རང་སློང་
เล่ม ๑๖๒ · หน้า 326b
ངམ་གཞན་སློང་དུ་བཅུག་སྟེ་ཐོབ་ནས་ཟས་བསོད་པ་ཟ་བར་མི་བྱེད་ན་དེའི་ཚེ་ཉེས་བྱས་སོ། །མི་ན་བར་གང་གི་ཚེ་གཞན་སློང་དུ་བཅུག་ཀྱང་ཟ་བར་མི་བྱེད་ན་ནི་དེའི་ཚེ་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཕྲ་མོར་འགྱུར་རོ། །ན་བ་ལ་ནི་ཐམས་ཅད་དུ་ཅིར་ཡང་མི་འགྱུར་རོ། །མི་ན་བ་ཐམས་ཅད་
ལ་དེ་གཉིས་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཡིན་ནམ་ཞེ་ན་དེའི་ཕྱིར་ཅི་བདེར་བསྟབས་པ་མ་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་ལས་སློང་བར་བྱེད་པ་དེས་དགེ་སློང་གང་ལ་ཅི་བདེ་བའི་བདག་ཉིད་དུ་བསྟབས་པ་མ་བྱས་པ་དེ་ནི་ཅི་བདེར་བསྟབས་པ་མ་བྱས་པ་སྟེ། དགེ་སློང་མི་ན་བ་དེ་ལ་དེ་གཉིས་ཁ་ན་
མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །འདིར་གཞུང་ནི། དགེ་སློང་བསོད་སྙོམས་ལ་རྒྱུ་བ་ཁྱིམ་དག་ཏུ་ཉེ་བར་ཕྱིན་པ་ན་བུད་མེད་ཟས་ཁྱེར་ཏེ་ཕྱིར་བྱུང་བས་དགེ་སློང་ཅང་མི་སྨྲ་བས་སམ། ཕྱིར་སྤོང་བ་ལ་བུད་མེད་ཀྱིས་འཕགས་པ་འོ་ན་ཇི་སློང་ཞེས་འདྲི་ན་བསྟབས་པ་ཡིན་པར་བརྗོད་པར་བྱ་སྟེ་ཅི་འདོད་
པ་བསླངས་ཀྱང་ལྟུང་བ་མེད་དོ། །སྦྱིན་བདག་གིས་ཅི་བདེར་བྱས་པར་གྱུར་ན་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ངན་པ་འམ་བསོད་པའམ་ཐ་མལ་པའམ་བཟང་པོ་འཐོབ་པ་ནི་གལ་ཏེ་བསླངས་ན་ཡང་ངོ་ཞེས་བྱ་བ་ནི། གང་གི་ཕྱིར་འདིར་བསྟབས་པ་ཁོ་ན་འབའ་ཞིག་ལྟུང་བ་
ལས་འབྱིན་པ་ཡིན་པ་དེའི་ཕྱིར། དགེ་སློང་བསྟབས་པ་མ་བྱས་པ་དེས་ངན་པའམ་བསོད་པའམ་ཐ་མལ་པའམ། བཟང་པོ་འཐོབ་པ་མཐོང་བ་ན་གལ་ཏེ་ཟས་བསོད་པའི་ཡུལ་ལ་སློང་བར་བྱེད་ན། དེ་ལྟ་ན་ཡང་ཟས་བསོད་པའི་མཚན་ཉིད་དང་ཉེ་དུ་མ་ཡིན་པ་ཁྱིམ་པའི་མཚན་ཉིད་ཀྱི་ཡན་ལག་དེ་གཉིས་
བླངས་ན་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ལ། དེ་སྔོན་དུ་བཏང་སྟེ་ཟོས་ན་ནི་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །ངན་པ་ཞེས་བྱ་བ་ནི། འོ་མ་ལ་སོགས་པ་ལས་གཞན་པ་འབྲུ་མར་ལ་སོགས་པའོ། །བསོད་པ་ཞེས་བྱ་བ་ནི། འོ་མ་ལ་སོགས་པའོ། །ཐ་མལ་པ་ཞེས་བྱ་བ་ནི། འོ་མ་དེ་ཉིད་ར་ལ་སོགས་
པའི་ཡིན་པའོ། །བཟང་པོ་ཞེས་བྱ་བ་ནི། འོ་མ་དེ་ཉིད་བ་ལ་སོགས་པའི་ཡིན་པའོ། །ཡང་ན་ངན་པ་ཞེས་བྱ་བ་ནི་རའི་འོ་མའོ། །བསོད་པ་ཞེས་བྱ་བ་ནི་འབྲས་ཀྱི་འོ་ཐུག་མར་དང་ཤ་ཁ་ར་དང་བསྲེས་པའོ། །ཐ་མལ་པ་ཞེས་བྱ་བ་ནི་བའི་འོ་མའོ། །བཟང་པོ་ཞེས་བྱ་བ་ནི་གོང་མ་སྲེག་ལ་སོགས་པའི་
เล่ม ๑๖๒ · หน้า 327a
ཤ་བལ་པོ་སེའུ་འི་ཁུ་བ་ན་ལེ་ཤམ་ལ་སོགས་པ་སྤོད་ཀྱི་བྱེ་བྲག་དག་དང་སྦྱར་བའོ། །ངན་པ་འདི་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ཟས་བསོད་པ་བླངས་ཏེ། ཟ་བ་ལ་ལྟུང་བ་རྣམ་པར་གཞག་པ་བྱས་པ་གང་ཡིན་པ་དེ་ངན་པ་རང་གིས་བླངས་ཏེ་ཟ་བ་འདི་ལ་ནི་ཕྱེད་ཉིད་དེ་སྦྱོར་བ་
ལ་ཡང་ཉེས་བྱས་ཡིན་ལ། དངོས་གཞི་ལ་ཡང་ཉེས་བྱས་ཡིན་ནོ། །གཞན་སློང་དུ་བཅུག་པ་ཟོས་ན་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །འདིར་ལྟུང་བ་ནི། དགེ་སློང་གིས་འོ་མ་འཐོབ་པ་ན་ཞོ་སློང་བར་བྱེད་ན་དེ་སློང་བ་ལ་ནི་ཉེས་བྱས་ལ་འཐུངས་ན་ནི་ལྟུང་བྱེད་དོ། །དགེ་སློང་གིས་བསོད་པ་འཐོབ་པ་ན་
ངན་པ་སློང་བར་བྱེད་ན་དེ་སློང་བ་ལ་ཡང་ཉེས་བྱས་ལ་ཟོས་པ་ལ་ཡང་ཉེས་བྱས་སོ། །ངན་པ་མི་འཐོབ་པ་ཉིད་ན་ནི་ཐམས་ཅད་དུ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཅི་བདེར་བསྟབས་པའི་མཚན་ཉིད་སྨྲ་བར་འདོད་ནས། ཟས་ཁྱེར་ཏེ་ཕྱིར་བྱུང་བས་ཅང་མི་སྨྲ་བའམ་ཕྱིར་སྤང་བ་ལ་འོ་ན་ཅི་སློང་ཞེས་དྲིས་
པ་ནི་ཅི་བདེར་བསྟབས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཟས་ཁྱེར་ཏེ་ཕྱིར་བྱུང་བའི་སྦྱིན་པ་པོས་དགེ་སློང་ཅང་མི་སྨྲ་བའམ། ཁོ་བོ་ལ་འདི་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ་གལ་ཏེ་དེའི་ཚེ་འདི་སྐད་ཅེས་འོ་ན་ཅི་སླང་ཞེས་དྲི་བར་གྱུར་ན་དེ་སྐད་དྲིས་པ་དེ་ནི་ཅི་བདེར་བསྟབས་པ་ཡིན་ནོ། །བསོད་པ་སློང་བའི་
ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། རང་སྤྱད་པའི་དོན་གཉིས་ལ་འཇུག་པ་དང་འཇུག་ཏུ་འཛུད་པ་དག་ལའོ་ཞེས་བྱ་བ་སྨྲས་ཏེ། རང་ཉིད་ཉེ་བར་སྤྱད་པ་ནི་རང་སྤྱད་པའོ། །དེ་ཉིད་དོན་ཡིན་ཏེ་དེའི་དངོས་པོ་ནི་དེ་ཉིད་དོ། །
དེ་ལ་བདག་ཉིད་འཇུག་པ་དང་གཞན་འཇུག་ཏུ་འཛུད་པ་དག་གང་ཡིན་པ་དེ་གཉིས་ལའོ། །འདི་སྐད་བསྟན་ཏེ། བདག་ཉིད་ཀྱི་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སོགས་པ་སྤྱོད་པ་ལ་རང་འཇུག་པ་དང་གཞན་འཇུག་ཏུ་འཛུད་པར་བྱེད་ན་རང་སྤྱོད་པའི་དོན་ཉིད་ལ་རང་འཇུག་པ་དང་། གཞན་འཇུག་
ཏུ་འཛུད་པར་བྱེད་པའི་ལྟུང་བྱེད་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །གཞན་སྤྱད་པའི་དོན་ཉིད་ལ་འཇུག་པ་དང་གཞན་འཇུག་ཏུ་འཛུད་པ་དེ་གཉིས་ནི་སྔར་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཤེས་
เล่ม ๑๖๒ · หน้า 327b
གཙོའོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྲོག་ཆགས་དང་བཅས་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། ཆུ་ལ་སོགས་པ་གང་ལ་སྲོག་
ཆགས་དག་དང་ལྷན་ཅིག་འཇུག་པ་དེ་ནི་སྲོག་ཆགས་དང་བཅས་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །སྲོག་ཆགས་དང་བཅས་པ་ཉིད་དེ་ལ་དེར་འདུ་ཤེས་པ་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཉིད་ཡིན་ནོ། །གལ་ཏེ་ཆུ་ལ་སོགས་པ་ཡང་སྲོག་ཆགས་དང་བཅས་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་དེ་
ལྟར་ཤེས་བཞིན་དུ་སྤྱད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་སྲོག་ཆགས་དང་བཅས་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་ཆུ་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་། འབྲུའི་ཚ་དང་། ཞོ་ག་ཆུ་
དང་། རྩབ་མོ་དང་། ཤིང་ཏོག་དང་། བཅའ་བར་བྱ་བ་ལ་སོགས་པར་ཉེ་བར་སྤྱད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆུ་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་། འབྲུའི་ཚ་དང་། ཞོ་ག་ཆུ་དང་། རྩབ་
མོ་དང་། ཤིང་ཏོག་དང་། བཅའ་བར་བྱ་བ་ལ་སོགས་པ་ཉེ་བར་སྦྱར་བར་བྱ་བ་སྲོག་ཆགས་དང་བཅས་པ་ཉིད་ལའོ། །ཉེ་བར་སྦྱར་བར་བྱ་བ་དེ་དག་སྲོག་ཆགས་ཇི་ལྟ་བུ་དག་གིས་སྲོག་ཆགས་དང་བཅས་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་སྣང་བ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ།
གང་དག་ལྟར་ནུས་པ་དེ་དག་གི་ནི་སྣང་བ་དག་སྟེ། དེའི་ཕྱིར་དེ་དག་གིས་སྲོག་ཆགས་དང་བཅས་པ་ཉིད་ལ་ཡིན་གྱི། མི་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་ཉིད་ལ་ནི་མ་ཡིན་ནོ། །གང་གི་ཚེ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དེ་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཉིད་ཡིན་ཞེ་ན།
དེའི་ཕྱིར་ཤི་ནའོ་ཞེས་བྱ་བ་སྨྲས་ཏེ། སྲོག་ཆགས་དག་གི་སྲོག་གི་དབང་པོ་འགག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཉིས་པ་ལའོ། །ཅི་སྲོག་ཆགས་དུ་མ་ཤི་ན་ཡང་ཁ་ན་མ་ཐོ་བ་གཅིག་གི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་སྲོག་ཆགས་རེ་རེའི་འོ་ཞེས་བྱ་བ་སྨྲས་ཏེ། དུད་
เล่ม ๑๖๒ · หน้า 328a
འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཇི་སྙེད་སྦྱོར་བའི་དེའི་དབང་གིས་སྲོག་བཅད་དེ་དུས་བྱས་ན་དེ་སྙེད་ཁོ་ནའི་ལྟུང་བྱེད་དུ་འགྱུར་ཏེ། དངོས་གཞི་འདི་ནི་ངེས་པ་ཡིན་ནོ། །སྦྱོར་བ་ནི་རྩོམ་པའི་དབང་གིས་མ་ངེས་ཏེ། རྩོམ་པ་གཅིག་གིས་སྔར་མང་པོ་དེ་དག་
ཤི་བར་གྱུར་ན་ཡང་སྦྱོར་བའི་ཁ་ན་མ་ཐོ་བ་གཅིག་ཁོ་ནའི་ཡིན་ལ། ཇི་སྟེ་སྲོག་ཆགས་ཇི་སྙེད་པ་རྩོམ་པ་ལ་ཡང་དེ་སྙེད་ཀྱིས་བསད་ན་ནི་སྦྱོར་བ་ཡང་དེ་སྙེད་ཁོ་ནར་སོ་སོར་འགྱུར་བས། རྩོམ་པ་ཇི་སྙེད་པ་དེ་སྙེད་ཁོ་ནའི་སྦྱོར་བའི་ཁ་ན་མ་ཐོ་བར་འགྱུར་རོ། །སྤྱོད་པ་ནི་ལུས་ཀྱིར་ཉེ་བར་སྤྱོད་པའོ་
ཞེས་བྱ་བ་ནི། ལུས་ཀྱིར་ཉེ་བར་སྤྱད་པ་ཡིན་ཏེ། དེ་ནི་སྤྱོད་པ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ་ཡིན་ནོ། །ད་ནི་སྤྱོད་པ་ངོ་བོ་ཉིད་ཀྱི་སྒོ་ནས་བསྟན་པའི་ཕྱིར། འདི་ལྟ་སྟེ། ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་བཀྲུ་བའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་
བར་བསྟན་པ་ཡིན་ནོ། །ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་བཀྲུ་བ་ལུས་ཀྱི་ཉེ་བར་སྤྱད་པ་ནི་སྤྱོད་པའི་ངོ་བོ་ཉིད་ཡིན་ནོ། །ལུས་ཀྱི་ཡོ་བྱད་དག་ཏུ་ཉེ་བར་སྦྱར་བ་གང་ཡིན་པ་དེ་ནི་ལུས་ཀྱི་ཉེ་བར་སྤྱད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའི་ཕྱིར། ཡོ་
བྱད་དག་ཏུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱིར་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཟས་ལ་སོགས་པ་ཡོ་བྱད་དག་ཏུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱིར་ཉེ་བར་སྤྱད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་གང་དག་ཡིན་ཞེ་ན། དེའི་ཕྱིར། བཟའ་བར་བྱ་བ་དང་ལྷུང་བཟེད་
དང་། ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བཟའ་བར་བྱ་བ་ཞེས་བྱ་བ་ནི། བཟའ་བ་དང་བཏུང་བ་ལ་སོགས་པའོ། །ལྷུང་བཟེད་དང་། ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་
པ་ཞེས་བྱ་བའི་སྒྲས་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་ལ་སོགས་པ་དག་བསྡུས་ཏེ། དེ་དག་ནི་ལུས་ཀྱི་ཡོ་བྱད་དག་ཡིན་པར་རིག་པར་བྱའོ། །འོ་ན་ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་གང་ཡིན་པར་བལྟ་བར་བྱ་ཞེ་ན་དེའི་ཕྱིར། དེ་དག་ཏུ་ནི་ས་དང་། ལྕི་བ་དང་། ཚོན་
เล่ม ๑๖๒ · หน้า 328b
དང་རྩྭ་དང་ཤིང་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་ནི་ས་དང་ལྕི་བ་དང་། ཚོན་དང་རྩྭ་དང་ཤིང་ལ་སོགས་པ་དག་ཡིན་པར་རིག་པར་བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱོར་བ་དེ་དག་ལ་ཆུ་ལ་སོགས་པ་ཇི་ལྟར་དགོས་ཤེ་ན། དེའི་ཕྱིར་དེ་
དག་ཏུ་དགོས་པ་ནི་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་ཁ་བསྒྱུར་བ་དང་། ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང་ཞལ་ཞལ་བྱ་བ་དང་འུ་ཤ་དང་། ཐང་དང་ཐུག་པ་དག་ཏུ་བྱའོ་ཞེས་བྱ་བ་སྨྲས་ཏེ། ལུས་ཀྱི་ཡོ་བྱད་དག་ཏུ་ཉེ་བར་སྦྱར་བར་དེ་དག་ཏུ་ཆུ་ལ་སོགས་པ་
དགོས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། ཉེ་བར་བསྟན་པའི་ཚིག་གོ། །བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའོ། །ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་ཞེས་བྱ་བ་ནི། གནས་གང་ལ་སོགས་པའོ། །
འུ་ཤ་དང་ཐང་དང་ཐུག་པ་དག་ཏུ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དག་ཏུའོ། །བྱ་བའོ་ཞེས་བྱ་བ་ནི། གོང་མ་ཐམས་ཅད་དང་སྦྱར་བར་བྱའོ། །འོག་གི་མདོ་ལས་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ་ཞེས་འབྱུང་བ་དེ་ནི་འདིར་ཡང་སྦྱར་བར་བྱའོ། །ཆུའི་སྲོལ་དགག་པ་དང་བསལ་བ་དག་
ཀྱང་ངོ་ཞེས་བྱ་བ་ནི། ཆུའི་སྲོལ་ཞེས་བྱ་བ་ཡུར་བ་ལ་སོགས་པའི་ཆུའི་ལམ་དགག་པ་དང་བསལ་བ་དག་བྱ་བ་ལྟ་བུ་ཡང་སྤྱོད་པ་དག་ཡིན་ནོ། །ཤིང་དང་གཡེང་བ་དག་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཀྱང་ངོ་ཞེས་བྱ་བ་ནི། ཤིང་ཆུའི་ནང་དུ་གཞུག་པ་དང་ཆུའི་ནང་ཉིད་དུ་
དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དང་། ཆུ་ལོན་ལ་སོགས་པ་ཆུར་གཡེང་བ་དག་ཆུར་གཞུག་པ་དང་། ཆུའི་ནང་ཉིད་དུ་དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དག་བྱ་བ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ། །ཤིང་དང་གཡེང་བ་ཞེས་སྨོས་པ་དཔེ་
ཙམ་དུ་ཟད་དེ། དེ་ལྟ་བུ་མཐུན་པ་གཞན་དག་ཀྱང་བསྡུའོ། །རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་ཡང་ངོ་ཞེས་བྱ་བ་ནི། རིམ་པ་གཅིག་པ་ལས་གཞན་པ་ཞེས་བྱ་བའི་ཚིག་རྐྱང་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་དག་བྱ་བ་ལྟ་བུ་ཡང་
เล่ม ๑๖๒ · หน้า 329a
སྦྱོར་བ་དག་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གོས་ལྷན་པ་ཅན་ལ་སོགས་པ་དག་ཀྱང་བསྡུའོ། །དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི། གོས་རིམ་པ་གཅིག་
པ་དེ་ཡང་སྟེ། སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུ་ཡང་ཞེས་བྱ་བ་རྣམ་པ་དེ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གི་སྲོག་ཆགས་དང་བཅས་པའི་ཆུས་ཆག་ཆག་འདེབས་སམ། ཕྱག་དར་བྱེད་དམ། འུ་ཤ་དང་ཐང་དང་ཐུག་པ་དག་བྱེད་ན་
སྲོག་ཆགས་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་གྱུར་ལ། མི་འཆི་ན་ནི་ཉེས་བྱས་སོ། །དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུའི་ཡུར་བ་འགོག་གམ་སེལ་བར་བྱེད་ན་སྲོག་ཆགས་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ། མི་འཆི་ན་ནི་ཉེས་བྱས་སོ། །དགེ་སློང་གིས་སྲོག་
ཆགས་དང་བཅས་པའི་ཆུར་ཤིང་འཛུད་དམ་འདྲེན་ཏམ། ཆུའི་ནང་ནས་སྐམ་སར་བཤལ་ལམ་གཡེང་བག་གཡེང་བར་བྱེད་དམ་འདྲེན་ཏམ། ཆུའི་ནང་ནས་སྐམ་སར་བཤལ་བར་བྱེད་ན། སྲོག་ཆགས་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ། མི་འཆི་ན་ནི་ཉེས་བྱས་སོ། །
དགེ་སློང་གིས་ཆུ་སྲོག་ཆགས་དང་བཅས་པར་གོས་སྤུ་ཅན་དང་ལྷན་པ་ཅན་དག་འཁྲུ་བར་བྱེད་ན་སྲོག་ཆགས་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ་མི་འཆི་ན་ནི་ཉེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྤུ་ཅན་དང་ལྷན་པ་ཅན་དག་བཀྲུ་བར་མི་བྱ་སྟེ། འཁྲུ་ན་
འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་རིམ་པ་གཅིག་པ་ནི་བཀྲུ་བར་བྱའོ། །དགེ་སློང་དག་གིས་བཀྲུ་བ་གཏན་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་སྲོག་ཆགས་ཀྱི་ཁམས་མང་ལ་ཆུའི་ཁམས་ཉུང་བ་དེར་བཀྲུ་བར་མི་བྱའི། གང་ན་ཆུའི་ཁམས་
མང་ལ་སྲོག་ཆགས་ཀྱི་ཁམས་ཉུང་བ་དེར་བཀྲུ་བར་བྱའོ། །འདིར་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ནི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བར་དགོངས་པར་རིག་པར་བྱ་སྟེ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ཕྱིར་རོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་
เล่ม ๑๖๒ · หน้า 329b
རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ད་ནི་སྲོག་ཆགས་དང་བཅས་པའི་ཆུ་ལེགས་པར་བཙགས་པ་ལ་སོགས་པ་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པ་ལས་གསུངས་པ་བརྗོད་པར་བྱ་སྟེ། དཔྱང་ཚགས་བཅང་བར་བྱའོ་
ཞེས་བྱ་བ་ནི། ཆུ་བཙགས་པའི་ཕྱིར་ཤིང་བུ་གསུམ་ལ་དཔྱང་པའི་ཚགས་ནི། དཔྱང་ཚགས་ཞེས་བྱ་སྟེ་དེ་བཅང་བར་བྱའོ། །དཔྱང་ཚགས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། ཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་། བཙགས་པར་བྱ་བའི་ཆུ་བཟེད་
པར་བྱེད་པ་ཚགས་གདགས་པར་བྱ་བའི་ལྕགས་གཟེར་དག་བཏབ་པའི་ཤིང་བུ་གསུམ་དང་ལྡན་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤིང་བུ་གསུམ་དང་ལྡན་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། སྣོལ་མར་སྦྲེལ་བ་ཡིན་ནོ། །དཔྱང་ཚགས་ཞེས་བྱ་བ་ནི། ཆུ་ཚགས་གྲུ་གསུམ་
ལ་སོགས་པའི་རྫས་ཡིན་པར་རིག་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར། ཟེད་སྣོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་ཟེད་པ་ཡང་ཡིན་ལ། །སྣོད་ཀྱང་ཡིན་པས་ན་ཟེད་སྣོད་ཅེས་བྱ་སྟེ། ཤིང་བུ་གསུམ་པོ་གང་ལ་བུམ་པ་ལ་སོགས་པ་ཡོད་པ་དེ་ནི་ཟེད་
སྣོད་དེ། ཟེད་སྣོད་དེའི་སྟེང་གི་ནམ་མཁའ་ཞེས་བྱ་བ་ནི། ཤིང་བུ་གསུམ་གྱི་ནང་དུ་གཏོགས་པའི་ནམ་མཁའ་གང་ཡིན་པ་སྟེ། དེ་ནི་ཟེད་སྣོད་ཀྱི་སྟེང་གི་ནམ་མཁའོ། །ནམ་མཁའ་དེ་ལ་གཞག་པར་བྱ་ཞིང་ཞེས་བྱ་བ་ནི་ནམ་མཁའ་དེ་ལ་གཞག་པར་བྱ་བ་ཟེད་པར་བྱེད་ཅིང་འཛིན་པར་
བྱེད་པ་ཆུ་ཚགས་ལ་སོགས་པའོ། །གང་གི་ཟེད་པར་བྱེད་པ་ཞེ་ན། དགང་བ་དང་བཙགས་པར་བྱ་བའི་ཆུའི་སྟེ། དགང་བ་ཞེས་བྱ་བ་ནི་ཆུ་ཚགས་སུ་བླུགས་པར་བྱ་བ་སྟེ། དེ་དང་བཙགས་པར་བྱ་བའི་ཆུ་ཞེས་བྱ་བ་ནི་ཡོངས་སུ་བཙགས་པར་བྱ་བའི་ཆུ་སྟེ། དེ་གཉིས་ཟེད་པར་བྱེད་པ་
གང་ཡིན་པ་དེ་ནི་ཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་བཙགས་པར་བྱ་བའི་ཆུ་ཟེད་པར་བྱེད་པའོ། །ཟེད་པར་བྱེད་པ་དེ་ཉིད་ཚགས་ཡིན་ཏེ། འཚག་པར་བྱེད་པ་ཆུ་ཚགས་གྲུ་གསུམ་ལ་སོགས་པ་ཆུ་ཚགས་ཡིན་ཏེ། ཟེད་པར་བྱེད་པ་དེ་ཉིད་ཚགས་དེ་ནི་ཟེད་སྣོད་
เล่ม ๑๖๒ · หน้า 330a
ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་བཙགས་པར་བྱ་བའི་ཆུ་ཟེད་པར་བྱེད་པ་ཚགས་སོ། །ཚགས་དེ་གདགས་པ་ཞེས་བྱ་བ་ནི། །ཤིང་བུ་གསུམ་པོ་དེ་ཉིད་ལ་ཚགས་དེ་གདགས་པ་སྟེ། དེ་ནི་ཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་
དགང་བ་དང་བཙགས་པར་བྱ་བའི་ཆུ་ཟེད་པར་བྱེད་པ་ཚགས་གདགས་པའོ། །གདགས་པ་དེ་ཉིད་བྱ་བ་ཡིན་ཏེ། ལྕགས་གཟེར་གང་དག་ལ་ཟེད་པར་བྱེད་པ་ཚགས་དེ་གདགས་པར་བྱ་དགོས་པ་སྟེ། དེ་ནི་ཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་བཙགས་པར་བྱ་
བའི་ཆུ་ཟེད་པར་བྱེད་པ་ཚགས་གདགས་པར་བྱ་བའི་ལྕགས་གཟེར་དག་ཡིན་ནོ། །ལྕགས་གཟེར་དེ་དག་ཤིང་བུ་གསུམ་པོ་གང་ལ་བཏབ་པའི་ཤིང་བུ་གསུམ་པོ་དེ་ནི་ཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་བཙགས་པར་བྱ་བའི་ཆུ་ཟེད་པར་བྱེད་པ་ཚགས་གདགས་པར་
བྱ་བའི་ལྕགས་གཟེར་དག་བཏབ་པའི་ཤིང་བུ་གསུམ་སྟེ། དཔྱང་ཚགས་གང་ལ་ཤིང་བུ་གསུམ་ཡོད་པ་དེ་ནི་ཤིང་བུ་གསུམ་དང་ལྡན་པ་ཡིན་ནོ། །དེ་ཞེས་བྱའོ་ཞེས་བྱ་བ་ནི། དཔྱང་ཚགས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཆུ་བཙགས་པའི་ཕྱིར་དཔྱང་ཚགས་
བཅང་བར་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དཔྱང་ཚགས་གང་ལ་ཤིང་བུ་གསུམ་སྣོལ་མར་སྦྲེལ་ཞིང་དེ་ལ་ཡང་ལྕགས་གཟེར་དག་ཆུ་ཚགས་གདགས་པའི་དོན་དུ་བཏབ་པ་ཡིན་ནོ། །ཆུ་ཚགས་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དགང་བར་བྱ་བ་དང་བཙགས་པར་བྱ་བའི་ཆུ་ཟེད་པར་
བྱེད་པའོ། །དེ་ཕྱོགས་གང་དུ་གཞག་པར་བྱ་ཞེ་ན། ས་ལ་གཞག་པའི་སྣོད་བུམ་པ་ལ་སོགས་པ་ཆུ་ཚགས་ནས་འཛག་པའི་ཆུ་ཟེད་པར་བྱེད་པ་གང་ཡིན་པ་དེའི་སྟེང་གི་ནམ་མཁའ་དེ་ལ་ཤིང་བུ་གསུམ་ལ་བཏགས་ཏེ་གཞག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དཔྱང་ཚགས་བྱ་ཞིང་དེའི་ཡང་ཐོག་ཏུ་ལྕགས་གཟེར་གདབ་པར་བྱའོ། །དེ་ལ་ཆུ་ཚགས་གདགས་པར་བྱ་ཞིང་དེའི་འོག་ཏུ་བུམ་པ་གཞག་པར་བྱའོ། །ཆུ་སྣོད་ཀྱི་བུམ་པ་དགང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཆུ་སྣོད་ཀྱི་བུམ་པ་དགང་བར་བྱའོ་ཞེས་
เล่ม ๑๖๒ · หน้า 330b
གསུངས་པའི་དོན་ནི། ཆུ་སྣོད་ཀྱི་ཆུ་ཚགས་ཀྱི་ནང་དུ་ཆུས་དགང་བར་བྱ་ཞིང་ཆུ་ཚགས་དེས་བཙགས་པའི་ཆུས་ཟེད་སྣོད་ཀྱི་བུམ་པ་འོག་མ་གང་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་སུ་གཅལ་གཞུག་པར་བྱའོ་ཞེས་བྱ་བ་ནི། ཆུ་གནས་པར་བྱ་བའི་ཕྱིར་
ཆུ་ཚགས་དེའི་ནང་དུ་གཅལ་གཞུག་པར་བྱ་བ་སྟེ། ཚིག་འདི་ནི་དགེ་སློང་གིས་སྤྱད་པའི་ཆུ་ཚགས་ཟིན་པའི་འོག་ཏུ་ཚགས་ཀྱི་ནང་ན་གནས་པའི་ཆུ་མྱུར་དུ་ཟད་ན་དེ་ན་གནས་པའི་སྲོག་ཆགས་རྣམས་འཆི་བར་འགྱུར་བ་དེ་ཡོངས་སུ་སྤངས་པའི་ཕྱིར་རོ། །གཅལ་ཇི་ཞིག་གཞུག་པར་བྱ་ཞེ་ན་དེའི་
ཕྱིར། བྱེ་མའམ་ལྕི་བའོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་གང་ཡང་རུང་བ་གཅལ་དུ་གཞུག་གོ། །ཡང་ན་ཚགས་རྟེན་སྣོད་དོ་ཞེས་བྱ་བ་ནི། ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་ལ་ཡང་ན་ཚགས་རྟེན་སྣོད་གཞུག་གི །དེ་ཇི་འདྲ་བ་ཞིག་ཅེ་ན་དེའི་ཕྱིར། ས་དང་ཟངས་མ་ལས་བྱས་པ་གང་
ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། གང་ཡང་རུང་ངོ་ཞེས་བྱ་བ་ནི་ས་ལས་བྱས་པ་ཡང་རུང་། ཟངས་མ་ལས་བྱས་པ་ཡང་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་སོ་ཞེས་བྱ་བ་ནི། ཚགས་རྟེན་སྣོད་དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་པའོ། །ཐབས་
གང་གིས་ཤེ་ན་དེའི་ཕྱིར། བུ་གུར་ལུང་བྱས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བུ་གུ་ཕུག་ནས་དེར་ལུང་བཏགས་ཏེ་དེ་ཤིང་བུ་གསུམ་གྱི་ཐོག་མ་ལ་བཏགས་སོ། །དེ་ནི་ངོས་གཉིས་ནས་བཏགས་ན་ཡང་འདུག་ཏུ་བཏུབ་པོ་ཞེས་བྱ་བ་ནི། བུ་གུ་དུ་མ་ཞིག་དགོས་ན་ཡང་ཚགས་རྟེན་སྣོད་ལ་བུ་གུ་དུ་མ་ཙམ་
གྱིས་ཤིང་བུ་ལ་གདགས་སུ་རུང་བ་དེ་སྙེད་ཀྱི་བུ་གུ་བྱའོ། །ཕྱི་རོལ་གྱི་ངོས་སུ་ཚགས་རྟེན་སྣོད་གཞག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆུ་ཚགས་ཀྱི་ནང་རོལ་དུ་ཚགས་རྟེན་སྣོད་གཞག་པར་གྱུར་ན། དེའི་ཚེ་ཚགས་རྟེན་སྣོད་ཀྱི་འོག་ཏུ་སོང་བའི་སྲོག་ཆགས་དག་འཆི་བར་འགྱུར་སྲིད་པས་
ཉེས་དམིགས་དེར་མི་འགྱུར་བར་བྱ་བའི་ཕྱིར་མདོ་འདི་བྱས་སོ། །དེ་ཇི་ཞིག་གིས་གདགས་ཤེ་ན་དེའི་ཕྱིར། སྔ་མ་ནི་ཐ་གུས་སོ། །ཕྱི་མ་ནི་ལྕགས་ཐག་འཇམ་པོས་སོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་ལས་བྱས་པ་ནི་ཐ་གུས་གདགས་སོ། །ཕྱི་མ་ཟངས་ལས་བྱས་པ་ནི་ལྕགས་ཐག་འཇམ་
เล่ม ๑๖๒ · หน้า 331a
པོས་གདགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཚགས་རྟེན་སྣོད་དེ་གང་ཟག་གིས་ཀྱང་བཅང་བར་བྱའོ། །ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་ཡང་དང་ཡང་དུ་བརྡབ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆུ་ཚགས་
ལས་ཆུ་མི་འཛག་ན་དེའི་ཚེ་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་ཡང་དང་ཡང་དུ་བརྡབ་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཆུ་ཚགས་གྲུ་གསུམ་ལ་སོགས་པ་ཐགས་བཟང་བས་ཆུ་མི་འཛག་ན་དེ་ལ་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་ཡང་དང་ཡང་དུ་བརྡབ་པར་བྱའོ། །
བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ངོ་ཞེས་བྱ་བ་ནི། བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ཞིང་བྱ་སླ་བ་ཡིན་པས། དེ་ལ་འདོད་པ་བསྐྱེད་པར་བྱ་བའི་ཐ་ཚིག་གོ། །བུམ་ཚགས་གཅེའུ་ཅན་ནི་དེ་ནས་ཆུའི་སྒྲ་ཏིག་ཏིག་སྒྲོག་ཅིང་འཛག་པའམ་ཡང་ན་དེའི་ནང་དུ་ཆུའི་སྒྲ་སྒྲོག་ཅིང་འགྲོ་བ་
དང་འབབ་པ་དང་འཛག་པར་འགྱུར་བའི་ཕྱིར་སྒྲ་སྒྲོག་ཅེས་བྱ་བའོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་བུམ་ཚགས་གཅེའུ་ཅན་དེ་གང་ཟག་གིས་ཀྱང་བཅང་བར་བྱ་བའོ། །དེ་ཅི་ལས་བྱས་པ་ཞེ་ན། དེའི་ཕྱིར་སའམ་ཟངས་མ་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། ས་ལས་བྱས་པ་ཡང་རུང་
ཟངས་མ་ལས་བྱས་པ་ཡང་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དབྱིབས་ཅི་འདྲ་ཞེ་ན་དེའི་ཕྱིར་དེ་ནི་བུམ་པའི་དབྱིབས་ཅན་ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པ་འོག་སྦུབས་ཅན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུམ་ཚགས་གཅེའུ་ཅན་གང་ལ་བུམ་པ་ལྟ་བུའི་དབྱིབས་ཀྱི་རྣམ་པ་ཡོད་པ་
དེ་ནི་བུམ་པའི་དབྱིབས་ཅན་ཞེས་བྱའོ། །བུམ་ཚགས་གཅེའུ་ཅན་གང་གི་ནང་ན་པདྨའི་བུ་གུ་ལྟ་བུའི་བུ་གུ་དག་ཡོད་པ་དེ་ནི། ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པ་ཞེས་བྱ་སྟེ། པདྨའི་སྙིང་པོའི་ནང་ན་གནས་པའི་བུ་གུ་དག་ལྟ་བུའི་བུ་གུ་དག་འདིའི་ནང་ན་ཡང་ཡོད་པ་ཡིན་ནོ། །འོག་སྦུབས་
ཅན་ཡིན་ནོ་ཞེས་བྱ་བ་ནི། བུ་གུ་དེ་དག་གི་ངོས་འོག་མ་རྣམས་ལ་གཅེའུ་ལྟ་བུའི་སྦུབས་དག་ཡོད་པ་ཡིན་ཏེ། དེའི་ནང་གི་བུ་གུ་རྣམས་ཀྱི་འོག་སྦུབས་ཅན་དག་ཏུ་བྱ་བའོ། །འདིར་གཞུང་ནི་བུམ་པའི་དབྱིབས་ལྟ་བུར་བྱ་ཞིང་དེའི་ནང་དུ་པདྨའི་རྣམ་པ་ལྟ་བུའི་བུ་གུ་དག་གདོད་པར་བྱའོ། །
เล่ม ๑๖๒ · หน้า 331b
དེ་དག་བསྡུ་བའི་ཕྱིར་དེ་དག་གི་སྟེང་དུ་བུ་གུ་ཆེན་པོ་གཅིག་གདོད་པར་བྱའོ། །དེ་དག་ཉིད་བསྡུ་བའི་ཕྱིར་འོག་སྦུབས་ཅན་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྟེང་དུ་བུ་གུ་ཆེན་པོ་གཅིག་གདོད་པར་བྱའོ་ཞེས་གསུངས་པ་ནི་བུམ་པའི་ཁ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་དག་ཏུ་རས་མས་
འདགས་པ་ཉིད་དོ་ཞེས་བྱ་བ་ནི། ནང་གི་བུ་གུ་དེ་དག་ཏུ་ཆུ་འཛག་པ་རྣམས་རས་མས་བཙགས་པར་བྱ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཆུ་ཚགས་པའི་བུ་གུ་དག་གི་སྟེང་དུ་བུམ་པའི་གཅལ་ཐབས་སུ་ཆུ་ཚགས་སུ་རུང་བའི་རྫས་ཀྱི་རས་མ་ཇི་ཙམ་གྱིས་གཡོགས་པ་དེ་ཙམ་གྱིས་བཙགས་ཤིང་
སྲོག་ཆགས་མེད་པར་བྱའོ། །འདིར་གཞུང་ནི་དེ་དག་གི་སྟེང་དུ་རས་མས་གཡོགས་ཏེ་ཆུ་བཙགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་ཚགས་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི། ཆུ་ལ་སོགས་པས་ཀུན་ནས་འཛག་པར་བྱེད་པའི་ཕྱིར་ཆུ་ཚགས་ཞེས་བྱ་བ་སྟེ། དེ་གང་ཟག་གིས་ཀྱང་བྱ་
ཞིང་ཉེ་བར་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་ཚགས་གྲུ་གསུམ་མམ་རིལ་བ་ཞབས་ཚགས་ཅན་ནམ་བསལ་ཚགས་ཀྱང་ངོ་ཞེས་བྱ་བ་ནི། ཆུ་ཚགས་གྲུ་གསུམ་མམ་རིལ་བ་ཞབས་ཚགས་ཅན་ནམ་བསལ་ཚགས་ཉེ་བར་གཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་སྨོས་པས་ནི་རིལ་
ཚགས་ཀྱང་བཟུང་བར་ཤེས་པར་བྱའོ། །བསལ་ཚགས་སྨོས་པས་ནི་བུམ་ཚགས་གཅེའུ་ཅན་ལ་དགོས་པའི་རས་མ་ཡང་བཟུང་བ་ཉིད་ཡིན་ནོ། །འམ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་སོགས་པ་སྤང་བའི་ཕྱིར་ཏེ། གཅིག་དགོས་པ་འགྲུབ་པའི་ཕྱིར་རོ། །འོག་གི་མདོ་ལས་དེ་ལ་དེ་མེད་པར་
ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ་ཞེས་འབྱུང་བ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བྱ་མ་བུམ་དང་རིལ་བ་དག་གིས་ཆུ་རུང་བ་བཅུས་པ་ཉིད་དང་ཡོད་པ་ཉིད་ཀྱང་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བྱ་མ་བུམ་དང་རིལ་བ་དག་གིས་ཆུ་རུང་བ་བཅུས་ཤིང་བླངས་པ་ཉིད་ནི་ཆུ་ཚགས་
དེ་དང་ལྡན་པ་ཉིད་ཡིན་ནོ། །ཡོད་པ་ཉིད་ཀྱང་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། ལམ་ཇི་ཙམ་དུ་ཆུ་རུང་བ་ཡོད་པ་ཉིད་ཡིན་ན་དེ་ཡང་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ལམ་ཇི་སྲིད་དུ་ཆུ་རུང་བ་བཅུར་ཡོད་པ་དེ་སྲིད་དུ་ཆུ་ཚགས་དང་ལྡན་པ་ཉིད་ཡིན་གྱི་ལྷག་པར་ནི་མ་
เล่ม ๑๖๒ · หน้า 332a
ཡིན་ཏེ། དེ་ནི་ཤུགས་ཀྱིས་འཐོབ་པོ། །དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ཆུ་ཚགས་ལ་སོགས་པ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ་བའོ། །ནང་དང་བཅས་པ་དང་ལྷན་ཅིག་ཏུ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ཞེ་འགྲས་པ་དང་ལྷན་ཅིག་
ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ་བའོ། །གལ་ཏེ་རྐྱེན་དེ་ལྟ་བུ་ཡོད་ན་བཟོད་པ་གསོལ་ཏེའོ་ཞེས་བྱ་བ་ནི། གལ་ཏེ་དེ་དང་འགྲོགས་ཏེ་མི་འགྲོ་ན་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་བྱེད་པ་དེ་ལྟ་བུའི་རྐྱེན་དག་ཡོད་ན་གཙུག་ལག་ཁང་དེ་ཉིད་དུ་ནང་དང་བཅས་པའི་དགེ་སློང་དེ་ལ་བཟོད་པ་གསོལ་
ནས་སམ་བཟོད་པར་བྱས་ཏེ་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །བྱ་བ་བྱེད་པ་ན་ཡོད་པ་ཉིད་ནི་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགོས་པ་བསྒྲུབ་པའི་དུས་ན་གལ་ཏེ་དེ་སྒྲུབ་པར་བྱེད་པའི་ཡོ་བྱད་ཡོད་པ་ཉིད་ཡིན་ན། དེའི་ཚེ་ཡོ་བྱད་དེ་ཡོད་པ་ཉིད་ཡིན་པར་རིག་པར་བྱའོ། །སྔར་ཡང་མ་ཡིན་ཕྱིས་
ཀྱང་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཆུ་བཙགས་པའི་དུས་ན་ཆུ་ཚགས་ཡོད་པ་ཉིད་ནི་ཡོད་པ་ཉིད་ཡིན་པ་ལྟ་བུའོ། །གཞན་གྱིས་འདི་ལྟར་དེ་སྦྱིན་ནོ་ཞེས་ཁས་བླངས་པ་ནི་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གཞན་གང་གིས་འདི་སྐད་ཅེས་འདི་ལྟར་ཆུ་བཙགས་པའི་དུས་དེར་ཆུ་ཚགས་སྦྱིན་ནོ་ཞེས་
ཁས་བླངས་པ་ནི་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་ནོ། །གལ་ཏེ་ཁས་མ་བླངས་ན་ནི་དགེ་སློང་གཞན་དག་ལ་ཆུ་ཚགས་ཡོད་དུ་ཟིན་ཀྱང་དགེ་སློང་དེ་ལ་ཆུ་ཚགས་ཡོད་པ་ཉིད་མ་ཡིན་ནོ། །ལྗོངས་རྒྱུ་བའི་ཚེ་འབྲལ་བ་ན་སྦྱིན་པར་ཁས་མ་བླངས་ན་དེ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། ལྗོངས་རྒྱུ་བའི་ཚེ་འབྲལ་
ཞིང་གྲོང་གཞན་དུ་འགྲོ་བར་འགྱུར་བའི་ཚེ་ཆུ་ཚགས་སྦྱིན་ནོ་ཞེས་ཆུ་ཚགས་དང་ལྡན་པའི་དགེ་སློང་གིས་ཁས་མ་བླངས་ན་ལྗོངས་རྒྱུ་བའི་ཚེ་ཆུ་ཚགས་དེ་ལ་བརྟེན་པར་མི་བྱ་སྟེ། འབྲལ་བའི་མདུན་རོལ་དུ་མ་བྲལ་བའི་ཚེ་ན་རེ་ཞིག་སྦྱིན་པར་ཁས་བླངས་པ་ནི་ཕྱིས་འབྲལ་བའི་ཚེ་ན་མེད་པའི་ཕྱོགས་དང་མཐུན་
པ་ཉིད་ཡིན་པའི་ཕྱིར་རོ། །ཕོངས་པར་མི་འགྱུར་བའི་ཉེན་ཀོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཆུས་ཕོངས་པར་མི་འགྱུར་བའི་ཉེན་ཀོར་གྱི་ཕྱོགས་སུ་འགྲོ་བ་གང་ཡིན་པ་དེ་ནི་ལྗོངས་རྒྱུ་བ་མ་ཡིན་པར་ཤེས་པར་བྱ་སྟེ། དེར་ནི་ཆུ་ཚགས་མེད་ཀྱང་ཉེས་པ་འགར་ཡང་མི་འགྱུར་རོ་ཞེས་བྱ་བའི་ཐ་
เล่ม ๑๖๒ · หน้า 332b
ཚིག་གོ། །དེ་ནི་རྒྱང་གྲགས་ལྔ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཕོངས་པར་མི་འགྱུར་བའི་ཉེན་ཀོར་དེ་ནི་རྒྱང་གྲགས་ལྔ་ཉིད་ཡིན་ནོ། །འདིར་དེ་དག་གི་གཞུང་ནི་གཞུང་ཁ་ཅིག་ལས། བཙུན་པ་ཆབ་ཚགས་མ་མཆིས་པར་གྲོང་གཞན་ནམ་གཙུག་ལག་ཁང་གཞན་དུ་མཆིར་རུང་ངམ། རུང་སྟེ་
གལ་ཏེ་དེར་སོང་ཡང་ཕོངས་པར་མི་འགྱུར་ནའོ་ཞེས་བྱ་བ་དང་། ཅིག་ཤོས་ཀྱི་ནི་བཙུན་པ་ཆབ་ཚགས་མ་མཆིས་པར་ཤུལ་དུ་ཞུགས་ཏེ་མཆིར་རུང་ངམ། རུང་སྟེ་གལ་ཏེ་དེར་སོང་ཡང་ཕོངས་པར་མི་འགྱུར་བའི་རྒྱང་གྲགས་ལྔ་ཚུན་ཆད་དོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མས་ནི་གཞུང་སྔ་
མ་བསྡུས་པ་ཡིན་ལ་མདོ་འདིས་ནི་གཞུང་ཕྱི་མ་ཤོས་བསྡུས་པ་ཡིན་ནོ།། །།བམ་པོ་སུམ་ཅུ་པ། སྔར་ཕོངས་པར་མི་འགྱུར་བའི་ཉེན་ཀོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ་ཞེས་སྤྱིར་བཏང་བ་བྱས་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། གནས་སུ་བཞག་སྟེ་སོང་བ་དེ་དང་ལྡན་པ་
ཉིད་མ་ཡིན་པ་དེ་ནི་རང་དགའ་བྱེད་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གནས་སུ་ཆུ་ཚགས་བཞག་སྟེ་གནས་གཞན་དུ་སོང་བ་ཆུ་ཚགས་དེ་དང་ལྡན་པ་ཉིད་མ་ཡིན་པ་ནི་དེའི་ཚེ་ན་རང་དགའ་བྱེད་པ་མ་ཡིན་པ་མ་ཡིན་ཏེ། རང་དགའ་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
འདི་སྐད་བསྟན་ཏེ། གལ་ཏེ་བདག་དེར་སོང་ན་ཆུ་ཚགས་ཡོད་པར་འགྱུར་རོ་ཞེས་དེ་ལྟར་ངེས་པ་མེད་ན་དེའི་ཚེ་ཆུ་ཚགས་མེད་པར་དེས་དེར་འགྲོ་བར་མི་བྱའོ། །གཅིག་གིས་དགེ་འདུན་མན་ཆད་དུ་མ་དེ་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཆུ་ཚགས་གཅིག་ཡོད་ན་དེས་
དགེ་འདུན་མན་ཆད་དགེ་སློང་དུ་མ་དག་ཆུ་ཚགས་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་ཏེ། ལྡན་པ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་འདུན་དུ་གྱུར་པའི་དགེ་སློང་དུ་མ་དག་ཆུ་ཚགས་གཅིག་གིས་ལྗོངས་རྒྱུ་ཞིང་འདོད་ན་དེའི་ཚེ་ཉེས་པ་མེད་དོ། །རྒྱུན་མགྱོགས་པ་ལ་ནི་
ཕོངས་པར་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྔར་དེ་ནི་རྒྱང་གྲགས་ལྔ་ཉིད་ཡིན་ནོ་ཞེས་སྨོས་པ་དེ་ལ་ནི་ཆུའི་རྒྱུན་མགྱོགས་པ་ལ་ཡང་ཕོངས་པར་མི་འགྱུར་བ་ཉིད་དུ་རིག་པར་བྱའི། ཆུའི་རྒྱུན་མགྱོགས་པ་དེ་ལ་རྒྱང་གྲགས་ལྔ་ཕན་ཆད་ནི་ཕོངས་པར་མི་འགྱུར་བ་ཉིད་མ་ཡིན་ཏེ། འདི་ལྟར་
เล่ม ๑๖๒ · หน้า 333a
ཕོངས་པར་འགྱུར་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ཆུ་ཀླུང་འབབ་པ་ལ་ཆབ་ཚགས་མ་མཆིས་པར་མཆིར་རུང་ངམ། ཉེ་བ་འཁོར་རུང་སྟེ་རྒྱང་གྲགས་ལྔ་ཚུན་ཆད་དུ་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་རྒྱུན་ཕྱོགས་སུ་རྗེས་སུ་འབྲེལ་པར་འགྲོ་བས་ན་དེས་རྒྱང་གྲགས་ཀྱི་བར་
དུ་འཇུག་ཏུ་རུང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི། ཆུའི་རྒྱུན་མགྱོགས་པ་དེ་ལའོ། །རྒྱུན་ཕྱོགས་སུ་ཞེས་བྱ་བ་ནི། ཆུའི་རྒྱུན་ཕྱོགས་སུ་འགྲོ་བས་ཡིན་གྱི། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བས་ནི་མ་ཡིན་ནོ། །རྗེས་སུ་འབྲེལ་པར་ཞེས་བྱ་བ་ནི། ཆུའི་རྒྱུན་སོང་མ་ཐག་པའི་རྗེས་སུ་འབྲེལ་
པར་ཕྱི་བཞིན་དུ་འགྲོ་བས་ཡིན་གྱི། ཆུའི་རྒྱུན་སོང་བའི་འོག་ཏུ་དུས་གཞན་ན་ཕྱི་བཞིན་འགྲོ་བས་ནི་མ་ཡིན་ནོ། །འགྲོ་བས་ནི་ཞེས་བྱ་བ་ནི་དེ་ལྟར་འགྲོ་བའི་དགེ་སློང་གིས་སོ། །དེས་ཞེས་བྱ་བ་ནི་སྔར་རྒྱང་གྲགས་ཀྱི་མགོར་ཆུ་བརྟག་པ་བྱས་པ་དེ་ཉིད་ཀྱིས་སོ་རྒྱང་གྲགས་ཀྱི་བར་དུ་ཞེས་བྱ་བ་ནི་སྔར་རྒྱང་
གྲགས་ཀྱི་མགོར་ཆུ་བརྟགས་པའི་གནས་དེ་མན་ཆད་ནས་བརྩམས་ཏེ་རྒྱང་གྲགས་གཅིག་གི་མཐར་ཐུག་གི་བར་དུའོ། །འཇུག་ཏུ་རུང་ངོ་ཞེས་བྱ་བ་ནི་དེ་ལྟར་འགྲོ་བའི་དགེ་སློང་གིས་ནི་སྔར་རྒྱང་གྲགས་ཀྱི་མགོར་ཆུ་བརྟག་པ་བྱས་པ་དེ་ཉིད་ཀྱིས་རྒྱང་གྲགས་གཅིག་གི་མཐར་ཐུག་གི་བར་དུ་ཆུ་བརྟག་མི་
དགོས་པར་འདོད་དགུར་སྤྱད་ཅིང་འཇུག་ཏུ་རུང་ངོ་། །དེ་མན་ཆད་ནི་ཡང་དགེ་སློང་དེས་ཆུ་བརྟག་པར་བྱ་དགོས་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །སྤྱིར་བཏང་བ་བྱས་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། གལ་ཏེ་དེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་ཡན་ཆད་དུའོ་ཞེས་
བྱ་བ་སྨྲས་ཏེ། གལ་ཏེ་ཆུའི་རྒྱུན་མགྱོགས་པ་དེ་རྒྱང་གྲགས་གཅིག་གི་མཐར་ཐུག་པའི་ནང་ཡན་ཆད་དུ་ཆུ་གཞན་དང་འདྲེས་པར་གྱུར་ན་གང་དུ་འདྲེས་པར་གྱུར་པ། དེ་ཡན་ཆད་དུ་དགེ་སློང་དེས་སྔར་རྒྱང་གྲགས་ཀྱི་མགོར་ཆུ་བརྟག་པ་བྱས་པ་དེ་ཉིད་ཀྱིས་འདོད་དགུར་སྤྱད་ཅིང་འཇུག་ཏུ་རུང་གི།
འདྲེས་པ་མན་ཆད་ལ་ནི་དེས་ཡང་བརྟག་ཅིང་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟགས་པ་ནས་འདོམ་གང་ཁོར་ཡུག་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཆུ་བརྟག་པའི་གནས་ནས་འདོམ་གང་ཁོ་ར་ཁོར་ཡུག་ཚུན་ཆད་ནི་བརྟག་པ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ཆབ་ཀྱི་
เล่ม ๑๖๒ · หน้า 333b
ཉན་ཀོར་གང་ལགས། ཉེ་བ་འཁོར་འདོམ་གང་ངོ་ཞེས་གསུངས་པ་ཡིན་ནོ། །མིག་གིས་དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ནོ་ཞེས་བྱ་བ་ནི། ཆུ་གང་གིས་དག་པ་ཡིན་ཞེ་ན། མིག་གིས་དག་པ་ཉིད་ཀྱི་ཆུ་ནི་དག་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཆུ་ནི་མིག་གིས་བརྟག་
པར་བྱ་སྟེ། གལ་ཏེ་དེ་ན་སྲོག་ཆགས་མི་སྣང་ན་དེའི་ཚེ་ཆུ་དག་པ་ཡིན་པར་རིག་པར་བྱའོ། །མིག་གང་གིས་ཤེ་ན་དེའི་ཕྱིར། ཐ་མལ་པས་སོ་ཞེས་བྱ་བ་སྨྲས་ཏེ། ཤའི་མིག་གིས་ཐ་སྙད་གདགས་སུ་རུང་བས་སོ། །འདིར་གཞུང་ནི་ཚེ་དང་ལྡན་པ་མ་འགགས་པས་ལྷའི་མིག་
གིས་ཆུ་བརྟགས་པ་ན་དེའི་ཚེ་སྲིད་པ་བར་མའི་སྲོག་ཆགས་དག་གིས་ཐམས་ཅད་ཁྱབ་པར་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་མིག་ནི་ཐ་སྙད་གདགས་སུ་མི་རུང་སྟེ། དེ་བས་ན་ལྷའི་མིག་གིས་ཆུ་བརྟག་པར་མི་བྱ་བར་འདི་ལྟར་ཆུ་རུང་བ་ལྔ་སྔར་སྤྱད་པར་བྱའོ་
ཞེས་གསུངས་པ་ཡིན་ནོ། །མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི། བརྟག་པར་བྱ་བའི་ཆུ་མི་གཡོ་མི་འགུལ་བ་ཉིད་དང་། རྡུལ་དང་དལ་དུལ་གྱི་རྙོག་པ་མེད་ཅིང་ཤིན་ཏུ་དངས་པ་ལ་བརྟག་པར་བྱའོ། །བུམ་པ་གང་བ་ཉིད་ལའོ་ཞེས་བྱ་བ་ནི། ཆུ་བུམ་པ་གང་བ་
ཉིད་ལ་བརྟག་པར་བྱ་བའོ། །དེ་ལ་བྱ་བ་ལས་འདས་པར་བགྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི། ཆུ་བརྟག་པ་དེ་ལ་དེ་བྱ་བ་ལས་འདས་པ་ཡིན་ནོ་ཞེས་བྱ་བར་ཡུན་རིང་བ་ཉིད་ཀྱི་གྲངས་སུ་གྲགས་པའི་ཐ་སྙད་ཀྱི་ཚིག་གང་ཡིན་པར་འགྱུར་བ་དེ་ལྟ་བུའི་ཡུན་རིང་པོ་ཉིད་དུ་བརྟག་པར་
མི་བྱའོ། །འདི་སྐད་བསྟན་ཏེ། ཡུན་རིང་ཡང་རུང་ཐུང་ཡང་རུང་སྟེ། ཇི་ཙམ་གྱིས་སེམས་དག་པར་གྱུར་པ་དེ་ཙམ་དུ་བརྟག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་ཧ་ཅང་ཡུན་རིང་དུ་བརྟག་པར་མི་བྱ་བར་འདི་ལྟར་ཇི་སྲིད་ཀྱིས་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མའི་ཤར་བས་བཀང་
བ་ལ་ཡངས་ཀྱིས་འཁོར་བར་འགྱུར་བ་དེ་སྲིད་དུ་བརྟག་པར་བྱའོ། །ཡང་ན་ཇི་སྲིད་ཀྱིས་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སེམས་དག་པར་གྱུར་པ་ཞེས་བྱ་བ་དེ་ལ་སེམས་དག་པར་གྱུར་ཅེས་བྱ་བ་ནི། མིག་གིས་དག་པ་ཉིད་ཅེས་བྱ་བ་དེ་ཡིན་
เล่ม ๑๖๒ · หน้า 334a
པས་དེའི་ཕྱིར་དེ་ལས་རིང་དུ་མི་བྱ་སྟེ། དེས་ན་འདིར་སེམས་དག་པ་ཞེས་བྱ་བ་དེ་ལོགས་ཤིག་ཏུ་མ་བསྡུས་སོ། །རྩེ་མོ་འཇམ་པོས་སྲོག་ཆགས་དག་བསྟན་སླའོ་ཞེས་བྱ་བ་ནི། ཐུར་མ་འམ་རྩྭ་ལ་སོགས་པའི་རྩེ་མོ་འཇམ་པོས་སྲོག་ཆགས་དག་བསྟན་པར་བྱའོ། །
འདི་སྐད་བསྟན་ཏེ། གལ་ཏེ་ལ་ལ་ཆུའི་སྲོག་ཆགས་ལ་ཐེ་ཚོམ་ཟ་འམ་མི་མཐོང་ན་དེའི་ཚེ་ཐུར་མའམ་རྩྭ་འམ་ཤིང་བུ་འཇམ་པོའི་རྩེ་མོས་བསྟན་པར་བྱའོ། །དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ་ཞེས་བྱ་བ་ནི། ཆུའི་སྲོག་ཆགས་དེ་དག་དོར་བའི་ལམ་གྱི་ཐག་ཇི་སྲིད་ཀྱིས་འཆི་
བར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་དོར་བར་མི་བྱ་སྟེ། མི་འཕང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་མི་དོར་རོ་ཞེས་བྱ་བ་ནི། ཆུའི་སྲོག་ཆགས་དག་ལས་གཞན་པ་ཤིག་དང་རྩྭ་ཤིག་ལ་སོགས་པ་དག་ཀྱང་འཆི་བར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་མི་དོར་རོ། །གལ་ཏེ་མར་
མེའི་ནང་དུ་སྲོག་ཆགས་ལྟུང་ན་དེ་བྱེད་པས་དེ་གཡོགས་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་དག་ལྟུང་བར་འགྱུར་ན་དེའི་ཚེ་དེ་བྱེད་པས་ཞེས་བྱ་བ་མར་མེ་སྣང་བར་བྱེད་པས་མར་མེ་ལ་མི་སྒྲིབ་པའི་འོད་ཁང་གིས་མར་མེ་དེ་གཡོགས་པར་བྱའོ། །མར་མེ་
སྣང་བར་བྱེད་པའི་འོད་ཁང་དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན་དེའི་ཕྱིར། སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། སྨྱིག་མའི་ཚལ་པའི་གཟེབ་དར་དཀར་ལ་སོགས་པས་གཡོགས་པའམ། ལྷང་ཚེར་རིམ་པར་ཕྱེ་བ་སྲབ་
མོས་གཡོགས་པ་ནི་དེ་ཞེས་བྱ་སྟེ། འོད་ཁང་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མིག་བརྒྱ་པ་ཡང་རུང་ངོ་། །འདིར་གཞུང་ནི་འོད་ཁང་གི་གཟེབ་དར་དཀར་གྱིས་གཡོགས་པར་བྱའོ། །དེ་མི་རྙེད་ན་ལྷང་ཚེར་སྲབ་མོས་གཡོགས་པར་བྱའོ། །དེ་ཡང་མ་རྙེད་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། མིག་བརྒྱ་པ་བྱའོ་ཞེས་གསུང་པ་ཡིན་ནོ། །མིག་བརྒྱ་པ་ཇི་ལྟ་བུ་ཞེ་ན་དེའི་ཕྱིར། དང་པོ་ནས་བྱས་པའམ་བུམ་པ་ལ་སོགས་པའི་སྣོད་བུ་གུ་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། དང་པོ་ནས་བྱས་པ་ཞེས་བྱ་བ་ནི། དེ་དང་པོ་འབྱུང་བ་ཉིད་ཀྱི་ཚེ་ན་རྫ་
เล่ม ๑๖๒ · หน้า 334b
མཁན་གྱིས་བྱས་པ་སྟེ། ས་ལས་བྱས་པའི་སྣོད་བུམ་པའི་དབྱིབས་འདྲ་བ། ཚགས་འདྲ་བ་བུ་གུ་མང་པོ་བཏོད་ནས་སོ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ། །བུམ་པ་ལ་སོགས་པའི་སྣོད་བུ་གུ་ཅན་ཞེས་བྱ་བ་ནི། བུམ་པ་ལ་སོགས་པའི་སྣོད་ལ་ཕྱིས་རང་བཟོར་སྔ་མ་དང་འདྲ་བར་བུ་གུ་མང་པོ་བཏོད་པའོ། །
དེ་གཉིས་ཀ་ཡང་འོད་ཁང་མིག་བརྒྱ་པ་ཞེས་བྱ་སྟེ། བརྒྱ་ཞེས་སྨོས་པ་ནི་བུ་གུ་མང་བ་ཉིད་དུ་བསྟན་པའི་དཔེ་ཙམ་དུ་ཟད་ཀྱི། གྲངས་བརྒྱ་ཁོ་ནར་ངེས་པ་ནི་མ་ཡིན་ནོ། །སྐྲའི་རྙིས་སྦྲུལ་གཟུང་བར་མི་བྱའོ་ཞེས་བྱ་བ་ནི། སྐྲ་ལས་བྱས་པའི་རྙིས་སྦྲུལ་བཅིང་བར་མི་བྱ་བའོ། །འདིར་སྐྲ་ཞེས་སྨོས་
པའི་སྒྲ་ནི་སྐྲ་དང་རྔ་མ་དང་རྔོག་མ་ལ་སོགས་སྤྱི་ལ་སྙེགས་ཏེ་དེ་དག་གི་རྙི་གང་གིས་ཀྱང་སྦྲུལ་གཟུང་བར་མི་བྱ་བའོ། །ཆོ་ག་འདི་ནི་སྦྲུལ་སྣད་པར་འགྱུར་བ་སྤང་བའི་ཕྱིར་རོ། །སྦྲུལ་བསལ་བ་ཅི་ལྟར་བྱ་ཞེ་ན་དེའི་ཕྱིར། སེ་གོལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟངས་མིག་ལམ་ན་མ་འདུག་ཤིག་ཅེས་
བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྔར་སེ་གོལ་གྱི་སྒྲ་ཕྱུང་སྟེ། དེའི་འོག་ཏུ་ཀྱེ་བཞིན་བཟངས་མིག་ལམ་ན་མ་འདུག་པར་གང་དུ་མི་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བ་དེར་འདུག་ཤིག་ཅེས་དེ་སྐད་བརྗོད་པར་བྱའོ། །དེ་སྐད་བརྗོད་ཀྱང་གལ་ཏེ་མིག་ལམ་ན་འདུག་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར།
མི་འདུག་ན་དབྱུག་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་ཏེ་ཁ་བཅད་ནས་བུ་གུ་དག་བཏོད་དེ་བསལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མིག་ལམ་ན་མི་སྣང་བའི་ཕྱོགས་ན་འདུག་ན་དབྱུག་གུ་སྐམ་ཁ་ར་རྐང་འདྲ་བ་ཁ་བྲག་གིས་དལ་བུས་རྫ་མ་འམ་བུམ་པར་བཅུག་སྟེ་ཁ་བཅད་ནས་རྫ་
མ་འམ་བུམ་པ་དེ་ལ་རླུང་འབྱུང་བར་བྱ་བའི་ཕྱིར་ངོས་དག་ཏུ་བུ་གུ་ཕྲ་མོ་དག་བཏོད་དེ་གཙུག་ལག་ཁང་ནས་ཐབས་དེས་སྦྲུལ་དེ་བསལ་བར་བྱའོ། །མ་གྲུབ་ན་ལྕག་པོད་དམ་ཤུར་བུ་འམ་ཤུར་བུ་ཕྲེའུས་སམ་ཐ་གུ་རས་མས་དགྲིས་པའི་ཞགས་མིག་གིས་མགུལ་པ་བཅིངས་ཏེ་དོར་བར་བྱའོ་ཞེས་
བྱ་བ་ནི། གལ་ཏེ་ཐབས་སྔ་མ་དེས་གཙུག་ལག་ཁང་ནས་དབྱུང་བར་མ་གྲུབ་ན་དེའི་ཚེ་ལྕག་པོད་དམ་ཤུར་བུའམ་ཤུར་བུ་ཕྲེའུས་མགུལ་བར་བཅིངས་ཏེ་དོར་བའམ། ཡང་ན་ཐ་གུ་རས་མས་དཀྲིས་པའི་ཞགས་མིག་གིས་མགུལ་པ་བཅིངས་ཏེ་དོར་བར་བྱའོ། །དེ་དག་ནི་གཞུག་པ་ལ་ཡང་
เล่ม ๑๖๒ · หน้า 335a
ངོ་ཞེས་བྱ་བ་ནི། ལྕག་པོད་ལ་སོགས་པས་བཅིང་བའི་ཐབས་དེ་དག་ནི་དོར་བ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི། རྫ་མའམ་བུམ་པར་གཞུག་པའི་ཐབས་སྔར་བསྟན་པ་དེ་ལ་ཡང་འདི་ལྟར་བྱ་བ་ཡིན་ནོ། །ཚང་ཚིང་གི་ནང་དུ་དོར་བར་མི་བྱའོ་ཞེས་བྱ་བ་ནི། སྦྲུལ་དེ་ནགས་
དང་རྩྭ་ལ་སོགས་པ་ཚང་ཚིང་གི་ནང་དུ་དོར་བར་མི་བྱ་སྟེ། དེ་ནི་མེ་གཏོང་བའི་ཉེས་པ་སྤང་བའི་ཕྱིར་རོ། །དེ་ལྟ་བས་ན་ས་སྒྲེ་བོ་ལ་ཁུང་ལ་སོགས་པ་ཡོད་པར་དོར་བར་བྱའི་ནགས་ལ་སོགས་པའི་ཐིབས་པོའི་ནང་དུ་དོར་བར་མི་བྱའོ། །ཁུང་དུ་ཞུགས་ཀྱི་བར་དུ་བསྡད་པར་བྱའོ་ཞེས་བྱ་བ་
ནི། ཁྱེར་བའི་མི་དེས་སྦྲུལ་དེ་ཚང་དུ་ཞུགས་ཞུགས་ཀྱི་བར་དུ་བསྡད་པར་བྱའོ། །དེ་ནི་འོལ་བ་ལ་སོགས་པས་ཁྱེར་བའི་ཉེས་པ་སྤང་བའི་ཕྱིར་རོ། །ཤིག་རྣམས་ནི་རས་མར་གཞུག་པར་བྱའོ་ཞེས་བྱ་བ་ནི། ཤིག་རྣམས་ནི་རས་མ་དག་གི་ནང་དུ་གཞུག་པར་བྱའོ། །དེ་ནི་གསེབ་དག་ཏུའོ་
ཞེས་བྱ་བ་ནི། རས་མ་དེ་ནི་ཀ་བ་ལ་སོགས་པའི་གསེབ་དག་ཏུ་གཞུག་པར་བྱའོ། །འདིར་གཞུང་ནི་རས་མའི་ནང་དུ་དཀྲིས་ཏེ་ཀ་བའི་གསེབ་བམ་རྩིག་པའི་གསེབ་དག་ཏུ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྩྭ་ཤིག་རྣམས་ནི་གསིང་མར་རོ་ཞེས་བྱ་བ་ནི། རྩྭ་ཤིག་རྣམས་ནི་རྩྭ་སྔོན་
པོའི་ཕྱོགས་སུ་གཞག་པར་བྱའོ། །ཡང་ན་ཕྱོགས་བསིལ་བར་རོ་ཞེས་བྱ་བ་ནི། དེ་དག་གི་གནས་གང་དུ་འོས་པ་དེར་བཞག་གོ། །སྔ་མ་གཞུག་པའི་ཕྱིར་བསལ་སྣོད་བཅང་བར་བྱའོ་ཞེས་བྱ་བ་ལ། སྔ་མ་ཞེས་བྱ་བ་ནི། ལྟུང་བྱེད་འདི་ལ་ཆུའི་སྲོག་ཆགས་རྣམས་ཀྱི་སྐབས་སྔར་མཛད་པས་སྔ་
མ་ནི་ཆུའི་སྲོག་ཆགས་རྣམས་ཏེ། དེ་དག་ཁྲོན་པ་ལ་སོགས་པ་ཐག་རིང་པོར་ཕྱིར་གཞུག་པའི་ཕྱིར་གང་ཟག་གིས་ཀྱང་བསལ་སྣོད་བཅང་བར་བྱའོ་ཞེས་འདིར་བསལ་སྣོད་ཅེས་བྱ་བ་ནི། བུམ་པ་གང་བཞིན་དུ་གཞུག་ཅིང་སྟོང་པར་དབྱུང་དུ་རུང་བ་གང་ཡིན་པ་དེ་ཡིན་པར་དགོངས་སོ། །དེ་ལྟར་ན་
མགྲིན་པ་དང་ཞབས་གཉི་གར་དཔྱང་ཐག་གཉིས་ཀྱིས་བཏགས་ཤིང་གཞུག་པར་བྱ་བ་ཡིན་ཏེ། ཆུའི་ནང་དུ་ཕྱིན་པ་ན་མགྲིན་པར་བཏགས་པའི་དཔྱང་ཐག་གློད་པར་བྱ་ཞིང་ཞབས་ནས་བཏགས་པའི་དཔྱང་ཐག་དྲང་བར་བྱ་སྟེ། དེས་ན་དེ་ཁས་བུབ་ཏུ་འགྱུར་རོ། །ཐབས་དེ་དག་ཐམས་ཅད་ནི་
เล่ม ๑๖๒ · หน้า 335b
བསལ་སྣོད་ཅེས་བྱ་བའི་ཚིག་ཉིད་ལས་འཐོབ་བོ། །ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱའོ་ཞེས་བྱ་བ་ནི། ཡང་ན་ཆུ་ཚགས་གང་གིས་སྲོག་ཆགས་དེ་དག་བཙགས་པར་གྱུར་པའི་ཆུ་ཚགས་དེ་ཉིད་ཀྱིས་སྲོག་ཆགས་དེ་དག་ཁྲོན་པ་ལ་སོགས་པའི་ནང་དུ་ཕྱིར་གཞུག་པར་བྱ་སྟེ། དེ་
ལ་ཡང་ཁ་དང་ཞབས་གཉི་གར་དཔྱང་ཐག་གཉིས་ཀྱིས་གདགས་པའི་ཚུལ་ནི་སྔ་མ་བཞིན་ནོ། །ཆུ་ཚགས་ལ་སྲོག་ཆགས་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ་ཞེས་བྱ་བ་ནི། ཆུ་ཚགས་ལ་སྲོག་ཆགས་དག་ཆགས་པ་བསལ་ཞིང་མེད་པར་བྱ་བའི་ཐབས་ནི་ཆུས་བཤལ་བ་ཡིན་ནོ། །
དྲི་མ་ནི་བཀྲུ་བའོ་ཞེས་བྱ་བ་ནི། ཆུ་ཚགས་ལ་ཆགས་པའི་དྲི་མ་བསལ་བའི་ཐབས་ནི་ཆུས་བཀྲུ་བའོ། །རུལ་བ་ཉིད་དུ་མི་འགྱུར་བའི་ནི་སྐམ་པའོ་ཞེས་བྱ་བ་ཡང་ཐབས་ཞེས་བྱ་བར་སྦྱར་རོ། །རུལ་པའི་དངོས་པོ་ནི་རུལ་བ་ཉིད་དེ་ཆུ་ཚགས་རུལ་བ་ཉིད་དུ་མི་འགྱུར་བར་བྱ་བའི་ཐབས་ནི་ཉི་མ་
ལ་སོགས་པས་སྐམ་པའོ། །དེ་གཉི་ག་ལ་ཡང་དམ་དུ་བཙིར་ན་ཕན་པ་ཉིད་དོ་ཞེས་བྱ་བ་ནི། ཆུ་ཚགས་ཀྱི་ཆོ་ག་དྲི་མ་བསལ་བ་དང་རུལ་པ་ཉིད་དུ་མི་འགྱུར་བར་བྱ་བ་སྔར་བསྟན་པ་དེ་གཉི་ག་ལ་ཡང་དམ་དུ་བཙིར་ཏེ་ཆུ་གཟགས་ན་ཕན་པ་ཉིད་དོ། །དགེ་འདུན་དང་གང་ཟག་དང་ཆུ་ཚགས་དང་ཆུ་
ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ལ། ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བའི་སྒྲ་ནི། དགེ་འདུན་ལ་སོགས་པ་བཞི་དང་སོ་སོར་སྦྱར་བར་བྱ་སྟེ། དགེ་འདུན་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་
པ་དང་། གང་ཟག་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་པ་དང་། ཆུ་ཚགས་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་པ་དང་། ཆུ་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དགེ་འདུན་ཚད་མ་ཞེས་
བྱ་བ་ནི་དགེ་འདུན་འདི་ལ་སྲོག་ཆགས་དང་བཅས་པའི་ཆུས་ཐ་སྙད་བྱེད་པ་མེད་དོ་ཞེས་བྱའོ། །གང་ཟག་ཚད་མ་ཞེས་བྱ་བ་ནི། གང་ཟག་འདི་སྲོག་ཆགས་དང་བཅས་པའི་ཆུ་མི་སྤྱོད་དོ་ཞེས་བྱ་བའོ། །ཆུ་ཚགས་ཚད་མ་ཞེས་བྱ་བ་ནི། ཆུ་ཚགས་འདིས་བཙགས་པའི་ཆུ་དུས་ཐམས་
เล่ม ๑๖๒ · หน้า 336a
ཅད་དུ་དག་པ་ཡིན་ནོ་ཞེས་བྱའོ། །ཆུ་ཚད་མ་ཞེས་བྱ་བ་ནི། ཁྲོན་པའི་ཆུ་འདི་ལ་ནམ་ཡང་ཆུ་སྲོག་ཆགས་དང་བཅས་པར་མ་གྱུར་ཏོ་ཞེས་བྱ་བའོ། །ཁྱིམ་པ་ཡང་གལ་ཏེ་ལན་འགའ་ཡང་སྲོག་ཆགས་དང་བཅས་པའི་ཆུས་ཐ་སྙད་མི་བྱེད་པ་ཡིན་ན་དེ་ཡང་འདིར་གང་
ཟག་ཚད་མ་ཞེས་བྱ་བ་ཉིད་ཀྱིས་སྡུས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་ཆུ་རུང་བ་ནི་རྣམ་པ་ལྔ་སྟེ། དགེ་འདུན་གྱིས་རུང་བ་དང་། གང་ཟག་གིས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། ཁྲོན་པས་རུང་བ་དང་། གང་ཉིན་ཞག་ཅིག་ཏུ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་
རུང་བ་དང་པོ་བཞི་ནི་མདོ་འདིས་བསྡུས་པ་ཡིན་ཏེ། གོ་རིམས་བཞིན་ནོ། །ལྔ་པ་ཉིན་ཞག་གཅིག་རུང་བའི་བསྡུ་བ་བསྟན་པའི་ཕྱིར། བཅུས་པ་དང་ཁྲོན་པ་དག་ནི་ཉི་མ་འཆར་ཀ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་གོ་ཞེས་བྱ་བ་སྨྲས་ཏེ། ཆུ་བཅུས་པ་དང་ཁྲོན་པ་ནི་ཉི་མ་
འཆར་ཀ་ཚུན་ཆད་བརྟགས་པའི་རྗེས་སུ་འཇུག་པ་ཡིན་ནོ། །འདིར་ཁྲོན་པ་ཞེས་བྱ་བ་ནི་ཆུ་དོང་ཡིན་པར་རིག་པར་བྱའོ། །རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགང་བར་བྱའོ་ཞེས་བྱ་བ་ལ། རྐང་ཁྲུས་སྣོད་ཅེས་བྱ་བ་ནི། དགེ་འདུན་ལ་དགོས་པ་རྐང་པ་ལ་སོགས་པ་བཀྲུ་བའི་རིལ་བ་ལ་
བྱ་སྟེ། རྐང་ཁྲུས་སྣོད་དེ་ཆུས་སྟོང་པ་ཉིད་དུ་མཐོང་ན་དགང་བར་བྱའོ། །ཆུ་དང་གཞན་གྱི་སྣོད་ཀྱང་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི། ཆུའི་སྣོད་དང་མར་དང་འབྲུ་མར་ལ་སོགས་པ་གཞན་གྱི་སྣོད་ཀྱང་དགེ་འདུན་གྱིས་བཅང་བར་བྱ་བའོ། །དགེ་འདུན་གྱི་དེར་གཏོགས་པ་ནི་སྣོད་སྤྱད་འདྲུབ་
པའི་ལས་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆུའི་སྣོད་དང་གཞན་གྱི་སྣོད་དེའི་ཁོངས་སུ་གཏོགས་པ་དེ་དང་འབྲེལ་བའི་སྣོད་སྤྱད་བྲུབ་པ་ནི་གང་ཟག་སྣོད་སྤྱད་འདྲུབ་པར་བསྐོས་པའི་ལས་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་གནས་མལ་གྱི་གཞི་ལས་ཡོན་བདག་དག་གཙུག་ལག་ཁང་དུ་
ལྷགས་ཏེ་དེ་དག་རྫ་མཁན་གྱིས་བྱས་པའི་སྣོད་དག་རྙེད་པ་དང་། བཅོམ་ལྡན་འདས་ཀྱིས་སྐུར་ཅིག་ཅེས་བཀའ་སྩལ་ཏོ། །དེ་དག་སུས་ཀྱང་མ་བསྡུས་པས་དེ་དག་ཆུད་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྣོད་སྤྱད་འདྲུབ་པར་བསྐོ་བར་བྱ་ཞིང་དེས་ཀྱང་འོངས་
เล่ม ๑๖๒ · หน้า 336b
པ་དག་ལ་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྦྱིན་པ་དང་བླང་བ་དག་ཀྱང་མ་འདུས་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྣོད་སྤྱད་འདྲུབ་པའི་ལས་བསྟན་པ་འདིར་སྣོད་སྤྱད་སྦྱིན་པ་དང་བླང་བ་དག་ཀྱང་མ་འདུས་པ་མ་ཡིན་ཏེ། འདུས་པ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ། སྦྱིན་པ་དང་བླང་
བ་ཡང་སྣོད་སྤྱད་འདྲུབ་པས་བྱ་བ་ཡིན་ནོ། །ཁྱིམ་པ་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དག་དགེ་འདུན་ལ་སྣོད་སྤྱད་རྙིང་པ་བརྙན་ན་དགེ་སློང་སྣོད་སྤྱད་འདྲུབ་པས་སྣོད་སྤྱད་རྙིང་པ་དེ་ཡོད་པ་ཉིད་ཡིན་ན་གཡར་པོར་སྦྱིན་པར་བྱའོ། །དེས་གཙུག་ལག་ཁང་
དུ་ཡོན་བདག་རྣམས་ལ་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་ནི། མདོ་སྔ་མར་ཁྱིམ་པ་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ན་སྦྱིན་པར་བྱའོ་ཞེས་བསྟན་པའི་ཚིག་དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་འོངས་ཏེ། སྣོད་སྤྱད་རྙིང་པ་བརྙན་པ་དག་ལ་གཡར་པོར་སྦྱིན་
པར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་ཏེ། དེས་ནི་སྔར་གཞུང་ལས་ཡོན་བདག་དག་གཙུག་ལག་ཁང་དུ་ལྷགས་ཏེ་དེ་དག་རྫ་མཁན་གྱིས་བྱས་པའི་སྣོད་དག་བརྙན་པ་དང་། བཅོམ་ལྡན་འདས་ཀྱིས་སྐུར་ཅིག་ཅེས་བཀའ་སྩལ་ཏོ་ཞེས་གསུངས་པ་དེ་ཉིད་བསྡུས་པ་ཡིན་ནོ། །དགེ་སློང་
ལ་ནི་སར་པ་ཕྱིར་བླང་བ་མེད་པ་ཉིད་དུའོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་ལ་སྣོད་སྤྱད་དག་བརྙན་ཏམ་སློང་ན་དགེ་སློང་སྣོད་སྤྱད་འདྲུབ་པས་སྣོད་སྤྱད་སར་པ་དག་ཡོད་ན་སྣོད་སྤྱད་སར་པ་ཕྱིར་བླང་བ་མེད་པ་ཉིད་དུ་གཏན་སྦྱིན་པར་བྱའོ། །འདིར་གཞུང་ནི་དགེ་སློང་རྣམས་ལ་ནི་སར་པ་དག་
སྦྱིན་པར་བྱའོ། །ཁྱིམ་པ་རྣམས་ལ་ནི་རྙིང་པ་དག་བརྙན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་སྤྱད་ཀྱི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་གཞག་པའི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་སོ་སོར་གཞག་པར་བྱའོ་ཞེས་བྱ་བ་ནི།
ས་ལས་བྱས་པའི་སྣོད་སྤྱད་དང་ཟངས་མ་ལས་བྱས་པ་དག་གལ་ཏེ་མཛོད་ཁང་གཞན་མེད་ན་མཛོད་ཁང་གཅིག་གི་ནང་ན་ཡང་སོ་སོར་གཞག་པར་བྱའོ། །ཡང་ན་གང་དུ་ཟངས་མ་ལས་བྱས་པའི་སྣོད་སྤྱད་གཞག་པའི་མཛོད་གཞན་ཅིག་སྦྱིན་པར་བྱའོ། །དེ་ནི་མ་ངེས་ཏེ་མཛོད་ཁང་མེད་དམ་
เล่ม ๑๖๒ · หน้า 337a
སྣོད་སྤྱད་ཉུང་ན་མི་སྦྱིན་ནོ། །ཆུ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་དོན་དུ་ཆུ་ཉེ་བར་གཞག་པར་བྱའོ། །གནས་གང་དུ་གཞག་པར་བྱ་ཞེ་ན་དེའི་ཕྱིར། གར་བབ་བབ་ཏུ་མི་གཞག་གོ་ཞེས་བྱ་བ་སྨྲས་སོ། །འོ་ན་གར་གཞག་ཅེ་ན་དེའི་ཕྱིར། དེའི་ཆེད་
དུ་ཆུ་ཁང་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆུ་གཞག་པ་དེའི་ཆེད་དུ་ཆུ་ཁང་བྱའོ། །ཕྱོགས་གང་དུ་བྱ་ཞེ་ན་དེའི་ཕྱིར། གཙུག་ལག་ཁང་གི་ནང་གི་ལྷོ་ནུབ་ཀྱི་མཚམས་སུའོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་གི་ནང་གི་ལྷོ་དང་ནུབ་ཀྱི་མཚམས་སུ་བྱ་སྟེ། དེར་རྟག་ཏུ་གྲིབ་མ་འབབ་པའི་ཕྱིར་
རོ། །གཙུག་ལག་ཁང་གི་སྒོ་ཤར་ཕྱོགས་སུ་ལྟ་བ་ལ་ལྟོས་ཏེ་དེ་སྐད་གསུངས་སོ། །གཙུག་ལག་ཁང་གི་སྒོ་ཕྱོགས་གཞན་དུ་ལྟ་བ་ལ་ནི་ཆབ་ཁུང་གི་གྲྭ་མ་གཏོགས་པར་གཙུག་ལག་ཁང་ལ་ལྟོས་ཏེ་ལྷོ་དང་ནུབ་ཀྱི་མཚམས་ཁོ་ནར་ཆུ་ཁང་བྱའོ། །སྐར་ཁུང་གདོད་པ་དང་སོ་ཕག་གི་གཅལ་
དགྲམ་པ་དང་ཆུ་ཁུང་གདོད་པ་དང་སྒོ་གདོད་པ་དང་། སྒོ་གླེགས་དང་ཡང་མིག་གཞུག་པར་བྱའོ་ཞེས་བྱ་བ་ནི། ཆུ་ཁང་དེ་ལ་སྐར་ཁུང་གདོད་པར་བྱ་བ་དང་། ས་གཞིར་སོ་ཕག་གི་གཅལ་དགྲམ་པར་བྱ་བ་དང་། གང་ནས་ཆུ་ཕྱིར་འབབ་པར་འགྱུར་བ་ལོགས་སུ་ཆུ་ཁུང་གདོད་པར་བྱ་བ་
དང་། སྒོ་གདོད་པར་བྱ་བ་དང་། སྒོ་དེར་སྒོ་གླེགས་གཞུག་པར་བྱ་བ་དང་། སྒོ་གླེགས་དེ་ལ་ལག་གཟུངས་ཀྱི་ཡང་མིག་གཞུག་པར་བྱ་བའོ། །ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆུ་ཁང་དེའི་ནང་དུ་གདང་བུ་གདགས་པར་བྱའོ། །འདིར་གཞུང་ནི་དེར་ཆུ་
ཚགས་རུང་བ་དག་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤིང་གི་ཁྲིའུ་དག་ལ་གཞག་གོ་ཞེས་བྱ་བ་ནི། ཆུ་སྣོད་ཤིང་གི་ཁྲིའུ་དག་གི་སྟེང་དུ་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སོ་ཕག་གི་སྟེགས་བུའི་སྟེང་དུའོ་ཞེས་བྱ་བ་ནི། ཡང་ན་ཆུ་སྣོད་སོ་ཕག་གི་སྟེགས་བུ་བྱས་པའི་སྟེང་དུ་
གཞག་གོ། །དེ་ཉི་ཚེའི་སྟེང་དུ་གཞག་ཏུ་ཡང་མི་རུང་སྟེ། དེའི་ཕྱིར་གཞི་དེ་ལའོ་ཞེས་བྱ་བ་སྨྲས་ཏེ། སོ་ཕག་གི་སྟེགས་བུའི་སྟེང་དུ་ཤིང་ལེབ་བམ་ལྕུག་ཀོར་ལ་སོགས་པ་དག་གི་སྟེང་དུ་ཆུ་སྣོད་གཞག་པར་བྱའོ། །ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་ཀྱང་གཙང་སྦྲ་བྱའོ་ཞེས་བྱ་བ་ནི།
เล่ม ๑๖๒ · หน้า 337b
ཆུ་སྣོད་ནི་དྲི་མ་མེད་པར་གཙང་སྦྲ་བྱ་སྟེ། ཐ་ན་ཕྱི་རོལ་ཆེ་ཆུང་དུ་འགྲོ་བའི་ཁྲུས་ཆུའི་ཆེད་ཀྱི་སྣོད་ཡན་ཆད་ཀྱང་དྲི་མ་མེད་པར་གཙང་སྦྲ་བྱའོ། །དེ་ནི་བདག་ཉིད་ཀྱི་འབའ་ཞིག་ཏུ་མ་ཟད་ཀྱི། དགེ་འདུན་གྱི་དང་གཞན་གྱི་ཡང་དྲི་མ་མེད་པར་གཙང་སྦྲ་བྱའོ། །དྲི་མ་མེད་པར་བྱ་བ་བསྟན་ནས་ད་ནི་
གཙང་བར་བྱ་བ་བསྟན་པའི་ཕྱིར། གཙང་བར་རོ་ཞེས་བྱ་བ་སྨྲས་ཏེ། ཆུ་སྣོད་དུ་རུང་བ་དང་ཁྲུས་ཆུའི་ཆེད་ཀྱི་སྣོད་ཡན་ཆད་ཀྱང་གཙང་བར་བྱའོ། །དེ་ལྟར་ཡང་གནས་ཐམས་ཅད་དུ་གཞག་པ་བཀག་པའི་ཕྱིར་དང་སས་བྱི་དོར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བཏུང་བར་བྱ་བའི་ཆུ་
ཡང་ངོ་ཞེས་བྱ་བ་ནི། བཏུང་བར་བྱ་བའི་ཆུ་ཡང་གཙང་སྦྲ་དང་གཙང་བར་བྱའོ། །ཁྲུས་ཆུ་ཡང་དེ་དང་འདྲ་བར་བྱའོ། །དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ་ཞེས་བྱ་བ་ནི། བཏུང་བར་བྱ་བའི་ཆུ་དེ་ལག་པ་དང་གོས་རུང་བ་མ་ཡིན་པ་རེག་པ་དང་འབགས་པ་དག་
གིས་བྲིམ་པར་མི་བྱ་བའོ། །དེ་ལྟར་ཡང་འདིར་གཞུང་ནི་ཆུ་རའི་ཚུལ་གང་ཞེ་ན། ཆུ་ར་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་འདུན་གྱི་དང་གང་ཟག་གི་ཆུ་སྣོད་དང་ཆུའི་ཁ་གབ་རྗེས་སུ་གནང་བ་ཡིན་ཏེ། དེ་དག་དགེ་སློང་གིས་ཤིན་ཏུ་གཙང་སྦྲ་དང་གཙང་བར་སྤྱད་པར་བྱས་
ཤིང་བཅང་བར་བྱ་སྟེ། ལག་པ་རུང་བ་དག་དང་གོས་རུང་བ་དག་གིས་གཟུང་བར་བྱ་བྲིམ་པར་བྱ་ཞིང་བྲམ་ཟེ་དང་ཁྱིམ་བདག་འོངས་སོ་ཅོག་ལ་ཡང་སྦྱིན་པར་བྱའོ། །དགེ་སློང་གིས་ཆུ་ཤིན་ཏུ་ལེགས་པར་བརྟག་པར་བྱས་ཏེ། རྣམ་པར་དངས་པ་རྙོག་པ་མེད་པ་མ་འདྲེས་པ་དག་པ་
གཙང་བ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་སྣོད་རྣམས་ཀྱི་ནང་དུས་དུས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ནི། ཆུ་སྣོད་རྣམས་ཀྱི་ནང་དུས་དུས་སུ་བཀྲུ་བཤལ་བྱ་ཞིང་སྦྱང་བར་བྱའོ། །ཕྱི་རོལ་སྦྱང་བ་ནི་སྔར་གཙང་སྦྲ་བྱའོ་ཞེས་བསྟན་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཟབ་མོ་
རྣམས་ཀྱིས་ནི་པུ་ཤེལ་ཙིའི་ཁྲུ་ད་ཤིང་ངམ་འདབ་མའི་ཆང་བུའམ། རས་མ་ཤིང་བུའི་རྩེ་མོ་ལ་བཏགས་པས་སོ་ཞེས་བྱ་བ་ནི། ཆུ་སྣོད་ཟབ་མོ་རྣམས་ཀྱི་ནང་ལག་པས་ཞབས་མི་སླེབ་པ་དག་ནི་པུ་ཤེལ་ཙིའི་ཁྲུ་ད་བྱ་ཞིང་ཤིང་བུའི་རྩེ་མོ་ལ་བཏགས་པས་སམ། འདབ་མའི་ཆང་བུ་ཞེས་
เล่ม ๑๖๒ · หน้า 338a
བྱ་བ་ལོ་མའམ་འདབ་མའི་ཚོགས་བསྡུས་པ་ཅང་ཅང་པོ་ཁྲུ་ད་ཤིང་བུ་བྱས་པ་ཤིང་བུའི་རྩེ་མོ་ལ་བཏགས་པས་སམ། རས་མ་དྲིལ་བ་ཤིང་བུའི་རྩེ་མོ་ལ་བཏགས་པས་དྲུད་ཅིང་བཀྲུ་བཤལ་བྱའོ། །དེ་ལ་ཟས་ཀྱི་འབྲམ་ཟེར་མི་བསྲུང་བ་ཉིད་དུ་མི་བྱ་བའོ་ཞེས་བྱ་བ་ནི།
པུ་ཤེལ་ཙིའི་ཁྲུ་ད་ཤིང་ལ་སོགས་པ་དེ་དག་ལས་ཟས་ཀྱི་འབྲམ་ཟེར་ཞེས་བྱ་བ་ཟས་ཀྱི་དུམ་གྲུགས་ཀྱིས་གོས་ཤིང་ཟང་ཟིང་ཅན་དུ་འགྱུར་བ་དེ་མི་བསྲུང་བ་ཉིད་དུ་མི་བྱ་སྟེ། བསྲུང་བ་ཉིད་དུ་བྱའོ། །འདི་སྐད་བསྟན་ཏེ། ཟང་ཟིང་མེད་པའི་པུ་ཤེལ་ཙིའི་ཁྲུ་ད་ཤིང་ལ་སོགས་པས་སྦྱར་བར་
བྱའོ། །བསྐམ་པར་བྱའོ་ཞེས་བྱ་བ་ནི། ཆུ་སྣོད་བཀྲུ་བཤལ་བྱས་པ་རྣམས་བསྐམ་པར་ཡང་བྱའོ། །དེའི་ཚེ་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་ཅིག་ཅར་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི། བཀྲུ་བ་དང་སྐམ་པ་དེ་དག་བྱེད་པ་དེའི་ཚེ་སྣོད་སྤྱད་ཀྱིས་བྲེལ་བར་གྱུར་པ་ན་མི་རུང་བས་བྲེལ་བར་
མི་འགྱུར་བའི་ཕྱིར་ཅིག་ཅར་དུས་གཅིག་ཉིད་དུ་མི་བྱ་བར་མཐར་གྱིས་བཀྲུ་བ་དང་བསྐམ་པར་བྱ་སྟེ། སྣོད་ཐམས་ཅད་དུས་གཅིག་ཏུ་བཀྲུ་བ་དང་། བསྐམ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་དང་འབྲེལ་བའི་ལས་ནི་གནས་པས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། ཆུ་དང་འབྲེལ་པའི་
ལས་ཇི་སྐད་སྔར་བསྟན་པ་དེ་དག་དང་གཞན་དག་ཀྱང་གནས་པ་སློབ་མ་དང་ཉེ་གནས་དག་གིས་བྱ་བ་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ཆུ་བླང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་སུས་བླང་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། གནས་པ་དག་གིས་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་གང་གི་འཁོར་དུ་གཏོགས་པ་དང་ཆུ་ཚགས་ལ་སོགས་པའི་ནི་ཆུ་དང་འབྲེལ་པའི་ལས་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་རྫོགས་སོ།། །།
སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་
เล่ม ๑๖๒ · หน้า 338b
དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། ཞུགས་པའམ་ཕྱོགས་པ་ལའོ་ཞེས་སྨྲས་ཏེ། ཞུགས་པ་ཞེས་བྱ་བ་ནི། འཁྲིག་པ་སྤྱོད་པ་ལ་ཞུགས་པའོ། །ཕྱོགས་པ་ཞེས་བྱ་བ་ནི་འཁྲིག་པའི་ཕྱིར་རྩོམ་པ་ཉིད་དོ། །དེ་
གཉིས་ལ་དེ་ལྟར་ཤེས་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཇི་ཞིག་ལ་ཞུགས་པའམ་ཕྱོགས་པ་ལ་ཞེ་ན་དེའི་ཕྱིར། འཁྲིག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གཉིས་ཀྱིས་གཉིས་སྤྲོད་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་འཁྲིག་པ་ལ་ཞེ་ན་དེའི་
ཕྱིར། སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་པ་དང་བུད་མེད་ཀྱི་འཁྲིག་པ་ལའོ། །སྐྱེས་པ་དང་བུད་མེད་ཇི་ལྟར་གྱུར་པ་ཞིག་གིས་ཤེ་ན། དེའི་ཕྱིར། ཁྱིམ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེས་པ་དང་བུད་མེད་དེ་གཉིས་ཁྱིམ་པ་ཉིད་ཡིན་ནའོ། །གལ་ཏེ་
སྤྱིར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ལ་སོགས་པ་ཁྱིམ་པ་མ་ཡིན་ན་དེའི་ཚེ་ཉེས་བྱས་སོ། །ཇི་དེ་གཉིས་གནས་གང་ན་འདུག་ཀྱང་རུང་ངམ་ཞེ་ན། དེའི་ཕྱིར། གནས་གཞན་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། གནས་དེ་གལ་ཏེ་དགེ་སློང་དེ་ཉིད་ཀྱི་མ་ཡིན་ན་སྟེ་གནས་དེ་སྐྱེས་པ་དང་
བུད་མེད་དེ་གཉིས་ཀྱི་གཉི་གའི་འམ། གང་ཡང་རུང་བའི་གནས་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །ཉེས་པ་འདི་ནི་དེ་གཉིས་ལ་གནོད་པར་གྱུར་པ་ལས་བཞག་པ་ཡིན་གྱི། དགེ་སློང་གི་རང་གི་གནས་ཉིད་དུ་ནི་ཉེས་པ་འདིར་མི་འགྱུར་རོ། །གལ་ཏེ་ཁྱིམ་པའི་གནས་དེ་ཁྱིམ་བདག་
གིས་དགེ་སློང་ལ་གཡར་པོར་བྱིན་ཞིང་དེ་ན་དགེ་སློང་འདུག་པ་ཡིན་ན་ནི་དེའི་ཚེ་ལྟུང་བ་མེད་དོ། །གལ་ཏེ་གནས་དེ་དགེ་སློང་གི་ཡིན་ལ། དགེ་སློང་གིས་ཁྱིམ་པ་ལ་གཡར་པོར་བྱིན་ཞིང་དགེ་སློང་དེར་འདུག་ན་ནི་དེའི་ཚེ་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་དགོན་པ་ལ་ཡང་
གལ་ཏེ་དགེ་སློང་སྔ་མ་གནས་པ་ཡིན་ན་ནི་དེ་ལ་ལྟུང་བ་མེད་དོ། །ཁྱིམ་པ་སྔ་ན་གནས་པའི་དྲུང་དུ་དགེ་སློང་ཕྱིས་འོངས་ཏེ་འདུག་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །མུ་སྟེགས་ཅན་དང་རབ་ཏུ་བྱུང་བ་འདི་གཉིས་གཙུག་ལག་ཁང་གཅིག་ན་གནས་པ་གང་ཡིན་པ་དེ་ཡང་གནས་
เล่ม ๑๖๒ · หน้า 339a
གཞན་ཉིད་ཡིན་པར་རིག་པར་བྱའོ། །ཇི་གནས་གཞན་ཙམ་འབའ་ཞིག་ལ་འདི་རྣམ་པར་གཞག་གམ་ཞེ་ན་དེའི་ཕྱིར། གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། གནས་གཞན་དེ་ན་སྐྱེས་པ་དང་བུད་མེད་དེ་གཉིས་ཀྱི་དྲུང་ན་མི་གཞན་
མེད་པ་ཉིད་ཀྱིས་འཁྲིག་པ་སྤྱད་པ་སྤྲད་དུ་རུང་བ་ཉིད་ཡིན་ན་དེའི་ཚེ་དགེ་སློང་དེར་འདུག་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་དེ་ན་དགེ་སློང་དེ་མ་གཏོགས་པར་མི་གཞན་མེད་པ་ཉིད་ཀྱིས་སྐྱེས་པ་དང་བུད་མེད་དེ་གཉིས་འཁྲིག་པ་སྤྱད་དུ་རུང་བ་ཉིད་ཡིན་ལ་
དེའི་ཚེ་དགེ་སློང་དེར་འདུག་ན་ཁ་ན་ཐོ་བ་འདིར་འགྱུར་གྱི། མི་གཞན་ཡོད་ན་ནི་ལྟུང་བ་མེད་དོ། །ཇི་ཞིག་རྗེས་སུ་སྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། མངོན་སུམ་དུ་བརྣག་པས་འདུག་ནའོ་ཞེས་བྱ་བ་སྨྲས་ཏེ། མ་བསྒྲིབས་པར་མངོན་སུམ་དུ་བརྣག་པས་འདུག་ནའོ། །མངོན་
སུམ་དུ་བརྣག་པས་ཞེས་བྱ་བ་འདི་ནི་སོ་སོར་ཐར་པའི་མདོ་ལས་ནན་གྱིས་ཐེན་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་
འགྲེང་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཤེས་གཙོ་བོ་ཞེས་བྱ་བ་དང་ཞུགས་པའམ་ཕྱོགས་པ་ལའོ་ཞེས་བྱ་བ་དང་། འཁྲིག་པ་ལའོ་ཞེས་བྱ་བ་དང་། སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་བྱ་བ་དང་། ཁྱིམ་པ་ཉིད་དོ་ཞེས་བྱ་བ་དང་། གནས་གཞན་ཉིད་ནའོ་ཞེས་བྱ་བ་དང་།
གཞན་མེད་པ་ཉིད་ཀྱིས་སྤྱད་དུ་རུང་བ་ཉིད་ཡིན་ནའོ་ཞེས་བསླབ་པའི་གཞི་སྔ་མར་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་ཁས་བླངས་ནས་བྱེ་བྲག་འགའ་ཞིག་བརྗོད་པར་བྱ་སྟེ། ཇི་ཞིག་རྗེས་སུ་བསྒྲུབ་ན་འདིར་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། དབེན་པར་བརྣག་པར་འགྲེང་ནའོ་
ཞེས་བྱ་བ་སྨྲས་ཏེ། དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །བསླབ་པའི་གཞི་སྔ་མ་དང་འདི་གཉིས་ལ་བྱེ་བྲག་ནི་འདི་ཡོད་དེ་སྔ་མ་ལ་ནི་མངོན་སུམ་དུ་བརྣག་པས་འདུག་ནའོ། །འདི་ལ་ནི་དབེན་པར་བརྣག་པས་འགྲེང་ནའོ། །དེས་ན་
เล่ม ๑๖๒ · หน้า 339b
སྔ་མ་ལ་ནི་དབེན་པ་བརྣག་པས་འདུག་ན་ཉེས་བྱས་སུ་འགྱུར་ལ། འདི་ལ་ནི་མངོན་སུམ་དུ་བརྣག་པས་འགྲེང་ན་ཉེས་བྱས་སུ་འགྱུར་རོ། །དེའི་ཕྱིར་འདིར་དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་བསྡུས་སོ། །སྔ་མ་དང་འདི་གཉི་ག་ལ་འགྲོ་བ་དང་ཉལ་བ་གཉིས་ལ་ནི་ཉེས་པ་ཁོ་ནར་འགྱུར་
རོ། །ཅི་གནས་ཐམས་ཅད་ན་འགྲེང་བའི་དགེ་སློང་ལའམ་ཞེ་ན་དེའི་ཕྱིར། སྐྱབས་ཡོད་པར་རོ་ཞེས་བྱ་བ་སྨྲས་ཏེ། རྩིག་པའམ་སབ་མོའམ་ཡོལ་བའམ་མུན་ནག་ལ་སོགས་པའི་སྒྲིབ་པ་གང་ཡིན་པ་དེས་བསྒྲིབས་པའི་གནས་སྐྱབས་ཡོད་པར་འགྲེང་བའི་དགེ་སློང་ལའོ། །ཅི་དགོས་
པ་གང་ཡང་རུང་བས་བགྲེང་ནའམ་ཞེ་ན་དེའི་ཕྱིར། གལ་ཏེ་འཇིགས་པའི་དབང་གིས་མ་ཡིན་ནའོ་ཞེས་བྱ་བ་སྨྲས་སྟེ། གལ་ཏེ་གླང་པོ་ཆེ་ལ་སོགས་པ་འཇིགས་པའི་དབང་གིས་དེར་འགྲེང་བར་གྱུར་ན་དེའི་ཚེ་ཉེས་པ་མེད་དོ། །འདིར་གཞུང་ནི་གལ་ཏེ་འཇིགས་པར་གྱུར་ན་ལྟུང་བ་
མེད་དོ་ཞེས་གསུངས་པ་ཡིན་ནོ། །མངོན་སུམ་དུ་བརྣག་པས་འདུག་པ་ལ་ཡང་འཇིགས་པའི་དབང་གིས་ན་ལྟུང་བ་མེད་པར་སྦྱར་རོ། །ཅི་གནས་དེར་འགྲེང་བ་ཐམས་ཅད་དངོས་གཞིའི་བྱེད་པ་པོ་ཡིན་ནམ་ཞེ་ན་དེའི་ཕྱིར། ཚོར་བྱ་དག་དང་ཚོར་བྱེད་ཉིད་ཀྱིས་མ་ཚོར་ན་ཉེས་བྱས་ཀྱིའོ་ཞེས་བྱ་
བ་སྨྲས་ཏེ། ཚོར་བྱ་དག་ཅེས་བྱ་བའི་སྒྲས་ནི་སྤྲོད་པར་བྱེད་པ་གཉིས་བརྗོད་དོ། །ཚོར་བྱེད་ཅེས་བྱ་བའི་སྒྲས་ནི་ལྟུང་བ་འབྱིན་པ་བརྗོད་དོ། །དེ་ལྟར་ན་ཚོར་བྱ་གཉིས་དང་ཚོར་བྱེད་གཅིག་ནི་ཚོར་བྱ་དག་དང་ཚོར་བྱེད་དེ་དེ་དག་གི་དངོས་པོ་ནི་དེ་ཉིད་དོ། །དེ་ཉིད་ཀྱིས་མ་ཚོར་ན་ཞེས་བྱ་བ་
ནི། ཚོར་བྱ་དག་དང་ཚོར་བྱེད་ཉིད་ཀྱིས་མ་ཚོར་ན་སྟེ། གལ་ཏེ་རྩིག་པ་ལ་སོགས་པའི་སྐྱབས་དེ་དག་ཡོད་པས་དེ་ན་ཚོར་བྱ་དག་དང་ཚོར་བྱེད་ཉིད་ཀྱིས་སྒྲ་གྲགས་པ་ཙམ་ཡང་མ་ཚོར་ན་དེའི་ཚེ་དེ་ན་འགྲེང་བ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཕྱོགས་
དེ་ན་འགྲེང་བའི་ལྟུང་བ་འབྱིན་པར་བྱེད་པས་ཀྱང་སྤྲོད་པར་བྱེད་པ་གཉིས་མ་ཚོར་ལ་སྤྲོད་པར་བྱེད་པ་གཉིས་ཀྱིས་ཀྱང་ཕྱོགས་དེ་ན་འགྲེང་བའི་ལྟུང་བ་འབྱིན་པར་བྱེད་པ་མ་ཚོར་ན་དེའི་ཚེ་ཕྱོགས་དེ་ན་འགྲེང་བ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །གནས་གཞན་ལ་སེམས་གཏོད་པ་ཡང་
เล่ม ๑๖๒ · หน้า 340a
ངོ་ཞེས་བྱ་བ་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། མངོན་སུམ་དུ་བརྣག་པས་འདུག་པ་དང་དབེན་པར་བརྣག་པས་འགྲེང་བའི་དགེ་སློང་གི་ལྟ་བ་དང་ཉན་པ་སྤྲོད་པར་བྱེད་པ་གཉིས་ཀྱི་གནས་ལས་གཞན་པའི་གནས་ལ་སེམས་གཏོད་པ་ཡང་
ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །འདི་མན་ཆད་ནི་ལྟུང་བྱེད་གཉི་གའི་ལྷག་པར་གྱུར་པའི་གཞུང་བརྗོད་པར་བྱ་སྟེ། འོ་ན་བསླབ་པའི་གཞི་འདི་གཉིས་ལ་ཇི་ཙམ་གྱིས་ན་གནས་གཅིག་པ་ཉིད་ཡིན་ཞེ་ན། དེའི་ཕྱིར། འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་
ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཅེས་བྱ་བ་མིག་གི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་མཐའ་ཡིན་ཏེ། དེ་ཚུན་ཆད་གནས་གཅིག་ཏུ་གཏོགས་སོ། །མཛོད་ནི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི།
མཛོད་དེ་ནི་ཁྱམས་ཀྱི་བདག་ཉིད་ཀྱི་ཁང་ཁྱིམ་དང་ལྷན་ཅིག་པའི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། གནས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་གཞན་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། ཉལ་པོ་བྱེད་པའི་ཁྱིམ་དེ་ལས་གཞན་པའི་ཁྱིམ་ནི་ཁྱིམ་གཞན་ཞེས་བྱ་སྟེ།
ཁྱིམ་གཞན་དེའི་སྒོའི་བྱང་སྟོད་ཁྱམས་ལ་སོགས་པས་ཆོད་པ་ན་འདུག་པའི་དགེ་སློང་གིས་ཉལ་པོ་བྱེད་པའི་ཁྱིམ་ན་འཁྲིག་པར་བྱེད་པ་གཉིས་ཞུགས་པའམ་ཕྱོགས་པ་མཐོང་བ་ནི་གལ་ཏེ་བཟའ་ཐ་དད་པ་ཉིད་ཡིན་ན་ནི་གནས་ཀྱང་ཐ་དད་པ་ཉིད་ཡིན་ནོ། །གལ་ཏེ་བཟའ་གཅིག་པ་
ཉིད་ཡིན་ན་ནི་གནས་ཀྱང་གཅིག་པ་ཉིད་ཡིན་ནོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཕོ་ཡང་རུང་མོ་ཡང་རུང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འོག་ནས་རྟགས་འདི་
དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་འབྱུང་བ་དང་སྦྱར་རོ། །སྤྱིར་བཏང་བ་བྱས་ནས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་ནད་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་
เล่ม ๑๖๒ · หน้า 340b
བུ་ཉེ་དུའམ་རབ་ཏུ་འབྱུང་བ་ལ་ལྟོས་པའམ་ནད་པ་ནི་མ་གཏོགས་སོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་གཅེར་བུ་ལ་རང་གི་སུག་པ་ནས་བཟའ་བ་དང་བཅའ་བ་སྩལ་བ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་ཉེ་དུ་ལ་སྦྱིན་པ་དང་རབ་ཏུ་འབྱུང་བ་ལ་
ལྟོས་པ་དང་ནད་པ་ལ་སྦྱིན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན་དེའི་ཕྱིར། རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་བྱ་བ་སྨྲས་ཏེ། གང་ལ་རྟགས་འདི་མེད་པ་དེ་ནི་རྟགས་འདི་མེད་པའོ། །དེ་བཞིན་དུ་གང་ལ་རབ་ཏུ་འབྱུང་
བ་འདི་མེད་པ་དེ་ནི་རབ་ཏུ་བྱུང་བ་འདི་མེད་པ་སྟེ་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བའོ། །མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་ལ་བྱིན་ནའོ། །དེ་ལ་གང་དུ་བྱིན་ན་ཞེ་ན་དེའི་ཕྱིར། ལུས་སམ་ལུས་དང་འབྲེལ་བར་རོ་ཞེས་བྱ་བ་སྨྲས་ཏེ། གཅེར་བུ་དེའི་ལུས་ལག་པ་ལ་སོགས་པར་རམ་ལུས་
དང་འབྲེལ་པར་ལྷུང་བཟེད་ལ་སོགས་པར་རོ། །དངོས་པོ་ཇི་ཞིག་བྱིན་ན་ཞེ་ན་དེའི་ཕྱིར། བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་གོ་ཞེས་བྱ་བ་སྨྲས་སོ། །ཅི་རྣམ་པ་གང་ཡང་རུང་བ་ཞིག་གམ་ཞེ་ན། དེའི་ཕྱིར། རུང་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། སུ་ལ་རུང་བ་ཞེ་ན་དེའི་ཕྱིར། རང་
དང་དེ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་རང་ལའོ། །དེ་ལ་ཞེས་བྱ་བ་ནི། སྦྱིན་པར་བྱ་བ་གཅེར་བུ་དེ་ལའོ། །འདིར་གཞུང་ནི། ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་གཅེར་བུ་པའམ་གཅེར་བུ་མ་ལ་བཅའ་བར་བགྱི་བ་དང་། བཟའ་བར་བགྱི་
བ་རུང་བ་མ་ལགས་པ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གལ་ཏེ་དེ་ལ་རུང་བ་མ་ལགས་པ་དེ་འདྲ་བའི་བཅའ་བར་བགྱི་བ་དང་། བཟའ་བར་བགྱི་བ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཅི་དོན་གང་ཡང་རུང་བའི་ཕྱིར་བྱིན་ནའམ་ཞེ་ན་དེའི་
ཕྱིར། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་ཀྱི་ཕྱིར་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དོན་དེའི་ཕྱིར་སྦྱིན་པ་ནི་མ་གཏོགས་སོ། །འདིར་གཞུང་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བར་འདོད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཇི་ཞིག་རྗེས་སུ་
เล่ม ๑๖๒ · หน้า 341a
སྒྲུབ་ན་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རང་གིས་སྦྱིན་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རང་གིས་སྦྱིན་པར་བྱེད་ནའོ། །མི་རུང་བ་ཉིད་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། རང་དང་དེ་ལ་མི་རུང་བའི་བཅའ་བ་དང་བཟའ་བ་དག་རང་གིས་སྦྱིན་
པར་བྱེད་ན་ནི་ཉེས་བྱས་སོ། །སྦྱིན་དུ་འཇུག་ན་ཡང་ངོ་ཞེས་བྱ་བ་ནི། བཅའ་བར་བྱ་བ་དང་བཟའ་བར་བྱ་བའམ་གོས་ལ་སོགས་པ་སྦྱིན་པར་བྱ་བ་དག་རང་གིས་དེ་ལ་གཞན་སྦྱིན་དུ་འཇུག་ན་ཡང་ཉེས་བྱས་སོ། །འོ་ན་སྦྱིན་དུ་འཇུག་པ་དེ་ལ་ལྟུང་བ་མེད་དོ་ཞེས་མ་གསུངས་སམ་ཞེ་
ན་བདེན་མོད་ཀྱི། དེ་ནི་དུམ་བུར་བྱས་ནས་སྦྱིན་པར་བྱེད་དམ། གཞན་སྦྱིན་དུ་འཇུད་པ་ཡིན་གྱི། འདིར་ནི་རང་གིས་ཞལ་ཏ་བྱས་ཏེ་སྦྱིན་དུ་འཇུད་ན་ཉེས་བྱས་སུ་གསུངས་པ་ཡིན་ཏེ། དེ་བས་ན་བྱེ་བྲག་བསྟན་པའི་ཕྱིར། རང་གིས་ཞལ་ཏ་བྱས་པ་ནའོ་ཞེས་བྱ་བ་སྨྲས་ཏེ། རང་
གིས་དེའི་ལུས་སམ་དེ་དང་འབྲེལ་བར་སྦྱིན་དུ་བཅུག་ན་ཉེས་བྱས་སོ། །བགོ་བཤའ་བྱེད་ན་ཡང་ངོ་ཞེས་བྱ་བ་ནི། ལུས་སམ་དེ་དང་འབྲེལ་བ་ལས་གཞན་པའི་ཕྱོགས་སུ་བཅའ་བ་དང་བཟའ་བ་དག་བགོ་བཤའ་བྱ་བའི་ཚུལ་གྱིས་འཇོག་ན་ཡང་ཉེས་བྱས་སོ། །ཞན་པའི་བློས་
གདོལ་པ་བཞིན་དུ་གཞན་དུ་འཇོག་ན་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་གཞུང་གཅིག་ཏུ་བགོ་བཤའ་བྱས་ཏེ་ཟ་ན་ཉེས་བྱས་སོ། །དེ་ཉིད་དང་ལྷན་ཅིག་བགོ་བཤའ་བྱེད་ན་ཉེས་བྱས་ཕྲ་མོའོ། །གལ་ཏེ་ན་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གཅེར་བུ་
ལ་སྦྱིན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དམག་ལ་ལྟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས་ཅི་ཞིག་བྱས་ན་དམག་ལ་ལྟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གཡུལ་ལ་མངོན་པར་དགའ་བའི་དམག་ལ་བལྟ་བའི་དོན་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། གཡུལ་
ལ་མངོན་པར་དགའ་བའི་དམག་ཅེས་བྱ་བ་ནི། གཡུལ་སྤྲད་པའི་ཕྱིར་ཆས་པའི་དམག་ལའོ། །བལྟ་བའི་དོན་ཉིད་ཀྱིས་ཞེས་བྱ་བ་ནི། བལྟ་བའི་དགོས་པ་ཉིད་ཀྱིས་ཞུགས་པའི་དགེ་སློང་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་བསོད་སྙོམས་ལ་སོགས་པའི་དོན་
เล่ม ๑๖๒ · หน้า 341b
དུ་བྱུང་བས་དམག་ལ་ལྟ་བ་བྱེད་ན་ཡང་ལྟུང་བྱེད་དོ། །ཅི་དམག་ལ་བལྟའོ་ཅོག་ལས་ཤེ་ན་དེའི་ཕྱིར། རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། ཞང་བློན་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མིས་བཀུག་པ་དང་། བར་ཆད་བྱུང་བའི་
དབང་ཉིད་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། ཞང་བློན་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་དག་གི་བཀུག་ཚིག་གིས་བཀུག་པ་ནི་མ་གཏོགས་སོ། །ཚུལ་ཁྲིམས་སམ་སྲོག་གི་བར་ཆད་ལ་སོགས་
པ་གང་ཡང་རུང་བ་འགའ་ཞིག་ཉེ་བར་གྱུར་པའི་དབང་གིས་དེར་མི་འགྲོར་མི་རུང་ཞིང་དམག་མཐོང་བ་ཡང་མ་གཏོགས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་རྒྱལ་པོ་ལ་སོགས་པས་ཁྱོད་འདིར་ཤོག་ཤིག་ཅེས་སྤྲིང་བའམ་ཡང་ན་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་ཉེ་བར་གྱུར་
པའི་དབང་གིས་དགེ་སློང་དམག་ལ་ལྟ་བར་བྱེད་ན་དེའི་ཚེ་ལྟུང་བ་མེད་དོ། །དགེ་སློང་ཅི་ཞིག་རྗེས་སུ་བསྒྲུབ་པ་ལ་ལྟུང་བྱེད་འདིར་འགྱུར་ཞེ་ན། དེའི་ཕྱིར། འཕགས་པའི་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་ནའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་ནས་འཕགས་པའི་གནས་དེའི་ཉེན་
ཀོར་གང་ཡིན་པ་དེའི་མཐའ་དེ་ལས་འདས་ཏེ། མཐོང་ན་མཐོང་བའི་དགེ་སློང་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཆོས་གོས་ཀྱི་ཉེན་ཀོར་སྔར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་ཡང་ཉེན་ཀོར་ཡིན་པར་རིག་པར་བྱའོ། །དགེ་སློང་གླང་པོ་ཆེའི་ཚོགས་ལྟ་བའི་ཕྱིར་འགྲོ་ན་ཇི་སྲིད་
དུ་མིག་གིས་མ་མཐོང་གི་བར་དུ་ཉེས་བྱས་སོ། །མིག་གིས་མཐོང་བར་གྱུར་ན་ནི་ལྟུང་བྱེད་དོ། །འདིར་ནི་མཐོང་བ་ཙམ་ལ་དངོས་གཞིར་གསུངས་སོ། །ཉེན་ཀོར་གྱི་མཐའ་ལས་མ་འདས་པར་དགེ་སློང་གིས་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱས་སུ་གསུངས་སོ། །དམག་
ལ་ལྟ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་སུམ་ཅུ་གཅིག་པ། ཇི་ཞིག་རྗེས་སུ་སྒྲུབ་ན་དམག་གི་ནང་ན་གནས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་དག་མེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ་ཞེས་བྱ་བ་སྨྲས་ཏེ། རྒྱལ་
เล่ม ๑๖๒ · หน้า 342a
པོ་ལ་སོགས་པས་བཀུག་པ་དང་འཇིགས་པའི་དབང་དེ་དག་མེད་པར་གཡུལ་ལ་མངོན་པར་དགའ་བའི་དམག་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདུལ་བ་ལས་ཉིན་མཚན་གྱི་མཐའི་སྐད་ཅིག་ལ་ཐ་སྙད་དུ་བྱ་བར་སྣང་བས་
དེའི་ཕྱིར་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བ་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་ལ། དེའི་མདུན་རོལ་དུ་ནི་སྦྱོར་བའི་ཁ་ན་མ་ཐོ་བར་འགྱུར་རོ། །དེ་ཕྱིན་ཆད་ནི་ཉི་མ་རེ་རེ་ཞིང་དངོས་གཞིའི་ཁ་ན་མ་ཐོ་བ་རེ་རེར་འགྱུར་ལ། མདུན་
རོལ་དུ་ནི་སྦྱོར་བའི་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །དགོས་པ་མེད་ན་སྔ་མ་ལ་ཡང་ངོ་ཞེས་བྱ་བ་ནི། རིགས་པའི་ཚུལ་གྱིས་དགོས་པ་མེད་ན་ཉིན་ཞག་གསུམ་པར་འདུག་པའི་སྔ་མ་ཉིན་ཞག་གཉིས་སུ་གནས་པའི་མཐའི་སྐད་ཅིག་ལ་ཡང་ཉི་མ་རེ་རེ་ཞིང་དངོས་གཞིའི་ཁ་ན་མ་ཐོ་བ་རེ་
རེར་འགྱུར་ལ་མདུན་རོལ་དུ་ནི་སྦྱོར་བའི་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །དགོས་པ་མེད་པར་འདུག་པ་ལ་ནི་ཉེས་བྱས་ཁོ་ནར་འགྱུར་བ་ནི་མཐོང་བ་ལ་བཀག་པ་ལས་མངོན་ནོ། །དེ་བས་ན་དགེ་བའི་རང་བཞིན་དུ་གྲགས་པའི་དགོས་པ་མེད་པར་དམག་གི་ནང་དུ་འགྲོ་བ་ཉམས་སུ་མྱོང་བར་མི་
བྱའོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དོ་ཞེས་བྱ་བ་བཤད་ཟིན་ཏོ།། །།དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་སྨྲ་བར་འདོད་ནས། དཔུང་གི་ཡན་ལག་རྣམས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གཡུལ་ལ་མངོན་པར་དགའ་བའི་དམག་གི་དཔུང་གི་ཡན་
ལག་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །ཅི་དགེ་སློང་ཐམས་ཅད་ལ་དེ་དག་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར། བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལ་ཁ་ན་མ་ཐོ་བ་
འདིར་འགྱུར་རོ། །བར་ཆད་ཡོད་ན་ནི་ལྟུང་བ་མེད་དེ་བར་ཆད་བརྒྱད་པོ་དག་ལས་བར་ཆད་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔེ་ཙམ་དུ་ཟད་ཀྱི། གནོད་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་འགྲོ་བ་ཐམས་ཅད་ལ་ཡང་ཉེས་པ་མེད་
เล่ม ๑๖๒ · หน้า 342b
དོ། །བསྡུས་པ་དང་སོ་སོ་དག་གོ་ཞེས་བྱ་བ་ནི། དཔུང་གི་ཡན་ལག་བསྡུས་པའམ་སོ་སོ་བ་དག་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྡུས་པ་ཞེས་བྱ་བས་ནི། རྒྱལ་མཚན་གྱི་མཆོག་གམ་དཔུང་གི་མཆོག་ཅེས་བྱ་བ་བསྡུས་པ་ཡིན་ཏེ། འདིར་དཔུང་གི་མཆོག་ཅེས་བྱ་
བ་ནི། དཔུང་གི་ཚོགས་ཡན་ལག་བཞི་པ་ཡིན་པར་རིག་པར་བྱའོ། །སོ་སོ་ཞེས་བྱ་བས་ནི། གཡུལ་བཀོད་ཅིང་བཤམས་པའི་དམག་ལ་ལྟ་ན་ཞེས་བྱ་བ་ནི་བསྡུས་པ་ཡིན་ཏེ། བཤམས་པ་དང་བཀོད་པ་ཞེས་བྱ་བའི་སྒྲ་ནི་རྣམ་གྲངས་ཀྱི་ཚིག་ཡིན་པས་དོན་གཅིག་པར་རིག་པར་
བྱ་སྟེ། འདི་ལྟར་གཡུལ་བཀོད་པ་ཉམས་སུ་མྱོང་བར་བྱས་ན་ཞེས་བསྟན་པ་དེའི་རྣམ་པར་བཤད་པ་བཤམས་པ་ལ་ལྟ་བ་ཉམས་སུ་མྱོང་བར་བྱས་ན་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །གཡུལ་བཀོད་པ་ཞེས་བྱ་བ་ནི་བཀོད་པ་རྣམ་པ་བཞི་སྟེ། འབྲུའི་ཁ་ལྟ་བུ་དང་ཤིང་རྟའི་དབྱིབས་ལྟ་
བུ་དང་ཟླ་གམ་གྱི་རྣམ་པ་ལྟ་བུ་དང་། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །བཤམས་པ་ཡང་རྣམ་པ་བཞི་སྟེ། འབྲུའི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། ཟླ་གམ་གྱི་རྣམ་པ་ལྟ་བུ་དང་། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །དེ་ལ་འབྲུའི་ཁ་ལྟ་བུ་ཞེས་བྱ་བ་ནི།
མདུན་དུ་ཡང་རུ་དངར་རྒྱབ་ཏུ་ཡང་རུ་དངར་ལ་དབུས་ན་རྒྱལ་པོ་འདུག་པའོ། །ཤིང་རྟའི་དབྱིབས་ལྟ་བུ་ཞེས་བྱ་བ་ནི། མདུན་དུ་ཡང་རུ་དངར་བ་དང་། གློར་ཡང་རུ་དངར་ལ་རྒྱབ་ན་རྒྱལ་པོ་འདུག་པའོ། །ཟླ་གམ་གྱི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི། མདུན་དུ་ཡང་རུ་དངར་རྒྱབ་ཏུ་ཡང་རུ་དངར་
ལ་དབུས་ན་རྒྱལ་པོ་འདུག་པའོ། །ནམ་མཁའ་ལྡིང་གི་འདབ་མ་ལྟ་བུ་ཞེས་བྱ་བ་ནི། གློར་རུ་དངར་ལ་མདུན་ན་རྒྱལ་པོ་འདུག་པའོ། །དཔུང་གི་ཡན་ལག་ཇི་ལྟ་བུ་དག་ཁ་ན་མ་ཐོ་བའི་རྣམ་པ་ཇི་ལྟ་བུའི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར། སྟ་གོན་བྱས་པ་རྣམས་ཀྱི་དངོས་ལ་དངོས་
གཞིའོ་ཞེས་བྱ་བ་སྨྲས་ཏེ། སྟ་གོན་བྱས་པ་ཞེས་བྱ་བ་ནི། གླང་པོ་ཆེ་ལ་སོགས་པ་གོ་བསྐོན་པ་དང་། ཤིང་རྟ་བཤམས་པ་དང་རྒྱལ་མཚན་བསྒྲེང་བ་དང་གཞུ་བདུངས་པ་དང་མདའ་མདེའུ་ཅན་བསྟར་བ་དང་རལ་གྲི་ཕྱུང་བ་ཉིད་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དེ་རྣམས་ཀྱི་
เล่ม ๑๖๒ · หน้า 343a
དངོས་ལ་ཞེས་བྱ་བ་ནི། དེ་རྣམས་ལ་རེག་པ་དང་བཤམས་པ་དཀྲུགས་པ་ལ་སོགས་པ་དངོས་གཞིའི་རྒྱུར་གྱུར་པའི་དངོས་པོ་ལའོ། །དངོས་གཞིའོ་ཞེས་བྱ་བ་ནི། དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །སྦྱོར་བ་དེ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི།
སྦྱོར་བ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །གླང་པོ་ཆེ་ལ་སོགས་པ་སྟ་གོན་མ་བྱས་པ་དེ་ལ་ནི་དངོས་དང་སྦྱོར་བ་གཉི་ག་ལ་ཡང་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཉིད་ཡིན་ནོ། །སྟ་གོན་བྱས་པ་རྣམས་ཀྱི་དངོས་ལ་དངོས་གཞིའོ་ཞེས་བསྟན་པའི་དངོས་ལ་ཞེས་བྱ་བ་དེ་ཇི་ཞིག་ཡིན་པར་རིག་པར་བྱ་ཞེ་ན།
དེའི་ཕྱིར་རེག་པ་དང་། བཤམས་པ་དཀྲུགས་པ་དང་། ལྟ་བའི་ཕྱིར་འཕགས་ཤིང་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་བ་དེ་ལྟ་བུ་ནི་དངོས་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གླང་པོ་ཆེ་ལ་སོགས་པ་སྟ་གོན་བྱས་པ་རྣམས་ཞེས་བྱ་བར་སྦྱར་རོ། །རེག་པ་ཞེས་བྱ་བ་ནི། གླང་པོ་ཆེ་ལ་སོགས་པ་སྟ་གོན་
བྱས་པ་རྣམས་ལ་རེག་པ་སྟེ་དཔུང་གི་ཡན་ལག་ལ་རེག་པ་ནི་རིན་པོ་ཆེར་སྨོས་པ་ལ་རེག་པའི་ལྟུང་བྱེད་ལས་ཡུལ་གཞན་ཡིན་པར་རིག་པར་བྱའོ། །བཤམས་པ་དཀྲུགས་པ་ཞེས་བྱ་བ་ནི། གླང་པོ་ཆེ་ལ་སོགས་པ་གནས་ནས་བསྐྱོད་པའོ། །བལྟ་བའི་ཕྱིར་འཕགས་ཤིང་ཉེན་ཀོར་གྱི་མཐའ་
ལས་འདས་ཏེ་མཐོང་བ་ཞེས་བྱ་བ་ནི། དགེ་སློང་གིས་དཔུང་གི་ཡན་ལག་བལྟ་བའི་ཕྱིར་གནས་ནས་འཕགས་ཤིང་ཉེན་ཀོར་གྱི་དཔུང་གི་མཐའ་ལས་འདས་ཏེ་དཔུང་གི་ཚོགས་ཡན་ལག་དག་མཐོང་བ་གང་ཡིན་པའོ། །ལྟ་བུ་ནི་དངོས་དག་ཡིན་ནོ་ཞེས་བྱ་བ་ནི་རེག་པ་དང་བཤམས་པ་དཀྲུགས་
པ་དང་བལྟ་བའི་ཕྱིར་འཕགས་ཤིང་ཉེན་ཀོར་གྱི་མཐའ་ལས་འདས་ཏེ། མཐོང་བ་ཞེས་བྱ་བ་རྣམ་པ་གསུམ་པོ་དེ་ལྟ་བུ་ཉིད་ནི་དངོས་གཞིའི་ཁ་ན་མ་ཐོ་བའི་རྒྱུར་གྱུར་པའི་དངོས་དག་ཡིན་ནོ། །འདིར་གཞུང་ནི་ཁ་ཅིག་ལས་དགེ་སློང་གིས་གླང་པོ་ཆེ་གོ་བསྐོན་པའི་བཤམས་པ་དཀྲུགས་ན་ཞེས་
གསུངས་པ་དང་ཁ་ཅིག་གླང་པོ་ཆེའི་ཚོགས་ལྟ་བའི་ཕྱིར་འགྲོ་བ་དང་། དགེ་སློང་གིས་གླང་པོ་ཆེ་གོ་བསྐོན་པ་ལ་རེག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མ་ཆས་པ་ཉིད་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ལ་མ་ཆས་པ་ཉིད་ཅེས་བྱ་བ་ནི། གཡུལ་ལ་མངོན་པར་དགའ་བ་ཉིད་
เล่ม ๑๖๒ · หน้า 343b
མ་ཡིན་པ་དང་སྟ་གོན་མ་བྱས་པ་ཉིད་ཀྱི་དཔུང་གི་ཡན་ལག་རྣམས་སོ། །ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། དངོས་གཞིའི་ཁ་ན་མ་ཐོ་བ་ལས་ན་སྨད་པ་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དམག་ལ་ལྟ་བ་དང་དམག་གི་ནང་ན་གནས་པ་དང་དཔུང་གི་ཡན་ལག་ཉམས་སུ་མྱོང་བ་ཞེས་བྱ་བའི་
བསླབ་པའི་གཞི་གསུམ་པོ་དག་ལ་དམག་གཡུལ་གྱི་ཕྱིར་མ་ཆས་པ་ཉིད་ལ་ནི་དངོས་གཞིའི་གནས་སུ་ནི་ཉེས་བྱས་ལ་ཉེས་བྱས་ཀྱི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །གླང་པོ་ཆེ་དང་རྟ་དང་བྱ་གག་དང་བྱ་ལ་བ་ཀ་དང་བྱ་བརྟ་ཀ་དང་། སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པ་བྱ་
བ་དང་བྱེད་དུ་གཞུག་པ་དང་བལྟ་བར་མི་བྱའོ་ཞེས་བྱ་བ་ནི། གླང་པོ་ཆེ་འཐབ་པ་མི་བྱ་བྱེད་དུ་མི་གཞུག་བལྟ་བར་ཡང་མི་བྱའོ། །དེ་བཞིན་དུ་རྟ་དང་བྱ་གག་དང་། བྱ་ལ་བ་ཀ་དང་། བྱ་བརྟ་ཀ་དང་སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པ་ཡང་མི་བྱ། བྱེད་དུ་མི་གཞུག་བལྟ་བར་ཡང་མི་
བྱའོ། །འདིར་དཔུང་གི་ཡན་ལག་ཏུ་གྱུར་པའི་གླང་པོ་ཆེ་ལ་སོགས་པ་ནི་མི་གཟུང་ངོ་། །དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་རྡེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་
ལ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོང་ངམ་ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ནའོ་ཞེས་བྱ་བ་སྨྲས་ཏེ། སེམས་གང་ལ་རྙོག་པ་ཡོད་པ་དེ་ནི་རྙོག་པ་ཅན་གྱི་སེམས་སོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེས་བརྡེགས་ནའོ་ཞེས་བྱ་བར་སྦྱར་རོ། །
སུ་ལ་བརྡེགས་ན་ཞེ་ན་དེའི་ཕྱིར་དགེ་སློང་ཞེས་བྱ་བ་སྨྲས་སོ། །ཇི་དགེ་སློང་བདག་ཉིད་ལ་བརྡེགས་ན་འམ་ཞེ་ན་དེའི་ཕྱིར་ཕ་རོལ་ལ་ཞེས་བྱ་བ་སྨྲས་ཏེ། བདག་ཉིད་མ་ཡིན་པ་གཞན་ལའོ། །ཇི་ཞིག་གིས་བརྡེགས་ན་ཞེ་ན་དེའི་ཕྱིར། ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་བ་དག་
ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་ཀྱིས་ཞེས་བྱ་བ་ནི་ལག་པ་ལ་སོགས་པས་སོ། །ལུས་ཀྱིས་འཕངས་པ་ཞེས་བྱ་བ་ནི། རྡོ་ལ་སོགས་པས་སོ། །ལུས་དང་འབྲེལ་བ་ཞེས་བྱ་བ་ནི། དབྱུག་པ་ལ་སོགས་པས་སོ། །གདོན་མི་ཟ་བར་སྣང་བར་འགྱུར་བས་བརྡེག་པ་ལས་ཁ་ན་མ་ཐོ་བ་
เล่ม ๑๖๒ · หน้า 344a
འདིར་འགྱུར་བར་མ་ཟད་དེ་འདི་ལྟར་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་སྨྲས་སོ། །ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ནའོ་ཞེས་བྱ་བ་ནི། བརྡེགས་པར་བྱ་བའི་སྤྱད་ཀྱི་མཐའ་བསྟན་པ་ཡིན་ཏེ། དེ་བས་ཀྱང་ཆེས་ཆུང་བའི་དངོས་པོས་བརྡེགས་ན་
ཡང་ལྟུང་བ་ན་སྨད་པ་མེད་དོ། །གཞན་དག་ལ་ཡང་ངོ་ཞེས་བྱ་བ་ནི། །བསླབ་པའི་གཞི་འོག་མ་གཟས་པ་དང་། གནས་ངན་ལེན་འཆབ་པ་དང་ཟན་གཅོད་དུ་འཇུག་པ་ཞེས་བྱ་བ་དག་ལ་ཡང་དགེ་སློང་ཕ་རོལ་ལ་ཞེས་བྱ་བ་འདི་ཉིད་སྦྱོར་བར་བྱའོ། །ཅི་བརྡེགས་པའི་འོག་ཏུ་གང་གི་ཚེ་སྐྲངས་པར་
གྱུར་པ་དེའི་ཚེ་ན་དངོས་གཞིར་རམ། འོན་ཏེ་རྡེག་པའི་ཚེ་འདི་ཉིད་ན་ཞེ་ན་དེའི་ཕྱིར། རེག་ནའོ་ཞེས་བྱ་བ་སྨྲས་ཏེ། ལུས་ལ་སོགས་པ་ལ་རེག་ན་རེག་མ་ཐག་པའི་སྐད་ཅིག་དེ་ཉིད་ལ་དངོས་གཞིར་འགྱུར་རོ། །ཅི་བརྡེག་སྤྱད་མང་པོ་ཉིད་ཡིན་ན་ཡང་ལྟུང་བྱེད་གཅིག་ཏུ་འགྱུར་རམ་ཞེ་ན།
དེའི་ཕྱིར། བརྡེག་སྤྱད་རེ་རེ་ལའོ་ཞེས་བྱ་བ་སྨྲས་ཏེ། བརྡེག་སྤྱད་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་ཏེ་སོར་མོ་ལ་སོགས་པ་བརྡེག་སྤྱད་ཇི་སྙེད་ཀྱིས་དགེ་སློང་ལ་རེག་པར་འགྱུར་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །མ་ཕོག་ན་ཉེས་བྱས་སོ་ཞེས་བྱ་བ་ནི། སོར་མོ་ལ་སོགས་པ་བརྡེག་སྤྱད་དག་
གིས་མ་ཕོག་ན་བརྡེག་སྤྱད་རེ་རེ་ལ་ཉེས་བྱས་རེ་རེའོ། །བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་ལ་བརྡེག་པར་མི་བྱའོ་ཞེས་བྱ་བ་ལ། བརྡེག་པར་བྱ་བ་གཞན་ཡིན་ལ་ཞེས་བྱ་བ་ནི། སེམས་བརྡེག་པར་བྱ་བ་ཡིན་པ་ལའོ། །གཞན་ལ་བརྡེག་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་ལུས་ལ་
རྡེག་པར་མི་བྱ་བའོ། །ཚིག་འདི་ནི་སེམས་རྙོག་པ་ཅན་ཉིད་ཀྱིས་རང་གི་ལུས་ལ་རྡེག་པ་དགག་པའི་ཕྱིར་བྱས་སོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་ལ་བརྡེག་པར་མི་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཀ་བ་ལ་རྡེག་པར་མི་བྱའོ་ཞེས་བྱ་
བ་ནི། རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་། ས་དང་། ཤིང་ལྗོན་པ་དང་། གཞན་ལ་ཡང་མི་བྱའོ་ཞེས་བྱ་བ་ནི། རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་རྩིག་པ་དང་ས་དང་ཤིང་ལྗོན་པ་དང་སྒོ་གླེགས་ལ་སོགས་པ་གཞན་ལ་བརྡེག་པར་མི་བྱའོ། །
เล่ม ๑๖๒ · หน้า 344b
ཤིང་ཏོག་བརླག་པའི་ཕྱིར་བརྡེག་པ་གང་ཡིན་པ་དེ་ནི་འབྱུང་བའི་ཚོགས་འཇིག་པའི་ལྟུང་བྱེད་ཀྱི་ཁོངས་སུ་འདུས་སོ། །འདི་ལ་བྱེ་བྲག་ནི་འདི་ཡིན་ཏེ། དགོས་པའི་དབང་གིས་ཤིང་གཅོག་པ་དང་ས་བརྡུང་བ་ལ་སོགས་པ་ལ་ནི་ཉེས་པ་མེད་དོ། །དེ་ལྟར་ཡང་འདིར་ཁུངས་ནི་ས་རིས་དགེ་
འདུན་གྱིས་བསྲོ་གང་གི་ཤིང་གཤེགས་པ་དང་ཞེས་གསུངས་པ་ཡིན་ནོ། །བརྡེག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་གཟས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། བརྡེག་པར་གཟས་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་རྙོག་པ་ཅན་གྱི་སེམས་ཉིད་
ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་བ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོའམ་ཡུངས་ཀར་རམ་རྩྭ་དག་གཟས་ནའོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟེན་པའི་གཞུང་ཐམས་ཅད་ཅི་རིགས་པར་སྦྱར་རོ། །དེ་ལྟར་ན་འདིར་ཚིགས་གི་དོན་འདི་འབྱུང་སྟེ།
རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་ལ་སོགས་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོ་ལ་སོགས་པ་དག་གིས་བརྡེག་པར་གཟས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཇི་རྫས་མང་པོ་ཉིད་ཡིན་ན་ཡང་ཁ་ན་མ་ཐོ་བ་གཅིག་ཏུ་འགྱུར་རམ་ཞེ་ན་དེའི་ཕྱིར། རྫས་རེ་རེ་ལའོ་ཞེས་
བྱ་བ་སྨྲས་ཏེ། སོར་མོ་ལ་སོགས་པའི་རྫས་ཇི་སྙེད་གཟས་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ལ་ནི་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །གཟས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཕམ་པར་
འགྱུར་བ་དང་དགེ་འདུན་ལྷག་མ་དག་བཅབས་ནའོ་ཞེས་བྱ་བ་སྨྲས་སོ། །དགེ་སློང་གཞན་གྱི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་གནས་ངན་ལེན་གྱི་ཉེས་པ་ཤེས་བཞིན་དུ་འཆབ་ན་ལྟུང་བྱེད་དོ། །ཅི་བཅབས་པ་རྣམ་པ་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་བདེ་བ་ལ་མི་རེག་
པ་དང་དགེ་སློང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ནའོ་ཞེས་བྱ་བ་སྨྲས་ཏེ། དབང་ཉིད་ཅེས་བྱ་བའི་སྒྲ་ནི་བདེ་བ་ལ་མི་རེག་པ་ལ་སོགས་པ་ཐམས་ཅད་སྦྱར་བར་བྱའོ། །བར་ཆད་ཅེས་བྱ་བའི་སྒྲ་ནི་དགེ་སྦྱོང་གི་ཚུལ་
เล่ม ๑๖๒ · หน้า 345a
དང་ཚངས་པར་སྤྱོད་པ་གཉིས་དང་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། བདེ་བ་ལ་མི་རེག་པའི་དབང་ཉིད་དང་། དགེ་སྦྱོང་གི་ཚུལ་གྱིས་བར་ཆད་ཀྱི་དབང་ཉིད་དང་། ཚངས་པར་སྤྱོད་པའི་བར་ཆད་ཀྱི་དབང་ཉིད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་
ཉིད་མ་གཏོགས་པར་གཞན་གྱིས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་འཆབ་ན་ལྟུང་བྱེད་དོ། །དགེ་སློང་གི་ཚུལ་ཞེས་བྱ་བ་ནི་འདི་འཕགས་པའི་ལམ་ཡིན་པར་རིག་པར་བྱའོ། །བྱེ་བྲག་གཞན་ཡང་བསྙེན་པར་རྫོགས་པ་དང་བཅས་པ་དང་མཚན་མཐུན་པ་དང་ལྟ་བ་མཐུན་པ་དང་
མཚམས་ཀྱི་ནང་ན་འདུག་པ་ཡིན་ལ་ཉིན་མཚན་གྱི་མཐའི་བར་དུ་འཆབ་ན་དངོས་གཞིའོ་ཞེས་བྱ་བ་ལ་སོགས་པར་བྱེ་བྲག་ཏུ་བྱས་ཏེ་དེ་ནི་གང་ཟག་གི་གཞི་ཁོ་ན་དང་བཅས་པ་ལས་ཤེས་པར་བྱའོ། །དུས་གང་གི་ཚེ་བཅབས་ན་ཞེ་ན་དེའི་ཕྱིར། ཉིན་མཚན་གྱི་མཐར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱ་རེངས་
འཆར་ཀ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ། །སྔ་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཉིན་མཚན་གྱི་མཐའི་སྔ་རོལ་དུ་ནི་ཉེས་བྱས་སོ། །ལྟུང་བ་གཞན་ཡང་ངོ་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་ལས་གཞན་པའི་ལྟུང་བྱེད་བཅབས་ན་ནི་ཉིན་མཚན་གྱི་མཐར་
ཡང་ཉེས་བྱས་ལ་སྔ་རོལ་དུ་ཡང་ཉེས་བྱས་སོ། །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ། སྦྱིན་པ་པོ་ཁྱིམ་
པའི་ཟན་གཅོད་དུ་བཅུག་ནའོ་ཞེས་བྱ་བ་སྨྲས་ཏེ། ཟན་གང་གི་སྦྱིན་པ་པོ་ཁྱིམ་པ་ཡིན་ན་དེ་ནི་སྦྱིན་པ་པོའི་ཁྱིམ་པའི་ཟན་ཏེ། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་དགེ་སློང་གིས་ཆེད་དུ་བསམས་ཏེ། དགེ་སློང་ཕ་རོལ་གྱི་སྦྱིན་པ་པོ་ཁྱིམ་པའི་ཟན་གཅོད་དུ་བཅུག་ན་ལྟུང་བྱེད་དོ། །དེ་
ཡང་ཚིག་གིས་བསྒོ་སྟེ་ཟན་གཅོད་དུ་བཅུག་ན་ལྟུང་བྱེད་དོ། །སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དང་མངགས་པ་དང་། བརྒྱུད་པ་དང་ཟུར་གྱིས་གཅོད་དུ་བཅུག་ན་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་མུ་སྟེགས་ཅན་གྱི་ཁྱིམ་དག་ཏུ་གཅོད་དུ་བཅུག་ན་ཉེས་བྱས་སོ་ཞེས་
เล่ม ๑๖๒ · หน้า 345b
གསུངས་པ་ཡིན་ནོ། །ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མེ་ལ་རེག་པའི་ལྟུང་བྱེད་སྨྲ་བར་འདོད་ནས། འདིར་དེ་དང་འདྲ་བ་ལ་རེག་པ་ཡང་དགག་པའི་ཕྱིར། སེང་གེ་ལ་རེག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སེང་གེ་ནི་མེ་དང་འདྲ་བར་བསྙེན་པར་དཀའ་
ཞིང་བཟོད་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དུས་བྱིན་གྱིས་བརླབ་པ་སྔར་བྱས་ཏེ། མེ་ལ་རེག་པར་བྱའོ་ཞེས་གསུངས་པ་དེའི་ཕྱིར་དང་པོར་དུས་བྱིན་གྱིས་བརླབ་པའི་རྣམ་པ་བསྟན་པའི་ཕྱིར་སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་
དང་ལྡན་པའི་བྱ་བའི་དོན་ཉིད་དང་ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་དང་ལྡན་པའི་བྱ་བ་མར་མེ་དང་བདུག་སྤོས་གསོལ་བ་ལ་སོགས་པ་གང་
ཡིན་པའི་དགོས་པ་དེའི་དོན་ཡིན་ཏེ། མེ་ལ་རེག་པ་གང་ལ་ཆོས་དང་ལྡན་པའི་བྱ་བའི་དོན་དེ་ཡོད་པ་དེ་ནི་ཆོས་དང་ལྡན་པའི་བྱ་བའི་དོན་ཅན་གྱི་མེ་ལ་རེག་པ་ཡིན་ནོ། །དེའི་དངོས་པོ་ནི་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཡིན་ཏེ། དེ་ལ་བརྟག་པ་ངེས་པར་བརྟག་པ་གང་ཡིན་པ་དང་ལྷུང་
བཟེད་དང་ཚོན་གྱི་ལས་ལ་བརྟག་པ་གང་ཡིན་པ་དེ་དག་ཉིད་ནི་དུས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཡང་འདི་ལྟར་བྱའོ་ཞེས་སེམས་ཀྱིས་མངོན་པར་འདུ་བྱ་ཞིང་བལྟ་བ་ཡིན་ནོ། །འདིར་གཞུང་ནི། དུས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་དང་དེ་དག་གིས་གང་གི་དོན་དུ་བྱིན་གྱིས་བརླབ་པ་
མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོན་པའི་བྱ་བ་དང་ཆོས་དང་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པའི་བྱ་བས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལྷུང་བཟེད་དང་ཚོན་གྱི་ལས་ཞེས་སྨོས་པས་ནི་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱི་
ལས་བསྟན་ཏོ། །ལྷུང་བཟེད་ཀྱི་ལས་བྱའོ་ཞེ་འམ་ཚོན་གྱི་ལས་བྱའོ་ཞེས་ཡིད་ཀྱིས་བརྟག་པ་གང་ཡིན་པ་དེ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ། །ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། དུས་ཤེས་པར་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་དག་ལྷུང་བཟེད་ཀྱི་ལས་དང་
เล่ม ๑๖๒ · หน้า 346a
ཚོན་གྱི་ལས་དག་བྱེད་པ་ན་ཡང་དང་ཡང་དུ་བརྗེད་ངས་པས་དེ་ལ་རེག་ནས་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཇི་ཞིག་བྱས་ན་མེའི་ཐ་སྙད་ཀྱི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་
ཕྱིར། རྩེ་བ་ཉིད་ནའོ་ཞེས་བྱ་བ་སྨྲས་སོ། །དེ་རྣམ་པ་གང་གིས་ཡིན་ཞེ་ན་དེའི་ཕྱིར། གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པས་སོ་ཞེས་བྱ་བ་སྨྲས་སོ། །བྱིས་པས་ཤིང་བུ་མེས་སྦར་ཏེ། གཅིག་གི་ལག་ནས་གཅིག་གི་ལག་ཏུ་གཞན་ལ་ཐོང་ཤིག་ཅེས་
གཞན་ལ་གཏོང་བར་བྱེད་པ་དེའི་རྩེད་མོ་གང་ལ་ཡོད་པ་དེ་ནི་གཞན་ལ་གཏོང་བའོ། །དེས་ཟླ་བ་ལྟ་བུར་བྱེད་པ་དང་། ཉི་མ་ལྟ་བུར་བྱེད་པ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་རྩེ་བ་ཡིན་ནོ། །ཇི་ཞིག་གིས་རྩེ་བ་ལ་ཞེ་ན་དེའི་ཕྱིར་མེས་སོ་ཞེས་བྱ་བ་སྨྲས་སོ། །ཅི་རྩེ་བ་འབའ་
ཞིག་ལ་ལྟུང་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ལ་རེག་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དུས་བྱིན་གྱིས་མ་བརླབས་པ་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་དེས་མེ་ལ་རེག་ནའོ། །ཇི་ལྟར་རེག་
ན་ཞེ་ན་དེའི་ཕྱིར། རང་ངམ་བསྒོ་བས་སོ་ཞེས་བྱ་བ་སྨྲས་ཏེ། རང་གིས་རེག་གམ་གཞན་ལ་བསྒོ་བས་རེག་ཏུ་བཅུག་ནའོ། །ཅི་རྩེ་བས་རེག་པ་འབའ་ཞིག་ལ་ལྟུང་བྱེད་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། སྦར་བ་དང་གསོད་པ་དང་རེག་པ་དང་མ་རེག་པའི་བུད་ཤིང་བསྐུལ་བ་དང་བཅས་
པ་འདྲེན་པ་དང་མདག་མ་སྤུང་པ་དང་འདྲུ་བ་དག་ལའོ་ཞེས་བྱ་བ་སྨྲས་ཏེ། དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་རང་ངམ་བསྒོ་བས་མེ་སྦར་ཏམ་གསོད་དམ་མེས་རེག་པའི་བུད་ཤིང་བསྐུལ་ཏམ་མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ་མེ་དང་
བཅས་པའི་བུད་ཤིང་འདྲེན་ཏམ། བསྐུལ་ཏམ་མདག་མ་སྤུངས་པ་འདྲུ་བར་བྱེད་ན་ཐམས་ཅད་ལྟུང་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་དུས་བྱིན་གྱིས་མ་བརླབས་པ་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པས་རང་ངམ་གཞན་ལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด