འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๒ · หน้า 346b

བསྒོ་བས་མེ་སྦར་ན་ལྟུང་བྱེད་དོ། །དེ་བཞིན་དུ་མེ་གསོད་དམ་མེས་རེག་པའི་བུད་ཤིང་བསྐུལ་ཏམ་མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ་མེ་དང་བཅས་ཤིང་འབྲེལ་པའི་བུད་ཤིང་ཕྱིར་དྲངས་སམ་མདག་མ་དག་སྤུངས་སམ་བྲུས་ན་ཐམས་ཅད་དུ་ལྟུང་བྱེད་དོ། །འདིར་གཞུང་

ནི་དགེ་སློང་མེ་སྦར་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་པར་སྦར་བར་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མེ་གསོད་པར་བྱེད་ན། དེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་པར་གསོད་པར་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་

དུ་མགལ་བ་སྐུལ་བར་བྱེད་དམ་མགལ་བ་འདྲེན་པར་བྱེད་དམ། ཤིང་འཇུག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསྐུལ་བ་ནི་བཅོས་པའོ། །སྐུལ་དུ་འཇུད་པ་ནི་གཞན་འཆོས་སུ་བཅུག་པ་ཡིན་པས་དེའི་ཕྱིར། འདིར་གཞན་ལ་བསྒོ་

བས་ཞེས་བྱ་བ་ཡང་སྨོས་སོ། །མེ་མ་མུར་ནི་ཕྱེད་ཤི་བ་ཉིད་དོ་ཞེས་བྱ་བ་ནི། མེ་མ་མུར་ནི་ཕྱེད་ཤི་བ་ཉིད་ཡིན་པས་ཉེས་བྱས་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་མེ་མ་མུར་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མེ་ལྕེ་དག་ཀྱང་ངོ་ཞེས་བྱ་བ་ཡང་

ཕྱེད་ཤི་བ་ཉིད་དོ་ཞེས་བྱ་བའི་རྗེས་སྙག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་གཞུང་ནི་མེ་ལྕེ་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེར་བུད་ཤིང་འཇུད་པ་དང་འབྱིན་པ་ནི་མེ་གཞན་གྱིས་ཉེས་པ་ཡིན་ནོ་ཞེས་བྱ་བ་ནི། མེ་མ་མུར་དང་མེ་ལྕེ་དེར་བུད་ཤིང་འཇུད་པ་དང་འབྱིན་པ་ནི་མེ་

གཞན་གྱི་ཉེས་པ་ཁོ་ན་ཡིན་གྱི་མེ་མ་མུར་དང་མེ་ལྕེའི་ཉེས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མེ་མ་མུར་དང་མེ་ལྕེ་དག་ཏུ་བུད་ཤིང་འཇུད་ན་ལྟུང་བྱེད་ཁོ་ནར་འགྱུར་རོ། །སྐྲ་དང་ཁ་སྤུ་དང་རུས་པ་དང་སེན་མོ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་

ཏིལ་དང་འབྲུ་མར་དང་སྦྲང་རྩི་དང་མར་དག་ནི་བུད་ཤིང་གི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་སྐྲ་ལ་སོགས་པ་དག་ནི་བུད་ཤིང་གི་ཕྱེད་ཉིད་ཡིན་ནོ། །དེ་དག་བུད་ཤིང་གི་ཕྱེད་ཉིད་ཡིན་པས་ན་དེ་དག་མེར་བཅུག་པ་དང་ཕྱུང་བ་ན་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་མེའི་ནང་དུ་སྐྲ་

เล่ม ๑๖๒ · หน้า 347a

དང་སྤུ་དང་རུས་པ་དང་སེན་མོ་དག་འཇུད་ན་ཉེས་བྱས་སོ། །དེ་བཞིན་དུ་མེའི་ནང་དུ་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དག་འཇུད་ན་ཉེས་བྱས་སོ་ཞེས་གསུངས་པ་དང་། ཞུ་བ་ལས་ཀྱང་བཙུན་པ་རེ་ཞིག་དགེ་སློང་གིས་ཏིལ་ལམ་མོན་སྲན་སྡེའུ་འམ་མོན་སྲན་

གྲེའུ་ཞུགས་སུ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་མར་དང་འབྲུ་མར་དང་སྦྲང་རྩི་ཞུགས་སུ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་རུས་པ་དང་མཆིལ་མ་སྲེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་བསྡུས་

ཏེ་སྨྲས་སོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ་རས་བལ་དང་བལ་ལ་སོགས་པ་ཡང་བསྡུའོ། །འབར་བའི་ཆོས་ཅན་ཡང་དེ་དང་འདྲའོ། །གཞན་གྱི་བྱ་བ་གཞན་ལ་བྱིན་གྱིས་བརླབ་པ་ནི་ཕྱེད་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་ནི། མཁན་པོ་ལ་སོགས་པ་གཞན་གྱི་བྱ་བ་སློབ་དཔོན་ལ་

སོགས་པའི་གཞན་ལ་བྱིན་གྱིས་རློབ་པ་ནི། བྱིན་གྱིས་བརླབས་པའི་ཕྱེད་ཉིད་དེ་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་དུས་བྱིན་གྱིས་མ་བརླབས་པ་མཁན་པོའི་བྱ་བས་མེ་ལ་རེག་ན་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལོག་པར་བྱིན་གྱིས་རློབ་པ་ཐམས་

ཅད་ཀྱང་ཉེས་བྱས་སོ། །མེ་ལ་རེག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལ་འདུན་པ་ཕུལ་བ་ཕྱིར་སྒྱུར་བའི་ཕྱིར་སྨྲས་ནའོ་ཞེས་བྱ་བ་སྨྲས་ཏེ། ལས་བྱ་བ་

དགེ་སློང་དང་འབྲེལ་ཞིང་དགེ་སློང་དང་ལྡན་པའི་དོན་དགོས་པ་གང་ཡིན་པ་དེ་ནི་དགེ་སློང་གི་དོན་ཏོ། །དགེ་སློང་གི་དོན་དེའི་ཕྱིར་ལས་བྱ་བ་གང་ཡིན་པ་དེ་ནི་དགེ་སློང་གི་དོན་གྱི་ཆེད་དོ། །དགེ་སློང་གི་དོན་གྱི་ཆེད་དེ་ལ་གསོལ་བ་དང་བརྗོད་པ་དང་དགག་དབྱེ་དང་བསྒོ་བའི་བདག་ཉིད་ཀྱི་

ལས་གང་བྱ་བ་དེ་ནི་དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་སོ། །ལས་དེ་བྱས་པ་ལ་ཞེས་བྱ་བ་ནི་བྱས་ཟིན་པ་ལའོ། །ལས་དེ་བྱས་པ་དེ་ལ་འདུན་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་པ་ནི་དགེ་སློང་ལ་སླར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་དེ་སྐད་ཟེར་ཞིང་ཕྱིར་འཕྲོག་པ་སྟེ། དེ་བྱས་ན་

เล่ม ๑๖๒ · หน้า 347b

འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཟླ་བ་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་

གནས་ཀྱི་ཕྱོགས་སུ་ཉལ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཟླ་བ་དང་ཉི་མ་དག་མ་གཏོགས་པའི་སྣང་བ་བཅས་པའི་མར་མེ་དང་རིན་པོ་ཆེ་དང་སྨན་ལ་སོགས་པའི་རྫས་གཞན་གྱི་སྣང་བ་གནས་གང་ན་ཡོད་པའི་ཕྱོགས་དེ་ནི་ཟླ་བ་དང་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་

ཀྱི་ཕྱོགས་ཏེ། དེར་ཉལ་བར་མི་བྱའོ། །འདིར་གནས་ཞེས་བྱ་བ་ནི་ཁང་ཁྱིམ་ལ་བྱ་སྟེ། དེའི་མཚན་ཉིད་ནི་འོག་ནས་བརྗོད་པར་བྱའོ། །ཕྱོགས་སུ་ཞེས་སྨོས་པས་ནི་གནས་ཀྱི་ཕྱོགས་གང་ན་སྣང་བ་མེད་པ་དེར་ཉལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བར་བསྟན་ཏོ། །འདི་ནི་ལོངས་སྤྱོད་ཅན་

གྱི་ཡོ་ལང་སྤང་བའི་ཕྱིར་ཡིན་གྱི་བལྟ་བའི་ཕྱིར་བཀག་པ་ནི་མ་ཡིན་ནོ། །ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གཉིད་ལོག་པར་མི་བྱའོ། །དེར་ཉལ་ན་མཚན་མོའི་མཐར་ནི་དངོས་གཞིར་གྱུར་པའི་མདུན་རོལ་དུ་ནི་སྦྱོར་བར་གྱུར་པའི་ཉེས་བྱས་སོ། །སྤྱིར་བཏང་བ་བྱས་ནས་དམིགས་ཀྱིས་བསལ་

བ་བསྟན་པའི་ཕྱིར། ནད་པ་དང་ནད་གཡོག་གི་དབང་ཉིད་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ནད་པའི་དབང་ཉིད་དང་ནད་གཡོག་གི་དབང་ཉིད་ཀྱིས་དེར་ཉལ་བ་ནི་མ་གཏོགས་སོ། །འདི་ལ་ཁ་ཅིག་ནི་ལྟུང་བྱེད་ཅེའོ་ཞེས་བྱ་བ་ནི། སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བ་འདི་

ལ་འདུལ་བ་འཛིན་པ་ཁ་ཅིག་ནི་ལྟུང་བྱེད་དུ་འདོད་དོ། །དེ་ནི་མི་རིགས་པ་ཁོ་ནར་སྣང་སྟེ། འདི་ལྟར་རྣམ་པར་འབྱེད་པ་ལས་དངོས་སུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དགག་པ་མཛད་པའི་ཕྱིར་ཏེ། དེ་ལྟ་བས་ན་དགེ་སློང་གིས་སྣང་བ་དང་བཅས་པའི་ཁྱིམ་དུ་བསྙེན་པར་

མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་ཏེ། དེར་སྣང་བ་ཞེས་སྨོས་པ་ནི་གླེང་གཞིའི་དབང་གིས་མཛད་དོ། །འདི་ལྟར་དེ་ཉིད་ཀྱི་རྣམ་པར་འབྱེད་པ་ལས་ཕྱིས་སྣང་བ་མེད་པར་ལྟུང་བྱེད་བཅའ་བ་མཛད་དེ་ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་ཆེན་པོ་

เล่ม ๑๖๒ · หน้า 348a

པ་ཞེས་བྱ་བ་གཉིས་ཡོད་དེ། དེ་དེ་གཉིས་དང་དུས་ཐམས་ཅད་དུ་ལྷན་ཅིག་ཉལ་བར་བྱེད་ནས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཞེས་བྱ་བའི་བར་དུ་གསུངས་ཏེ། ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་

པ་དང་ཁྱིམ་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྣང་བ་དང་བཅས་པ་དང་བསྙེན་པར་མ་རྫོགས་པར་འདི་གཉིས་ནི་རིགས་གཅིག་པ་ཉིད་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །ཉལ་བ་མ་ཡིན་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་

ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་ལྟ་བར་གྱུར་པ་མི་འདོར་བ་དང་སྤངས་པའི་རྗེས་སུ་ཕྱོགས་པ་དང་། བསྙིལ་བ་དང་བསྡུས་པ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་ཞེས་བྱ་བ་བསླབ་པའི་གཞི་ཐམས་ཅད་ལ་ཡང་ཉལ་བ་མ་ཡིན་པ་ཞེས་བྱ་བ་ཉལ་བ་ལས་

གཞན་པའི་སྤྱོད་ལམ་གྱིས་གཉིད་ལོག་པ་ནི་ཕྱེད་ཉིད་དེ་མཚན་མོའི་མཐའ་ནི་ཉེས་བྱས་ལ་དེའི་མདུན་རོལ་དུ་ནི་ཉེས་བྱས་ཕྲ་མོའོ། །དེ་བཞིན་དུ་སྣང་བ་ལ་ཡང་ཉལ་བ་ལས་གཞན་པའི་སྤྱོད་ལམ་གྱིས་གཉིད་ལོག་ན་མཚན་མོའི་མཐར་ནི་ཉེས་བྱས་ཕྲ་མོ་ལ་དེའི་མདུན་རོལ་དུ་ནི་ཆེས་

ཤིན་ཏུ་ཕྲ་མོའོ། །དེ་བཞིན་དུ་གལ་ཏེ་དགེ་སློང་ཉལ་བས་གཉིད་ལོག་པར་གྱུར་ལ་བསྙེན་པར་མ་རྫོགས་པ་དང་། བུད་མེད་ལ་སོགས་པ་དག་ཉལ་བ་ལས་གཞན་པའི་སྤྱོད་ལམ་གྱིས་གཉིད་ལོག་པར་གྱུར་ན་དེ་ལ་ཡང་ཉེས་བྱས་ཁོ་ན་ཡིན་གྱི་ལྟུང་བྱེད་དུ་མི་འགྱུར་རོ། །

དེ་ལྟར་ཡང་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ནི་དགེ་སློང་ཡིད་བརྟན་པ་མི་འཇོག་པར་གློས་འབེབས་སམ་གཉིད་ལོག་པར་བྱེད་ན་ཞེས་བྱ་བའི་ཡན་ལག་གཉིས་གསུངས་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་འདི་ལ་ནི་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཁྱིམ་

གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ཞེས་ལྷན་ཅིག་གི་སྒྲ་སྨོས་པའི་ཕྱིར་རོ། །ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། ཉིན་མོ་ནི་མཚན་མོ་ལས་ལྟུང་བ་ཐ་དད་པ་ཉིད་ཡིན་ཏེ་དེ་ཡང་ཕྱེད་ཉིད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་

เล่ม ๑๖๒ · หน้า 348b

སྐད་བསྟན་ཏེ། ཇི་ལྟར་མཚན་མོ་བསྙེན་པར་མ་རྫོགས་པའི་གང་ཟག་དང་གནས་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་བ་ལྟུང་བྱེད་དུ་བསྟན་པ་དེ་བཞིན་དུ་ཉིན་མོ་ཡང་བསྙེན་པར་མ་རྫོགས་པའི་གང་ཟག་དང་གནས་གཅིག་གི་ནང་དུ་ཉི་མ་གཉིས་ལྷག་པར་ཉལ་བ་

ཡང་ཉེས་བྱས་སུ་འགྱུར་རོ། །འདི་ནི་སྣང་བ་དང་བཅས་པར་ཉལ་བ་ལ་ཉི་མའི་སྣང་བ་དམིགས་ཀྱིས་བསལ་བར་ཤེས་པར་བྱ་སྟེ། འདི་ལྟར་མཚན་མོ་ཉི་མའི་སྣང་བ་མེད་པས་སོ། །གལ་ཏེ་དེར་ཉལ་ན་ཡང་ཉེས་པ་འབྱུང་བར་མི་འགྱུར་ན་ཅིའི་ཕྱིར་ཉི་མའི་སྣང་བ་དམིགས་

ཀྱིས་བསལ་བར་བྱེད་དེ་དེ་བས་ན་ཉིན་མོ་ཡང་ཉལ་བར་བྱེད་ན་ཉེས་པ་ཡོད་པ་ཁོ་ནའོ། །སྣང་བ་དང་བཅས་པར་ཉལ་བ་དང་བསྙེན་པར་མ་རྫོགས་པ་དང་། བུད་མེད་དང་ལྷན་ཅིག་གནས་གཅིག་ན་ཉལ་བ་དག་ནི་འདྲ་བའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་

གནས་གཅིག་ན་ཉལ་བ་ཞེས་འོག་ནས་འབྱུང་བ་ལ་རེ་ཞིག་གནས་ཀྱི་མཚན་ཉིད་སྨྲ་བར་འདོད་ནས། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྟེང་ཕལ་ཆེར་གཡོགས་པ་དང་ངོས་ཕལ་ཆེར་བསྐོར་བ་གང་ཡིན་པ་དེ་ནི་གནས་ཀྱི་

མཐའ་ཡིན་ནོ། །འདིར་ཕལ་ཆེར་ཞེས་བྱ་བ་ནི་སུམ་ཆ་གཅིག་ལུས་པར་རིག་པར་བྱ་སྟེ། དེ་ཡང་ཐམས་ཅད་པས་དམན་པའི་གནས་ཡིན་ནོ། །འདི་ལྟར་གནས་ནི་རྣམ་པ་བཞི་སྟེ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་འདི་ལྟ་སྟེ། གནས་ཁང་ངམ་འཁོར་གྱི་ཁྱམས་སམ་ཁང་

པ་བརྩེགས་པ་དག་ལྟ་བུ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་འདི་ལྟ་སྟེ། སྒོ་བཅུ་པ་དང་སྒོ་བཅུ་གཉིས་པ་དག་ལྟ་བུ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་འདི་ལྟ་སྟེ། ཁྱམས་ངོས་བཞི་པ་ལྟ་བུ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་

འདི་ལྟ་སྟེ། ཁྱམས་ངོས་གསུམ་པའམ་འཁོར་གྱི་ཁྱམས་ལྟ་བུའོ། །ཁྱམས་ངོས་བཞི་པ་ཞེས་བྱ་བ་ནི། གང་ལ་ངོས་བཞི་ཆར་དང་འབྲེལ་བའི་སྟེང་གཡོགས་ཡོད་ལ། དབུས་ཀྱི་མཐོངས་ཁབ་མེད་པའོ། །ཁྱམས་ངོས་གསུམ་པ་ཞེས་བྱ་བ་ནི། གང་ལ་ངོས་གསུམ་དང་

เล่ม ๑๖๒ · หน้า 349a

འབྲེལ་བའི་སྟེང་གཡོགས་ཡོད་ལ་ངོས་གཅིག་སྟེང་གཡོགས་དང་དབུས་ཀྱི་མཐོངས་ཁབ་མེད་པའོ། །འདིར་གནས་ཀྱི་མཐའ་ཡིན་ནོ་ཞེས་སྨོས་པའི་སྒྲ་ནི་གནས་རྣམ་པ་བཞི་པོ་དེ་དག་བསྡུས་པའི་ཕྱིར་རོ། །དེའི་སྒོའི་ངོས་དང་འབྲེལ་བའི་ཉེན་ཀོར་གྱི་གནས་སུ་གྱུར་པ་ནི་

དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་སྒོའི་ངོས་དང་འབྲེལ་པ་ཡིན་ཞེས་བྱ་བ་ནི། གནས་གང་གི་ཉེན་ཀོར་བསམ་པར་བྱ་བ་དེའི་སྒོ་ངོས་གང་ཡིན་པའི་སྒོའི་ངོས་དེ་དག་དང་ལྷན་ཅིག་འབྲེལ་བ་ཡིན་གྱི། ལམ་པོ་ཆེ་ལ་སོགས་པས་བར་དུ་ཆོད་པ་ནི་མ་ཡིན་ནོ། །གནས་དེའི་

སྒོའི་ངོས་དང་འབྲེལ་བའི་ཉེན་ཀོར་ཞེས་བྱ་བ་ནི། གནས་གང་གི་ཉེན་ཀོར་བསམ་པར་བྱ་བ་དེའི་སྒོའི་ངོས་གང་ཡིན་པ་དེ་དང་ལྷན་ཅིག་འབྲེལ་བའི་ཉེན་ཀོར་གང་ཡིན་པ་སྟེ། དེ་ཉིད་གནས་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གནས་སུ་གྱུར་པ་ཞེས་བྱ་བ་ནི། དེའི་

སྒོའི་ངོས་དང་འབྲེལ་བའི་ཉེན་ཀོར་དེ་ཡང་གལ་ཏེ་གནས་སུ་གྱུར་པ་ཡིན་ན། གནས་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་གྱི། བླ་གབ་མེད་པ་ལྟ་བུ་གནས་སུ་གྱུར་པ་མ་ཡིན་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་ནོ། །གནས་དེའི་སྒོའི་ངོས་དང་འབྲེལ་བའི་ཉེན་ཀོར་གནས་སུ་གྱུར་

པ་རྣམ་པ་དེ་ལྟ་བུ་དེ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། གནས་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ཞིང་གནས་དེ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱེར་གཞན་བར་དུ་མ་ཆོད་པ་སྒོ་དེ་དང་འབྲེལ་པར་ཡང་ངོ་ཞེས་བྱ་བ་ནི། ཁྱེར་གཞན་

ཡིན་ལ་ཁྱེར་གཞན་གྱིས་བར་དུ་མ་ཆོད་པ་གནས་སུ་གྱུར་པ་སྒོ་གཞན་ཡོད་དུ་ཟིན་ཀྱང་གནས་དེ་དང་སྒོ་འབྲེལ་བ་ཡིན་ན་ཁྱད་པར་དེ་ལྟ་བུ་ཅན་གྱི་ཁྱེར་གཞན་དེ་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། གནས་དེ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་ཉིད་ཡིན་ནོ། །ཁྱེར་གཞན་གྱིས་

བར་དུ་ཆོད་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ཉེན་ཀོར་དང་བཅས་པའི་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཉེན་ཀོར་དང་བཅས་པ་ཞེས་བྱ་བ་ནི། བར་ཉེན་ཀོར་འདོམ་གང་ཙམ་དང་བཅས་པའི་མཐའ་ནས་སོ། །

เล่ม ๑๖๒ · หน้า 349b

གནས་ཁང་ཙམ་གྱི་ཕྱི་རོལ་ན་ཞེས་བྱ་བ་ནི། སྤྱོད་ལམ་རྣམ་བཞི་ཤོང་བའི་གནས་ཁང་གི་ཚད་ཙམ་གྱི་ཕ་རོལ་གྱི་གནས་ཀྱི་ཕྱོགས་ནའོ། །ཐ་དད་པར་གྱུར་ཅིང་གནས་པ་ནི་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དང་ཐ་དད་པར་གྱུར་ཅིང་གནས་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་

དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་ཏེ། དེ་དང་ལྷན་ཅིག་གནས་གཅིག་ཏུ་གྱུར་པ་ཉིད་མ་ཡིན་ཞིང་གནས་ཐ་དད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་ཆེན་པོ་གཅིག་སྟེང་གཡོགས་གཅིག་གིས་བཀབ་པར་གྱུར་པ་དེའི་ནང་གི་གྲྭ་གཉིས་

ན་བསྙེན་པར་རྫོགས་པ་དང་བསྙེན་པར་མ་རྫོགས་པ་དག་ཐ་དད་པར་གྱུར་ཅིང་གནས་ལ་དེ་གཉིས་ཀྱི་བར་ཉེན་ཀོར་དང་བཅས་པའི་གནས་ཁང་གི་ཚད་ཙམ་གྱི་ཁྱོན་གྱིས་བར་དུ་ཆོད་པ་ཡིན་ན། དེའི་ནང་དུ་ཉལ་ཡང་ལྷན་ཅིག་ཉལ་བའི་ཉེས་པར་མི་འགྱུར་བར་ཤེས་པར་བྱའོ། །

འདིར་ཁུངས་ནི་འདྲོན་པ་ལས་ཕྱི་རོལ་དུ་དབྱུང་བར་མི་བྱ་བར་འདི་ལྟར་འདྲོན་པ་དང་ཁ་གཉིས་སུ་གཅད་དོ་ཞེས་གསུངས་པ་ཡིན་ནོ། །དབྱེ་དགོན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་བྱ་བ་

ནི། ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ནགས་མ་འམ་ལྗོན་ཤིང་གཞོན་ནུ་ཚང་ཚིང་གི་དྲུང་དག་ནི་གནས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ཤིང་ལྗོན་པའི་དྲུང་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་

མཆིས་ཉལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ཏུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་མཆིས་ཉལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་ཙམ་

དུ་ཟད་དེ་མ་བསྐོར་བ་དང་མ་བཀབ་པ་དང་བསྐོར་བའི་སྣོད་མ་ཕྲད་པ་དང་། བྱ་སྐྱིབས་དང་ཤིང་ལྗོན་པའི་བར་ལ་སོགས་པ་དག་ཀྱང་རྣམ་པ་འདི་བཞིན་དུ་ཤེས་པར་བྱའོ། །འདིར་ཤིང་ལྗོན་པའི་བར་ཞེས་བྱ་བ་ནི་གང་གི་ཕལ་ཆེར་མ་འཁོར་བ་ཡིན་པར་རིག་པར་བྱའོ། །ཐིབས་

เล่ม ๑๖๒ · หน้า 350a

པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ཡང་ངོ་ཞེས་བྱ་བ་ནི། ཐིབས་པོ་ཞེས་བྱ་བ་རྩའམ་ནགས་སམ་འོད་མ་འམ་ཚེར་མ་ལ་སོགས་པ་དང་བཅས་པ་དག་གི་ནང་དུ་བུད་མེད་དང་ལྷན་ཅིག་ཉལ་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །འདིས་ནི་

ཀུན་ནས་བསྐོར་ལ་མ་གཡོགས་པ་དང་གནས་སུ་གྱུར་པ་མ་ཡིན་པའི་ཕྱོགས་གཞན་དག་ཀྱང་འཕངས་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་ཀུན་ནས་བསྐོར་བ་སྟེང་མ་གཡོགས་པའམ་ཕྱེད་གཡོགས་པ་དག་ཏུ་བུད་མེད་དང་ལྷན་ཅིག་མཆིས་ཉལ་

བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཉེན་ཀོར་དང་བཅས་པའི་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྔར་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དགག་པ་སྤྱིར་བསྟན་པ་དེ་བུད་མེད་དང་

ལྷན་ཅིག་ཉལ་བ་ལ་དམིགས་ཀྱིས་བསལ་བའི་བྱེ་བྲག་གཞན་བསྟན་པའི་ཕྱིར། འདི་ལ་ནི་བྱ་གག་འཕུར་ནས་བབ་པའི་ལམ་ནི་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་དང་ལྷན་ཅིག་ཉལ་བ་འདི་ལ་ནི་བྱ་གག་འཕུར་ནས་བབ་པའི་བར་གྱི་ལམ་ཇི་སྲིད་ཡོད་པ་

དེ་སྲིད་ཀྱིས་བར་དུ་ཆོད་པར་གྱུར་ན་བར་ཆད་དང་བཅས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གནས་གཅིག་ཡིན་ལ་བར་ཆད་དུ་བསྒྲིབས་ཀྱང་རུང་མ་བསྒྲིབས་ཀྱང་རུང་སྟེ། གནས་དེའི་ཕྱོགས་གཅིག་ན་ཐ་དད་པར་གྱུར་ཅིང་གནས་ནས་བར་དུ་བྱ་གག་འཕུར་བ་ནས་བབ་པའི་བར་

གྱི་ལམ་ཙམ་གྱིས་ཆོད་ན་གནས་ཐ་དད་པ་ཉིད་ཡིན་ཏེ་གནས་གཅིག་པ་ཉིད་དུ་མི་འགྱུར་རོ། །ནང་གཅིག་ཏུ་རྒྱུ་ཞིང་བར་བར་ན་གནས་མེད་པ་མ་ཡིན་པ་ཅན་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གཡོགས་པ་ཐམས་ཅད་གཅིག་པ་ཉིད་ཡིན་ཏེ།

གནས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར། ནང་གཅིག་ཏུ་རྒྱུ་ཞིང་ཞེས་བྱ་བ་སྨྲས་ཏེ། གཡོགས་པ་གང་གི་ནང་གཅིག་ཏུ་རྒྱུ་ཞིང་འཇུག་པ་གང་ཡིན་པ་དེ་ནི་ནང་གཅིག་ཏུ་རྒྱུ་བ་སྟེ་དེའོ། །བར་ན་གནས་མེད་པ་མ་ཡིན་པ་ཅན་ཉིད་

เล่ม ๑๖๒ · หน้า 350b

ཅེས་བྱ་བ་ནི་གཡོགས་པ་གང་ལ་བར་ཏེ་བར་སྐབས་ན་གནས་མེད་པ་ཉིད་མ་ཡིན་ཞིང་གནས་མེད་པ་དང་བྲལ་བ་ཡོད་པ་དེ་ནི། གནས་གཞན་མེད་པ་མ་ཡིན་པ་ཅན་ཏེ། གནས་མ་ཡིན་པས་བར་དུ་ཆོད་པ་དང་བྲལ་བ་ཡིན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་ལ་ནི་གཡོགས་པ་ཐམས་ཅད་

གཅིག་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཉེན་ཀོར་དུ་གྱུར་པ་མ་ཡིན་པ་ཕལ་ཆེར་གཡོགས་ཤིང་མཐའ་བསྐོར་བའི་གནས་གཞན་ཐམས་ཅད་གནས་ཐ་དད་པ་ཉིད་ནི་མ་ཡིན་ནོ། །འོན་ཀྱང་གནས་གཞན་ལ་ལ་ཉེན་ཀོར་དུ་གྱུར་པ་མ་ཡིན་ཡང་ནང་གཅིག་ཏུ་རྒྱུ་བ་ཡོད་པ་ཉིད་དེ་

ནི་གནས་གཅིག་པ་ཉིད་དེ། དེ་ལྟ་བས་ན་གཡོགས་མ་གཅིག་གི་ཕན་ཚུན་འདབ་ཆགས་པར་གྱུར་ཅིང་རྒྱུན་སྲང་བཏགས་པ་ལ་སོགས་པའི་ལམ་ནས་ཇི་སྲིད་ཚུན་ཆད་དུ་བླ་གབ་མེད་པར་མ་བྱུང་བར་རྒྱུ་བར་ནུས་པ་དེ་ནི་གནས་གཅིག་པ་ཉིད་ཡིན་ནོ། །སྔར་མདོ་ལས་ཉེན་ཀོར་

དང་བཅས་པའི་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་དང་། འདི་ལ་ནི་བྱ་གག་འཕུར་ནས་བབ་པའི་ལམ་ནི་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ་ཞེས་བསྟན་པའི་མདོ་དེ་གཉིས་ཀྱི་ཡུལ་མ་གཏོགས་པ་ལྷག་མ་ཐམས་ཅད་ནི་གནས་གཅིག་པ་

ཉིད་ཡིན་ནོ། །དེ་ལྟ་བས་ན་གནས་གཞན་ཅིག་ཤོས་འབའ་ཞིག་ན་གནས་པའི་བསྙེན་པར་མ་རྫོགས་པ་ལ་སོགས་པ་དང་ལྷན་ཅིག་ཉལ་བར་བྱེད་ན་ཡང་དངོས་གཞིར་འགྱུར་བ་ཡང་ཡོད་དོ། །གལ་ཏེ་རྒྱུ་བའི་ལམ་གཡོགས་པ་མ་ཡིན་ན་ནི། དེའི་ཚེ་ལྟུང་བ་མེད་དོ། །གལ་ཏེ་གཡོགས་

པ་ལ་ལ་མ་བསྐོར་བ་ཡིན་ན་ནི་འདྲ་བས་ཉེས་བྱས་སོ། །རང་གི་ཆར་གཏོགས་པའི་སྒོ་གཅད་པས་བཅད་པ་ལ་ནི་ཉེན་ཀོར་ཡང་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། ལྟུང་བ་འབྱིན་པ་པོའི་ཆར་གཏོགས་པའི་སྒོ་གང་ཡིན་པ་དེ་ནི་རང་གི་ཆར་གཏོགས་པའི་སྒོ་ཞེས་བྱ་སྟེ། བདག་ཉིད་དབང་བའི་

སྒོའོ། །བུད་མེད་དང་ལྷན་ཅིག་ཉལ་བ་ལ་སྒོ་དེ་དེར་གཏོགས་པའི་གཅད་པས་བཅད་པ་ཉིད་མ་ཡིན་ན་དེའི་ཚེ་ཉེན་ཀོར་པ་ཡང་ཐ་དད་པ་ཉིད་ཡིན་ཏེ། གནས་ཐ་དད་པ་ཉིད་ཡིན་ན། ཁྱམས་ལ་སོགས་པའི་ཕྱོགས་གཞན་དང་། གནས་ཁང་གཞན་དང་། སྒོ་ཁང་གཞན་དང་། བང་

เล่ม ๑๖๒ · หน้า 351a

རིམ་ཁང་ལ་སོགས་པ་གཞན་དག་གི་སྒོ་གཅད་པས་བཅད་པ་ལ་ཐ་དད་པ་ཉིད་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ལ་ཡང་རུང་བར་སྣང་ངོ་། །ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་དང་བུད་

མེད་བདག་པོས་བསྲུངས་པ་ཉིད་ནི་དེ་དང་འདྲའོ་ཞེས་བྱ་བ་ནི། ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གལ་ཏེ་དགེ་སློང་གཞན་གྱིས་བསྲུངས་པ་ཉིད་ཡིན་ནམ་བུད་མེད་བདག་པོས་བསྲུངས་པ་ཉིད་ཡིན་ན་ཡང་དེའི་ཚེ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་རང་གི་ཆར་གཏོགས་པའི་སྒོ་

གཅད་པས་བཅད་པ་ཞེས་བསྟན་པ་གང་ཡིན་པ་དེ་དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་དགེ་སློང་བང་རིམ་ཁང་པ་ན་ཉལ་བར་བྱེད་ཅིང་བུད་མེད་སྒོ་ཁང་ན་ཉལ་ན་དགེ་སློང་དེས་ཕྱི་གཏན་བཅུག་ཏེ་སྒོ་གཅད་པར་བྱའམ། དགེ་སློང་སྲུང་མ་གཞག་པར་བྱའོ། །ཕྱི་གཏན་

བཅུག་སྟེ་གཅོད་པར་མི་བྱེད་དམ་དགེ་སློང་སྲུང་མ་གཞོག་པར་མི་བྱེད་པར་གློས་ཕབ་ནས་གཉིད་ལོག་པར་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ནི་ཉེས་བྱས་སོ། །སྐྱ་རེངས་ཤར་ན་ནི་ལྟུང་བྱེད་དོ། །བདག་པོས་བསྲུངས་པར་གྱུར་ན་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །

གནས་ཐ་དད་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་པ་ཡིན་གྱི་གནས་གཅིག་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ཡང་འཁྲིག་པའི་ཆ་དང་ལྷན་ཅིག་ཉལ་བའི་ཕྱིར་ཉེས་བྱས་སུ་འགྱུར་རོ། །མ་ལ་སོགས་པས་བསྲུངས་པ་ཉིད་ལ་ཡང་ལྟུང་བ་མེད་པ་ཡིན་

པས་དེའི་ཕྱིར་འདིར་བདག་པོ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་དོ་ཞེས་བྱ་བ་ནི། རིམ་ཁང་གི་ཁ་ཁྱེར་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་རང་གི་ཆར་གཏོགས་པའི་སྒོ་གཅད་པས་བཅད་པ་དང་འདྲ་བར་རིག་པར་བྱའོ། །

གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་གནས་ལས་གཞན་དུ་གྱུར་པ་སྟེ་ཉེན་ཀོར་རོ། །ཉེན་ཀོར་དེ་གནས་ཉིད་མ་ཡིན་པ་ལ་ནི་ཁ་ན་མ་ཐོ་བ་ན་སྨད་ཀྱི་མེད་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ཉེན་ཀོར་ལ་སོགས་པ་གནས་སུ་

เล่ม ๑๖๒ · หน้า 351b

གྱུར་པ་ཡིན་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་བྱེད་པར་འགྱུར་ལ་གནས་སུ་གྱུར་པ་མ་ཡིན་ན་ནི་ཉེས་བྱས་བྱེད་པ་ཡིན་ནོ།། །།བམ་པོ་སུམ་ཅུ་གཉིས་པ། ཇི་ཞིག་བྱས་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། བསྙེན་པར་མ་

རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་བས་གཉིད་ལོག་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ལྷན་ཅིག་ཅེས་སྨོས་པས་ནི་གལ་ཏེ་

བསྙེན་པར་རྫོགས་པ་དང་། བསྙེན་པར་མ་རྫོགས་པ་གཉི་ག་ཉལ་ཞིང་སྤྱོད་ལམ་དེ་ཉིད་ཀྱིས་གཉིད་ལོག་ན་དེའི་ཚེ་དངོས་གཞིར་འགྱུར་བ་བསྟན་ཏོ། །གཅིག་སྤྱོད་ལམ་གཞན་གྱིས་ཉལ་ན་ནི་ཉེས་བྱས་སོ། །གཅིག་སྤྱོད་ལམ་གཞན་གྱིས་གཉིད་མི་ལོག་པར་བྱེད་ཅིང་གཅིག་

ཉལ་བ་ལ་ནི་ལྟུང་བ་མེད་དེ་ལྷན་ཅིག་གཉིད་ལོག་པ་མ་གྲུབ་པའི་ཕྱིར་རོ། །མཚན་མོ་གསུམ་པའི་དུས་གང་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་མཐར་རོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐར་དེ་སྐད་ཅིག་གང་གི་མཇུག་ཐོགས་སུ་སྐྱ་

རེངས་འཆར་བ་དེར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་གནས་བཞི་པོ་དེ་དག་ཏུ་སྐྱ་རེངས་འཆར་བར་བྱེད་ཅིང་སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་བ་ཁོ་ནར་གསུངས་པ་ཡིན་ན་ཇི་ལྟར་མཐར་རོ་ཞེས་བརྗོད་ཅེ་ན། ཉེས་པ་མེད་དེ་སྐྱ་རེངས་འཆར་བའི་སྐད་ཅིག་གང་གིས་མཚན་མོ་མཐའ་

སྐད་ཅིག་བདེ་བླག་ཏུ་གོ་བར་ནུས་པས་དེའི་ཕྱིར་དེ་སྐད་བསྟན་ཏོ། །མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། མཚན་མོའི་མཐའི་སྐད་ཅིག་གི་མདུན་རོལ་དུ་ནི་ཉེས་བྱས་སོ། །སྔར་ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་བྱ་བས་ཉིན་མོ་ནི་མཚན་མོ་ལས་ལྟུང་བ་ཐ་དད་པ་ཉིད་ཡིན་ནོ་

ཞེས་བསྟན་པའི་སྐབས་དེ་ལས་ཉེས་བྱས་འདི་གཞན་ཡིན་ནོ། །ལམ་གྱིས་དུབ་པ་རྨྱ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་ལམ་གྱིས་དུབ་པ་རྨྱ་བ་ལ་ནི་གལ་ཏེ་བསྙེན་པར་མ་རྫོགས་པ་མེད་པའི་གནས་རྙེད་པ་མེད་ན་མཚན་མོའི་མཐའི་མདུན་རོལ་དུ་གཉིད་ལོག་

เล่ม ๑๖๒ · หน้า 352a

པ་ལ་ཉེས་པ་མེད་དོ། །མཐར་ནི་ཉེས་པ་ཁོ་ནར་འགྱུར་རོ། །མཐར་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། དགེ་སློང་དེས་མདུན་རོལ་དུ་གཉིད་ལོག་པ་ཙམ་བྱས་སུ་ཟིན་ཀྱང་རྨྱ་བ་སངས་པར་མ་གྱུར་ན་དེའི་ཚེ་ན་ནི་མཐར་ཡང་ཉེས་པ་མེད་པ་ཁོ་ནའོ། །དགེ་སློང་གིས་

བྱར་མི་རུང་བ་ཡོད་ན་དེ་སྒྲུབ་པར་བྱེད་པ་དང་ལྷན་ཅིག་པའི་ནད་པ་དང་ནད་གཡོག་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གིས་བྱར་མི་རུང་བ་བྱིན་ལེན་ལ་སོགས་པ་གང་ཡིན་པའི་བྱར་མི་རུང་བ་དེ་ཡོད་ན་བྱར་མི་རུང་བ་དེ་སྒྲུབ་པར་བྱེད་པའི་བསྙེན་པར་མ་རྫོགས་པ་དེ་དང་ལྷན་ཅིག་པ་ལ་

མདུན་རོལ་དང་མཐར་ཡང་ཉེས་པ་མེད་པ་ཁོ་ན་ཡིན་ཏེ། དེ་ཡང་དགེ་སློང་ནད་པ་དང་ནད་གཡོག་ལ་ཉེས་པ་མེད་པ་ཁོ་ན་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དགེ་ཚུལ་དང་ཡང་ངོ་ཞེས་བྱ་བ་ནི། ལྷན་ཅིག་ཉལ་བ་ལ་མདུན་རོལ་དང་མཐར་ཡང་ཉེས་པ་མེད་དོ། །དགེ་སློང་གང་

ལ་ཞེ་ན་དེའི་ཕྱིར་དེ་དང་ལྡན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་དང་ལྡན་པ་ཞེས་བྱ་བ་ནི། དགེ་སློང་གང་ལ་དགེ་ཚུལ་ཡོད་པ་དེ་ནི་དེ་དང་ལྡན་པ་ཞེས་བྱ་སྟེ། དགེ་སློང་དགེ་ཚུལ་དང་ལྡན་པ་དེ་ལ་ཉེས་པ་མེད་དོ། །གང་གི་ཚེ་ཞེ་ན་དེའི་ཕྱིར། གནས་དེ་ན་དགེ་སློང་སྡིག་ཅན་

ཉེ་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གནས་དེ་ན་དགེ་སློང་སྡིག་ཅན་གཞན་ཉེ་བར་གནས་པར་གྱུར་ན་དེའི་ཚེ་དགེ་སློང་དགེ་ཚུལ་དང་ལྡན་པ་དེ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་མདུན་རོལ་དང་མཐའ་ཡང་ཉེས་པ་མེད་དོ། །ཅི་དེ་དང་ལྡན་པ་ཐམས་ཅད་

ལའམ་ཞེ་ན་དེའི་ཕྱིར། དེ་སྤྱུགས་པ་ལ་འབད་པ་བྱས་སམ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་དང་ལྡན་པའི་དགེ་སློང་གང་གིས་དགེ་སློང་སྡིག་ཅན་དེ་རེ་ཞིག་སྤྱུགས་པའམ་གཏན་སྤྱུགས་པའི་ཕྱིར་འབད་པ་སྔར་བྱས་པར་གྱུར་ཏམ་ད་ལྟར་བྱེད་ཀྱང་རུང་སྟེ། དགེ་

སློང་དེ་ལ་ཉེས་པ་མེད་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འབད་པ་ཞེས་བྱ་བ་ནི། ཅི་ནུས་ཀྱི་སྦྱོར་བ་ཡིན་པར་རིག་པར་བྱའོ། །ཇི་དུས་ཐམས་ཅད་དུ་ཉེས་པ་མེད་པ་ཡིན་ནམ་ཞེ་ན་དེའི་ཕྱིར། གནས་པར་ཁས་བླངས་ན་དུས་ཕྱི་མ་དང་

เล่ม ๑๖๒ · หน้า 352b

སྔ་མའི་གཉིས་པོ་དག་ལ་བབ་པ་ནའོ་ཞེས་བྱ་བ་སྨྲས་ཏེ། གནས་པར་ཁས་བླངས་ན་ཞེས་བྱ་བ་ནི། དབྱར་གནས་པ་སྔ་མར་ཁས་བླངས་ཀྱང་རུང་ཕྱི་མར་ཁས་བླངས་ཀྱང་རུང་སྟེ། ཁས་བླངས་པའི་དུས་དེ་ནི་ཉེས་པ་མེད་དོ། །དེ་ལ་དབྱར་གནས་པ་སྔ་མར་ཁས་བླངས་པ་ལ་དུས་གང་

ལ་བབ་པའི་ཚེ་ན་ཉེས་པ་མེད་ཅེ་ན་དེའི་ཕྱིར། དུས་ཕྱི་མ་དེའི་གཉིས་པོ་དག་ལ་བབ་པ་ནའོ་ཞེས་བྱ་བ་སྨྲས་ཏེ། དུས་ཕྱི་མའི་ཞེས་བྱ་བ་ནི། དབྱར་གནས་པ་སྔ་མར་ཁས་བླངས་པ་ལ་ཟླ་བ་གསུམ་ཡོད་པའི་དང་པོ་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་དུས་དང་པོ་དེ་མ་

གཏོགས་པའོ། །འོ་ན་གང་ལ་ཞེ་ན། དུས་ཕྱི་མ་དེའི་གཉེན་པོ་དག་ལ་བབ་ན་སྟེ། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་དུས་གཅིག་དང་སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་དུས་གཉིས་པོ་དག་ལ་བབ་པ་ནི་དགེ་སློང་དེ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་

དོ། །དེ་ལ་དབྱར་གནས་པ་ཕྱི་མར་ཁས་བླངས་པ་ལ་དུས་གང་ལ་བབ་པའི་ཚེ་ན་ཉེས་པ་མེད་ཅེ་ན། དེའི་ཕྱིར་སྔ་མའི་གཉིས་པོ་དག་ལ་བབ་པ་ནའོ་ཞེས་བྱ་བ་སྨྲས་ཏེ། སྔ་མའི་ཞེས་བྱ་བ་ནི། དབྱར་གནས་པ་ཕྱི་མར་ཁས་བླངས་པ་ལ་ཟླ་བ་གསུམ་ཡོད་པའི་ཐ་མ་སྟོན་ཟླ་འབྲིང་པོ་ཉ་ནས་

སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་དུས་དེའི་སྔ་མའི་ཟླ་བ་གཉིས་པོ་དག་གོ། །དེ་ཡང་གང་ཞེ་ན། དབྱར་གནས་པ་ཕྱི་མར་ཁས་བླངས་པའི་ཟླ་བ་ཐ་མ་དེའི་སྔ་མའི་གཉིས་པོ་དག་ལ་བབ་པ་ན་སྟེ། དབྱར་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་དུས་གཅིག་དང་། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་

འབྲིང་པོ་ཉའི་བར་གྱི་དུས་གཉིས་པོ་དག་ལ་བབ་པ་ན་དགེ་སློང་དེ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་དེ། གནས་པར་ཁས་མ་བླངས་པ་ལ་ནི་དེར་ཡང་ཉེས་བྱས་ཁོ་ནར་འགྱུར་བས་དེའི་ཕྱིར་གནས་པར་ཁས་བླངས་ན་ཞེས་བྱ་བ་སྨོས་སོ། །གནས་པར་ཁས་བླངས་པ་ལ་ཡང་

དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱིས་དུས་དང་པོ་ལ་ཡང་ཉེས་པ་ཁོ་ནར་འགྱུར་བས་དེའི་ཕྱིར་དུས་ཕྱི་མའི་ཞེས་བྱ་བ་སྨོས་སོ། །སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་དུས་ཐ་མ་ལ་ཡང་ཉེས་པ་ཁོ་ནར་འགྱུར་བས་དེའི་ཕྱིར་སྔ་མའི་ཞེས་བྱ་བ་སྨོས་སོ། །དེས་

เล่ม ๑๖๒ · หน้า 353a

ལྷག་པར་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་ལ་བབ་པའི་དགེ་སློང་དེས་སོ། །ལྷག་པར་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཟླ་བ་གཉིས་ལས་ལྷག་པར་གནས་པར་མི་བྱ་བ་ཉིད་ཡིན་ནོ། །འདི་ནི་

དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ཀྱི་དབང་དུ་བྱས་ཏེ་སྨྲས་པ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པ་སྔ་མ་ཤོས་ལ་ནི་མ་སྨྲས་ཀྱང་གྲུབ་པའི་ཕྱིར་རོ། །གནས་པར་ཁས་བླངས་པ་སྔ་མ་ཤོས་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དེ་དབྱར་གནས་པར་ཁས་བླངས་པ་ཡང་ཡིན་ལ་སྔ་

མ་ཡང་ཡིན་པས་ན་གནས་པར་ཁས་བླངས་པ་སྔ་མ་ཞེས་བྱ་བ་སྟེ། དེ་དགེ་ཚུལ་དང་ལྡན་པའི་དགེ་སློང་དེས་མི་བྱ་བ་ཉིད་ཡིན་ནོ་ཞེས་པས་སྔ་མ་མི་བསྲུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པ་སྔ་མ་ཤོས་ཀྱི་ཟླ་བ་གཉིས་ཀྱི་སྔ་མ་དགེ་སློང་དེས་མི་བསྲུང་བར་བྱ་

བ་ཉིད་ཡིན་ནོ། །དེས་དགེ་ཚུལ་ཉེ་བར་མ་བཞག་པར་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་གནས་ན་དགེ་སློང་སྡིག་ཅན་གནས་པར་གྱུར་པའི་དགེ་སློང་དེས་གནས་སྦྱིན་པ་ལ་སོགས་པས་དགེ་ཚུལ་སྔར་ཉེ་བར་མ་བཞག་པར་ཉེ་བར་གཞག་པར་མི་བྱའོ། །ལམ་དུ་དགེ་ཚུལ་

གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེས་དགེ་ཚུལ་ཁྲིད་དེ་ལམ་དུ་འགྲོ་བ་ན་གལ་ཏེ་དགེ་ཚུལ་གཉིད་བྲོ་བས་རྨྱ་ཞིང་ཡུར་བར་གྱུར་ན་དགེ་སློང་དེས་དགེ་ཚུལ་དེ་མདུན་རོལ་དུ་བཏང་སྟེ་འགྲོ་བར་བྱའོ། །གལ་ཏེ་བྲུ་བ་ཚ་བར་གྱུར་ན་དེ་ལ་

ནང་པར་གྱི་དུས་སུ་ཁ་ཟས་སྦྱིན་པར་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་ལམ་དུ་ཞུགས་པ་དེ་གལ་ཏེ་བཀྲེས་ཤིང་བྲུ་བ་ཚ་བར་གྱུར་ན་དེའི་ཚེ་དགེ་སློང་དེས་ནང་པར་ཁེའུ་སུས་ཀྱི་དུས་སུ་དགེ་ཚུལ་དེ་ལ་ཁེའུ་སུས་སྦྱིན་པར་བྱའོ། །གལ་ཏེ་དྲོ་ཁར་ཡང་ན་དེའི་ཚེ་ཡང་ངོ་ཞེས་བྱ་བ་ནི། གལ་

ཏེ་དགེ་ཚུལ་དེ་དྲོ་ཁར་ཡང་བཀྲེས་པར་གྱུར་ན་དྲོ་ཁ་དེའི་ཚེ་ཡང་དགེ་སློང་དེས་དགེ་ཚུལ་དེ་ལ་དྲོ་ཟན་སྦྱིན་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལྟ་བའི་རྣམ་པ་མི་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་

เล่ม ๑๖๒ · หน้า 353b

དེའི་ཕྱིར། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་མི་གཏོང་བ་ལའོ་ཞེས་བྱ་

བ་སྨྲས་ཏེ། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་སྐབས་སུ་བསྒོ་བ་ལས་གྱུར་པའི་མཚན་ཉིད་ཐུན་མོང་བ་སྔར་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་སྐབས་འདིར་ཡང་སྦྱར་བར་བྱ་སྟེ། བཟློག་པའི་ཚུལ་གྱིས་མི་གཏོང་བ་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་

ནོ། །གསོལ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ། །ཚིག་གི་སྐད་ཅིག་མ་གཅིག་ཉིད་དོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །མཇུག་སྡུད་པ་ནི་མ་ཡིན་ནོ། །འཇུག་པ་ནི་སྦྱོར་བ་ཉིད་དོ། །བསྐྲད་པ་དང་། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའིའོ། །དེ་ལ་བསྒོ་བ་མི་བྱ་བ་ཉིད་

དོ། །དེ་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ། །དེའི་མཐའ་ལ་མི་གཏོང་ནའོ་ཞེས་བྱ་བ་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞི་པོ་དག་གི་མཚན་ཉིད་ཐུན་མོང་བ་སྔར་བསྟན་པ་དེ་དག་འདིར་ཡང་རིག་པར་བྱའོ། །འདིར་བྱེ་བྲག་ཅུང་ཞིག་བརྗོད་པར་བྱ་སྟེ་

དེའི་ཕྱིར། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པར་གྱུར་པ་ཕམ་པར་འགྱུར་བ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདི་ལྟར་བལྟ་བའི་རྣམ་པ་གཞན་དག་ཀྱང་བཟུང་སྟེ།

ལྟ་བའི་རྣམ་པ་གཞན་དག་ལ་ཡང་བསྒྲུབ་པ་འདྲ་བའི་ཕྱིར་རོ། །འཇུག་པའི་ཚིག་མི་གཏོང་བ་ལའོ་ཞེས་བྱ་བ་ནི། རྩོམ་པའི་ཚིག་ཉིད་ཡོངས་སུ་མི་གཏོང་བ་ལ་ལྟུང་བྱེད་འདིར་འགྱུར་བའོ། །དེ་ལ་གསོལ་བས་སྨད་པ་ཉིད་དེ་དེའི་འོག་ཏུའོ་ཞེས་བྱ་བ་ནི། ལྟ་བའི་རྣམ་པ་མི་གཏོང་བའི་

དགེ་སློང་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྨད་པ་ཉིད་དང་གནས་ནས་དབྱུང་བ་ཅིག་ཅར་དུ་བྱ་སྟེ་སྨད་པར་འོས་པའི་ལས་དག་ནི་སྨད་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །གང་གི་ཚེ་ཞེ་ན། དེའི་འོག་ཏུ་སྟེ་ལྟུང་བྱེད་དུ་འགྱུར་བའི་ལྟ་བའི་རྣམ་པ་མི་གཏོང་བའི་འོག་ཏུ་ལས་ཀྱི་མཐའ་

เล่ม ๑๖๒ · หน้า 354a

ལའོ། །འདི་སྐད་བསྟན་ཏེ། བཟློག་པའི་ཚུལ་གྱིས་མི་གཏོང་བ་རྗེས་སུ་སྒྲུབ་པའི་རང་བཞིན་རྗེས་སུ་མཐུན་ནོ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་ལྟ་བའི་རྣམ་པ་མི་གཏོང་ན་ལས་ཀྱི་མཐའ་ལ་ལྟུང་བྱེད་དུ་འགྱུར་རོ། །དེའི་འོག་ཏུ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་

སྨད་པ་ཉིད་དང་། གནས་ནས་དབྱུང་བ་ཅིག་ཅར་བྱའོ། །སྨད་པ་ཉིད་ཅེས་བྱ་བ་ནི། །སྨད་པར་བྱ་བ་ཉིད་དུ་རྣམ་པར་བཞག་པར་གྱུར་པའི་སྨད་པར་བྱ་བ་སྤྱོ་ཞིང་སྨད་པ་ཡིན་ནོ། །གནས་ནས་དབྱུང་བ་ཞེས་བྱ་བ་ནི་སྤང་བའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།

སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་

ཉིད་ཡིན་ཞེ་ན་དེའི་ཕྱིར། དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་སྐད་སྨྲ་བས་ཞེས་བྱ་བ་ནི། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་

འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་སོ། །སྤངས་པ་ཞེས་བྱ་བ་ནི། དེ་སྐད་སྨྲ་བའི་རྒྱུས་དགེ་འདུན་གྱིས་སྤངས་པའི་དགེ་སློང་ངོ་། །ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་

བྱ་བ་ནི། སྤངས་པ་ཉིད་ཀྱི་བཟོད་པ་གསོལ་བ་ཉིད་མ་བྱས་པའོ། །དགེ་སློང་ལའོ་ཞེས་བྱ་བ་ནི། དེ་ལྟར་དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ། དགེ་སློང་དེ་ཡང་དེ་ལྟ་བུ་ཉིད་ཡིན་ལ་ལྟུང་

བ་འབྱིན་པར་བྱེད་པའི་དགེ་སློང་གིས་ཀྱང་དེ་ལྟར་ཤེས་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་སྤངས་པ་ཉིད་ཁ་ན་མ་ཐོ་བ་འདི་འབྱུང་བའི་རྒྱུ་ཡིན་གྱི་ལྟ་བ་མ་བཏང་བ་དང་ལྟུང་བ་མ་བཤགས་པ་ནི་མ་ཡིན་ནོ། །དེ་ལྟར་

เล่ม ๑๖๒ · หน้า 354b

གྱུར་ན་ཇི་སྲིད་དུ་སྤང་བར་བྱ་བའི་ལས་མི་བྱེད་པ་དེ་སྲིད་ཀྱི་བར་དུ་ནི་ལྟ་བ་མ་བཏང་བའི་དགེ་སློང་དེ་ལྟུང་བའི་བྱེད་པ་པོ་ཉིད་མ་ཡིན་ལ། དེ་བཞིན་དུ་ལྟ་བ་བཏང་བ་ལྟུང་བ་མ་བཤགས་པ་ཡང་ཁ་ན་མ་ཐོ་བ་འདི་འབྱུང་བའི་རྒྱུ་མ་ཡིན་ནོ། །ཇི་ཞིག་བྱས་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར།

ལུང་དཔོག་པ་དང་དམིགས་ཀྱིས་འདྲི་བ་དང་གནས་རྗེས་སུ་བསྟན་པ་དང་གདམས་ངག་སྦྱིན་ནའོ་ཞེས་བྱ་བ་སྨྲས་ཏེ། ལུང་དབོག་པ་སྦྱིན་པ་དང་། དམིགས་ཀྱིས་འདྲི་བའི་ལན་སྦྱིན་པ་དང་གནས་འཆའ་བ་སྦྱིན་པ་དང་། རྗེས་སུ་བསྟན་པ་སྦྱིན་པ་དང་གདམས་ངག་སྦྱིན་ནའོ་ཞེས་བྱ་བ་

སྦྱིན་པའི་སྒྲ་ཐམས་ཅད་དང་སྦྱར་བར་བྱའོ། །ལྟ་བ་སྨྲ་ནའོ་ཞེས་བྱ་བ་ནི། དགེ་སློང་སྤངས་པ་དེ་ལ་རང་གི་ལྟ་བ་འདི་འདྲའོ་ཞེས་སྨྲ་ཞིང་སྟོན་ནའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་སྤངས་པ་ལ་ལྟ་བ་སྨྲ་ན་ལོངས་སྤྱོད་ལས་བྱུང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་

ནོ། །ཟང་ཟིང་གི་ལོངས་སྤྱོད་བྱེད་ནའོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པ་ཟང་ཟིང་གི་ལོངས་སྤྱོད་བྱེད་ནའོ། །བསྙེན་བཀུར་བདག་གིར་བྱེད་ནའོ་ཞེས་བྱ་བ་ནི། སྤངས་པ་དེ་ལས་བསྙེན་བཀུར་བདག་གིར་བྱེད་ནའོ། །གནས་སུ་ལྷན་ཅིག་ཉལ་ན་ཡང་ངོ་ཞེས་བྱ་བ་ནི། སྤངས་པ་དེ་

དང་གནས་སུ་ལྷན་ཅིག་ཉལ་ན་ཡང་ངོ་། །གང་གི་ཚེ་ཞེ་ན་དེའི་ཕྱིར། མཐར་རོ་ཞེས་བྱ་བ་སྨྲས་སོ། །གང་གི་མཐར་ཞེ་ན་དེའི་ཕྱིར་མཚན་མོའི་ཞེས་བྱ་བ་སྨྲས་ཏེ། སྐྱ་རེངས་ཤར་ནའོ། །གཞན་གྱིས་བསྲུལ་ན་ཡང་ངོ་ཞེས་བྱ་བ་ནི། རྣམ་པ་གཞན་གྱིས་རྣམ་པར་གཏན་ལ་དབབ་པ་

ལས་བརྩམས་ཏེ། ཐ་ན་འདག་རྫས་ཙམ་གྱིས་བསྲུལ་ན་ཡང་སྟེ་དེ་དང་ལྷན་ཅིག་འདུ་འཛི་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱིས་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ནད་པར་གཏོགས་པའི་དོན་དང་ལྟ་བ་དང་དབྲལ་བར་གཏོགས་པའི་

དོན་གྱིས་བསྲུལ་བ་གང་ཡིན་པ་དེ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བསྙིལ་བ་སྡུད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། སྔར་ལྟ་བར་འགྱུར་བ་མི་གཏོང་བའི་ལྟུང་བྱེད་ཀྱི་སྐབས་སུ་དེ་ལ་མི་བསྒོ་

เล่ม ๑๖๒ · หน้า 355a

བར་མི་བྱ་བ་ཉིད་དོ། །དེ་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ་ཞེས་བྱ་བའི་ཆོ་ག་ཇི་སྐད་བསྟན་པ་དེ་དག་ཉིད་དགེ་ཚུལ་རྣམ་པ་དེ་ལྟ་བུ་ལ་ཡང་བྱ་སྟེ། དགེ་ཚུལ་ནི་དགེ་སློང་གི་འཁོར་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ལས་ཀྱི་མཐའ་ལ་མི་གཏོང་ན་

དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན་དགེ་ཚུལ་བསྙིལ་བར་བྱའོ་ཞེས་སྨྲས་ཏེ། དགེ་ཚུལ་གང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།

དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་བའི་ཚིག་དེ་ཉིད་ལ་ཞུགས་པ་དེ་ནི་ཚིག་དེ་ཉིད་ལ་ཞུགས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་མི་གཏང་ན་དགེ་ཚུལ་དེ་བསྙིལ་བར་བྱའོ། །འདིར་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་

དག་ཡིན་པ་ཞེས་བྱ་བའི་འདོད་པ་ཞེས་བྱ་བའི་སྒྲ་སྨོས་པ་ནི་ལྟ་བར་གྱུར་པ་རྣམ་པ་ཐམས་ཅད་ཀྱི་དཔེ་ཡིན་པར་རིག་པར་བྱའོ། །འདི་ལ་ནི་སྨད་པ་ཉིད་དུ་བྱ་བར་རྣམ་པར་གཞག་པ་ཡིན་གྱི་སྤང་བར་བྱ་བའི་ལས་ནི་མ་ཡིན་ཏེ། བསྟན་པ་ལ་ཞུགས་པ་ཡོངས་སུ་མ་རྫོགས་པ་ཉིད་ཡིན་པའི་ཕྱིར་རོ། །མ་གོ་

བའི་དགེ་ཚུལ་ལ་ནི་བཟློག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པའི་དངོས་པོར་བསྙིལ་བ་ཉིད་ཀྱང་མ་ཡིན་ལ། དགེ་འདུན་གྱིས་ལས་བྱས་པ་ཉི་ཚེ་ཙམ་གྱིས་ཀྱང་དགེ་ཚུལ་གྱིས་གོ་བར་མི་འགྱུར་བས་དེའི་ཕྱིར་ཆོ་ག་གང་གིས་དེས་གོ་བར་བྱ་བའི་ཆོ་ག་དེ་བསྟན་པའི་ཕྱིར། ཁྱོད་ལ་དང་པོར་གསོལ་

བ་དང་བཞིའི་ལས་ཀྱིས་སོ། །དེའི་འོག་ཏུ་ཁྱོད་ལ་བསྙིལ་བ་རྩོམ་མོ་ཞེས་བྱ་བ་དང་གསོལ་བ་བྱས་སོ། །ལས་བརྗོད་པ་དང་པོ་དང་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་རེ་རེའི་མཐར་དགེ་སློང་གིས་དེ་ལ་བསྒྲགས་པར་བྱའོ་ཞེས་བྱ་བ་སྨྲས་

ཏེ། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དགེ་ཚུལ་དེ་ལ་འདི་སྐད་ཅེས་ཁྱོད་ལ་དང་པོར་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་དོ་ཞེས་བྱ་བ་རྩོམ་པ་དང་དེའི་འོག་ཏུ་ཁྱོད་བསྙིལ་བའི་ལས་མཛད་དོ་ཞེས་བྱ་བའི་རྩོམ་པས་བསྒོ་བར་བྱའོ། །རྩོམ་པ་དེ་ཡང་གང་ཞེ་ན་དང་པོར་

เล่ม ๑๖๒ · หน้า 355b

གསོལ་བ་བྱས་པའི་འོག་ཏུ་དེ་ལ་འདི་སྐད་ཅེས་ཁྱོད་ཀྱི་ཕྱིར་དགེ་འདུན་གྱིས་གསོལ་བ་བྱས་ཟིན་གྱིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒྲགས་པར་བྱའོ། །དེའི་འོག་ཏུ་ལས་བརྗོད་པ་དང་པོ་བྱས་པའི་འོག་ཏུ་ཡང་དེ་ལ་འདི་སྐད་ཅེས་ཁྱོད་ཀྱི་ཕྱིར་དགེ་འདུན་གྱིས་

ལས་བརྗོད་པ་དང་པོ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒྲགས་པར་བྱའོ། །དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱས་པའི་འོག་ཏུ་ཡང་དེ་ལ་འདི་སྐད་ཅེས་ཁྱོད་ཀྱི་ཕྱིར་དགེ་འདུན་གྱིས་ལས་བརྗོད་པ་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་

ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒྲགས་པར་བྱའོ། །རེ་རེའི་མཐར་ཞེས་བྱ་བ་ནི། གསོལ་བ་དང་ལས་བརྗོད་པ་དང་པོ་དང་ལས་བརྗོད་པ་གཉིས་པ་བྱས་ཟིན་པ་རེ་རེའི་མཐར་རོ། །དགེ་སློང་གིས་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་གིས་སོ། །

དེ་ལ་ཞེས་བྱ་བ་ནི། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའི་དགེ་ཚུལ་དེ་ལའོ། །བསྒྲགས་པར་བྱའོ་ཞེས་བྱ་བ་ནི། ཁྱོད་ལ་དང་པོར་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པ་རྩོམ་མོ། །དེའི་འོག་ཏུ་ཁྱོད་བསྙིལ་བའི་ལས་མཛད་པ་རྩོམ་མོ་ཞེས་བྱ་བ་དག་བསྒོ་

བར་བྱའོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་ཐོང་ཤིག་ཅེས་བྱ་བ་ལ་སོགས་པ་རྩོམ་པས་གསུམ་པོ་དག་བསྒྲགས་པར་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ཟིན་པའི་འོག་ཏུ་ནི་ལས་རྫོགས་པ་ཟིན་པའི་ཕྱིར་བསྒྲགས་

ཀྱང་ཅི་ཡང་མི་ཕན་ཏེ་དེའི་ཚེ་ན་དགེ་ཚུལ་བསྙིལ་ཟིན་པའི་ཕྱིར་རོ། །བརྩམས་པ་མཐར་ཕྱིན་པ་བྱས་པ་ནི་རིགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་བསལ་བའི་ཕྱིར་བཏང་ན་ཕྱི་མ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་ལ་སོགས་པ་སྔ་མ་དག་གིས་དགེ་ཚུལ་དེས་ལྟ་བའི་རྣམ་པ་

བཏང་ན་དགེ་འདུན་གྱིས་ལས་ཕྱི་མ་མི་བྱའོ། །དགེ་འདུན་གྱི་དབྱེན་བྱེད་པ་མི་གཏོང་བ་ལ་སོགས་པ་གཏང་བར་བྱ་བའི་དོན་གྱི་ལས་ཐམས་ཅད་ལ་ཡང་དངོས་པོ་དེ་བཏང་ནས་ལས་ཕྱི་མ་མི་བྱའོ། །དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་ནི་གང་ཡིན། ཅི་ཞིག་

เล่ม ๑๖๒ · หน้า 356a

སྤྱད་ན་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན་དེའི་ཕྱིར། དགེ་ཚུལ་བསྙིལ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྔར་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་བྱེད་པ་པོ་གང་དག་ཡིན་པ་དེ་དག་ཉིད་འདིའི་བྱེད་པ་པོ་ཉིད་ཀྱང་ཡིན་ལ། དགེ་ཚུལ་གྱི་བསྙིལ་བ་ཉིད་

ལ་ལུང་འབོགས་པ་ལ་སོགས་པ་བྱེད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ་ཤེས་གཙོ་བོ་ཞེས་བྱ་བས་འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱའོ། །གང་ལ་འདུ་ཤེས་

གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དགེ་ཚུལ་བསྙིལ་བའི་གནས་སྐབས་སུ་གྱུར་པ་ལ་སྟེ། དགེ་ཚུལ་དེ་ཡང་དེ་ལྟ་བུ་ཉིད་ཡིན་ལ་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གིས་ཀྱང་དེ་ལྟར་ཤེས་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་བྱས་ན་

དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དགེ་ཚུལ་དེ་ལ་ལུང་དབོག་པ་དང་། དམིགས་ཀྱིས་འདྲི་བ་དང་། གནས་དང་རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ་དང་། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང་། བསྙེན་བཀུར་བདག་གིར་བྱེད་པ་དང་། གནས་སུ་ལྷན་ཅིག་

ཉལ་ན་ཡང་ངོ་། །མཐར་རོ་ཞེས་བྱ་བ་དང་མཚན་མོའིའོ་ཞེས་བྱ་བའི་དུས་སུའོ། །གཞན་གྱིས་བསྲུལ་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །ཕྱིར་བཟློག་པ་ན་དགེ་ཚུལ་གཞི་དེ་མི་གཏོང་ན་དེ་ལ་ནི་ཉེས་བྱས་སུ་འགྱུར་རོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་

ཏོ།། །།ཅི་ཞིག་བྱས་ན་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྔོན་པོ་འམ་དམར་པོའམ་ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་སྣོད་དང་རྐང་པའི་འབོབ་དང་སྐ་རགས་དག་གི་བགོ་བ་ལ་སོགས་པ་ལ་ཡོངས་

སུ་ལོངས་སྤྱོད་ནའོ་ཞེས་བྱ་བ་སྨྲས་ཏེ། སྔོན་པོ་ཞེས་བྱ་བ་ནི། སྐྱེ་བའི་ཚོན་གྱི་དཔེ་ཡིན་ནོ། །དམར་པོ་ཞེས་བྱ་བ་ནི་སའི་ཁམས་སོ། །ངུར་སྨྲིག་ཅེས་བྱ་བ་ནི། མེ་ཏོག་དང་འབྲས་བུ་དག་གི་དཔེ་ཡིན་ནོ། །འམ་ཞེས་བྱ་བའི་སྒྲས་ནི་གསུམ་པོ་དེ་དག་ལས་གང་ཡང་རུང་བ་

เล่ม ๑๖๒ · หน้า 356b

གཅིག་བཟུང་ངོ་། །ཁ་མ་བསྒྱུར་བ་ཞེས་བྱ་བ་ནི། དེ་དག་ལས་གང་ཡང་རུང་བས་ཁམ་བསྒྱུར་བའོ། །རང་གི་གོས་ཞེས་བྱ་བ་ནི། གཞན་གྱི་གོས་སྤྱོད་པ་ལ་ནི་ཁ་ན་མ་ཐོ་བ་ན་སྨད་པར་འགྱུར་བས་དེའི་ཕྱིར། རང་གི་ཞེས་བྱ་བ་སྨྲས་སོ། །ཐ་ན་ཞེས་བྱ་བས་ནི། ཆོས་གོས་

ལ་སོགས་པ་ཆེན་པོ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །ལྷུང་བཟེད་ཀྱི་ཁ་གཡོགས་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་སྟེང་ནས་གཡོགས་པའི་རྫས་སོ། །སྣོད་ཅེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དོ། །རྐང་པའི་འབོབ་ཅེས་བྱ་བ་ནི། རྐང་པ་དཀྲི་བའོ། །སྐ་རགས་དག་

ཅེས་བྱ་བ་ནི། རྒྱ་ཅང་དང་ལྕག་པོད་ལ་སོགས་པ་དག་གོ། །བགོ་བ་ཞེས་བྱ་བ་ནི། གོས་ཀྱི་རྣམ་གྲངས་སྤྱི་ལ་བསྙེགས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བགོ་བ་དག་ཉི་ཚེར་མ་ཟད་ཀྱི་སླེ་འུ་ལ་སོགས་པ་དག་ཀྱང་བཟུང་ངོ་། །ལ་ཡོངས་སུ་ལོངས་སྤྱོད་ནའོ་ཞེས་བྱ་བ་

སྨྲས་ཏེ། རང་གི་གོས་ཁ་མ་བསྒྱུར་བ་དེ་དག་ལ་ལོངས་སྤྱོད་ན་ལྟུང་བྱེད་དོ། །ཆུ་ཚགས་ནི་ཁ་བསྒྱུར་བར་མི་རིགས་པར་སྣང་སྟེ། ཆུ་ལ་ལག་ཉར་བླངས་པ་དང་། སོག་འཇོག་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པའི་ཉེས་པའི་

ཆ་ལ་བརྟེན་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ནི་ཡོ་བྱད་ཀྱི་གོས་བཞིན་དུ་ཁ་མི་བསྒྱུར་བར་བྱ་བ་ཡིན་ནོ། །སོ་སོར་ཐར་པའི་མདོ་ལས་གོས་སར་པ་ཞེས་སྨོས་པ་ནི་གསར་དུ་རྙེད་པས་སར་པ་ཡིན་པར་རིག་པར་བྱའི་མ་སྤྱད་པའི་སྒོ་ནས་སར་པ་ནི་མ་ཡིན་ནོ། །དེ་ལྟ་བས་

ན་གོས་དུས་ཚིགས་སུ་སྤྱད་པ་རྙིང་པ་ཞིག་གསར་དུ་རྙེད་ན་ཡང་ཁ་མ་བསྒྱུར་བར་བགོ་བར་མི་བྱའོ། །སྡེ་པ་གཞན་གྱི་ནི་ཡང་རུང་བར་བྱ་མི་དགོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མའི་སྡེ་པའི་འཁོར་རྣམས་ནི་སྡེ་པ་ཞེས་བྱ་བའི་

སྒྲར་འགྱུར་རོ། །སྡེ་པ་གཞན་གང་ཡང་རུང་བའི་གོས་རང་སྤྱོད་པ་ལ་ནི་ཡང་གཟོད་རུང་བར་བྱ་མི་དགོས་པ་ཉིད་ཡིན་ནོ། །ཁྱིམ་པས་བརྐུས་པ་ཡང་མི་དགོས་ཏེ་ཞེས་བྱ་བ་ནི། ཁྱིམ་པས་གཞན་ལ་བརྐུས་པའི་གོས་རུང་བར་བྱས་ཟིན་པ་ཞིག་དགེ་སློང་གིས་ཐོབ་ན་དེ་ཡང་གཟོད་རུང་

เล่ม ๑๖๒ · หน้า 357a

བར་བྱ་མི་དགོས་པ་ཉིད་ཡིན་ནོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གི་གོས་རུང་བར་བྱས་པ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ལ་ཡང་རུང་བར་བྱས་པ་ཉིད་ཡིན་ལ། དེ་བཞིན་དུ་དེ་ནི་ལྔ་པོ་ཐམས་ཅད་ལ་ཡང་རུང་བར་བྱས་པ་ཉིད་ཡིན་ནོ། །དགེ་

སློང་གིས་རྒྱལ་པོའམ་ཕྱིར་རྒོལ་བའམ་གཞན་དག་གིས་གོས་བརྐུས་པར་གྱུར་པ་ཞིག་གལ་ཏེ་སླད་ཀྱིས་ཐོབ་པར་གྱུར་ན་ཡང་རུང་བར་བགྱི་འཚལ་ལམ། ཉེ་བ་འཁོར་མི་དགོས་ཏེ། སྔ་མ་དེ་ཉིད་རུང་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཁ་དོག་ཆེན་པོར་ཁ་བསྒྱུར་བའི་གོས་

བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། ཁ་དོག་ཆེན་པོར་ཁ་བསྒྱུར་བའི་གོས་དེའི་བགོ་བ་བསྟེན་པར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་ཁ་དོག་ཆེན་པོ་བརྒྱད་པོ་ལི་ཁྲི་དང་ཐིང་ཤིང་དང་རྒྱ་སྐྱེགས་དང་མཚལ་དང་གུར་ཀུམ་དང་བཙོད་དང་རྨ་ཤིང་དང་ལེ་བརྒན་རྩིས་ཁ་སྒྱུར་བར་བྱེད་ནས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་ངུར་སྨྲིག་གཞན་འགའ་ཞིག་གིས་ཁ་བསྒྱུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་པའི་གོས་ཀྱང་མི་བྱའོ་ཞེས་བྱ་བ་ནི། ཁ་ཚར་དང་ཕུན་ཚར་མ་བཅད་པ་ནི་ཁྱིམ་པའི་གོས་ཏེ། དགེ་སློང་གོས་བགོ་བ་བསྟེན་

པར་མི་བྱའོ། །ཁ་མ་བསྒྱུར་བ་དང་ཁ་དོག་ཆེན་པོར་ཁ་བསྒྱུར་བ་ཡང་རུང་སྟེ། དེ་ཡང་སོ་སོར་བཀག་པའི་ཕྱིར་རོ། །གཙུག་ལག་ཁང་གི་ནང་དུ་ངུར་སྨྲིག་གིས་གཡོགས་ཏེ་བསྟེན་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་གཙུག་ལག་ཁང་གི་ནང་དུ་ནི་ཁྱིམ་པའི་གོས་དེ་སྟེང་དུ་ངུར་སྨྲིག་གིས་

གཡོགས་ཏེ་བགོ་བ་བསྟེན་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ཁྱིམ་པའི་གོས་བགོ་བར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་ཡོད་ན་སྟེང་དུ་ངུར་སྨྲིག་གིས་གཡོགས་ཏེ། གནས་ཁང་དང་གཙུག་ལག་ཁང་ནས་ཕྱིར་མི་འབྱུང་བར་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལམ་དུ་

གོས་བརྙས་པ་ནི་ཐུན་མོང་ཉིད་ཡིན་ནོ་ཞེས་བྱ་བ་ནི། ལམ་དུ་གོས་བརྙས་པ་གཅིག་གིས་ཐོབ་པ་ཡང་གཞན་དང་ཐུན་མོང་ཉིད་ཡིན་པར་ཤེས་པར་བྱའོ། །སུ་དང་ཐུན་མོང་ཉིད་ཡིན་ཞེ་ན་དེའི་ཕྱིར། གྲོགས་དག་དང་ངོ་ཞེས་བྱ་བ་སྨྲས་སོ། །གྲོགས་ཇི་ལྟ་བུ་དག་དང་ཞེ་ན་དེའི་ཕྱིར།

เล่ม ๑๖๒ · หน้า 357b

དགེ་སློང་དང་དགེ་ཚུལ་དག་དང་ངོ་ཞེས་བྱ་བ་སྨྲས་སོ། །གཅིག་པ་ཉིད་ཡིན་ན་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་དུ་སླེབ་པའི་སྟེང་དུ་གཡོགས་སོ་ཞེས་བྱ་བ་ནི། གོས་བརྙས་པ་གཅིག་པུ་ཞིག་ཉིད་ཡིན་ན། རྒན་རབས་ནས་བརྩམས་ཏེ་ཇི་སྲིད་དུ་སླེབས་ཤིང་གཡོགས་པ་དེ་ཚུན་ཆད་

ཀྱི་སྟེང་དུ་དགབ་པར་བྱའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་རྙེད་པ་དེ་ཉིད་ཀྱིས་བགོ་བར་མི་བྱ་བར་འདི་ལྟར་ཐུན་མོང་དུ་བྱའོ། །གལ་ཏེ་གཅིག་པུ་ཞིག་ཡིན་ན་དེས་ཇི་ལྟར་རྒན་རབས་ནས་བརྩམས་ཏེ་གར་སླེབས་པ་ཚུན་ཆད་ཀྱི་སྟེང་དུ་

གཡོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དམིགས་ཀྱིས་མ་བསྔོས་ན་གཞན་ལས་གྱོན་ཏེ་བཅག་པར་མི་བྱའོ་ཞེས་བྱ་བ་ལ། དམིགས་ཀྱིས་མ་བསྔོས་པ་ཞེས་བྱ་བ་ནི། ཆེ་གེ་མོ་ཞིག་ལ་སྦྱིན་ནོ་ཞེས་དམིགས་ཀྱིས་མ་བསྔོས་པར་སྤྱིར་བརྙན་པོར་བྱིན་ཏེ། དེ་གཞན་ལས་

བཤུས་ནས་རང་གོན་ཏེ་འཆག་ཏུ་འགྲོ་བར་མི་བྱའོ། །བསོད་ནམས་འདོད་པས་མགྲོན་དུ་བོས་ན་ཁ་ཚར་མ་བཅད་པ་མན་ཆད་སར་པ་ལ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་སྟེང་དུ་བརྫི་བར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་བསོད་ནམས་འདོད་པས་དགེ་སློང་མགྲོན་

དུ་བོས་ཏེ། གོས་སར་པ་ཁ་ཚར་མ་བཅད་པའི་བར་མན་ཆད་དག་གི་སྟེང་དུ་བརྫིར་གསོལ་ཞེས་ཟེར་ན་དེའི་ཚེ་དགེ་སློང་དེས་གོས་འདི་དེའུ་རེ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་སྟེང་དུ་རྐང་པ་གཉིས་ཀྱིས་བརྫི་བར་བྱའོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི། ཡང་བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། གང་འཆག་པར་བྱེད་ན་དེས་གང་ཟག་གི་གོས་གྱོན་ཏེ་བཅག་པར་བྱའོ། །གཞན་གྱིས་འཆག་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་ལམ་དུ་ཞུགས་པ་ལ་ཡང་

བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་གོས་སར་པ་ཁ་ཚར་རིང་པོ་དག་གིས་བཀབ་ཅིང་བདག་ཅག་ལ་ཕན་པའི་ཕྱིར་སྟེང་དུ་རྫིས་ཤིག་ཅེས་ཟེར་ན། མུ་སྟེགས་ཅན་ཟིལ་གྱིས་མནན་པའི་ཕྱིར་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་སྟེང་དུ་བརྫི་བར་བྱ་སྟེ་

เล่ม ๑๖๒ · หน้า 358a

འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ནས་ལོངས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་རེག་

ཏུ་བཅུག་ནའོ། །བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁ་ན་མ་ཐོ་བ་འདི་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་རིན་པོ་ཆེ་རང་གི་མ་ཡིན་པ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་རིན་པོ་ཆེའོ། །རང་གི་ལ་ནི་སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །དེར་སྨོས་པ་ཞེས་བྱ་བ་ནི། རིན་པོ་ཆེར་

སྨོས་པ་སྟེ། དེར་ཞེས་བྱ་བའི་སྒྲ་ནི་རིན་པོ་ཆེ་ལ་སྙེགས་སོ། །རང་གི་མ་ཡིན་པ་ཞེས་བྱ་བའི་སྒྲ་ནི་འདིར་སྦྱར་བར་མི་བྱ་སྟེ། རིན་པོ་ཆེར་སྨོས་པ་ནི་རང་གི་ཡང་རུང་རང་གི་མ་ཡིན་པ་ཡང་རུང་སྟེ། ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །ཅི་ཞིག་བྱས་ན་དེ་དག་ཁ་ན་མ་ཐོ་བ་འདིའི་

བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་རེག་གམ་རེག་ཏུ་བཅུག་ན་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རིན་པོ་ཆེ་རང་གི་མ་ཡིན་པ་དང་རིན་པོ་ཆེར་སྨོས་པ་ལ་བདག་ཉིད་རེག་གམ་གཞན་རེག་ཏུ་བཅུག་ན་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཡིན་ནོ། །རིན་པོ་ཆེར་སྨོས་པ་བདག་གིར་བྱེད་པ་ནི་

ཉེས་བྱས་ཏེ། ལོངས་པ་ནི་རྒྱགས་པ་ཡིན་ལ་བདག་གིར་བྱས་པ་ཙམ་ལ་ནི་ལོངས་པ་ཤས་ཆུང་བའི་ཕྱིར་རོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན་དེའི་ཕྱིར། དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ་ཞེས་བྱ་བ་སྨྲས་ཏེ། གཡུལ་དུ་

དགོས་ཤིང་གཡུལ་དང་འབྲེལ་བའི་མཚོན་ཆ་ནི་གཡུལ་དུ་སྤྱད་པའི་མཚོན་ཆའོ། །རོལ་མོར་དགོས་ཤིང་རོལ་མོ་དང་འབྲེལ་བའི་ལག་ཆ་ནི་རོལ་མོར་སྤྱད་པའི་ལག་ཆའོ། །དེ་གཉིས་ཇི་ལྟ་བུ་ཞིག་ཁ་ན་མ་ཐོ་བ་གང་གི་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར། དགོས་པའི་ཕྱིར་རུང་བ་ཉིད་དུ་

འགྱུར་བ་ནི་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གཡུལ་དུ་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པའི་མཚོན་ཆ་དང་རོལ་མོར་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པའི་ལག་ཆ་སྟེ། གལ་ཏེ་མཚོན་ཆ་དང་ལག་ཆ་དེ་གཡུལ་དང་རོལ་མོར་དགོས་པ་ཡིན་ན་དངོས་གཞིའི་ཁ་ན་མ་ཐོ་

เล่ม ๑๖๒ · หน้า 358b

བའི་བྱེད་པ་པོ་ཉིད་ཡིན་ནོ། །གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། མཚོན་ཆ་དང་ལག་ཆ་དེ་དག་གཡུལ་དང་རོལ་མོར་དགོས་པའི་ཕྱིར། རུང་བ་ཉིད་དུ་གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །ཅི་དེ་གཉིས་གནས་གང་ཡང་རུང་བ་ན་འདུག་པ་བྱེད་པ་པོ་ཡིན་

ནམ་ཞེ་ན་དེའི་ཕྱིར། གཙུག་ལག་ཁང་དང་དེའི་ཉེན་ཀོར་ན་འདུག་པ་ལ་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་སེམས་ཀྱིས་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་གནས་ཁང་གང་ཡང་རུང་བ་ན། འདུག་པ་བྱེད་པ་པོ་ཡིན་ནམ་ཞེ་ན་དེ་མ་ཡིན་ཏེ། དེའི་

ཕྱིར་གཙུག་ལག་ཁང་དང་དེའི་ཉེན་ཀོར་ན་འདུག་པ་ནི་མ་གཏོགས་ཏེ། གཙུག་ལག་ཁང་དང་འབྲེལ་པ་དང་དེའི་ཉེན་ཀོར་ན་འདུག་པ་ལ་རེག་གམ་རེག་ཏུ་བཅུག་ན་ནི་མ་གཏོགས་སོ། །ཅི་སེམས་གང་ཡང་རུང་བས་རེག་ན་ཡང་དེ་གཉིས་བྱེད་པ་པོ་མ་ཡིན་ནམ་ཞེ་ན། དེའི་

ཕྱིར་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིས་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་དེ་དག་བདག་གིར་བྱ་བ་དང་མ་འབྲེལ་བའི་སེམས་དང་རྫས་དེ་དག་ཆུད་མི་ཟ་བར་བྱ་བའི་སེམས་ཡོད་པའི་སེམས་དེས་གཙུག་ལག་

ཁང་དང་དེའི་ཉེན་ཀོར་ན་འདུག་པའི་མཚོན་ཆ་དང་ལག་ཆ་དེ་དག་ལ་ལག་པས་རེག་གམ་རེག་ཏུ་བཅུག་པ་ནི་མ་གཏོགས་སོ། །དེ་ལྟ་བས་ན་ཡོངས་སུ་བསྐྱང་བའི་ཕྱིར་རེག་པ་དང་རེག་ཏུ་བཅུག་པ་ལ་ནི་ཉེས་པ་མེད་དོ། །དེ་ཡོངས་སུ་བསྐྱང་བའི་ཆོ་ག་བསྟན་པའི་ཕྱིར།

དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་ན་འདུག་པའམ་གཙུག་ལག་ཁང་གི་ཉེན་ཀོར་ན་འདུག་པའི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་དེ་ཡལ་བར་མི་དོར་བ་སྟེ། དེ་གལ་ཏེ་བདག་པོ་ལས་འཁྱམས་པར་གྱུར་ན་བསྲུང་བའི་ཕྱིར་འབད་པར་བྱའོ། །

ཇི་ལྟར་དེ་ཡལ་བར་མི་དོར་བར་བྱ་ཞེ་ན་དེའི་ཕྱིར། དེ་ཞག་བདུན་ནམ་བརྒྱད་དུ་བསྡུ་སྐྱོག་བྱའོ་ཞེས་བྱ་བ་སྨྲས་ཏེ། བདག་པོ་ལས་འཁྱམས་པའི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་གཙུག་ལག་ཁང་ངམ་གཙུག་ལག་ཁང་གི་ཉེན་ཀོར་ན་འདུག་པ་དེ་དགེ་སློང་དེས་ཞག་བདུན་

เล่ม ๑๖๒ · หน้า 359a

ནམ་བརྒྱད་དུ་དུས་དུས་སུ་ལྟ་བ་ལ་སོགས་པས་བསྡུ་སྐྱོག་བྱའོ། །འགྲོ་བའི་ལམ་ཕྱོགས་སུ་སའམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་བསོད་སྙོམས་ལ་སོགས་པའི་དོན་དུ་འགྲོ་བའི་ལམ་ལོགས་སུ་རིན་པོ་ཆེའམ་རིན་

པོ་ཆེར་སྨོས་པ་བདག་པོ་ལས་འཁྱམས་པ་གཙུག་ལག་ཁང་གི་ཉེན་ཀོར་ན་འདུག་པ་དེ་སའམ་ལོ་མའི་ཚོགས་སམ་འདབ་མའི་ཚོགས་དག་གིས་གཡོགས་པར་བྱའོ། །བདག་པོ་རྟགས་ཐམས་ཅད་ལ་མ་བབ་པར་ཁོ་བོ་ཡིན་ནོ་ཞེས་ཟེར་བ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། བདག་

པོར་ཁས་འཆེ་བ་ཞིག་རྫས་དེའི་རྟགས་གང་ཡིན་པ་དེ་ཐམས་ཅད་ཐོག་ཏུ་ཕེབས་པར་གྱུར་པའི་དོན་གྱི་ཚིག་མི་སྨྲ་བར་གྱི་ན་མུན་སྤྲུལ་ཙམ་དུ་ཁོ་བོའི་ཡིན་ནོ་ཞེས་ཟེར་ན་དེ་ལ་གྱ་ཚོམ་དུ་སྦྱིན་པར་མི་བྱའོ། །འོངས་པར་མ་གྱུར་ན་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ་ཞེས་

བྱ་བ་ནི། དེའི་བདག་པོ་ཞག་བདུན་ནམ་བརྒྱད་དུ་འོངས་པར་མ་གྱུར་ན་དེའི་འོག་ཏུ་རྫས་དེ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ། །དེ་དག་དགེ་འདུན་གྱི་མཛོད་དུ་ཡུན་ཇི་སྲིད་ཅིག་ཏུ་བཅང་བར་བྱ་ཞེ་ན། དེའི་ཕྱིར། ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ་ཞེས་བྱ་བ་

སྨྲས་ཏེ། རྫས་དེ་དགེ་འདུན་གྱི་མཛོད་དེར་ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་ཏུ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱི་ས་རིས་གང་ནས་རྙེད་པ་དེར་སྤྱད་དུ་རུང་ངོ་ཞེས་བྱ་བ་ནི། ཟླ་བ་དྲུག་གི་འོག་ཏུ་བདག་པོ་མ་འོངས་ན་རྫས་དེ་དང་

པོ་སངས་རྒྱས་སམ་དགེ་འདུན་གྱི་ས་རིས་ཀྱི་ཡུལ་གང་གི་ནང་ནས་རྙེད་པ་དེར་སངས་རྒྱས་སམ་དགེ་འདུན་གྱི་དངོས་པོ་དེར་སྤྱད་དུ་རུང་བ་ཉིད་ཡིན་པའོ། །དེ་རུང་བ་ཉིད་མ་ཡིན་ན་དེས་རུང་བ་བརྟན་པོ་ཉོ་བར་བྱའོ་ཞེས་བྱ་བ་ནི། རྫས་དེ་སངས་རྒྱས་དང་དགེ་འདུན་གྱི་ཡུལ་ལ་རུང་བ་ཉིད་

མ་ཡིན་ན་རྫས་རུང་བ་ཉིད་མ་ཡིན་པ་དེས་རྫས་རུང་བ་བརྟན་པོ་གཞན་ཉོ་བར་བྱའོ། །གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་རྗེས་སུ་གནང་བ་གསོལ་ཏེ་མི་སྟེར་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དེའི་ཚེ་ཞེས་བྱ་བ་ཉོས་སམ་མ་ཉོས་པར་སྤྱོད་པའི་གནས་སྐབས་སུ་གྱུར་པ་

เล่ม ๑๖๒ · หน้า 359b

དེའི་ཚེ་བདག་པོ་འོངས་པར་གྱུར་ན་དེ་འོངས་པ་ལ་རྗེས་སུ་གནང་བ་གསོལ་བར་བྱ་སྟེ། ཁྱོད་ཀྱིས་འདི་སངས་རྒྱས་སམ་དགེ་འདུན་ལ་འབུལ་བའི་རིགས་སོ་ཞེས་རྗེས་སུ་གནང་བ་གསོལ་བར་བྱའོ། །གསོལ་ཏེ་གལ་ཏེ་མི་སྟེར་ན་མི་སྟེར་བའི་བདག་པོ་དེ་ལ་རྫས་དེ་ཕྱིར་སྦྱིན་པར་

བྱའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བདག་པོ་དེ་སྤྱད་པའི་ཕྱིར་ཁེ་ཚོལ་བར་བྱེད་ན་དེ་ལ་དེ་སྐད་ཅེས་ཁོ་བོ་ཅག་གིས་ཁྱོད་ཀྱི་རྫས་ཆུད་མ་ཟོས་པར་ཡོངས་སུ་

བསྐྱངས་པ་གང་ཡིན་པ་དེ་ཉིད་ཁྱོད་དྲིན་ཆེ་བར་མི་སེམས་སམ་ཞེས་བཤད་ཀྱི་བྱང་བར་བྱ་སྟེ་སྐྱེད་སྦྱིན་པར་མི་བྱའོ། །སྔར་རུང་བ་ཉིད་དུ་གྱུར་པ་ཞེས་གང་སྨོས་པ་དེ་ལ་རུང་བ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར། ནོར་བུ་ལ་སོགས་པ་ལ་ནི་བདར་བ་དང་ཕུག་པ་ཉིད་རུང་བ་ཉིད་ཡིན་ནོ་

ཞེས་བྱ་བ་སྨྲས་ཏེ། ནོར་བུ་ལ་སོགས་པ་ལ་ནི་བདར་བ་དང་ཕུག་པ་ཉིད་རུང་བ་ཉིད་དུ་གྱུར་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མུ་ཏིག་དང་བཻ་ཌཱུརྱ་ལ་སོགས་པ་དག་བསྡུའོ། །འདིར་གཞུང་ནི། དགེ་སློང་གི་ནོར་བུ་ལེན་ན་མ་བདར་བ་ལེན་ན་ནི་ཉེས་བྱས་སུ་འགྱུར་ལ་

བདར་བ་ལེན་ན་ནི་ལྟུང་བྱེད་དོ། །ནོར་བུ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་བཻ་ཌཱུརྱ་ནས་གཡས་སུ་འཁྱིལ་བའི་བར་ཡང་དེ་བཞིན་ནོ། །གཞན་ལས་ཀྱང་དགེ་སློང་གིས་ནོར་བུ་ལེན་ན་མ་ཕུག་པ་ལེན་ན་ནི་ཉེས་བྱས་སུ་འགྱུར་ལ། ཕུག་པ་ལེན་ན་ནི་ལྟུང་བྱེད་དུ་འགྱུར་རོ། །ནོར་བུ་

ཇི་ལྟ་བ་བཞིན་དུ་མུ་ཏིག་དང་བཻ་ཌཱུརྱ་ནས་གཡས་སུ་འཁྱིལ་བའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་ཉིད་དུ་གནས་པ་ཡང་ངོ་ཞེས་བྱ་བ་ལ། མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་

དཔུང་རྒྱན་དང་། དོ་ཤལ་དང་སེ་མོ་དོ་རྣམས་ཀྱི་དངོས་པོ་ནི་དེ་ཉིད་དེ་དེར་གནས་པ་ཞེས་བྱ་བ་དེའི་དབྱིབས་སུ་རེད་པ་ནི་རུང་བར་གྱུར་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། མགུལ་རྒྱན་དང་གདུ་བུ་རྒྱན་ཅན་ཉིད་ལ་སོགས་པ་གསེར་དང་དངུལ་ལས་བྱས་པ་ཉིད་ཡིན་ལ།

เล่ม ๑๖๒ · หน้า 360a

རྣམ་པ་དེ་ལྟ་བུར་འདུག་པ་ཡང་ཡིན་ན་གསེར་དང་དངུལ་དེ་གཉིས་ནི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །པི་ཝང་དང་འོད་མ་དང་བལ་ལ་རི་དང་མ་ཧ་ཏི་དང་སུ་གྷོ་ཤ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། པི་ཝང་དང་འོད་མ་དང་བལ་ལ་རི་དང་

མ་ཧ་ཏི་དང་སུ་གྷོ་ཤ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ཡིན་ཞིང་རྒྱུད་ཡོད་པ་ཉིད་ཡིན་ན་རུང་བར་གྱུར་པ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་པི་ཝང་ལེན་ན་རྒྱུད་དང་བཅས་པ་ལེན་ན་ནི་ལྟུང་བྱེད་དུ་འགྱུར་ལ། རྒྱུད་མེད་པ་ལེན་ན་ནི་ཉེས་བྱས་སུ་འགྱུར་རོ། །པི་ཝང་ཇི་ལྟ་

བ་བཞིན་དུ་འོད་མ་དང་བལ་ལ་རི་དང་མ་ཧ་ཏི་དང་སུ་གྷོ་ཤ་ཀ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དུང་དང་རྔ་བོ་ཆེ་དང་རྔ་པ་ཊ་ཧ་དང་རྫ་རྔ་རྣམས་ནི་སྒྲ་འབྱིན་ནའོ་ཞེས་བྱ་བ་ནི། དེ་དག་ནི་སྒྲ་འབྱིན་དུ་བཏུབ་པ་ཉིད་ཡིན་ན་རུང་བར་གྱུར་པ་ཉིད་ཡིན་ནོ། །གཞུ་ནི་རྒྱུད་དང་བཅས་པ་ཉིད་

ཡིན་ནའོ་ཞེས་བྱ་བ་ནི་གཞུ་ནི་རྒྱུད་དང་བཅས་པ་ཉིད་ཡིན་ན་རུང་བར་གྱུར་པ་ཉིད་ཡིན་ནོ། །རལ་གྲི་དང་རལ་གྲི་འཁྱོག་པོ་དང་རལ་གྲི་སོ་གཅིག་པ་དང་མདུང་ཐུང་དང་འཕང་མདུང་དང་ལྕགས་ཀྱོ་རྣམས་ནི་དེ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། རལ་གྲི་དང་རལ་གྲི་འཁྱོག་པོ་ལ་སོགས་པ་ནི་དེ་

དག་ཉིད་ཡིན་ན་རུང་བ་ཉིད་དུ་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མདའ་དང་ལྕགས་མདའ་དང་མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། མདའ་ལ་སོགས་པ་ནི་མདེའུ་དང་བཅས་པ་ཉིད་ཡིན་ན་རུང་བར་གྱུར་པ་ཉིད་ཡིན་

ནོ། །སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་རུང་བར་གྱུར་པ་ཉིད་ཡིན་ནོ། །ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །སྐུ་གདུང་མེད་པ་ཉིད་ཡིན་ན་ནི་

ཉེས་བྱས་སོ། །རིན་པོ་ཆེ་མ་ཡིན་པ་ལས་བྱས་པ་ལ་ནི་སྐུ་གདུང་མེད་པ་ཉིད་ཡིན་ན་ལྟུང་བ་མེད་དོ། །སྐུ་གདུང་དང་བཅས་པ་ཉིད་ཡིན་ན་ནི་ཉེས་བྱས་སོ། །མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་ཉིད་ལ་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་ནི་དངོས་གཞིའོ། །གང་ཡང་རུང་བ་

เล่ม ๑๖๒ · หน้า 360b

གཅིག་མ་ཚང་ན་ནི་ཉེས་བྱས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་སྐུ་གདུང་དང་བཅས་པ་ཉིད་ལ་ནི་དེ་དག་གི་སྐུ་གདུང་དང་བཅས་པ་ཡང་རུང་། སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཡང་རུང་སྟེ་ཉེས་བྱས་སུ་འགྱུར་རོ། །སྲེད་མེད་ཀྱི་བུ་

ལ་སོགས་པའི་གཟུགས་ནི་རིན་པོ་ཆེ་ལས་བྱས་པ་མ་ཡིན་པ་ཉིད་དེ་དག་གི་རུས་པ་དང་བཅས་པ་ཡང་རུང་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཡང་རུང་སྟེ་ཉེས་པ་མེད་དོ། །རིན་པོ་ཆེ་ལས་བྱས་པ་ཉིད་ཡིན་ན་ནི་རྫས་ཙམ་པ་ལས་ཉེས་བྱས་སུ་འགྱུར་རོ། །དེ་ལ་སྟོན་པའི་

འདུ་ཤེས་ཉེ་བར་བཞག་པར་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི། སྐུ་གཟུགས་དེ་དག་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ་རེག་གམ་རེག་ཏུ་བཅུག་པ་ལ་ནི་ཉེས་པ་མེད་དོ། །ནོར་བུ་མཆིང་བུ་དང་སོག་མའི་ཕྲེང་བ་དང་མཆུ་སྦྲང་དང་རྫ་རྔ་ཁ་གཅིག་པ་དང་གཞུ་དང་མདའ་ལྟར་

བཅོས་པ་རྣམས་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། དེ་དག་ལ་རེག་གམ་རེག་ཏུ་བཅུག་པ་ནི་ཉེས་བྱས་སོ། །ནོར་བུ་མཆིང་བུ་ལ་སོགས་པ་ནི་དཔེ་ཙམ་དུ་ཟད་དེ། ས་ལས་བྱས་པའི་ནོར་བུ་དག་ཀྱང་ཕྱེད་ཉིད་དོ། །མདའ་ལྟར་བཅོས་པ་ཞེས་བྱ་བ་ནི་ཤིང་བུ་ལ་སོགས་པ་དག་ལ་

ལྟོང་ཙམ་གཏོད་ཅིང་འོལ་ཕྱིར་ཙམ་མདའ་འདྲ་བར་བྱས་པ་ཡིན་པར་རིག་པར་བྱའོ། །གསེར་གྱི་སྟེགས་བུ་ནི་མི་རུང་བ་ཉིད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གསེར་གྱི་སྟེགས་བུ་ལ་འདུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། །།བམ་པོ་སུམ་

ཅུ་གསུམ་པ། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་རྐུན་པོ་ལ་སོགས་པས་འཇིགས་པར་གྱུར་ན་གལ་ཏེ་རང་གི་རྫས་སྦས་ནས་སམ་ཁྱེར་ཏེ་འགྲོ་བ་ལ་མི་གནོད་ན་དགེ་འདུན་གྱི་

དང་མཆོད་རྟེན་གྱི་དབྱིག་དང་གསེར་ཡང་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ། །གལ་ཏེ་གནོད་པར་འགྱུར་ན་རང་གི་ཡོ་བྱད་ཆུད་མི་གཟན་པའི་ཕྱིར་དང་པོར་རང་གི་ཆོས་དང་ལྡན་པའི་རྫས་སྦ་བར་བྱ་བའམ་བསྐུར་བར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་དགེ་འདུན་གྱི་ཟོང་

เล่ม ๑๖๒ · หน้า 361a

དག་ཁྱེར་ཏེ་ཁྱིམ་པ་དང་དགེ་ཚུལ་དག་ལ་བྱིན་པ་དང་དེ་དག་གིས་ཁྱེར་ཏེ་བྲོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་རང་གིས་ཁྱེར་ཏེ་འགྲོ་བར་བྱ་ཞིང་གང་གི་ཚེ་གཙུག་ལག་ཁང་དེ་ཉིད་ན་གནས་པ་ཡིན་ན་དེ་ཉིད་དུ་སྦྱིན་པར་བྱའོ་ཞེས་བྱ་

བ་ལ་སོགས་པའི་བར་དུ་གསུངས་པ་དང་། དགེ་སློང་དག་གིས་དགེ་འདུན་གྱི་ཟོང་དག་ཁྱེར་བ་དང་དེ་དག་གི་ལྷུང་བཟེད་དང་ཆོས་གོས་འཁྱམས་ནས། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་མི་

བྱ་སྟེ་གང་ཟག་ནི་ཕོངས་པར་འགྱུར་གྱི་དགེ་འདུན་ནི་མི་འགྱུར་བས་དེའི་ཕྱིར་དགེ་སློང་གིས་དང་པོར་རང་གི་ལྷུང་བཟེད་དང་ཆོས་གོས་བསྐུར་བར་བྱ་ཞིང་གལ་ཏེ་ནུས་ན་ཕྱིས་དགེ་འདུན་གྱི་ལ་ཡང་འབད་པར་བྱའོ། །མཆོད་རྟེན་གྱི་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །

སྦེད་པར་གྱུར་པ་གང་གིས་སྦས་ནས་སམ། ཁྱེར་ཏེ་ཞེ་ན་དེའི་ཕྱིར། དད་པ་ཅན་ནམ་དགེ་ཚུལ་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་གྱིས་སོ། །དགེ་ཚུལ་ལ་ནི་དད་པ་མ་སྨྲས་ཀྱང་གྲུབ་བོ། །མེད་ན་རང་གིས་སོ་ཞེས་བྱ་བ་ནི། དེ་གཉིས་གཅིག་

ཀྱང་མེད་ན་རང་གི་ས་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ། །དེར་བརྐོ་བར་བྱའོ་ཞེས་བྱ་བ་ནི། སྦ་བ་དང་བསྐུར་བ་དེར་ཁྱིམ་པ་དང་དད་པ་ཅན་ནམ་དགེ་ཚུལ་གྱིས་ས་བརྐོ་བར་བྱའོ། །དེ་གཉིས་མེད་ན་རང་གིས་བྱའོ། །བསྐུར་བ་ལ་ཇི་ལྟར་བརྐོ་དགོས་ཤེ་ན། རྒྱལ་རྫས་

དེ་སའི་འོག་ཏུ་སྦས་པའམ་འགའ་ཞིག་ལ་ཐོགས་པ་ཡིན་ན་དེ་ལ་ཡང་བརྐོ་དགོས་པའི་ཕྱིར་རོ། །བྲལ་ན་སྦྱིན་ནོ་ཞེས་བྱ་བ་ནི། འཇིགས་པ་དང་བྲལ་ན་རྫས་སྦས་པའམ་ཁྱེར་བ་དེ་ཉིད་དུ་སྦྱིན་པའོ། །བྲུ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། སྦ་བ་དང་བསྐུར་བའི་ཆོ་ག་ཇི་

སྐད་བསྟན་པ་བཞིན་དུ་རྫས་དེ་སའི་འོག་ནས་བྲུ་ཞིང་དབྱུང་བ་ཡང་དེ་དང་འདྲ་བར་རིག་པར་བྱ་སྟེ། དད་པ་ཅན་ནམ་དགེ་ཚུལ་གྱིས་བྲུའོ། །དེ་གཉིས་མེད་ན་རང་གིས་སོ། །མི་མ་ཡིན་པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བའི་རིན་པོ་ཆེའི་རང་བཞིན་གྱི་

เล่ม ๑๖๒ · หน้า 361b

ས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། མི་མ་ཡིན་པ་ལྷ་དང་ཀླུ་ལ་སོགས་པའི་གནས་ན་དེ་དག་གིས་འཇིག་རྟེན་འཆགས་པའི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་གྱི་ས་གཞི་དང་ཐེམ་སྐས་ལ་སོགས་པ་དག་ཡོད་པ་དེ་ལ་གལ་ཏེ་རེག་པ་ལ་

སོགས་པ་ལ་ནི་ཉེས་པ་མེད་པའོ། །ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ནི་ཟན་གྱི་ཕྱིར་ཟངས་མ་ལས་བྱས་པ་ལ་སོགས་པའི་སྣོད་གཞན་མེད་ན་རིན་པོ་ཆེ་ལས་བྱས་པ་ཡང་ཉེས་པ་མེད་དོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་མི་མ་ཡིན་པའི་གནས་ན་གལ་

ཏེ། དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །འདུག་པའི་ཕྱིར་གནས་པ་ལ་ཡང་ངོ་ཞེས་བྱ་བ་ནི། འདུག་པའི་ཕྱིར་རིན་པོ་ཆེའི་རང་བཞིན་གྱི་གནས་མལ་ལ་ཡང་ཉེས་པ་མེད་པའོ། །ཡང་ངོ་

ཞེས་བྱ་བའི་སྒྲ་ནི་མི་མ་ཡིན་པའི་གནས་ན་ཞེས་བྱ་བ་ལ་སོགས་པ་དང་། གཞན་མེད་ན་ཞེས་བྱ་བ་ལ་སོགས་པའི་རྗེས་བསྙེགས་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་དག་ལྷ་དང་ཀླུའི་གནས་དག་ཏུ་འགྲོ་བ་ན་དེ་དག་དེར་ཟན་ལ་བོས་ནས་དེ་དག་གི་གནས་ན་གསེར་ལ་སོགས་

པ་ལས་བྱས་པའི་སྣོད་དག་ཡོད་ཅིང་གཞན་དག་མེད་ན་དེ་དག་དེ་རྣམས་ལ་འགྱོད་ཅིང་མི་ཟ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་གང་ན་སྣོད་གཞན་དག་རྙེད་པ་མེད་པ་དེར་གསེར་ལ་སོགས་པ་ལས་བྱས་པའི་སྣོད་དག་ཏུ་བཟའ་བར་

རྗེས་སུ་གནང་གི་འདི་ལ་འགྱོད་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། དེ་བཞིན་དུ་དེ་དག་གིས་དེར་རིན་པོ་ཆེ་ལས་བྱས་པའི་ཁྲི་སྟན་དག་རྙེད་ནས་མི་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སེམས་ཅན་དེ་དག་གི་བསོད་ནམས་ལས་

བྱུང་བ་ཡིན་པས་དེ་དག་ལ་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཞོན་པས་འགྲོ་བར་བྱའོ་ཞེས་བྱ་བ་ནི། གླང་པོ་ཆེའི་བཞོན་པ་ལ་སོགས་པས་འགྲོ་བར་བྱའོ། །ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་སོ་ཞེས་བྱ་བ་ལ། ཆོས་དང་མི་འབྲལ་བའི་དགོས་པའི་

เล่ม ๑๖๒ · หน้า 362a

ཆེད་ནི་ཆོས་དང་ལྡན་པའི་དོན་གྱི་དབང་ངོ་། །དེའི་དངོས་པོ་ནི་དེ་ཉིད་དེ་དེས་སོ། །ཆོས་དང་ལྡན་པའི་དགོས་པ་བསྒྲུབ་པའི་ཆེད་ཀྱིས་བཞོན་པས་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡང་ཆ་སྒེག་དང་ལྡན་པ་ཉིད་ཀྱིས་མི་བྱའོ་ཞེས་བྱ་བ་ནི།

བཞོན་པ་དེ་ལ་ཡང་གསེར་དང་རྒྱ་དར་ལ་སོགས་པ་དག་གི་ཆ་སྒེག་དང་ལྡན་པ་ཉིད་ཀྱིས་བཞོན་ཞིང་འགྲོ་བར་མི་བྱ་བའོ། །རྒས་པ་དང་ན་བ་དག་ལས་གཞན་པས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དགོས་པ་དང་བཅས་པའི་དབང་གིས་ཀྱང་རྒས་པ་དང་ན་བ་དག་མ་གཏོགས་པ་

དེ་ལས་གཞན་པས་བཞོན་པས་འགྲོ་བར་མི་བྱ་བའོ། །འདིར་གཞུང་ནི་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་གཞོན་པ་རྗེས་སུ་གནང་བ་དང་དྲུག་སྡེ་དག་བཞོན་པས་འགྲོ་བར་རྩོམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་འགྲོ་བར་མི་བྱ་སྟེ་ཉེས་དམིགས་དེ་

ཉིད་ཡོད་དོ། །དེ་ལྟ་བས་ན་གཉིས་ཀྱིས་བཞོན་པས་འགྲོ་བར་བྱ་སྟེ། རྒས་པ་རྒ་བས་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པས་སོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེ་བར་འགྱུར་བའི་ཡིད་ལ་

བྱེད་པས་འདུག་པར་བྱའོ་ཞེས་བྱ་བ་ནི་འདི་ལ་འདུག་སྟེ། ཉན་པ་པོ་རྣམས་ལ་ཆོས་བསྒྲགས་པར་བྱའོ་སྙམ་པའི་དོན་གྱི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་འདི་ནི་དེ་འུ་རེ་མི་རྟག་པས་ཉེན་པར་འགྱུར་བ་ཡིན་ན་སྙམ་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །འདིར་གཞུང་

ནི་དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སེང་གེའི་ཁྲི་བཤམས་པ་དག །དགེ་སློང་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་གྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་སྟེ་དེ་ལ་འདུག་ནས་ཆོས་བཤད་

པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་དུ་དེས་བཤམས་པ་ན་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཀས་གཤིབས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཀྱང་ངོ་ཞེས་བྱ་བ་ལ། ཁྱིམ་དུ་ཞེས་བྱ་བ་ནི་ཁྱིམ་གཞན་དུའོ། །དེས་བཤམས་པ་ན་

เล่ม ๑๖๒ · หน้า 362b

ཞེས་བྱ་བ་ནི། ཁྱིམ་པས་བཤམས་པ་ནའོ། །གསེར་དང་དངུལ་གྱིས་སྤྲས་པ་ཞེས་བྱ་བ་ནི། དེ་དག་གིས་བརྒྱན་པའོ། །དྲིལ་བུ་གཡེར་ཀས་གཤིབས་པ་ཞེས་བྱ་བ་ནི། དྲིལ་བུ་ཆུང་ངུ་དག་གིས་གཡོགས་པའོ། །གོས་དག་ལ་ཞེས་བྱ་བ་ནི། དེ་ལྟར་གསེར་དང་དངུལ་གྱིས་

སྤྲས་པ་དྲིལ་བུ་གཡེར་ཀས་གཤིབས་པའི་གོས་དེ་དག་ལའོ། །ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཞེས་བྱ་བ་ནི། གོས་དེ་དག་ནི་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་སོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་

པར་བྱའོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །འདིར་གཞུང་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ཀྱི་ཕྱིར་ཁྱིམ་གྱི་ནང་དུ་གསེར་དང་དངུལ་གྱིས་སྤྲས་པ་གསེར་གྱི་དྲིལ་བུ་གཡེར་ཀས་གཤིབས་པའི་གོས་དག་བཤམས་པ་དང་། དགེ་སློང་དག་

དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་སྟེ། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་དག་ལ་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་

བརྒྱན་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། སེང་གེའི་ཁྲི་དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པའི་གོས་དག་ལ་འདུག་པར་བྱའོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་

རོ། །འདི་ལྟར་སེང་གེའི་ཁྲི་རྣམས་སྔར་བསྟན་པ་འདི་དག་ཐམས་ཅད་འདུས་པ་ཡིན་མོད་ཀྱི། འོན་ཀྱང་གཞུང་ལས་དངོས་སུ་གསུངས་པའི་ཚིག་ཡོད་པས་མདོ་འདི་ལོགས་ཤིག་ཏུ་བྱས་སོ། །དེ་དག་བྲུབ་པར་བྱའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་ལ་གོས་རྣམ་པ་དེ་ལྟ་བུ་

བཤམས་པ་དེ་དག་དགེ་སློང་དག་གིས་བྲུབ་པར་བྱའོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་ཉིད་མེད་དོ་ཞེས་བྱ་བ་ནི། ཁྱིམ་པ་དང་

เล่ม ๑๖๒ · หน้า 363a

དགེ་ཚུལ་མེད་ན་དགེ་སློང་དག་གིས་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་པ་དེ་དག་གིས་སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་ལ་ཆོས་དང་ལྡན་པའི་དོན་གྱི་དབང་གིས་རེག་པ་ལ་མི་རུང་བ་ཉིད་མེད་པའོ། །མཆོད་པའི་དོན་

གྱི་དབང་ཉིད་དུ་ནི་གཉི་ག་ཡོད་ན་ཡང་། རེག་པ་ལ་ཉེས་པ་མེད་དོ། །དེའི་རྫས་ལ་ཡང་ངོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་རྒྱན་ལ་སོགས་པ་ལ་ཡང་དེ་གཉིས་མེད་ན་རེག་པ་ལ་མི་རུང་བ་ཉིད་མེད་པའོ། །མཆོད་པའི་དོན་གྱི་དབང་ཉིད་དུ་ནི་དེ་གཉིས་ཡོད་ན་

ཡང་རེག་པ་ལ་མི་རུང་བ་ཉིད་མེད་དོ། །རྒྱན་གདགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། གདུ་བུ་རྒྱན་ཅན་ལ་སོགས་པའི་རྒྱན་གདགས་པ་བསྟེན་པར་མི་བྱ་བའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་ལག་རྒྱན་དང་རྐང་རྒྱན་གདགས་པར་མི་བྱའོ། །འདོགས་

ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཚོན་སྣ་ལྔའི་སྔགས་སྐུད་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གསོ་བའི་དོན་དུ་ནི་ཉེས་པ་མེད་དོ། །རྒྱ་བཅང་བར་བྱའོ་ཞེས་བྱ་བ་ནི། སྔར་སྤྱིར་

བཏང་བ་བྱས་པའི་དམིགས་ཀྱིས་བསལ་བ་ཡིན་ནོ། །རྒྱན་རྣམ་པ་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། གདགས་སུ་མི་རུང་བའོ་ཞེས་བྱ་བ་སྨྲས་ཏེ། རྒྱན་དུ་གདགས་པར་མི་རུང་བ་ཉིད་གང་ཡིན་པ་རྣམ་པ་དེ་ལྟ་བུའི་རྒྱ་བཅང་བར་བྱའོ། །ཅི་ཞིག་ལས་བྱས་པ་ཞེ་ན།

དེའི་ཕྱིར་རོ་ཉེའམ་ཟངས་སམ་ར་གན་ནམ་ཁར་བའམ་རྒྱ་སྐྱེགས་ཀྱི་ཚིགས་མའམ་ཤིང་ངམ་རྡོའམ་སའམ་བ་སོའམ་རྭ་དག་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གང་ཡང་རུང་བ་ལས་བྱས་པའོ། །འདིར་གཞུང་ནི་གཞུང་གཅིག་ལས་དགེ་སློང་གིས་གསེར་

ལ་སོགས་པ་ལས་བྱས་པའི་རྒྱ་བཅང་བར་མི་བྱའོ། །སོར་གདུབ་རྒྱ་ཡང་བཅང་བར་མི་བྱའོ། །འདི་ལྟར་རྒྱ་ནི་རྣམ་པ་ལྔ་སྟེ། ར་གན་ལས་བྱས་པ་དང་ཟངས་ལས་བྱས་པ་དང་། ཁར་བ་ལས་བྱས་པ་དང་། བ་སོ་ལས་བྱས་པ་དང་། རྭ་ལས་བྱས་པའོ་ཞེས་གསུངས་

เล่ม ๑๖๒ · หน้า 363b

པ་དང་། གཞུང་ཁ་ཅིག་ལས་འདི་ལྟར་རྒྱ་རྣམ་པ་བརྒྱད་པོ་རོ་ཉེ་དང་ཟངས་མ་དང་ར་གན་དང་ཁར་བ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་། ཤིང་དང་རྡོ་དང་ས་ལས་བྱས་པ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་རིན་པོ་ཆེ་ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ། །རྟགས་ནི་

དགེ་འདུན་གྱི་ལ་ནི་དབུས་སུ་འཁོར་ལོ་ངོས་གཉིས་སུ་རི་དགས་སོ། །འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ་ཞེས་བྱ་བ་ནི། དགེ་འདུན་གྱི་རྒྱ་ལ་ནི་རྟགས་འདི་ལྟ་བུ་བྱ་སྟེ་དབུས་སུ་འཁོར་ལོ་བྲིས་ནས་ངོས་གཉིས་སུ་རི་དགས་གཉིས་བྲི་བར་བྱ་ཞིང་། འཁོར་ལོའི་འོག་ཏུ་གཙུག་

ལག་ཁང་གི་བདག་པོའི་མིང་བྲི་བར་བྱའོ། །གང་ཟག་གི་ལ་ནི་རུས་པའི་ཀེང་རུས་སམ་མགོ་བོའི་ཐོད་པའོ་ཞེས་བྱ་བ་ནི། གང་ཟག་གི་རྒྱ་ལ་ནི་རུས་པའི་ཀེང་རུས་སམ་མགོ་བོའི་ཐོད་པར་བྲི་བར་བྱའོ། །སོ་མངས་ཀྱིས་སྐྲ་བཤད་པར་མི་བྱའོ་ཞེས་བྱ་བ་ནི། སོ་མངས་ཀྱིས་སྐྲ་བཤད་པར་

མི་བྱ་བ་སྟེ། དེ་ལ་སོགས་པ་ནི་ལོངས་པའི་དངོས་པོ་ཡིན་པའི་ཕྱིར་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་ནི་དཔེའོ་ཞེས་བྱ་བ་ནི། སོ་མངས་ཞེས་བྱ་བ་འདི་ནི་བཤད་སྤྱད་དུ་གྱུར་པའི་རྫས་གཞན་གྱི་དཔེ་ཡིན་ཏེ། སྐྲ་བཤད་པའི་སྤྱད་གཞན་གྱིས་ཀྱང་སྐྲ་བཤད་པར་མི་བྱའོ། །མེ་ལོང་

གིས་བཞིན་ལྟ་བར་མི་བྱའོ་ཞེས་བྱ་བ་ནི། མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཆུ་ཡན་ཆད་ཀྱིས་སོ་ཞེས་བྱ་བ་ནི། ཐ་ན་ཆུ་ཡན་ཆད་ཀྱིས་ཀྱང་སྟེ། ཆུ་ཡན་ཆད་ནས་མར་དང་འབྲུ་མར་ལ་སོགས་པ་རྫས་གཞན་གྱི་བར་མན་ཆད་ཀྱིས་ཀྱང་བཞིན་བལྟ་བར་མི་བྱའོ། །ཆུ་བརྟག་པའི་

ཆེད་ཉིད་དང་གཉེར་མ་དང་རྨ་དང་སྐྲ་དཀར་ལྟ་བ་དང་། སྔ་ཕྱིའི་མཚན་མ་བཟུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཆུ་བརྟག་པའི་ཆེད་ཉིད་དང་རྨ་དང་གཉེར་མ་དང་སྐྲ་དཀར་ལྟ་བ་དང་ལུས་ཀྱི་གནས་སྐབས་སྔ་ཕྱིའི་མཚན་མ་གཟུང་བའི་ཕྱིར་ལྟ་བ་ལ་ནི་ལྟུང་བ་མེད་དོ། །དཔྲལ་

རིས་གསུམ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དཔྲལ་བར་ས་དཀར་གྱིས་རི་མོ་གསུམ་མི་བྱ་བའོ། །འདིར་གཞུང་ནི་དྲུག་སྡེ་དག་ས་དཀར་གྱིས་དཔྲལ་རིས་གསུམ་དུ་བྱས་ཏེ། བསོད་སྙོམས་ལ་ཞུགས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དཔྲལ་

เล่ม ๑๖๒ · หน้า 364a

རིས་གསུམ་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གི་ཝང་གིས་བསྐུ་བ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དེས་ཀྱང་བསྐུ་བར་མི་བྱའོ། །དྲི་དག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ཡང་། བསྐུ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གསོ་བའི་ཆེད་

ཉིད་དུ་ནི་མ་གཏོགས་སོ། །བསོད་ནམས་འདོད་པས་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་བསོད་ནམས་འདོད་པས་དགེ་སློང་རྣམས་ཀྱི་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་བྱའོ། །ལུས་བསྐུ་བའི་དྲི་

ཞེས་བྱ་བ་ནི། ལུས་ལ་བསྐུ་བར་བྱ་བའི་དྲི་གང་ཡིན་པའོ། །དེ་བསྟེན་པར་བྱའོ་ཞེས་བྱ་བ་ནི། བདག་གིར་བྱ་བའོ། །འདིར་གཞུང་ནི་དད་པ་ཅན་དག་གིས་དགེ་སློང་དག་ཁྱིམ་གཞན་དུ་མགྲོན་དུ་བོས་ཏེ་ཟན་སྦྱིན་པ་ན་དེ་དག་དེ་དག་གི་རྐང་པ་དག་ལ་ལུས་བསྐུ་བའི་དྲི་འབུལ་བར་བྱེད་ནས་

དགེ་སློང་དག་མི་ལེན་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་དག་གིས་དྲི་བདག་གིར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དེའི་མདུན་དུ་དོར་བར་མི་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་བསོད་ནམས་འདོད་པས་དེའི་མདུན་དུ་དྲི་དེ་དོར་བར་མི་བྱའོ། །འདིར་

གཞུང་ནི་དགེ་སློང་དག་གིས་བླངས་ནས་དེ་དག་ཉིད་ཀྱི་མདུན་དུ་དོར་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཉིད་ཀྱི་མདུན་དུ་དོར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ད་ནི་བསྐུ་བར་གཏོགས་པའི་ཆོ་ག་བརྗོད་པར་བྱ་སྟེ། དེ་དག་གིས་

བསྐུས་པ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དྲི་དེ་དག་གིས་བསྐུས་པ་དགེ་འདུན་ཚོགས་པའི་ནང་དུ་འདུ་བར་མི་བྱའོ། །ཁྱིམ་པ་དག་ལ་ཆོས་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དྲི་དེ་དག་གིས་བསྐུས་པས་ཁྱིམ་པའི་ནང་དུ་

སོང་སྟེ། དེ་དག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དྲི་དག་གིས་བསྐུས་པ་བསོད་སྙོམས་ལ་སོགས་པ་ལ་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །མཇུག་ཏུ་ཁྲུས་བྱའོ་ཞེས་བྱ་བ་ནི། བསྐུ་བའི་ལས་ཟིན་པའི་མཇུག་ཏུ་ཁྲུས་

เล่ม ๑๖๒ · หน้า 364b

བྱའོ། །འདིར་གཞུང་ནི་དགེ་སློང་དྲི་འཆང་བས་དྲི་ཡོད་བཞིན་དུ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ། །བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱའོ། །བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །གང་གི་ཚེ་སོས་པར་གྱུར་

པ་དེའི་ཚེ་ན་ཁྲུས་བྱས་ཏེ། དྲི་བསལ་ནས་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་བླང་བར་བྱའོ་ཞེས་བྱ་བ་ནི། དྲི་དེ་དག་བླང་བར་བྱའོ། །ཕྲེང་བའི་རྒྱུ་དག་ཀྱང་ངོ་ཞེས་བྱ་བ་ཡང་བླང་བར་བྱའོ། །མཆོད་རྟེན་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་དྲི་དང་

ཕྲེང་བའི་རྒྱུ་བླངས་པ་དེ་དག་མཆོད་རྟེན་ལ་དབུལ་བར་བྱ་བའོ། །སུའི་མཆོད་རྟེན་ལ་ཞེ་ན་དེའི་ཕྱིར། ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། ཡང་ངོ་ཞེས་བྱ་བའི་སྒྲ་ལས་སངས་རྒྱས་ཀྱི་འབའ་ཞིག་ལ་འབུལ་བར་མ་ཟད་གྱི་ཞེས་བྱ་བར་ཤེས་སོ། །སྦྱིན་པར་བྱེད་པར་མངོན་པར་

མ་དད་ན་མགོ་ལོགས་སམ་རྐང་པ་ལོགས་སུ་བྱའོ་ཞེས་བྱ་བ་ནི། དྲི་དང་ཕྲེང་བ་རྒྱུ་དེ་དག་མཆོད་རྟེན་ལ་དབུལ་བར་སྦྱིན་པར་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་ཀྱི་སྔས་སམ་རྐང་པ་ལོགས་ཀྱི་རྟེན་མར་བཞག་པར་བྱའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། སྒོའི་བྱང་ཐད་མ་ཡིན་

པར་རོ་ཞེས་བྱ་བ་སྨྲ་སྟེ། སྒོའི་བྱང་ཐད་མ་གཏོགས་པར་རོ། །གཞི་གང་ལ་དེ་ཉིད་བཞག་པར་བྱ་ཞེ་ན། དེའི་ཕྱིར། རྩིག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩིག་པའི་ངོས་སུའོ། །དྲི་ལས་དམིགས་ཀྱིས་བསལ་བར་གྱུར་བ་ཕྲེང་བ་རྒྱུའི་ཆོ་ག་གཞན་བརྗོད་པར་བྱ་སྟེ། དེར་ཁབ་

བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་རྒྱུ་དག་བཅང་བར་བྱའོ་ཞེས་བྱ་བ་ནི། རྩིག་ངོས་བརྟན་པ་དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་རྒྱུ་དེ་དག་བཅང་བར་བྱའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ་ཞེས་བྱ་བ་ནི། མིག་ལ་ཕན་པ་མིག་སྨན་ག་པུར་དང་

ཨུཏྤ་ལ་སྔོན་པོ་ལ་སོགས་པ་དྲི་ཞིམ་པོ་དག་དུས་དུས་སུ་སྣར་བསྣམ་པར་བྱ་བ་སྟེ། རྟག་ཏུ་ནི་མ་ཡིན་ནོ། །བྲམ་ཟེའི་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། བྲམ་ཟེའི་སྲད་བུ་ཞེས་བྱ་བ་མཆོད་སྦྱིན་དག་བྱེད་སྲད་བུའི་སེ་རལ་ཕྲེང་ཐག་ཐོགས་པ་བསྟེན་པར་མི་བྱ་བའོ། །

เล่ม ๑๖๒ · หน้า 365a

སྔགས་སྐུད་ཀྱང་ངོ་ཞེས་བྱ་བ་ཡང་། སྔགས་སྐུད་ཐོགས་པ་ཡང་བསྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ནད་པ་ནི་མ་གཏོགས་སོ་ཞེས་གསུངས་པས་དེའི་ཕྱིར་གནས་གར་གདགས་པའི་བྱེ་བྲག་བསྟན་པའི་ཕྱིར། གསོ་བའི་ཕྱིར་ནི་དཔུང་པ་གཡོན་པར་རོ་

ཞེས་བྱ་བ་སྨྲས་ཏེ། གསོ་བའི་ཕྱིར་ནི་ཚོན་སྣ་ལྔའི་སྔགས་སྐུད་ཐོགས་པ་ཡང་བསྟེན་པར་བྱའོ། །ལག་པ་གཡོན་པའི་གྲུ་མོའི་གོང་གི་དཔུང་པར་གདགས་པར་བྱའོ། །གར་བབ་བབ་ཏུ་མི་དོར་རོ་ཞེས་བྱ་བ་ནི། སོས་པར་གྱུར་ན་སྔགས་སྐུད་དེ་གར་བབ་བབ་ཏུ་དོར་བར་མི་བྱའོ། །

གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་མཐའ་མའམ་སྐ་རགས་ལ་གདགས་སོ་ཞེས་བྱ་བ་ནི། གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་གྱུར་ན་སྔགས་སྐུད་དེ་ཆོས་གོས་ཀྱི་གྲྭའམ་སྐ་རགས་ལ་གདགས་པར་བྱའོ། །གལ་ཏེ་མ་གྱུར་ན་ཀ་བའམ་རྩིག་པའི་གསེབ་ཏུ་

གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་མ་གྱུར་ན་སྔགས་སྐུད་དེ་ཀ་བའི་གསེབ་བམ་རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ། གར་ནི་བྲོ་གར་རོ། །གླུ་ནི་གླུ་དབྱངས་སོ། །རོལ་མོ་ནི་ཕེག་

རྡོབ་ལ་སོགས་པ་སྟེ། དེ་དག་ཀུན་དུ་སྤྱད་པར་མི་བྱ་བའོ། །བསླབ་པར་མི་བྱའོ་ཞེས་བྱ་བ་ནི། གར་ལ་སོགས་པའོ། །བཟླས་པར་མི་བྱའོ་ཞེས་བྱ་བ་ནི། གར་ལ་སོགས་པ་ལུས་ཀྱིས་བཟླས་པར་མི་བྱའོ། །བལྟ་བའི་ཕྱིར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གར་ལ་

སོགས་པ་ལའོ། །དགེ་སློང་མ་ཀུན་དུ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། དགེ་སློང་མ་དང་ལྷན་ཅིག་ཀུན་དུ་གར་བྱེད་དུ་མི་གཞུག་པ་སྟེ། ཀུན་དུ་གར་བྱེད་པ་ཞེས་བྱ་བ་ནི། ཚོམ་བུ་ཚོམ་བུར་བྲོ་གར་བྱེད་པ་སྟེ། ཚོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྟོན་པའི་

ཡོན་ཏན་ཡང་དག་པར་བསྒྲགས་པ་དང་རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ་ཞེས་བྱ་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཡང་དག་པར་བསྒྲག་པ་སྟོད་རབས་གདོན་པ་དང་རྒྱུན་ཆགས་གསུམ་གདོན་པ་ལ་ནི་དབྱངས་ཀྱི་ང་རོས་གཏང་རག་

เล่ม ๑๖๒ · หน้า 365b

བྱའོ། །གཞན་གྱི་དུས་སུ་ནི་མི་བྱ་སྟེ། གླུ་རྒྱང་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ་ཞེས་བྱ་བ་ནི། དབྱངས་ཀྱི་ང་རོ་དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ། །ཐོ་འཚམས་པ་དང་ཀུན་དུ་རྩེ་བ་དང་ཀུན་དུ་ཅ་ཅོ་འདོན་པ་དང་

རྒོད་པ་དང་དྲེགས་པ་དང་ལུས་ལ་བརྡེག་པ་དག་མི་བྱའོ་ཞེས་བྱ་བ་ལ། ཐོ་འཚམས་པ་ཞེས་བྱ་བ་ནི་གཞན་ལ་ཅོ་འདྲི་བའོ། །ཀུན་དུ་རྩེ་བ་ཞེས་བྱ་བ་ནི་འཇོ་སྒེག་བྱེད་པའོ། །ཀུན་དུ་ཅ་ཅོ་འདོན་པ་ཞེས་བྱ་བ་ནི་སྒྲ་སྐད་ཆེན་པོ་ཉིད་འབྱིན་པའོ། །རྒོད་པ་ཞེས་བྱ་བ་ནི་ལག་པ་དང་རྐང་པ་

ལ་སོགས་པ་རྐྱོང་བའོ། །དྲེགས་པ་ཞེས་བྱ་བ་ནི་ངལ་བར་བྱེད་པའོ། །ལུས་ལ་བརྡེག་པ་ཞེས་བྱ་བ་ནི། ཕན་ཚུན་བཞད་གད་བྱ་བར་སྣུན་པ་སྟེ་དེ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བ་ནི། རྒོད་པའི་བསམ་པས་ལུས་དང་ངག་

གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། ལག་འགྲོས་མཁན་རབ་ཏུ་བྱུང་བ་ཞིག་རྐང་ཁྲུས་སར་རྐང་པ་གཉིས་བཀྲུས་ནས་ཁ་ཆུས་བཀང་སྟེ་རྨ་བྱའི་འགྲོས་ཀྱིས་འདུག་པ་དང་། དྲུག་སྡེ་དག་གིས་ཁས་གླུ་བླངས་པས་རོལ་

མོའི་གླུ་བརྩམས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱི་བསམ་པ་ཇི་ལྟ་བུས་དེ་ལྟར་བྱས་ཞེས་སྨྲས་པ་དང་། བཙུན་པ་གནས་མལ་བསྐྱབ་པའི་དོན་དུ་ཅུང་ཟད་དང་རྒོད་པའི་

བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བསྐྱབ་པའི་བསམ་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །རྒོད་པའི་བསམ་པས་བྱས་པ་ལ་ནི་ཉེས་བྱས་སོ། །དྲུག་སྡེ་དག་གིས་ཀྱང་གསོལ་པ། བཙུན་པ་སྨད་པའི་བསམ་པ་ཅུང་

ཟད་དག་དང་། རྒོད་པའི་བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨད་པའི་བསམ་པ་དག་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །རྒོད་པའི་བསམ་པས་བྱས་པ་དེ་ལ་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ལྟུང་བ་དང་ལྟུང་བ་

เล่ม ๑๖๒ · หน้า 366a

མེད་པར་ཇི་ལྟར་རྣམ་པར་བཞག་སྟེ། ཅི་སེམས་རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལྟུང་བ་ཐ་དད་པ་བྱེད་པ་ཉིད་ཡིན་ནམ། འོན་ཏེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ལྟུང་བ་གཅིག་བྱེད་པ་ཉིད་ཡིན་ཞེ་ན། རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལ་ལྟུང་བ་

གཅིག་ཏུ་བསྟན་པའི་ཕྱིར། འདྲེས་པ་ནི་ཆར་བསྡམ་མོ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་རྣམས་འདྲེས་ཤིང་ཕན་ཚུན་རིགས་མི་མཐུན་པས་བར་དུ་ཆོད་པ་ཉིད་ནི་ཆར་བསྡམ་པར་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཆ་རྣམས་ནི་ཉོན་མོངས་པ་

ཅན་དང་ལྷན་ཅིག་བསྡམ་པར་བྱ། ཉོན་མོངས་པ་ཅན་མ་ཡིན་པའི་ཆ་རྣམས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པ་དང་ལྷན་ཅིག་བསྡམ་པར་བྱ་སྟེ། རྒོད་པའི་ཀུན་ནས་བསླང་བའི་སེམས་ཐམས་ཅད་ཀྱིས་འཇུག་པ་གཅིག་ཉིད་ཡིན་པའི་ཕྱིར་ལྟུང་བ་གཅིག་གི་རྒྱུ་ཉིད་ཡིན་ནོ། །དཔེར་ན་

སྲོག་གཅོད་པ་ལ་སོགས་པ་དག་ལ་སྦྱོར་བའི་སེམས་རིགས་མི་མཐུན་པས་ཆོད་པ་རྣམས་ཀྱང་ལྟུང་བ་གཅིག་གི་རྒྱུ་ཉིད་ཡིན་པ་བཞིན་ཏེ། རིགས་མི་མཐུན་པས་ཆོད་པ་རྣམས་ཀྱང་སྦྱོར་བའི་རྒྱུན་མ་ཆད་པའི་ཕྱིར་རོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཆང་

འཐུང་བ་དག་ཕན་ཚུན་སྐོམ་སྣོད་བརྒྱུད་པས་ཆང་འཐུང་བར་བྱེད་པ་དེ་ལྟར་མི་བྱ་བའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། མེ་ཏོག་ལ་སོགས་པ་དག་གིས་རྣ་རྒྱན་བརྒྱུ་བར་མི་བྱ་བ་སྟེ། དེ་ནི་བཟོ་རྗེས་སུ་བསྒྲུབ་པ་མི་བྱའོ་ཞེས་བྱ་བའི་སྤྲོས་པ་ཡིན་ནོ། །གདགས་པར་མི་

བྱའོ་ཞེས་བྱ་བ་ནི། མེ་ཏོག་རྣ་རྒྱན་ལུས་ལ་གདགས་ཤིང་བཅང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་ཕྲེང་བ་རྒྱུ་འདོགས་པ་ཐམས་ཅད་དགག་པ་བྱས་པ་ཡིན་ནོ། །ངོ་སོ་ལས་བྱུང་བ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། ངོ་སོ་ལས་བྱུང་བ་ཞེས་བྱ་བ་ནི། གར་མཁན་

གྱི་ངོར་ལྟ་ལྟ་ནས་མགུ་བའི་བྱ་དགའ་སྦྱིན་པ་སྟེ་དགེ་སློང་གིས་དེ་སྦྱིན་པར་མི་བྱའོ། །མི་རིངས་པར་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། གཏང་བ་མེད་པར་རྒྱུག་པར་མི་བྱ་བའོ། །མྱུར་བ་དང་མཆོང་བར་མི་བྱའོ་ཞེས་བྱ་བ་ལ། མྱུར་བ་ཞེས་བྱ་བ་ནི། དྲག་ཏུ་འགྲོ་བའོ། །

เล่ม ๑๖๒ · หน้า 366b

མཆོང་བ་ཞེས་བྱ་བ་ནི། མཆོང་ཞིང་འགྲོ་བ་སྟེ། དེ་དག་མི་བྱའོ། །བརླ་དང་ལག་པ་ཉ་ལྟར་བསྐོར་བར་མི་བྱའོ་ཞེས་བྱ་བ་ལ། བརླ་བསྐོར་བ་ཞེས་བྱ་བ་ནི། བརླ་ཡ་གཅིག་ས་ལ་ཕབ་སྟེ་ལུས་བསྐོར་བའོ། །ལག་པ་བསྐོར་བ་ཞེས་བྱ་བ་ནི་ལག་པ་ཕྱར་ཏེ་ལུས་ལ་བསྐོར་བའོ། །

ཉ་ལྟར་བསྐོར་བ་ཞེས་བྱ་བ་ནི། ཉ་ལྟར་ཕྱིས་གན་དུ་རྒྱལ་ཞིང་བསྐོར་བ་སྟེ། དེ་ལྟར་བསྐོར་བར་མི་བྱའོ། །ཆུར་གསེག་མ་གདབ་པར་མི་བྱའོ་ཞེས་བྱ་བ་ནི། ཆུའི་ནང་ན་འཕྱོ་བའི་གསེག་མ་དག་ཆུར་འདེབས་པ་སྟེ་དེ་མི་བྱ་བའོ། །ཆུར་རྫ་རྔ་ཁ་གཅིག་པ་དང་རྔ་བོ་ཆེ་ལྟར་བརྡུང་

བར་མི་བྱའོ་ཞེས་བྱ་བ་ནི། ཆུ་ལ་རྫ་རྔ་ཁ་གཅིག་པ་དང་། རྔ་བོ་ཆེ་ལྟར་བརྡུང་ཞིང་སྒྲ་དབྱུང་བར་མི་བྱ་བའོ། །རྫབ་ལ་ཕྱིལ་མོ་ཉུག་པར་མི་བྱའོ་ཞེས་བྱ་བ་ནི། རྫབ་འདྲེད་པ་ལ་ཕྱིལ་མོ་ཉུག་པར་མི་བྱ་བའོ། །གླང་པོ་ཆེའི་སྐད་དང་རྟའི་སྐད་དང་ཁྱུ་མཆོག་གི་སྐད་དང་རྨ་བྱའི་སྐད་

དང་ཁུ་བྱུག་གི་སྐད་མི་དབྱུང་ངོ་ཞེས་བྱ་བ་ནི། དེ་དག་གི་སྒྲ་སྐད་འདྲ་བའི་སྐད་དབྱུང་བར་མི་བྱ་བའོ། །ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ་ཞེས་བྱ་བ་ནི། ཁས་དུང་ལ་སོགས་པའི་སྐད་མི་བྱའོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་

ཏོ།། །།ཁྲུས་བྱེད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། འོག་ནས་གཞན་གྱི་དུས་སུ་ཁྲུས་བྱེད་ནའོ་ཞེས་འབྱུང་བ་གང་ལས་གཞན་ཡིན་པའི་མཚམས་བསྟན་པའི་ཕྱིར། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་སྨྲས་ཏེ། སོ་ག་རྣམས་

ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ལས་ཞེས་བྱ་བ་ནི། དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་ར་བ་ཉའི་བར་གྱི་ཟླ་བ་ཕྱེད་དང་དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཅིག་སྟེ། ཟླ་བ་ཕྱེད་དང་གཉིས་པོ་དེ་ལས་གཞན་པའི་དུས་སུའོ། །དབྱར་རྣམས་ཀྱི་དང་པོ་ལས་ཞེས་བྱ་

བ་ནི། དབྱར་གྱི་ཟླ་བ་དང་པོ་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་ལས་གཞན་པའི་དུས་སུའོ། །སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་གཅིག་ལས་གཞན་པའི་དུས་སུ་ཁྲུས་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །

เล่ม ๑๖๒ · หน้า 367a

ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ནི་ཚ་བའི་གཉེན་པོའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེས་ན་ཁྲུས་བྱའོ། །ཅི་དགེ་སློང་ཐམས་ཅད་ལ་དེར་ཁ་ན་མ་ཐོ་བར་འགྱུར་རམ་ཞེ་ན་དེའི་ཕྱིར། གོས་མེད་པའི་ཟས་གཉིས་

པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མདོ་འདི་ནི་འདྲ་བར་བསྟན་པ་ཡིན་ནོ། །ཟས་གཉིས་པ་གང་ལ་གོས་མེད་པ་དེ་ནི་གོས་མེད་པའི་ཟས་གཉིས་པ་སྟེ། གོས་མེད་པའི་ཟས་གཉིས་པ་དེ་རྙེད་པའི་དགེ་སློང་གིས་དང་དུ་བླངས་པ་དང་ཟོས་པའི་ཁ་ན་མ་ཐོ་བ་རྣམས་

པ་ཇི་ལྟ་བུར་འགྱུར་བ་སྟེ། ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་གནས་སྐབས་གཞན་ཐམས་ཅད་ལ་བབ་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། རླུང་གིས་མ་བསྐྱོད་པ་ནའོ་

ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རླུང་གིས་བསྐྱོད་པ་དང་གཡེངས་པར་མ་གྱུར་ནའོ། །འདིར་ཚད་ཅི་ཙམ་གྱིས་ན་བསྐྱོད་པ་ཉིད་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར། གོས་ཀྱི་གྲྭ་འགུལ་བ་ནི་དེའི་མཐའ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གོས་ཀྱི་མཐའ་ཞེས་བྱ་བ་གོས་ཀྱི་ཕྱོགས་གཅིག་

བསྒུལ་ཞིང་བསྐྱོད་པ་ཉིད་དེའི་མཐའ་ཡིན་ནོ། །གནས་སྐབས་དེ་དག་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་གཞན་དག་ལ་ཡང་བསྟན་པའི་ཕྱིར། ཆར་གྱིས་མ་ཕོག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་ཆར་གྱིས་མ་ཕོག་པ་དེ་ནི་ཆར་གྱིས་མ་ཕོག་པ་སྟེ། གཞན་

གྱི་དུས་སུ་ཁྲུས་བྱེད་པའོ། །ཆུས་ཕོག་པ་གང་ཡིན་པ་དེ་ནི་འདིར་ཆར་གྱིས་ཕོག་པ་ཡིན་ནོ། །ཆར་གྱིས་ཕོག་པ་འདིའི་མཐའ་གང་ཡིན་ཞེ་ན་དེའི་ཕྱིར། དེའི་ནི་ཐིགས་པ་གཉིས་ཀྱིས་ཕོག་པའོ་ཞེས་བྱ་བ་སྨྲས་ཏེ། ཆར་གྱིས་ཕོག་པ་དེའི་མཐའ་ནི་ཐིགས་པ་གཉིས་ཀྱིས་ཕོག་

པའོ། །གང་ལ་ཞེ་ན། དེའི་ཕྱིར། ལུས་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ལ་མ་ཡིན་ནོ། །འདིར་གཞུང་ནི་ཐན་ཆུའི་ཐིགས་པ་གཉིས་སམ། གསུམ་གྱིས་ལུས་ལ་ཕོག་པར་གྱུར་ན་ཞེས་གསུངས་པ་ཡིན་ནོ། །བསྒྲུབ་པའི་ཚུལ་གྱིས་ནི་འདི་སྐད་བསྟན་པ་ཡིན་ཏེ། ན་བ་དང་ལས་

เล่ม ๑๖๒ · หน้า 367b

བྱས་པ་དང་ལམ་དུ་ཞུགས་པ་དང་རླུང་གིས་བསྐྱོད་པ་དང་། ཆར་གྱིས་ཕོག་པའི་དགེ་སློང་ལ་ནི་གཞན་གྱི་དུས་སུ་ཁྲུས་བྱེད་པ་ལ་ཉེས་པ་མེད་དེ་དུས་ལ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། གཞན་གྱི་དུས་སུ་

ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་དུས་སུ་ཞེས་བྱ་བ་ནི། སྔར་སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། ཟླ་བ་ཕྱེད་དང་གསུམ་བསྟན་པ་གང་ཡིན་པ་དེ་ལས་གཞན་གྱི་

དུས་སུའོ། །ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་བཀའ་སྩལ་པ་ལས་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་ནས་བརྩམས་ཏེ། ཞག་བཅུ་བཞི་ཚུན་ཆད་ཀྱི་བར་དུ་ནི་ཁྲུས་བྱར་མི་རུང་

བས་དེ་ནི་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཡང་ཡིན་ལ། ཞག་བཅོ་ལྔའི་མདུན་རོལ་ཡང་ཡིན་པས་དེར་རོ། །ཁྲུས་བྱེད་ནའོ་ཞེས་བྱ་བ་ནི། དུས་དེར་ཁྲུས་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་གསུངས་པ་ཡང་

གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་སྟེ་ཉི་མ་དེ་ཉིད་ཀྱང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ་ཞག་བཅོ་ལྔའི་མདུན་རོལ་ཞག་བཅུ་བཞི་པ་ཚུན་ཆད་དུ་ཁྲུས་བྱེད་ན་ལྟུང་བྱེད་དུ་གསུངས་པ་ཡིན་ཏེ། དེ་ལྟར་བརྩིས་ན་བཅོམ་ལྡན་འདས་

ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ཀྱིས་ཤིག་ཅེས་གསུངས་པ་གང་ཡིན་པ་དེ་དང་མཐུན་པར་འགྱུར་གྱི། གལ་ཏེ་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེའི་ཕྱིར་དེའི་ཉིན་པར་གྱི་ཉི་མ་གང་ཡིན་པ་དེ་ནས་བགྲང་བར་རྩོམ་ན་ནི་དེའི་ཚེ་ཉི་མ་བཅུ་དྲུག་པ་ལ་ཁྲུས་བྱ་བར་འགྱུར་ཏེ། བཅོ་ལྔ་

པ་ལ་ཁྲུས་བྱའོ་ཞེས་གསུངས་པ་དང་འགལ་བར་འགྱུར་བས་དེའི་ཕྱིར་གང་གི་ཉིན་མོ་དགེ་སློང་ཁྲུས་བྱེད་པ་ན་ཁྲུས་ཟིན་པ་ནས་བརྩམས་ཏེ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་བ་ཡིན་པས་ཉི་མ་དེ་ཉིད་མ་གཏོགས་པར་དེ་ཕྱིན་ཆད་ཉི་མ་བཅོ་ལྔ་ནི་ཁྲུས་ཀྱི་ཉི་མ་མ་ཡིན་པ་ཞེས་བྱ་བ་

เล่ม ๑๖๒ · หน้า 368a

སྟེ། དེ་དག་ཏུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཁྲུས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། དབང་བསྐུར་བས་སམ་འཇུག་པས་སོ་ཞེས་བྱ་བ་སྨྲས་ཏེ། དབང་བསྐུར་བ་ཞེས་བྱ་བ་ནི། བུམ་པ་ལ་སོགས་པས་ལུས་ཀྱི་སྟེང་ནས་དབང་བསྐུར་བའི་ཚུལ་དུ་ཆུ་བླུགས་པ་སྟེ་དེས་

བཀྲུ་བའོ། །འཇུག་པས་ཞེས་བྱ་བ་ནི། ཆུའི་ནང་དུ་ཞུགས་པ་སྟེ་དེས་བཀྲུ་བའོ། །ཆུས་ལུས་ཀྱི་ཚད་ཇི་ཙམ་དུ་ཁྱབ་ན་ཁྲུས་ཡིན་ཞེ་ན་དེའི་ཕྱིར། ལྟེ་བར་སོན་ནའོ་ཞེས་བྱ་བ་སྨྲས་ཏེ། ཆུས་ལྟེ་བར་སོན་ན་ཁྲུས་ཡིན་ནོ། །དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་

དང་། འཇུག་པས་རྐང་མཐིལ་ནས་བརྩམས་ཏེ་ལྟེ་བར་སོན་པ་རྣམ་པ་གཉི་ག་ལ་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དབང་བསྐུར་བས་མགོ་མ་གཏོགས་པ་ལག་པ་དང་རྐང་པའི་ཕྱོགས་འཁྲུ་བ་དང་། དེ་བཞིན་དུ་འཇུག་པས་ཀྱང་རྐང་མཐིལ་ལས་གཞན་པ་ལག་ངར་དང་བྱིན་པ་ལ་

སོགས་པའི་ཕྱོགས་འཁྲུ་ན་ཉེས་བྱས་སོ། །གལ་ཏེ་ལྟེ་བའི་ལྟག་ཡན་ཆད་ཉི་ཚེ་ཆུས་འཁྲུ་ཞིང་འོག་ཏུ་མ་སོན་པ་དང་། འོག་མན་ཆད་ཉི་ཚེ་ཆུས་འཁྲུ་ཞིང་ལྟག་ཏུ་མ་སོན་པ་ཡང་ཉེས་བྱས་སོ། །གལ་ཏེ་དབང་བསྐུར་བ་དང་འཇུག་པ་གཉི་གས་དུས་གཅིག་ཏུ་ཁྲུས་རྩོམ་པ་ནི་དེ་གཉིས་

ལྟེ་བའི་ཕྱོགས་སུ་གཅིག་ཏུ་ཕྲད་པར་གྱུར་པ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་གཅིག་ཏུ་འགྱུར་རོ། །འདི་ལྟར་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་ལྟེ་བའི་ཕྱོགས་ཀྱི་གོང་ངམ་འོག་གི་ཆར་ཕྱིན་པ་དེ་ནི་འདིར་ལྟེ་བ་ཞེས་སྨོས་པ་ལ་དངོས་སུ་གནས་པ་ཡིན་ནོ། །

དེ་ལྟ་བས་ན་ལྟེ་བར་མ་ཕྱིན་དུ་ཟིན་ཀྱང་ཕྱོགས་བསྡོམས་ཏེ་ཆོག་པར་གྱུར་ན་ལྟུང་བྱེད་དུ་འགྱུར་ལ་གལ་ཏེ་མ་ཆོག་ན་ནི་ཉེས་བྱས་སོ། །མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཆུ་ལ་རེག་པའི་མདུན་རོལ་དུ་སྦྱོར་བར་བྱེད་པ་ནི་སྦྱོར་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཆུ་

མ་ཡིན་པས་ཀྱང་ངོ་ཞེས་བྱ་བ་ནི། འབྲུ་མར་དང་མར་དང་ཕྲུམ་ཁུ་དང་འོ་མ་ལ་སོགས་པ་དག་གིས་ཁྲུས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཆུ་མ་ལགས་པ་དེ་ལས་གཞན་པའི་རྫས་དེ་དག་གིས་ཁྲུས་བགྱིད་ན་ལྟུང་བ་ཅིར་འགྱུར།

เล่ม ๑๖๒ · หน้า 368b

ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ་ཞེས་བྱ་བ་ནི། ཁྲུས་འབའ་ཞིག་ཏུ་མ་ཟད་ཀྱི། བསླབ་པའི་གཞི་ཐམས་ཅད་ལ་དུས་དག་ཡོད་དུ་ཟིན་ཀྱང་བྱིན་གྱིས་མ་བརླབས་ཤིང་མངོན་སུམ་དུ་མ་བྱས་ན་ཉེས་བྱས་སོ། །འདིར་གཞུང་

ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་དུས་བྱིན་གྱིས་མ་བརླབས་པ་དེ་ལ་ཡང་ལྟུང་བར་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ་སྦྱོར་བ་བཏང་ནས་བྱིན་གྱིས་མི་རློབ་ནའོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བ་གང་གིས་ཁྲུས་བྱ་བ་དེ་བཏང་ནས་ཡུལ་ཡོད་པ་ཡང་མངོན་སུམ་དུ་མ་བྱས་

ཤིང་བྱིན་གྱིས་མ་བརླབས་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞག་བཅོ་ལྔ་ལ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་དེར་ཁྲུས་བྱེད་པ་ལ་ནི་དུས་བྱིན་གྱིས་བརླབ་པར་བྱ་མི་དགོས་སོ། །དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ་

ཞེས་བྱ་བ་ནི། ཁྲུས་ལ་གཞོལ་བ་ཉིད་ཀྱིས་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་ཡིན་གྱི། དགོས་པ་གཞན་གྱི་བསམ་པས་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་མ་ཡིན་ནོ། །དེའི་ཕྱིར་མ་བསམས་པར་རྒལ་བ་དང་བརྒྱལ་བ་ལ་གདབ་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་

བ་ལ། འདིར་གཞུང་ནི་དགེ་སློང་དག་ཆུ་ཀླུང་རྒལ་བར་བྱེད་དོ་ཞེས་གསུངས་པ་དང་གཞུང་གཞན་ལས་ཀྱང་བརྒྱལ་བ་ལ་ཆུ་དབང་བསྐུར་བ་དང་། ཟམ་པ་ལས་ལྟུང་བ་མེད་དོ། །ཆུ་ཀླུང་རྒལ་བར་བྱེད་པ་དང་ཆུས་གང་བ་ལས་མཆོང་བར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་

པ་ཡིན་ནོ། །ཨ་སྨྲ་པ་རན་ཏའི་ཡུལ་དག་ན་ནི་འདི་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ནི། ཨ་སྨྲ་པ་རན་ཏ་ཞེས་བྱ་བའི་ཡུལ་དག་ན་ནི་ཁྲུས་ལ་ངེས་པ་ནི་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི་ཨ་སྨྲ་པ་རན་ཏའི་ཡུལ་དག་ཏུ་ཁྲུས་བྱ་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་

ནོ། །དེའི་ཕྱིར་དེ་ནི་བློ་གྲོས་དེ་ཉེ་བར་བཞག་སྟེ་དུས་མ་ཡིན་པར་ཡང་ཁྲུས་བྱའོ། །ཆོ་ག་བཙན་པོ་ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། འདི་ནི་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཆོ་ག་བཙན་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀས་བཅད་

เล่ม ๑๖๒ · หน้า 369a

པ་དམ་པོ་སྟེ། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག །དེ་ལས་འདུམས་པར་བྱས་ན་ལྟུང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བག་ཡངས་སུ་ཞེས་བྱ་བ་ནི་བག་ཡངས་སུ་བྱ་བའི་ཆོ་ག་སྟེ་དུས་ལ་བབ་པ་མ་གཏོགས་ཏེ་ན་བ་དུས་སོ། །ལས་དུས་སོ། །ལམ་

དུས་སོ། །རླུང་དུས་སོ། །ཆར་དུས་སོ་ཞེས་བྱ་བ་ལ་སོགས་པས་བསླབ་པའི་གཞི་གློང་ཅིང་བག་ཡངས་སུ་མཛད་པའོ། །དེ་ལྟར་ཆོ་ག་བཙན་པོ་ཡོད་ན་ཐམས་ཅད་དུ་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་འཁོབ་

དག་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གང་གསུངས་པ་དེ་ལ། བཙུན་པ་གལ་ཏེ་བཅུའི་ཚོགས་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་། ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཉེ་བ་འཁོར་

བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཆོ་ག་བཙན་པོ་ཡོད་ན་ནི་ན་བ་དང་ལས་དང་ལམ་དང་རླུང་དང་ཆར་དུས་སོ་ཞེས་

བྱ་བ་ལ་སོགས་པ་ལྟ་བུའོ། །ཆོ་ག་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ་ཞེས་བྱ་བ་སྨྲས་ཏེ།

གསོད་པའི་སེམས་ཞེས་བྱ་བ་བསད་པའི་བསམ་པས་དུད་འགྲོ་ཞེས་བྱ་བ་ཕྱུགས་ལ་སོགས་པ་ལ་བསྣུན་ནའོ་ཞེས་བྱ་བ་མཚོན་ལ་སོགས་པས་བསྣུན་ནའོ། །ཅི་བསྣུན་པའི་དུས་ཉིད་ནའམ་ཞེ་ན་དེའི་ཕྱིར། གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་སྨྲས་ཏེ། གཞི་

དེས་ཤི་ཞེས་བྱ་བ་ནི། གསོད་པའི་སེམས་ཀྱིས་བསྣུན་པའི་གཞི་དེས་སོ། །དེའི་ཚེའམ་ཞེས་བྱ་བ་ནི། བསྣུན་པའི་དུས་དེ་ཉིད་ཀྱི་ཚེ་ཤི་ནའོ། །གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་ནི། བསྣུན་པའི་དུས་ཀྱི་འོག་ཏུ་དུས་གཞན་གྱི་ཚེ་ཤི་ནའོ། །སྦྱོར་བ་གཅིག་གིས་བྱས་ན་ཡང་

เล่ม ๑๖๒ · หน้า 369b

གསད་པར་བྱ་བ་ཇི་སྙེད་པ་རེ་རེ་ལས་ལྟུང་བྱེད་རེ་རེར་འགྱུར་རོ། །ལུས་དང་དེ་དང་འབྲེལ་བ་ནི་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་གསོད་པའི་ཕམ་པར་འགྱུར་བ་ལས་རིག་པར་བྱའོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་བྱ་བ་

ནི། སེམས་ཅན་གྱི་གཟུགས་ཞེས་བྱ་བ་སེམས་ཅན་གྱི་དབྱིབས་རི་མོ་ལ་སོགས་པ་དངོས་སེམས་ཅན་མ་ཡིན་ཞིང་སེམས་ཅན་གྱི་གྲངས་སུ་བགྲང་བ་མ་ཡིན་པ་ལ་བསྣུན་ན་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཤིང་ལས་བྱས་པའམ་ས་ལས་བྱས་

པའི་གཟུགས་ལ་བསྣུན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ཏེ། དུད་འགྲོའི་རྣམ་པ་ཉིད་ལ་ནི་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ལ། གཞན་གྱི་རྣམ་པ་ཉིད་ལ་ནི་མི་གསོད་པར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་

བཤད་ཟིན་ཏོ།། །།ཇི་ཞིག་རྗེས་སུ་བསྒྲུབ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་། ཕམ་པར་གྱུར་པ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ནའོ་ཞེས་བྱ་བ་སྨྲས་ཏེ།

ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ནི་བསྙེན་པར་རྫོགས་པའི་དངོས་པོ་མེད་པར་སྟོན་པ་ཡིན་ནོ། །ཕམ་པར་གྱུར་པ་བྱུང་ངོ་ཞེས་བྱ་བའི་ཚིག་དེ་ནི་ཉམས་པ་ཉིད་དུ་སྟོན་པ་ཡིན་ཏེ། དགེ་སློང་གང་ལ་ཚེ་དང་ལྡན་པ་ཁྱོད་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད་བྲམ་

ཟེའི་ཚུལ་ག་ལ་ཡོད་དེ། ཚེ་དང་ལྡན་པ་ནི་བྲམ་ཟེ་རབ་ཏུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འགྱོད་པ་བསྐྱེད་པའོ། །དགེ་སློང་མ་ཡིན་པའི་དོན་གྱིས་ཞེས་བྱ་བ་ནི་དགེ་སློང་ཉིད་མ་ཡིན་པའི་དོན་དགོས་པའི་ཚིག་གང་ལ་ཡོད་པ་དེ་ནི་དགེ་སློང་མ་ཡིན་པའི་དོན་ཏེ།

དགེ་སློང་མ་ཡིན་པ་ཉིད་གོ་བར་བྱེད་པའི་ཚིག་དེས་འགྱོད་པ་བསྐྱེད་ན་ཁ་ན་མ་ཐོ་བར་འདིར་འགྱུར་རོ། །འདིར་ལྟུང་བ་རྣམ་པར་གཞག་པའི་བསམ་པའི་དབང་གིས་ཏེ་གལ་ཏེ་མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་བྱེད་ན་ནི་དེར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །བདེ་བ་ལ་

เล่ม ๑๖๒ · หน้า 370a

རེག་པར་མི་གནས་པའི་བསམ་པས་གོ་བར་བྱེད་ན་ནི་འགྱོད་པ་བསྐྱེད་པ་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །སྐུར་པ་གདབ་པའི་བསམ་པས་གོ་བར་བྱེད་ན་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཐམས་ཅད་ཀྱི་བསམ་པ་

ཉིད་ཀྱིས་ན་ནི་ཐམས་ཅད་དུ་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །མིའི་སྐྱོན་ནས་སྨྲ་བ་དང་འགྱོད་པ་བསྐྱེད་པ་དང་དགེ་འདུན་ལྷག་མ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་གཅིག་གིས་ཏེ་སྡོམ་པ་ཡང་དག་པར་བླངས་པ་ནད་པ་དང་འདྲའོ། །སུ་ལ་འགྱོད་པ་བསྐྱེད་ན་ཞེ་ན་དེའི་ཕྱིར། དགེ་

སློང་མའོ་ཞེས་བྱ་བ་སྨྲས་སོ། །ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན་དེའི་ཕྱིར། བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདི་བདེ་བ་ལ་མི་རེག་པ་ཞེས་བྱ་བ་ནི། དགེ་སློང་ལ་ཡིད་ལ་གཅགས་པ་བསྐྱེད་པ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ། །

བཞད་གད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་གལ་ཏེ་བཞད་གད་ཀྱིས་ཀྱང་འགྱོད་པ་བསྐྱེད་པར་བྱེད་ན་དེ་ལྟ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཅི་འགྱོད་པ་སྐྱེད་པ་ཁོ་ནའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར། འགྱོད་པ་མ་སྐྱེས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དེ་འགྱོད་

པ་མ་སྐྱེས་སུ་ཟིན་ཀྱང་དེ་ལྟ་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་གྱིས་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དགེ་སློང་མ་ཡིན་པའི་དོན་ལས་གཞན་པ་དགེ་འདུན་ལྷག་མ་ལ་སོགས་པའི་དོན་གྱིས་འགྱོད་པ་བསྐྱེད་ན་ཉེས་བྱས་སུ་འགྱུར་རོ། །འགྱོད་པ་བསྐྱེད་པའི་

ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་བྱས་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་ལ་སོར་མོའམ་ཁུ་ཚུར་རམ་གྲུ་མོའམ་ཕྲག་པའམ་མགོའམ་གློ་འམ་རྒྱབ་བམ་རྐེད་པའམ་བརླའམ་པུས་མོའམ་བྱིན་པའམ་རྐང་པའི་མཐེ་བོང་ལ་སོགས་

པ་དག་གིས་ག་ག་ཚིལ་བྱེད་པས་རེག་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ལ་སོར་མོ་ལ་སོགས་པ་དག་གིས་ག་ག་ཚིལ་བྱེད་པས་ཞེས་བྱ་བ་སྐྱི་གཡའ་བར་བྱེད་པས་རིག་ནའོ་ཞེས་བྱ་བ་ལུས་ཀྱི་དབང་པོ་དང་ལུས་ཀྱི་དབང་པོར་རེག་པ་དེ་གཉི་གས་ཉམས་སུ་མྱོང་ན་ཁ་ན་མ་ཐོ་བ་འདིར་འགྱུར་

เล่ม ๑๖๒ · หน้า 370b

རོ། །དེ་ལྟར་ཡང་འདིར་གཞུང་ནི་རང་གིའམ་གཞན་གྱིའམ་གཉི་གའི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་གི་ལུས་ཀྱི་ཡན་ལག་གཞན་དག་ཀྱང་འཕངས་པ་ཡིན་གྱི། གོས་ལ་སོགས་

པས་ནི་མ་ཡིན་ནོ། །ལུས་མ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་སྐྲ་དང་སེན་མོ་དང་སོ་དག་གིས་རེག་པ་ནི་ཉེས་བྱས་སོ། །ཅི་བསམ་པ་གང་ཡང་རུང་བས་རེག་ནའམ་ཞེ་ན་དེའི་ཕྱིར། སྐྱི་གཡའ་བར་བྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་སྐྱི་གཡའ་བ་ཞེས་བྱ་

བ་ནི་བག་འཁུམས་པར་བྱེད་པ་སྟེ་སྐྱི་གཡའ་བར་བྱེད་པ་བག་འཁུམས་པར་བྱེད་པ་འདར་བར་བྱེད་པ་ལ་སོགས་པའི་ལུས་ཀྱི་བྱ་བའི་རྣམ་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱི་གཡའ་བར་བྱ་བའི་བསམ་པ་མ་ཡིན་པ་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་རེག་པ་ལ་ནི་ལྟུང་བ་

མེད་དོ། །ཀུན་དུ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེ་སྡང་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་གསོད་པ་དང་རྡེག་པར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དེ་དག་ལས་གཞན་པའི་ཉོན་

མོངས་པ་ཅན་གྱི་སེམས་ཀྱིས་རེག་པ་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེའི་ཕྱིར་རྨ་དང་སྦྲང་བུ་དང་འབྲུམ་བུ་དང་སྨེ་བ་དང་སྤུའི་ཚོམས་བསྟན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་བ་དེའི་

ཕྱིར། འདི་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རེག་བྱེད་གཅིག་གམ་དུ་མ་ཉིད་ལའོ་ཞེས་བྱ་བ་ནི། སོར་མོ་ལ་སོགས་པ་རེག་བྱེད་གཅིག་ཉིད་ཀྱང་རུང་དུ་མ་ཉིད་ཡིན་ཀྱང་རུང་སྟེ། ལྟུང་བ་གཅིག་ཁོ་ནར་འགྱུར་གྱི། འདིར་རེག་བྱེད་རེ་རེ་ལས་ལྟུང་བ་ཐ་དད་པར་དབྱེ་

བ་ནི་མེད་དོ། །འདིར་གཞུང་ནི་དགེ་སློང་གིས་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཉིས་སམ་གསུམ་མམ་བཞིའམ་ལྔ་དག་གིས་ཀྱང་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།

เล่ม ๑๖๒ · หน้า 371a

བམ་པོ་སུམ་ཅུ་བཞི་པ། ཅི་ཞིག་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ་ཞེས་བྱ་བ་སྨྲས་ཏེ། ཆུའི་ཡུལ་ལ་འོག་ནས་འབྱུང་བའི་རྩེ་བ་ནི་ཞེས་བྱ་བ་དག་རྗེས་སུ་བསྒྲུབ་ཅིང་ཡོངས་སུ་རྫོགས་པར་གྱུར་

ན་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །སྤྱིར་བཤད་པ་བྱེ་བྲག་ཏུ་བསྟན་པའི་ཕྱིར། ཞུགས་ཤིང་ནུབ་པ་དང་དབྱུང་བ་དང་ངོགས་གཞན་དུ་རྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་ཆུ་ལ་རྔ་བོ་ཆེ་དང་རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་

གསེག་མ་འཁྲབ་པ་དང་འཕེན་པ་དང་འཁོར་ཡུག་དང་རྡོ་རྗེ་དང་ཁྲོན་པ་དང་དབའ་ཀློང་དང་ཆུ་བསྲུབས་འདྲེན་པ་དག་བྱེད་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྩེ་བའི་བསམ་པས་ཆུའི་ནང་དུ་ལྟེ་བ་མན་ཆད་ཙམ་ནུབ་པར་ཞུགས་ཤིང་ཆུའི་འོག་ཏུ་ནུབ་པར་བྱིའུ་ཟུལ་

བྱེད་པ་དང་། ཆུའི་འོག་ནས་སྟེང་དུ་འབྱུང་བ་དང་། ཆུའི་ངོགས་གཞན་ནས་གཞན་དུ་རྒལ་བ་དང་ཆུའི་རྒྱུན་ཕྱོགས་སུ་རྩོལ་བ་དང་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་། ཆུ་ལ་རྔ་བོ་ཆེ་ནས་དབའ་ཀློང་དང་ཆུ་བསྲུབས་འདྲེན་པའི་བར་དག་བྱེད་ན་ལྟུང་བྱེད་དུ་འགྱུར་

རོ། །དབང་བསྐུར་བ་ལ་ནུབ་པ་ལ་སོགས་པ་ཡོད་པ་ལ་ནི་དངོས་གཞིར་རྣམ་པར་མི་གཞག་གོ། །གཏིང་ལ་སོགས་པར་འཇུག་པ་ལ་ནུབ་པ་ལ་སོགས་པ་ཡོད་པ་དེ་ལ་ནི་ཅི་རིགས་པར་རྗེས་སུ་བསྒྲུབ་པ་ལ་དངོས་གཞིར་འགྱུར་རོ། །བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སོ་ཞེས་བྱ་བ་

ནི། ཞུགས་ཀྱང་བེམ་ཏོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སུ་འགྱུར་རོ། །བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁ་ཕོར་དང་བུ་རམ་གྱི་ཁུ་བ་འཛག་པ་དང་སྲན་ཚོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། གང་དུ་འཇུག་ཏུ་རུང་བ་དེར་ཞུགས་ཏེ་ནུབ་པ་ལ་སོགས་

པ་རྗེས་སུ་བསྒྲུབ་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། བེམ་ཏོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སོ། །ཆུར་མ་ཞུགས་པར་རྩེ་བ་ཐམས་ཅད་ལ་ནི་ཉེས་བྱས་ཁོ་ནའོ། །བུ་རམ་གྱི་ཁུ་བ་འཛག་པ་ཞེས་བྱ་བ་ནི་གང་དུ་བུ་རམ་གྱི་ཤིང་བཙིར་བའི་ཁུ་བ་འཛག་པའོ། །ཆུ་མ་ཡིན་པ་ལ་རྩེ་བ་

เล่ม ๑๖๒ · หน้า 371b

ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཏེ་ཆུ་ལས་གཞན་པའི་ཆུ་མ་ཡིན་པ་སྟེ་དེ་ལ་རྩེ་བ་ཡང་ཉེས་བྱས་སོ། །གར་གྱི་བདག་ཉིད་མ་ཡིན་པ་བོང་བ་ལ་སོགས་པ་འཕེན་པ་དང་ལུས་ཀྱི་རྩེད་མོར་གྱུར་པ་གཡོ་བའི་རྩེད་མོ་གཞན་

ཐམས་ཅད་ཉེས་བྱས་ཡིན་ནོ། །གར་གྱི་བདག་ཉིད་ནི་སྔར་གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ་ཞེས་སྨོས་པས་བཀག་ཟིན་ཏོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ཆབ་མ་ལགས་པ་དངོས་པོ་ལྷག་མ་ལ་རྩེ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་

གསུངས་པ་ཡིན་ནོ། །དེ་ལྟ་བུ་ལ་བྱེད་དུ་བཅུག་པ་ནི་དེ་དང་འདྲའོ་ཞེས་བྱ་བ་ལ། དེ་ལྟ་བུ་ཞེས་བྱ་བ་ནི། ཆུ་ལས་གཞན་པའི་རྫས་ལ་སྟེ་དེ་ལས་གཞན་གཡོ་བ་ལ་སོགས་པ་བྱེད་དུ་བཅུག་པ་ནི་རང་གིས་བྱས་པ་དང་འདྲ་བར་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ཇི་ལྟར་ཆུ་

ལས་གཞན་པའི་རྫས་ཀྱིས་ཡུལ་ལ་རྩེ་བ་ལ་རང་བྱེད་པས་ལྟུང་བར་རྣམ་པར་གཞག་པ་བྱས་པ་བཞིན་དུ་གཞན་བྱེད་དུ་འཇུག་པ་ཡང་དེ་དང་འདྲའོ། །བྱེད་དུ་བཅུག་པ་ལ་ཡང་རྩེ་བའི་ལྟུང་བྱེད་ཀྱི་ཡུལ་དུ་གྱུར་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། ཉེས་བྱས་ཀྱི་ཡུལ་དུ་གྱུར་པ་ལ་ནི་ཉེས་

བྱས་སུ་འགྱུར་བ་ཡིན་ཏེ། བསྙེན་པར་རྫོགས་པས་བྱེད་དུ་བཅུག་ན་བྱེད་དུ་འཇུག་པ་དང་བྱེད་པ་གཉི་ག་ལ་ཁ་ན་མ་ཐོ་བ་འདི་འདྲ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་རངས་པའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རངས་སུ་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ། །

རྩེ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རྩེར་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ། །དགའ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་དགར་གཞུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཅི་བསམ་པ་གང་ཡང་རུང་བས་བྱེད་དམ་བྱེད་དུ་བཅུག་པ་དག་

ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ་ཞེས་བྱ་བ་སྨྲས་ཏེ། རྒོད་པའི་སྒོ་ནས་དགའ་བ་ཉམས་སུ་མྱོང་བར་བྱའོ་སྙམ་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་

เล่ม ๑๖๒ · หน้า 372a

དགེ་སློང་གིས་བུམ་པའི་སྦྱོར་བས་ཆུས་འཐོར་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་དགོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་

འདུན་པས་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བ་འདིར་འགྱུར་བ་དེའི་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ནུབ་པ་དང་འབྱུང་བ་ལ་སོགས་པ་དག་བསྡུས་ཏེ་དེ་དག་བྱས་སམ་བྱེད་དུ་བཅུག་པ་ལ་ཡང་ལྟུང་བ་མེད་དོ། །

རྐྱལ་སློབ་བ་ཐད་ཀའམ་ལྟག་འོག་ཏུ་སྩོལ་བ་ལ་ཡང་ངོ་ཞེས་བྱ་བ་ནི། རྐྱལ་སློབ་པའི་བསམ་པས་ཐད་ཀར་རྩོལ་བ་དང་ལྟག་འོག་ཏུ་སྩོལ་བ་ལ་ཡང་ལྟུང་བ་མེད་དོ། །གྲང་བར་འདོད་པས་ཚ་བ་དག་ལ་རི་མོ་དོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། གྲང་ཞིང་དད་ལས་པར་འདོད་པས་འུ་

ཤ་ལ་སོགས་པ་ཚ་བ་དག་ལས་དཀྲུགས་པ་ལ་སོགས་པས་རི་མོ་དོད་པར་བྱེད་པ་ལ་ཡང་ལྟུང་བ་མེད་པའོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བུད་མེད་དང་

ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །དུས་གང་གི་ཚེ་གཉིད་ལོག་ན་ཞེ་ན་དེའི་ཕྱིར། མཚན་མོའོ་ཞེས་བྱ་བ་སྨྲས་ཏེ། ནུབ་མོའོ། །ཅི་མཚན་མོ་ཐམས་ཅད་ཀྱི་སྐད་ཅིག་གང་ཡང་

རུང་བ་ལའམ་ཞེ་ན་དེའི་ཕྱིར། མཐར་རོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐའི་སྐད་ཅིག་ལའོ། །ཅི་མཚན་མོའི་མཐའི་མདུན་རོལ་དུ་ལྟུང་བ་མེད་དམ་ཞེ་ན་དེའི་ཕྱིར། མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། མཚན་མོའི་མཐའི་མདུན་རོལ་དུ་ནི་ཉེས་བྱས་སོ། །

འདིར་མིའི་བུད་མེད་མཐུ་མེད་པ་དང་མ་ནིང་ཕོ་དང་མ་ནིང་མོ་དང་མི་མ་ཡིན་པ་སྤྲུལ་པ་དང་དུད་འགྲོ་མཐུ་མེད་པ་ཉིད་ལ་ཡང་ཉེས་བྱས་ཡིན་ན་ཅི་བོང་ཚོད་གང་ཡང་རུང་བ་དང་ལྡན་པའི་མཐུ་མེད་པ་ལ་སོགས་པ་དག་ལ་དེར་ཤེས་པར་བྱའམ་ཞེ་ན་དེའི་ཕྱིར། བྱ་གག་གི་ཚད་ནི་དེ་བྱེད་

เล่ม ๑๖๒ · หน้า 372b

པ་ཉིད་ཀྱི་མཐའོ་ཞེས་བྱ་བ་སྨྲས་ཏེ། དངོས་གཞིའི་བྱེད་པ་ལས་གཞན་གང་ལ་བྱ་གག་གི་བོང་ཚོད་ཙམ་གྱི་ཚད་ཡོད་པ་དེ་ནི་བྱ་གག་གི་ཚད་དོ། །དེ་བྱེད་པ་ཉིད་ཀྱི་མཐའོ་ཞེས་བྱ་བ་ནི། ཉེས་བྱས་བྱེད་པ་ཉིད་ཀྱི་མཐའ་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། བོང་ཚོད་དེ་ཙམ་

དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གཉིད་ལོག་ན་ཉེས་བྱས་སུ་འགྱུར་ལ། མདུན་རོལ་དུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་སྔངས་པར་བྱེད་པའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན་དེའི་ཕྱིར། བཞད་

གད་བྱ་བར་བསམ་པས་ཀྱང་རུང་སྟེ། སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་འཇིགས་པར་བྱེད་པ། ཆེ་གེ་མོ་ཞིག་ཅེས་དགེ་སློང་ལ། གཞན་གྱིས་ཀྱང་གོ་བར་བྱེད་ན། འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། བཞད་གད་བྱ་བར་

བསམ་ཀྱང་རུང་སྟེ་ཞེས་བྱ་བ་ནི། དགོད་པའི་བསམ་པས་ཀྱང་རུང་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཁྲོ་བ་སྔོན་དུ་བཏང་བས་ཀྱང་རུང་བའོ། །སྔངས་པར་འདོད་པ་ཞེས་བྱ་བ་ནི། འཇིགས་པ་བསྐྱེད་པར་འདོད་པས་སོ། །འོ་ན་སྔངས་པར་འདོད་པ་ཞེས་བྱ་བའི་བྱེ་བྲག་འདི་སྨོས་

ཅི་དགོས་ཏེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ཞེས་བྱ་བ་ཉིད་ཀྱིས་སྔངས་པར་འདོད་པས་ཞེས་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སྔངས་པར་འདོད་པ་མེད་པར་ཡང་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ། གོ་

བར་བྱེད་པ་ཡོད་པ་ཁོ་ན་ཡིན་ཏེ། གལ་ཏེ་འདི་སྙམ་དུ་བདག་གིས་འདི་ནམ་ཡང་ལན་འགའ་ཡང་བདག་ལས་འཇིགས་པ་སྐྱེས་པར་མ་གྱུར་པའི་བྱུང་བའི་མཐའ་རྣམས་རྣམ་པ་མང་དུ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་རེ་ཞིག་བཞད་གད་བྱས་པར་གྱུར་ཅིག་སྙམ་དུ་

སེམས་པ་ལ་ནི་སྔངས་པར་འདོད་པ་མེད་པར་ཡང་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ཡོད་པས་དེའི་ཕྱིར་སྔངས་པར་འདོད་པས་ཞེས་བྱ་བའི་བྱེ་བྲག་འདི་སྨོས་དགོས་སོ། །འཇིགས་པའི་རྒྱུ་ཞེས་བྱ་བ་ནི། ཡིད་དུ་མི་འོང་བ་སྟེ་དེ་ཉེ་བར་

เล่ม ๑๖๒ · หน้า 373a

བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་པ་ནི། སྔངས་པར་བྱེད་པའི་ཁ་ན་མ་ཐོ་བར་འགྱུར་རོ། །གོ་བར་བྱེད་པ་རྣམ་པ་གཉིས་ཏེ་དོན་དང་གོ་བར་བྱ་བ་ལའོ། །དེ་ལ་དོན་གོ་བར་བྱེད་པ་ནི། འཇིགས་པར་བྱེད་པ་ཞེས་བྱ་བས་བསྟན་ཏོ། །ཇི་ལྟར་འཇིགས་པར་བྱེད་པ་གོ་བར་བྱེད་ཅེ་

ན་དེའི་ཕྱིར་ཆེ་གེ་མོ་ཞིག་ཅེས་སྨྲས་སོ། །གོ་བར་བྱ་བ་གང་ལ་གོ་བར་བྱེད་ཅེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གཞན་ལའོ། །གཞན་གྱིས་ཀྱང་གོ་བར་བྱེད་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་གོ་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་

གོ་བར་བྱེད་དུ་བཅུག་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་བྱ་བ་ནི། དགེ་སློང་འཇིགས་པ་མ་སྐྱེས་ཀྱང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། ཀྱང་གི་སྒྲ་ནི་འཇིགས་པ་སྐྱེས་ནས་ཡང་ཁ་ན་མ་ཐོ་བ་ཁོ་

ནར་འགྱུར་རོ། །འཇིགས་པའི་རྒྱུ་ཅི་འདྲ་བ་ཞིག་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་ན་ཁ་ན་མ་ཐོ་བ་ཅི་འདྲ་བར་འགྱུར་ཞེ་ན་དེའི་ཕྱིར་ཡིད་དུ་མི་འོང་བ་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གཟུགས་མི་སྡུག་པ་ལ་སོགས་པ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་གོ་བར་བྱེད་ན་

དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཡིད་དུ་མི་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན། ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོ་གཟུགས་ལ་བ་ནག་པོ་དང་སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་སེང་གེ་དང་སྟག་དང་གུང་དང་མཚའ་དང་གཟིག་དང་ཝའི་

སྐད་ལྟ་བུ་བཤང་བ་དང་གཅི་བ་དང་ར་བ་དང་དེའི་ཟེ་བའི་དྲི་ལྟ་བུ་སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་དག་ཉིད་སྒྲོགས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་གིས་ཡི་དགས་ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རེག་བྱའི་བྱེ་བྲག་བསྟན་པ་སྟེ་དེ་ལྟ་བུའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་

རེག་པ་དང་ལྡན་པའི་ཡི་དགས་ལ་སོགས་པ་འདི་ན་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལ་བ་ནག་པོ་དང་སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་ཡི་དགས་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་བསྟན་ཏོ། །སེང་

เล่ม ๑๖๒ · หน้า 373b

གེ་དང་སྟག་དང་གུང་དང་མཚའ་དང་གཟིག་དང་ཝའི་སྐད་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་སྒྲའི་བྱེ་བྲག་བསྟན་ཏོ། །བཤང་བ་དང་གཅི་བ་དང་ར་བ་དང་དེའི་ཟེ་བའི་དྲི་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་དྲིའི་བྱེ་བྲག་བསྟན་ཏོ། །སེག་དང་རེ་ལྡེ་དང་ཕྱར་

བའི་རེག་པ་ལྟ་བུ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་རེག་པའི་བྱེ་བྲག་བསྟན་ཏོ། །ཉིད་སྒྲོག་པའོ་ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་བྱེ་བྲག་དེ་ལྟ་བུ་དང་ལྡན་པ་ཉིད་འདི་ན་ཡོད་དོ་ཞེས་གོ་བར་བྱེད་པའོ། །ཡིད་དུ་འོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཡིད་དུ་འོང་

བའི་རྒྱུ་ཉེ་བར་བསྒྲུབ་པ་སྒྲོགས་ན་ཉེས་བྱས་སུ་འགྱུར་བའོ། །འདིར་ཡིད་དུ་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན། ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ།

པི་ཝང་ལ་སོགས་པའི་སྒྲ་ལྟ་བུ་ཨ་ཀ་རུ་དང་། ཙན་དན་དང་གུར་ཀུམ་དང་ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དང་དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་དུ་གུ་ལའི་རས་དང་ཀོ་ཏམ་པའི་རས་ཀྱིས་རེག་པ་ལྟ་བུ་དག་ཉིད་སྒྲོགས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་དག་གིས་ནི་ལྷ་

ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རེག་པའི་བྱེ་བྲག་བསྟན་ཏེ། དེ་ལྟ་བུའི་གཟུགས་དང་སྒྲ་དང་དྲི་དང་རེག་པ་དང་ལྡན་པའི་ལྷ་ལ་སོགས་པ་འདི་ན་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་

སོགས་པ་ལྟ་བུའོ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་བསྟན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱལ་པོ་དང་བློན་པོ་དག་ལྟ་བུ་ཡང་བསྡུའོ། །པི་ཝང་ལ་སོགས་པའི་སྒྲ་ལྟ་བུ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་སྒྲའི་བྱེ་བྲག་བསྟན་ཏོ། །སོགས་

པ་ཞེས་བྱ་བའི་སྒྲས་ནི་འོད་མ་དང་བ་ལ་རི་ལ་སོགས་པའི་སྒྲ་ལྟ་བུ་དག་ཀྱང་བསྡུའོ། །ཨ་ཀ་རུ་དང་ཙན་དན་དང་གུར་ཀུམ་དང་ཏ་མ་ལའི་ལོ་མའི་དྲི་ལྟ་བུ་ཞེས་བྱ་བས་ནི། ལྷ་ལ་སོགས་པའི་དྲིའི་བྱེ་བྲག་བསྟན་ཏོ། །དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด