འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๒ · หน้า 28b
བྱ་བ་ནི། མདོ་གཉིས་པ་ལ་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདུག་པ་དང་སྦྱར་རོ། །ཤཱཀྱ་ལ་སོགས་པའི་ཞེས་བྱ་བ་ནི་ཚིག་གང་ལ་སོགས་པ་ཞེས་བྱ་བ་ཡོད་པ་དེ་ནི་ཤཱཀྱ་ལ་སོགས་པའིའོ། །མཇུག་གི་མུ་སྟེགས་ཅན་ཞེས་བྱ་བ་ནི།
མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདི་ཚིག་གང་གི་མཇུག་ན་ཡོད་པའི་ཚིག་དེའི་མཇུག་ན་མུ་སྟེགས་ཅན་ཡོད་པའོ། །དེ་ལྟར་ན་ཚིག་དེ་ནི་ཤཱཀྱ་ལ་སོགས་པ་ཡང་ཡིན་ལ། མཇུག་ན་མུ་སྟེགས་ཅན་ཡོད་པ་ཡང་ཡིན་པས། ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཡོད་པ་ཡིན་ནོ། །ཡང་མདོ་སྔ་མ་
ལས་མུ་སྟེགས་ཅན་ཞེས་སྨོས་པའི་སྒྲ་དང་ཅིག་ཅར་གཅིག་གི་ཚིག་ཏུ་ཡང་བསྡུ་བར་བྱ་སྟེ། མུ་སྟེགས་ཅན་དང་ཞེས་བྱ་བ་ཡང་ཚིག་དེ་ཡིན་ལ་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཞེས་བྱ་བ་ཡང་དེ་ཡིན་པས་ན། མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཏེ། དེ་བཀོལ་བའི་
ལྷག་མ་ནི་མིང་ཅན་ཡིན་པར་རིག་པར་བྱའོ། །འདི་ལྟར་མིང་ནི་གཞན་གྱི་དོན་གྱི་ཕྱོགས་དག་ལ་མིང་ཅན་གོ་བར་བྱེད་པ་ཡིན་པས་དེའི་ཕྱིར་རབ་ཏུ་འབྱུང་བའི་གཞི་འདིར་ཡང་བཀོལ་བ་བྲན་ཞེས་བྱ་བ་ལ་སོགས་པས་བཀོལ་བའི་ཕྱོགས་ཤེས་པར་བྱའོ། །ཕྲན་ཚེགས་ལ་ནི་བཀོལ་བ་རྒྱལ་པོས་བཀྲབས་པ་
ཞེས་བྱ་བ་ལ་སོགས་པས་བཀོལ་བའི་ཕྱོགས་ཤེས་པར་བྱའོ།། །།བམ་པོ་གསུམ་པ། །སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་སྨྲས་ན། དེ་ཅི་ཙམ་གྱིས་ན་སེམས་མགུ་བར་གྱུར་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་དཀོན་མཆོག་
རྣམས་ཀྱི་བསྔགས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་མི་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དཀོན་མཆོག་རྣམས་ཀྱི་ཞེས་བྱ་བ་ནི། གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱིའོ། །བསྔགས་པ་ཡང་དག་པར་
བརྗོད་པ་ན་ཞེས་བྱ་བ་ནི་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་ནའོ། །མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་ཞེས་བྱ་བ་ནི། སྐྱོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་ནའོ། །མི་གཡོ་བ་ཉིད་ཅེས་བྱ་བ་ནི་གཡོ་བར་མི་འགྱུར་བས་མི་གཡོ་བ་སྟེ། མི་གཡོ་བའི་
เล่ม ๑๖๒ · หน้า 29a
དངོས་པོ་ནི་མུ་སྟེགས་ཅན་རྣམས་ཀྱི་མི་གཡོ་བ་ཉིད་དོ། །སེམས་མགུ་བར་གྱུར་པ་ཉིད་ཅེས་བྱ་བ་ཡང་། མུ་སྟེགས་ཅན་དེ་དག་ཉིད་ཀྱིའོ། །མུ་སྟེགས་ཅན་སེམས་མགུ་བར་གྱུར་པ་ཉིད་ལ་ཇི་ལྟར་ནན་ཏན་བྱ་ཞེ་ན། དེའི་ཕྱིར་དེའི་དོན་དུ་དེ་དང་མི་ལྡན་པ་དེ་དགེ་བསྙེན་ཉིད་དུ་བྱས་
པའི་མཐའ་ཅན་དེ་ལ་དགེ་འདུན་གྱི་ལས་ཀྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེའི་དོན་དུ་ཞེས་བྱ་བ་ནི། བསྟན་མ་ཐག་པ་སེམས་མགུ་བར་གྱུར་པ་ཉིད་ཀྱི་དོན་དུའོ། །དེ་དང་མི་ལྡན་པ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་སེམས་མགུ་བར་མ་གྱུར་པ་ཉིད་གཟུང་ངོ་། །
གང་ལ་དེ་ཡོད་པ་དེ་ནི་དེ་དང་ལྡན་པའོ། །དེ་དང་ལྡན་པ་མ་ཡིན་པ་ནི་དེ་དང་མི་ལྡན་པ་སྟེ་སེམས་མགུ་བར་མ་གྱུར་པ་ཉིད་ལྡན་པ་དེ་དང་མི་ལྡན་པའོ། །དེ་ཞེས་བྱ་བ་ནི། མུ་སྟེགས་ཅན་ཡིན་ནོ། །དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ཞེས་བྱ་བ་ལ། དགེ་བསྙེན་གྱི་དངོས་པོ་ནི་དགེ་བསྙེན་ཉིད་དོ། །དེ་ནི་ཆོ་ག་དེའི་མཐའ་ཡིན་
པས་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་སྟེ། དེ་ལ་དགེ་བསྙེན་དུ་བྱས་པའི་མཐའི་ཆོ་ག་ཡོད་པས་ན། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ནོ། །དེ་ལ་ཞེས་བྱ་བ་ནི། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་མུ་སྟེགས་ཅན་ལའོ། །དགེ་འདུན་གྱིས་ལས་ཀྱི་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་
ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ། །ཇི་ལྟར་གནས་པ་བྱིན་ལ་ཞེ་ན། ལས་ཀྱིས་ཏེ་གསོལ་བ་དང་བཞིའི་ལས་ཀྱིས་སོ། །གསོལ་བ་དང་བཞིའི་ལས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་
འཚལ་ཏེ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི། ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པར་དགེ་འདུན་ལ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་
ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པས་སོ། །ཟླ་བ་བཞི་པོ་དག་ལ་ཟན་དང་གོས་གང་ནས་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་དེའི་ཟན་དགེ་འདུན་ལས་སོ་ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་གནས་པ་བྱིན་པ་དེའི་ཟན་ནི་དགེ་འདུན་གྱི་ལས་སྦྱིན་པར་བྱའོ། །
เล่ม ๑๖๒ · หน้า 29b
གོས་གང་ནས་ཤེ་ན། དེའི་ཕྱིར་གོས་ནི་མཁན་པོ་ལས་སོ་ཞེས་བྱ་བ་སྨྲས་ཏེ། གོས་ནི་མཁན་པོས་སྦྱིན་པར་བྱའོ། །ཟན་དང་གོས་འབྱོར་ནས་དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ལས་སུ་བསྐོ་བར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་དེའོ། །དགེ་ཚུལ་དག་པས་
ཀྱང་གཞོན་པའི་ཕྱིར་གཞོན་པ་ཐམས་ཅད་ཀྱི་ལས་སུ་བསྐོ་བ་གང་ཡིན་པ་དེ་དེས་བྱའོ། །གང་གི་ཕྱིར་བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང་གཏན་དུ་བ་ཞེས་གསུངས་པ་ལ། རེ་ཞིག་པ་བསྟན་པའི་ཕྱིར། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ།
རབ་ཏུ་འབྱུང་བར་འདོད་པ་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལ་མཁན་པོས་ཅི་ཁྱོད་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་ལོ་བཅོ་ལྔ་མ་ལོན་ན་དེའི་ཕྱིར་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་འབྱུང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་
བར་འདོད་པ་ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་རབ་ཏུ་འབྱུང་བར་མི་བྱའོ། །བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་མ་ལོན་ན་རབ་ཏུ་དབྱུང་བར་མི་བྱའོ། །གལ་ཏེ་ལོ་བཅོ་ལྔའམ་ལོ་བདུན་ལོན་ལ་བྱ་རོག་སྐྲོད་ཀྱང་ནུས་ན་དེ་ནི་རབ་ཏུ་དབྱུང་བར་བྱའོ། །འོ་ན་རབ་ཏུ་དབྱུང་བ་ནི་མཁན་པོའི་ལས་ཡིན་ན། དེ་དག་
གིས་རབ་ཏུ་དབྱུང་བར་བྱའོ་ཞེས་མང་པོའི་ཚིག་ཏུ་ཇི་ལྟར་རུང་ཞེ་ན། རབ་ཏུ་དབྱུང་བ་ལ་ནི་མང་པོ་རྣམས་ཀྱི་བྱ་བ་ཡོད་པས་ཐམས་ཅད་བསྡུ་བའི་ཕྱིར་མང་པོའི་ཚིག་ཏུ་རུང་སྟེ། ཞུ་བར་བྱེད་པས་ཀྱང་འདི་ཡོངས་སུ་མ་དག་གོ་ཞེས་བྱ་བར་ཤེས་ན་ཞུ་བར་མི་བྱ་ལ། དགེ་འདུན་གྱིས་ཀྱང་གནང་བར་མི་བྱ། དགེ་ཚུལ་
ཉིད་དུ་ཉེ་བར་བསྒྲུབ་པས་ཀྱང་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་མི་བྱ་བའི་ཕྱིར་རོ། །ཅི་དཔེར་ན་གནས་གཅིག་གིས་གནས་པ་རྫོགས་པར་བསྙེན་པ་མང་པོ་དག་འཇོག་པར་བྱེད་པ་དེ་བཞིན་དུ། དེས་དགེ་ཚུལ་མང་པོ་དག་ཀྱང་གཞག་པར་བྱའམ། ཞེ་ན། དེའི་ཕྱིར་དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་གཞག་
པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་གཅིག་ལས་ལྷག་པ་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་གཞག་པར་མི་བྱའོ། །ཇི་ལྟར་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་གཞག་པ་བཀག་པ་ལྟར། ཅི་རབ་ཏུ་དབྱུང་བ་ཡང་གཉིས་པ་ལ་སོགས་པ་མི་བྱའམ་ཞེ་ན། དེའི་ཕྱིར་གལ་ཏེ་སོ་སོར་རབ་ཏུ་
เล่ม ๑๖๒ · หน้า 30a
འབྱུང་མི་འདོད་ན་རབ་ཏུ་ཕྱུང་ལ་རྒན་པ་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བར་འདོད་པ་གཉིས་ཤིག་བདག་ཅན་གཉིས་ཅིག་ཅར་ལྷན་ཅིག་རབ་ཏུ་འབྱུང་བར་བྱའོ་ཞེས་དེ་ལྟར་ངེས་པར་བྱས་ཏེ། རབ་ཏུ་འབྱུང་བའི་ཕྱིར་འོངས་པ་དེ་གཉིས་
གལ་ཏེ་སོ་སོར་ཐ་དད་པར་རབ་ཏུ་འབྱུང་བར་མི་འདོད་ན། དེའི་ཚེ་གཉིས་ཀ་རབ་ཏུ་འབྱུང་བར་བྱ་ཞིང་གཉིས་ཀ་རབ་ཏུ་བྱུང་ན་དགེ་ཚུལ་ནས་རྒན་པ་ཤོས་རྫོགས་པར་བསྙེན་པར་བྱའོ། །གལ་ཏེ་རྒན་དུ་ཟིན་ཀྱང་ལོ་ཉི་ཤུ་མ་ལོན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་ལོ་མ་ལོན་ན་གཞན་ལ་རེ་ཞིག་
གནས་པའི་དོན་དུ་གཏད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་གང་ཡང་རུང་བ་དེ་རྒན་དུ་ཟིན་ཀྱང་། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ན། དེའི་ཚེ་དེ་གཉིས་ལས་གཅིག་དགེ་སློང་གཞན་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པར་བྱའོ། །ཅི་སྟེ་གང་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པ་དེའི་ཡིན་
པ་ཁོ་ནར་འགྱུར་རམ་ཞེ་ན། དེའི་ཕྱིར་དེ་ལ་དེ་དབྲོག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེ་ལ་དགེ་ཚུལ་དེ་མཁན་པོ་ལས་དབྲོག་པར་མི་བྱའོ། །རྫོགས་པར་བསྙེན་པར་བྱ་བའི་དུས་ན་གང་གིས་རྫོགས་པར་བསྙེན་པར་བྱ་ཞེ་ན། དེའི་ཕྱིར་གང་གིས་གཏད་པ་ཉིད་ཀྱིས་དེ་རྫོགས་པར་བསྙེན་པར་
བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མི་སྟེར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མི་སྟེར་བ་རེ་ཞིག་གི་གནས་ལས་མཐུས་བཀུག་སྟེ་འོ་ཞེས་བྱ་བ་སྨྲས་ཏེ། མི་སྟེར་བ་ལས་མཐུས་བཀུག་སྟེ་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཀོལ་བ་བྲན་ནོ་ཞེས་བྱ་བས་ནི། བཀོལ་བ་ཞེས་བྱ་བའི་མིང་
མིང་ཅན་ལ་ཉེ་བར་འཇོག་པར་བྱེད་དེ། མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་བྲན་ཞེས་བྱ་བར་སྦྱར་བ་ཅན་ལའོ། །བྲན་ཞེས་བྱ་བའི་སྒྲ་མིང་ཅན་དང་ལྷན་ཅིག་ཇི་ལྟར་སྦྱར་བར་བྱ་ཞེ་ན། འདིར་བྲན་མ་ཡིན་ནམ་ཞེས་བྱ་བའི་སྒྲ་ནི་དང་པོའི་མཐའ་ཅན་ཡིན་ལ། མི་བྱའོ་ཞེས་བྱ་བ་ནི་འདིར་གཉིས་པའི་མཐའ་
ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བྲན་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །འདི་ལྟར་བྲན་ཞེས་བྱ་བའི་སྒྲ་གཅིག་
เล่ม ๑๖๒ · หน้า 30b
ཏུ་ཟད་མོད་ཀྱི། འོན་ཀྱང་དོན་གྱི་དབང་གིས་རྣམ་པར་དབྱེ་བ་བསྒྱུར་ཏེ། གནས་གཉི་གར་སྦྱར་བར་བྱའོ། །ཡིན་ནམ་གཏང་ལ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་ཞེས་བྱའོ་ཞེས་བྱ་བ་ལ། ཡིན་ནམ་གཏང་ལ་ཞེས་བྱ་བ་ནི། ཡིན་ནམ་ཞེས་བྱ་བ་བཀོལ་
བའོ། །མདོ་འདི་ལ་བཀོལ་བའི་མིང་གིས་ཡིན་ནམ་ཞེས་པའི་སྒྲ་བཀོལ་བའི་མིང་ཅན་ཉེ་བར་འཇོག་པར་བྱེད་དེ། ཡིན་ནམ་ཞེས་བྱ་བའི་གནས་སུ་ཁྱོད་ལ་ཞེས་བྱ་བར་ཉེ་བར་སྦྱར་བར་བྱའོ། །དེ་ལྟར་ན་འདིར་མདོའི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ལ་ལ་ལའི་བུ་
ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་ཞིང་། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བུ་ལོན་ཅན་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའོ། །བུ་ལོན་ཞེས་བྱ་བ་ནི་གཞལ་བར་བྱ་བ་ཡིན་པས་དེའི་ཕྱིར་འདིར་བཀོལ་བ་བུ་ལོན་
ཅན་དང་སྦྱར་བར་ཤེས་པར་བྱའོ། །བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བ་ཡང་མ་ཡིན་ཏེ། གང་འདི་སྐད་དུ་རབ་ཏུ་བྱུང་ངམ། རྫོགས་པར་བསྙེན་ནས་ཕྱིས་བུ་ལོན་འཇལ་ནུས་སོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་རབ་ཏུ་དབྱུང་བར་བྱའོ། །བྱེ་བྲག་འདི་ནི་སྔགས་ལས་སྣང་སྟེ།
སྔགས་འདི་སྐད་དུ་འབྱུང་སྟེ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། རབ་ཏུ་བྱུང་ནས་འཇལ་ནུས་སམ་ཞེས་འབྱུང་བས། འཇལ་ནུས་སམ་ཞེས་བྱ་བའི་ཚིག་གིས་དེ་དེ་ལྟར་གྱུར་ན་རབ་ཏུ་དབྱུང་བར་བྱའོ། །རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མི་གནང་བ་ཡུལ་ཐག་མི་
རིང་བ་ནི། ཞག་བདུན་བསྲེལ་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་ཞེས་བྱ་བ་ནི། རབ་ཏུ་དབྱུང་བར་འདོད་པ་གང་གི་ཕ་མ་གཉིས་གསོན་པ་དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་པ་ཡིན་ནོ། །དེ་གཉིས་ཀྱིས་མ་གནང་བ་ཞེས་བྱ་བ་ནི། ཕ་མ་དེ་གཉིས་ཀྱིས་གལ་ཏེ་
རབ་ཏུ་འབྱུང་བའི་ཕྱིར་གནང་བར་མ་གྱུར་པའོ། །ཡུལ་ཐག་མི་རིང་བ་ཞེས་བྱ་བ་ནི། གང་ལ་ཡུལ་ཐག་རིང་པོ་མེད་པ་དེ་ནི་ཡུལ་ཐག་མི་རིང་བ་ཡིན་ནོ། །རབ་ཏུ་འབྱུང་བར་འདོད་པ་དེ་ལྟ་བུ་དེ་ནི་ཞག་བདུན་བསྲེལ་བར་བྱ་སྟེ། འོངས་མ་ཐག་ཏུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་
เล่ม ๑๖๒ · หน้า 31a
ཀྱིས་ཞེས་བྱ་བ་གཉིས་ཀྱི་ཚིག་ཏུ་བྱས་པའི་ཕྱིར་ཕ་མ་གསོན་ཞིང་ཞེས་བྱ་བ་འདིར་ཡང་ཕ་མ་གཉི་ག་གཟུང་བར་བྱའོ། །གལ་ཏེ་གཅིག་གསོན་ན་ཡང་དེའི་ཚེ་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཡུལ་ཐག་མི་རིང་བ་ཅན་གྱི་དབང་དུ་བྱས་ཏེ་སྨྲས་ནས། ད་ནི་ཡུལ་ཐག་
རིང་པོ་ཅན་གྱི་དབང་དུ་བྱས་ཏེ། དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བའོ། །ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་
ལ། ཡང་ཞེས་བྱ་བའི་སྒྲ་ནི། ཞག་བདུན་བསྲེལ་དུ་ཟིན་ཀྱང་དགེ་འདུན་ལ་མ་ཞུས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །བཟློག་པ་ནི་རབ་ཏུ་དབྱུང་བར་བྱའོ། །དེ་ལྟར་ཕ་མ་གསོན་པ་ལ་དྲི་བའི་གཞུང་ནི་བཙུན་པ་གང་གི་ཕ་མ་གཉིས་དུས་ལས་འདས་པར་གྱུར་ཏམ། དུད་འགྲོའི་སྐྱེ་
གནས་སུ་གཏོགས་པར་གྱུར་པ་དེའི་སྐྲ་བྲེག་པ་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པའོ། །འོ་ན་ཡུལ་ཐག་ཉེ་བ་ཡང་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱ་ན། ཡུལ་ཐག་རིང་བ་སྨོས་པ་ཅིའི་ཕྱིར་བྱ་ཞེ་ན། དོགས་པ་བསལ་བའི་ཕྱིར་ཏེ། འདི་ལྟར་ཁྱིམ་པ་མོ་
ཞིག་གིས་བུ་རབ་ཏུ་ཕྱུང་བ་མཐོང་ནས། ཁྱོད་ཤཱཀྱའི་བུའི་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་བྱུང་ཚུར་ཤོག་འདོང་ཞེས་སྨྲས་ཏེ། དེས་དེ་བཟུང་ནས་ཁྱིམ་དུ་ཁྲིད་ཅིང་དགེ་སློང་རྣམས་ལ་རྐུན་མ་ཞེས་བྱ་བའི་ཚིག་གིས་སྐུར་པ་བཏབ་པས། ལ་ལ་ཡུལ་ཐག་ཉེ་བ་ལ་ནི་ཉེས་དམིགས་དེ་ལྟ་བུ་ཡོད་ཀྱི།
ཡུལ་ཐག་རིང་བ་ལ་ནི་ཉེས་པ་མེད་དོ་སྙམ་དུ་དེ་ལྟར་དོགས་པར་གྱུར་པས་ཡུལ་ཐག་རིང་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་ཡང་ཞེས་བྱ་བའི་སྐྲ་གཞན་དུ་རྣམ་པར་འཆད་དེ། ཡང་ཞེས་བྱ་བའི་སྒྲས་ནི་ཡུལ་ཐག་རིང་བ་ཡང་ཞུ་བར་བྱ། ཡུལ་ཐག་ཉེ་བ་ཡང་ཞུ་བར་བྱའོ་ཞེས་བྱ་བར་རྣམ་པར་འཆད་དོ། །
རབ་ཏུ་འབྱུང་བར་འདོད་པ་ཞག་བདུན་བསྲེལ་བར་བྱའོ་ཞེས་སྨྲས་ན། ཟན་སུས་སྦྱིན་པར་བྱ་བ་མ་བསྟན་པས་དེའི་ཕྱིར་རབ་ཏུ་འབྱུང་བར་འདོད་པའི་ཟན་ནི་དགེ་འདུན་གྱིས་བྱིན་ན་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རུང་ངོ་ཞེས་སྨོས་པས་ནི། དགེ་འདུན་གྱི་གནང་སྤབས་སྟོན་ཏེ། གལ་ཏེ་གཅིག་ལ་མ་ཞུས་ན་ཡང་
เล่ม ๑๖๒ · หน้า 31b
དེའི་ཚེ་སྦྱིན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཀོལ་བ་ཕ་མས་གནང་ངམ་མཇུག་ནས་ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། མེད་དམ་ཞེས་བྱ་བའི་སྒྲ་དེའི་གནས་སུ་ཕ་མས་གནང་ངམ་ཞེས་བྱ་བའི་སྒྲ་བརྗོད་པར་བྱའོ། །བཀོལ་བ་ཞེས་བྱ་བའི་སྒྲ་འདིས་བསྒྲུབ་པར་བྱ་བའི་མིང་ཅན་གྱི་མཇུག་ཐ་
མར་ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་བྱ་བའི་སྒྲ་འདི་ལྷག་པར་བརྗོད་པར་བྱའོ། །དེ་ལྟར་ན་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཕ་མས་གནང་ངམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། ཕ་མས་མ་གནང་བ་རབ་ཏུ་དབྱུང་བ་དང་
རྫོགས་པར་བསྙེན་པར་མི་བྱའོ། །ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །ཉེ་བར་འོངས་པ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་འདོད་པ་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དགེ་ཚུལ་གྱི་མཁན་པོས་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེ་ཡང་རབ་ཏུ་འབྱུང་
བའི་སྐབས་ནས་གནང་ངོ་། །ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་རུང་ངོ་ཞེས་བྱ་བ་ལ། རུང་ངོ་ཞེས་བྱ་བའི་སྒྲ་ནི། ཚིག་ཐ་དད་པར་རྟོགས་པའི་དོན་ཏེ་གཉིས་པོ་དག་ལས་གང་ཡང་རུང་བ་བརྗོད་པར་བྱའོ། །རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ་ཞེས་བྱ་བ་ནི། འདི་ལྟར་
རབ་ཏུ་འབྱུང་བའི་དུས་ན་ནད་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་སྤྱིར་དྲི་བར་བྱེད་མོད་ཀྱི། འོན་ཀྱང་བསྙེན་པར་རྫོགས་པའི་དུས་སུ་མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་དྲི་བར་བྱའོ་ཞེས་བྱ་བ་གཅིག་གི་
ཚིག་གི་མཐའི་སྒྲ་འདི་མང་པོའི་ཚིག་ཏུ་བསྒྱུར་ཏེ། དེ་དག་གིས་དྲི་བར་བྱའོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཞེས་བྱ་བ་མང་པོའི་ཚིག་གི་མཐའ་ཡིན་པའི་ཕྱིར་རོ། །ནད་པ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ནི། ཞུ་བར་བྱེད་པ་དང་། རྫོགས་
པར་བསྙེན་པར་བྱེད་པ་ལ་སོགས་པ་མང་པོའི་ཕྱིར་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་མང་པོའི་ཚིག་ནི་འདིར་ཐམས་ཅད་ཀྱི་བྱེ་བྲག་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་བཀོལ་བ་ནད་པ་ཞེས་བྱ་བ་འདི་ལྟར་བསྟན་སླ་བར་མ་བྱས་པར་འདི་ལྟར་མདོ་བཞིར་བྱས་པ་ནི། གལ་ཏེ་བཀོལ་བ་ནད་
เล่ม ๑๖๒ · หน้า 32a
པ་ཞེས་བྱ་བ་དེ་ལྟར་བྱས་ན་དེའི་ཚེ་རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ་ཞེས་བྱ་བ་དེ་འདུས་པར་མི་འགྱུར་ལ། ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བའི་ཚིག་ཐ་དད་པར་རྟོག་པ་ཡང་མ་བྱས་པར་འགྱུར་བའི་ཕྱིར་རོ། །བཀོལ་བ་ཆད་པ་ཡན་ཆད་དོ་
ཞེས་བྱ་བ་ནི། དབང་དུ་བྱ་བ་འདིས་རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ཡན་ཆད་ཀྱི་མདོ་བསྟན་པ་ཐམས་ཅད་བཀོལ་བ་ཞེས་བྱ་བའི་སྒྲ་འདིའི་དབང་དུ་བྱའོ། །དེས་ན་སྤྲུལ་པ་ལ་སོགས་པ་དག་བཀོལ་བ་དང་སྦྱར་བར་རིག་
པར་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། འོག་ནས་འབྱུང་བ་སྤྲུལ་པ་ལ་སོགས་པ་ལའོ། །སྐྱེ་བའི་ཆོས་ཉིད་མེད་པར་ཞེས་བྱ་བ་ནི། སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་རོ། །ཡང་ཞེས་བྱ་བའི་སྒྲ་ནི། ཀུན་བསྡུ་བའི་དབང་དུ་བྱ་བའི་དོན་ཏོ། །འདྲའོ་
ཞེས་བྱ་བའི་སྒྲ་ནི། སྤྱི་ལ་སྙེགས་པའི་དོན་ཏོ། །དེ་ལྟར་ན་མདོ་འདིས་ཀྱང་ཆད་པ་ཡན་ཆད་ཀུན་བསྡུ་བ་དང་། སྤྱི་ལ་སྙེགས་པའི་དབང་དུ་བྱེད་དོ། །དེ་ལྟར་ན་སྐྱེ་བའི་ཆོས་ཉིད་མེད་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེ་ལྟ་བུ་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་བུ་ཞེས་བྱ་བ་ནི། སྐྱེ་བའི་ཆོས་
ཉིད་མེད་པའོ། །རྟགས་ཅན་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་དང་དགེ་ཚུལ་དང་རྫོགས་པར་བསྙེན་པ་ཡང་དག་པའི་འོ། །འདི་ཡང་དབང་དུ་བྱ་བའི་མདོ་བསྟན་མ་ཐག་པའི་ལྷག་མར་གྱུར་པ་ཡིན་པའི་ཕྱིར། ཆད་པ་ཡན་ཆད་ཐམས་ཅད་ཀྱིས་དབང་དུ་བྱའོ། །ད་ནི་བཀོལ་བ་དང་སྦྱར་བ་དང་སྐྱེ་བའི་ཆོས་ཉིད་མེད་
པ་དང་སྦྱར་བ་རྣམ་པར་བཤད་པར་བྱ་སྟེ། སྤྲུལ་པའོ་ཞེས་བྱ་བ་འདིར་ཡང་བཀོལ་བ་ལ་སོགས་པའི་དབང་དུ་བྱ་བ་ཐམས་ཅད་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་སྤྲུལ་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་
ཀྱང་དྲི་བར་བྱ་སྟེ། སྤྲུལ་པ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །དེ་ལྟ་བུ་རྟགས་ཅན་ནི་བསྙིལ་བར་བྱའོ། །དེ་བཞིན་དུ་མ་ནིང་ལ་སོགས་པ་གཞན་དག་ལ་ཡང་སྦྱར་བར་བྱའོ། །མ་ནིང་ངོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་
เล่ม ๑๖๒ · หน้า 32b
འོངས་པ་ལ་མ་ནིང་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། མ་ནིང་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །མ་ནིང་གི་དབྱེ་བ་བསྟན་པའི་ཕྱིར། དེ་ནི་རྣམ་པ་ལྔའོ་ཞེས་བྱ་བ་སྨྲས་ཏེ། མ་ནིང་
ནི་རྣམ་པ་ལྔ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ལྔ་བསྟན་པའི་ཕྱིར། སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པ་དང་། ཞེས་བྱ་བ་སྨྲས་ཏེ། དེ་ལ་སྐྱེས་ནས་ཞེས་བྱ་བ་ནི། སྐྱེས་པའི་ཚེ་ཉིད་ནས་ཕོའི་དབང་པོ་ཡོད་པའི་ཕྱིར་བུད་མེད་ཉིད་ཀྱང་མ་ཡིན་ལ་མོའི་
དབང་པོ་ཡོད་པའི་ཕྱིར་ཕོ་ཉིད་ཀྱང་མ་ཡིན་པ་གང་འཇིག་རྟེན་ན་མཚན་གཉིས་པ་ཞེས་བྱ་བ་གང་ཡིན་པ་སྟེ། དེ་ནི་སྐྱེས་ནས་མ་ནིང་དུ་གྱུར་པར་རིག་པར་བྱའོ། །ཟླ་བ་ཕྱེད་པ་ཞེས་བྱ་བ་ནི། ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་འགྱུར་ལ། ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་
པར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་མ་ནིང་ཟླ་བ་ཕྱེད་པའོ། །འཁྱུད་ནས་ལྡང་བ་ཞེས་བྱ་བ་ནི། དེ་འཁྱུད་པ་ཡང་ཡིན་ལ་ལྡང་བ་ཡང་ཡིན་པས་འཁྱུད་ནས་ལྡང་བའི་མ་ནིང་སྟེ། གང་སྐྱེས་པ་གཞན་གྱིས་བརྩལ་བས་ན་དབང་པོ་ལས་སུ་ཡང་རུང་བ་ལྡང་བར་འགྱུར་བ། དབང་པོ་ལས་སུ་རུང་བ་ལྡང་བ་ཞེས་
བྱ་བའི་ཐ་ཚིག་སྟེ། དེ་ནི་འཁྱུད་ནས་ལྡང་བའི་མ་ནིང་ངོ་། །གཞན་དག་ནི་བུད་མེད་ལ་སོགས་པས་བརྩལ་བ་ན་ཞེས་ཀྱང་ཟེར་རོ། །ཕྲག་དོག་ཅན་ཞེས་བྱ་བ་ནི། གང་ལ་གཞན་གྱིས་བརྩལ་བའི་བུད་མེད་ལ་སོགས་པ་མཐོང་བ་དེའི་ཚེ་ཁོ་ན་ཕྲག་དོག་གིས་དབང་པོ་ལས་སུ་རུང་བར་འགྱུར་ལ་
གཞན་གྱི་ཚེ་ན་མ་ཡིན་པ་སྟེ། དེ་ནི་མ་ནིང་ཕྲག་དོག་ཅན་ནོ། །ཉམས་པ་ཞེས་བྱ་བ་ནི། གང་གི་ཕོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་སྟེ། དེ་ནི་ཉམས་པའི་མ་ནིང་ངོ་། །ཅི་མ་ནིང་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་འདི་ལས་ཐ་མ་ནི་ཉེས་པ་བསྟེན་ནས་
བསྙིལ་བའོ་ཞེས་བྱ་བ་སྨྲས་ཏེ། ཐ་མར་བསྟན་པའི་ཕྱིར་ཐ་མ་སྟེ། ཉམས་པའི་མ་ནིང་ངོ་། །དེ་ནི་གལ་ཏེ་མ་ནིང་གི་ཉེས་པ་སྐྱེས་པ་གཞན་གྱིས་བརྩལ་བའི་འདོད་པ་ལ་སོགས་པ་བསྟེན་ན་དེའི་ཚེ་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་དེ་ནི་བསྙིལ་བའོ་ཞེས་བྱ་བར་རིག་པར་བྱའོ། །ཇི་སྲིད་དུ་
เล่ม ๑๖๒ · หน้า 33a
མ་ནིང་གི་ཉེས་པ་བསྟེན་པར་མི་བྱེད་པ་དེ་སྲིད་དུ་བསྙིལ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྐུ་ཐབས་སུ་གནས་པའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་རྐུ་ཐབས་སུ་གནས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པའོ། །རྐུ་ཐབས་སུ་གནས་པའི་
མཚན་ཉིད་བརྗོད་ནས། རྫོགས་པར་བསྙེན་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེའི་རྫོགས་པར་བསྙེན་པའི་ཆོ་ག་གསོལ་བ་ལ་སོགས་པ་གང་ཡིན་པའི་ཆོ་ག་
དེ་མ་བྱས་པ་ཉིད་དུ་ཤེས་པ། བདག་རྫོགས་པར་བསྙེན་པར་འགྱུར་བའི་ཆོ་ག་གང་ཡིན་པ་དེ་ཡོངས་སུ་རྫོགས་པར་མ་བྱས་སོ་ཞེས་བྱ་བ་དེ་ལྟར་ཤེས་པའམ། ཡང་ན་དེའི་རྫོགས་པར་བསྙེན་པ་མ་ཆགས་པ་ཉིད་དུ་ཤེས་པ་འདི་ལྟར་ཆོ་ག་ཡོངས་སུ་རྫོགས་པར་བྱས་མོད་ཀྱི། འོན་ཀྱང་མཁན་པོ་ཚུལ་
ཁྲིམས་འཆལ་བ་ལ་སོགས་པའི་ཉེས་པས་བདག་གིས་རྫོགས་པར་བསྙེན་པར་མ་ཆགས་པ་ཉིད་དུ་དེ་ལྟར་ཤེས་ལ། དེས་དེ་ལྟར་ཤེས་བཞིན་དུ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་གྱུར་ཅིང་། དེ་ལྟར་ཤེས་པའི་དགེ་སློང་དེ་དགེ་འདུན་དང་ལྷན་ཅིག་
གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན། རྐུ་ཐབས་སུ་གནས་པ་ཉིད་དེ་ཉིད་ཡིན་ནོ། །ཉམས་སུ་མྱོང་བར་གྱུར་པའི་དངོས་པོ་ནི་ཉམས་སུ་མྱོང་བར་གྱུར་པ་ཉིད་དོ། །འོ་ན་འདུལ་བ་ལས། ཉེ་བ་འཁོར་གང་ཚུན་ཆད་ལན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་
བར་གྱུར་པ་དེ་ཙམ་གྱིས་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་ན། གསུམ་ཞེས་བྱ་བ་དེ་ཅིའི་ཕྱིར་མདོར་མ་བྲིས་ཤེ་ན། འདི་ལྟར་ལན་གཉིས་སུ་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ཀྱི་ཚེ་ཁོ་ན་རྐུ་ཐབས་སུ་གནས་པ་ཡིན་པས་གསུམ་ཞེས་སྨོས་པ་ནི་རྒྱུན་བསྟན་པའི་ཕྱིར་རོ། །ལུང་ཡང་ཡོད་དེ།
གཏམ་གྱི་གཞི་ལས་གཞི་གང་གིས་རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བགྱི། རྫོགས་པར་བསྙེན་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བར་བགྱི་བ་དང་། རྫོགས་པར་བསྙེན་པར་བགྱི་བ་མཆིས་སམ། བཀའ་སྩལ་པ་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །གང་གིས་ལན་གཉིས་
เล่ม ๑๖๒ · หน้า 33b
སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་བར་འགྱུར་བ་དེ་ནི་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའི། གང་གིས་ལན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ། རྫོགས་པར་བསྙེན་པར་བྱའོ། །གལ་ཏེ་ལན་གསུམ་ལས་ཉམས་སུ་མྱོང་བར་གྱུར་པའི་ཚེ་
ཁོ་ན་རྐུ་ཐབས་སུ་གནས་པ་ཡིན་པར་གྱུར་ན་དེའི་ཚེ་གཏམ་གྱི་གཞི་ལས་ལན་ཅིག་ཅེས་སྨོས་པར་མི་མཛད་ཅིང་ལན་གཉིས་ཞེས་སྨོས་པ་མཛད་པར་འགྱུར་རོ། །ཅིའི་ཕྱིར་འདིར་ལས་ཞེས་སྤྱིར་སྨོས་ལ་གསོ་སྦྱོང་ནི་མ་སྨོས་ཤེ་ན། གཙུག་ལག་ལས་གསོ་སྦྱོང་ཞེས་སྨོས་པ་ནི་མཚོན་པའི་ཕྱིར་ཡིན་ཏེ།
དགེ་འདུན་དང་འབྲེལ་པའི་ལས་ཐམས་ཅད་ཀྱང་མཚོན་པར་བྱེད་དོ། །དེ་ལྟར་ནི་མ་ཚང་བ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་ཞུས་པ་ལས་ཀྱང་། གང་གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་མ་བསྙེན་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ་དགག་དབྱེའམ། གང་ཟག་བཅུ་གཉིས་བསྐོ་བ་
དག་ཉམས་སུ་མྱོང་བར་གྱུར་པ་དེ་ཡང་དེ་ཙམ་གྱིས་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ལས་ཞེས་སྨོས་པས་ནི་མཚོན་པ་ཁོ་ནའི་ཕྱིར་ཡིན་ཏེ། རྫོགས་པར་མ་བསྙེན་པས་བྱ་བ་མ་ཡིན་པ་དགེ་འདུན་ལ་རག་ལས་པ་དཔེར་ན་རབ་ཏུ་དབྱུང་བ་ཞུ་བ་ལ་སོགས་པ་གང་ཡིན་པ་དེ་ཉམས་སུ་མྱོང་བར་གྱུར་ན་ཡང་
རྐུ་ཐབས་སུ་གནས་པ་ཉིད་ཡིན་ནོ། །ལ་ལ་ནི་འདི་སྐད་ཅེས་ལས་ཉམས་སུ་མྱོང་བས་རྐུ་ཐབས་སུ་གནས་པ་ཉིད་ཡིན་གྱི། འཕྲལ་གྱི་བྱ་བ་ཉམས་སུ་མྱོང་བས་ནི་མ་ཡིན་ནོ་ཞེས་ཟེར་རོ། །མུ་སྟེགས་ཅན་ཞུགས་པའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་ཞུགས་པ་མ་
ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །མུ་སྟེགས་ཅན་ཞུགས་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། རབ་ཏུ་དབྱུང་བ་འདི་ཡང་དག་པར་བླངས་པ་ལྟ་བ་དེ་དང་ལྡན་པ་ཆོས་གོས་འདི་བོར་ཏེ། རྒྱལ་མཚན་དེས་དེ་སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།
རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་བྱ་བ་ནི། དེས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་སྟེ་དེའོ། །ལྟ་བ་དེ་དང་ལྡན་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་དེ་དག་གི་ལྟ་བ་དེ་ལ་ཡོད་པས་ལྟ་བ་དེ་དང་ལྡན་པ་སྟེ་དེའོ། །ཆོས་གོས་འདི་བོར་ཏེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་
เล่ม ๑๖๒ · หน้า 34a
ལུགས་འདི་བོར་ཏེའོ། །རྒྱལ་མཚན་དེས་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་སོ། །དེར་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་འདུག་གནས་སུའོ། །སྐྱ་རེངས་ཤར་ན་ཞེས་བྱ་བ་ནི། སྐྱ་རེངས་དང་པོ་ཤར་ནའོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མུ་སྟེགས་ཅན་
ཞུགས་པ་ཉིད་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གང་ལ་ལ་ཞིག་དེ་བཞིན་གཤེགས་པས་གསུངས་པའི་རབ་ཏུ་འབྱུང་བ་ཡང་དག་པར་བླངས་ནས། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་ཞིང་ཆོས་གོས་འདི་བོར་ཏེ། མུ་སྟེགས་ཅན་གྱི་རྟགས་བླངས་ནས། མུ་སྟེགས་ཅན་གྱི་རྟགས་དེས་མུ་
སྟེགས་ཅན་གྱི་འདུག་གནས་དེར་སྐྱ་རེངས་དང་པོ་འཆར་བར་བྱེད་ན། སྐྱ་རེངས་དང་པོ་འཆར་བའི་སྐད་ཅིག་དེ་ཉིད་ལ་མུ་སྟེགས་ཅན་ཞུགས་པ་ཡིན་པར་རིག་པར་བྱའོ། །མུ་སྟེགས་ཅན་ཞུགས་པ་རྣམ་པ་གཞན་ཡང་སྲིད་པར་བསྟན་པའི་ཕྱིར། དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ།
དེ་མ་བྱས་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པ་གང་གིས་མདོ་བསྟན་མ་ཐག་པའི་དངོས་པོ་དེ་མ་བྱས་པ་སྟེ། དེ་མ་བྱས་པའི་གང་ཟག་དེའོ། །མདོ་སྔ་མར་བསྟན་པ་དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་ལུགས་བོར་ཏེ། མུ་སྟེགས་ཅན་གྱི་རྟགས་འདོད་པ་བགོས་ནས་མུ་སྟེགས་ཅན་གྱི་འདུག་
གནས་སུ་སྐྱ་རེངས་ཤར་བ་དེ་མ་བྱས་པའོ། །ཡང་ཞེས་བྱ་བ་ནི། དེ་མ་བྱས་སུ་ཟིན་ཀྱང་མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་པར་འགྱུར་བའོ། །ཇི་ལྟར་ཞེ་ན། རྐུ་ཐབས་དང་འདྲ་སྟེ། བསྟན་མ་ཐག་པར་ཇི་ལྟར་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་འགྱུར་བ་ཉིད་ན། རྐུ་ཐབས་སུ་
གནས་པ་ཉིད་ཡིན་པ་དེ་བཞིན་དུ། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པ་དེས་མ་བྱས་སུ་ཟིན་ཀྱང་། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན། མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་ནོ། །མ་བསད་པ་དང་ཞེས་བྱ་བ་ནི། མ་ལ་བསད་པའམ་མའི་བསད་པ་ནི་མ་བསད་པ་སྟེ།
རབ་ཏུ་དབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །ཕ་བསད་པ་དང་། དག་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་ཞེས་བྱ་བ་དག་ཀྱང་དེ་ཁོ་ན་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་།
เล่ม ๑๖๒ · หน้า 34b
ཞེས་བྱ་བ་ལ། བསད་པའི་བསམ་པའི་ངན་སེམས་ཀྱིས་ཁྲག་ཕྱུང་བ་ནི། ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །དགེ་སློང་མ་སུན་ཕྱུང་བ་དང་ཞེས་
བྱ་བ་ཡང་། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱ་སྟེ། འདིའི་མཚན་ཉིད་ནི་འོག་ནས་སྟོན་ཏོ། །ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ་ཞེས་བྱ་བ་ཡང་། རབ་ཏུ་འབྱུང་
བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་ཞིག་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །གང་ཡང་རུང་བ་ཞིག་ཅེས་སྨོས་པས་ནི། གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ད་ནི་སྐྱེ་བའི་ཆོས་
ཅན་གྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆད་པ་ཁས་མི་ལེན་པ་ཁས་ལེན་པར་མི་བྱེད་མི་བསྒྲུབ་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་
མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ཁས་མི་ལེན་ཞེ་ན། རྒྱུ་ལས་བཟློག་པ་ཞེས་བྱ་བ་སྟེ། རྒྱུ་གང་གིས་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པས་བསྡིགས་པ་ལ་སོགས་པའི་ཆད་པའི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་བཟློག་པ་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བར་
མི་བྱ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་མདོའི་དོན་བསྟན་པ་ཡིན་ནོ། །གལ་ཏེ་དགེ་སློང་ཆད་པས་བཅད་པ་ཞིག་བསླབ་པ་ཕུལ་ནས་ཡང་རྫོགས་པར་བསྙེན་པ་གསོལ་ན། ཅི་རྫོགས་པར་བསྙེན་ནས་ཡང་བཟོད་པ་གསོལ་བར་བྱ་དགོས་སམ་ཞེ་ན། རྫོགས་པར་བསྙེན་ན་བཟོད་པ་གསོལ་ཟིན་པ་ཡིན་
ནོ་ཞེས་བྱ་བ་སྨྲས་ཏེ། བཟོད་པ་མ་གསོལ་བ་ཞིག་རྫོགས་པར་བསྙེན་ན་ཡང་བཟོད་པ་གསོལ་མི་དགོས་ཏེ། རྫོགས་པར་བསྙེན་པ་ཉིད་བཟོད་པ་གསོལ་བ་ཡིན་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི། བཟོད་པ་བྱ་བའོ། །བཙུན་པ་དགེ་སློང་དག་བསྡིགས་པའི་ལས་བགྱིས་ནས་རེ་ཞིག་རྫོགས་
เล่ม ๑๖๒ · หน้า 35a
པར་བསྙེན་པར་བགྱིད་ན། རྫོགས་པར་བསྙེན་ཞེས་བགྱིའམ་རྫོགས་པར་མ་བསྙེན་ཞེས་བགྱི། ཉེ་བ་འཁོར་རྫོགས་པར་བསྙེན་ཞེས་བྱ་སྟེ། རྫོགས་པར་བསྙེན་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་ལ། བཟོད་པ་ནི་གསོལ་ཟིན་པ་ཞེས་བྱའོ་ཞེས་གླེང་གཞི་
དག་ལས་གསུངས་སོ། །གལ་ཏེ་རྫོགས་པར་བསྙེན་པ་ན་རྒྱུ་ལས་བཟློག་པ་ཁས་མི་ལེན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གལ་ཏེ་རྫོགས་པར་བསྙེན་ནས་ཁས་མི་ལེན་པ་ནི་ཚོགས་པ་ཡོད་ན་ཡང་ཆད་པས་བཅད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྫོགས་པར་བསྙེན་ནས་ཕྱིས་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་
པ་ཁས་མི་ལེན་པ་དེ་ནི། གལ་ཏེ་ཚོགས་པ་ཡོད་ན་ཡང་ཆད་པའི་ལས་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཆད་པའི་ལས་བྱེད་དུ་བཅུག་ན་གལ་ཏེ་འདི་སྐད་ཅེས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་དེ་ལ་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་མ་མཐོང་ངོ་ཞེས་བརྫུན་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བ་སྨྲས་ཏེ།
གལ་ཏེ་བརྫུན་དུ་འདི་སྐད་ཅེས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན། དེའི་ཚེ་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ། །སྐྱེ་བའི་ཆོས་ལྷག་མ་བཀག་པ་རྣམས་ཀྱང་བསྟན་པའི་ཕྱིར། ལག་རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ལ་རྨ་མཚན་ཅན། །རྒན་ཆེས་པ་དང་
གཞོན་ཆེས་དང་། །ཐེང་པོ་སྨད་འཆལ་ཞར་བ་དང་། །ལག་སོར་རྡུམ་རྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་འཕྱེ་དང་ནི་རྐང་འབམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་རྣམས་དང་། །ཡ་ཟ་མ་ལུག་གཏའ་གམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་
སྲོང་ཆེན་པོས་དགག་པར་མཛད། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་རྫོགས་བསྙེན་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་སྨྲས་ཏེ། གང་དག་གི་ལག་པའི་མཁྲིག་མ་མན་ཆད་ཆད་པ་དེ་དག་ནི། ལག་རྡུམ་དག་གོ། །གང་
དག་གི་རྐང་པ་ལོང་བུ་མན་ཆད་ཆད་པ་དེ་དག་ནི། རྐང་རྡུམ་དག་གོ། །གང་དག་གི་ལག་པའི་སོར་མོ་སྦྲུལ་གྱི་གདེངས་ཀ་འདྲ་བ་དག་ནི། ལག་སོར་ཟླུམ་པོར་འཇས་པ་དག་གོ། །གང་དག་གི་མཆུ་གཉིས་མེད་པ་དག་ནི་མཆུ་མེད་དག་གོ། །གང་དག་གི་ལུས་ལ་རྨ་མཚན་དག་ཡོད་པ་དེ་དག་ནི་ལུས་རྨ་མཚན་
เล่ม ๑๖๒ · หน้า 35b
ཅན་དག་སྟེ། སྣག་ཚ་ལ་སོགས་པས་ལག་པ་ལ་སོགས་པ་བྲིས་པ་ནི། ལུས་རྨ་མཚན་ཅན་ཡིན་ཏེ། ཁབ་ལ་སོགས་པས་གཙགས་ཤིང་ཁྱི་རྗེས་ལ་སོགས་པའི་མངོན་མཚན་དག་གིས་མཚན་བཏབ་པའི་ཕྱིར་རོ། །ལྕག་ལ་སོགས་པས་གཞུས་པའི་རྨ་མཚན་ཡང་ཡིན་ནོ། །རྒས་པས་སྦྱོར་མི་བཟོད་པ་
དག་ནི་རྒན་ཆེས་པ་དག་གོ། །ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དག་དང་བྱ་རོག་སྐྲོད་ནུས་པ་ལ་ལོ་བདུན་མ་ལོན་པ་དག་ནི་གཞོན་ཆེས་པ་དག་གོ། །གང་རྐང་པ་འཐེང་ཞིང་ལེག་ལེག་པོར་འགྲོ་བ་ནི་ཐང་པོའོ། །བརླའི་ཕྱོགས་རླུང་བྱ་རྒོད་འགྲོས་ཀྱིས་ཀུན་དུ་ཉམས་པར་གྱུར་པ་ནི་སྨད་འཆལ་ལོ། །མིག་ཡ་
གཅིག་པ་ནི་ཞར་བའོ། །གང་གི་མཁྲིག་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པ་ནི་ལག་སོར་རྡུམ་པོའོ། །བྲང་དང་སྒལ་ཚིགས་ཞོམ་པ་ནི་སྒུར་པོའོ། །ཧ་ཅང་ལུས་ཐུང་བར་གྲགས་པ་ནི་མིའུ་ཐུང་ངོ་། །གང་གི་ལྐོག་མ་ལ་ལྦ་བ་ཡོད་པ་དེ་ནི་ལྦ་བ་ཅན་ནོ། །སྨྲ་མི་ནུས་
པ་ནི་ལྐུགས་པའོ། །དོན་དང་བཅས་པའི་སྒྲ་ཐོས་པར་མི་འགྱུར་བ་ནི་འོན་པའོ། །གང་ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བ་ནི་རྟེན་འཕྱེའོ། །མིང་གཉིས་པ་ནི་གྲུམ་པོ་ཞེས་ཀྱང་བྱའོ། །གང་གི་རྐང་པ་ལ་ནད་ཀྱི་རིགས་རྐང་འབམ་ཡོད་པ་དེ་ནི་རྐང་འབམ་མོ། །བུད་མེད་དག་
ཤས་ཆེར་བསྟེན་པས་མཐུ་དང་གཟི་བརྗིད་ཟད་ཅིང་ལུས་མི་བདེ་བ་བུད་མེད་ཀྱིས་དུབ་པ་དག་གོ། །དེ་བཞིན་དུ་མི་བཟོད་པའི་ཁུར་ཐོགས་པའི་ཕྱིར་ཁུར་གྱིས་དུབ་པ་དག་གོ། །ལམ་དུ་འགྲོ་བ་དྲགས་པའི་ཕྱིར་ལམ་གྱིས་དུབ་པ་རྣམས་སོ། །ཡ་ཟ་མ་ལུག་ཅེས་བྱ་བ་ནི། གང་དག་ལ་ཇི་ལྟར་ཟོས་པ་མ་ཞུ་བར་ཐུར་དུ་འབྱུང་
བའོ། །གཞན་དག་ནི་འདི་སྐད་ཅེས་ཟེར་ཏེ། གང་གི་རྐང་པ་ལྕགས་སྒྲོག་གིས་ཉམས་པ་ལྕགས་སྒྲོག་ལས་བཀྲོལ་ཡང་བཅིངས་པ་བཞིན་དུ་འགྲོ་བ་ནི་སྒྲོག་བཀྲོལ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལ་དང་པོ་ནི་ཁ་ཟས་ལ་སོགས་པ་ཐུར་དུ་འཛག་པ་དེ་ནི་ཡ་ཟ་མ་ལུག་གོ། །ཕྱོགས་ཕྱི་མ་ལ་ནི་ལྕགས་སྒྲོག་
གིས་བཅིངས་པ་ལས་བཀྲོལ་པས་སྒྲོག་བཀྲོལ་ཞེས་བྱའོ། །ཡང་ན་བཀྲོལ་ཡང་ལྕགས་སྒྲོག་ཏུ་བཅུག་པ་བཞིན་དུ་རྐང་པ་ཁྲིས་ཁྲིས་པོར་འགྲོ་བའི་ཕྱིར་སྒྲོག་བཀྲོལ་ཞེས་བྱའོ། །གཏའ་གམ་པ་ཞེས་བྱ་བ་ནི། གང་དག་ལང་ཚོ་ལ་མ་བབ་པ་ཁོ་ནར་ནད་ལ་སོགས་པས་དེ་ལྟར་ཉམས་པར་གྱུར་ཅིང་། ཏེ་པོར་
เล่ม ๑๖๒ · หน้า 36a
རྒས་པས་ཉམས་པ་བཞིན་དུ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ནུས་པ་སྟེ། བྱུང་བ་ཉིད་ནས་དེ་དག་གི་ལང་ཚོ་ཉམས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཞེས་བྱ་བ་ནི། རྣམ་པ་དེ་ལྟ་བུའོ། །མི་རྣམས་ནི་ཞེས་བྱ་བ་ནི། ལག་རྡུམ་ལ་སོགས་པའི་མི་རྣམས་སོ། །དྲང་སྲོང་ཆེན་པོས་
ཞེས་བྱ་བ་ནི། དེ་ནི་དྲང་སྲོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དྲང་སྲོང་ཆེན་པོས་ཏེ་དེས་སོ། །དགག་པ་མཛད་ཅེས་བྱ་བ་ནི། རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པའི་ཕྱིར་བཀག་པའོ། །མཛེས་པ་རབ་ཏུ་དབྱུང་བ་དང་ཞེས་བྱ་བ་འདིས་ནི། རིགས་དང་ལུས་ལ་སྐྱོན་ཆགས་པ་ཉིད་སེལ་བར་བྱེད་དོ། །ཡོངས་
སུ་དག་པ་རྫོགས་པར་བསྙེན་པ་ཞེས་བྱ་བ་འདིས་ནི། མ་བསད་པ་ལ་སོགས་པ་བར་ཆད་ཉིད་དག་སེལ་བར་བྱེད་དོ། །རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ་དེས་སོ། །རབ་མཁྱེན་ཏེ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་མངོན་པར་མཁྱེན་པའི་ཕྱིར་
རོ། །བདེན་པའི་མཚན་གྱིས་ཞེས་བྱ་བ་ནི། གང་གི་མིང་བདེན་པ་དེ་ནི་བདེན་པའི་མཚན་ཏེ། རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་དེས་སོ། །བཀའ་སྩལ་ཏེ་ཞེས་བྱ་བ་ནི་གསུངས་པའོ། །བསྡུ་བར་བྱ་བའི་སྐབས་ཏེ། རབ་ཏུ་འབྱུང་བའི་གཞི་རྫོགས་སོ།། །།ད་ནི་རབ་ཏུ་འབྱུང་བའི་གཞིའི་སྐབས་
ཕྲན་ཚེགས་ལ་སོགས་པ་ལས་གསུངས་པ་བསྡུ་བར་བྱ་སྟེ། བཀོལ་བ་རྒྱལ་པོས་བཀྲབས་པའོ། །ཞེས་བྱ་བ་ནི། རྒྱལ་པོས་བཀྲབས་པ་བཀོལ་བ་དང་སྦྱར་བ་ཡིན་ནོ། །རྒྱལ་པོས་བཀྲབས་པ་ལ་སྤྱིར་རབ་ཏུ་དབྱུང་བ་བཀག་པར་གྱུར་པ་ལ་ད་ནི་བྱེ་བྲག་ཏུ་བྱ་བའི་ཕྱིར། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བའོ་
ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། རྒྱལ་པོས་བཀྲབས་པ་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་རབ་ཏུ་དབྱུང་བ་དང་
རྫོགས་པར་བསྙེན་པར་མི་བྱའོ། །ཡུལ་གང་ན་རྒྱལ་པོ་གང་གི་ཚིག་མངོན་སུམ་མམ། བརྒྱུད་པས་འདའ་བར་བྱ་བ་མ་ཡིན་པ་དེ་ནི་འདིར་ཡུལ་ཐག་མི་རིང་བའོ། །བཀོལ་བ་ཆོམ་རྐུན་པར་གྲགས་པའོ་ཞེས་བྱ་བ་ལ། བཀོལ་བ་ཞེས་བྱ་བ་ནི་དབང་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་མདོ་སྔ་མ་ལས་
เล่ม ๑๖๒ · หน้า 36b
བཀོལ་བ་ཞེས་སྨོས་པའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་མོད་ཀྱི། ཡང་བཀོལ་བ་ཞེས་སྨོས་པ་ནི་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་བྱ་བ་དེ་ལས་བཀར་བའི་དོན་ཏེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་
བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བརྗོད་པར་བྱའོ། །ཆོམ་རྐུན་པར་རབ་ཏུ་ཤེས་པ་ནི་གྲགས་པ་སྟེ། གང་རབ་ཏུ་ཤེས་པར་གྱུར་པ་ཉིད་དེ་ཁོ་ན་དེར་གྲགས་པ་ཉིད་ཡིན་གྱི་གཞན་དུ་ན་མ་ཡིན་ནོ། །ལྷམ་
མཁན་དང་གདོལ་པ་དང་གཡུང་པོ་དང་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། ལྷམ་མཁན་ཞེས་བྱ་བ་ནི་ཀོ་ལྤགས་མཁན་ནོ། །གདོལ་པ་ཞེས་བྱ་བ་ནི་རིགས་ངན་ནོ། །གཡུང་པོ་ཞེས་བྱ་བ་ནི་ཀླ་ཀློའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཟན་བཟའ་བར་མི་བྱ་བ་སྟེ། དེ་དག་ནི་རབ་ཏུ་དབྱུང་བའི་ཕྱིར་ཡང་
བཀག་པ་ཉིད་ཡིན་པས་དགེ་ཚུལ་ཉིད་ལ་སོགས་པ་དག་གི་ཕྱིར་ཆེས་ཤིན་ཏུ་བཀག་པ་ཡིན་པར་རིག་པར་བྱའོ། །སྔར་བསྟན་པའི་ལུས་ལ་སྐྱོན་ཆགས་པ་ལས་གཞན་པའི་ལུས་ལ་སྐྱོན་ཆགས་པ་དག་ཀྱང་བསྟན་པར་འདོད་ནས། ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རབ་
ཏུ་འབྱུང་བའི་གཞིར། ལག་རྡུམ་དག་དང་རྐང་རྡུམ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ནི་མཚོན་པ་ཡིན་གྱི། སྐྲ་སེར་ལ་སོགས་པ་དག་ཀྱང་རིག་པར་བྱ་སྟེ། ཡོངས་སུ་བགྲང་བ་ནི་མ་ཡིན་ནོ། །མཚོན་པས་འཕངས་པ་བསྟན་པའི་ཕྱིར། །སྐྲ་སེར་དང་ནི་སྐྲ་སེར་སྐྱ། །དེ་བཞིན་སྐྲ་ནི་ལྗང་
གུ་ཁ། །མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྤུ་འདྲ་སྐྲ་མེད་དང་། །མགོ་འབར་འབུར་ཅན་གླང་པོ་ཆེ། །ཧ་ཅང་སྦོམ་དང་ལུས་གླེབས་འདྲ། །བོང་བུ་ཕག་གི་མགོ་ལྟ་བུ། །མགོ་གཉིས་པ་དང་མགོའུ་ཆུང་དང་། །གླང་ཆེན་རྣ་འདྲ་རྟ་རྣ་འདྲ། །བ་ལང་རྣ་འདྲ་སྤྲེའུ་རྣ་འདྲ། །བོང་བུའི་
རྣ་འདྲ་ཕག་རྣ་འདྲ། །རྣ་གཅིག་པ་དང་རྣ་མེད་དང་། །མིག་དམར་ཧ་ཅང་མིག་ཆེ་དང་། །མིག་ཆུང་མིག་ནི་ཧ་ཅང་སེར། །ཤེལ་མིག་མིག་ཆུ་བུར་ལྟ་བུ། །མིག་གཅིག་པ་དང་མིག་མེད་དང་། །གླང་ཆེན་སྣ་འདྲ་རྟ་སྣ་འདྲ། །བ་ལང་སྣ་འདྲ་སྤྲེའུ་སྣ་འདྲ། །བོང་བུའི་སྣ་འདྲ་ཕག་སྣ་
เล่ม ๑๖๒ · หน้า 37a
འདྲ། །སྣ་སྦུབས་གཅིག་དང་སྣ་མེད་དང་། །གླང་ཆེན་ཀོས་འདྲ་རྟ་ཀོས་འདྲ། །བ་ལང་ཀོས་འདྲ་སྤྲེའུ་ཀོས་འདྲ། །བོང་བུའི་ཀོས་འདྲ་ཕག་ཀོས་འདྲ། །ཀོས་སྨྱུང་དང་ནི་ཀོས་མེད་དང་། །གླང་ཆེན་སོ་འདྲ་རྟ་སོ་འདྲ། །བ་ལང་སོ་འདྲ་སྤྲེའུ་སོ་འདྲ། །བོང་བུའི་སོ་
འདྲ་ཕག་སོ་འདྲ། །སོ་གཅིག་པ་དང་སོ་མེད་དང་། །མགུལ་རིང་ཆེས་དང་མཇིང་ནུབ་དང་། །ཕྲག་མིག་དང་ནི་ཆེས་སྒུར་དང་། །ཕོ་མཚན་ཆད་དང་རླིག་རླུགས་དང་། །རླིག་གཅིག་པ་དང་རླིག་མེད་དང་། །ཧ་ཅང་རིང་དང་ཧ་ཅང་ཐུང་། །སྐེམ་པོ་མ་འོས་ངལ་སྐྱེན་དང་། །ཤ་མདོག་ཁ་དོག་རྣམ་བཞི་དང་། །
དེ་བཞིན་གྱོལ་པོ་ལུས་ཉམས་པའོ། །ཞེས་བྱ་བ་སྨྲས་སོ། །གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་ཡུང་གིས་ཁ་བསྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་སེར་དག་ཡིན་ནོ། །གང་དག་གི་སྐྲ་སེང་གེའི་ལྟ་བུ་དེ་དག་ནི། སྐྲ་སེར་སྐྱ་དག་ཡིན་ནོ། །གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་རམས་ཀྱིས་ཁ་བསྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་ལྗང་གུ་ཁ་དག་ཡིན་
ནོ། །གང་དག་གི་སྐྲ་སྐྱེས་པ་ཁོ་ན་ནས་དཀར་བ་དེ་དག་ནི། །སྐྲ་དཀར་བ་དག་ཡིན་ཏེ། མགོ་སྐྱར་གྱུར་པ་ནི་མ་གཏོགས་སོ། །གང་དག་གི་སྐྲ་གླང་པོ་ཆེའི་ལྟ་བུ་དེ་དག་ནི་གླང་ཆེན་སྐྲ་འདྲ་སྟེ། སྐྲ་གླང་པོ་ཆེའི་སྤུ་འདྲ་བ་དག་ཡིན་ནོ། །གང་དག་གི་མགོ་བོ་ཟངས་མའི་བུམ་པ་ལྟར་འཇམ་ཞིང་སྐྲ་མེད་པ་དེ་དག་ནི་སྐྲ་
མེད་པ་དག་ཡིན་ནོ། །གང་དག་གི་མགོ་བོ་ལ་སུལ་གསུམ་མམ་བཞི་ཡོད་ལ་དེ་དག་གི་འབར་འབུར་དུ་མངོན་པ་དེ་དག་ནི་མགོ་འབར་འབུར་ཅན་དག་ཡིན་ནོ། །གང་དག་གི་མགོ་ལུས་ལ་ལྟོས་ནས་ཚད་ཧ་ཅང་ཆེ་བར་མངོན་པ་དེ་ནི་གླང་པོ་ཆེ་ཡིན་ནོ། །གང་དག་གི་ལུས་ཧ་ཅང་ཡང་སྦོམ་པས་ལས་
སུ་མི་རུང་བ་དེ་དག་ནི་ཧ་ཅང་སྦོམ་པ་དག་ཡིན་ནོ། །གང་དག་གི་ལུས་འབྲས་ཀྱི་སྲུགས་གླེབས་པ་འདྲ་བར་ལེབ་ལེབ་པོར་འདུག་པ་དེ་དག་ནི་ལུས་གླེབས་འདྲ་བ་དག་ཡིན་ཏེ། དཔེར་ན་འབྲས་ཐུག་པོ་ཆེའི་སྲུགས་གཏུན་བུ་དག་གིས་གླེབས་པ་ལེབ་ལེབ་པོར་གྱུར་ཅིང་རྔམས་སྲབ་མོར་གྱུར་པ་དེ་དག་ནི་གླེབས་
པ་ཞེས་བྱ་སྟེ། དེ་དག་གི་ལུས་སམ་མགོ་ཡང་དེ་དང་འདྲ་བའི་ཐ་ཚིག་གོ། །གང་དག་གི་མགོ་བོང་བུ་དང་ཕག་གི་མགོ་འདྲ་བ་དེ་དག་ནི་བོང་བུ་ཕག་གི་མགོ་ལྟ་བུ་སྟེ། མགོ་བོང་བུའི་ལྟ་བུ་དང་མགོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་མགོ་གཉིས་ཡོད་པ་དེ་དག་ནི་མགོ་གཉིས་པ་དག་ཡིན་ནོ། །གང་
เล่ม ๑๖๒ · หน้า 37b
དག་ལ་ཕྲལ་བ་ཡན་ཆད་མཚོག་མ་མེད་པ་དེ་དག་ནི་མགོའུ་ཆུང་དག་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་ནི་མགྲིན་པ་ཡན་ཆད་མེད་དེ་བྲང་ལ་ཁ་སྣ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ། །གང་དག་གི་རྣ་བ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་རྣ་འདྲ་སྟེ། རྣ་བ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །གང་
དག་གི་རྣ་བ་རྟའི་འདྲ་བ་དེ་དག་ནི་རྟ་རྣ་འདྲ་སྟེ་རྣ་བ་རྟའི་ལྟ་བུ་དག་ཡིན་ནོ། །གང་དག་གི་རྣ་བ་བ་ལང་དང་སྤྲེའུ་འདྲ་བ་དེ་དག་ནི་བ་ལང་རྣ་འདྲ་སྤྲེའུ་རྣ་འདྲ་སྟེ། རྣ་བ་བ་ལང་གི་ལྟ་བུ་དང་རྣ་བ་སྤྲེའུའི་ལྟ་བུ་དག་ཡིན་ནོ། །གང་དག་གི་རྣ་བ་བོང་བུ་དང་ཕག་གི་འདྲ་བ་དེ་དག་ནི་བོང་བུའི་རྣ་འདྲ་ཕག་རྣ་འདྲ་སྟེ།
རྣ་བ་བོང་བུའི་ལྟ་བུ་དང་རྣ་བ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་རྣ་བ་ཡ་གཅིག་ཡོད་པ་དེ་དག་ནི་རྣ་བ་གཅིག་པ་དག་ཡིན་ནོ། །གང་དག་ལ་རྣ་བ་མེད་པ་དེ་དག་ནི་རྣ་མེད་དག་ཡིན་ནོ། །གང་དག་གི་མིག་ཙན་དན་དམར་པོ་ལྟར་དམར་བ་དེ་དག་ནི་མིག་དམར་བ་དག་ཡིན་ནོ། །གང་དག་གི་མིག་ཚད་ལས་ཧ་ཅང་
འདས་ཏེ་རྐྱེན་དུ་མི་འབབ་པ་དེ་དག་ནི་ཧ་ཅང་མིག་ཆེ་བ་དག་ཡིན་ནོ། །གང་དག་གི་མིག་ཧ་ཅང་ཆུང་ཞིང་ཟླུམ་པ་དེ་དག་ནི་མིག་ཆུང་དག་ཡིན་ནོ། །ཁ་ཅིག་ནི་གང་གི་མིག་ལྤགས་ཤིན་ཏུ་དམར་ལ་རྫི་མ་མེད་པར་གྱུར་པ་དེ་དག་ནི་མིག་མི་སྡུག་པས་མིག་ཆུང་ཞེས་བྱའོ་ཞེས་ཟེར་རོ། །གང་དག་གི་མིག་ལ་ཁ་
དོག་དམར་པོ་དང་སེར་པོ་འདྲེན་མར་ཡོད་པ་དེ་དག་ནི་མིག་ཧ་ཅང་སེར་བ་དག་ཡིན་ནོ། །གང་དག་གི་མིག་མཆིང་བུ་ལྟར་འཚེར་བ་དེ་དག་ནི་ཤེལ་མིག་དག་ཡིན་ནོ། །གང་དག་གི་མིག་ཆུའི་ཆུ་བུར་ལྟར་ཕྱི་རོལ་དུ་རློ་བ་དེ་དག་ནི་མིག་ཆུ་བུར་ལྟ་བུ་དག་ཡིན་ནོ། །གང་དག་གི་མིག་སྐྱེས་པ་ཉིད་ནས་ཡ་གཅིག་
ལས་མེད་པ་དེ་དག་ནི་མིག་གཅིག་པ་དག་ཡིན་ཏེ། དེའི་ཕྱིར་དེ་ཞར་བ་ལ་སོགས་པ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །གང་དག་ལ་མིག་མེད་པ་དེ་དག་ནི་མིག་མེད་པ་དག་ཡིན་ནོ། །གང་དག་གི་སྣ་གླང་པོ་ཆེ་ལ་སོགས་པའི་འདྲ་བ་དེ་དག་ནི་གླང་ཆེན་སྣ་འདྲ་ཞེས་བྱ་བ་ལ་སོགས་པ་
སྟེ། སྣ་གླང་པོ་ཆེའི་ལྟ་བུ་དང་། སྣ་རྟའི་ལྟ་བུ་དང་། སྣ་བ་ལང་གི་ལྟ་བུ་དང་། སྣ་སྤྲེའུའི་ལྟ་བུ་དང་། སྣ་བོང་བུའི་ལྟ་བུ་དང་། སྣ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་སྣའི་བུ་ག་གཅིག་ཡོད་པ་དེ་དག་ནི་སྣ་སྦུབས་གཅིག་པ་དག་ཡིན་ནོ། །གང་དག་ལ་སྣ་མེད་པ་དེ་དག་ནི་སྣ་མེད་
เล่ม ๑๖๒ · หน้า 38a
དག་ཡིན་ནོ། །གང་དག་གི་ཀོསྐོ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་ཀོས་འདྲ་སྟེ། ཀོསྐོ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་གང་དག་གི་ཀོསྐོ་རྟ་ལ་སོགས་པའི་འདྲ་བ་དེ་དག་ནི་རྟ་ཀོས་འདྲ་ཞེས་བྱ་བ་ལ་སོགས་པས་རིག་པར་བྱ་སྟེ། ཀོསྐོ་རྟའི་
ལྟ་བུ་དང་། ཀོསྐོ་བ་ལང་གི་ལྟ་བུ་དང་། ཀོསྐོ་སྤྲེའུའི་ལྟ་བུ་དང་། ཀོསྐོ་བོང་བུའི་ལྟ་བུ་དང་། ཀོསྐོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་ཀོསྐོ་གཡས་པའམ། གཡོན་པ་གཅིག་ཁོ་ན་ཡོད་པ་དེ་དག་ནི་ཀོས་སྨྱུང་དག་ཡིན་ནོ། །གང་དག་ལ་ཀོསྐོ་མེད་པ་དེ་དག་ནི་ཀོསྐོ་མེད་པ་དག་ཡིན་ནོ།
གང་དག་གི་སོ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་སོ་འདྲ་སྟེ། སོ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་གང་དག་གི་སོ་རྟ་ལ་སོགས་པའི་འདྲ་བ་དེ་དག་ནི་རྟ་སོ་འདྲ་ཞེས་བྱ་བ་ལ་སོགས་པས་རིག་པར་བྱ་སྟེ། སོ་རྟའི་ལྟ་བུ་དང་། སོ་བ་གླང་གི་ལྟ་བུ་དང་། སོ་སྤྲེའུའི་ལྟ་བུ་དང་། སོ་བོང་བུའི་ལྟ་བུ་དང་།
སོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་སོ་གཅིག་ཡོད་པ་དེ་དག་ནི་སོ་གཅིག་པ་དག་ཡིན་ནོ། །གང་དག་ལ་སོ་མེད་པ་དེ་དག་ནི་སོ་མེད་དག་ཡིན་ནོ། །གང་དག་གི་མགུལ་པ་ཧ་ཅང་རིང་ཆེས་པ་དེ་དག་ནི་མགུལ་རིང་ཆེས་པ་དག་ཡིན་ནོ། །གང་དག་ལ་མགུལ་མེད་ཅིང་མགོ་ཐལ་གོང་ལ་འབྱར་
བ་དེ་དག་ནི་མཇིང་ནུབ་དག་གོ། །གང་དག་གི་མགོ་མདུན་དུ་གུག་པའི་ཕྱིར་མིག་ཕྲག་པ་དང་མཉམ་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །ཡང་ན་གང་དག་ལ་ཕྲག་པའི་ཕྱོགས་ཁོ་ན་ན་མིག་ཡོད་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །མི་སྡུག་རབ་ཏུ་སྒུར་བ་དག་ནི་ཆེས་སྒུར་བ་དག་ཡིན་ནོ། །གང་
དག་གི་ཕོ་མཚན་ཆད་པ་དེ་དག་ནི་ཕོ་མཚན་ཆད་པ་དག་ཡིན་ཏེ། སྐྱེས་པའི་གཅི་བ་འབྱུང་བ་ནི་ཕོ་མཚན་ཞེས་བྱའོ། །གང་དག་གི་རླིག་པ་རླུང་གིས་རླུགས་པར་གྱུར་པ་དེ་དག་ནི་རླིག་རླུགས་དག་ཡིན་ནོ། །གང་དག་ལ་རླིག་པའི་འབྲས་བུ་ཡ་གཅིག་ཡོད་པ་དེ་དག་ནི་རླིག་གཅིག་དག་ཡིན་ནོ། །གང་
དག་ལ་རླིག་པ་མེད་པ་དེ་དག་ནི་རླིག་མེད་དག་ཡིན་ནོ། །ཚད་ལས་ཧ་ཅང་འདས་པ་དག་ནི་ཧ་ཅང་རིང་བ་དག་ཡིན་ནོ། །ཧ་ཅང་འབོལ་བུ་ཐུང་དག་ནི་ཧ་ཅང་ཐུང་བ་དག་ཡིན་ནོ། །ལུས་སྐེམ་པ་དག་ནི་སྐེམ་པོ་དག་ཡིན་ནོ། །གང་དག་བརྩལ་བ་ཆུང་ངུས་ཀྱང་དབུགས་བརྫངས་པ་ལ་སོགས་པའི་
เล่ม ๑๖๒ · หน้า 38b
སྐྱོན་འབྱུང་བར་འགྱུར་བ་དེ་དག་ནི་མ་འོངས་པར་ངལ་སྐྱེན་པ་ཞེས་བྱའོ། །ངལ་བ་ནི་ཆད་པའི་རྣམ་གྲངས་ཡིན་པའི་ཕྱིར་ལས་ཅུང་ཟད་ཀྱང་མི་བཟོད་ཅེས་བྱ་བའི་ཐ་ཚིག་གོ། །ཤ་མདོག་ཁ་དོག་རྣམ་བཞི་དང་། །ཞེས་བྱ་བ་ནི། ཤ་མདོག་སྔོ་ཆེས་པ་དང་། ཤ་མདོག་སེར་ཆེས་པ་དང་། ཤ་
མདོག་དཀར་ཆེས་པ་དང་དམར་བ་དག་སྟེ། སྨད་པར་བྱ་བའི་ཤ་མདོག་དེ་དག་དགག་པ་ཡིན་གྱི། ལྷ་རྣམས་ཀྱི་གཟུགས་མཛེས་པ་ལྟ་བུ་དག་ནི་མ་གཏོགས་སོ། །གྱོལ་པོ་ཞེས་བྱ་བ་ནི་རྐང་ཡོན་དག་གོ། །ཡང་ན་རྐང་པ་ས་ལ་འཆལ་ཞིང་འགྲོ་བ་དག་གོ། །གང་དག་གི་རྐང་པ་གཉིས་ཧ་
ཅང་གདངས་ཏེ་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ནོ། །ཡང་ན་གང་གི་རྐང་པ་གཉིས་གཅིག་གི་སྟེང་དུ་གཅིག་འདོར་ཞིང་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ནོ། །རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་གཟུང་བར་བྱའོ་ཞེས་བྱ་བ་ནི། ལག་རྡུམ་ལ་སོགས་པའི་དགག་པ་འབའ་ཞིག་
རབ་ཏུ་གཟུང་བར་བྱ་བ་མ་ཡིན་གྱི། འདི་ལྟར་སྐྲ་སེར་བ་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་བསྒྲིམས་ཏེ་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རེ་ཞིག་རྣམ་པ་དེ་ལྟ་བུ་དག་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བསྟན་ནས། ད་ནི་རབ་ཏུ་བྱུང་ཞིང་
རྫོགས་པར་བསྙེན་ན་ཡང་བསྡུ་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་དབྱུང་བ་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རིགས་ལ་སྐྱོན་ཆགས་པ་ནི་ལྷམ་མཁན་ལ་སོགས་པ་ཟན་བཟའ་བར་མི་བྱ་བ་དག་གོ། །ལུས་ལ་སྐྱོན་ཆགས་པ་ནི་རྣམ་པ་གཉིས་
ཏེ། དབྱིབས་ལས་དང་། ཁ་དོག་ལས་སོ། །དེ་ལ་དབྱིབས་ལས་སྐྱོན་ཆགས་པ་ནི་ལག་རྡུམ་ལ་སོགས་པའོ། །ཁ་དོག་ལས་སྐྱོན་ཆགས་པ་ནི་ལུས་རྨ་མཚན་ཅན་ལ་སོགས་པའོ། །དེ་དག་ནི་འདིར་གནས་སྦྱིན་པ་འབའ་ཞིག་བཀག་པ་མ་ཡིན་གྱི། འདི་ལྟར་གནས་ཁང་ལ་སོགས་པ་
དག་ཏུ་སྐབས་དབྱེ་བ་དང་རྗེས་སུ་འབྲང་བའི་འཁོར་ཉིད་དང་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་བསྒྲུབས་པ་ལ་སོགས་པ་ཡང་བཀག་པ་ཡིན་ནོ། །དེ་ལྟར་ན་གཞུང་ལས་ཀྱང་གསུངས་ཏེ། དགེ་སློང་གིས་སུན་འབྱིན་པའི་འཁོར་ཉེ་བར་གཞག་པར་མི་བྱ་སྟེ། ཉེ་བར་འཇོག་པར་གྱུར་ན་འགལ་
เล่ม ๑๖๒ · หน้า 39a
ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ནས། ཇི་ཙམ་གྱིས་ན་འཁོར་སུན་འབྱིན་པའི་འཁོར་ཡིན་པར་བརྗོད་པར་བྱ་ཞེ་ན། རིགས་ལས་དང་ཁ་དོག་དང་དབྱིབས་ལས་ཏེ། ཇི་ལྟར་རིགས་ལས་ཤེ་ན། ལྷམ་མཁན་དང་གདོལ་པ་དང་གཡུང་པོའི་རིགས་ལས་
སོ། །ཇི་ལྟར་ཁ་དོག་དང་དབྱིབས་ལས་ཤེ་ན། སྐྲ་སེར་ལ་སོགས་པ་ཞེས་འདིར་སྨྲས་པ་དག་ལས་སོ། །ཇི་མང་པོ་དག་ཚིག་གཅིག་གིས་ཅིག་ཅར་རྫོགས་པར་བསྙེན་པར་བྱར་རུང་ངམ་ཞེ་ན། དེའི་ཕྱིར་དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་རྫོགས་པར་བསྙེན་པར་
བྱར་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དུ་མ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་བྱ་བའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། མཁན་པོ་གཅིག་པ་ཞེས་བྱ་བ་སྟེ། རྫོགས་པར་བསྙེན་པར་བྱ་བ་དུ་མ་མཁན་པོ་གཅིག་པ་ནི་དུ་མ་མཁན་པོ་གཅིག་པ་སྟེ་དེའོ། །དུ་མ་ཞེས་བྱ་བ་དེ་ལ་ཇི་ཙམ་གྱིས་དུ་
མར་བརྗོད་པར་བྱ་ཞེ་ན། གསུམ་མན་ཆད་ཅེས་བྱ་བ་སྨྲས་ཏེ། གསུམ་མན་ཆད་ཅིག་ཅར་རྫོགས་པར་བསྙེན་པར་བྱར་རུང་གི་དེ་ལས་ལྷག་པ་ནི་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་ལས་ཀྱང་། ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱའོ། །ཞེས་གསུངས་ལ། ཉེ་བ་འཁོར་གྱིས་ཞུས་པ་
ལས་ཀྱང་། བཙུན་པ་དུས་གཅིག་སྐད་ཅིག་གཅིག་ལ་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་གི་ལས་གཉིས་བགྱི་བ་དང་བགྱིས་པར་བརྗོད་པ་དང་། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ་གལ་ཏེ་ལས་བྱེད་པའི་དགེ་སློང་གིས་མཁན་
པོ་རྣམས་དང་རྫོགས་པར་བསྙེན་པར་འདོད་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་བ་ཉམས་པར་མི་འགྱུར་ལ་ལས་ཀྱང་བྱེད་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁན་པོ་གཅིག་པ་ཉིད་ནི་གླེང་གཞི་ལས་སྟོན་ཏེ། དགེ་ཚུལ་སྦྱིན་བྱེད་དང་སྐྱོང་བ་དེ་གཉིས་ཕན་ཚུན་སེམས་རྗེས་སུ་
སྲུང་བས་སོ་སོར་རྫོགས་པར་མ་བསྙེན་པར་སྐད་ཅིག་གཅིག་ཁོ་ན་ལ་མཁན་པོ་གཅིག་གིས་ཅིག་ཅར་རྫོགས་པར་བསྙེན་པར་གྱུར་པའོ། །ཚིག་གཅིག་གིས་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་གཅིག་གིས་སོ། །དུས་མཉམ་པ་རྣམས་ནི་གཅིག་ལ་གཅིག་ཕྱག་མི་བྱའོ་ཞེས་བྱ་བ་ལ། གང་དག་
เล่ม ๑๖๒ · หน้า 39b
དུས་མཉམ་པ་དེ་དག་ནི་དུས་མཉམ་པ་རྣམས་ཏེ། དེ་དག་ནི་གཅིག་ལ་གཅིག་བཏུད་དེ་ཕྱག་བྱ་བ་མི་དགོས་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དུས་གཅིག་ཏུ་རྫོགས་པར་བསྙེན་པའི་དགེ་སློང་རྣམས་ཀྱིས་གཅིག་ལ་གཅིག་བཏུད་དེ་ཕྱག་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་མཉམ་པ་
རྣམས་ཀྱི་རྙེད་པ་དང་། ལས་སུ་བསྐོ་བ་དག་ལ་གང་དང་པོ་ཡིན་ཞེ་ན། དེའི་ཕྱིར་སྔར་འོངས་པ་དང་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་དུས་མཉམ་པ་རྣམས་ཀྱི་རྙེད་པ་དང་ལས་སྦྱིན་པར་བསྐོ་བའི་གནས་སུ་སྔར་འོངས་པ་ཞེས་བྱ་བ་ཐོག་མར་ཕྱིན་པའི་གང་ཟག་དང་པོ་ཐུ་བོ་ཉིད་དུ་འགྱུར་
ཏེ། དེ་ལྟ་བས་ན་གང་རྙེད་པའི་གནས་སུ་དང་པོར་འོངས་པ་དེས་ནི། རྙེད་པ་དང་པོར་བླང་བར་བྱ་ལ་ལས་སུ་བསྐོ་བ་ནི་ཕྱིས་བྱ་སྟེ། དེ་ནི་དང་པོར་འོངས་པའི་ཕྱིར་ཐུ་བོ་ཉིད་ཡིན་ནོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་འོངས་པས་རྙེད་པ་བླང་བར་བྱའོ་ཞེས་གསུངས་ཏེ། གང་དང་གང་
འོངས་པ་ནི་ཇི་ལྟར་འོངས་པའོ། །ཇི་ལྟར་འོངས་པར་གྱུར་པ་དེར་འོངས་པ་ནི་ཇི་ལྟར་འོངས་པ་སྟེ། ཇི་ལྟར་འོངས་པ་དེས་རྙེད་པ་བླང་བར་བྱའོ། །དེས་ཕྱིས་ལས་སུ་བསྐོ་བ་བྱ་བ་དེ་ཡང་ཤུགས་ཀྱིས་འཐོབ་པ་ཡིན་ཏེ། དེའི་ཚེ་ཐུ་བོ་ཡིན་པའི་ཕྱིར་རོ། །ཕྱིས་འོངས་པས་ནི་ལས་སུ་བསྐོ་བ་དང་པོར་
བྱ་སྟེ་དེའི་ཚེ་གསར་པ་ཡིན་པའི་ཕྱིར་རོ། །དེ་ལ་ཕྱིས་འོངས་པས་ལས་སུ་བསྐོ་བ་སྔར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དགོན་པ་བས་སྐྲ་སོར་གཉིས་ལས་ལྷག་པར་མི་གཞག་གོ་ཞེས་བྱ་བ་ནི། དགེ་སློང་དགོན་པ་བས་སྐྲ་སོར་གཉིས་ཀྱི་ཚད་ལས་ལྷག་པར་མི་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲ་
སྨོས་པས་ཁ་སྤུ་ཡང་སྨོས་པར་གྱུར་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་དོ། །གྲོང་མཐའ་པས་ནི་དེའི་འོག་མ་ཉིད་ལས་མི་གཞག་གོ་ཞེས་བྱ་བ་ལ་འོག་མའི་དངོས་པོ་ནི་འོག་མ་ཉིད་དེ་སོར་གཉིས་དེའི་འོག་མ་ཉིད་དེ། སོར་ཕྱེད་དང་གཉིས་ཉིད་དོ། །དེ་ལྟ་བས་ན་སོར་ཕྱེད་དང་གཉིས་ཀྱི་ཚད་
ལས་ལྷག་པར་ཇི་ཙམ་དུ་སོར་གཉིས་ཀྱི་ཚད་དུ་གྱུར་པ་དེ་ཙམ་དུ་མི་གཞག་གོ། །འདི་སྐད་བསྟན་ཏེ། དགེ་སློང་གྲོང་མཐའ་པས་སྐྲ་ཇི་ཙམ་དུ་སོར་གཉིས་ཀྱི་ཚད་དུ་མ་ཕྱིན་པ་དེ་ཙམ་ཁོ་ནར་བྲེག་པར་བྱའོ། །འདིར་དེ་ལྟར་ནི་གཞུང་ལས་ཀྱང་དགེ་སློང་དགོན་པ་བས་སྐྲ་སོར་གཉིས་སུ་གཞག་
เล่ม ๑๖๒ · หน้า 40a
པར་བྱ་ལ། གྲོང་མཐའ་པས་ནི་དེའི་འོག་མའོ་ཞེས་གསུངས་སོ། །རབ་ཏུ་འབྱུང་བའི་དུས་ན་སྐྲ་བྲེག་པ་སྨྲས་པ་དེའི་སྒོ་ནས་འདིར་སྐྲ་བྲེག་པའི་ཆོ་ག་ཐམས་ཅད་བསྟན་ཏེ། སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲེག་གོ་ཞེས་བྱ་བ་ལ། བ་ལང་གི་སྤུ་ཞེས་བྱ་བ་ནི་བ་ལང་གི་སྤུ་
དག་གོ། །བ་ལང་གི་སྤུ་དག་དང་འདྲ་བ་ནི་བ་ལང་གི་སྤུ་འདྲ་བར་དེ་དེ་ལྟར་རོ། །ཇི་ལྟར་ཆན་པས་སྐྲ་བ་ལང་གི་སྤུ་དག་དང་འདྲ་བར་འདྲེག་པ་དེ་ལྟར་བྲེག་པར་མི་བྱའོ། །དེ་ནི་ཐམས་ཅད་དུ་ཡང་བཀག་པ་ཡིན་ན་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། རྨའི་ཐན་ཀོར་ནི་མ་གཏོགས་སོ་ཞེས་
བྱ་བ་སྨྲས་ཏེ། རྨའི་ཐན་ཀོར་ནི་ཆན་པས་བྲེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲ་འཇོག་པ་ལས་གཙུག་པུད་འཇོག་པ་ནི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་དེ་འཇོག་པ་ལ་ཉེས་པ་མེད་དོ་སྙམ་དུ་དོགས་པ་ལ། གཙུག་པུད་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། གཙུག་པུད་མི་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ།། །།བམ་པོ་བཞི་པ། སྐྲ་བྲེག་པ་ལས་ན་སྤུ་བྲེག་པ་ཡང་ཉེས་པ་མེད་དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །མདོམས་ཀྱི་སྤུ་འདྲེག་ཏུ་མི་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་ལས་བྱེད་དུ་མི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །དེ་ལྟར་ན་འདིར་
ཚིག་གི་དོན་འདི་འབྱུང་སྟེ། མདོམས་གསང་བའི་གནས་ཏེ་སྤུ་འདྲེག་ཏུ་མི་གཞུག་གོ། །རེ་ཞིག་མདོམས་ཀྱི་སྤུ་བྲེག་པ་སྤྱིར་བཀག་ནས། ད་ནི་དམིགས་ཀྱིས་བསལ་བར་བྱ་སྟེ། རྨའི་ཆེད་དུ་གཞན་གྱིས་མི་འཚོ་ན་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲི་སྟེ་འདྲེག་ཏུ་གཞུག་གོ་ཞེས་
བྱ་བ་ནི། རྨའི་ཕྱིར་ནི་སྤུ་འདྲེག་ཏུ་གཞུག་པའོ། །གཞན་གྱིས་མི་འཚོ་ན་ཞེས་བྱ་བ་ནི། གལ་ཏེ་བསྐ་བ་ལ་སོགས་པའི་ཐབས་གཞན་གྱིས་རྨ་མི་འཚོ་ནའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀྱང་བསྐ་བ་ལྔས་བཀྲུ་བར་བྱ་ཞིང་ཕྱིས་གལ་ཏེ་མ་སོས་ན་མདོ་སྡེ་དང་འདུལ་བ་དང་མ་མོ་
འཛིན་པ་དག་ལ་དྲིས་ཏེ། མདོམས་ཀྱི་སྤུ་འདྲེག་ཏུ་གཞུག་གོ་ཞེས་གསུངས་ཏེ། དེ་ནི་འདིར་གཞུང་ཡིན་ནོ། །དེའི་ཕྱིར་མཁས་པ་ཞེས་གསུངས་པ་ནི་ཚིག་གཞན་བསྟན་པའི་ཕྱིར་རོ། །བྱིན་པའི་སྤུ་བྲེག་པ་ཡང་དེའི་ཕྱིར་མ་ཡིན་པར་བྱེད་དུ་མི་གཞུག་གོ། །ཞེས་
เล่ม ๑๖๒ · หน้า 40b
བྱ་བ་ཡང་འདྲེག་ཏུ་མི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། བྱིན་པའི་སྤུ་བྲེག་པ་ཡང་འདྲེག་ཏུ་མ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་རྣམ་པ་ཐམས་ཅད་དུ་འདྲེག་ཏུ་མི་གཞུག་གམ་ཞེ་ན། དེའི་ཕྱིར་མ་ཡིན་པར་ཞེས་བྱ་བ་སྨྲས་ཏེ། རྨའི་ཕྱིར་མ་ཡིན་པར་འདྲེག་ཏུ་མི་གཞུག་གི་རྨའི་ཕྱིར་ནི་
འདྲེག་ཏུ་གཞུག་པ་ཁོ་ན་ཡིན་ནོ། །བྱིན་པའི་སྤུ་བྲེག་པ་བཀག་པས་ལུས་གཞན་གྱི་སྤུ་ནི་བྲེག་ཏུ་རུང་ངོ་སྙམ་དུ་དོགས་པ་ལ་ལུས་གཞན་དུ་ཡང་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། མདོམས་དང་བྱིན་པ་གཉིས་ལས་གཞན་པའི་ལུས་ནི་མགྲིན་པ་མན་ཆད་ཀྱི་ལུས་འོག་མ་ལ་བྱ་སྟེ། དེ་ལ་ཡང་རྨའི་
ཕྱིར་མ་ཡིན་པར་སྤུ་བྲེག་པར་མི་བྱའོ། །འདིར་མ་མོའི་གཞུང་ལས་སྐྲ་དང་ཁ་སྤུ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་དང་ཉིང་ལག་དག་གི་སྤུ་བྲེག་པར་མི་བྱའོ། །གང་འདྲེག་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །སྣའི་སྤུ་བྲེག་པ་ལ་ནི་རྣམ་གྲངས་ཀྱི་ཚིག་
ཡོད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་དག་གི་སྣའི་སྤུ་ཕྱེད་བཏོགས་པ་དག་ལ་རྒན་རིམས་ཀྱིས་སྨད་ཚེར་བླང་བར་མི་བྱའོ། །དགེ་སློང་གིས་དགེ་སློང་དག་གི་སྣའི་སྤུ་ཕྱེད་བཏོགས་པ་དག་ལ་རྒན་རིམས་ཀྱིས་སྨང་ཚེར་ལེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་
སོ། །གལ་ཏེ་སྣའི་སྤུ་དག་རྣམ་པ་ཐམས་ཅད་དུ་བཏོགས་པར་མི་བྱ་བ་ཡིན་ན། ཅིའི་ཕྱིར་ཕྱེད་བཏོགས་པའི་སྨང་ཚེར་ལེན་པ་ཉེས་བྱས་སུ་བསྟན་ཏེ། རིགས་པ་འདིས་ནི་སྔོན་གཞུང་དངོས་སུ་ཡང་ཡོད་པར་གྱུར་པ་ལས་དེ་ནུབ་པར་གྱུར་པར་ཤེས་སོ། །ད་ནི་སེན་མོ་བྲེག་པའི་ཆོ་ག་བསྟན་ཏེ། སེན་མོ་སྤུ་
གྲིའི་སོ་ལྟ་བུའམ། སྟེའུའི་ཁ་ལྟ་བུར་བྲེག་པར་བྱའོ་ཞེས་བྱ་བ་ནི། སེན་མོ་སྤུ་གྲིའི་སོ་ལྟ་བུར་མཐའ་དམའ་ཞིང་དབུས་མཐོ་བར་བྲེག་པར་བྱ་བའམ། སྟེའུའི་ཁ་འདྲ་བར་དབུས་དང་མཐའ་མཉམ་པར་བྲེག་པར་བྱའོ། །དེ་དག་སྤྱིལ་བར་མི་བྱའོ་ཞེས་བྱ་བ་ནི། སེན་མོ་དེ་དག་རྒྱགས་པ་བསྐྱེད་པའི་སྤྱིལ་བར་
མི་བྱའོ། །སེན་མོ་སྦྱང་བ་ཡང་རྣམ་པ་ཐམས་ཅད་དུ་བཀག་པར་གྱུར་ཏོ་སྙམ་པ་ལ། དྲི་མ་བསལ་བའི་ཕྱིར་བྲུད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དྲི་མ་བསལ་བར་བྱ་བའི་ཕྱིར་བྲུད་ཅིང་བཞར་བར་བྱ་སྟེ། བྲུད་པ་ཇི་ཙམ་གྱིས་དྲི་མ་སེལ་བར་གྱུར་པ་དེ་ཙམ་བྱའོ། །ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་
เล่ม ๑๖๒ · หน้า 41a
པར་མི་བྱའོ་ཞེས་བྱ་བ་ལ། འདིར་གོས་ཐམས་ཅད་ཆོས་གོས་ཀྱི་སྒྲར་བརྗོད་པ་ཡིན་མོད་ཀྱི། འདིར་བླ་གོས་གཟུང་བར་བྱའི། མཐང་གོས་ནི་མ་ཡིན་ནོ། །གལ་ཏེ་མཐང་གོས་ཀྱང་བཀག་ན་ནི། གཅེར་བུ་ཁོ་ན་ལ་བྲེག་པར་འགྱུར་བས་དེའི་ཕྱིར་འདི་ནི་བླ་གོས་ཐམས་ཅད་
བཀག་པ་ཡིན་ནོ། །སྐྲ་བྲེག་པ་གང་གིས་བྱ་ཞེ་ན། སྐྲ་བཟེད་བཅང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྐྲ་བཟེད་པའི་གོས་བཅང་བར་བྱ་སྟེ། དེས་སྐྲ་དག་བཟེད་པར་བྱ་བའི་ཕྱིར་རོ། །དེ་ཡང་བགོ་བའི་དོན་ཡིན་གྱི་གདིང་བའི་དོན་ནི་མ་ཡིན་ཏེ། མེད་ན་རྔུལ་གཟན་གྱིས་སོ་ཞེས་བརྗོད་པའི་ཕྱིར་རོ། །
མེད་ན་རྔུལ་གཟན་གྱིས་སོ་ཞེས་བྱ་བ་ནི། སྐྲ་བཟེད་ཀྱི་གོས་མེད་ན་རྔུལ་གཟན་གྱོན་པས་སྐྲ་དང་ཁ་སྤུ་བྲེག་པར་བྱའོ། །བཏིང་བར་ཡང་མི་བྱའོ་ཞེས་བྱ་བ་ནི། སྐྲ་དང་ཁ་སྤུ་བྲེག་པར་མི་བྱ་བའོ། །འདིར་གཞུང་ནི་གླེང་གཞི་དག་ལས་དགེ་སློང་གིས་བཏིང་བར་འདུག་ནས་སྐྲ་བྲེག་པར་མི་བྱ་སྟེ།
གནས་ཁང་དང་ཁྱམས་དང་སྒོ་ཁང་དུ་སྐྲ་འདྲེག་ཏུ་འཇུག་ན་ཡང་ཉེས་བྱས་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་དགེ་འདུན་ཕྱག་དར་ཕྱགས་པ་དེར་སྐྲ་འདྲེག་ཏུ་གཞུག་པར་མི་བྱ་སྟེ། འདྲེག་ཏུ་གཞུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་
བ་དང་། དེ་བཞིན་དུ་དགེ་སློང་གང་དག་རྒས་འཁོགས་ཉམ་ཆུང་བ་དག་དང་ནད་པ་སྦྱོར་མི་བཟོད་པ་དེ་དག་གིས་ནི་ཁྱམས་སམ་གཞན་དུ་སྐྲ་འདྲེག་ཏུ་གཞུག་པར་བྱ་ཞིང་། བདེ་བར་གནས་པ་དག་གིས་ཀྱང་ཉི་མ་ཚ་བའམ། ཆར་འབབ་པ་གང་དུ་ཕྱི་རོལ་དུ་འགྲོར་མེད་ན་ཁྱམས་སམ་གཞན་དེར་སྐྲ་
བྲེག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་དུ་དགེ་འདུན་ཕྱག་དར་ཕྱགས་པར་ཡང་མི་བྱའོ་ཞེས་བྱ་བ་ནི། ཕྱོགས་གང་དུ་དགེ་འདུན་ཕྱག་དར་ཕྱགས་པའི་ཕྱོགས་དེར་སྐྲ་འདྲེག་ཏུ་གཞུག་པར་མི་བྱ་སྟེ། གཙུག་ལག་ཁང་གི་ཕྱོགས་གང་དུ་དགེ་འདུན་ཕྱག་དར་ཉལ་ཉིལ་ལ་སོགས་པ་
ཕྱགས་པ་དེར་ཞེས་བྱ་བའི་ཐ་ཚིག་གོ། །རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་འདྲེག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་ལ། ཁྱམས་ལ་སོགས་པར་ཞེས་བྱ་བའི་སོགས་པའི་སྒྲས་ནི་གནས་ཁང་དང་སྒོ་ཁང་ལ་སོགས་པ་དག་བསྡུའོ། །འདི་སྐད་བསྟན་ཏེ། རྒན་པོ་
เล่ม ๑๖๒ · หน้า 41b
སྦྱོར་མི་བཟོད་པ་དང་། ནད་པ་མི་ནུས་པས་ནི་ཁྱམས་ལ་སོགས་པར་སྐྲ་འདྲེག་ཏུ་གཞུག་པར་བྱའོ། །རླུང་དང་ཉི་མ་དང་ཆར་བ་དག་ལ་ནི་ཐམས་ཅད་ཀྱིས་སོ། །ཕྱོགས་དེ་བྱི་དོར་བྱའོ་ཞེས་བྱ་བ་ནི་སྐྲ་བྲེགས་པའི་ཕྱོགས་དེར་བྱི་དོར་བྱ་བ་སྟེ། སྦྱང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱང་བ་ཞེས་བྱ་བ་ནི་སྐྲ་མེད་
པ་ཉིད་དང་ཆུས་བཏབ་པ་ལས་བྱུང་བའི་ས་འབུས་པ་ལ་སོགས་པ་བསལ་བ་ཡིན་ནོ། །སྐྲ་བྲེགས་པ་རྣམས་གང་དུ་དོར་བར་བྱ་ཞེ་ན། དེའི་ཕྱིར་སྐྲ་ནི་ཕྱག་དར་ཁྲོད་དུ་དོར་རོ་ཞེས་བྱ་བ་སྨྲས་ཏེ། སྐྲ་དག་ནི་ཕྱག་དར་གྱིས་གང་བའི་ཕྱོགས་སུ་དོར་རོ། །སེན་མོ་གཅད་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། སྐྲ་བྲེག་
པའི་ཆོ་ག་བསྟན་པ་གང་ཡིན་པའི་ཆོ་ག་དེ་ཉིད་ཀྱིས་སེན་མོ་བཅད་པར་ཡང་རིག་པར་བྱའོ། །དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་ཞལ་ཏ་མ་བྱས་པར་སྐྱེས་པས་སྐྲ་མི་བྲེག་གོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགེ་སློང་མའོ། །དགེ་སློང་མས་ཞལ་ཏ་མ་བྱས་པར་ཞེས་བྱ་བ་ནི་དགེ་སློང་མ་གཞན་
གྱིས་མ་བསྲུངས་པར་སྐྱེས་པས་སྐྲ་མི་བྲེག་གོ་ཞེས་བྱ་བར་སྦྱར་རོ། །ཅི་ཐམས་ཅད་དམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ན་ཞེས་བྱ་བ་སྨྲས་སོ། །འདོད་ཆགས་དང་བྲལ་བ་ནི་བྲེག་སྟེ། འདིར་གཞུང་ནི་གལ་ཏེ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་
ཡིན་ནོ། །ཀུན་དུ་ཆགས་པར་གྱུར་ན་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྐྱེས་པའི་ཡུལ་དེའི་འདོད་ཆགས་སྐྱེ་ན་དགེ་སློང་མ་ཀུན་དུ་ཆགས་པར་གྱུར་པ་དེ་ལ་དགེ་སློང་མ་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟན་པར་བྱ་སྟེ་ཡང་དག་པར་རྗེས་སུ་བསྟན་པར་བྱའོ། །ཇི་ལྟར་ཞེ་ན་
དྲན་པ་ཉེ་བར་ཞོག་ཅིག །ཇི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ་ཞེས་བྱ་བས་ནི། དྲན་པ་ཉེ་བར་ཞོག་ཅིག་ཅེས་བྱ་བ་ནི། དྲན་པ་མངོན་དུ་གྱིས་ཤིག་ཅེས་པའོ། །ཇི་རྣག་གི་ལུས་འདི་ལ་ཞེས་བྱ་བ་ནི། འཇིག་པའི་བདག་ཉིད་ཀྱི་ལུས་ལའོ། །སྙིང་པོ་ཡོད་དམ་ཞེས་བྱ་བ་ནི་ཀུན་དུ་
འདོད་ཆགས་པའི་དངོས་པོ་ཡོད་དམ་ཞེས་བྱ་བའི་ཐ་ཚིག་གོ། །འདྲེག་མཁན་ལ་ནི་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་ཞོག་ཅིག་ཅེས་སོ་ཞེས་བྱ་བ་ནི་གལ་ཏེ་འདྲེག་མཁན་དགེ་སློང་མའི་ཡུལ་ལ་འདོད་ཆགས་སྐྱེ་བར་གྱུར་ན་དེའི་ཚེ་འདྲེག་མཁན་ཀུན་དུ་ཆགས་པར་གྱུར་པ་དེ་ལ་ནི་ཞལ་ཏ་བྱེད་པ་
เล่ม ๑๖๒ · หน้า 42a
མོས་རྗེས་སུ་བསྟན་པར་བྱ་སྟེ། ཇི་ལྟར་ཞེ་ན། མ་ལ་སོགས་པའི་འདུ་ཤེས་ཉེ་བར་ཞོག་ཤིག་ཅེས་བྱ་བས་སོ། །དགེ་སློང་མ་རྣམས་ཀྱིས་སྐྲ་བྲེག་པའི་བྱེ་བྲག་སྨྲས་ན། ད་ནི་སྤྱིའི་ཆོ་ག་བསྟན་པའི་ཕྱིར་དེ་བྱས་ནས་ཁྲུས་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི། སྐྲ་
དང་ཁ་སྤུ་བྲེགས་པའོ། །བྱས་ནས་ཞེས་བྱ་བ་ནི་ཟིན་ནས་ཏེ། ཁྲུས་བྱའོ་ཞེས་བྱ་བར་སྦྱར་རོ། །ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་བྱའོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བར་སྦྱར་རོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ཏེ། འདིར་གཞུང་ནི་དགེ་སློང་གིས་སྐྲ་བཟེད་བཅང་བར་བྱ་ཞིང་
ཁྲུས་ཀྱང་བྱ་སྟེ། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བ་ནི། གཅེར་བུ་ཁོ་ནར་ཁྲུས་མི་བྱ་བ་སྟེ། འདི་ལྟར་འཁོར་གསུམ་གཡོགས་པ་ཉིད་ན་སྒྲེན་མོ་མ་ཡིན་པ་ཉིད་ཡོད་མོད་ཀྱི། འོན་ཀྱང་འདིར་ནི་མདོམས་ཀྱི་སྤུ་དང་ཡན་ལག་གི་རྣམ་པ་དག་གཡོགས་
པ་ཉིད་ན་གཡོགས་པ་ཉིད་ཡིན་པར་རིག་པར་བྱའོ། །དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་སྐྱེས་པ་ཁྲུས་བྱེད་པའི་ཆུ་ངོགས་སུ་ཁྲུས་མི་བྱ་བའོ། །བུད་མེད་ཀྱི་ཆུ་ངོགས་སུ་ཡང་ཕྱེ་མས་མི་བྱའོ་ཞེས་བྱ་བ་ནི་ཁྲུས་ཞེས་བྱ་བར་སྦྱར་རོ། །དགེ་སློང་མས་
སྐྱེས་པའི་ཆུ་ངོགས་སུ་ཁྲུས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་དགག་པ་མཛད་དོ། །བུད་མེད་ཀྱི་ཆུ་ངོགས་སུ་ནི་ཕྱེ་མ་ལ་སོགས་པས་ཁྲུས་བྱ་བ་དགག་པ་མཛད་ཀྱི་ཁྲུས་ཉི་ཙེ་ནི་མ་བཀག་གོ། །འདིར་གཞུང་ནི་དགེ་སློང་མས་བུད་མེད་ཀྱི་ཆུ་ངོགས་སུ་ཕྱེ་མས་ཁྲུས་མི་བྱའོ་ཞེས་གསུངས་པ་ཡིན་
ནོ། །མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་དྲིས་བསྒོས་པ་རུང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་གཉི་ག་ལ་མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་རུང་ངོ་། །བྱེ་བྲག་ཅི་ལྟ་བུ་ཅན་ཞིག་ཅེ་ན། དྲིས་བསྒོས་པ་སྟེ། གླ་རྩི་ལ་སོགས་པས་བསྒོས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་བླང་བར་བྱའོ་ཞེས་བྱ་བ་
ནི། དྲིས་བསྒོས་པའི་ཕྱེ་མ་དེ་བདག་གིར་བྱར་རུང་བའོ། །ནད་པས་ནི་སྨན་གྱིས་བསྒོས་པ་ཡང་ངོ་ཞེས་བྱ་བ་ནི་ནད་པས་ནི་ཕྱེ་མ་སྨན་གྱིས་བསྒོས་པ་ཡང་བླང་དུ་རུང་བའོ། །དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ་ཞེས་བྱ་བ་ནི། དགེ་སློང་མས་ཁྲུས་ཀྱི་ཚེའམ་དུས་གཞན་གྱི་ཚེ་ཡང་བུད་མེད་ལ་
เล่ม ๑๖๒ · หน้า 42b
ཕྱེ་མས་མི་གཏོར་བའོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་སྨྲས་པས་དེའི་ཕྱིར་སྒྲེན་མོ་ཉིད་བསལ་བའི་ཞར་ལ། ཤམ་ཐབས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པར་སྐས་ལ་མི་འཛེག་གོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་གང་གིས་ཤམ་ཐབས་ཀྱི་གོས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་
མཐའ་མ་མཐའི་ཆ་མ་མདུད་པ་དེ་ནི་ཤམ་ཐབས་ཀྱི་མཐའ་གཉི་ག་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པའི་དགེ་སློང་ཡིན་ཏེ། དེས་སྐས་ལ་མི་འཛེག་གོ། །མ་མཐའི་དངོས་པོ་ནི་ཐ་མ་ཉིད་དོ། །མ་མདུད་པར་ཞེས་བྱ་བ་ནི་མ་བཅིངས་པར་རོ། །སྐས་ཞེས་སྨོས་པ་ནི་དཔེ་སྟེ། ཤིང་ལ་སོགས་པ་
ལ་འཛེག་པ་ལ་ཡང་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཚིག་འདི་ནི་མདོམས་མཐོང་བ་ཡོངས་སུ་སྤང་བའི་ཕྱིར་རོ། །གཞན་གྱི་དུས་སུ་དེ་ལྟར་མི་བྱའོ་ཞེས་བྱ་བ་ལ། གཞན་གྱི་དུས་སུ་ཞེས་བྱ་བ་ནི། སྐས་ལ་སོགས་པ་ལ་འཛེག་པ་ལས་གཞན་པའི་དུས་སུའོ། །དེ་ལྟར་ཞེས་བྱ་བ་ནི།
ཤམ་ཐབས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མདུད་པའོ། །མི་བྱའོ་ཞེས་བྱ་བ་ནི། བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། སྐས་ལས་བབས་མ་ཐག་ཏུ་མདུད་པ་བཀྲོལ་བར་བྱའོ། །ཁའི་ནང་ཡང་མདོམས་ཀྱི་ཕྱོགས་དང་མཐུན་པའི་ཕྱིར་དེར་གཏོགས་པའི་
ཆོ་ག་བསྟན་པའི་ཕྱིར། ཁ་མ་བཀབ་པར་གདངས་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁ་མ་བཀབ་པར་ཞེས་བྱ་བ་ནི་མ་གཡོགས་པར་རོ། །གླལ་བ་ལ་སོགས་པའི་རྒྱུས་གོས་ལ་སོགས་པས་ཁ་མ་བཀབ་པར་གདངས་པ་ནི་འབྱེད་པ་སྟེ། དེ་མི་བྱའོ། །འདིར་ནི་གཞུང་དགེ་སློང་གླལ་བས་ཁ་ལག་
པས་དགབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བས་འདིར་སྒྲེན་མོའི་ཁྲུས་བཀག་པའི་ཕྱིར་རོ། །ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ་བྱེད་པའི་ཚིག་དང་པོར་བསྟན་པའི་ཕྱིར་རང་དགར་སྤྱད་པ་ཡིན་པར་རིག་པར་བྱའོ། །ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་
དུ་འཆགས་སོ་ཞེས་བྱ་བ་ལ་ཆགས་སོ་ཞེས་བརྗོད་པར་བྱ་ལ། ཀུན་དུ་ཞེས་སྨོས་པ་ནི་འགྲེལ་པ་བྱེད་པ་ན་རེ། གཞུང་མཛེས་པ་བསྒྲུབ་པའི་ཕྱིར་ཞེས་ཟེར་རོ། །ཁོ་བོ་ནི་ཡི་གེ་ལྷག་པ་ཡོད་པའི་ཕྱིར། དོན་ཀྱང་ལྷག་པ་ཡོད་པར་ཤེས་པར་བྱ་ཞེས་སྨྲས་ཏེ། དེས་ན་བྱེད་རྒྱུ་བསྟན་པ་མེད་ཀྱང་བྱེད་རྒྱུ་
เล่ม ๑๖๒ · หน้า 43a
བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་ལྟར་ཤེས་པར་བྱ་སྟེ། གང་གི་ཕྱིར་གོས་ཉི་རིམ་ལ་སྲོག་ཆགས་དག་ཆགས་པར་འགྱུར་བ་དེའི་ཕྱིར། སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་ཉི་རིམ་ལ་སོགས་པས་ཁྲུས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་
གོ། །ཆོས་གོས་གསུམ་པས་ཀྱང་ངོ་ཞེས་བྱ་བ་ཡང་ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། གཞན་གྱིས་ཀྱང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་
བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཁྲུས་རས་མི་འབྱོར་ན་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་རས་མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་ཁྲུས་བྱའོ། །དབེན་པའི་
ཕྱོགས་སུ་ཞེས་བྱ་བ་ནི། སྐྱེ་བོ་མེད་པའི་ཕྱོགས་སུའོ། །གང་ལ་ལ་ཞིག་ལ་ཁྲུས་རས་མེད་ན་དགེ་སློང་དེས་ཆོ་ག་དེས་ཁྲུས་བྱའོ། །འདིར་གཞུང་ནི་གཞན་དག་ལ་ཁྲུས་རས་ཀྱི་རྙེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་ཁྲུས་བྱའོ་
ཞེས་གསུངས་པ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་རས་ཉི་རིམ་གྱིས་ཁྲུས་མི་བྱ་ཞིང་ཆིག་རྐྱང་གིས་ཁྲུས་བྱ་ན་དེ་ལ་ཡང་སྲོག་ཆགས་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར། སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་རས་ཆིག་རྐྱང་ལ་སྲོག་ཆགས་ཆགས་
ན་ཆུས་བཤལ་བས་མེད་པར་འགྱུར་ཞིང་བྲལ་བར་འགྱུར་རོ། །ལྷན་པ་ཅན་ཡང་ཉི་རིམ་ཉིད་ཡིན་ནོ། །གཙུག་ལག་ཁང་དུ་ཁྲུས་ཀྱི་ཕྱོགས་བརྗོད་པར་འདོད་ན་ས་དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི་ཁྲུས་སོ། །གལ་ཏེ་གཙུག་ལག་ཁང་དུ་བྱེད་ན་སྟོར་ཁུང་གི་
ཕྱོགས་ཁོ་ནར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཁྲུས་ཀྱི་ཞར་ལ་གཙུག་ཆུ་ཡང་དབོ་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། ལྷུང་བཟེད་བཀྲུས་པ་དང་། ཆོས་གོས་བཀྲུས་པ་ལ་སོགས་པའི་ཆུ་དག་དབོ་བར་བྱའོ། །ཡང་ཞེས་བྱ་བ་ནི་སྟོར་ཁུང་ཉིད་དུ་དབོ་བར་རིག་པར་བྱའོ། །ཁྲུས་ལ་སོགས་པའི་དོན་
เล่ม ๑๖๒ · หน้า 43b
ཉིད་དུ་གནས་གཞན་བྱ་བའི་ཕྱིར་ཁྲུས་ཁང་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་ཀྱི་ཆེད་དུ་ཁང་པ་བྱའོ། །དེར་སོ་ཕག་གི་གཅལ་དགྲམ་མོ་ཞེས་བྱ་བ་ནི་ཁྲུས་ཁང་དེར་སོ་ཕག་སོ་བཏང་བ་ལས་བྱས་པའི་གཅལ་དགྲ་མ་པར་བྱའོ། །སྟོར་ཁུང་གདོད་དོ་ཞེས་བྱ་བ་ནི། གང་ནས་ཆུའི་ཕྱི་རོལ་དུ་འཛག་པ་དེའི་སྲང་
གདོད་པར་བྱ་སྟེ། ཆུ་ཕྱི་རོལ་དུ་འགྲོ་བར་བྱ་བའི་ཕྱིར། བུ་གུ་གདོད་པར་བྱ་བའོ། །ལྗན་ལྗིན་བསལ་བར་བྱའོ་ཞེས་བྱ་བ་ལ། ལྗན་ལྗིན་ཞེས་བྱ་བ་ནི་རྫབ་སྟེ། དེ་བསལ་བར་བྱ་བ་ནི་བཞར་བར་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོར་ཁུང་གདོད་པར་བྱའོ། །
ལྗན་ལྗིན་ཡོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས་དེ་བསྡུ་བའི་ཕྱིར། སྟོར་ཁུང་དུ་ཁྲུས་བྱེད་ན་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་ནི་བཀྲུ་བའོ། །སྟོར་
ཁུང་དེར་ཁྲུས་བྱེད་ན་རྫབ་མི་འབྱུང་ངོ་། །སོ་ཕག་གི་དུམ་བུས་བྲུད་པ་ཡང་ཁྲུས་ཀྱི་ཡན་ལག་ཡིན་པས་དེའི་ཕྱིར་ཁྲུས་ཀྱི་ཞར་ལ། སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་འདི་བརྗོད་དེ། སོ་ཕག་གི་དུམ་བུས་ཞེས་བྱ་བ་ནི། སོ་ཕག་སོ་བཏང་བ་ལ་སོགས་
པའི་དུམ་བུས་སོ། །སོ་ཕག་གི་དུམ་བུ་དེས་བྲུས་པས་ཞེས་བྱ་བ་ནི་སྦྱང་བ་སྟེ། དེས་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། རྐང་པ་གཉིས་ལས་གཞན་པ་དེ་གཉིས་མ་གཏོགས་པའི་ལུས་
ལ་བྲུད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྣོན་པོ་དང་བཞར་སྤྱད་གཉིས་ཀྱི་དཔེ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་སོ་ཕག་གི་དུམ་བུའོ། །དཔེ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པར་རིག་པར་བྱའོ། །གང་གིས་ཤེ་ན་རྣོན་པོ་དང་བཞར་སྤྱད་གཉིས་ཀྱིས་ཏེ། རྣོན་པོ་ཞེས་བྱ་བ་ནི་གྲི་ལ་སོགས་
པའོ། །བཞར་སྤྱད་ཅེས་བྱ་བ་ནི་རྒྱ་མཚོའི་དབུ་བ་ལ་སོགས་པ་སྟེ། དེ་ནི་གཉིས་ཀྱི་དཔེ་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཉ་ཕྱིས་འདྲུད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་
เล่ม ๑๖๒ · หน้า 44a
ཕྱིས་མི་རྩུབ་པས་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཉ་ཕྱིས་མི་རྩུབ་པས་ལུས་ལ་འདྲུད་པར་བྱེད་ན་དེ་ཇི་ལྟར་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་ཉ་ཕྱིས་ནི་མེས་སྦྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཉ་ཕྱིས་སྦྱང་བ་ནི་མེས་དྲོས་ཙམ་གྱི་བྱ་བ་ཡིན་པར་རིག་པར་བྱའོ། །དགེ་སློང་རྣམས་ཀྱིས་ནི་
རྣམ་པ་འགས་བྲུད་པར་བྱའོ། །དགེ་སློང་མ་རྣམས་ཀྱིས་ནི་རྣམ་པ་གང་གིས་ཀྱང་མི་བྱའོ་ཞེས་བསྟན་པའི་ཕྱིར་དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས་དྲིལ་བ་དག་ཡན་ཅད་གང་གིས་ཀྱང་བྲུད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་ནི་བྲུད་པར་མི་བྱ་སྟེ། གང་དུ་ཡང་ཞེས་བྱ་བ་ནི་ལུས་
ཀྱི་ཕྱོགས་སོ། །གང་གིས་ཀྱང་ཞེས་བྱ་བ་ནི་དངོས་པོས་ཏེ། ཁུ་ཚུར་དག་ཡན་ཆད་དང་གོས་དྲིལ་བ་དག་ཡན་ཆད་ཀྱིས་ཀྱང་བྲུད་པར་མི་བྱ་ན། ཉ་ཕྱིས་ལ་སོགས་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ཁྲུས་ཀྱི་ཞར་ལ་གོས་གྱོན་པ་ཉམས་པ་ཡོངས་སུ་སྤང་བའི་ཕྱིར། གཤེར་འགྱུར་གྱི་ཆུ་
དང་མ་བྲལ་བས་ཆོས་གོས་དག་བགོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་བྱས་པའི་རྗེས་ལ་ཆུའི་ཐིགས་པའི་ལྷག་མ་མང་པོ་ལུས་ལ་ཆགས་པར་འགྱུར་ཞིང་། ཆུའི་ཐིགས་པ་དེ་དག་གིས་ཆོས་གོས་དག་གཤེར་བར་འགྱུར་བ་དེ་དག་ནི་གཤེར་འགྱུར་གྱི་ཆུ་ཞེས་བྱ་བའི་སྒྲས་བརྗོད་དོ། །དགེ་
སློང་གང་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བ་དེ་ནི་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བ་སྟེ། དེས་ཇི་སྲིད་དུ་ཆུའི་ཐིགས་པ་དེ་དག་མ་སྐམས་ཀྱི་བར་དུ་ཆོས་གོས་དག་བགོ་བར་མི་བྱའོ། །གང་དུས་དེ་སྲིད་དུ་སྡོད་པར་མི་འདོད་པ་དེའི་ཕྱིར་ལུས་ཕྱིས་བཅད་པར་བྱའོ་ཞེས་བྱ་བ་བརྗོད་དེ། ལུས་ཕྱི་
བའོ། །ལུས་ཕྱིས་མེད་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མེད་ན་ཞེས་བྱ་བ་ནི་ལུས་ཕྱི་བའོ། །ཡུད་ཙམ་ཞིག་ཅེས་བྱ་བ་ནི། ཇི་ལྟར་ཁྲུས་རས་ཀྱིས་ལུས་ཕྱིས་ཏེ། ཆོས་གོས་དག་གྱོན་ན་ཉམས་
པར་མི་འགྱུར་བ་དེ་ལྟར་འགྱུར་བའི་དུས་ཇི་སྲིད་པའི་དུས་དེ་ནི་ཡུད་ཙམ་ཞིག་ཅེས་བྱའོ། །ཙོག་པུར་འདུག་ལ་ཞེས་བྱ་བ་ནི། ལུས་ལ་ཆུའི་ཐིགས་པ་མྱུར་དུ་འབྲུལ་བའི་ཕྱིར་རོ། །ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་ནི། ཕྱིས་ཁྲུས་རས་ཀྱིས་ལུས་ཕྱི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་
เล่ม ๑๖๒ · หน้า 44b
ཀྱི་ཞར་ལ་བསྲོ་གང་བསྟེན་པར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། བསྲོ་གང་ཉམས་སུ་མྱོང་བར་བྱའོ། །འདི་མན་ཆད་ནི་བསྲོ་གང་གི་ཆོ་ག་བརྗོད་དེ། བསྲོ་གང་གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་ཞེས་བྱ་བ་ལ། བསྲོ་གང་གི་ཁང་པ་ཞེས་བྱ་བ་ནི། བསྲོ་གང་གི་ཆེད་ཀྱི་ཁང་པའོ། །དེ་བྱ་བ་ནི་བརྩིག་
པའོ། །གྲམ་ས་ཆེ་བར་ཞེས་བྱ་བ་ནི། གྲམ་གསེག་ཆེ་བ་སྟེ། གྲམ་གསེག་ཤས་ཆེ་བའི་ཕྱོགས་སུའོ། །བཟང་ངོ་ཞེས་བྱ་བ་ནི། གྲམ་གསེག་ནི་བརླན་མེད་པའི་ཕྱིར་རོ། །བསྲོ་གང་གི་ཁང་པ་དེར་གང་བྱ་བ་དེ་ཉེ་བར་བསྟན་པའི་ཕྱིར། དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་
ལྟ་བུ་གདོད་དོ་ཞེས་བྱ་བ་སྨྲས་ཏེ། སྐར་ཁུང་གདོད་པར་བྱའོ། །ཕྱོགས་གང་དུ་ཞེ་ན། བསྲོ་གང་གི་ཁང་པར་གཏོགས་པའི་རྩིག་པའི་དཀྱིལ་དུའོ། །དམའ་བར་ཡང་མི་གདོད་དེ། དུ་བ་སངས་དཀའ་བའི་ཕྱིར་རོ། །མཐོ་བར་ཡང་མི་གདོད་དེ། མུན་པར་འགྱུར་བའི་ཕྱིར་རོ། །དེ་ཁྱད་པར་ཇི་ལྟ་བུ་
ཞིག་ཅེ་ན། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པར་བྱའོ། །རྒྱ་མཚོའི་རྣམ་པ་ལྟ་བུ་ནི་གང་གི་དབྱིབས་རྒྱ་མཚོའི་རྣམ་པ་འདྲ་བ་ནི་དེ་ཉིད་ཡིན་ཏེ། དེས་ནི་སྐར་ཁུང་དེ་བྱིན་གྱིས་ཡངས་པར་སྟོན་ཏོ། །དེར་སྐར་ཁུང་དྲ་བ་ཅན་དང་
སྒོ་གླེགས་དང་། འཁོར་གཏན་དང་། གནམ་གཟེར་དང་། ཕྲེད་གཏན་དང་བཅས་པར་གཞུག་གོ་ཞེས་བྱ་བ་ནི། སྐར་ཁུང་དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་དང་། འཁོར་གཏན་དང་། གནམ་གཟེར་དང་། ཕྲེད་གཏན་དེ་དག་གཞུག་སྟེ་རྣམ་པར་གཞག་པར་བྱའོ། །སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ནི།
སྐར་ཁུང་ལན་ཀན་ཅན་ནོ། །སྒོ་གླེགས་ཞེས་བྱ་བ་ནི། སྤང་ལེབ་ཅེས་བྱ་བའི་ཤིང་སྟེ། དེས་སྐར་ཁུང་བཅད་པར་བྱེད་པའོ། །འཁོར་གཏན་ཞེས་བྱ་བ་ནི། དེ་སྒོ་གླེགས་བཅད་པའི་ཐབས་སུ་གྱུར་པ་ཡིན་ཏེ། སྒོ་གླེགས་ཀྱི་དཀྱིལ་གྱི་ཕྱོགས་སུ་ཤིང་གི་གཏན་བུ་ཁྲུ་གང་གི་ཚད་ཙམ་བཏགས་ཤིང་། སྒོ་
སྐྱེས་ལ་དེའི་གཟུངས་གདོད་དོ། །གཏན་བུ་དེ་འཁོར་ལོ་བཞིན་དུ་བསྐོར་ནས་གཟུངས་དེར་གཞུག་པར་བྱ་སྟེ། དེས་ན་འཁོར་གཏན་ཞེས་བྱའོ། །གནམ་གཟེར་ཞེས་བྱ་བ་ནི། སྒོའི་ཡ་ཕུབས་ལས་བཏགས་པའི་གཟེར་བུ་ལ་སོགས་པའོ། །ཕྲེད་གཏན་ཞེས་བྱ་བ་ནི། རྩིག་པའི་སྦུབས་ཀྱི་ཁང་དུ་
เล่ม ๑๖๒ · หน้า 45a
གཞུག་པའི་ཤིང་རིང་པོ་ལ་བྱའོ། །དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་གོ་ཞེས་བྱ་བ་ལ། དབྱུག་གུ་རའི་རྐང་པ་འདྲ་བ་ནི་དབྱུག་གུ་སྐམ་ཁ་སྟེ། དེ་ཡང་དེར་ཉེ་བར་གཞག་གོ། །ཡང་ཞེས་བྱ་བ་ནི། དེར་ཞེས་བྱ་བ་འདྲེན་པར་བྱེད་དོ། །འདི་ལྟར་དབྱུག་གུ་སྐམ་ཁ་དེར་
སྐར་ཁུང་དུ་ཕྲེད་གཏན་འཛུད་པ་དང་འབྱིན་པར་བྱེད་དོ། །སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པའི་སྒོར་སྒོ་གླེགས་ལ་སོགས་པ་ལེགས་པར་བྱ་བའོ། །སྒོ་གཏན་ཞེས་བྱ་བ་ནི། སྒོ་གླེགས་གཅད་པའི་ཐབས་སུ་གྱུར་པའོ། །
ཡང་མིག་ཅེས་བྱ་བ་ནི། སྒོ་གླེགས་ཀྱི་ཕྱི་རོལ་གྱི་ངོས་ཀྱི་ཡང་མིག་གོ། །ལག་གཟུངས་ཞེས་བྱ་བ་ནི། སྒོ་གླེགས་ནང་དུ་འདྲེན་པ་ལྕགས་ལས་བྱས་པའོ། །ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་བཞག་སྟེགས་བྱའོ་ཞེས་བྱ་བ་ནི། ཆུ་དྲོན་མོ་གཞག་པའི་ཕྱིར་བསྲོ་གང་གི་ཁང་པའི་ནང་གི་ཕྱོགས་
སུ་བཞག་སྟེགས་ཀྱི་སྟེགས་བུ་དེ་བྱའོ། །མེ་འབུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ་ཞེས་པ་ལ། མེ་བུད་པ་ཞེས་བྱ་བ་ནི། མེ་སྦར་བའོ། །དེའི་གནས་གང་ཡིན་པ་དེའི་ས་དེར་སོ་ཕག་དག་གི་གཅལ་གཞུག་པར་བྱའོ། །མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ་ཞེས་བྱ་བ་ནི། མེ་
མི་འཆི་བར་བྱ་བའི་ཕྱིར་ཞེས་བྱ་བ་མི་ཉམས་པར་བྱ་བའི་ཕྱིར་རོ། །སྦ་བར་བྱའོ་ཞེས་བྱ་བ་ཟླུམ་པོར་བྱ་བ་སྟེ། བཅེར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ་ཞེས་བྱ་བ་ནི། མེ་སྦ་བ་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ། །ལྕགས་
ལས་བྱས་པ་ནི་ལྕགས་ཀྱི་སྟེ། ལྕགས་ཀྱི་ནལ་ཟེ་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མེ་འབར་བ་ན་མི་རྨྱ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པར་མེ་སྦར་ཏེ་འབར་ན་མི་རྨྱ་བར་བྱ་བ་མི་འཁྲུགས་པར་བྱ་བའི་ཕྱིར་ནང་དུ་འཇུག་པ་རེ་ཞིག་བསྡད་པར་
བྱའོ། །བོག་པ་མི་འབྱུང་བར་བྱ་བའི་ཕྱིར། ཕྱེ་དང་ཡུངས་མར་དུ་བསྲེས་པ་དག་མེར་བླུགས་སོ་ཞེས་བྱ་བ་ལ། བོག་པ་ཞེས་བྱ་བ་ནི་མེས་བརྒྱལ་བ་སྟེ། དེ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཡུངས་མར་ཡུངས་ཀར་གྱི་མར་དུ་བསྲེས་པ་སྦྱར་བ་དག་མེར་བླུགས་པར་བྱའོ། །དྲི་མི་ཞིམ་པ་ཉིད་བསལ་བའི་
เล่ม ๑๖๒ · หน้า 45b
ཕྱིར་བདུག་སྤོས་བླུགས་སོ་ཞེས་བྱ་བ་ལ། དྲི་མི་ཞིམ་པའི་དངོས་པོ་ནི་དྲི་མི་ཞིམ་པ་ཉིད་དེ། ཕྱེ་དང་ཡུངས་མར་བསྲེས་པ་དག་བླུགས་པ་ལས་གྱུར་པའི་དྲི་མི་ཞིམ་པ་ཉིད་དེ། བསལ་བ་ཞེས་བྱ་བ་དེ་དང་དབྲལ་བའི་ཕྱིར་བདུག་སྤོས་བླུགས་པར་བྱའོ། །མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་གཅོད་དོ་
ཞེས་བྱ་བ་ལ། མཆི་མ་འཛག་ན་ཞེས་བྱ་བ་ནི། མིག་ཆུ་འཛག་ནའོ། །ནས་ཀྱི་བག་ཕྱེ་ཞེས་བྱ་བ་ནི། ནས་བཏགས་པའི་མིང་ངོ་། །དེའི་ཟན་གྱིས་མིག་ཆུ་གཅད་པར་བྱ་སྟེ། མི་འཛག་པར་བྱ་བའི་ཐབས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་
ཞེས་བྱ་བས་ནི་དེ་བཅད་དོ་ཞེས་བྱ་བར་སྦྱར་རོ། །དེར་རྩྭ་བམ་གྱི་སྟན་གདིང་ངོ་ཞེས་བྱ་བ་ནི། བསྲོ་གང་དེར་རྩ་བམ་རྩྭ་ཆུན་གཤིབས་པའི་སྟན་གདིང་བར་བྱ་སྟེ། སླ་བའི་ཕྱིར་རོ། །ས་གཞིར་སྐྱེ་བ་ཉིད་ཀྱིས་སམ་སྤངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པའི་ས་
གཞི་གང་ཡིན་པར་རྩྭ་དག་དགྲམ་པར་བྱ་སྟེ། ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། གཤེར་བ་དག་གོ། །དེ་དག་ཅིས་གཤེར་ཞེ་ན། སྐྱེ་བ་ཉིད་ཀྱིས་སམ་ཞེས་བྱ་བ་སྐྱེ་བས་གྲུབ་པ་ནི། སྐྱེ་བས་གཤེར་བ་སྟེ་དེས་སོ། །སྤངས་པས་ཞེས་བྱ་བ་ནི་ཆུས་བཏབ་པས་གཤེར་བ་སྟེ། དེ་ཡང་རུང་ངོ་། །གཡན་
པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་སྤྱད་བྱའོ་ཞེས་བྱ་བ་ནི། གཡན་པ་ཕྲུག་པའི་རྒྱུར་ལྕགས་ལས་བྱས་པའི་གཟར་ཆུང་བྱ་བའོ། །རྫས་ཀྱི་བླས་ལུང་མི་གནས་ཐ་གུས་བཏགས་ཏེ་དབེན་པར་གཞག་གོ་ཞེས་བྱ་བ་ནི། རྫས་ཀྱི་བླས་ཕྲུག་སྤྱད་དེའི་ལུང་མིག་གི་ནང་ནས་ཐ་གུས་བཏགས་པའི་རྒྱུས་ཕྱོགས་དབེན་
པར་གཞག་སྟེ། སྤྱད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ་ཞེས་བྱ་བ་ནི། གཡན་པ་ཕྲུག་པའི་ཆེད་དུ་སྦྱར་བའི་ཕྲུག་སྤྱད་དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པ་དག་པར་བྱ་བའི་ཕྱིར་མེས་རུང་བར་བྱ་བ་མེས་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་
ཁྲུས་མི་བྱའོ་ཞེས་བྱ་བ་ནི། བསྲོ་གང་དེར་དགེ་སློང་དག་གིས་ཁྲུས་མི་བྱ་བའོ། །དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བ་ནི། ཁྲུས་བྱ་བ་དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་བྱའོ་
เล่ม ๑๖๒ · หน้า 46a
ཞེས་བྱ་བ་ལ། ཁྲུས་ཀྱི་ཆུ་ལྡུགས་པར་བྱེད་པའི་གོས་དག་ནི་ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་གོ། །དེ་དག་མི་ཉམས་མི་གཤེར་བར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་ཁྲུས་དོང་དུ་ཞུགས་པས་ནི་ཁྲུས་བྱ་ལ། དགེ་
སློང་ཁ་ན་སྡོད་པས་ནི་ཆུ་བླུགས་པར་བྱ་སྟེ། དེ་ལྟར་ན་ཆོས་གོས་དག་ཉམས་པར་མི་འགྱུར་རོ། །དེ་ལ་སྟོར་ཁུང་གདོད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཁྲུས་དོང་ལ་སྟེ། ཁྲུས་དོང་དེ་ལ་སྟོར་ཁུང་གདོད་པར་བྱའོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་ཁྲུས་ཆུ་ཧ་ཅང་ཚ་སྟེ། བརྣགས་
མི་བཟོད་ན་རབ་ཏུ་བྱུང་བ་ཕྱི་མ་རྣམས་ལ་སྦྲན་པར་བྱ་བ་སྟེ། གལ་ཏེ་ཆུ་ཧ་ཅང་ཚ་ཆེས་ཏེ་ཁྲུས་བྱར་མི་བཟོད་ན། དགེ་སློང་ཕྱི་མ་རྣམས་ལ་ཆུ་ཏེ་པོར་ཚའོ་ཞེས་སྦྲན་པར་བྱ་བའོ། །དེར་གྲང་མོས་བསྲེའོ་ཞེས་བྱ་བ་ནི། ཆུ་ཚ་བ་དེར་ཆུ་གྲང་མོས་བསྲེ་བ་འདྲེས་པར་བྱ་བ་སྟེ། ཆུ་ཚ་བའི་ནང་དུ་ཆུ་གྲང་མོས་བསླད་
པར་བྱ་བའོ། །ཆག་ཆག་གི་ཆུ་ལ་སོགས་པར་ཡང་ངོ་ཞེས་བྱ་བ་ལ། ཆག་ཆག་གི་ཆུ་གང་ལ་བཀྲུ་བཤལ་དང་། ཞལ་ཞལ་ལ་སོགས་པའི་སོགས་པ་ཡོད་པ་དེ་ནི་ཆག་ཆག་གི་ཆུ་ལ་སོགས་པ་སྟེ། ཆག་ཆག་གི་ཆུ་ལ་སོགས་པ་དེར་ཞེས་བྱ་བ་ཆག་ཆག་གི་ཆུ་ལ་སོགས་པའི་ཕྱིར། ཡང་ཆུ་ཚ་བ་དེར་
ཆུ་གྲང་མོས་བསྲེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་གང་དེར་ཡང་ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ་ཞེས་བྱ་བ་ལ། ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་ནི་ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་དག་གོ། །དེ་དག་གིས་སོ་སོར་བཀང་
བའི་གྱོ་མོ་དག་གཞག་པར་བྱ་སྟེ། ཁྲུས་ཁང་དེར་ཐལ་བ་ལ་སོགས་པས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉམས་དམས་པར་གྱུར་ན་ཁེའུ་སུས་བྱའོ་ཞེས་བྱ་བ་ནི། གལ་ཏེ་བསྲོ་གང་དུ་ཞུགས་པས་ལུས་ཀྱི་ཉམས་དམས་པ་ཉིད་དུ་གྱུར་ན་དེའི་ཚེ་ཁེའུ་སུས་
བཟའ་བར་བྱའོ། །བསྲོ་གང་དུ་འཇུག་པའི་དུས་ན་དགེ་སློང་རྣམས་ཆ་ལུགས་དང་བྲལ་བའི་ཕྱིར། ཀུན་དུ་རྒྱུ་ལ་སོགས་པ་གཞན་དག་ཤན་བསྲེ་བས་བསྲོ་གང་དུ་འཇུག་པའི་སྐབས་སྲིད་པའི་ཕྱིར། དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན། དེར་གཏོགས་པས་ངེས་
เล่ม ๑๖๒ · หน้า 46b
པར་ཤེས་པར་བྱ་བའི་ཕྱིར། དྲི་བར་བྱ་ཞིང་དེའི་ཆེད་དུ་མི་འཇུག་པར་བྱ་བའི་ཕྱིར། དགེ་སློང་སྒོ་བ་བསྐོའོ་ཞེས་བྱ་བ་སྨྲས་ཏེ། དེར་ཞེས་བྱ་བ་ནི་བསྲོ་ཁང་དུའོ། །ངོ་མི་ཤེས་པ་ཞིག་ཅེས་བྱ་བ་ནི་མ་ངེས་པ་ཞིག་གོ། །ཤན་བསྲེ་བས་ཞེས་བྱ་བ་ནི། ཁོ་བོ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་ཡིན་ནོ་
ཞེས་གསེབ་ཏུ་འཇུག་པས་སོ། །ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ནི། ཀུན་དུ་རྒྱུ་ལ་སོགས་པ་སྟ་གོན་དུ་གནས་པར་གྱུར་ནའོ། །དེར་གཏོགས་པས་ཞེས་བྱ་བ་ནི། བསྲོ་གང་ན་རྣམ་པར་གནས་པའི་དགེ་སློང་གིས་ཏེ། དེས་དྲི་བར་བྱའོ། །ཅི་ཞིག་གི་ཕྱིར་ཞེ་ན། ཇི་འདི་ཆོས་འདི་པའི་དགེ་སློང་ཞིག་
གམ། འོན་ཏེ་ཀུན་དུ་རྒྱུ་ལ་སོགས་པ་ཞིག་ཡིན་ཞེས་དེ་ལྟར་ཤེས་པར་བྱ་བ་ངེས་པར་བྱ་བའི་ཕྱིར་དྲི་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་བསྲོ་གང་དུ་མུ་སྟེགས་ཅན་འགའ་ཞིག་ཁོ་བོ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་ཡིན་ནོ་ཞེས་ཤན་བསྲེ་ཞིང་འཇུག་ན། དེའི་ཚེ་དགེ་སློང་བསྲོ་གང་དུ་ཞུགས་པས་ཁྱོད་སུ་
ཞིག་ཅེས་བྱ་བ་ལ་སོགས་པས་ངེས་པར་བྱ་བའི་ཕྱིར་དྲི་བར་བྱའོ། །ཞུགས་པའི་ཐབས་ཀྱི་ཆོ་ག་བསྟན་ནས། མ་ཞུགས་པའི་ཐབས་ཀྱི་ཆོ་ག་བརྗོད་པར་བྱ་བའི་ཕྱིར། དེའི་ཆེད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒོ་བ་བསྐོའོ་ཞེས་བྱ་བར་སྦྱར་རོ། །དེའི་ཆེད་དུ་ཞེས་བྱ་བ་ནི། ངོ་མི་ཤེས་པ་ཤན་བསྲེ་
བས་ཉེ་བར་གནས་པར་གྱུར་པ་དེ་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་བ་དང་། མི་འཇུག་པར་བྱ་བའི་ཕྱིར་རོ། །འདི་སྐད་བསྟན་ཏེ། བསྲོ་གང་དུ་སྒོ་བ་གཞག་པར་བྱ་ཞིང་། གལ་ཏེ་མུ་སྟེགས་ཅན་འགའ་ཞིག་འོང་ཞིང་འཇུག་པར་འདོད་ན་དེའི་ཚེ་སྒོ་བས་ངེས་པར་ཤེས་པར་བྱ་བའི་ཕྱིར་དང་། འདི་ནི་
བདག་ཅག་ལས་གང་ཡང་རུང་བ་མ་ཡིན་པས་མི་གཞུག་པའི་ཕྱིར་དེ་ལ་ཁྱོད་སུ་ཞིག་ཅེས་དྲི་བར་བྱའོ། །སྒོ་བ་ཇི་ལྟ་བུ་ཞིག་ཅེ་ན། དགེ་སློང་ཞེས་བྱ་བ་སྨྲས་ཏེ། བསྐོའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་སྨོས་པ་ནི་རབ་ཏུ་བྱུང་བའི་མཚོན་པ་ཡིན་པར་རིག་པར་བྱའོ། །སྒོ་བའི་དགོས་པ་གཞན་བསྟན་
པའི་ཕྱིར། དེར་མ་དད་པ་འཇུག་ཏུ་མི་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། བསྲོ་གང་དེར་ཁྱིམ་པ་མ་དད་པ་ནི་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་པ་མ་ཡིན་དུ་ཟིན་ཀྱང་འཇུག་ཏུ་མི་གཞུག་གོ། །འོ་ན་སུས་བྱི་དོར་གྱི་ལས་བྱ་ཞེ་ན། དེའི་ཕྱིར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ་
เล่ม ๑๖๒ · หน้า 47a
ཞེས་བྱ་བ་སྨྲས་ཏེ། བསྲོ་གང་དེར་བསྐུ་མཉེ་ལ་སོགས་པ་བྱི་དོར་གྱི་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ལྷན་ཅིག་གནས་པ་དང་ཉེ་གནས་པ་དག་གིས་བྱའོ། །ལུགས་གཞན་ལས་ནི་གཞོན་རབས་དག་གིས་ཤེས་སོ་ཞེས་བྱ་བ་ནི། སློབ་དཔོན་གྱི་ལུགས་གཞན་ལས་ནི་བསྲོ་
གང་དེར་བྱི་དོར་གྱི་ལས་གཞོན་རབས་དག་གིས་བྱའོ་ཞེས་འབྱུང་སྟེ། ཚིག་གཞན་མཐོང་བའི་ཕྱིར་རོ། །བྱི་དོར་གྱི་ལས་ཀྱི་ངོ་བོ་ཉིད་བསྟན་པའི་ཕྱིར་སྦར་བ་དང་ཟངས་དང་འབྲུ་མར་དང་སོ་ཤིང་དང་བ་ལང་གི་ལྕི་བ་དང་ས་དང་ཕྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་གཞག་པ་དང་། ཤིང་བརྟགས་པ་དང་། དྲིལ་
ཕྱི་དང་སྣུམ་གྱིས་བསྐུ་བ་དང་། བཀྲུ་བ་དང་། ཕྱགས་པ་དང་། ཕྱག་དར་དོར་བ་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། སྦར་བ་དང་། ཟངས་དང་། འབྲུ་མར་དང་། སོ་ཤིང་དང་བ་ལང་གི་ལྕི་བ་དང་། ས་དང་ཕྱེ་མ་དང་ཆུ་དང་། དེ་དག་ལ་སོགས་པ་གཞན་དག་གང་ཡིན་པ་དེ་དག་ནི་དེ་དག་ལ་སོགས་པ་སྟེ། དེ་དག་
ཉེ་བར་གཞག་པ་དེ་དང་ཤིང་བརྟགས་པ་དང་དྲིལ་ཕྱི་དང་། སྣུམ་གྱིས་བསྐུ་བ་དང་། བཀྲུ་བ་དང་། ཕྱགས་པ་དང་། ཕྱག་དར་དོར་བ་དང་། དེ་དག་ལ་སོགས་པ་གཞན་གང་དག་ཡིན་པ་དེ་དག་ནི་དེ་དག་ལ་སོགས་པ་སྟེ། དེ་ལྟ་བུའི་ཁྱད་པར་ཅན་གྱི་བྱི་དོར་གྱི་ལས་བྱ་བའོ། །སྦར་བ་ཞེས་བྱ་བ་ནི། ཤིང་ལ་སོགས་
པ་ལས་མེ་སྦར་བའོ། །དེ་དག་གི་ནི་གཅིག་གིས་གཅིག་ལའོ་ཞེས་བྱ་བ་ནི། ལྷན་ཅིག་གནས་པ་ལ་སོགས་པ་དེ་དག་གིས་བསྐུ་མཉེ་ལ་སོགས་པའི་བྱི་དོར་གྱི་ལས་ནི་གཅིག་གིས་གཅིག་ལ་བྱའོ། །མདོ་སྔ་མའི་སོགས་པའི་སྒྲ་གཉིས་ཀྱིས་གང་བསྡུས་པ་དེ་བསྟན་པའི་ཕྱིར། ཁྲིའུ་དང་ཉ་ཕྱིས་དག་ཀྱང་
གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། ཁྲིའུ་དང་ཉ་ཕྱིས་དེ་གཉིས་ཀྱང་གཙང་སྦྲ་ཉིད་དག་པ་ཉིད་དུ་བྱས་ནས་གནས་ཇི་ལྟ་བར་ཞེས་བྱ་བ་གང་གིས་གནས་གང་ཡིན་པ་དེའི་དེར་གཞག་པ་དགོད་པ་རིག་པར་བྱའོ། །དེ་ཡང་མཚོན་པ་ཡིན་ཏེ། འདི་ལྟར་མ་མོ་ལས་བསྲོ་གང་དེ་ན་
ཁྲིའུ་འམ། ཁྲུས་རས་སམ། གཞན་ཡང་བསྲོ་གང་གི་སྣོད་སྤྱད་གང་ཡོད་པ་དེ་ཡང་གཙང་སྦྲ་ལེགས་པར་བྱས་ཏེ། གནས་ཇི་ལྟ་བར་ཉེ་བར་དགོད་པར་བྱའོ་ཞེས་གསུངས་པ་ཡང་བསྡུ་བར་བྱའོ། །མཚུངས་པའི་ཕྱིར་གཞན་ལ་ཡང་འདྲ་བར་བསྟན་པའི་ཕྱིར། སྣོད་སྤྱད་ཐམས་ཅད་ལ་ཆོ་ག་དེ་བཞིན་ནོ་ཞེས་
เล่ม ๑๖๒ · หน้า 47b
བྱ་བ་སྨྲས་ཏེ། སྣོད་སྤྱད་བུམ་པ་དང་རས་ལ་སོགས་པ་ཐམས་ཅད་ལ་གཙང་སྦྲ་ལེགས་པར་བྱ་སྟེ། གནས་ཇི་ལྟ་བར་ཉེ་བར་དགོད་པར་བྱའོ་ཞེས་བྱ་བའི་ཆོ་ག་དེ་བཞིན་དུ་རིག་པར་བྱའོ། །བསྲོ་གང་གི་ཆོ་ག་འདིའི་ཞར་ལ་སྦྱར་བར་བྱ་བ་གཞན་ཡང་བསྟན་པའི་ཕྱིར། ཡོ་བྱད་ཐམས་ཅད་ལེགས་པར་
སྦ་བ་དང་བྱི་དོར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཡོ་བྱད་སྤྱད་ཐམས་ཅད་དབེན་པར་བཞག་པ་ལ་སོགས་པས་ལེགས་པར་སྦ་བར་བྱའོ། །བསྐམ་པ་དང་བཀྲུ་བ་ལ་སོགས་པ་བྱི་དོར་བྱའོ། །ཞར་ལ་བྱུང་བ་སྨྲས་ནས། ད་ནི་བསྲོ་གང་དུ་འཇུག་པ་ལ་སོགས་པའི་ཆོ་ག་ཉིད་བརྗོད་པར་བྱ་སྟེ། དེར་སྒྲ་བསྐྱུངས་
ཏེ་འཇུག་པར་བྱའོ་ཞེས་བྱ་བ་ནི་བསྲོ་གང་དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱ་བའོ། །མཛེས་པར་རོ་ཞེས་བྱ་བ་ནི། འོ་བཟེ་བར་འཇུག་པར་བྱ་བ་སྟེ། དེ་མཐོང་ན་དང་བ་སྐྱེ་བར་རོ། །མཛེས་པ་ཉིད་བསྟན་པའི་ཕྱིར། ལེགས་པར་བསྡམས་པ་དང་། སྤྱོད་ལམ་མཛེས་པ་དང་། ཤེས་བཞིན་དུའོ་ཞེས་བྱ་
བ་སྨྲས་ཏེ། ལེགས་པར་བསྡམས་པ་ཞེས་བྱ་བ་ནི། ལུས་དང་ངག་མ་གཡེངས་པར་རོ། །སྤྱོད་ལམ་མཛེས་པ་ཞེས་བྱ་བ་ནི། སྤྱོད་པའོ་བཟེ་བར་རོ། །ཤེས་བཞིན་དུའོ་ཞེས་བྱ་བ་ནི། སེམས་ཉེ་བར་ཞི་བར་རོ། །མདུན་དུ་འདུག་སྟེ། མེ་མི་འདེའོ་ཞེས་བྱ་བ་གཞན་མེ་འདེ་བའི་མདུན་དུ་འདུག་སྟེ་མེ་
མི་འདེ་བའོ། །འདི་སྐད་བསྟན་ཏེ། གཞན་མེ་འདེ་བ་རང་གི་ལུས་ཀྱིས་བསྒྲིབས་ཏེ། མེ་འདེའོ། །འདུ་འཛིའི་གཏམ་སྤང་ངོ་ཞེས་བྱ་བ་ནི། དེར་ཞེས་བྱ་བར་སྦྱར་ཏེ། དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་དེར་རོ། །འདུ་འཛིའི་གཏམ་ཞེས་བྱ་བ་ནི། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་གཏམ་སྟེ།
བསྲོ་གང་དེར་སྤང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། དེའི་ཕྱིར་འཕགས་པའི་མི་སྨྲ་བ་ཉིད་ལ་དམིགས་པས་སོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་རྣམས་ཀྱི་མི་སྨྲ་བ་ཉིད་ལ་དམིགས་པར་བྱའོ། །འདི་སྐད་བསྟན་ཏེ། འཕགས་པ་རྣམས་མི་སྨྲ་བ་ཉིད་གང་གིས་བཞུགས་པའི་མི་
སྨྲ་བ་ཉིད་དེ་ཁོ་ནས། བསྲོ་གང་དུ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་མངོན་དུ་བྱ་བའི་དངོས་པོ་ཡིན་པར་རིག་པར་བྱའོ། །མཇུག་ཏུ་རྒྱུད་ཆགས་གསུམ་པ་གདོན་ཏོ་ཞེས་བྱ་བ་ནི། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་དུས་ཀྱི་མཇུག་ཏུ་རྒྱུད་ཆགས་གསུམ་པ་གདོན་
เล่ม ๑๖๒ · หน้า 48a
པར་བྱ་བའོ། །གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ་ཞེས་བྱ་བ་ལ། གང་གི་ལུས་ལ་གོས་གཅིག་གྱོན་པ་དེ་ནི་གོས་གཅིག་པ་སྟེ། དེས་བྱི་དོར་གྱི་ལས་མི་བྱའོ། །བྱི་དོར་གྱི་ལས་ཐམས་ཅད་ལ་ཡིན་གྱི། ལུས་སུ་གཏོགས་པ་འབའ་ཞིག་ལ་ནི་མ་ཡིན་པ་དང་། གནས་
ཐམས་ཅད་དུ་ཡིན་གྱི་བསྲོ་གང་འབའ་ཞིག་ཏུ་ནི་མ་ཡིན་ནོ། །ལུས་ཀྱི་དེ་མ་དད་པ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། ལུས་ཀྱི་བྱི་དོར་གྱི་ལས་དེ་མ་དད་པར་བྱེད་དུ་མི་གཞུག་པའོ། །ཁུར་ཁྱེར་དུ་གཞུག་པ་ལ་སོགས་པ་ནི་མི་དགག་སྟེ། དེ་ཡང་ཡུལ་ཐམས་ཅད་དུ་ཡིན་གྱི། བསྲོ་གང་འབའ་ཞིག་ཏུ་
ནི་མ་ཡིན་ནོ། །དེར་མ་དད་པ་འཇུག་པ་བཀག་པས་འདིར་མ་དད་པའི་སྒྲ་ཡང་དང་ཡང་དུ་གྲག་པ་དེའི་མཚན་ཉིད་གང་ཡིན་ཞེ་ན། དེའི་ཕྱིར། འདི་དང་གོང་མ་ལ་ཡང་བརྟན་པ་ནི་དད་པ་ཅན་དུ་འདོད་དོ་ཞེས་བྱ་བ་སྨྲས་ཏེ། བྱི་དོར་གྱི་ལས་ཀྱི་ཆོ་ག་འདི་དང་གོང་མ་ལ་ཡང་མི་བརྟན་པ་ནི་རེ་ཞིག་པ་ཡིན་
ལ། བརྟན་པ་ནི་དུས་ཡུན་རིང་བ་མི་གཡོ་བ་སྟེ། དད་པ་ཅན་ཡིན་ནོ། །འདོད་དོ་ཞེས་བྱ་བ་ནི། དེ་ལྟར་བསམས་པ་སྟེ། འདིར་མ་དད་པ་དེར་མི་གཞུག་གོ། །འདི་སྐད་བསྟན་ཏེ། གང་གི་དད་པ་མི་གཡོ་བ་ཅུང་ཟད་ཙམ་གྱིས་ཀྱང་། མི་འཁྲུལ་པ་དེ་འདིར་དད་པ་ཅན་དུ་གཟུང་བར་བྱའོ། །ཁ་
ཅིག་སྡིག་པ་བྱེད་པ་ངོ་ཚ་མེད་པ་ཐར་པའི་ལམ་ཡོངས་སུ་གཏང་བ་ཚུལ་ཁྲིམས་འཆལ་ཀྱང་མཁས་པར་མངོན་པའི་ང་རྒྱལ་དང་ལྡན་ཞིང་རྒན་པའི་མངོན་པའི་ང་རྒྱལ་དང་ལྡན་པ་དེ་དག་ཚུལ་ཁྲིམས་དང་ལྡན་པ་དག་ལས་བསྙེན་བཀུར་བདག་གིར་བྱེད་པ་དེ་དག་དགག་པའི་ཕྱིར། སེང་གེ་ལྟ་བུས་ཝ་ལྟ་བུ་
ལ་བསྙེན་བཀུར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སེང་གེ་ལྟ་བུ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་སྟེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པ་དག་གིས་མི་ཐུབ་པའི་ཕྱིར་རོ། །ཝ་ལྟ་བུ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་སྟེ་ཁྱི་ལྟ་བུའི་ཉོན་མོངས་པ་དག་གིས་ཕམ་པར་བྱས་པའི་ཕྱིར་ཏེ། དེ་ལ་སྔ་མས་བསྙེན་
བཀུར་མི་བྱའོ། །དེ་ནི་ཐམས་ཅད་དུ་གཏོགས་པ་ཡིན་ནོ། །ཐམས་ཅད་ལ་བཀག་པར་ཐལ་བ་ལ། ལ་ལ་ལ་བྱ་བ་བརྩམ་པའི་ཕྱིར་སློབ་དཔོན་དང་མཁན་པོ་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལ་ཡང་བསྙེན་བཀུར་བྱའོ་ཞེས་བྱ་བ་སྨྲས་ཏེ། མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་ནི། ཕམ་པར་གྱུར་
เล่ม ๑๖๒ · หน้า 48b
པ་ཐམས་ཅད་ཀྱི་ལྟུང་བ་བྱུང་བའམ། ལྟུང་བ་སྡེ་ལྔ་ཆར་གྱི་ལྟུང་བ་བྱུང་བའོ། །སློབ་དཔོན་དང་མཁན་པོ་ནི་གལ་ཏེ་མཆོག་ཏུ་ཚུལ་ཁྲིམས་འཆལ་པར་གྱུར་ཀྱང་སློབ་མ་དང་ཉེ་གནས་ཚུལ་ཁྲིམས་དང་ལྡན་པས། བསྙེན་བཀུར་བྱ་སྟེ། གཡོག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ནི་བསྟན་པ་ལ་འཇུག་
པའི་སྒོར་གྱུར་པ་ཡིན་པའི་ཕྱིར་དང་། སྡོམ་པ་སྐྱེ་བ་དང་། ལེགས་པར་བསྲུང་བ་དང་། ཆོས་ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཡང་ཕྱིར་རོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་ཞེས་བྱ་བ་ནི། ཕ་མ་དང་ནད་པ་དེ་དག་ནི་ཁྱིམ་པ་ཡིན་ན་ཡང་བསྙེན་བཀུར་བྱ་བ་སྟེ། གཡོག་བྱའོ་ཞེས་བྱ་བའི་ཐ་ཚིག་
གོ། །ཡང་ངོ་ཞེས་བྱ་བའི་སྒྲ་ལས་ནི་རབ་ཏུ་བྱུང་བ་ཡིན་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །ཕ་མ་ནི་ཕན་འདོགས་པའི་ཞིང་ཡིན་པའི་ཕྱིར་དང་། ནད་པ་ནི་སྙིང་རྗེའི་ཞིང་ཡིན་པའི་ཕྱིར་ཏེ། དཀོན་མཆོག་གསུམ་པས་ཀྱང་བསྙེན་བཀུར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཁྲུས་ཀྱི་ཞར་ལ་ལེགས་
པར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ་ཞེས་བྱ་བ་འདི་བརྗོད་དེ། ལེགས་པར་སྦྱར་བའི་ཁྲུས་ཀྱིས་ནི་ནད་དང་ནད་པ་མ་ཡིན་པ་ཡང་བཀྲུའོ་ཞེས་གསུངས་ཏེ། མདོ་འདི་ནི་ཐམས་ཅད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་བསྟན་པའི་ཕྱིར་རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་། ལོ་མ་དང་། མེ་
ཏོག་དང་། འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་དེའི་མིང་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རླུང་འདྲེན་པ་དག་སྟེ། རྩ་བ་ལ་སོགས་པ་རླུང་འདྲེན་པ་དེ་དག་བསྐོལ་བ་དེས་ཁྲུས་བྱ་བ་ནི། དེའི་མིང་ཡིན་ཏེ། ལེགས་པར་སྦྱར་བའི་ཁྲུས་ཞེས་བྱའོ། །
ཅི་དེ་འབའ་ཞིག་ཁོ་ནས་བཀྲུ་འམ་ཞེ་ན་དེའི་ཕྱིར། བསྐུ་མཉེ་བྱས་ཏེ་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འབྲུ་མར་ལ་སོགས་པས་བསྐུ་མཉེ་བྱས་ནས་ཕྱིས་བཀྲུ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །མི་རྩུབ་པ་ཉིད་དང་ཇི་ལྟར་དབྲལ་བར་བྱ་ཞེ་ན། དེའི་ཕྱིར་དེ་དང་དབྲལ་
བའི་ཕྱིར་ཁྲུས་ཆལ་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། མི་རྩུབ་པ་ཉིད་ཀྱི་ཕྱིར་བསྐུ་མཉེ་བྱས་པ་དེ་དང་དབྲལ་བའི་ཕྱིར་སྲན་ཆུང་གི་ཕྱེ་ལ་སོགས་པ་ཁྲུས་ཆལ་གྱིས་ལུས་བསྐུས་ཏེ་ཁྲུས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཁྲུས་ཆལ་གྱིས་ལུས་བསྐུས་ནའོ་ན་དེ་ཉིད་རྩུབ་པ་ཉིད་དུ་མི་འགྱུར་རམ་ཞེ་ན། དེའི་ཕྱིར་
เล่ม ๑๖๒ · หน้า 49a
སྔ་མའི་ཆེད་དུ་ཆུའི་བུམ་པ་ཕྱི་མར་སྣུམ་ཐིགས་པ་གཉིས་སམ་གསུམ་བླུགས་སོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་མི་རྩུབ་པ་ཉིད་ཀྱི་ཕྱིར་དུ་ཕྱིས་ལྡུགས་པའི་ཆུའི་བུམ་པ་ཕྱི་མར་སྣུམ་ཐིགས་པ་གཉིས་སམ་གསུམ་དག་བླུགས་སོ་ཞེས་བསྟན་ཏོ། །མ་བརྟགས་པ་ཉིད་མ་ཡིན་པར་བསྟན་
པའི་ཕྱིར། ལྕགས་ཀྱི་གཞོང་རིངས་སུ་ཁྲུས་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྕགས་ཀྱི་གཞོང་རིངས་ཞེས་བྱ་བ་ནི་གྲུ་ཆུང་ངུའི་རྣམ་པ་འདྲ་བ་ཡིན་ཏེ། དེར་ཁྲུས་བྱའོ། །ཁྲུས་བཞིན་དུ་ཐམས་ཅད་ཀྱིས་བཅང་བར་ཐལ་བར་མི་འགྱུར་བར་བྱ་བའི་ཕྱིར། དེ་ནི་ནད་པས་བཅང་བར་བྱ་བ་ཞེས་བྱ་བ་འདི་བརྗོད་
དེ། ལྕགས་ཀྱི་གཞོང་རིངས་དེ་ནི་ནད་པ་འབའ་ཞིག་གིས་བཅང་བར་བྱའི་གཞན་གྱིས་ནི་མ་ཡིན་ནོ། །དེའི་སྟེང་དུ་ཁ་གབ་གཞུག་གོ་ཞེས་བྱ་བ་ནི། ལྕགས་ཀྱི་གཞོང་རིངས་དེའི་སྟེང་དུ་ཁ་གབ་གཞུག་སྟེ། ཆུ་དྲོན་མོ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །དེ་གཉའ་བར་སྔས་ནང་ཚངས་ཅན་
གཞུག་གོ་ཞེས་བྱ་བ་ནི། ལྕགས་ཀྱི་གཞོང་རིངས་དེར་གཉའ་བའི་ཕྱོགས་སུ་སྔས་ནང་ཚངས་ཅན་གཞུག་གོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ཡུན་རིང་དུ་གནས་པས་གཉའ་བ་ན་བར་མི་འགྱུར་རོ། །ཁྲུས་བྱས་ནས་ཕྱིས་རྐང་པ་གཉིས་བཀྲུ་བར་བྱ་སྟེ། དེའི་ཕྱིར་གར་བབ་བབ་ཏུ་རྐང་པ་མི་བཀྲུའོ་ཞེས་བྱ་
བ་སྨྲས་ཏེ། ཁྱམས་ལ་སོགས་པ་གར་བབ་བབ་ཏུ་རྐང་པ་གཉིས་མི་བཀྲུའོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་གཙུག་ལག་ཁང་གི་དབང་དུ་བྱས་པ་ཡིན་ནོ། །འོ་ན་གང་དུ་ཞེ་ན། དེའི་ཕྱིར་དེའི་གནས་ནི་ཝ་ཁར་རོ་ཞེས་བྱ་བ་སྨྲས་ཏེ། རྐང་པ་བཀྲུ་བ་དེའི་གནས་ནི་ཝ་ཁ་ཡིན་པར་རིག་པར་བྱའོ། །འདིར་
གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཝ་ཁར་བཀྲུའོ་ཞེས་གསུངས་པ་ཡིན་ནོ། །རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་བྱ་བ་ལ། བྱའོ་ཞེས་བྱ་བའི་བྱེད་པའི་ཚིག་དང་པོར་སྦྱར་བ་ནི་འདོད་པས་སྤྱོད་པ་ཡིན་པར་བསྟན་པའི་ཕྱིར་རོ། །རྐང་ཁྲུས་ཀྱི་གཞི་ཞེས་བྱ་བ་ནི། རྐང་པ་བཀྲུ་བའི་གནས་ཞེས་
བྱའོ། །དེ་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་ཏེ། དགེ་འདུན་གྱི་ཕྱོགས་སུ་བྱ་བའི་ཆོ་ག་ཡིན་པའི་ཕྱིར་རོ། །ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་གི་སྟེང་གི་ཤར་ལྷོ་མཚམས་སུའོ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་གི་སྟེང་ཞེས་བྱ་བ་ནི་ཁང་ཐོག་གོ། །གཙུག་ལག་ཁང་གི་སྒོ་ལ་
เล่ม ๑๖๒ · หน้า 49b
བརྟེན་ནས་ཤར་དང་ལྷོའི་ཕྱོགས་ཀྱི་བར་གྲྭའི་མཚམས་སུ་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རུས་སྦལ་གྱི་རྣམ་པ་འདྲ་བ་རྩུབ་པར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་རྣམ་པར་རུ་སྦལ་གྱི་རྒྱབ་འདྲ་བ་དེ་ནི་རུ་སྦལ་གྱི་རྣམ་པ་འདྲ་བ་སྟེ་དེ་ལྟར་རོ། །རྩུབ་པར་རོ་
ཞེས་བྱ་བ་ནི་རུད་རུད་པོར་ཏེ། དེ་ལྟར་བྱེད་དུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར། ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ཟངས་ཞེས་བྱ་བ་ནི་རྐང་ལག་བཀྲུ་བའི་སྣོད་དོ། །ཅི་ལས་བྱས་པ་ཞེ་ན། དེའི་ཕྱིར་ས་ལས་བྱས་
པ་ཞེས་བྱ་བ་སྨྲས་ཏེ། གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཆོལ་ཟངས་དག་བཞག་པར་མི་བྱའི་ས་ལས་བྱས་པ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱ་ཆེར་འགྲེལ་པ་བྱེད་པ་ལ་ལ་འདི་སྐད་ཅེས་ས་ལས་བྱས་
པ་ཞེས་གཉིས་པ་སྨོས་པ་ལས་ན། ཟངས་ལས་བྱས་པ་ལ་སོགས་པ་ཡང་བཀག་པར་ཤེས་སོ་ཞེས་ཟེར་ཏེ། དེ་ལྟ་ཡིན་ན་ཤིང་ལ་སོགས་པ་ཡང་བཀག་པར་ཐལ་བར་འགྱུར་རོ། །ས་ལས་བྱས་པ་ཞེས་གཉིས་པ་སྨོས་པ་ལས་ནི་དེ་ལྟར་མི་འགྱུར་ཏེ། ས་ལས་བྱས་པ་ཁོ་ནའོ་ཞེས་དམིགས་ཀྱིས་
བསལ་བ་དང་བཅས་པར་བྱས་པའི་རིགས་སོ། །གསེར་ལ་སོགས་པ་ནི་བཀག་པར་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་གཙོ་བོ་གསེར་ལ་སོགས་པ་བཀག་པའི་ཚིག་གིས་ནི་ཟངས་ལས་བྱས་པ་ལ་སོགས་པ་ནི་བྱ་བར་ཤེས་པ་ཡིན་ནོ། །དབྱིབས་ཇི་ལྟར་ཞེ་ན། དེའི་ཕྱིར། ཞབས་གླང་པོ་ཆེའི་རྨིག་མཐིལ་
འདྲ་བ་སྙིང་པོ་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ཟངས་གང་གི་ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་དེ་ནི། ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བའོ། །དེ་ལྟར་བྱེད་དུ་གཞུག་གོ་ཞེས་བྱ་བར་སྦྱར་ཏེ། མི་ལྡེག་པར་གནས་པར་བྱ་བའི་ཕྱིར་རོ། །ཞབས་ཞེས་བྱ་བ་ནི་འོག་གི་མཐིལ་ལོ། །སྙིང་པོ་ཅན་
ཞེས་བྱ་བ་ནི། ཆོལ་ཟངས་གང་ལ་སྙིང་པོ་ཡོད་པ་དེ་ནི་སྙིང་པོ་ཅན་ཏེ། དབྱིབས་དེ་ལྟ་བུ་དང་ལྡན་པ་དེ་བྱེད་དུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །སྙིང་པོ་ཅན་ཞེས་སྨྲས་ན། དེ་ཕྱོགས་གང་ན་ཡོད་པའི་སྙིང་པོ་དང་ལྡན་པ་མི་ཤེས་པས་དེའི་ཕྱིར། དབུས་ན་ཡོད་པ་ཀ་དམ་པའི་མེ་ཏོག་འདྲ་ལ་རྩུབ་པ་
เล่ม ๑๖๒ · หน้า 50a
དང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དབུས་ཀྱི་ཕྱོགས་ན་ཡོད་པའི་སྙིང་པོ་དང་ལྡན་པར་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར། ཀ་དམ་པའི་མེ་ཏོག་འདྲ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤིང་གདམ་པའི་མེ་ཏོག་ལྟར་དབྱིབས་ལྕོག་
ལྕོག་པོར་འདུག་ལ། རྩུབ་པ་རུད་རུད་པ་དང་ལྡན་པའི་ཆོལ་ཟངས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་བཀྲུས་ནས་ཁ་བུབ་ཏུ་གཞག་གོ་ཞེས་བྱ་བ་སྨྲས་ཏེ། ཆོལ་ཟངས་ཁས་བུབ་ཏུ་གཞག་གོ། །ཇི་ལྟར་བྱས་ནས་ཤེ་ན། བཀྲུས་ནས་ཏེ་ཆུ་གཞན་
གྱིས་བཀྲུའི་རྐང་པ་བཀྲུས་པའི་ཆུས་ནི་མ་ཡིན་ནོ། །འདིར་གཞུང་ནི་རྐང་པ་གཉིས་བཀྲུས་ནས་རྐང་པ་བཀྲུས་པའི་ཆུ་གཙུག་ལག་ཁང་གི་ཕྱི་རོལ་ལམ་ཝ་ཁར་འབོར་བཅུག་སྟེ། ཡང་འཁྲུར་བཅུག་ནས་སོ་ཞེས་གསུངས་པ་ཡིན་ནོ། །གང་དུ་གཞག་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ནི་ཁང་ཐོག་
དུའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་ཆོལ་ཟངས་ནི་ཁང་ཐོག་ཁང་པའི་སྟེང་དུ་གཞག་གོ། །གང་ཟག་གི་ནི་གནས་ཁང་དུ་སྒོ་གླེགས་ཀྱི་ཕག་ཏུའོ་ཞེས་བྱ་བ་སྨྲས་ཏེ། གནས་ཁང་དེར་སྒོ་གླེགས་ཀྱི་ཕག་ཏུའོ་ཞེས་བྱ་བ་ནི། གང་ཟག་གི་ཆོལ་ཟངས་ནི་སྒོ་གླེགས་དང་རྩིག་པའི་བར་དེར་
གཞག་པར་བྱའོ། །གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་ལ་སོགས་པ་བྱས་པ་དེར་ཆུས་བྱུག་གོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟད་ཀྱི་བྱི་དོར་ལ་སོགས་པ་བྱེད་པའི་ཕྱོགས་དེ་ཆུས་བྱུག་གོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། ཚོན་གྱི་ལས་ལ་སོགས་པ་བསྡུས་
ཏེ། དེའི་ཕྱོགས་ཆུས་བྱུག་གོ། །ཡང་ན་བསྐུའོ་ཞེས་བྱ་བ་ལ་བསྐུ་བ་རྣམ་པ་ཇི་ལྟ་བུར་བྱ་ཞེ་ན། དེའི་ཕྱིར། མདུང་རྩེའི་རྣམ་པ་ལྟ་བུའམ་རྫ་རྔའི་རྣམ་པ་ལྟ་བུར་རོ་ཞེས་བྱ་བ་སྨྲས་ཏེ། དབྱིབས་དེ་འདྲ་བར་བསྐུ་བའོ། །བསྐུ་བ་བསྟན་ན་ཇི་ཞིག་གིས་བསྐུ་ཞེ་ན། དེའི་ཕྱིར་བ་ལང་གི་ལྕི་བའམ་འཇིམ་པས་སོ་
ཞེས་བྱ་བ་སྨྲས་སོ། །ཐམས་ཅད་དུ་ཡང་རྣམ་པ་དེ་ལྟར་ངེས་པར་འགྱུར་རམ་ཞེ་ན། དེའི་ཕྱིར་དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་ལ་ནི་རྣམ་པ་ངེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་གང་ཡིན་པའི་བསྐུ་བ་དེ་ལ་ནི་དབྱིབས་ངེས་པ་མེད་དོ། །དཀོན་མཆོག་དག་གི་ཆེད་དུ་བསྐུ་བ་གང་ཡིན་པ་དེ་ནི་དཀོན་
เล่ม ๑๖๒ · หน้า 50b
མཆོག་གི་དོན་ཏོ། །དེའི་དངོས་པོ་ནི་དཀོན་མཆོག་གི་དོན་ཉིད་དེ། དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་དེ་ལ་ནི་དབྱིབས་ངེས་པ་མེད་དོ། །རབ་ཏུ་བྱུང་བའི་གཞིའི་ཞར་ལ། ལྷུང་བཟེད་མེད་པ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་མེད་པར་དགེ་ཚུལ་གྱི་མཁན་པོ་དང་སློབ་དཔོན་
དང་། ཞུ་བའི་དགེ་སློང་དག་གིས་རབ་ཏུ་དབྱུང་བར་མི་བྱ་སྟེ། དེ་ལྟ་བས་ན་མཁན་པོ་ལ་སོགས་པ་དེ་དག་བསྡུ་བའི་ཕྱིར་མང་པོའི་ཚིག་ཏུ་བྱའོ། །རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་འགྱུར་བའི་དགེ་སློང་དག་གིས་སོ། །ཆུང་ངུ་དང་ཆེན་པོ་དང་སྐྱབས་ཀྱང་མི་བྱའོ་ཞེས་བྱ་བ་ནི། ལྷུང་
བཟེད་ཆུང་ངུ་དང་ཆེན་པོ་དང་སྐྱབས་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བའོ། །ཆུང་ངུ་དང་ཆེན་པོས་མི་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པས། དེའི་ཕྱིར་ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ངེས་པར་ཤེས་པར་བྱ་བའི་ཕྱིར། ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་ལྷག་
པར་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཅུང་གང་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལྷག་པ་ནས་དོའི་བར་དེ་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་ཀྱི་སྨད་ཀྱི་ཆ་ལྷག་མར་འབྲས་ཐུག་པོ་ཆེ་བྲེའུ་ཆུང་གང་བཙོས་པ་ཤོང་ཞིང་ཆུད་པའི་ལྷུང་བཟེད་གང་ཡིན་པ་དེ་ནི་རིགས་པ་ཡིན་ནོ་ཞེས་བྱ་
བར་སྦྱར་རོ། །གང་གི་ལྷག་མར་ཞེ་ན། ཁའི་ཆའི་མཐའ་ཁོ་ན་ནས་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཁ་ཡང་ཡིན་ལ། ཆ་ཡང་ཡིན་པས་ཁའི་ཆའོ། །ཁའི་ཆའི་མཐའ་ནི་མཆུ་སྟེ། མུ་ཞེས་བྱ་བ་ཡིན་ནོ། །ཁའི་ཆའི་མཐའ་དེ་ཁོ་ན་ནི་ཁའི་ཆའི་མཐའ་ཁོ་ནའོ། །ཁའི་ཆའི་མཐའ་ཁོ་ན་དེ་ནས་ཚད་ཇི་ཙམ་གྱིས་
ཞེ་ན། དེའི་ཕྱིར་མཐེ་བོའི་ལྟོ་གང་གི་ཞེས་བྱ་བ་སྨྲས་ཏེ། མཐེ་བོའི་ལྟོ་ནི་མཐེ་བོའི་ལྟོ་སྟེ། མཐེ་བོའི་ཚིགས་ཀྱི་ཕྱོགས་གཅིག་ནས་བརྩམས་ཏེ། ཚིགས་ཀྱི་ཕྱོགས་གཅིག་གི་བར་ནི་མཐེ་བོའི་ལྟོ་ཞེས་བྱའོ། །གང་གི་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོའི་ཚད་དེ་ཉིད་ཡོད་པ་དེ་ནི་མཐེ་བོའི་ལྟོ་གང་ངོ་། །ཁའི་
ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་བཞག་པ་དེའི་ལྷག་མ་སྨད་ཀྱི་ཆ་གང་ཡིན་པའི་སྨད་ཀྱི་ལྷག་མ་དེར་ཤོང་བའི་ལྷུང་བཟེད་གང་ཡིན་པའོ། །ཅི་ཞིག་ཤོང་ཞེ་ན། དེའི་ཕྱིར་འབྲས་ཐུག་པོ་ཆེ་མ་གདྷཱའི་བྲེའུ་ཆུང་གང་བཙོས་པ་ཞེས་བྱ་བ་སྨྲས་ཏེ། འབྲས་ཐུག་པོ་ཆེ་མ་གདྷཱའི་བྲེའུ་ཆུང་གང་བཙོས་པ་ནི་འབྲས་ཐུག་
เล่ม ๑๖๒ · หน้า 51a
པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་གང་བཙོས་པ་སྟེ། དེ་ཤོང་བའོ། །ཅི་དེ་འབའ་ཞིག་གམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར། སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཚོད་མ་དག་མང་བ་ཡིན་མོད་ཀྱི། འོན་ཀྱང་ཚོད་མ་ཇི་ཙམ་གྱིས་འབྲས་ཆན་སྦགས་ནུས་
པ་དེའི་ཚད་ཁོ་ནའི་ཚོད་མ་འདིར་གཟུང་གི། ལྷག་པ་ནི་མ་ཡིན་ཏེ། དེ་ནི་ལྷུང་བཟེད་ཆུང་ངུའི་ཚད་ཡིན་ནོ། །འབྲིང་དང་ཆེན་པོའི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ལྷག་པ་ནས་དོའི་བར་དེ་ཤོང་ཞེས་བྱ་བ་སྨྲས་ཏེ། འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་གང་བཙོས་པ་ལས་ལྷག་པ་ནས་བྲེའུ་ཆུང་དོར་མ་ཆོག་
པའི་བར་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཤོང་ཞིང་དེ་ཆུད་པ་ནི་ལྷུང་བཟེད་འབྲིང་པོའི་ཚད་ཡིན་ནོ། །འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་བཟའ་བ་དང་རྗེས་སུ་མཐུན་པ་དེ་ཤོང་ཞིང་ཆུད་པའི་ལྷུང་བཟེད་གང་ཡིན་པ་དེ་ནི་ལྷུང་བཟེད་ཆེན་པོའི་ཚད་
ཡིན་ནོ། །ལྷུང་བཟེད་གསུམ་པོ་དེ་ནི་རིགས་པ་ཡིན་ཏེ། རིགས་པ་ལས་མ་འདས་པ་ནི་རིགས་པ་སྟེ་བྱིན་གྱིས་བརླབ་ཏུ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་མ་ག་དྷཱའི་བྲེའུ་ཆུང་ཞེས་བྱ་བའི་སྒྲས་ནི། འབྲས་ཐུག་པོ་ཆེ་སྐམ་པོ་ཡུལ་དབུས་ཀྱི་སྲང་བཅུ་དྲུག་བརྗོད་པར་རིག་པར་བྱའོ། །དགེ་སློང་
རྣམས་ཀྱི་ལྷུང་བཟེད་ཀྱི་ཚད་བསྟན་ནས་དགེ་སློང་མ་རྣམས་ཀྱི་བརྗོད་པའི་ཕྱིར། དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཆུང་ངུ་གང་ཡིན་པ་དེ་ལས་ལྷག་པའི་ལྷུང་བཟེད་མི་བཅང་ངོ་། །འདི་སྐད་བསྟན་ཏེ། དགེ་སློང་རྣམས་ཀྱི་
ལྷུང་བཟེད་ཆུང་ངུ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ཀྱི་ཆེན་པོ་ཡིན་ཏེ། དེ་ལས་ལྷག་པ་བཅང་བར་མི་བྱའོ། །དེ་དག་གི་ལྷུང་བཟེད་ཆུང་ངུ་ནི་འབྲས་ཐུག་པོ་ཆེ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །འབྲིང་ནི་དེ་གཉིས་ཀྱི་བར་གྱི་མཚམས་ཡིན་པར་དོན་གྱིས་
ཁོང་དུ་ཆུད་པར་བྱའོ།། །།བམ་པོ་ལྔ་པ། ལྷུང་བཟེད་ཀྱི་གཞི་བརྗོད་པར་འདོད་ནས། དེས་དེའི་གཞིར་ཞ་ཉེའི་དབྱར་འདབ་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ཞེས་བྱ་བ་ནི་དགེ་སློང་མས་སོ། །དེའི་ཞེས་བྱ་བ་ནི་ལྷུང་བཟེད་ཀྱིའོ། །གཞིར་ཞེས་བྱ་བ་ནི་སའི་ཕྱོགས་གང་
เล่ม ๑๖๒ · หน้า 51b
དུ་ལྷུང་བཟེད་བཞག་པའི་འོག་གཞི་གང་ཡིན་པ་དེ་ནི་གཞིའོ། །དེར་ཞ་ཉེའི་དབྱར་འདབ་གཞག་པར་བྱ་སྟེ། དེར་ཞ་ཉེའི་དབྱར་འདབ་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར། བྱང་ཆུབ་དང་པ་ཊའི་ལོ་མའམ་ལག་མཐིལ་གྱི་ལྟ་བུར་རོ་ཞེས་བྱ་བ་སྨྲས་ཏེ། བྱང་ཆུབ་ཀྱི་
ཤིང་དང་ཤིང་པ་ཊའི་ལོ་མ་གང་ཡིན་པ་དེའི་དབྱིབས་ལྟ་བུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ལག་མཐིལ་གྱི་དབྱིབས་ཅི་འདྲ་བ་དེ་ལྟ་བུ་དེར་གཞུག་གོ་ཞེས་བྱ་བར་སྦྱར་རོ། །ཚད་ཤེས་པར་བྱ་བའི་ཕྱིར། ཚད་ལས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཀྱང་ངོ་ཞེས་བྱ་བ་ནི། མདོ་སྔ་མ་དྲང་བའི་དོན་ཏོ། །དེ་ལྟར་ན་
འདི་ཚིག་གི་དོན་འདི་འབྱུང་སྟེ། བྱང་ཆུབ་ཀྱི་ཤིང་དང་། ཤིང་པ་ཊའི་ལོ་མ་ཚད་གང་ཡིན་པ་དང་། ལག་མཐིལ་གྱི་ཚད་གང་ཡིན་པ་དེའི་ཚད་ཙམ་དུ་ཞ་ཉེའི་དབྱར་འདབ་ཀྱི་ཚད་ཀྱང་རིག་པར་བྱའོ། །བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི། ལྷུང་བཟེད་བརྙན་པོས་ཀྱང་དེ་ཉིད་དང་བཅས་
པ་ཡིན་ཏེ། ལྷུང་བཟེད་ཉིད་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དབྱར་དག་ཀྱང་བརྙན་པོས་ལྷུང་བཟེད་དང་བཅས་པ་ཉིད་ཡིན་ན། མཚུངས་པས་འདྲ་བར་བསྟན་པའི་ཕྱིར། །ལྔ་པོ་དག་དེ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྔ་པོ་ཡང་ཞེས་བྱ་བ་ནི། ཆོས་གོས་གསུམ་དང་སྟན་དང་ཆུ་ཚགས་
སོ། །ཇི་ལྟར་ལྷུང་བཟེད་བརྙན་པོས་དེ་ཉིད་དང་བཅས་པ་ཡིན་པ་བཞིན་དུ་ལྔ་པོ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དེ་ལྟ་བས་ན་ཡོ་བྱད་དྲུག་པོ་བརྙས་པ་དག་གིས་ཀྱང་རབ་ཏུ་དབྱུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ངོ་ཞེས་བྱ་བ་ལ། གང་
ལ་ལྷུང་བཟེད་མེད་པ་དེ་ནི་ལྷུང་བཟེད་མེད་པ་སྟེ། དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ་ཞེས་བྱ་བ་
ལ་འཇིགས་པ་དང་བཅས་པར་འགྲོ་བ་ནི་འཇིགས་པ་དང་བཅས་པའི་ལམ་མོ། །དེའི་དངོས་པོ་ནི་འཇིགས་པ་དང་བཅས་པ་ཉིད་དོ། །འཇིགས་པ་དང་བཅས་པ་ཉིད་དུ་གྱུར་ན། ལྷུང་བཟེད་ཆུང་ངུ་ཐོགས་ཏེ་འགྲོ་བར་བྱའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
เล่ม ๑๖๒ · หน้า 52a
གིས་ལྷུང་བཟེད་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །མ་བྱིན་པར་ལེན་པ་དག་གིས་བཅོམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཆུང་ངུ་བསྐུར་བར་བྱ་ཞིང་། ལྷུང་བཟེད་གཞག་པར་བྱ་བའོ། །དབྱར་དག་ལྷུང་བཟེད་ཉེ་བར་བཞག་པར་བྱའོ་
ཞེས་གསུངས་པ་ཡིན་ནོ། །མེད་ན་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་མེད་ནའོ། །འདི་སྐད་བསྟན་ཏེ། ལྷུང་བཟེད་མེད་ན་རབ་ཏུ་དབྱུང་བར་བྱའོ། །རྫོགས་པར་བསྙེན་པར་མི་བྱའོ། །འགྲེང་བཞིན་དུ་ལྷུང་བཟེད་དབྱུང་བ་དང་གཞུག་པ་དང་བསྐམ་པར་མི་བྱའོ་ཞེས་བྱ་བ་ནི། འགྲེང་བཞིན་
དུ་ལྷུང་བཟེད་ཀྱི་སྣོད་ནས་ལྷུང་བཟེད་དབྱུང་བར་མི་བྱ་དེར་གཞུག་པར་ཡང་མི་བྱ་ཞིང་། འགྲེང་བཞིན་དུ་ལྷུང་བཟེད་བསྐམ་པར་ཡང་མི་བྱ་བ་སྟེ། དེ་ནི་ལྷུང་བཟེད་ལྟུང་བ་སྤང་བའི་ཕྱིར་རོ། །རན་པར་སྤྱད་པར་བྱའོ་ཞེས་བྱ་བ་ལ། རན་པར་ཞེས་བྱ་བ་ནི། འོས་པར་ཏེ་དེས་ལྷུང་བཟེད་སྤྱད་པར་བྱའོ། །
རན་པར་སྤྱད་པ་བསྟན་པའི་ཕྱིར། གཞན་གྱིས་སྤང་བ་དེར་མི་བླུགས་སོ་ཞེས་བྱ་བ་སྨྲས་ཏེ། སྣོད་ལ་སོགས་པ་གཞན་གྱིས་སྤང་བར་དོར་བའི་ཆུས་ལྷུང་བཟེད་དེར་མི་བླུགས་སོ། །དེས་ཕྱག་དར་མི་དོར་རོ་ཞེས་བྱ་བ་ནི། ལྷུང་བཟེད་དེས་ཕྱག་དར་མི་དོར་རོ། །ངན་པ་ཡང་མི་དོར་རོ་ཞེས་བྱ་བ་ནི།
ལྷུང་བཟེད་ཀྱིས་མི་དོར་རོ་ཞེས་བྱ་བར་སྦྱར་རོ། །ཤིང་ཏོག་ལ་སོགས་པ་ཟོས་པའི་ལྷག་མ་ཤུན་པ་ལ་སོགས་པ་ནི་ངན་པ་ཞེས་བྱའོ། །ལག་པ་དང་ཁའི་ཆུ་མི་བླུགས་སོ་ཞེས་བྱ་བ་ནི། ལག་པ་བསྙལ་བའི་ཆུ་དང་ཁ་བཀྲུ་བའི་ཆུ་ལྷུང་བཟེད་དུ་མི་བླུགས་པ་སྟེ། དེ་དག་ཐམས་ཅད་ནི་མ་གུས་པར་སྤྱོད་
པ་སྤང་བའི་ཕྱིར་རོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་བྱི་དོར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ལ། གང་ལ་བག་མེད་པའི་ཆོས་ཡོད་པ་དེ་ནི་བག་མེད་པའི་ཆོས་ཅན་ཏེ། དགེ་ཚུལ་དེ་ལྷུང་བཟེད་བྱི་དོར་བྱེད་དུ་མི་གཞུག་གོ། །དེ་ནི་འཆག་པ་ལ་སོགས་པ་སྤང་བའི་ཕྱིར་རོ། །བྱེ་མ་ཅན་དང་ལྕི་བས་མི་བྱའོ་
ཞེས་བྱ་བ་ལ། བྱེ་མ་དང་ལྷན་ཅིག་འདྲེས་པ་ནི་བྱེ་མ་ཅན་ནོ། །ལྕི་བ་ནི་བ་ལང་གི་ལྕི་བ་སྟེ། དེས་ལྷུང་བཟེད་བྱི་དོར་མི་བྱའོ། །དེ་ནི་འཆས་པ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་རོ། །ཧ་ཅང་གཤེར་བཞིན་དུ་ཕྱིར་མི་གཞུག་གོ་ཞེས་བྱ་བ་ནི། ཆུའི་ལྷག་མ་ཡོད་བཞིན་དུ་ལྷུང་བཟེད་སྣོད་ལ་སོགས་པར་
เล่ม ๑๖๒ · หน้า 52b
ཕྱིར་མི་གཞུག་མི་སྦ་སྟེ། དེ་ནི་བཙའ་འཆགས་པར་འགྱུར་བའི་སྐྱོན་སྤང་བའི་ཕྱིར་རོ། །ཧ་ཅང་བསྐམ་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཧ་ཅང་རུང་བར་འགྱུར་བ་དེ་ལྟར་མི་བྱ་བ་སྟེ། དེ་ནི་རྩུབ་པ་ཉིད་ཀྱི་སྐྱོན་སྤང་བའི་ཕྱིར་རོ། །རྡོའི་སྟེང་དུ་མི་གཞག་གོ་ཞེས་བྱ་བ་ནི། རེ་ཞིག་ཀྱང་མི་གཞག་
གོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཙང་བའི་ཕྱོགས་སུ་མི་གཞག་གོ་ཞེས་བྱ་བ་ནི། ལྷུང་བཟེད་ནི་ཤིན་ཏུ་རུང་བ་ཡིན་པའི་ཕྱིར་རོ། །གར་བབ་བབ་ཏུ་མ་ཡིན་ནོ་ཞེས་བྱ་བ་ནི། ཕྱོགས་ཞེས་བྱ་བ་དང་མི་གཞག་གོ་ཞེས་བྱ་བར་སྦྱོར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ཁྱམས་ལ་སོགས་
པ་མ་བཤམས་པའི་ཕྱོགས་གང་ཡིན་པ་དེར་ལྷུང་བཟེད་རེ་ཞིག་ཀྱང་མི་གཞག་གོ། །དེར་མི་གཞག་གོ་ཞེས་བྱ་བ་ནི། གར་བབ་བབ་དེར་ལྷུང་བཟེད་མི་གཞག་གོ། །འདི་ནི་གཏན་དུ་གཞག་པའི་ཕྱིར་དགག་པ་ཡིན་གྱི། རེ་ཞིག་ཁོ་ན་ནི་མ་ཡིན་ནོ། །ལྷུང་བཟེད་དུས་ཐམས་ཅད་དུ་གཞག་པའི་གནས་བསྟན་
པའི་ཕྱིར། དེའི་ཆེད་དུ་ངོས་ཁུང་བྱའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཆེད་དུ་ཞེས་བྱ་བ་ནི། ལྷུང་བཟེད་གཞག་པའི་ཆེད་དུ་སྟེ། ངོས་ཁུང་བྱའོ། །ཁུང་བུ་བ་ལང་གི་མིག་གི་དབྱིབས་འདྲ་བ་ནི། ངོས་ཁུང་ཞེས་བྱའོ། །ངོས་ཁུང་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། གཙུག་ལག་ཁང་དང་ཁང་ཁྱིམ་དག་རྩིག་པའི་
ཚེ་བྱའི་རྩིག་པ་བརྐོ་བས་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་དང་ཁང་ཁྱིམ་དག་བྱེད་པའི་ཚེ་ན་ངོས་ཁུང་བྱའོ། །བརྐོ་བས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་བྱས་ཟིན་པའི་རྩིག་པ་བརྐོ་བའི་ཐབས་ཀྱིས་ནི་མ་ཡིན་ཏེ་དེ་ནི་གྲོང་འདབ་པ་རྣམས་ཀྱི་ཆོ་ག་བསྟན་པ་ཡིན་ནོ། །ད་ནི་དགོན་
པ་པ་རྣམས་ཀྱི་ཆེད་དུ་བསྟན་པའི་ཕྱིར། དགོན་པ་པ་རྣམས་ཀྱིས་སྐོན་བུ་ཁ་སྦྱར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དགོན་པ་པ་རྣམས་ཀྱིས་ལྷུང་བཟེད་གཞག་པའི་སྐོན་བུ་ཁ་སྦྱར་བྱའོ། །དེ་ཅི་ལས་བྱ་ཞེ་ན། དེའི་ཕྱིར་ལྕུག་མའམ་སྲད་བུ་ལས་བས་པའོ་ཞེས་བྱ་བ་སྨྲས་ཏེ། ལྕུག་མ་ལས་བསྒྱུར་བའམ།
སྲད་བུ་ལས་བསྒྱུར་བ་སྟེ། སྲད་བུ་ལས་བྱས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྒྱུར་བ་ནི་བྱས་པ་ཡིན་པར་སྟོན་པའི་ཕྱིར་རོ། །ལྕི་བ་དང་སས་བྱུགས་པའོ་ཞེས་བྱ་བ་ནི། བྱུགས་པའི་སྐོན་བུ་ཁ་སྦྱར་བྱའོ། །ཅི་ཞིག་གིས་བྱུགས་ཤེ་ན། ལྕི་བ་དང་སས་ཞེས་བྱ་བ་སྟེ། བ་ལང་གི་ལྕི་བ་དང་སར་བསྲེས་
เล่ม ๑๖๒ · หน้า 53a
པ་སྟེ་དེས་བྱུགས་པའོ། །ཁ་གབ་རྣམ་པ་དེ་ལྟ་བུ་དང་བཅས་པའོ་ཞེས་བྱ་བ་ལ། ཁ་གབ་དེ་རྣམ་པ་དེ་ལྟ་བུ་ཡིན་པ་ནི། ཁ་གབ་རྣམ་པ་དེ་ལྟ་བུ་སྟེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི། ལྕུག་མ་ལས་བྱས་པའམ། སྲད་བུ་ལ་མ་བྱས་པ་ལྕི་བ་དང་སར་བསྲེས་པས་བྱུགས་པའོ། །ཁ་གབ་
རྣམ་པ་དེ་ལྟ་བུ་དང་ལྡན་པ་ནི། ཁ་གབ་རྣམ་པ་དེ་ལྟ་བུ་དང་བཅས་པ་སྟེ། སྐོན་བུ་ཁ་གབ་རྣམ་པ་དེ་ལྟ་བུ་དང་བཅས་པ་དེ་བྱའོ། །དེ་ནི་གཟར་ཐག་གིས་ཤིང་ལས་དཔྱངས་ན་བཟང་ངོ་ཞེས་བྱ་བ་ནི། སྐོན་བུ་ཁ་སྦྱར་དེ་ནི་ཤིང་ལྗོན་པའི་ཤིང་ལས་དཔྱངས་ན་བཟང་སྟེ་རིགས་སོ། །ཅི་ཞིག་གིས་ཤེ་ན། གཟར་
ཐག་གིས་ཏེ། ཐག་པས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྐོན་བུ་ཁ་སྦྱར་ལ་མཁའ་འཕྲེང་ཞེས་ཀྱང་བྱའོ། །ས་ལ་མི་གཞག་གོ་ཞེས་བྱ་བ་ནི། སྐོན་བུ་ཁ་སྦྱར་ས་ལ་གཞག་པར་མི་བྱའོ། །ཚིག་དེ་ནི་སྲིལ་ཟ་བ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་རོ། །དེ་གཞན་དུ་མི་བསྐུར་རོ་ཞེས་བྱ་བ་ནི། སྐོན་
བུ་ཁ་སྦྱར་དེ་ཡུལ་གཞན་དུ་མི་བསྐུར་རོ། །དེ་ནི་ཁུར་ཁྱེར་བ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་རོ། །འོ་ན་གར་བཅུག་སྟེ་བསྐུར་བར་བྱ་ཞེ་ན་དེའི་ཕྱིར། སྣོད་དུ་བཅུག་སྟེ་བསྐུར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་སྣོད་དུ་བཅུག་སྟེ་ཡུལ་གཞན་དུ་བསྐུར་བར་བྱའོ། །ལག་པས་མི་བསྐུར་རོ་
ཞེས་བྱ་བ་ནི། ལྷུང་བཟེད་བསྐུར་བའོ། །འོ་ན་ཅིས་བསྐུར་ཞེ་ན། དེའི་ཕྱིར་དེ་བསྐུར་བ་ནི་ལུང་ཐག་བཏགས་ཏེ་མཆན་ཁུང་གིས་སོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་དེ་བསྐུར་བའོ། །ལུང་བཏགས་ཏེ་ཞེས་བྱ་བ་ནི། ལྷུང་བཟེད་སྣོད་ཀྱི་ལུང་བཏགས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ཡན་ལག་གང་གིས་
བསྐུར་ཞེ་ན། དེའི་ཕྱིར་མཆན་ཁུང་གིས་སོ་ཞེས་བྱ་བ་སྨྲས་ཏེ། མཆན་འོག་ཏུ་བཅངས་ཏེ་བསྐུར་རོ། །ལྷུང་བཟེད་ཀྱི་སྣོད་ཀྱི་ཞར་ལ་ལྷུང་བཟེད་དང་སྨན་དང་བར་བུར་དག་སྣོད་ཐ་དད་པར་གཞུག་གོ་ཞེས་བྱ་བ་འདི་བརྗོད་དེ། ལྷུང་བཟེད་དང་སྨན་དང་། བར་བུར་དག་ནི་དེ་དག་ཉིད་དོ། །དེ་ལྟར་ན་
ལྷུང་བཟེད་ལ་སོགས་པ་དེ་དག་སྣོད་གསུམ་པོ་དག་ཏུ་སོ་སོར་གཞུག་པར་བྱའི། ཐམས་ཅད་གཅིག་ཏུ་ནི་མི་གཞུག་གོ། །སྐུད་པ་དང་ཁབ་རལ་དང་ལྡན་པ་ལ་སོགས་པ་དག་ནི། བར་བུར་གྱི་སྒྲས་བརྗོད་དོ། །དེ་དག་བཅང་བར་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའི་སྣོད་དག་གོ། །དེ་དག་ལ་
เล่ม ๑๖๒ · หน้า 53b
དཔྱང་བའི་ལུང་ཐག་མཉམ་པར་གདགས་པར་མི་བྱའོ་ཞེས་བྱ་བ་ལ། ལུང་ཐག་གང་དག་གི་དཔྱང་བ་མཐོ་དམན་མཉམ་པར་གྱུར་པ་དེ་དག་ནི་དཔྱང་བའི་ལུང་ཐག་མཉམ་པའོ། །དེ་བས་ན་སྣོད་གསུམ་པོ་དེ་དག་ལ་དཔྱང་བའི་ལུང་ཐག་མཉམ་པ་དེ་དག་གདགས་པ་གཞག་པར་མི་བྱ་མི་སྦྱར་རོ། །འདི་སྐད་བསྟན་
ཏེ། སྣོད་དེ་དག་ལ་དཔྱང་བའི་ལུང་ཐག་སྲིད་མཉམ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་གླེང་གཞི་ནི་འཕགས་པ་འདི་ཅི། རྫ་རྔའམ་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུང་ངུ་དག་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བ་ལས་ནི་སྣོད་དེ་དག་ལ་ལུང་ཐག་བཏགས་པ་ཞེང་ཆུང་ངུ་
དག་ཀྱང་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྡུག་བསྔལ་མི་འདོད་པས་ནི་ཞེས་བྱ་བ་སྨྲས་ཏེ། གང་སྡུག་བསྔལ་འདོད་པར་མི་བྱེད་པའི་གང་ཟག་དེ་ནི་སྡུག་བསྔལ་མི་འདོད་པ་སྟེ། དེས་དེ་དག་ཀྱང་མི་བྱའོ། །ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་དབུས་སུ་ཕྱིང་བུས་སྦྱར་བར་བྱའོ་ཞེས་བྱ་
བ་ནི། ལུང་ཐག་དེ་དག་ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་ཕྱིང་བུས་སྦྱར་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཕྱོགས་གང་དུ་ཕྱིང་བུས་སྦྱར་བར་བྱ་ཞེ་ན། དེའི་ཕྱིར། དབུས་སུ་ཞེས་བྱ་བ་སྨྲས་ཏེ། གང་གི་དབུས་སུ་ཞེ་ན། ལུང་ཐག་གི་ཞེས་བྱ་བ་བར་སྐབས་ལས་ཤེས་པར་འགྱུར་ཏེ། ཕྱིང་བུ་སྟུག་པོས་སྦྱར་
བར་བྱའོ། །དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་བྱའོ་ཞེས་བྱ་བ་ནི། ཕྱིང་བུ་དེ་གནས་པ་མི་འགྱུར་བར་བྱ་བའི་ཕྱིར་མདོ་མདོར་སྐབས་སྐབས་སུ་བྱ་རོག་རྐང་གི་གཟུངས་གདབ་པར་བྱ་སྟེ། བྱ་རོག་རྐང་གི་དབྱིབས་འདྲ་བར་དྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་ཡོངས་སུ་བསྐྱང་བའི་བྱེ་བྲག་
བསྟན་ནས། ད་ནི་གུས་པ་བསྐྱེད་པའི་ཕྱིར་སྤྱིར་བརྗོད་པར་བྱ་སྟེ། ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་མིག་གནོད་པ་ཐམས་ཅད་ལས་བསྐྱབ་པར་བྱ་བ་ལྟར་དགེ་སློང་གིས་ལྷུང་བཟེད་ཀྱང་དེ་བཞིན་དུ་བསྐྱབ་པར་བྱའོ། །ཤིན་ཏུ་གུས་པ་བསྐྱེད་པའི་ཕྱིར་མིག་དཔེ་ཉིད་དུ་གཞག་གོ། །
སྣམ་སྦྱར་པགས་པ་འདྲ་བར་རོ་ཞེས་བྱ་བ་ནི། ཇི་ལྟར་པགས་པ་རླུང་དང་ཉི་མ་དང་ཆར་པ་ལ་སོགས་པ་དག་ལས་བསྐྱབ་པར་བྱ་བ་ལྟར། དགེ་སློང་གིས་སྣམ་སྦྱར་ཡང་དེ་བཞིན་དུ་བསྐྱབ་པར་བྱ་བའོ། །ཆོས་གོས་ལྷག་མ་ཡང་ངོ་ཞེས་བྱ་བ་ནི། པགས་པ་དང་འདྲ་བར་བསྐྱབ་པར་བྱའོ་ཞེས་བྱ་བར་སྦྱར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด