འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๒ · หน้า 54a

རོ། །དྲན་པར་སྤྱད་པའི་ཞར་ལ་ཆོས་གོས་ལ་སོགས་པ་དེ་དག་ཡོངས་སུ་བསྐྱབ་པར་བསྟན་ཏོ། །གལ་ཏེ་ལྷུང་བཟེད་ལ་སོགས་པ་དག་ལོངས་སྤྱོད་ན་དེངས་པར་གྱུར་ན། དེའི་ཚེ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་བཅོས་ལེགས་བྱ་བ་ཡལ་བར་མི་དོར་རོ་ཞེས་བྱ་བ་སྨྲས་ཏེ།

ལྷུང་བཟེད་ཀྱི་བཅོས་ལེགས་ནི་གླན་པ་དང་བསྲེག་པ་དང་། སྣུམ་གྱིས་བསྐུ་བ་དང་། བྱི་དོར་བྱ་བ་ལ་སོགས་པའོ། །ཆོས་གོས་ཀྱི་བཅོས་ལེགས་ནི། བཀྲུ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་ལ་སོགས་པའོ། །དེ་དག་བྱ་བ་ཡལ་བར་མི་དོར་ཏེ། དེར་ལྷུར་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

བཅོས་ལེགས་བྱ་བ་སྨྲས་ན། དེ་ཇི་ཞིག་དང་ཇི་ལྟར་དང་གང་དུ་བྱ་བ་དེ་མི་ཤེས་པས། དེའི་ཕྱིར་འདི་མན་ཆད་དེ་དག་བརྗོད་པར་བྱ་སྟེ། ལྷུང་བཟེད་གླན་པ་ལ་ནན་ཏན་དུ་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ལྷུང་བཟེད་གླན་པ་ལ་ནན་ཏན་བྱ་སྟེ། ལས་སུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལག་བཟོའི་ཐ་སྙད་བསལ་བའི་

ཕྱིར། དབེན་པའི་ཕྱོགས་སུའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་མགར་སྤྱད་དག་དགོས་པ་གང་ཟག་གིས་བསྲེལ་བ་ཚུལ་དང་མཐུན་པ་མ་ཡིན་པར་བསྟན་པའི་ཕྱིར། དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་མགར་སྤྱད་དག་བསྲེལ་བར་བྱའི་གང་ཟག་གིས་ནི་མ་ཡིན་ནོ། །

ལྷུང་བཟེད་གླན་པ་ལ་ནན་ཏན་བྱའོ་ཞེས་སྨྲས་ན། གང་ལ་ཇིས་གླན་པ་དེ་བརྗོད་པར་བྱ་སྟེ། རེ་ཞིག་དགག་པ་བསྟན་པའི་ཕྱིར། བུ་གུའི་ལྷན་པ་བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་རོ་ཉེ་དང་ཚོན་མོ་སྟེང་དེ་དག་མི་བཟང་ངོ་ཞེས་བྱ་བ་སྨྲས་ཏེ། མི་བཟང་བ་ནི་ཆ་མ་ཡིན་ནོ། །འདི་སྐད་བསྟན་ཏེ།

བུ་གུའི་ལྷན་པར་བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་རོ་ཉེ་དང་ཚོན་མོ་སྟེང་དག་མི་རུང་སྟེ། མི་སྲ་བའི་ཕྱིར་རོ། །འོ་ན་གང་བཟང་ཞེ་ན། དེའི་ཕྱིར་ལྷན་རིངས་དང་ཐམ་ཕྲན་དང་ལྷན་པ་ཆུ་སྲིན་གྱི་སོ་ལྟ་བུ་དག་བཟང་ངོ་ཞེས་བྱ་བ་སྨྲས་ཏེ། བཟང་བ་ནི་ཆ་མ་ཡིན་པའོ། །འདི་སྐད་བསྟན་ཏེ།

བུ་གུའི་ལྷན་པར་བུ་རམ་དང་། རྒྱ་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་རོ་ཉེ་དང་ཚོན་མོའོ། །བུ་གུའི་ལྷན་པར་ལྷན་རིངས་ལ་སོགས་པ་དག་རུང་སྟེ། སྲ་བའི་ཕྱིར་རོ། །ལྷུང་བཟེད་ཀྱི་ལྷན་པ་ལྕགས་ལས་བྱས་པའི་རིང་པོ་ནི་ལྷན་རིངས་ཞེས་བྱའོ། །བུ་གུ་དགག་པའི་ལྕགས་གཟེར་མགོ་

เล่ม ๑๖๒ · หน้า 54b

ལེབ་ནི་ཐམ་ཕྲན་ཞེས་བྱའོ། །ལྕགས་ཀྱི་ལྷན་པ་དེ་ཉིད་གྲུ་བཞིའམ་ཟླུམ་པོའམ་ཟུར་གསུམ་དུ་བྱས་པ་ནི་ལྷན་པ་ཡིན་ནོ། །དེ་ཉིད་ཀྱི་མཐའ་ཐམས་ཅད་སོག་ལེའི་སོ་ལྟ་བུ་དང་ལྡན་པ་ནི་ཆུ་སྲིན་གྱི་སོ་ལྟ་བུ་ཡིན་ནོ། །ཕྱེ་མས་ཀྱང་ངོ་ཞེས་བྱ་བ་ནི། ལྕགས་ཀྱི་འམ་རྡོའི་ལྟ་བུའོ་ཞེས་བྱ་བ་དང་སྦྱར་ཏེ།

ལྕགས་ཀྱིའམ་རྡོའི་ཕྱེ་མས་གླན་ན་བཟང་ངོ་། །འོག་མ་དང་སྦྱར་བའི་དོན་དུ་རྣམ་པར་དབྱེ་བ་ཡིན་ནོ། །འབྲུ་མར་དང་བདར་བ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པས་སོ་ཞེས་བྱ་བ་ནི། ཕྱེ་མས་གླན་པ་འབའ་ཞིག་ལ་ཡིན་གྱི་ལྷན་རིངས་ལ་སོགས་པ་ལ་ནི་མ་ཡིན་ནོ། །འབྲུ་མར་དང་ཕྱེ་མ་ལྷན་ཅིག་བདར་

བ་ནི་འབྲུ་མར་བདར་བའོ། །ཇི་སྲིད་དུ་བདར་བ་ཞེ་ན། དེའི་ཕྱིར་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པས་སོ་ཞེས་བྱ་བ་སྨྲས་ཏེ། ཕྱེ་མ་དེ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པའི་བར་དུ་བདར་བས་སོ། །རྫས་ཅི་ཞིག་གིས་བདར་བར་བྱ་ཞེ་ན། དེའི་ཕྱིར་ལྕགས་སམ་ཀུ་རུ་བིན་དས་སོ་ཞེས་བྱ་བ་སྨྲས་

ཏེ། ཀུ་རུ་བིན་ད་ཞེས་བྱ་བ་ནི་རྡོའི་བྱེ་བྲག་གོ། །འདི་སྐད་བསྟན་ཏེ། འབྲུ་མར་དང་ཕྱེ་མར་བསྲེས་ནས་ལྕགས་སམ་རྡོ་ཀུ་རུ་བིན་དས་ཇི་སྲིད་དུ་སྤྲ་ཚིལ་འདྲ་བར་གྱུར་པ་དེ་སྲིད་དུ་བདར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དྲོ་བ་ལ་གླན་ནོ་ཞེས་བྱ་བ་ནི། ལྷུང་བཟེད་དྲོ་བ་ལ་ཕྱེ་མ་བདར་བས་གླན་པའོ། །གྲོ་

བས་གཡོགས་ཏེ་འཇིམ་པས་བསྐུས་ལ་ཅི་རན་ཙམ་དུ་བསྲོའོ་ཞེས་བྱ་བ་ནི། ལྷུང་བཟེད་དྲོན་པོ་ལ་ཕྱེ་མ་བདར་བ་དེས་གླན་པའི་སྟེང་དུ་གྲོ་བས་གཡོགས་ཏེ་བཀབ་ནས་དེའི་སྟེང་དུ་འཇིམ་པས་བསྐུས་ལ་ཅི་རན་ཙམ་དུ་བསྲོ་བར་བྱ་བའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་ལྷུང་བཟེད་ལ་ཕྱེ་མ་བཏགས་

པ་དེས་གླན་པ་དེའི་ཚེ་གྲོ་བས་གཡོགས་པར་བྱ་ཞིང་། གྲོ་བའི་སྟེང་དུ་འཇིམ་པས་བསྐུ་བར་བྱས་ལ། དེའི་འོག་ཏུ་ལྷུང་བཟེད་ཅི་རན་ཙམ་དུ་བསྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲུ་མར་གྱིས་བདར་རོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་ལྷན་པ་གླན་པ་འབྲུ་མར་གྱིས་སྦྱངས་ལ་རྡོ་འཇམ་པོ་ལ་སོགས་

པས་བདར་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །ལྕགས་ཀྱི་ལྷན་པ་བསྟན་ནས། ས་ལས་བྱས་པའི་ལྷན་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ས་ལས་བྱས་པའི་ནི་བུ་རམ་དང་འཇིམ་པས་སོ་ཞེས་བྱ་བ་སྨྲས་ཏེ། ས་ལས་བྱས་པའི་ལྷུང་བཟེད་ལ་ནི་བུ་རམ་དང་འཇིམ་པ་བསྲེས་པས་གླན་པར་ཤེས་པར་བྱའོ། །

เล่ม ๑๖๒ · หน้า 55a

གླན་པ་དེ་ཡང་སྔ་མ་བཞིན་དུ་བྱ་སྟེ། འབྲུ་མར་དང་བདར་བ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པས་དྲོ་བ་ལ་གླན་ནས་གྲོ་བས་གཡོགས་ཏེ། འཇིམ་པས་བསྐུས་ལ་ཅི་རན་ཙམ་དུ་བསྲོ་ནས་འབྲུ་མར་གྱིས་བདར་རོ་ཞེས་སྔར་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །

གླན་པ་བསྟན་ནས། བསྲེག་པ་བརྗོད་པར་བྱ་བའི་ཕྱིར། སྤྱོད་པ་ཉིད་ཡིན་ན་ཟླ་བ་དྲུག་གི་འོག་ཏུ་བསྲེག་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་སྤྱོད་པ་ཉིད་ཡིན་ན། ཟླ་བ་དྲུག་གི་འོག་ཏུ་བསྲེག་པ་ཉིད་ཡིན་ཏེ། བསྲེག་པར་འོས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ཉིན་གཅིག་

བཞིན་དུ་ལྷུང་བཟེད་དེས་ཟས་ཀྱི་བྱ་བ་བྱེད་ན་དེའི་ཚེ་ལྷུང་བཟེད་དེ་ཟླ་བ་དྲུག་གི་མཐར་བསྲེག་པར་འོས་པར་འགྱུར་བས་དེའི་དུས་སུ་བསྲེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ས་ལས་བྱས་པའི་ལྷུང་བཟེད་ཀྱི་བསྲག་པའི་དུས་བསྟན་པའི་ཕྱིར། གལ་ཏེ་ས་ལས་བྱས་པ་ཡིན་ན་ཟླ་བ་ཕྱེད་ནའོ་ཞེས་བྱ་བ་

སྨྲས་ཏེ། གལ་ཏེ་ས་ལས་བྱས་པའི་ལྷུང་བཟེད་ནར་མར་སྤྱོད་པ་ཉིད་ཡིན་ན། དེ་ནི་ཟླ་བ་ཕྱེད་ཀྱི་མཐར་བསྲེག་པར་འོས་པ་ཉིད་དུ་འགྱུར་བས་དེའི་དུས་སུ་བསྲེག་པར་བྱའོ། །གལ་ཏེ་ལྷུང་བཟེད་ཀྱང་བསྲེག་པར་འོས་པར་གྱུར་ལ་དབྱར་ཀྱང་ཉེ་བར་གནས་པར་གྱུར་ན་དེའི་ཚེ་ཇི་ལྟར་ལོངས་སྤྱད་པར་

བྱ་ཞེ་ན། དེའི་ཕྱིར་གལ་ཏེ་དབྱར་བྱུང་ན་དེ་བྱ་བའི་བར་དུ་བསྐུ་བ་དང་རྩུབ་ཁྲུས་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དབྱར་གྱི་དུས་བྱུང་བར་གྱུར་ན། དེའི་ཚེ་ལྷུང་བཟེད་དེ་སྤྱོད་པའི་ཐབས་ནི་འདི་ཡིན་ཏེ། བསོད་སྙོམས་ཀྱིས་བླང་བ་དང་བཟའ་བ་འཛིན་པ་

གང་ཡིན་པ་དེ་ནི་ལྷུང་བཟེད་ཀྱི་བྱ་བ་ཡིན་ནོ། །དེ་ཡང་ཉིན་གཅིག་བཞིན་འབྱུང་བས་དུ་མ་ཡོད་དེ་དུ་མ་དེའི་བར་ནི་བསོད་སྙོམས་འཛིན་པས་སྟོང་པའི་དུས་ཏེ། དེ་ཡང་ཟན་ཟོས་པའི་འོག་ཏུ་ཕན་ཆད་ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་མདུན་ཚུན་ཆད་ཀྱི་བར་རོ། །དེར་བསོད་སྙོམས་བཟའ་བ་ལ་

སོགས་པ་བྱས་ནས་འབྲུ་མར་ལ་སོགས་པས་བསྐུ་བ་བྱས་ཏེ། གཞག་པར་བྱའོ། །ཡང་ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་ཚེ་ལྕི་སྐམ་ལ་སོགས་པས་རྩུབ་ཁྲུས་བྱའོ། །དེའི་འོག་ཏུ་ཡང་ཟས་ཀྱི་བྱ་བ་བྱས་ནས་ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་དུས་ཀྱི་བྱ་བའི་བར་དུ་འབྲུ་མར་ལ་སོགས་

เล่ม ๑๖๒ · หน้า 55b

པས་བསྐུས་ཏེ་གཞག་པར་བྱའོ། །བསྐུ་བ་དང་རྩུབ་ཁྲུས་ཉིད་ནི་བསྐུ་བ་དང་། རྩུབ་ཁྲུས་ཉིད་དེ། བསྐུ་བ་དང་རྩུབ་ཁྲུས་དེ་ཉིད་ཀྱིས་ལྷུང་བཟེད་དེའི་བྱ་བའི་བར་དུ་ལེགས་པར་བཅོས་པ་ཉིད་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་བསྲེག་པར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་དེའོ། །ལྷུང་བཟེད་བསྲེག་

པར་བྱ་བའི་བསྲེག་པའི་ཐབས་བསྟན་པའི་ཕྱིར། དེའི་ཆེད་དུ་རྫ་བོ་བསྲེལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་བསྲེག་པ་དེའི་ཆེད་དུ་རྫ་བོ་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དེ་ཉིད་དུ་གྲུབ་པའམ་དབྱིབ་མོ་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་དུ་གྲུབ་པ་ཞེས་བྱ་བ་ལ། རྫ་བོ་

དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ཉིད་ཁོ་ནར་གྱུར་པ་ནི་དེ་ཉིད་དུ་གྲུབ་པ་སྟེ། གང་རྫ་བོའི་གཟུགས་ཉིད་དུ་གྲུབ་པའོ། །ཅི་དེ་ཁོ་ནས་བྱ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་དབྱིབ་མོ་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། བསྲེལ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དབྱིབ་མོའི་བདག་ཉིད་ཀྱི་རྫ་བོ་བྱ་བའི་ཐབས་སུ་

རུང་བ་བསྟན་པའི་ཕྱིར། ཐལ་བས་བཀང་སྟེ་རྫ་གཟོང་གིས་བརྐོས་ན་བཟང་ངོ་ཞེས་བྱ་བ་སྨྲས་ཏེ། དབྱིབ་མོ་ཐལ་བས་འགེངས་སུ་བཅུག་སྟེ། བཀང་ནས་དེའི་འོག་ཏུ་རྫ་གཟོང་ལྕགས་ཕུར་ཞེས་བྱ་བས་དབྱིབ་མོ་ལ་གཅགས་ན་བཟང་སྟེ། རུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྫ་གཟོང་དེ་ག་ལས་བཙལ་

ཞེ་ན། དེའི་ཕྱིར་དེ་བཅང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫ་གཟོང་དེའོ། །རྫ་བོས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེས་དུ་བ་མི་འཆོར་བར་དགབ་པོ་ཞེས་བྱ་བ་སྨྲས་ཏེ། རྫ་བོ་དེས་ལྷུང་བཟེད་དགབ་པར་བྱའོ། །ཇི་ལྟར་དགབ་ཅེ་ན། དེའི་ཕྱིར་དུ་བ་མི་འཆོར་བར་ཞེས་བྱ་བ་སྨྲས་ཏེ། དེ་ལ་དུ་བ་ཕྱིར་འབྱུང་ཞིང་

འགྲོ་བ་ནི་དུ་བ་འཆོར་བའོ། །དུ་བ་ཕྱིར་མི་འབྱུང་ཞིང་མི་འགྲོ་བ་ནི་དུ་བ་མི་འཆོར་བ་སྟེ། དགབ་པ་གང་ལ་དུ་བ་མི་འཆོར་བ་ཡོད་པའི་དགབ་པ་དེ་ནི་དུ་བ་མི་འཆོར་བའོ། །འདི་སྐད་བསྟན་ཏེ། ཅི་ལྟར་བྱས་ན་དུ་བ་མི་འཆོར་བ་དེ་ལྟ་བུ་དགབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྫ་བོས་དགབ་པོ་ཞེས་བསྟན་

ན། ཅི་རྫ་བོ་ཉིད་ཀྱི་ཕྱི་རོལ་བྱུགས་པས་སམ་འོན་ཏེ་མ་བྱུགས་པས་ཤེ་ན། དེའི་ཕྱིར། ཕུབ་མ་དང་འཇིམ་པར་སྦྱར་བས་ཕྱི་རོལ་བྱུགས་པས་སོ་ཞེས་བྱ་བ་སྨྲས་ཏེ། དགབ་པ་གང་གི་ཕྱི་རོལ་ཕུབ་མ་དང་འཇིམ་པ་བསྲེས་པས་བྱུགས་པ་དེ་ནི་ཕུབ་མ་དང་འཇིམ་པར་སྦྱར་བས་ཕྱི་རོལ་བྱུགས་པ་སྟེ། དེས་དགབ་

เล่ม ๑๖๒ · หน้า 56a

པར་བྱའོ། །ནང་ཅི་ཞིག་གིས་བསྐུ་བར་བྱ་ཞེ་ན། དེའི་ཕྱིར་འབྲུ་མར་གྱི་ཚིགས་མའམ་ལྕི་བས་ནང་བྱུགས་པས་སོ་ཞེས་བྱ་བ་སྨྲས་ཏེ། དེའི་ནང་འབྲུ་མར་གྱི་ཚིགས་མའམ་བ་ལང་གི་ལྕི་བས་བྱུགས་པ་ནི་ནང་བྱུགས་པ་སྟེ། རྫ་བོ་ནང་བྱུགས་པ་དེས་དགབ་པར་བྱའོ། །ཅི་ནང་

དང་ཕྱི་རོལ་གྱི་སྐྱང་ཉུལ་མ་བསྐམས་པས་སམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། བསྐམས་པར་གྱུར་པས་སོ་ཞེས་བྱ་བ་སྨྲས་ཏེ། བསྐམས་ཟིན་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ས་གཞི་ཇི་འདྲ་བར་གཞི་ཅི་བཏིང་བའི་སྟེང་དུ་ལྷུང་བཟེད་ཇི་ལྟར་གཞག་པ་ལ་རྫ་བོས་དགབ་པར་བྱ་ཞེ་ན། དེའི་ཕྱིར་ས་གཞི་བྱི་

དོར་བྱས་པར་ཕུབ་མ་བཏིང་ཞིང་དུ་བ་འཚེར་བར་བྱེད་པ་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ཁ་བུབ་ཏུ་གཞག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ས་གཞི་བྱི་དོར་བྱས་པར་ཞེས་བྱ་བ་ལ། བྱི་དོར་བྱས་པ་ཞེས་བྱ་བ་ནི། ས་གཞི་གང་དུ་བརྐོ་བ་དང་ཞལ་ཞལ་དང་བརྟགས་པ་ལ་སོགས་

པ་བྱས་པ་དེ་ནི་ས་གཞི་བྱི་དོར་བྱས་པ་སྟེ་དེར་རོ། །ཕུབ་མ་བཏིང་ཞིང་ཞེས་བྱ་བ་ལ། གང་དུ་ཕུབ་མ་བཏིང་བ་དེ་ནི་ཕུབ་མ་བཏིང་བ་སྟེ་དེར་རོ། །དུ་བ་འཚེར་བ་ཞེས་བྱ་བ་ནི། དེ་དུ་བ་ཡང་ཡིན་ལ་འཚེར་བ་ཡང་ཡིན་པས་དུ་བ་འཚེར་བའོ། །དེ་བྱེད་པ་ཞེས་བྱ་བ་ནི། དུ་བ་འཚེར་བར་བྱེད་པའོ། །དེ་དག་

ཀྱང་གང་ཞེ་ན། དེའི་ཕྱིར་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་ཞེས་བྱ་བ་སྨྲས་ཏེ། འབྲུ་མར་གྱི་ཚིགས་མ་ལ་སོགས་པ་ཉིད་རྫས་སོ། །དེ་དག་ནི་དུ་བ་འཚེར་བར་བྱེད་པ་ཡང་ཡིན་ལ་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་ཀྱང་ཡིན་ནོ། །གང་དུ་དེ་དག་བཀྲམ་པ་དེ་ནི་དུ་བ་འཚེར་བར་བྱེད་པ་འབྲུ་

མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ས་གཞིའི་སྟེང་དུ་ལྷུང་བཟེད་གཞག་པ་བཀོད་པ་ལ་རྫ་བོ་དེས་དགབ་པར་བྱའོ། །རྣམ་པ་ཇི་ལྟར་གཞག་པའི་ལྷུང་བཟེད་ལ་ཞེ་ན། དེའི་ཕྱིར་ཁ་བུབ་ཏུ་ཞེས་བྱ་བ་སྨྲས་ཏེ། ཁ་ཐུར་དུ་བསྟན་ཅེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་

ཏེ། ཇེ་དང་པོ་ཁོ་ནར་བསྐོ་བ་ལ་སོགས་པས་ས་གཞི་བྱི་དོར་བྱའོ། །དེའི་འོག་ཏུ་ཕུབ་མ་དག་གདིང་བར་བྱའོ། །དེའི་འོག་ཏུ་དུ་བ་འཚེར་བར་བྱེད་པའི་རྫས་དག་དགྲམ་པར་བྱ་སྟེ། རྣམ་པ་དེ་ལྟ་བུའི་ས་གཞིར་ལྷུང་བཟེད་ཁ་བུབ་ཏུ་གཞག་པར་བྱ་ཞིང་། སྔར་བསྟན་པའི་རྫ་བོས་དགབ་པར་བྱའོ་ཞེས་བྱ་བའི་ཐ་

เล่ม ๑๖๒ · หน้า 56b

ཚིག་གོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། ལྕི་བ་དག་དང་སོག་མས་བཅེར་ཏེ་མེ་སྦར་ཏེ་ཞེས་བྱ་བ་སྨྲས་ཏེ། བ་ལང་གི་ལྕི་བ་དག་དང་སོག་མས་རྫ་བོ་གཡོགས་པར་བྱ་ཞིང་གཡོགས་ནས་དེའི་མོད་ལ་ལྕི་བ་ལ་སོགས་པའི་མེ་སྦར་བར་བྱ་སྟེ། མེ་བཏང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཏེ་པོར་གྲངས་ནས་

དབྱུང་ངོ་ཞེས་བྱ་བ་ནི། ལྷུང་བཟེད་དབྱུང་བ་སྟེ། ལྷུང་བཟེད་ཏེ་པོར་གྲངས་པར་ཤེས་ནས་བསྲེག་པའི་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་བསྲེག་པ་རྒྱུན་ཆགས་སུ་ལན་དུ་ཙམ་བྱ་ཞེ་ན། དེའི་ཕྱིར་ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་འགྱུར་གྱི་བར་དུ་བཟླས་པར་བྱའོ་ཞེས་བྱ་

བ་སྨྲས་ཏེ། དེ་ཁ་དོག་ཀྱང་ཡིན་ལ་རྫོགས་པ་ཡང་ཡིན་པས་ཁ་དོག་རྫོགས་པ་སྟེ། ཁ་དོག་ཡོངས་སུ་རྫོགས་པའོ། །དེའི་ཕུན་སུམ་ཚོགས་པ་ནི་གྲུབ་པ་སྟེ། ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་པའོ། །ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་གྱི་བར་དུ་བཟླས་པར་བྱ་སྟེ། ཡང་དང་

ཡང་དུ་བསྲེག་པར་བྱ་བའོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་ལྷུང་བཟེད་ཀྱི་ཁ་དོག་ཡོངས་སུ་རྫོགས་པར་གྱུར་གྱི་བར་དུ་དེ་སྲིད་དུ་ཡང་དང་ཡང་དུ་བཟླས་ཤིང་བསྲེག་པར་བྱའོ། །ཇི་ལྟར་ཡང་དང་ཡང་དུ་བཟླས་པར་བྱ་ཞེ་ན། དེའི་ཕྱིར། བྱི་དོར་བྱས་ཤིང་བྱི་དོར་བྱས་ཤིང་གཞུག་པར་བྱའོ་ཞེས་

བྱ་བ་སྨྲས་ཏེ། བསྲེག་པ་བསྲེག་པ་ན་བྱི་དོར་བྱས་ཤིང་བྱི་དོར་བྱས་ཤིང་བསྲེག་པའི་གནས་སུ་གཞུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བས་ཉེན་ཀོར་ཕྱག་དར་དང་ཆག་ཆག་བྱའོ་ཞེས་བྱ་བ་ནི། སྲོག་ཆགས་རྣམས་ལ་རྗེས་སུ་སྙིང་བརྩེ་བས་བསྲེག་པའི་གནས་

ཀྱི་ཉེན་ཀོར་ཕྱག་དར་ཕྱག་པར་བྱ་བ་དང་། ཉེན་ཀོར་ཉིད་དུ་ཆུས་ཆག་ཆག་གདབ་པར་བྱ་བའོ། །ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང་། རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་དེའི་ཞར་ལ་འོངས་པ་ལྷུང་བཟེད་ཀྱི་ཆོ་ག་འཁོར་དང་བཅས་པ་བསྟན་ནས། རབ་ཏུ་འབྱུང་བའི་གཞི་དང་འབྲེལ་

བ་ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བ་གཞན་བརྗོད་པར་བྱ་སྟེ། ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་རྫོགས་པར་བསྙེན་པར་ཁས་བླང་བར་བྱའོ་ཞེས་བྱ་བ་ནི། སྤུ་སྐྱེས་པ་ནི་ལོ་ཚིགས་ཡོངས་སུ་ཤེས་པའི་རྒྱུ་མཚན་ཡིན་པས་རྫོགས་པར་བསྙེན་པར་ཁས་བླང་བར་བྱའོ། །

เล่ม ๑๖๒ · หน้า 57a

ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་མཚན་གྱི་ཉེན་ཀོར་དུ་ཞེས་བྱ་བ་སྨྲས་ཏེ། མཚན་གྱི་ཐེན་ཀོར་དུའོ། །སུའི་ཞེ་ན་རྫོགས་པར་བསྙེན་པར་འདོད་པའི་སྟེ། ལོ་ཚིགས་གང་ཡིན་པ་དེ་མི་ཤེས་ནའོ། །འདི་སྐད་བསྟན་ཏེ། གལ་ཏེ་རྫོགས་པར་བསྙེན་པར་འདོད་པ་ལོ་ཉི་ཤུ་

ལོན་པ་ཉིད་དུ་མི་ཤེས་ན་དེའི་ཚེ། མཚན་གྱི་ཐེན་ཀོར་དུ་སྤུ་སྐྱེས་པ་རྫོགས་པར་བསྙེན་པར་བྱ་བའི་རྒྱུ་མཚན་ཡིན་པས་རྫོགས་པར་བསྙེན་པར་བྱ་སྟེ། གལ་ཏེ་མཚན་གྱི་ཉེན་ཀོར་དུ་སྤུ་དག་སྐྱེས་པར་གྱུར་ན། རྫོགས་པར་བསྙེན་པར་འདོད་པ་དེ་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་

གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། མཚན་གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱ་སྟེ། སྤུ་སྐྱེས་པ་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྱུ་ཐབས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ཟུང་

ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་དངོས་པོ་དབབ་པ་ལ་སོགས་པས་སོ་ཞེས་བྱ་བ་སྨྲས་ཏེ། ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་ཆོས་གོས་ལ་སོགས་པའི་དངོས་པོ་གང་ཡིན་པའི་དངོས་པོ་དེ་དབབ་པ་དང་། དགབ་པ་ལ་སོགས་པའི་སྒྱུ་ཐབས་ཀྱིས་མཚན་གྱི་སྤུ་བརྟག་པར་བྱ་བའོ། །

རྫོགས་པར་བསྙེན་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་འདོད་པའི་གང་ཟག་ཤིང་ལ་འཛེག་ཏུ་མི་གཞུག་པའོ། །མཚམས་ཀྱི་ཕྱི་རོལ་དུ་མི་གཏོང་ངོ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་འདོད་པའི་གང་ཟག་མཚམས་ཀྱི་ཕྱི་རོལ་དུ་མི་གཏོང་བའོ། །མདོ་དེ་གཉིས་

ནི་བར་ཆད་ཡོངས་སུ་སྤངས་པའི་ཕྱིར་རོ། །རྫོགས་པར་བསྙེན་པར་བྱ་བའི་གནས་སུ་ཁྲིད་པ་ལྟར་སྣང་བའི་ཉེན་ཀོར་ནི་འདིར་མཚམས་ཀྱི་ནང་ངོ་། །དེ་ལས་གཞན་པ་ནི་མཚམས་ཀྱི་ཕྱི་རོལ་ལོ། །དེ་ལྟར་སྣང་བའི་ཉེན་ཀོར་དུ་བཀར་ཏེ། ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་

པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་གིས་ལྟར་སྣང་བའི་ཉན་ཀོར་དུ་གཞག་གོ་ཞེས་བྱ་བར་སྦྱར་རོ། །སུ་ཞེ་ན་དེའི་ཕྱིར་དེ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པར་འདོད་པའོ། །གང་གི་ཚེ་ཞེ་ན། བཀར་བ་ཞེས་བྱ་བ་གསང་སྟེ་སྟོན་པ་བསྐོ་བའི་ལས་མི་ཐོས་པར་བྱ་བའི་ཕྱིར་

เล่ม ๑๖๒ · หน้า 57b

བཀར་བ་ན། དེ་དགེ་འདུན་གྱི་ནང་ནས་ལོགས་ཤིག་ཏུ་གཞག་པར་བྱའོ། །ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པར་འདོད་པ་གང་དགེ་འདུན་གྱི་ཚོགས་ལ་མངོན་དུ་ཕྱོགས་པ་དེ་ནི་ཚོགས་ལ་མངོན་

དུ་ཕྱོགས་པ་དང་། གང་གིས་ཐལ་མོ་སྦྱར་བ་དེ་ནི་ཐལ་མོ་སྦྱར་བ་སྟེ། རྫོགས་པར་བསྙེན་པར་འདོད་པ་དེ་དེ་ལྟར་གཞག་པར་བྱ་སྟེ། དགེ་འདུན་གྱི་ནང་ནས་མ་བཀར་བར་དེ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པ་ལ་གནས་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དེ་ལ་གནས་རྣམས་བརྗོད་

པར་མི་བྱ་བ་སྟེ། དེ་ནི་རབ་ཏུ་འབྱུང་བའི་བར་ཆད་ཡོངས་སུ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་ཇི་སྲིད་དུ་རབ་ཏུ་བྱུང་བར་མ་གྱུར་གྱི་བར་དུ་ཁྱིམ་པ་ལ་གནས་རྣམས་བརྗོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རྫོགས་པར་བསྙེན་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི། རྫོགས་པར་

བསྙེན་པའི་མོད་ལ་གནས་རྣམས་མི་བརྗོད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཐམས་ཅད་དུ་ཡང་རྫོགས་པར་བསྙེན་པའི་མོད་ལ་སེམས་མཐུན་པར་འགྱུར་བས་དེ་རྗེས་སུ་གནང་ངོ་། །འདིར་གཞུང་ནི་བྲམ་ཟེའི་ཁྱེའུ་ཞིག་རབ་ཏུ་བྱུང་རྫོགས་པར་བསྙེན་པ་ལ་མཁན་པོས་འཕྱི་བ་ཞིག་ན་བསོད་

སྙོམས་ལ་སོང་ཤིག་ཅེས་བསྒོ་བ་དང་། དེས་བསྒོ་བ་ན་བདག་སློང་མོ་ལ་རྒྱུ་བས་སྐྱོ་སྟེ་རབ་ཏུ་བྱུང་ན་ཡང་བསོད་སྙོམས་བྱའམ་ཞེས་བསླབ་པ་ཕུལ་ནས་མཉམ་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫོགས་པར་བསྙེན་མ་ཐག་ཏུ་གནས་གཞི་བརྗོད་པར་བྱའོ་ཞེས་བྱ་བའི་བར་

དུ་གསུངས་པ་ཡིན་ནོ། །གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་གནས་པར་ཁས་བླང་བར་མི་བྱའོ་ཞེས་བྱ་བ་ན། གཙུག་ལག་ཁང་གང་ན་གནས་མེད་པའི་གཙུག་ལག་ཁང་དེར། གསོ་སྦྱོང་མ་འོངས་པ་བསྡད་པར་མི་བྱ་ཞིང་། དབྱར་གནས་པར་ཁས་བླངས་པ་མ་འོངས་པར་

གནས་པར་ཁས་བླང་བར་མི་བྱའོ། །གལ་ཏེ་གནས་པར་ཁས་བླངས་ནས་ཕྱིས་གནས་མེད་པར་གྱུར་ན། དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མེད་ན་གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ། །

เล่ม ๑๖๒ · หน้า 58a

འདི་སྐད་བསྟན་ཏེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་སྔ་མས་གནས་པར་ཁས་བླངས་པ་གལ་ཏེ་དབྱར་ཟླ་འབྲིང་པོ་མར་གྱི་ངོ་དང་། དབྱར་ཟླ་ཐ་ཆུངས་ཡར་གྱི་ངོ་ལ་གནས་མེད་པར་གྱུར་ན། དེའི་ཚེ་གནས་པར་ཁས་བླངས་པ་སྔ་མ་དྲལ་ཏེ་གཞན་དུ་འགྲོ་བར་བྱ་ཞིང་།

གང་ན་གནས་ཡོད་པའི་དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་དེར་གནས་པར་ཁས་བླང་བར་བྱའོ། །གལ་ཏེ་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ན་ཡང་གནས་མེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཕྱི་མ་ལ་ཡང་ཟླ་གཉིས་ལས་ལྷག་པའོ་ཞེས་བྱ་བ་སྨྲས་ཏེ། ཡང་ཞེས་བྱ་བའི་སྒྲ་ལས་

གནས་མེད་ན་རྗེས་སུ་མི་བསྲུང་ངོ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ནི་འདིར་ཚིག་གི་དོན་འདི་འབྱུང་སྟེ། དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ན་ཡང་གནས་མེད་ན། ཟླ་བ་གཉིས་ལས་ལྷག་པར་ཁས་བླངས་པ་གཞན་རྗེས་སུ་བསྲུང་བར་མི་བྱ་སྟེ། ཟླ་བ་གཉིས་ནི་གནས་མེད་པ་དེས་ཀྱང་

གནས་པར་བྱ་ཞིང་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བབས་ན། གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཙུག་ལག་ཁང་གཞན་ནས་དེར་གནས་འོང་བར་འགྱུར་བ་ཞིག་བཙལ་བར་བྱ་ན། ཇི་ལྟར་བཙལ་བར་བྱ་ཞེ་ན། དེའི་ཕྱིར་གནས་དང་ལས་དང་བསྙེན་བཀུར་གྱི་སྟ་གོན་

གྱིས་དེ་བཙལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་གནས་ཀྱི་སྟ་གོན་ཞེས་བྱ་བ་ནི་གནས་ཁང་གི་སྟ་གོན་ནོ། །དེས་རྙེད་པའི་སྟ་གོན་ཡང་བསྟན་པ་ཡིན་ཏེ། གནས་ཁང་གང་དུ་ཡོན་བདག་གིས་རྙེད་པ་ལྷག་པར་སྦྱོར་བའོ། །དེ་ཞེས་བྱ་བ་ནི་གནས་སོ། །བཙལ་བར་བྱའོ་ཞེས་བྱ་བ་ནི་དགེ་

འདུན་དུ་གྱུར་པའི་དགེ་སློང་གནས་བཅའ་བར་འོས་པ་དག་གིས་སོ། །དགེ་སློང་གནས་མ་བཅས་པ་དག་གིས་ཟླ་བ་གཉིས་སུ་ལ་ཞུ་བར་བྱ་ཞེ་ན། དེའི་ཕྱིར། མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་ཞུ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་གཞན་མེད་ན་གཞོན་ནུ་རྣམས་ཀྱི་ནང་ན་ཆེས་རྒན་

པ་ལ་ཞུ་བར་བྱའོ། །འདིར་གཞུང་ནི་དེ་ལྟ་མོད་ཀྱི་དེ་དག་ལས་ཆེས་རྒན་པ་གང་ཡིན་པ་དེ་ལ་ཞུ་བར་བྱ་ཞིང་དེའི་འོག་ཏུ་དགག་དབྱེ་གཞན་དུ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། དངོས་སུ་ན་ཆེས་རྒན་པས་ནི་མ་ཞུས་པར་ཡང་བྱ་བ་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །ཡོད་ན་ཡང་རེ་ཞིག་གི་

เล่ม ๑๖๒ · หน้า 58b

གནས་ཉིད་ཀྱིས་སོ་ཞེས་བྱ་བ་ནི། གཞོན་རབས་ཀྱི་ནང་ན་ཆེས་རྒན་པ་ལ་རེ་ཞིག་གི་གནས་ཉིད་ཀྱིས་ཞུ་བར་བྱའོ། །འདིར་གཞུང་ནི་འདི་ནི་ཁྱོད་དང་མཁན་པོ་གཅིག་པ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་ཞུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱ་བ་ཞུ་བའི་ཞར་ལ་མ་ཞུས་པར་དེ་ལྟ་བུ་ལ་བདག་

གིས་སམ་དེས་ཀྱང་བསྙེན་བཀུར་གྱི་ལས་མི་བྱའོ་ཞེས་བྱ་བ་འདི་བརྗོད་དེ། གནས་མལ་ཞུས་པར་ཚུལ་ཁྲིམས་རལ་བ་འཆལ་པའི་ཚུལ་ཁྲིམས་ཅན་དེ་ལྟ་བུ་ལ་བདག་གིས་ཀྱང་རྐང་པ་མཉེ་བ་ལ་སོགས་པའི་བསྙེན་བཀུར་གྱི་ལས་མི་བྱ་ལ། དེ་ལྟ་བུ་དེས་ཀྱང་མི་བྱ་སྟེ། དེ་ལྟ་བུ་དེས་བདག་ལ་

བསྙེན་བཀུར་གྱི་ལས་མི་བྱ་ཞིང་བསྙེན་བཀུར་བྱེད་དུ་མི་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གནས་པར་འདུག་པར་མི་བྱའོ་ཞེས་སྤྱིར་བཏང་བ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་ནི་མེད་ན་མི་གནས་པར་འདུག་པ་ལ་ཉེས་པ་

མེད་དོ་ཞེས་བྱ་བ་སྨྲས་ཏེ། ཉེས་པར་མི་འགྱུར་བ་ནི་ཉེས་པ་མེད་པའོ། །གང་གི་ཚེ་ན་གནས་མེད་ནའོ། །སུ་ལ་ཞེ་ན། དེའི་ཕྱིར་གནས་པར་འོས་པ་ལའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར། ཡོངས་སུ་ཚོལ་བ་ལ་ཞུགས་པ་ཞེས་བྱ་བ་སྨྲས་ཏེ། གང་ཡོངས་སུ་ཚོལ་བ་ལ་ཞུགས་

པ་དེ་ནི་ཡོངས་སུ་ཚོལ་བ་ལ་ཞུགས་པ་སྟེ། གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་དེ་ནི་གནས་མེད་ན་མི་གནས་པར་འདུག་པ་ལ་ཉེས་པ་མེད་པར་རིག་པར་བྱའོ། །དེ་དུས་ཇི་སྲིད་དུ་མི་གནས་པར་འདུག་པ་ལ་ཉེས་པ་མེད་ཅེ་ན་དེའི་ཕྱིར་ཞག་ལྔའི་མཐར་ཐུག་པའི་བར་དུའོ་ཞེས་བྱ་བ་སྨྲས་ཏེ། ཞག་

ལྔའི་མཐར་ཐུག་པ་ནི་ཞག་ལྔའི་མཐར་ཐུག་པའོ། །ཞག་ལྔའི་མཐར་ཐུག་པའི་བར་དུ་མི་གནས་པར་འདུག་པ་ལ་ཉེས་པ་མེད་དོ། །རྙེད་པ་ཡོད་ན་འོས་པ་ཉིད་དོ་ཞེས་བྱ་བ་ནི། རྙེད་པ་ཉེ་བར་གནས་པ་ཡོད་ན། གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་དེ་རྙེད་པ་སྦྱིན་པར་འོས་པ་ཉིད་ཡིན་ནོ། །དེ་ལྟར་

འདིར་གཞུང་ནི་གླེང་གཞི་དག་ལས་མི་གནས་པ་ལ་ཡུན་ཇི་སྲིད་དུ་རྙེད་པ་བསལ་བར་བགྱི། ཉེ་བ་འཁོར་ཞག་ལྔ་ཚུན་ཆད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྦྱོར་བ་མི་གཏོང་བ་ལའོ། །གཉུག་མར་གནས་པའི་གནས་ཀྱི་ཆོ་ག་བསྟན་ནས། གློར་བུར་དུ་འོངས་པའི་གནས་ཀྱི་ཆོ་ག་སྨྲ་བར་འདོད་

เล่ม ๑๖๒ · หน้า 59a

ནས། གློ་བུར་དུ་འོངས་པས་ནི་ངལ་བསོས་ནས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ངལ་བསོས་ནས་ཞེས་བྱ་བ་ནི། ཉི་མ་དང་པོ་ལ་བསྟིས་ནས་སོ། །གློ་བུར་དུ་འོངས་པ་དེས་ཉི་མ་དང་པོ་ལ་ངལ་བསོས་ནས་དེའི་འོག་ཏུ་ཉི་མ་

གཉིས་པའམ་གསུམ་པ་ལ་གནས་ལ་གནས་བཅའ་བར་བྱའོ། །ཉི་མ་གཅིག་ནི་ཆེད་དུ་མི་བྱའོ་ཞེས་བྱ་བ་ནི། གློ་བུར་དུ་འོངས་པས་ཉི་མ་གཅིག་ནི་འདུག་པར་བྱའི་ཆེད་དུ་གནས་བཅའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གནས་པ་ཉེ་བར་མི་གནས་ན་གཞན་ལ་ཞུ་བར་བྱའོ་ཞེས་བྱ་བ་ནི།

གནས་པས་དགེ་སློང་གཞན་ལ་ཞུ་བར་བྱའོ། །གང་གི་ཚེ་ཞེ་ན། ཉེ་བར་མི་གནས་ན་སྟེ། སྤྱོད་ཡུལ་དུ་མ་གྱུར་པ་ཉིད་ནའོ། །སུ་ཞིག་ཅེ་ན། གནས་པའོ། །འོ་ན་གནས་ཞེས་བརྗོད་པར་བྱ་བ་ཡིན་ན། ཇི་ལྟར་གནས་པ་ཞེས་བརྗོད་པར་བྱ་ཞེ་ན། ཉེས་པ་མེད་དེ་གནས་པར་བྱ་བའི་ལས་

ལ་གནས་པ་ཞེས་བྱ་བའི་ཚིག་ཏུ་བྱའི། གནས་པར་བྱེད་པའི་བྱེད་པ་པོ་ལ་མི་བྱ་བའི་ཕྱིར་ཏེ། གང་གནས་པར་འོས་པ་དེ་ལ་གནས་པར་བྱེད་ཅིང་གནས་པར་བྱེད་ལེན་པར་བྱེད་པས། དེས་ན་གནས་པ་ཞེས་བྱ་བ་ནི་གནས་ཉིད་ཡིན་པར་གཟུང་ངོ་། །དེ་ལྟར་ན་འདིར་དོན་འདི་འབྱུང་སྟེ། གནས་

མེད་ན་དགེ་སློང་གཞན་ལ་ཞུ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེའི་ཉེ་བར་སྦྱར་བའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ལས་སུ་བསྐོས་པར་སོང་བ་ན་དེ་གཞན་བྱུང་ན་མ་ཞུས་ཀྱང་ཉེས་པ་མེད་དོ་ཞེས་བྱ་བ་ལ། ལས་སུ་བསྐོས་པར་

སོང་བ་ན་ཞེས་བྱ་བ་ནི། དེའི་ཕྱིར་སོང་བ་ན་ཞེས་བྱ་བར་སྦྱར་ཏེ། གནས་པ་ལས་སུ་བསྐོས་པའི་ཕྱིར་སོང་བ་ནའོ། །དེ་གཞན་བྱུང་ན་ཞེས་བྱ་བ་ནི། ལས་སུ་བྱ་བ་གཞན་བྱུང་ན་སྟེ། གཞན་དེ་བསྒྲུབ་པའི་ཕྱིར་མ་ཞུས་ཀྱང་ཉེས་པ་མེད་པར་རིག་པར་བྱའོ། །རྣམ་པར་འབྱེད་པའི་གནས་མལ་

གྱི་གཞི་ལས་གལ་ཏེ་དེར་སོང་བ་རྣམས་ལ་ལས་སུ་བྱ་བ་གཞན་བྱུང་ན་དེ་དག་གིས་ཡང་འོངས་ཏེ་ཞུ་བར་མི་བྱ་བར་ལས་སུ་བྱ་བ་དེ་ཉིད་བྱ་སྟེ། དེ་དག་ནི་ཞུ་བ་སྔ་མ་ཉིད་དེའི་ཞུ་བ་ཡང་ཡིན་ནོ་ཞེས་གསུངས་སོ། །གནས་བཅའ་བར་བྱའོ་ཞེས་སྨྲས་ན། ཅི་གང་ཡང་རུང་བ་ལའམ་ཞེ་ན། དེའི་

เล่ม ๑๖๒ · หน้า 59b

ཕྱིར་གང་ཡང་རུང་བ་ལ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་བཅའ་བའོ། །འོ་ན་གང་ལ་ཞེ་ན། དེའི་ཕྱིར་དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་ཤེས་པ་དང་འཁོར་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་གཟུང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དྲི་བ་ལ་སོགས་པས་ཞེས་བྱ་བ་ལ་

སོགས་པའི་སྒྲས་ནི་ལུས་ཀྱི་ལས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་དག་ཀྱང་བསྡུའོ། །དེ་དག་གིས་གནས་སྦྱིན་པའི་གང་ཟག་གི་ཚུལ་ཁྲིམས་དང་ཤེས་པ་དང་འཁོར་ལ་ཕན་འདོགས་པ་ཉིད་དེ་དག་ཐམས་ཅད་ངེས་པར་ཤེས་པར་བྱས་ནས་གནས་དེ་གཟུང་བར་བྱའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྡོམ་

པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་སྔགས་སྔོན་དུ་བཏང་བའི་ཆོ་གས་ལན་གསུམ་བཟླས་ཏེ། ལེན་པ་དེ་བཞིན་དུ་འདི་ཡང་དེ་བཞིན་ནོ། །འདི་ལྟར་སྡོམ་པ་བཞིན་ནོ་ཞེས་སྨྲས་ན། སྡོམ་པ་ནི་ཐལ་མོ་སྦྱར་བས་བླང་བར་བྱ་བ་ཡིན་གྱི། འདིར་ཆོ་ག་གཞན་གྱིས་

ཡིན་པར་བསྟན་པའི་ཕྱིར། ལག་པ་གཉིས་ཀྱིས་རྐང་མཐིལ་གཉིས་ལ་བཅངས་ནས་སོ་ཞེས་བྱ་བ་སྨྲས་ཏེ། གནས་པས་ལག་པ་གཉིས་ཀྱིས་གནས་ཀྱི་རྐང་མཐིལ་གཉིས་ལ་བཅངས་ཏེ་གཟུང་ནས་གནས་སུ་གཟུང་བར་བྱའོ། །གནས་ཀྱིས་ཀྱང་ཐམས་ཅད་ལ་གནས་སྦྱིན་པར་མི་བྱ་སྟེ།

འདི་ལྟར་ཡོངས་སུ་བརྟགས་ནས་སྦྱིན་ནོ་ཞེས་བྱ་བ་ནི། གནས་པ་ཡོངས་སུ་བརྟགས་ནས་གནས་སྦྱིན་པར་བྱ་བའོ། །འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་འདི་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། བསླབ་པ་དག་ལ་གུས་པ་ཡིན་ནམ་ཞེས་ཡོངས་སུ་བརྟགས་ནས་སོ། །གནས་

དང་གནས་པ་གཉིས་ཇི་ལྟར་ཕན་ཚུན་གནས་པར་བྱ་ཞེ་ན། དེའི་ཕྱིར་བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བུ་དང་ཕ་གཉིས་ནི་བུ་དང་ཕའོ། །དེ་གཉིས་ཀྱི་འདུ་ཤེས་དག་ནི་བུ་དང་ཕའི་འདུ་ཤེས་དག་སྟེ། དེ་དག་བསྐྱེད་པར་བྱའོ། །འདི་སྐད་བསྟན་ཏེ། གནས་

ཀྱིས་ནི་གནས་པ་ལ་བུའི་འདུ་ཤེས་བསྐྱེད་པར་བྱ་ལ། གནས་པས་ནི་གནས་ལ་ཕའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལྷན་ཅིག་གནས་པས་མཁན་པོ་ལ་གནས་བཅའ་དགོས་སམ་ཞེ་ན། དེའི་ཕྱིར། མཁན་པོ་དེ་ཉིད་གནས་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།

เล่ม ๑๖๒ · หน้า 60a

དེའི་དངོས་པོ་ནི་དེ་ཉིད་དེ་དེ་ཞེས་བྱ་བའི་སྒྲ་ནི་མཁན་པོ་ལ་སྙེགས་སོ། །འདི་སྐད་བསྟན་ཏེ། མཁན་པོ་ལ་གནས་ན་མཁན་པོ་དེ་ཉིད་གནས་པ་ཉིད་ཡིན་ནོ། །མཁན་པོ་ཡིན་པའི་ཕྱིར་གནས་ཉིད་ཡིན་པར་བརྗོད་པར་བྱ་བ་ཇི་ལྟར་གནས་པ་ཉིད་དུ་བརྗོད་ཅེ་ན།

ཉེས་པ་མེད་དེ་འདིར་གནས་པ་ཉིད་ཅེས་བྱ་བ་ནི་གནས་པར་བྱ་བའི་ལས་ལ་གནས་པ་ཞེས་བྱ་བའི་རྐྱེན་གྱིས་བསྟན་པ་ཡིན་གྱི། གནས་པར་བྱེད་པའི་བྱེད་པ་པོ་ནི་མ་ཡིན་ནོ། །དེ་ལ་གནས་པར་བྱ་བས་གནས་པ་སྟེ། དེས་ན་གནས་པ་ཞེས་བྱ་བའི་སྒྲས་གནས་པ་བསྟན་པ་ཡིན་ནོ། །དེའི་

དངོས་པོ་ནི་གནས་པ་ཉིད་དེ། དངོས་པོའི་རྐྱེན་གྱིས་མཁན་པོ་ཡིན་པར་བྱེད་པ་བསྟན་ཏོ། །གང་གི་ཕྱིར་མཁན་པོ་དེ་ཉིད་གནས་ཉིད་ཡིན་པ་དེའི་ཕྱིར་དེ་ལ་དེ་མི་བཅའོ། །དེའི་ཕྱིར་མཁན་པོའི་ཡུལ་དེ་ལ་གནས་དེ་མི་བཅའོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་ལྷན་ཅིག་གནས་པའི་

མཁན་པོ་ཉིད་གནས་ཉིད་ཁོ་ན་ཡིན་པས། དེའི་ཕྱིར་སློབ་མས་དེ་ལ་གནས་བཅའ་མི་དགོས་སོ། །གནས་བཅས་པ་གང་གིས་འཇིག་པར་འགྱུར་ཞེ་ན། དེའི་ཕྱིར་གཉི་ག་ལས་མི་ལྟོས་པ་ཉིད་བྱུང་བ་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གཉི་ག་ལས་ཞེས་

བྱ་བ་ནི། གནས་དང་གནས་པ་གཉི་ག་ལས་ཏེ། མི་ལྟོས་པ་ཉིད་ཅིག་ཅར་རམ་སྔ་ཕྱིར་བྱུང་ན་དེ་ནི་གནས་བཅས་པ་བླངས་པའི་འཇིག་པའི་རྒྱུ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་དང་གནས་པ་གཉིས་དུས་གཅིག་ཏུ་མི་ལྟོས་པ་ཉིད་དུ་གྱུར་ཏམ།

འོན་ཏེ་སྔ་ཕྱིར་དང་པོར་གནས་མི་ལྟོས་པ་ཉིད་དུ་གྱུར་ལ་ཕྱིས་གནས་པ་མི་ལྟོས་པ་ཉིད་དུ་གྱུར་ན། དེའི་ཚེ་ན་གནས་ཞིག་པར་རིག་པར་བྱའི། གཅིག་མི་ལྟོས་པ་ཉིད་དུ་གྱུར་པས་ནི་གནས་འཇིག་པར་མི་འགྱུར་རོ། །གནས་དུ་མ་ཚོགས་པར་གྱུར་ན། གང་ལ་གནས་པར་བྱ་ཞེ་ན། དེའི་ཕྱིར་མཁན་པོ་

མ་ཡིན་པ་དག་ཚོགས་ན་འདོད་པས་འཇུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མཁན་པོ་དེ་ནི་མཁན་པོའོ། །གནས་མཁན་པོ་དེ་ལས་གཞན་པའི་གནས་ནི། མཁན་པོ་མ་ཡིན་པའོ། །མཁན་པོ་མ་ཡིན་པའི་གནས་དེ་དག་འདུས་ཤིང་ཚོགས་ན་སྟེ། ཚོགས་པར་གྱུར་པ་ནི་ཚོགས་པ་སྟེ། གནས་

เล่ม ๑๖๒ · หน้า 60b

དག་ཚོགས་ནའོ། །དེའི་དུས་ན་གནས་པ་འདོད་པས་གནས་སུ་འཇུག་པར་བྱའོ། །འདི་སྐད་བསྟན་ཏེ། གནས་མང་པོ་དག་ཚོགས་པར་གྱུར་པ་ན་གནས་ཀྱི་གང་འདོད་པ་དེས་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ན་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ལ། དེ་དང་ན་ཞེས་བྱ་བ་ནི་

མཁན་པོར་གཏོགས་པའི་གནས་དེ་དང་ཚོགས་ནའོ། །དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། མཁན་པོ་དེ་ཉིད་ཀྱིས་ཏེ། མཁན་པོ་ཡིན་པའི་གནས་དེ་ཉིད་ཀྱིས་སློབ་མ་གནས་པར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་མཁན་པོ་དང་སློབ་དཔོན་མང་པོ་ཞིག་གཙུག་ལག་ཁང་དུ་ལྷན་ཅིག་

ལྷགས་པར་གྱུར་ལ། གནས་པ་ཡང་དེ་ཉིད་དུ་འདུས་པར་གྱུར་ན། གནས་པས་མཁན་པོ་ཉིད་དུ་གཏོགས་པའི་གནས་དེ་ཉིད་ཀྱིས་གནས་པར་བྱའི། གཞན་གྱིས་མི་བྱའོ། །དེ་ནི་གནས་པས་གནས་ལ་ཇི་ལྟར་བྱ་བ་དེ་སྟོན་ཏེ། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་

བྱའོ་ཞེས་བྱ་བ་ནི། མཁན་པོ་ལངས་པ་མཐོང་ན་མཐོང་མ་ཐག་ཁོ་ནར་སྟན་ལས་ལྡང་བར་བྱ་སྟེ། ལྡང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཁན་པོ་མཐོང་མ་ཐག་ཏུ་ཞེས་བྱ་བ་སྨོས་པ་འདི་ནི་དཔེ་ཙམ་སྟེ། གནས་གཞན་དག་མཐོང་ན་ཡང་དེ་བཞིན་དུ་སྟན་ལས་ལྡང་བར་བྱའོ། །

གཙུག་ལག་ཁང་དེ་ན་འདུག་ན་གནས་པས་ཉིན་པར་ལན་གསུམ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་གནས་འདུག་པའི་གཙུག་ལག་ཁང་དེ་ན་གལ་ཏེ་གནས་པ་ཡང་འདུག་པར་གྱུར་ན། དེའི་ཚེ་གནས་པས་གནས་དེའི་དྲུང་དུ་ཉིན་མོ་ལན་གསུམ་འགྲོ་བར་བྱ་བའོ། །གལ་

ཏེ་དགོན་པ་ན་འདུག་ལ་རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེའོ་ཞེས་བྱ་བ་ནི། གལ་ཏེ་གནས་དགོན་པ་ན་འདུག་ལ་དགོན་པ་དེ་ཡང་རྒྱང་གྲགས་གཅིག་ན་ཡོད་ན། གནས་པས་ཉིན་རེ་ལན་རེ་འོངས་ནས་གནས་དེའི་དྲུང་དུ་འགྲོ་བར་བྱའོ། །རྒྱང་གྲགས་ལྔ་ཡོད་ན་ཞག་ལྔའམ་དྲུག་ཅིང་ངོ་ཞེས་བྱ་བ་ནི།

གལ་ཏེ་དགོན་པ་སྟེ་རྒྱང་གྲགས་ལྔ་ཡོད་པ་ཞིག་ཡིན་ན། དེའི་ཚེ་གནས་པས་གནས་ཀྱི་དྲུང་དུ་ཞག་ལྔའམ་དྲུག་ཅིང་འོངས་ནས་འགྲོ་བར་བྱའོ། །དཔག་ཚད་ཕྱེད་དང་གསུམ་དག་ནི་གསོ་སྦྱང་གི་ཚེའོ་ཞེས་བྱ་བ་ནི། གལ་ཏེ་དགོན་པ་དེ་དཔག་ཚད་ཕྱེད་དང་གསུམ་དག་ཡོད་ལ་དེ་ན་གནས་

เล่ม ๑๖๒ · หน้า 61a

འདུག་ན་དེའི་ཚེ་གནས་པས་གསོ་སྦྱོང་གི་ཉིན་མོ་ཟླ་བ་ཕྱེད་ཕྱེད་ཅིང་འོངས་ནས་འགྲོ་བར་བྱའོ། །ད་ནི་གནས་ཀྱིས་གནས་པ་ལ་ཇི་ལྟར་གནས་པར་བྱ་བ་སྟོན་ཏེ། གནས་པ་ཆད་པས་གཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ་ཞེས་བྱ་བ་ནི། གནས་པ་ཆད་པས་གཅད་པར་

འོས་པ་ཆད་པའི་ལས་བྱེད་དུ་གཞུག་པར་འོས་པ་གནས་ཀྱིས་ཆད་པས་མི་གཅད་པར་མི་བྱ་བའོ། །ཆད་པ་དུ་ཡོད་ཅེ་ན། དེའི་ཕྱིར་ཆད་པ་ནི་ལྔའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གང་ཞེ་ན། དེའི་ཕྱིར། གཏམ་འདྲེ་བར་མི་བྱ་བ་དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་

གིས་ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་དང་། གནས་དགག་པར་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། གཏམ་མི་བྱ་བ་ནི་གཏམ་འདྲེ་བར་མི་བྱ་བ་སྟེ། དེ་དང་ལྷན་ཅིག་ཚིག་སྨྲ་བར་མི་བྱ་བའོ། །གདམས་ངག་མི་སྦྱིན་པ་ནི། མི་སྡུག་པ་ལ་སོགས་པ་བསྒོམ་

པའི་གདམས་ངག་སྦྱིན་པར་མི་བྱ་བའོ། །བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་ནི་དེ་དག་གིས་ལོངས་སྤྱོད་པ་མི་སྦྱིན་པ་སྟེ། བགོ་བཤའ་མ་བྱས་པའི་བགོ་བཤའ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་ནི། དེ་བར་དུ་

བཅད་པར་བྱ་བའོ། །གནས་དགག་པར་བྱ་བ་ནི་རྣམ་པར་མནན་པར་བྱ་བའོ། །ཆད་པ་རྣམས་གང་ལ་འོས་ཤེ་ན། དེའི་ཕྱིར་མ་དད་པ་དང་། ལེ་ལོ་ཅན་དང་བཀའ་བློ་མི་བདེ་བ་དང་། མ་གུས་པ་དང་སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མ་དད་པ་ཞེས་བྱ་བ་ནི།

གང་ལ་དད་པ་མེད་པ་དེ་ནི་མ་དད་པ་སྟེ། དེ་ལ་ཆད་པ་དེ་དག་འོས་པ་ཉིད་དོ། །ཆད་པས་གཅད་པར་འོས་པ་ནི་དེ་དག་འོས་པ་སྟེ། དེ་དག་འོས་པའི་དངོས་པོ་ནི་དེ་དག་འོས་པ་ཉིད་དོ། །མ་དད་པ་འབའ་ཞིག་ལ་མ་ཡིན་གྱི་གཞན་ཡང་ལེ་ལོ་ཅན་ལ་སོགས་པ་དག་ལ་ཡང་འོས་པ་ཡིན་

ཏེ། སྨད་པ་ལ་གནས་པར་བྱེད་པ་ནི། ལེ་ལོ་ཅན་ཏེ། དེ་ཡང་ཆད་པས་གཅད་པར་འོས་པ་ཉིད་ཡིན་ནོ། །ཚིག་མི་བཟོད་པ་ནི་བཀའ་བློ་མི་བདེ་བ་སྟེ་དེ་ཡང་ངོ་། །གུས་པར་མི་བྱེད་པ་ནི། མ་གུས་པ་སྟེ་དེ་ཡང་ངོ་། །གང་སྡིག་པའི་གྲོགས་ཡིན་པ་དེ་ནི་སྡིག་པའི་གྲོགས་བྱེད་པ་སྟེ། དེ་

เล่ม ๑๖๒ · หน้า 61b

ཡང་ཆད་པས་གཅད་པར་འོས་པ་ཉིད་ཡིན་ནོ། །གལ་ཏེ་གཞན་ཞིག་གིས་དེ་ལེན་པར་བྱེད་ན། གཞན་དེ་ལ་ཅི་འགྱུར་ཞེ་ན། དེའི་ཕྱིར་ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་པ་ལ་ཉེས་པ་སྦོམ་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཆད་པས་བཅད་པ་གནས་ལས་གཞན་པའི་ལེན་པ་པོས་

ལེན་པར་བྱེད་ན། དེ་ལ་དགེ་འདུན་གྱི་དབྱེན་གྱིས་དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །དེ་ལྟར་བྱས་ཀྱང་གལ་ཏེ་དེ་བཟོད་པ་གསོལ་བའི་ཕྱིར། གུས་པར་མི་བྱེད་ན། དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། གུས་པར་མི་བྱེད་ན་དྲང་པོར་བྱ་བའི་ཕྱིར་དགེ་

སློང་ཤེས་ཉེན་ཅན་བསྐོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་པ་གུས་པར་མི་བྱེད་ན་དེ་དྲང་པོར་རྣལ་དུ་དབབ་པར་བྱ་བའི་ཕྱིར་དགེ་སློང་གཞན་བསྐོ་བར་བྱའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དེའི་ཕྱིར་ཤེས་ཉེན་ཅན་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གནས་ཀྱིས་གནས་པ་དེ་དྲང་པོར་

རྣལ་དུ་དབབ་པའི་ཕྱིར་དགེ་སློང་ཤེས་ཉེན་ཅན་བསྐ་ཞིང་དེས་གནས་པ་མ་གུས་པ་དེ་བཟོད་པ་གསོལ་དུ་གཞུག་པའི་ཕྱིར་དྲང་པོར་རྣལ་དུ་དབབ་པར་བྱའོ། །རྒྱུ་བཏང་བ་བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པར་བྱའོ་ཞེས་བྱ་བ་ལ། གང་གིས་མ་དད་པ་ཉིད་ལ་སོགས་པའི་རྒྱུ་བཏང་བ་དེ་ནི་རྒྱུ་བཏང་

བ་སྟེ། དེ་ལ་གནས་ཀྱིས་བཟོད་པར་བྱ་སྟེ་དགའ་བར་བྱའོ། །འོ་ན་ཅི་རྒྱུ་བཏང་བ་ཙམ་ཁོ་ནར་ཟད་ལ་བཟོད་པ་གསོལ་བར་མི་བྱེད་པ་ལ་ཡང་བཟོད་པར་བྱའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་བཟོད་པ་གསོལ་བར་བྱེད་པ་ལ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་པས་རྒྱུ་ཡང་བཏང་ལ་

གནས་ལ་བཟོད་པ་གསོལ་བར་ཡང་བྱེད་ན་དེའི་ཚེ་གནས་ཀྱིས་བཟོད་པར་བྱའི། དེ་བཞིན་པ་ལ་ནི་མ་ཡིན་ནོ། །མི་འོས་པ་ཆད་པས་གཅད་པར་མི་བྱའོ་ཞེས་བྱ་བ་ལ། མི་འོས་པ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཆད་པས་གཅད་པར་མི་འོས་པ་སྟེ། དེ་ཆད་པས་གཅད་པར་མི་བྱའོ། །

དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཆད་པས་གཅད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་དྲུག་པ། འོས་པ་ལ་མི་བཟོད་པར་མི་བྱའོ་ཞེས་བྱ་བ་ནི། རྒྱུ་བཏང་བ་བཟོད་པར་བྱ་བར་འོས་པ་ལ་མི་བཟོད་པར་མི་བྱ་བ་སྟེ། བཟོད་པར་བྱ་བ་ཁོ་ནའོ། །མདོ་དེ་གཉིས་

เล่ม ๑๖๒ · หน้า 62a

ནི་ཚུལ་མ་ཡིན་པ་སྤང་བའི་ཕྱིར་རོ། །མི་འོས་པ་ལ་བཟོད་པར་མི་བྱའོ་ཞེས་བྱ་བ་ནི། རྒྱུ་མ་བཏང་བ་བཟོད་པར་བྱ་བར་མི་འོས་པ་ལ་བཟོད་པར་མི་བྱ་བ་སྟེ། དེ་ནི་ཧ་ཅང་མང་དུ་ཡོད་པ་སྤང་བའི་ཕྱིར་རོ། །གལ་ཏེ་དྲང་པོར་བྱར་མ་ནུས་ན་དེའི་ཚེ་གནས་ཀྱིས་ཇི་ལྟར་

བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་མི་བྱེད་པ་ཉིད་ཡིན་ན་གནས་ཁང་ནས་བསྐྲད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བྱེད་པའི་དངོས་པོ་ནི་བྱེད་པ་ཉིད་དོ། །མི་བྱེད་པ་ཉིད་ནི་དྲང་པོའི་དངོས་པོ་མི་བྱེད་པ་ཉིད་ཡིན་ཏེ། གལ་ཏེ་རྣམ་པ་ཐམས་ཅད་དུ་དྲང་པོར་བྱར་མི་ནུས་ན། དེའི་ཚེ་དེ་གནས་ཁང་ནས་

བསྐྲད་པར་བྱ་སྟེ། དེ་གནས་ཁང་ནས་དབྱུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཡོ་བྱད་མེད་པར་བསྐྲད་པར་བྱའམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། དགེ་ཚུལ་ལ་ནི་ཆུ་ཚགས་དང་རིལ་བ་སྤྱི་བླུགས་དང་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེའོ་ཞེས་བྱ་བ་སྨྲས་ཏེ། ཆུ་ཚགས་དང་རིལ་

བ་སྤྱི་བླུགས་ནི། ཆུ་ཚགས་དང་རིལ་བ་སྤྱི་བླུགས་ཏེ་དེ་གཉིས་བྱིན་ཏེའོ། །མཐང་གོས་དང་བླ་གོས་ཕྲུགས་སུ་བཅས་པ་ནི། མཐང་གོས་དང་བཅས་པའི་བླ་གོས་སོ། །ཀྱང་ཞེས་བྱ་བ་ནི། དེ་ཡང་བྱིན་ཏེ་ཞེས་བྱ་བར་སྦྱར་ཏེ། གནས་ཀྱིས་དགེ་ཚུལ་ལ་ནི་དེ་དག་བྱིན་ཏེ། བསྐྲད་པར་བྱའོ། །

གལ་ཏེ་རྫོགས་པར་བསྙེན་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔའོ་ཞེས་བྱ་བ་ནི། གལ་ཏེ་རྫོགས་པར་བསྙེན་པར་འདོད་པ་ཞིག་ཡིན་ན་དེའི་ཚེ་ཡོ་བྱད་ལྔ་བྱིན་ཏེ་བསྐྲད་པར་བྱ་སྟེ། ཆོས་གོས་གསུམ་དང་སྟན་དང་ལྷུང་བཟེད་དོ། །ཆུ་ཚགས་ཀྱང་སྦྱིན་པར་བྱ་བ་ཡིན་ཏེ། འདིར་མ་སྨོས་པ་ནི་མདོ་སྔ་

མར་སྨོས་པས་དེ་ནི་མ་སྨོས་ཀྱང་གྲུབ་པ་ཡིན་ནོ། །དེས་ན་ཡོ་བྱད་དྲུག་པོ་དག་སྦྱིན་པར་བྱའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །རྫོགས་པར་བསྙེན་པ་ལ་ཡང་ངོ་ཞེས་བྱ་བ་ཡང་ཡོ་བྱད་དྲུག་པོ་དག་བྱིན་ཏེ། གནས་ཁང་ནས་བསྐྲད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བསྐྲད་པ་ན་གལ་ཏེ་དང་

པོར་གྱུར་ན་ཅི་དེ་རྣམ་པ་ཐམས་ཅད་དུ་བླང་བར་མི་བྱའམ་ཞེ་ན། དེའི་ཕྱིར་སེང་གེ་ལྟར་གྱ་ཚོམ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་སེང་གེ་ཟས་གང་སྤངས་པ་དེ་ནམ་ཡང་ཕྱིར་མི་ལེན་པ་དེ་ལྟར་གྱ་ཚོམ་མི་བྱ་སྟེ། གལ་ཏེ་དྲང་པོར་གྱུར་ན་ཡང་ཕྱིར་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པར་འགྱུར་

เล่ม ๑๖๒ · หน้า 62b

བའི་ཁྲིམས་སུ་བྱ་བ་མི་བཅའོ་ཞེས་བྱ་བ་ལ། གང་གནོད་པར་འགྱུར་བའི་ངང་ཚུལ་ཅན་གྱི་ཁྲིམས་སུ་བྱ་བ་དེ་ནི། གནོད་པར་བྱ་བའི་ཁྲིམས་སུ་བྱ་བ་སྟེ་དེ་མི་བཅའོ། །དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་ཁྲིམས་སུ་བྱ་བ་གང་གིས་དགེ་སློང་དག་ལ་གནོད་པར་འགྱུར་ལ། མ་བྱས་ན་ཡང་ཉེས་པ་

འགའ་ཡང་མེད་པ་དེ་ལྟ་བུའི་ཁྲིམས་སུ་བྱ་བ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁའི་གནས་པ་ཉིད་ནི་མ་བཀྲུས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁའི་མཚན་མོ་ཉལ་ཉལ་བས་གནས་པ་ཉིད་གང་ཡིན་པ་དེ་ཉིད་མ་བཀྲུས་པ་ཉིད་ཡིན་ཏེ། ཟང་ཟིང་དང་བཅས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་བས་

ན་ཇི་སྲིད་དུ་སོ་ཤིང་ལ་སོགས་པས་ཁ་མ་སྦྱངས་ཀྱི་བར་དུ་རེ་ཞིག་ཕྱག་དང་བཟའ་བ་ལ་སོགས་པ་མི་བྱའོ། །འདིར་གཞུང་ནི། དགེ་སློང་གིས་སོ་ཤིང་མ་བོར་བར་བསོད་སྙོམས་བཟའ་བར་མི་བྱའོ། །ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་དང་། ཕྱག་གི་གཞུང་ནི།

ལྡང་བྱེད་འདི་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱིས་ནང་པར་སྔར་ལངས་ཏེ་ཤམ་ཐབས་ཟླུམ་པོར་བགོས་ནས་སོ་ཤིང་བོར་ཏེ་མཚམས་ཀྱི་ནང་གི་མཆོད་རྟེན་ལ་ཕྱག་འཚལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་སྨོས་སོ། །སོ་ཤིང་དབེན་པར་དོར་རོ་ཞེས་བྱ་

བ་ནི་ཁ་སྦྱང་བའི་ཕྱིར་རོ། །ཇི་ལྟར་དོར་བར་བྱ་ཞེ་ན། དེའི་ཕྱིར་དབེན་པར་ཞེས་བྱ་བ་སྨྲས་ཏེ། ལྐོག་ཏུའོ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་པའི་སྐབས་ཀྱིས་བཤང་གཅི་བྱ་བ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བཤང་བ་དང་གཅི་བ་ནི་བཤང་གཅི་སྟེ། དེ་གཉིས་ཀྱི་བྱ་བ་ཡང་ངོ་། །དེ་ཡང་

ཅི་ལྟར་བྱ་ཞེ་ན། དབེན་པར་བྱ་སྟེ། བྱ་བའི་བྱེ་བྲག་ཡིན་པའི་ཕྱིར་མ་ནིང་གི་རྟགས་སུ་བྱས་སོ། །དེ་གཉིས་ཀྱི་གནས་བསྟན་པའི་ཕྱིར་ལོངས་སྤྱད་དུ་རུང་བའི་ཤིང་ངམ་རྩིག་པའི་དྲུང་དུ་མི་དོར་རོ་ཞེས་བྱ་བ་སྨྲས་ཏེ། ལོངས་སྤྱད་པར་འོས་པ་ནི་ལོངས་སྤྱད་དུ་རུང་བ་སྟེ། དེའི་ཤིང་ངམ་རྩིག་པའི་

དྲུང་དུ་ཉེ་བར་སོ་ཤིང་དོར་བ་དང་བཤང་གཅི་དོར་བར་མི་བྱའོ། །འདིར་གང་དུ་སྐྱེ་བོ་ཕལ་པོ་ཆེ་རྟག་ཏུ་གནས་པ་དེ་ནི་ལོངས་སྤྱད་དུ་རུང་བ་ཞེས་བྱའོ། །སོ་ཤིང་གི་ཚད་ཤེས་པར་བྱ་བའི་ཕྱིར། དེའི་ཚད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ་ཞེས་བྱ་བ་སྨྲས་ཏེ། སོ་ཤིང་

เล่ม ๑๖๒ · หน้า 63a

དེའི་སྲིད་ཀྱི་ཚད་ནི་སོར་བཅུ་གཉིས་མན་ཆད་ཅེས་བྱ་བ་ལ། བཅུ་གཉིས་པོ་དག་གི་ཚོགས་ནི་བཅུ་གཉིས་སོ། །གང་གི་ཞེ་ན་སོར་དག་གི་སྟེ། དེ་བས་ན་སོར་དག་གི་བཅུ་གཉིས་ཀྱི་ཚོགས་མན་ཆད་དོ། །སོར་བརྒྱད་ཡན་ཆད་ཅེས་བྱ་བ་འདིར་ཡང་བརྒྱད་

པོ་དག་གི་ཚོགས་ནི་བརྒྱད་དོ། །ཡན་ཆད་ཅེས་བྱ་བ་ནི། མཚམས་དེ་ཡན་ཆད་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། སོ་ཤིང་གི་སྲིད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ། །ཉེ་བར་སྦྱར་བ་དེའི་འགའ་ཞིག་དམིགས་ཀྱིས་བསལ་བ་

བསྟན་པའི་ཕྱིར། བད་ཀན་མང་བའི་ནི་མེད་ན་སོར་བཞི་ལས་ལྷག་པ་ཡན་ཆད་དོ་ཞེས་བྱ་བ་ནི། གང་ཟག་བད་ཀན་མང་པའི་སོ་ཤིང་ནི་ཚད་སྔར་བསྟན་པ་ལྟ་བུ་ཉིད་མེད་ན་སོར་བཞི་པོ་དག་གི་ཚོགས་ནི་སོར་བཞི་སྟེ། དེ་ལས་ལྷག་པའི་ཚད་ཡན་ཆད་རུང་ངོ་། །སོར་བཞི་ལས་ལྷག་པ་ཡན་ཆད་ཅེས་བྱ་བ་ནི།

སོར་ཕྱེད་དང་ལྔ་ཡན་ཆད་ཡིན་པར་རིག་པར་བྱ་སྟེ། གང་ཟག་བད་ཀན་མང་བའི་སོ་ཤིང་གི་སྲིད་ཀྱི་ཚད་ནི་སོར་བཞི་ཡན་ཆད་རུང་བར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་བད་ཀན་མང་པོ་ཞིག་ཡིན་ལ་དེས་སོ་ཤིང་གི་ཚད་སྔར་བསྟན་པའི་མཐར་ཐུག་པ་ཉིད་མ་རྙེད་ན་སོར་ཕྱེད་དང་ལྔ་ཡན་

ཆད་གང་རྙེད་པ་ཡང་དོར་བར་བྱའི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །འདིར་གཞུང་ནི་བར་ནི་དབུས་ཏེ། འདི་ལྟར་བད་ཀན་མང་པོ་གང་ཡིན་པ་དེ་དག་གིས་སོ་ཤིང་སོར་བཞི་པ་མ་གཏོགས་པ་ཡང་དོར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་ཁང་དུ་སོ་ཤིང་དོར་བ་ལ་མི་རིགས་པར་དོགས་པ་

བསལ་བའི་ཕྱིར། གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བར་མི་རིགས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བ་ནི་ཚུལ་དང་མི་མཐུན་པ་མེད་དོ། །སོ་ཤིང་དབེན་པར་དོར་རོ་ཞེས་སྨས་པ་ལ་ཝ་ཁ་ཡང་དབེན་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །དེ་ལ་

ཝ་ཁ་ཡང་མི་དབེན་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། སོ་ཤིང་དོར་བ་དེ་ལ་ཝ་ཁར་བྱེད་ན་ཡང་མི་དབེན་པར་མི་འགྱུར་ཏེ། དབེན་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཝ་ཁར་སོ་ཤིང་དོར་བར་བྱེད་པ་ན། དབེན་པ་གང་ཡིན་པ་དེ་ཉིད་ཀྱང་དབེན་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་

เล่ม ๑๖๒ · หน้า 63b

ཐ་ཚིག་གོ། །ཝ་ཁའི་ཉེན་ཁོར་ཡང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་བསྟན་པའི་ཕྱིར། དེའི་ཁྲུ་གང་ཁོར་ཡུག་ཏུ་རྣམ་པ་དེ་ལྟ་བུར་བྱར་རུང་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེར་ཞེས་བྱ་བ་ནི་ཝ་ཁར་རོ། །ཝ་ཁ་དེར་ཁྲུ་གང་ཁོར་ཡུག་ཏུ་སོ་ཤིང་དོར་བ་དང་རྐང་པ་བཀྲུ་བ་ལ་སོགས་པ་རྣམ་པ་

དེ་ལྟ་བུ་བྱར་རུང་སྟེ། དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ས་དེ་ན་ལོངས་སྤྱད་དུ་རུང་གི་ཁྲུ་གང་གི་ཁོར་ཡུག་ལས་ལྷག་པར་ནི་སོ་ཤིང་དོར་བ་ལ་སོགས་པ་མི་བྱའོ། །སོ་ཤིང་དོར་བ་དང་འབྲེལ་པས་དེའི་རྗེས་ལ་ལྕེ་བཞར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཞེས་བྱ་བ་ནི་སོ་ཤིང་དོར་བའིའོ། །རྗེས་ལ་ཞེས་

བྱ་བ་ནི། དེ་མ་ཐག་ཏུ་སྟེ། ལྕེ་བཞར་བར་བྱའོ། །ཅི་ཞིག་གིས་བཞར་བར་བྱ་ཞེ་ན། དེའི་ཕྱིར་ལྕེ་བཞར་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྕེ་བཞར་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལས་བྱས་པ་ཞེ་ན། དེའི་ཕྱིར་ཁབ་ཀྱི་རྫས་དག་ལས་སོ་ཞེས་བྱ་བ་སྨྲས་ཏེ། རྫས་གང་དག་ལས་

ཁབ་བྱེད་པར་གན་དང་ཟངས་དང་ཁར་བ་དང་ལྕགས་དག་ལས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྕེ་བཞར་མེད་པ་དག་གི་ཕྱིར་དོན་འདི་ལ་སོ་ཤིང་གི་ཚལ་པ་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དོན་འདི་ལ་ཞེས་བྱ་བ་ནི། ལྕེ་བཞར་བའི་དོན་ལའོ། །སོ་ཤིང་གི་ཚལ་པ་ཡང་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །རུང་བ་ཉིད་

དུ་བྱ་བའི་ཕྱིར། དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་བྲུད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི་སོ་ཤིང་གི་ཚལ་པའོ། །མི་རྣོ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཧ་ཅང་ཟུར་རྣོན་པོ་བཅག་པའི་ཕྱིར་ཏེ། དེའི་ཕྱིར་གཅིག་གིས་གཅིག་བྲུད་པར་བྱའོ། །སོ་ལ་སོགས་པའི་སྡུག་བསྔལ་ཉིད་སྤང་བའི་ཕྱིར།

མི་རྣོ་བས་སོ་དང་ལྕེ་དང་རྣ་བ་བྲུད་བཞར་བྱའོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་རྣོན་པོས་སོ་ལ་སོགས་པ་མི་བྲུད་མི་བཞར་རོ། །མི་རྣོ་བས་ཀྱང་དལ་གྱིས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། སོ་ལ་སོགས་པ་དལ་བུས་ཁད་ཀྱིས་བྲུད་པ་དང་བཞར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དལ་བུས་ཤེ་ན་དེའི་ཕྱིར། དེ་

དག་གིས་ཤ་ལ་མི་གནོད་པར་རོ་ཞེས་བྱ་བ་སྨྲས་ཏེ། སོའི་རྙིལ་ལ་སོགས་པ་མི་སྣང་པར་རོ། །སོ་ཤིང་དོར་བའི་ཞར་ལ་སོ་དང་ལྕེ་གཉིས་ཀྱི་བྲུད་བཞར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མ་བསྐུས་པར་མི་དོར་རོ་ཞེས་བྱ་བ་འདི་སྨྲས་ཏེ། སོ་དང་ལྕེ་གཉིས་ཀྱི་བྲུད་བཞར་ནི་སོ་ཤིང་སྟེ། དེའི་ཕྱོགས་དབུས་ཀྱིས་

เล่ม ๑๖๒ · หน้า 64a

ལྕེ་བཞར་བ་དང་རྩེ་མོ་སོས་བཅས་པའི་ཕྱོགས་དེ་ཁའི་དྲི་མས་གོས་ཤིང་སྤགས་པའི་སོ་ཤིང་དེ་མ་བཀྲུས་པར་མི་དོར་རོ་ཞེས་བྱ་བར་སྦྱར་རོ། །སས་མ་བསྐུས་པར་ཞེས་བྱ་བ་ནི། ཆུ་མེད་ན་སས་བསྐུ་བར་བྱ་བ་སྟེ། སོ་ཤིང་ཞེས་བྱ་བའི་བྲུད་བཞར་གྱི་སོ་ཤིང་དེའི་ཕྱོགས་གང་གིས་

སོ་དང་ལྕེ་བྲུད་ཅིང་བཞར་བའི་ཕྱོགས་དེ་སས་མ་བསྐུས་པར་མི་དོར་བའོ། །སྒྲ་མ་བྱས་པར་མི་དོར་རོ་ཞེས་བྱ་བ་ནི། སེ་གོལ་ལ་སོགས་པའི་སྒྲ་མ་བྱས་པར་སོ་ཤིང་དང་ཚལ་པ་དོར་བར་མི་བྱ་བའོ། །དེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི། སོ་དང་ལྕེ་གཉིས་ཀྱི་བྲུད་བཞར་སྒྲ་མ་བྱས་པར་མི་དོར་

བ་དེའོ། །གང་གི་དཔེ་ཞེ་ན། སྒྲ་མ་བྱས་པར་མི་དོར་བ་གཞན་གྱིའོ། །འདི་སྐད་བསྟན་ཏེ། དོར་བར་བྱ་བའི་བདག་ཉིད་ཀྱིས་དངོས་པོ་གཞན་གང་ཡིན་པ་ཡང་སྒྲ་མ་བྱས་པར་མི་དོར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེས་གང་མཚོན་པ་དེ་སྟོན་ཏོ། །བཤང་བ་དང་གཅི་བ་དང་། མཆིལ་མ་དང་།

སྣབས་དང་། སྐྱུགས་པ་དང་། རླུགས་པ་དང་། གཞན་དག་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། སྐྱུགས་པ་དང་རླུགས་པ་ཞེས་བྱ་བ་སྨོས་པ་ནི། མཆིལ་མ་དང་བཤང་བ་གཉིས་ལས་གཞན་ཡིན་ཏེ། མཆིལ་མ་མ་ཡིན་ལ་སྐྱུགས་པ་ཡིན་པ་ནི། འདི་ལྟ་སྟེ་དཔེར་ན་སྣའི་བཤལ་སྨན་ལྟ་བུའོ། །རླུགས་པ་

ཡིན་ལ་བཤང་བ་མ་ཡིན་པ་ནི་འདི་ལྟ་སྟེ་དཔེར་ན། འཁྲུ་བ་ཅན་གྱིས་ཇི་ལྟར་ཟོས་པ་དེ་བཞིན་དུ་ཟུར་དུ་རླུགས་པ་ལྟ་བུའོ། །གཞན་དག་ཀྱང་ངོ་ཞེས་བྱ་བའི་ཚིག་ནི་བཤང་བ་ལ་སོགས་པ་ལས་གཞན་པ་དོར་བར་བྱ་བ་ཐམས་ཅད་བསྡུ་བའི་དོན་ཏོ། །སོ་ཤིང་དོར་བ་དང་འདྲ་བའི་དངོས་པོ་གཞན་ཡང་ཡོད་པར་བསྟན་

པའི་ཕྱིར། དེ་ལས་བྱི་དོར་འབྱུང་བ་བཞིན་དུ་འདག་རྫས་དང་ལྕི་བས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། སོ་ཤིང་དོར་བ་དེ་ལས་སོ་ལ་སོགས་པའི་བྱི་དོར་འབྱུང་བ་བཞིན་དུ་འདག་རྫས་དང་ལྕི་བས་ཀྱང་བྱི་དོར་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་སོ་ཤིང་མ་རྙེད་ན། འདག་རྫས་དང་བ་ལང་གི་ལྕི་བ་ལས་

ཀྱང་ཁ་སྦྱང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལུས་ཀྱི་ཀྱང་བསྒྲུབས་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱའོ་ཞེས་བྱ་བ་ནི། ལུས་ཀྱི་བྱ་བ་བསྒྲུབ་པ་སོ་ཤིང་བོར་བའི་འོག་ཏུ་མཆོད་རྟེན་ལ་ཕྱག་བྱ་བའོ། །གནས་པས་སྒྲུབ་པའི་དབང་དུ་བྱ་སྟེ་ཞེས་བྱ་བ་ལ། ཨ་ཐ་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱ་བའི་དོན་ཡིན་གྱི་དེ་མ་ཐག་

เล่ม ๑๖๒ · หน้า 64b

གི་དོན་ནི་མ་ཡིན་ཏེ། མདོ་འོག་མ་ཁོ་ན་ལས་དེ་མ་ཐག་ཏུ་ཞེས་བྱ་བའི་ཚིག་འབྱུང་བའི་ཕྱིར་རོ། །འདི་མན་ཆད་ནི་གནས་པས་སྒྲུབ་པའི་དབང་དུ་བྱས་ཏེ། གནས་པས་བྱ་བ་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་གནས་པས་སྒྲུབ་པ་སྟོན་ཏེ། དེ་ནས་དེ་མ་ཐག་ཏུ་སྔར་སོང་སྟེ་ཕྱག་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་

ནི། ལུས་ཀྱི་བྱ་བ་བསྒྲུབས་ནས་མཆོད་རྟེན་ལ་ཕྱག་བྱས་ནས་སོ། །དེ་མ་ཐག་ཏུ་གནས་པས་གནས་ཀྱི་དྲུང་དུ་སྔར་སོང་སྟེ་ཕྱག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙུན་གསོལ་ལོ་ཞེས་བྱ་བ་ནི། གནས་པས་གནས་ལའོ། །འདག་རྫས་དང་སོ་ཤིང་དབུལ་ལོ་ཞེས་བྱ་བ་ནི། གནས་དེ་ལ་གནས་པ་དེས་འདག་རྫས་དང་

སོ་ཤིང་དག་དབུལ་ཞིང་བསྟབས་པར་བྱའོ། །ཆུ་ལ་སོགས་པ་ནི་མ་བསྟན་ཡང་གྲུབ་པའི་ཕྱིར་མ་སྨོས་སོ། །ཚང་མང་བལྟ་སྟེ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གནས་པས་གཡོས་ཀྱི་ཁང་པ་བལྟས་བརྟགས་ཏེ་གནས་ལ་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ། ཚང་མང་དེར་བཟའ་བ་དང་བཏུང་བ་གང་དག་སྟ་གོན་

བྱ་བར་འདོད་ན་གནས་པས་གནས་ལ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བ་སྟོབས་པ་ཉིད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི། ཚང་མང་བལྟས་ཏེ་བརྗོད་པ་ན་དངོས་པོ་གང་ལ་གནས་དགའ་ཞིང་འདོད་པ་སྟོན་པར་བྱེད་པ་དེ་ནི། དགའ་བ་སྟེ། དགའ་བ་དེ་བསྟབས་པ་ཉིད་དུ་ཡིད་ལ་བྱ་བ་ནི། བདག་གིས་དེ་

ཟས་ཀྱི་དུས་སུ་བསྟབས་པར་བྱའོ་ཞེས་ཡིད་ལ་བྱ་བའོ། །འདི་སྐད་བསྟན་ཏེ། གནས་བཟའ་བ་དང་བཏུང་བའི་དངོས་པོ་འབའ་ཞིག་ལ་དགའ་བ་སྟོན་པར་བྱེད་ན་དེའི་ཚེ་གནས་པས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པ་དེ་དག་འདི་ལ་བསྟབས་པར་བྱའོ་སྙམ་དུ་ཡིད་ལ་

བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་བཀྲུ་བར་བྱའོ་ཞེས་བྱ་བ་ནི། གནས་ཀྱི་ལྷུང་བཟེད་གནས་པས་བཀྲུ་བར་བྱའོ། །གལ་ཏེ་བསོད་སྙོམས་པ་ཞིག་ན་གསིལ་བྱེད་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་གནས་བསོད་སྙོམས་པ་ཞིག་ཡིན་ན་དེའི་ཚེ་གསིལ་བྱེད་ཀྱང་བྱི་དོར་བྱ་སྟེ། སྒྲ་སི་ལི་ལི་བྱེད་པས་

གསིལ་བྱེད་དེ། ཁར་གསིལ་གྱི་མིང་ཅིག་ཤོས་ཡིན་ནོ། །གལ་ཏེ་དགོས་པ་ཡོད་ན་ཆུ་ཚགས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་དེར་ཆུ་ཚགས་དགོས་པ་ཡོད་ན་དེའི་ཚེ་དེ་ཡང་བྱི་དོར་བྱ་བའོ། །དེའི་དགོས་པ་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། གལ་ཏེ་གནས་སྐྱེད་མོས་ཚལ་ལ་སོགས་པར་ཟན་ཟ་བར་བྱེད་

เล่ม ๑๖๒ · หน้า 65a

ན་དེར་ཆུ་བཙག་པར་བྱ་བའོ། །གལ་ཏེ་དེ་ཡང་ཡིན་ན་ཞུ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་པ་དེ་ཡང་བསོད་སྙོམས་པ་ཡིན་ན་དེའི་གནས་པས་གནས་ལ་ཞུ་བར་བྱ་སྟེ། ཅི་ལགས་ཐབས་ཅིག་ཏུ་བསོད་སྙོམས་ལ་འཇུག་པར་བགྱིའམ་འོན་ཏེ་སོ་སོར་ཞེས་དེ་སྐད་ཞུ་བར་བྱའོ། །གལ་

ཏེ་བཟོད་ཅིང་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འཇུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བསོད་སྙོམས་ལ་འཇུག་པ་ལ་གནས་གནས་པ་དང་ལྷན་ཅིག་འཇུག་པར་བཟོད་ཅིང་འགྲོགས་པར་འདོད་ན་དེའི་ཚེ་གནས་དེ་ཉིད་དང་ལྷན་ཅིག་འཇུག་པར་བྱ་བའོ། །ལྷན་ཅིག་འཇུག་པ་ན་གནས་པས་གང་བསྒྲུབ་པར་བྱ་བ་དེ་སྟོན་ཏེ།

ཉམ་ང་བ་ལ་སོགས་པར་མདུན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གླང་པོ་ཆེ་ལ་སོགས་པ་དང་ཕྲད་པའམ། གཡང་ས་དང་འདམ་རྫབ་ལ་སོགས་པ་དང་ཉེ་བར་གྱུར་པ་ན་གནས་པ་མདུན་དུ་འགྲོ་བར་བྱ་བའོ། །བསོད་པ་དེ་ལ་བདར་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་པས་བསོད་སྙོམས་བསོད་པ་བཟང་པོ་

ཞིག་རྙེད་ན། འདི་ལ་ཕུལ་ཅིག་ཅེས་གནས་དེ་ལ་བདར་བར་བྱའོ། །གལ་ཏེ་མ་འགྲོགས་ན་འོངས་ནས་བསྟན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་དང་གནས་པ་གཉིས་མ་འགྲོགས་པར་བསོད་སྙོམས་ལ་ཞུགས་ན་དེའི་ཚེ་གནས་པས་བསོད་སྙོམས་ལས་ཕྱིར་འོངས་ནས་གནས་ལ་བསོད་སྙོམས་བསྟན་པར་

བྱའོ། །ཆེས་མཆོག་ཏུ་གྱུར་པ་དབུལ་བར་བྱ་བའོ་ཞེས་བྱ་བ་ནི། གནས་པས་བཟའ་བ་དང་བཅའ་བ་ཆེས་མཆོག་ཏུ་གྱུར་པ་བཟང་པོ་གནས་ལ་འདི་བཞེས་ཤིག་ཅེས་དབུལ་ཞིང་བསྟབས་པར་བྱ་བའོ། །དེས་ཐམས་ཅད་ལ་ཚོད་རིག་པར་བྱའོ་ཞེས་བྱ་བ་ནི། གནས་དེས་བསོད་པ་བསྟབས་པ་འབའ་

ཞིག་ལ་མ་ཡིན་གྱི། ཐམས་ཅད་ལ་ཚོད་རིག་པར་བྱ་ཞིང་། ཚོད་རིག་པར་བྱ་སྟེ། གང་གིས་གནས་པ་ལ་གནོད་པར་མི་འགྱུར་བ་དེ་ལྟར་བྱ་བའོ། །ཆུ་སྣོད་དགང་བར་བྱའོ་ཞེས་བྱ་བ་ལ། ཆུ་སྣོད་རིལ་བ་སྤྱི་བླུགས་ལ་སོགས་པ་སྟེ། དེ་དག་དགང་བ་ནི་ཆུ་སྣོད་དགང་བར་བྱ་བའོ། །དུས་བརྗོད་པར་བྱའོ་

ཞེས་བྱ་བ་ནི། གདུགས་ཚོད་བབ་པོ་ཞེས་ཟས་ཀྱི་དུས་བརྗོད་པར་བྱ་བའོ། །ཟན་ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུ་བར་བྱའོ་ཞེས་བྱ་བ་ནི། གནས་ཀྱིས་ཟན་ཟོས་ནས་གནས་པས་ལྷུང་བཟེད་ལ་སོགས་པ་བཀྲུ་བར་བྱ་བའོ། །སོགས་པའི་སྒྲས་ནི། ལྷུང་བཟེད་ཆུང་ངུ་ལ་སོགས་པ་དག་

เล่ม ๑๖๒ · หน้า 65b

བསྡུའོ། །དེ་དག་གཞག་པར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པ་བཀྲུས་པ་དེ་དག་རང་རང་གི་གནས་སུ་གཞག་པར་བྱ་བའོ། །མཆོད་རྟེན་ལ་ཕྱག་འཚལ་བ་ན་འདག་རྫས་དང་ཆུ་ལ་སོགས་པ་དབུལ་ལོ་ཞེས་བྱ་བ་ནི། གནས་མཆོད་རྟེན་གྱི་བྱི་དོར་བྱེད་པ་ན། གནས་པས་འདག་རྫས་དང་

ཆུ་ལ་སོགས་པ་དབུལ་བར་བྱ་སྟེ། འདག་རྫས་དང་ཆུ་དང་ཕྱག་མ་ལ་སོགས་པ་དག་དབུལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི། གནས་ཀྱི་རྐང་པ་བཀྲུ་བ་དེར་གཏོགས་པ་བསྐུ་མཉེ་དང་དྲིལ་ཕྱིས་ལ་སོགས་པ་བྱ་བ་གང་ཡིན་པ་དེ་ལ་གནས་

པས་ནན་ཏན་བྱ་བའོ། །མལ་དང་སྟན་བཤམ་པར་བྱའོ་ཞེས་བྱ་བ་ནི། གནས་པས་གནས་ཀྱི་མལ་དང་སྟན་བཤམ་པར་བྱ་བའོ། །ཤམ་ཐབས་ཀྱི་གཟན་དབུལ་བར་བྱའོ་ཞེས་བྱ་བ་ནི། ཤམ་ཐབས་ཀྱི་གཟན་ནུབ་མོའི་གོས་དབུལ་ཞིང་བསྐོན་པར་བྱ་བའོ། །ཤམ་ཐབས་བླང་བར་བྱའོ་ཞེས་བྱ་བ་ནི། གནས་ཀྱི་ཤམ་ཐབས་ཤམ་ཐབས་ཀྱི་གཟན་

གྱིས་བརྗེས་ནས་གནས་པས་བླང་ཞིང་གཞག་པར་བྱ་བའོ། །རྐང་པའི་ཆུ་དང་རྟེན་དང་ཆོལ་ཟངས་དབུལ་བར་བྱའོ་ཞེས་བྱ་བ་ལ། རྐང་པའི་ཞེས་བྱ་བའི་སྒྲ་ནི། ཆུ་དང་རྟེན་གཉི་ག་དང་སོ་སོར་སྦྱར་བར་བྱ་སྟེ། རྐང་པའི་ཆུ་ལ་སོགས་པ་དབུལ་བར་བྱ་བ་ནི། རྐང་པ་བཀྲུ་བའི་ཆུ་དང་རྐང་རྟེན་དང་ཆོལ་

ཟངས་དབུལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཆིལ་ལྷམ་གཉིས་ཕྱིའོ་ཞེས་བྱ་བ་ནི། གནས་ཀྱི་མཆིལ་ལྷམ་གཉིས་ཕྱི་བར་བྱ་བ་སྟེ། གནས་པས་ཕྱིར་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པ་ཕྱག་མ་ཐོགས་པ་མཐོང་ན་ལས་ཆུང་བར་བྱའོ་ཞེས་བྱ་བ་ལ།

སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པར་ཞེས་བྱ་བ་ལ། སྨོས་པ་ནི་བསྐོས་ན་རང་ཁོ་ནའི་ལས་ཡིན་པའི་ཕྱིར་མ་བསྐོས་པར་ཞེས་བྱ་བ་སྨོས་ཏེ། ཕྱག་དར་ལ་སོགས་པ་སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པའི་གནས་སོ། །གང་གིས་ཕྱག་མ་ཐོགས་པར་གྱུར་པ་དེ་ནི་ཕྱག་མ་ཐོགས་པ་སྟེ། མ་བསྐོས་པར་

ཕྱག་མ་ཐོགས་པའི་གནས་དེ་མཐོང་ན་ལས་ཆུང་བར་བྱ་སྟེ། བདག་གིས་བླང་བ་ལ་སོགས་པས་གནས་དེ་ལས་ཆུང་ངུར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གོས་འཚེམ་པ་ཉིད་དུ་མ་བསྐོས་པར་ཁབ་ཐོགས་པ་ཡང་ངོ་ཞེས་བྱ་བ་ལ། གོས་འཚེམ་པ་ཉིད་དུ་མ་བསྐོས་པར་ཞེས་བྱ་བ་ཡང་གལ་ཏེ་བསྐོས་ན་

เล่ม ๑๖๒ · หน้า 66a

རང་ཁོ་ནའི་ལས་ཡིན་པའི་ཕྱིར། མ་བསྐོས་པར་ཞེས་བྱ་བ་སྨོས་སོ། །གང་གིས་ཁབ་ཐོགས་པར་གྱུར་པ་དེ་ནི་ཁབ་ཐོགས་པ་སྟེ་གནས་སོ། །ཡང་ངོ་ཞེས་བྱ་བ་ནི། མཐོང་ན་ལས་ཆུང་ངུར་བྱའོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་དེ་གོས་འཚེམ་

པ་ཉིད་དུ་མ་བསྐོས་ན་དེའི་ཚེ་གནས་པས་གནས་ཁབ་ཐོགས་པ་མཐོང་ན། ལས་ཆུང་ངུར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རུང་བར་བྱ་བ་དང་སྔོ་ཆུང་ངུར་བརྔ་བ་དང་། མེ་ཏོག་དང་འབྲས་བུ་བཏོག་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པ་ཡང་དགེ་ཚུལ་བསྐོའོ་ཞེས་བྱ་བ་ལ། རུང་བར་བྱ་

བ་ནི་ཤིང་ཏོག་ལ་སོགས་པའོ། །སྔོ་ཆུང་ངུར་བརྔ་བ་ནི་མཆོད་རྟེན་ལ་སོགས་པ་དག་ལའོ། །མེ་ཏོག་བཏོག་པ་དང་། འབྲས་བུ་བཏོག་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་འབུལ་བ་དང་། དེ་དག་ལ་སོགས་པ་གང་ཡིན་པ་དེ་ནི་དེ་དག་ལ་སོགས་པའོ། །རུང་བར་བྱ་བ་ལ་སོགས་པ་དེ་དག་གནས་ཀྱི་

ཆེད་དུ་དགེ་ཚུལ་བསྐོ་ཞིང་བྱེད་དུ་གཞུག་པ་གནས་པས་ལྷག་པར་བྱ་བར་རིག་པར་བྱའོ། །དེའི་ཕྱིར་ཡང་ཞེས་བྱ་བའི་སྒྲས་གནས་པས་བྱ་བ་སྔར་བསྟན་པ་ཐམས་ཅད་དང་གནས་འབའ་ཞིག་ལ་བྱ་བར་ཡང་མ་ཟད་ཀྱི་དགེ་འདུན་ལ་ཡང་དེ་དག་ཐམས་ཅད་དགེ་ཚུལ་བསྐོ་ཞིང་བྱེད་དུ་གཞུག་པར་སྟོན་ཏོ། །

སྒོ་གླེགས་ལ་བརྡབ་པས་ནང་ན་གནས་པ་ལ་གོ་བར་བྱའོ་ཞེས་བྱ་བ་ནི། ཕྱི་རོལ་ན་གནས་པའི་དགེ་སློང་ནང་དུ་འོང་བར་འདོད་པས་སྒོ་གླེགས་སྒོ་མོ་ལ་ལག་པ་ལ་སོགས་པས་བརྡབ་པས་དགེ་སློང་གནས་ཁང་གི་ནང་ན་འདུག་པ་ནང་ན་གནས་པ་ལ་གོ་བར་བྱ་བའོ། །ཆོ་ག་འདི་ནི་གནས་པ་འབའ་ཞིག་གི་

ཡུལ་ལ་མ་ཡིན་གྱི་ཐམས་ཅད་ཀྱི་དབང་དུ་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ནི་དལ་བུས་དང་ཡུན་མི་རིང་བར་བྱའོ་ཞེས་བྱ་བ་ལ། སྒོ་གླེགས་ལ་བརྡབ་པ་དེ་ནི་དལ་བུས་བྱ་སྟེ། དེ་ནི་སྒྲ་ཡིད་དུ་མི་འོང་བ་སྤང་བའི་ཕྱིར་རོ། །ཡུན་མི་རིང་བར་བྱ་བ་ནི། ཡུན་རིང་པོར་སྒོ་གླེགས་ལ་བརྡབ་པར་མི་བྱའོ་ཞེས་བྱ་བའི་

ཐ་ཚིག་གོ། །དེ་དྲག་ཏུ་མི་དབུལ་ལོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི། སྒོ་གླེགས་སོ། །དྲག་ཏུ་མི་དབུལ་ལོ་ཞེས་བྱ་བ་ནི་དྲག་ཏུ་ཕུལ་ཏེ་མི་དབྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །དལ་བུས་ཤེས་བཞིན་དུ་འཇུག་པ་དང་འབྱུང་བ་དང་། སྒོ་སྐྱེས་ལ་མི་དྲུད་པར་བྱའོ་ཞེས་བྱ་བ་ལ། དལ་བུས་ཞེས་བྱ་བ་ནི། ཧ་

เล่ม ๑๖๒ · หน้า 66b

ཅང་མི་མགྱོགས་པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། སེམས་རྣམ་པར་མ་གཡེངས་པ་སྟེ། འདི་ལྟར་དྲན་པ་མངོན་དུ་གྱུར་པར་རོ། །འཇུག་པ་ཞེས་བྱ་བ་ནི་གནས་ཁང་ལ་སོགས་པར་རོ། །འབྱུང་བ་ཞེས་བྱ་བ་ནི། ཕྱི་རོལ་དུ་དེ་ཁོ་ན་བཞིན་ནོ། །སྒོ་སྐྱེས་ལ་མི་དྲུད་པར་བྱ་བ་ནི། ཅི་ནས་ཀྱང་དེ་གཉིས་ལ་

མི་འཇར་བ་དེ་ལྟར་བྱ་བའོ། །དེ་ནི་ཆོས་གོས་མ་རུང་བར་འགྱུར་བ་དགག་པ་ལྷུར་བྱ་བའི་ཕྱིར་རོ། །དེ་ལ་བཀུར་སྟི་བྱའོ་ཞེས་བྱ་བ་ནི། གནས་དེ་ལ་བཀུར་སྟི་བྱ་བའོ། །སྒོ་གླེགས་ལ་བརྡབ་པ་ལ་སོགས་པའི་མདོས་གནས་པའི་དབང་དུ་བྱ་བ་རྒྱུན་ཆད་པས་དེའི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་ཏེ། གནས་དེ་ལ་ཞེས་

བསྙགས་པའི་ཕྱིར་རོ། །བཞར་བར་བྱའོ་ཞེས་བྱ་བ་ནི། གནས་པས་གནས་དེ་ལ་བཞར་བར་བྱ་སྟེ། ཐག་མི་རིང་བར་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ཞེ་འགྲས་པ་ལ་མི་བཞར་རོ་ཞེས་བྱ་བ་ནི། གནས་དང་ལྷན་ཅིག་ཞེ་འགྲས་པའི་གང་ཟག་ལ་གནས་པས་མི་བཞར་བའོ། །དེ་ལ་ཁྲེལ་ཡོད་

པར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གནས་ལའོ། །འདི་སྐད་བསྟན་ཏེ། གནས་པས་གནས་ལ་ངོ་ཚ་ཤེས་པ་དང་བཅས་པས་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་བྱ་བ་ལ་གྲིམས་པར་བྱ་བ་དང་ཞེས་བྱ་བ་ནི། གནས་དེའི་ལས་སུ་བྱ་བ་ལ་གནས་པས་གྲིམས་པར་བྱ་སྟེ། ལེ་ལོ་མི་

བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གུས་པར་བྱ་སྟེ་བྱ་བ་དང་ཞེས་བྱ་བ་ནི། གནས་ཀྱི་བྱ་བ་ཆོས་གོས་ལ་སོགས་པའི་ལས་ལ་གནས་པས་གུས་པར་བྱ་སྟེ་བྱ་བའོ། །མཛེས་པས་འཇུག་པར་བྱ་བའོ་ཞེས་བྱ་བ་ནི། གནས་ཀྱི་བྱ་བ་ལ་གནས་པས་འགྲོ་བ་དང་ལྡོག་པ་ལ་སོགས་པ་མཛེས་པའོ། །བཟེབས་

འཇུག་པ་བྱ་བ་བརྩམ་པར་བྱ་བའོ། །ངོ་ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་དང་ཞེས་བྱ་བ་ལ་གནས་པ་གང་ལ་ངོ་ཚ་ཤེས་པ་ཡོད་པ་དེ་ནི་ངོ་ཚ་དང་ལྡན་པ་སྟེ། གནས་ཀྱི་བྱ་བ་ལ་ངོ་ཚ་ཤེས་པ་དང་བཅས་པར་བྱ་བའོ། །གུས་པ་དང་བཅས་པ་ཞེས་བྱ་བ་ནི། དེའི་བྱ་བ་ལ་གུས་པ་དང་བཅས་པར་

བྱ་བའོ། །འདི་ལྟར་ངོ་ཚ་དང་ལྡན་པའི་བྱེ་བྲག་ནི་གུས་པ་དང་བཅས་པ་ཡིན་མོད་ཀྱི་ཡུལ་ལ་འཇུག་པ་ཐ་དད་པས་སོ་སོར་བསྟན་ཏེ། ངོ་ཚ་དང་ལྡན་པ་ནི་བག་རྐྱོང་བ་ཞུམ་པར་བྱེད་པ་ཡིན་ལ། གུས་པ་དང་བཅས་པ་ནི་དེའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་མི་འཇུག་པའོ། །རྗེ་ས་དང་བཅས་

เล่ม ๑๖๒ · หน้า 67a

པ་ཞེས་བྱ་བ་ནི། གང་གི་དབང་གིས་ན་བདག་ལ་དབང་བའི་བླ་མ་མཐོང་ན་དེ་དང་བཅས་པར་འཇུག་པ་སྟེ། དེ་ནི་རྗེ་ས་དང་བཅས་པ་ཡིན་ནོ། །སེམས་དམའ་བ་དང་ཞེས་བྱ་བ་ནི། དེའི་བྱ་བ་ལ་ང་རྒྱལ་དང་རྒྱགས་པ་གཞོམ་པར་བྱ་བའོ། །ཤེས་བཞིན་གྱིས་རང་གི་དོན་མི་

ཉམས་པར་བྱའོ་ཞེས་བྱ་བ་ནི། ཤེས་བཞིན་གྱིས་རང་གི་དོན་བསམ་གཏན་དང་ཀླག་པ་ལ་སོགས་པ་མི་ཉམས་མི་འཆོར་བར་བྱ་བའོ། །འདི་སྐད་བསྟན་ཏེ། གནས་པས་ཅི་ནས་ཀྱང་རང་གི་དོན་མི་ཉམས་པ་དེ་ལྟར་བྱ་བ་ཐམས་ཅད་ལ་ཤེས་བཞིན་གྱིས་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་

བ་གང་ཡིན་ཞེས་ཚོལ་བ་ཅན་དུ་བྱའོ་ཞེས་བྱ་བ་ལ། གང་ལ་དགེ་བ་གང་ཡིན་ཞེས་ཚོལ་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ནི་དགེ་བ་གང་ཡིན་ཞེས་ཚོལ་བ་ཅན་ཏེ། གནས་པས་གནས་དང་འབྲེལ་བའི་བྱ་བ་དང་། གཞན་ཡང་གནས་བཅའ་བ་དང་ཞུ་བ་དང་འཁོར་སྦྱིན་པ་ལ་སོགས་པའི་ལས་ལ་ཅི་

འདི་ལས་དགེ་བར་འགྱུར་རམ་འོན་ཏེ་འདི་ལས་མི་འགྱུར་ཞེས་དེ་ལྟར་དགེ་བ་ཚོལ་བ་ཅན་དུ་བྱའི། འཇིག་རྟེན་གྱི་སྤྱོད་པ་ལ་གདུ་བར་བྱ་བ་ནི་མ་ཡིན་ནོ། །ཉེས་བྱེད་ལ་འཇུག་ན་བཟློག་པར་བྱའོ་ཞེས་བྱ་བ་ལ། ཉེས་བྱེད་ཅེས་བྱ་བ་ནི། བསླབ་པ་གཡེལ་བ་ལ་སོགས་པའོ། །དེ་ལ་འཇུག་ན་ཞེས་

བྱ་བ་ནི་གནས་དེ་བྱེད་ནའོ། །བཟློག་པར་བྱའོ་ཞེས་བྱ་བ་ནི། གནས་པས་སོ། །དགེ་བ་མི་འཕེལ་ན་དེ་བྱེད་པ་གཞན་ལ་གཏད་པར་གསོལ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ལ་གནས་པའི་དགེ་བ་བསམ་གཏན་དང་ཀླག་པ་ལ་སོགས་པ་འཕྲལ་གྱི་བྱ་བ་ལ་སོགས་པས་མི་འཕེལ་ཞིང་འཕེལ་

བར་མི་འགྱུར་ན། དགེ་བ་འཕེལ་བར་བྱེད་པ་དེ་བྱེད་པའི་གནས་གཞན་ལ་གནས་པ་བདག་ཉིད་གཏད་པར་གནས་ལ་གསོལ་བ་བྱ་སྟེ། བདག་གནས་དེ་ལྟར་དེ་ལ་གཏད་པར་གསོལ་ཞེས་གསོལ་བ་བྱ་བའོ། །གསོལ་ནས་གནས་ཀྱིས་ཇི་ལྟར་བྱ་ཞེ་ན་དེ་ལྟར་དེའི་ཕྱིར། དེས་ཀྱང་དེ་དྲི་བ་ལ་སོགས་པས་གནས་

ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་དེས་ཀྱང་གནས་པ་དེ་གནས་ཀྱི་འོས་དགེ་སློང་ལ་གཏད་པར་བྱའོ། །ཅི་མ་བརྟགས་པར་རམ་ཞེ་ན། དེའི་ཕྱིར། ངེས་པར་ཤེས་པར་བྱས་ནས་ཞེས་བྱ་བ་སྨྲས་ཏེ། དྲི་བ་ལ་སོགས་པས་གནས་ཀྱི་འོས་དེའི་ཚུལ་ཁྲིམས་དང་སྤྱོད་

เล่ม ๑๖๒ · หน้า 67b

པ་ལ་སོགས་པ་ངེས་པར་ཤེས་པར་བྱས་ནས་གནས་ཀྱི་འོས་སུ་རུང་ན་དེ་ལ་གཏད་པར་བྱའི་ཐམས་ཅད་ལ་ནི་གཏད་པར་མི་བྱའོ། །འདི་ནི་གནས་ཀྱིས་གནས་པ་ལ་བྱ་བ་གཞན་ཡིན་ཏེ། སྡིག་པའི་གྲོགས་པོ་ལས་བཟློག་པར་བྱའོ་ཞེས་བྱ་བ་ལ། སྡིག་པའི་གྲོགས་པོ་ལས་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་

པ་ལ་སོགས་པ་ལས་སོ། །བཟློག་པར་བྱའོ་ཞེས་བྱ་བ་ནི། གནས་པ་བཟློག་པར་བྱ་བ་སྟེ། དགག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ནི། གནས་ཀྱིས་གནས་པ་དེ་བསམ་གཏན་དང་ཀླག་པ་ལ་སོགས་པའི་དགེ་བ་ལ་སྦྱར་བར་བྱ་བའོ། །དེ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་

བ་ནི་གནས་ཀྱིས་གནས་པ་དེ་ལ་ཆོས་དང་ཟང་ཟིང་དག་གིས་དགེ་བ་དེ་ཉེ་བར་བསྒྲུབ་པར་བྱ་བའོ། །ལྟུང་བ་ལས་བསླང་བ་དང་། རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི། གནས་ཀྱིས་གནས་པ་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་ལས་བསླང་བའི་རྒྱུ་ལ་བརྩོན་

པར་བྱ་བ་དང་། རྗེས་སུ་མཐུན་པའི་རྐྱེན་དུ་འབབ་པ་ཁ་ན་མ་ཐོ་བ་མེད་པའི་འཚོ་བའི་ཡོ་བྱད་འཚོ་བའི་འཚོག་ཆས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དག་བསྒྲུབ་པ་འབྱོར་བར་བྱ་བ་ལ་བརྩོན་པར་བྱ་བ་དང་། གནས་པས་ཀྱང་གནས་ལ་དེ་གཉིས་བསྒྲུབ་པ་ལ་བརྩོན་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་

གོ། །གནས་དང་གནས་པའི་བྱ་བའི་ཞར་ལ་ནད་གཡོག་བརྟག་པའི་ཕྱིར། ལྷན་ཅིག་གནས་པ་དང་ཉེ་གནས་དང་། མཁན་པོ་དང་སློབ་དཔོན་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་སྨོས་འདྲིན་དང་འགྲོགས་བཤེས་ཀྱིས་ནད་

གཡོག་བྱའོ་ཞེས་བྱ་བ་སྨྲས་ཏེ། མདོའི་དོན་ནི་ལྷན་ཅིག་གནས་པ་ལ་སོགས་པས་ནད་གཡོག་དག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཏམ་འདྲེས་པ་ཞེས་བྱ་བ་ནི། གཅུགས་པའི་གཏམ་ལ་སོགས་པ་དག་གིས་དགའ་བར་སྤྱོད་པས་དགའ་བ་ཉིད་ཉེ་བར་སྒྲུབ་པར་བྱེད་པའོ། །ཕེབས་པར་སྨྲ་བ་

ཞེས་བྱ་བ་ནི། གང་དུ་ལྷན་ཅིག་ཏུ་བག་འབེབ་པར་གྱུར་ཅིང་ཀུན་དུ་སྨྲ་བར་བྱེད་པའོ། །སྨོས་འདྲིན་ཞེས་བྱ་བ་ནི། གང་དང་ལྷན་ཅིག་ཏུ་གནས་གཅིག་ན་འདུག་པ་དང་། ལམ་གཅིག་ཏུ་འགྲོ་བ་ལ་སོགས་པས་འདྲིས་པར་བྱེད། ངོ་ཤེས་པར་བྱེད་པའོ། །འགྲོགས་བཤེས་ཞེས་བྱ་བ་ནི།

เล่ม ๑๖๒ · หน้า 68a

གང་གིས་གང་མཐོང་ངམ་ཐོས་མ་ཐག་ཁོ་ནར་རྗེས་སུ་མཐུན་པ་མེད་ཀྱང་དགའ་བ་ཡོད་པའོ། །ད་ནི་ལྷན་ཅིག་གནས་པ་ལ་སོགས་པ་དག་གི་ནད་གཡོག་བྱ་བའི་རིམ་པ་བསྟན་པའི་ཕྱིར། བྱེད་པ་དང་པོ་མེད་ན་འོག་མས་སོ་ཞེས་བྱ་བ་སྨྲས་ཏེ། ནད་གཡོག་བྱེད་པ་གང་ཡིན་པ་

ནི། ནད་གཡོག་བྱེད་པའོ། །མདོ་གོང་མར་ལྷན་ཅིག་གནས་པ་དང་ཉེ་གནས་ལ་སོགས་པ་གང་དག་བསྟན་པ་དེ་དག་གི་དང་པོ་ནི། ལྷན་ཅིག་གནས་པ་གང་ཡིན་པ་སྟེ། ནད་གཡོག་བྱེད་པ་དང་པོ་ལྷན་ཅིག་གནས་པ་དེ་མེད་ན་ལྷན་ཅིག་གནས་པ་དེའི་འོག་མ་ཉེ་གནས་ལ་སོགས་པས་ནད་པ་དེའི་ནད་

གཡོག་དང་བསྙེན་བཀུར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་ནད་པ་དེ་ལ་ལྷན་ཅིག་གནས་པ་མེད་ན་དེའི་ཚེ་ཉེ་གནས་ཀྱིས་ནད་གཡོག་བྱའོ། །བྱེད་པ་དེ་ཡང་མེད་ན་མཁན་པོས་སོ། །བྱེད་པ་དེ་ཡང་མེད་ན་སློབ་དཔོན་གྱིས་སོ། །བྱེད་པ་དེ་ཡང་མེད་ན་མཁན་པོ་གཅིག་པས་སོ། །བྱེད་པ་

དེ་ཡང་མེད་ན་སློབ་དཔོན་གཅིག་པས་སོ། །བྱེད་པ་དེ་ཡང་མེད་ན་གཏམ་འདྲེས་པས་ཏེ། དེ་ལ་སོགས་པ་རིམ་བཞིན་དུ་སྦྱར་བར་བྱའོ། །སློབ་དཔོན་ཐམས་ཅད་ལས་ཀློག་པའི་སློབ་དཔོན་རིང་བའི་ཕྱིར་རོ། །དེ་འདིར་མ་བཟུང་ངོ་སྙམ་དུ་དོགས་པའི་ཕྱིར་འདིར་ཀློག་པའི་སློབ་དཔོན་ཡང་བཟུང་

བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ནད་གཡོག་བྱ་བའི་སྐབས་འདིར་སློབ་དཔོན་སྨོས་པས་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་ནད་གཡོག་བྱེད་པ་མཁན་པོ་མེད་ན་གནས་སྦྱིན་པའི་སློབ་དཔོན་གྱིས་ནད་གཡོག་བྱའོ། །དེ་མེད་ན་ལས་བྱེད་པས་སོ། །དེ་མེད་ན་གསང་སྟེ་

སྟོན་པས་སོ། །དེ་མེད་ན་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པས་སོ། །དེ་མེད་ན་ཐ་མར་ཀློག་པའི་སློབ་དཔོན་གྱིས་བྱའོ། །འོ་ན་གང་གི་ཚེ་ལྷན་ཅིག་གནས་པ་ལ་སོགས་པ་དག་ཅིག་ཅར་ན་བར་གྱུར་པ་དེའི་ཚེ་ནད་གཡོག་གིས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ཅིག་ཅར་མི་ནུས་ན་གནས་པ་གང་དང་འཇུག་པའི་འོ་

ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་གི་དངོས་པོ་ནི་ཅིག་ཅར་ཏེ་ནད་པ་རྣམས་ཅིག་ཅར་ནད་ཀྱིས་བཏབ་ནའོ། །ནད་གཡོག་གིས་ཀྱང་ནད་གཡོག་བྱེད་པར་མི་ནུས་ན་ནད་གཡོག་གིས་གནས་པའི་ནད་གཡོག་བྱའོ། །འདིར་ཡང་གནས་པ་ཞེས་བྱ་བའི་སྒྲས་ནི་གནས་ཀྱི་ཚིག་ཡིན་པར་རིག་པར་བྱ་སྟེ། གནས་པར་བྱ་བའི་

เล่ม ๑๖๒ · หน้า 68b

ལས་ལ་གནས་པ་ཞེས་བྱ་བའི་ཚིག་ཏུ་བྱས་པའི་ཕྱིར་རོ། །གལ་ཏེ་གནས་མང་པོ་དག་ཅིག་ཅར་ན་བར་གྱུར་ན། གནས་གང་གིས་ནད་གཡོག་བྱ་ཞེ་ན། དེའི་ཕྱིར། གང་དང་འཇུག་པའི་འོ་ཞེས་བྱ་བ་སྨྲས་ཏེ། གང་ལ་ཞུ་ཞིང་བྱ་བ་བྱེད་པའི་གནས་དེའི་ནད་གཡོག་བྱའོ། །འདི་སྐད་བསྟན་ཏེ། ནད་གཡོག་བྱ་

དགོས་པ་མང་པོ་ཅིག་ཅར་ན་བར་གྱུར་ལ་ནད་གཡོག་དེས་ཀྱང་ནད་གཡོག་བྱ་དགོས་པ་ཐམས་ཅད་ཀྱི་ནད་གཡོག་བྱེད་མི་ནུས་ན་དེའི་ཚེ་གནས་ཀྱི་ནད་གཡོག་བྱའོ། །གལ་ཏེ་གནས་ཀྱང་མང་ཞིག་ཡོད་ན་དེའི་ཚེ་གང་ལ་ཞུ་ཞིང་བྱ་བ་བྱེད་པ་དེ་ཁོ་ནའི་ནད་གཡོག་བྱའོ། །གལ་ཏེ་དེའི་སྐབས་སུ་ནད་གཡོག་བྱ་དགོས་

པ་གཞན་ཞིག་བཅལ་ཐག་པར་གྱུར་ལ་གནས་དེའི་སྲོག་གི་བར་ཆད་དུ་འགྱུར་བའི་འཇིགས་པ་མེད་ན་དེའི་ཚེ། བཅལ་ཐག་པར་གྱུར་པ་དེའི་ནད་གཡོག་བྱའོ། །མདོ་ཞེས་བྱ་བ་ནི་དོན་མདོར་སྨོས་པས་མདོ་ཡིན་པའི་ཕྱིར་དེས་ན་འདི་ཡང་སྨོས་པ་ཉིད་ཡིན་པར་རིག་པར་བྱ་སྟེ། གལ་ཏེ་ལས་བྱེད་པ་དང་

གསང་སྟེ་སྟོན་པ་དང་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པ་དང་ཀློག་པ་དང་ལྷན་ཅིག་གནས་པ་དང་། ཉེ་གནས་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་དག་ཅིག་ཅར་ན་བར་གྱུར་ལ། ཐམས་ཅད་

ཀྱི་ནད་གཡོག་བྱེད་མི་ནུས་ན་ཡང་དེའི་ཚེ་རིམ་པ་བསྟན་པ་སྔར་སྨྲས་པ་བཞིན་དུ་ནད་གཡོག་བྱ་སྟེ། ཇེ་དང་པོར་སློབ་དཔོན་གྱི་ནད་གཡོག་བྱའོ། །དེ་མེད་ན་ལྷན་ཅིག་གནས་པའིའོ། །དེ་མེད་ན་ཉེ་གནས་ཀྱིའོ། །དེ་མེད་ན་མཁན་པོ་གཅིག་པ་ལ་སོགས་པ་རིམ་བཞིན་དུ་འགྲོགས་བཤེས་ཀྱི་མཐར་

ཐུག་པའི་བར་དག་གི་ནད་གཡོག་བྱ་བར་རིག་པར་བྱའོ། །གཞན་ལ་ཡང་ནད་གཡོག་གི་ཆོ་ག་འདྲ་བར་བསྟན་པའི་ཕྱིར། འདིར་དེའི་རྟགས་བརྩམས་པ་ཡང་རབ་ཏུ་བྱུང་བ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཞེས་བྱ་བ་ནི། ནད་གཡོག་བྱ་བ་ལའོ། །གང་གིས་རབ་ཏུ་བྱུང་བའི་རྟགས་བརྩམས་

པ་དེ་ནི་དེའི་རྟགས་བརྩམས་པ་སྟེ། གལ་ཏེ་རབ་ཏུ་འབྱུང་བའི་ཕྱིར། སྐྲ་བྲེག་པ་ལ་སོགས་པའི་རྟགས་ཙམ་གྱིས་བདག་ཉིད་བཅོས་པར་གྱུར་པ་དེ་ནི། རབ་ཏུ་བྱུང་བ་དང་འདྲ་བར་བལྟ་བར་བྱ་སྟེ། ཇི་ལྟར་རབ་ཏུ་བྱུང་བའི་ནད་གཡོག་བསྟན་པ་བཞིན་དུ་དེའི་རྟགས་བརྩམས་པའི་ནད་གཡོག་ཀྱང་

เล่ม ๑๖๒ · หน้า 69a

དེ་ཁོ་ན་བཞིན་དུ་བྱའོ། །ཚངས་པ་མཚུངས་པར་སྤྱོད་པ་ན་ན་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི། ཚངས་པ་མཚུངས་པར་སྤྱོད་པ་གང་ལ་ལ་ཞིག་ན་བར་གྱུར་ན་དེ་དགེ་འདུན་དུ་དགེ་སློང་དག་གིས་ཡལ་བར་མི་དོར་བ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་ཞེས་སྨོས་པ་ནི་ངེས་པ་ཁོ་

ནར་བྱ་བ་བསྟན་པའི་ཕྱིར་རོ། །ཇི་ལྟར་ཡལ་བར་མི་དོར་བ་དེ་བསྟན་པའི་ཕྱིར། དེ་ལ་ནད་གཡོག་མེད་ན་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ་ཞེས་བྱ་བ་ནི། ནད་པ་དེ་ལ་ནད་གཡོག་མེད་ན་དེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་ནད་གཡོག་བསྐོའོ། །གང་མན་ཆད་ལས་བསྐོ་བར་བྱ་ཞེ་ན།

དེའི་ཕྱིར་མཐར་ཐུག་པ་མན་ཆད་ལས་ཞེས་བྱ་བ་སྨྲས་ཏེ། མཐར་ཐུག་པ་མན་ཆད་ལས་ཞེས་བྱ་བ་ནི། གལ་ཏེ་ནད་གཡོག་གཅིག་གིས་ནད་པའི་བྱ་བ་ཐམས་ཅད་སྒྲུབ་པར་མི་ནུས་ན་དེའི་ཚེ་གཉིས་པ་བསྐོའོ། །གལ་ཏེ་དེ་གཉིས་ཀྱིས་ཀྱང་བྱར་མི་ནུས་ན། དེའི་ཚེ་གསུམ་པ་ལ་སོགས་པ་ནས་དགེ་

འདུན་གྱི་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ། །འདིར་གཞུང་ནི། ཐམས་ཅད་མེད་ན་དགེ་འདུན་གྱིས་ནད་པའི་གནས་སྐབས་ཡོངས་སུ་ཤེས་པར་བྱ་སྟེ། ནད་གཡོག་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་བསྐོ་བར་བྱ་ཞིང་། ཆེར་ན་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ་ཞེས་གསུངས་

པ་ཡིན་ནོ། །སྨན་བརྟག་པར་བྱ་བའི་ཕྱིར། དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་ཞེས་བྱ་བ་སྨྲས་ཏེ། སྨན་ནི་སྤྱད་དུ་རུང་ངོ་། །གང་ལས་བྱུང་བ་ཞེ་ན། དགེ་འདུན་ལས་བྱུང་བའོ། །སུས་ཤེ་ན་ནད་པ་འབའ་ཞིག་གིས་ཏེ། ནད་གཡོག་ལ་སོགས་པས་སྤྱད་དུ་མི་རུང་

ངོ་། །འདིར་གཞུང་ནི་ཁྱིམ་བདག་སྒྲེ་བོའི་རྫས་ལས་སྨན་གང་ཡིན་པ་དེ་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱ་ཞིང་། དགེ་སློང་ནད་པ་དག་གིས་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་སྐད་གསུངས་པ་དེ་མདོ་འདིས་བསྡུས་པ་ཡིན་ནོ། །མེད་པ་ཉིད་ཡིན་ན་དེ་ནད་གཡོག་གིས་ཚོལ་དུ་གཞུག་གོ་ཞེས་

བྱ་བ་ནི། དགེ་འདུན་གྱི་སྨན་དང་ནད་པ་རང་གི་སྨན་མེད་པ་ཉིད་ཡིན་ན་དེའི་ཚེ་སྨན་དེ་ནད་གཡོག་གིས་ཡོན་བདག་གཞན་ཚོལ་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །མ་འབྱོར་ན་དགེ་འདུན་གྱིས་སྦྱིན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ནད་གཡོག་གིས་ཡོན་བདག་གཞན་འཚོལ་དུ་བཅུག་ཀྱང་སྨན་དེ་མ་འབྱོར་ན་དེའི་ཚེ་

เล่ม ๑๖๒ · หน้า 69b

དགེ་འདུན་གྱི་དཀོར་ལས་ཟོང་སྦྱིན་པར་བྱའོ། །འདིར་སྨན་སྨོས་པ་ནི་མཚོན་པ་སྟེ། དངོས་པོ་གང་གིས་ནད་པའི་ནད་ཞི་བར་འགྱུར་བས་བྲེལ་བར་གྱུར་པའི་དངོས་པོ་རང་ལ་ཡང་མི་བདོག་ཚོལ་དུ་བཅུག་ན་ཡང་མ་རྙེད་ལ། དགེ་འདུན་གྱི་ལ་ནི་ཡོད་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དེ་ཐམས་ཅད་སྦྱིན་པར་

བྱའོ། །མེད་ན་སངས་རྒྱས་ཀྱི་ལས་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་ཞེས་བྱ་བ་ནི། དགེ་འདུན་གྱི་མེད་ན་སངས་རྒྱས་ཀྱི་ལས་སྦྱིན་པར་བྱའོ། །སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་ཞེས་བྱ་བ་ནི། སྐུ་གཟུགས་དང་མཆོད་རྟེན་ལ་རྒྱན་ལ་སོགས་པ་བཏགས་པ་གང་ཡིན་པ་དེ་དག་གི་བར་ཡང་སྦྱིན་པར་བྱ་ན། སངས་

རྒྱས་ཀྱི་འམ་དགེ་འདུན་གྱི་དཀོར་གཞན་ལྟ་ལས་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་ནད་པའི་ནད་ལ་ཕན་པ་རང་གི་རྫས་ལ་མེད་ན་དེའི་ཚེ་དགེ་འདུན་གྱི་ལས་ཐམས་ཅད་སྦྱིན་པར་བྱའོ། །དེ་ཡང་མེད་ན་སངས་རྒྱས་ཀྱི་ལས་ཐམས་ཅད་སྦྱིན་པར་བྱ་སྟེ། འདི་ལ་

འགྱོད་པར་མི་བྱའོ་ཞེས་བསྟན་ཏོ། །དེའི་ཕྱིར་དགེ་འདུན་གྱི་ལས་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི་མཆོད་པ་བྱའོ་ཞེས་བྱ་བ་ནི། ནད་པ་དེའི་ཕྱིར་གལ་ཏེ་རང་དང་དེའི་འཁོར་གྱིས་ཀྱང་བྱེད་མི་ནུས་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དགེ་འདུན་གྱི་དཀོར་ལས་དཀོན་མཆོག་གསུམ་

ལ་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི་མཆོད་པ་བྱ་བའོ། །དེའི་ཕྱིར་མ་འབྱོར་ན་ཞེས་སྨོས་པ་དང་སྦྱར་ཏེ། རང་གི་རྫས་མེད་ན་དགེ་འདུན་གྱི་དཀོར་ལས་མཆོད་སྟོན་ལ་སོགས་པ་བྱ་བའོ། །མེད་ན་སངས་རྒྱས་ཀྱི་ལས་སོ་ཞེས་བྱ་བ་ནི། དགེ་འདུན་གྱི་དཀོར་མེད་ན་སངས་རྒྱས་ཀྱི་

དཀོར་ལས་ཐམས་ཅད་བྱ་བའོ། །དེ་གཉིས་ཀྱིས་བླངས་པ་དེས་མ་ཤི་ལ་འབྱོར་པ་ཡོད་ན་བསབ་པ་ཉིད་དུ་བྱའོ་ཞེས་བྱ་བ་ནི། དགེ་འདུན་དང་སངས་རྒྱས་དེ་གཉིས་ཀྱི་དཀོར་བླངས་པ་བསབ་པ་ཉིད་དུ་བྱའོ། །སུས་ཤེ་ན་དེའི་ཕྱིར་དེས་ཞེས་བྱ་བ་སྨྲས་ཏེ། སྔོན་ན་བར་གྱུར་པ་དེས་སོ། །གང་གི་ཚེ་ཞེ་

ན། དེའི་ཕྱིར་མ་ཤི་ལ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མ་ཤི་ན་དེའི་ཚེ་ནའོ། །ཅི་ཞིག་གིས་བསབ་ཅེ་ན། དེའི་ཕྱིར་འབྱོར་པ་ཡོད་ན་ཞེས་བྱ་བ་སྨས་ཏེ། འབྱོར་པ་མེད་ན་མ་བསབས་ཀྱང་ཉེས་པ་མེད་དེ། བསམ་པ་དག་པའི་ཕྱིར་དང་ཞིང་ཆེན་པོའི་གནས་སྐབས་སུ་སྤྱད་པའི་ཕྱིར་རོ། །ནད་གཡོག་

เล่ม ๑๖๒ · หน้า 70a

གི་ཚུལ་ཁྲིམས་བསྟན་པའི་ཕྱིར། ནད་གཡོག་གིས་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ནད་གཡོག་གིས་ནད་པ་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའི་བསྙེན་བཀུར་བྱ་བ་སྟེ། ནད་གཡོག་ལེགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚིག་དོན་

དང་ལྡན་པ་དང་ཆོས་དང་ལྡན་པ་བཅག་པར་མི་བྱའོ་ཞེས་བྱ་བ་ནི། ནད་པ་དེའི་ཚིག་གི་དོན་དང་ལྡན་པ་ཞེས་བྱ་བ་འཚོ་བ་ལ་ཕན་པ་དང་འབྲེལ་པ་དང་། ཆོས་དང་ལྡན་པ་ཞེས་བྱ་བ་བསོད་ནམས་ལ་ཕན་པ་དང་འབྲེལ་པ་བཅག་པར་མི་བྱ་སྟེ། ནད་གཡོག་གིས་འདའ་བར་མི་བྱའོ། །ལྷག་པར་

ཆགས་པའི་དངོས་པོ་འགུགས་ན་དགག་པར་མི་བྱའོ་ཞེས་བྱ་བ་ལ། ལྷག་པར་ཆགས་པའི་དངོས་པོ་ཞེས་བྱ་བ་ནི། ཞེན་པའི་དངོས་པོ་ལྷུང་བཟེད་ལ་སོགས་པ་དག་གོ། །འགུགས་ནས་ཞེས་བྱ་བ་ནི། ནད་གཡོག་ལ་ཁོ་བོའི་དངོས་པོ་དེ་ཁྱེར་ཏེ་ཤོག་ཤིག་ཅེས་ལེན་དུ་འཆོལ་ནའོ། །

དགག་པར་མི་བྱའོ་ཞེས་བྱ་བ་ནི། བླངས་ཏེ་བསྟན་པར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་ནད་པས་ནད་གཡོག་ལ་ལྷུང་བཟེད་ལ་སོགས་པའི་དངོས་པོ་དེ་འོན་ཅིག་ཅེས་འགུགས་ཤིང་ལེན་དུ་འཆོལ་ན། དེའི་ཚེ་ནད་གཡོག་གིས་མི་དགག་པར་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གདམ་

པར་མི་བྱའོ་ཞེས་བྱ་བ་ནི། ནད་གཡོག་གིས་ནད་པ་དེ་ལ་གདམས་ངག་མི་སྦྱིན་པར་མི་བྱ་བའོ། །དེ་ནད་པས་བཟླ་བར་ཤིན་ཏུ་མི་བྱའོ་ཞེས་བྱ་བ་ནི། ནད་གཡོག་གིས་གདམས་ངག་བྱིན་པ་དེ་ནད་པས་བཟླ་བར་ཤིན་ཏུ་མི་བྱ་བ་སྟེ། འདའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་དེ་འཆིར་དོགས་ན་དགེ་འདུན་

གྱི་མལ་སྟན་ལས་བསླངས་ཏེ། གང་ཟག་གི་ལ་གཞག་པར་བྱའོ་ཞེས་བྱ་བ་ནི། ནད་གཡོག་དེས་ནད་པ་དེ་འཆིར་དོགས་ན་དགེ་འདུན་གྱི་མལ་སྟན་ལས་བསླངས་ཏེ། གང་ཟག་གི་མལ་སྟན་ལ་གཞག་པར་བྱ་བའོ། །ཇི་ལྟར་ཞེ་ན་དེའི་ཕྱིར། བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱི་སྒྱུ་ཐབས་ཀྱིས་སོ་ཞེས་བྱ་བ་ལ།

གཞག་པ་གང་ལ་བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཡོད་པ་དེ་ནི། བསྐུ་མཉེ་དང་ཁྲུས་སྔར་བྱ་བའོ། །དེའི་དངོས་པོ་ནི་བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་དེ། བསྐུ་མཉེ་དང་ཁྲུས་སྔར་བྱ་བ་དང་ལྡན་པའི་གཞག་པ་ཉིད་ཀྱི་སྒྱུ་ཐབས་དེས་གཞག་པར་བྱ་བའོ། །བསྐུ་མཉེ་དང་ཁྲུས་སྨོས་པ་ནི་མཚོན་པ་སྟེ། སྒྱུ་ཐབས་གཞན་དག་

เล่ม ๑๖๒ · หน้า 70b

གིས་ཀྱང་གཞག་པར་བྱའོ། །འདིར་འཆིར་དོགས་པའི་གནས་སྐབས་ཇི་ལྟར་ཡོངས་སུ་བརྟག་པར་བྱ་ཞེ་ན། དེའི་ཕྱིར་དེའི་གནས་སྐབས་ཀྱི་ཡོངས་སུ་བརྟགས་པ་ལ་འབད་པ་དང་ལྡན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འཆི་བ་དེའི་གནས་སྐབས་ཀྱི་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན་པར་བྱ་སྟེ།

གང་གི་ལུས་ཀྱི་གནས་སྐབས་ལ་འཆི་ལྟས་ལ་སོགས་པ་འཆི་བར་དོགས་པ་ཡོད་པ་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན་པར་བྱའོ། །འདིར་འབད་པ་ནི་ཡང་དང་ཡང་དུ་ནད་པ་ལ་བརྟག་པར་བྱ་བའོ། །དེས་སྨེ་བར་བྱས་པ་ཤི་བའི་གོས་དེ་དག་བཀྲུ་བ་ན་དེས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི།

ནད་པ་དེས་སྨེ་བར་བྱས་ནས་ཤི་བའི་གོས་དེ་དག་བཀྲུ་བ་ནི་ནད་གཡོག་དེས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་དག་གི་བཀྲུ་ཞེ་ན། དེའི་ཕྱིར། དེས་སྨེ་བར་བྱས་པ་ཞེས་བྱ་བ་སྨྲས་ཏེ། ནད་པ་དེས་གོས་གང་དག་སྨེ་བར་བྱས་པ་དེ་དག་ནི་དེས་སྨེ་བར་བྱས་པ་སྟེ། དེ་དག་གིའོ། །ཤི་བའི་

གོས་དེ་དག་ཅེས་བྱ་བ་ནི། ནད་གཡོག་དེས་ནད་པ་གང་གི་གཡོག་བྱས་པའི་ནད་པ་ཤི་བ་དེའི་གོས་དེ་དག་ནི་ཤི་བའི་གོས་དེ་དག་ཅེས་བྱའོ། །དེ་དག་གི་བཀྲུ་བ་ནི་ནད་གཡོག་དེས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ནད་གཡོག་དེས་བྱ་བ་ནི་དེས་བྱ་བའོ། །དེའི་དངོས་པོ་ནི་དེས་བྱ་བ་ཉིད་དེ་བཀྲུ་བ་ཞེས་

བྱ་བར་སྦྱར་རོ། །གནས་དང་གནས་པའི་དབང་དུ་བྱ་བའི་ཕྱིར་དགེ་འདུན་གྱི་གནས་བརྟན་ཡང་དགེ་འདུན་ཐམས་ཅད་ཀྱི་གནས་ལྟ་བུ་ཡིན་པས། དེའི་ཕྱིར་འདིར་དེ་བཀར་ཏེ་བརྗོད་པར་བྱའོ། །དགེ་འདུན་འདུས་པ་ན་དེའི་གནས་བརྟན་མདུན་དུ་འགྲོ་བར་བྱའོ་ཞེས་བྱ་བའོ། །དགེ་འདུན་འདུས་

པ་ཚོགས་པ་ནི་དེའི་གནས་བརྟན་ཞེས་བྱ་བ་དགེ་འདུན་གྱི་གནས་བརྟན་མདུན་དུ་འགྲོ་བར་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་འདུན་ཐམས་ཅད་འཚོགས་པ་ན་དགེ་འདུན་གྱི་གནས་བརྟན་སྣ་ལ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བའི་ཚེ་ཐོགས་ན་བསྡད་པར་བྱའོ་ཞེས་བྱ་བ་ནི། དགེ་

འདུན་ག་ཞིག་ཏུ་འགྲོ་བའི་ཚེ་དགེ་སློང་དག་ཐོགས་ན་དགེ་འདུན་གྱི་གནས་བརྟན་གྱིས་བསྡད་པར་བྱ་སྟེ། ཐོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་དེ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་དེ་དག་གིས་དགེ་འདུན་གྱི་གནས་བརྟན་དེ་ཐོགས་ན་བསྡད་པར་བྱ་བའོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི།

เล่ม ๑๖๒ · หน้า 71a

གནས་བརྟན་འབའ་ཞིག་ལ་མ་ཡིན་གྱི། དགེ་སློང་དག་ལ་ཡང་བསྡད་པར་བྱ་བའོ། །མ་བྱུང་བ་ལ་མི་རིང་བར་སོང་སྟེའོ་ཞེས་བྱ་བ་ནི། གལ་ཏེ་གནས་བརྟན་གནས་ཁང་ལ་སོགས་པ་ནས་མ་བྱུང་ན་གནས་བརྟན་མ་བྱུང་བ་དེ་ལ་དགེ་སློང་དག་གིས་མི་རིང་བར་སོང་སྟེ་བསྡད་པར་བྱ་བའོ། །གྲོང་

གི་ཉེན་ཀོར་དུ་ཡང་ངོ་ཞེས་བྱ་བ་ལ། ཉེན་ཀོར་ཞེས་བྱ་བའི་སྒྲ་ནི། ཉེ་བའི་ཚིག་ཡིན་ཏེ། གནས་བརྟན་གྲོང་གི་ཉེན་ཀོར་དུ་ཐོགས་པ་ལ་ཡང་དགེ་སློང་དག་གིས་བསྡད་པར་བྱ་བའོ། །གལ་ཏེ་འཇུག་པ་ན་ཕྱི་བཞིན་འོང་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་གྲོང་དུ་འཇུག་པར་འདོད་པ་ན་གནས་བརྟན་ཕྱི་

བཞིན་འོང་བ་སྣང་ན་དེ་དག་གིས་གནས་བརྟན་དེ་འོང་བ་མཐོང་ནས་བསྡད་པར་བྱ་བའོ། །གལ་ཏེ་སྦྲོན་པ་འོངས་ན་ཡང་དེ་ལ་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་དེ་ལྟར་སྡོད་པ་ན་གལ་ཏེ་གྲོང་ནས་སྦྲོན་པ་སྤྱན་འདྲེན་འོངས་ན་ཡང་དེའི་ཚེ་སྦྲོན་པ་དེ་ལ་དགེ་སློང་

རྣམས་ཀྱིས་འདི་སྐད་ཅེས་གནས་བརྟན་འོངས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱ་སྨྲ་བར་བྱའོ། །ཟས་ཀྱི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་དུས་ཡོད་ན་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཟས་བཟའ་བའམ་བཏུང་བའི་ཕྱིར་གྲོང་དུ་ཞུགས་ཏེ། སོན་པ་ཉིད་ན་གང་གི་ཚེ་ལག་པ་བསྙལ་

བའི་ཕྱིར་ལག་ཆུ་དྲངས་པ་དེའི་ཚེ་ལག་ཆུ་དྲངས་པ་དེ་ན་གལ་ཏེ་དགེ་སློང་རྣམས་ཀྱིས་གནས་བརྟན་བསྡད་པའི་དུས་ཡོད་དེ་དེ་གདུགས་ཚོད་ཀྱིས་ཐུབ་པ་ལྟ་ན་ཡང་ངོ་ཞེས་བྱ་བའི་སྒྲ་ལས་དེའི་ཚེ་ཞལ་ཏ་པ་ལ་འདི་སྐད་ཅེས་གནས་བརྟན་འོངས་ཀྱི་བར་དུ་ཅུང་སྡོད་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་འདི་འབྱུང་བར་

སྦྱར་རོ། །མེད་ན་གྲལ་དེར་དེའི་སྟན་གཞག་པར་བྱའོ་ཞེས་བྱ་བ་ནི། གདུགས་ཚོད་ལ་བབ་སྟེ། བསྡད་པའི་དུས་མེད་ན་བཀད་སའི་གྲལ་གྱི་གོང་དེར་གནས་བརྟན་དེའི་སྟན་གཞག་པར་བྱའོ། །བསྡད་པའི་སྐབས་སྨྲས་ནས། ད་ནི་གནས་བརྟན་དེའི་ཚུལ་ཁྲིམས་ཉིད་བརྗོད་པར་བྱ་སྟེ། འདུག་པ་དང་

ཕྱི་རོལ་དུ་ཡང་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི། གནས་བརྟན་གྱིས་དགེ་སློང་རྣམས་ཁྱིམ་གྱི་ནང་དུ་འདུག་པ་དང་སྡོད་ས་ཕན་ཆད་ཕྱི་རོལ་ཐམས་ཅད་དུ་ཡང་འདི་དག་ལ་ཁ་ཅིག་གིས་ལེགས་པར་མ་བགོས་པ་དང་ལེགས་པར་མ་སྦྱངས་པར་མ་གྱུར་ཏམ་ཞེས་སོ་སོར་བརྟག་པར་བྱ་བའོ། །སོ་སོར་བརྟགས་

เล่ม ๑๖๒ · หน้า 71b

ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ལེགས་པར་མ་བགོས་པ་ཉིད་དམ་ལེགས་པར་མ་སྦྱངས་པ་ཉིད་ཡིན་ན་མཛེས་པར་བྱ་བའི་ཕྱིར་དེ་གཉིས་ལ་བརྡ་བྱའོ་ཞེས་བྱ་བ་སྨྲས་ཏེ། ལེགས་པར་མ་བགོས་པ་ཉིད་ཅེས་བྱ་བ་ནི་སྟོད་ཀྱི་ཆོས་གོས་སོ། །ལེགས་པར་མ་སྦྱངས་པ་ཉིད་ཅེས་བྱ་བ་ནི། སྨད་ཀྱི་ཤམ་ཐབས་སོ། །

མཛེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུ་གུར་བྱ་བའི་ཕྱིར་རོ། །དེ་གཉིས་ལ་ཞེས་བྱ་བ་ནི། ལེགས་པར་མ་བགོས་པ་ཉིད་དང་། ལེགས་པར་མ་སྦྱངས་པ་ཉིད་དེ་གཉིས་ལའོ། །བརྡ་བྱའོ་ཞེས་བྱ་བ་ནི། ལེགས་པར་མ་བགོས་པ་ཉིད་དང་ལེགས་པར་མ་སྦྱངས་པ་ཉིད་ཀྱི་དགེ་སློང་དེ་གཉིས་ལ་ལག་བརྡ་ལ་

སོགས་པ་བྱ་བའོ། །གལ་ཏེ་བརྡ་བྱས་ཀྱང་མ་གོ་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མ་གོ་ན་དྲུང་ན་མོ་བྱེད་དུ་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། མ་གོ་ན་ཞེས་བྱ་བ་ནི། མ་ཚོར་ན་སྟེ། གལ་ཏེ་ལེགས་པར་མ་སྦྱངས་པའི་དགེ་སློང་དེ་ལ་དགེ་འདུན་གྱི་གནས་བརྟན་གྱིས་བརྡ་བྱས་པ་ན། མ་གོ་ན་དེའི་ཚེ་ལེགས་

པར་མ་བགོས་པ་ལ་སོགས་པའི་དགེ་སློང་དེའི་དྲུང་ན་མོའི་དགེ་སློང་གང་ཡིན་པ་དེ་བརྡ་བྱེད་དུ་གཞུག་གོ་ཞེས་བྱ་བ་ནི། མ་གྱུར་ན་རང་གིས་སོ་ཞེས་བྱ་བ་ནི། གལ་ཏེ་དྲུང་ན་མོའི་དགེ་སློང་གིས་བརྡ་བསྟན་པས་ཀྱང་མཛེས་པར་མ་གྱུར་ན་དགེ་འདུན་གྱི་གནས་བརྟན་རང་གིས་མཛེས་པར་བྱའོ། །གསར་བུ་དེ་དག་ལ་

ཀུན་དུ་སྨྲ་བར་མི་བྱའོ་ཞེས་བྱ་བ་ནི། གསར་བུ་གང་དག་ཡིན་པ་དེ་དག་ལ་དགེ་འདུན་གྱི་གནས་བརྟན་དེས་ཀུན་དུ་སྨྲ་བར་མི་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཙུག་ལག་ཁང་དང་དགོན་པ་དེར་དེ་དག་གི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དེ་འཛིན་དུ་གཞུག་པར་བྱ་ཞིང་

ངེས་པར་སྦྱར་བར་ཡང་ངོ་ཞེས་བྱ་བ་ནི། གཙུག་ལག་ཁང་དང་དགོན་པའི་གནས་དེར་གསར་བུ་དེ་དག་གི་ཚུལ་ཁྲིམས་འཇུག་པ་གནས་པའི་ཚུལ་ཁྲིམས་གཙུག་ལག་ཁང་དང་དགོན་པའི་ཚུལ་ཁྲིམས་ཀུན་སྤྱོད་པ་ལ་སོགས་པ་དེ་འཛིན་དུ་གཞུག་པར་བྱ་བ་གསར་བུ་རྣམས་ལ་གོ་བར་བྱ་ཞིང་ངེས་པར་སྦྱར་བ་ཡང་ངོ་

ཞེས་བྱ་བ་ལས་ཚུལ་ཁྲིམས་དེ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ཚུལ་ཁྲིམས་དེ་འཛིན་དུ་གཞུག་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགེ་འདུན་གྱི་གནས་བརྟན་གྱིས་གསར་བུ་རྣམས་ཚུལ་ཁྲིམས་དེ་ལ་ནན་ཏན་བྱ་བ་ལ་ངེས་པར་སྦྱར་བར་ཡང་བྱ་བའོ། །གློ་བུར་དུ་འོངས་པས་ན་སོ་སོར་བརྟགས་

เล่ม ๑๖๒ · หน้า 72a

ནས་གནས་མལ་གྱི་ཕྱིར་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གང་དག་གློ་བུར་དུ་ལྷགས་པ་དེ་དག་གི་ནང་ནས་དགེ་འདུན་གྱི་གནས་བརྟན་གང་ཡིན་པའི་གནས་བརྟན་གློ་བུར་དུ་འོངས་པ་དེས་རང་དང་ལྷན་ཅིག་ཏུ་གློ་བུར་དུ་ལྷགས་པ་རྣམས་ལ་སོ་སོར་བརྟགས་

པ་བགྲངས་ནས་གནས་མལ་ཐོབ་པར་བྱ་བའི་ཕྱིར་དགེ་སློང་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱ་བའོ། །འགྲོ་བར་ཆས་པས་ནི་ཕྱོགས་དང་འདྲོན་པ་དང་གནས་དང་གནས་མལ་དང་། གྲོགས་ན་ན་མི་དོར་བ་ཉིད་བརྟགས་ནས་འཕགས་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་འགྲོ་བར་ཆས་པ་རྣམས་

ཀྱི་ནང་ན་འགྲོ་བར་ཆས་པའི་གནས་བརྟན་གང་ཡིན་པ་གནས་བརྟན་འགྲོ་བར་ཆས་པ་དེས་ནི་ཕྱོགས་ལ་སོགས་པ་བརྟགས་ནས་འཕགས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འགྲོ་བར་ཆས་པའི་གནས་བརྟན་དེས་ཕྱོགས་གང་དུ་འདྲོན་པ་གང་དང་ལམ་གང་ནས་འགྲོ་བར་བྱ་བ་དང་། གནས་དགོན་པ་

ལ་སོགས་པ་འདོད་པ་གང་ཡིན་པ་དང་། དེར་སོན་པ་རྣམས་ཀྱི་གནས་མལ་གང་ཡིན་པ་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་བྱས་བརྟགས་ནས་གྲོགས་ཀྱང་བརྟགས་ཏེ། ན་བར་གྱུར་ན་གང་གིས་ཀྱང་འགའ་ཡང་མི་འདོར་བ་ཉིད་བརྟགས་ནས་དེ་ལྟར་ཡིད་ལ་བྱས་ཏེ་ཇི་ལྟར་བསམས་པའི་གནས་དེར་སོན་

པར་བྱ་བའི་ཕྱིར། འཕགས་པར་བྱའི་གཞན་དུ་ན་མི་འཕགས་སོ་ཞེས་བྱ་བ་སྟེ། འདིར་མདོའི་དོན་ནི་དེ་ཡིན་ནོ། །རིང་པོར་མ་སོན་པར་ཐམས་ཅད་ཀྱི་ཐ་མར་ལ་ལའི་ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ་ཞེས་བྱ་བ་ནི། འགྲོ་བར་ཆས་པའི་དགེ་འདུན་གྱི་གནས་བརྟན་དེས་འགྲོ་

བར་ཆས་པའི་དགེ་སློང་དེ་དག་ལ་འཕྲལ་དུ་དྲན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། རིང་པོར་མ་སོན་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་དེ་ནས་ཐག་རིང་པོར་མ་སོང་བར་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱི་ཐ་མར་ཞེས་བྱ་བ་ནི། གཞི་ནས་ཆ་བ་ལ་སོགས་པའི་བྱ་

བ་ཐམས་ཅད་ཟིན་ཏེ། གནས་ནས་སྤགས་པའི་འོག་ཏུའོ། །ལ་ལའི་ཞེས་བྱ་བ་ནི། དགེ་སློང་ལ་ལའིའོ། །ཅུང་ཟད་ཅེས་བྱ་བ་ནི་དངོས་པོའོ། །མ་ལུས་སམ་ཞེས་བྱ་བ་ནི། མ་བརྗེད་དམ་ཞེས་བྱ་བའོ། །འཕྲལ་དུ་དྲན་པར་བྱའོ་ཞེས་བྱ་བ་ནི་མོད་ལ་རྨ་བས་སོ། །གསར་བུ་རྣམས་མི་རྒོད་

เล่ม ๑๖๒ · หน้า 72b

པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བ་ལ་རྒོད་པ་ནི་ཉེ་བར་མ་ཞི་བའོ། །ཁེངས་པ་ནི་གྱང་གྱིང་ཆེ་བ་སྟེ། འགྲོ་བར་ཆས་པའི་གནས་བརྟན་གྱིས་གསར་བུ་རྣམས་དེ་ལས་བཟློག་པར་བྱ་ཞིང་། ཉེ་བར་ཞི་བ་དང་། རྒྱགས་པ་དང་། ང་རྒྱལ་ངེས་པར་བཅོམ་པ་ཉིད་ལ་དགོད་པར་

བྱའོ། །ཁྱིམ་ཕྱིར་ཉེ་བ་ན་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་ངོ་ཞེས་བྱ་བ་ལ། ཁྱིམ་ཕྱིར་ཉེ་བ་ན་ཞེས་བྱ་བ་ནི། གྲོང་དུ་སོན་པ་ནའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི། འགྲོ་བར་ཆས་པའི་གནས་བརྟན་འབའ་ཞིག་མ་ཡིན་གྱི་གནས་བརྟན་གཞན་ཐམས་ཅད་ཀྱིས་ཀྱང་ངོ་། །ཐམས་ཅད་ཅེས་བྱ་

བ་ནི། གསར་བུ་རྣམས་འབའ་ཞིག་མ་ཡིན་གྱི། རྒན་པ་གཞན་ཐམས་ཅད་ཀྱང་ངོ་། །ཀྱང་ངོ་ཞེས་བྱ་བ་ལས་ནི། མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཀུན་ཤེས་པར་བྱའོ་ཞེས་བྱ་བ་ནི། འགྲོ་བར་ཆས་པའི་དགེ་འདུན་གྱི་གནས་བརྟན་གྱིས་རང་གི་འཁོར་

མིང་ལ་སོགས་པའི་མཚན་མས་ཀུན་ཤེས་པར་བྱ་བ་སྟེ། འདི་ནི་བདག་གི་འཁོར་དུ་གཏོགས་པའི་གང་ཟག་གོ། །དེ་ཡང་བདག་གིས་བསྲུང་བར་བྱ་བའོ་ཞེས་བྱ་བའི་དོན་དུའོ། །སྤྱོད་པ་དང་སྤྱོད་ལམ་བསྟན་པ་དང་ལུང་མནོད་པ་ལ་སོགས་པ་དང་། ཟས་ཀྱི་རྙེད་པ་དང་། ནད་པ་ལ་བགོ་

བཤའ་བྱ་བ་ལ་སོགས་པའི་བྱ་བ་བསྒྲུབས་པས་ཕན་གདགས་པར་བྱའོ་ཞེས་བྱ་བ་ལ། སྤྱོད་པ་ཞེས་བྱ་བ་ནི། བསོད་སྙོམས་ལ་སོགས་པའི་སྤྱོད་ཡུལ་ལོ། །སྤྱོད་ལམ་ཞེས་བྱ་བ་ནི། འཆག་པ་ལ་སོགས་པའི་སྤྱོད་ལམ་མོ། །བསྟན་པ་ཞེས་བྱ་བ་ནི། དེ་གཉིས་བསྟན་པ་སྟེ། འདི་ནི་སྤྱོད་

ཡུལ་ལོ། །འདི་ནི་སྤྱོད་ཡུལ་མ་ཡིན་ནོ། །འདི་ལྟར་འགྲོ་བར་བྱའོ། །འདི་ལྟར་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་པའོ། །ལུང་མནོད་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཁ་ཏོན་ལ་སོགས་པ་དག་བསྡུའོ། །ཟས་ཀྱི་རྙེད་པ་ཞེས་བྱ་བ་ནི། བཟའ་

བ་དང་བཏུང་བ་ལ་སོགས་པའོ། །ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པ་ཞེས་བྱ་བ་ལ། ནད་པ་ལ་བགོ་བཤའ་བྱ་བ་ནི་སྨན་དང་ནད་གཡོག་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། ཆོས་གོས་ལ་སོགས་པ་ཟང་ཟིང་གི་བགོ་བཤའ་དག་བསྡུའོ་ཞེས་བྱ་བ་ནི། སྤྱོད་པ་དང་

เล่ม ๑๖๒ · หน้า 73a

སྤྱོད་ལམ་བསྟན་པ་དང་། ལུང་མནོད་པ་ལ་སོགས་པ་དང་། ཟས་ཀྱི་རྙེད་པ་དང་། ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པ་དེ་དག་ཉིད་བྱ་བའོ། །དེ་དག་བསྒྲུབས་པས་ཞེས་བྱ་བ་ནི་ནན་ཏན་བྱ་བས་སོ། །ཕན་གདགས་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་

གནས་བརྟན་གྱིས་དེ་དག་གི་གསར་བུ་རྣམས་ལ་ཕན་གདགས་པར་བྱའོ། །དབྱར་གནས་པར་ཁས་བླངས་པས་གཙུག་ལག་ཁང་གི་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ། བྱི་དོར་བྱེད་དུ་གཞུག་ཅིང་བྱི་དོར་བྱེད་པ་ལ་ནི་སྤྲོ་བར་བྱའོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པའི་གནས་བརྟན་

གྱིས་གཙུག་ལག་ཁང་གི་བྱི་དོར་བྱེད་དུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །གཙུག་ལག་ཁང་གི་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ། བྱི་དོར་བྱེད་དུ་གཞུག་ཅེས་བྱ་བ་འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་རང་དགར་དབྱར་གནས་པར་ཁས་བླངས་པ་དག་གཙུག་ལག་ཁང་གི་བྱི་དོར་མི་བྱེད་ན་དེའི་

ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཅི་ནས་ཀྱང་གཙུག་ལག་ཁང་གི་བྱི་དོར་བྱེད་པར་འགྱུར་བ་དེ་ལྟར་གྲོས་བཏབ་སྤྲོ་བར་བྱས་ཏེ། བྱི་དོར་བྱེད་དུ་གཞུག་པའོ། །གང་གི་ཚེ་རང་གི་ངང་ཁོ་ནས་བྱི་དོར་བྱེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་བྱི་དོར་བྱེད་པ་ལ་ནི་སྤྲོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། བྱ་བ་དེ་ནི་ཚུལ་

དང་མཐུན་པ་ཡིན་ནོ་ཞེས་གཟེངས་བསྟོད་པས་སྤྲོ་བར་བྱ་བའོ། །ཐམས་ཅད་ཀྱིས་འཁོར་དུ་གཏོགས་པ་གཏམ་འདོད་པ་དག་ལ་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པས་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི། གནས་བརྟན་ཐམས་ཅད་ཀྱིས་དགེ་སློང་འཁོར་དུ་གཏོགས་པ་ལ་ཆོས་ཀྱིས་ཕན་གདགས་པར་

བྱའོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི། གནས་བརྟན་ཐམས་ཅད་ཀྱིས་ཏེ། དབྱར་གནས་པའི་གནས་བརྟན་འབའ་ཞིག་གིས་བྱ་བར་མ་ཟད་པའོ། །གང་གི་ཚེ་ཞེ་ན། འཁོར་དུ་གཏོགས་པ་གཏམ་འདོད་པ་དག་གི་ཚེ་སྟེ། གལ་ཏེ་དགེ་སློང་དེ་དག་མདོ་སྡེ་དང་འདུལ་བ་ལ་སོགས་

པའི་ཆོས་ཀྱི་གཏམ་འདོད་ཅིང་གསོལ་བའི་ཚེའོ། །དེའི་ཚེ་དེ་དག་ལ་དགེ་འདུན་གྱི་གནས་བརྟན་ཐམས་ཅད་ཀྱིས་གང་ལ་གང་འོས་པའི་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པ་དེས་ཕན་གདགས་པར་བྱ་བའོ།། །།བམ་པོ་བདུན་པ། མི་སྨྲ་བ་ཉིད་ལ་དགའ་བ་དག་བཏང་སྙོམས་སུ་

เล่ม ๑๖๒ · หน้า 73b

གཞག་གོ་ཞེས་བྱ་བ་ལ་མི་སྨྲ་བའི་དངོས་པོ་ནི། མི་སྨྲ་བ་ཉིད་དོ། །གང་དག་དེ་ལ་དགའ་བའི་དགེ་སློང་དག་ཅི་དགར་བཏང་སྙོམས་སུ་གཞག་གོ། །འདིར་མི་སྨྲ་བ་ཉིད་ཅེས་བྱ་བ་ཡང་འཕགས་པའི་མི་སྨྲ་བ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ཉིད་ཡིན་པར་འདོད་ཀྱི། གྱི་ན་ཁ་རོག་སྟེ་འདུག་པ་ལ་ནི་

མི་བྱའོ། །ཁྱིམ་པ་དེ་ཉེ་བར་འོངས་པའི་འཚལ་མ་སྦྱོར་དུ་གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་གཙུག་ལག་ཁང་དུ་ཁྱིམ་པ་འོངས་ན་ཁྱིམ་པ་ཉེ་བར་འོངས་པའི་ཟན་སྦྱོར་དུ་གཞུག་གོ། །དགེ་འདུན་གྱི་གནས་བརྟན་གྱིས་དགེ་སློང་དག་ལ་གོ་བར་བྱ་སྟེ། ཟན་སྦྱོར་དུ་བཅུག་པ་ན་གལ་ཏེ་དགེ་སློང་

དག་སྟ་གོན་མི་བྱེད་དམ་ཁྱིམ་པ་དེ་དག་ཟན་མི་འདོད་ན་དེའི་ཚེ་མི་བྱེད་དམ་མི་འདོད་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱས་ནས་བདག་ཅག་ལ་འདི་ཡོད་དོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དག་ཟན་གྱི་སྟ་གོན་མི་བྱེད་དམ་ཁྱིམ་པ་དག་ཟན་བཟའ་བར་མི་འདོད་ན་ཁྱིམ་པ་དེ་དག་ལ་དགེ་

འདུན་གྱི་གནས་བརྟན་གྱིས་ཆོས་དང་ལྡན་པ་སྦྱིན་པ་ལ་སོགས་པའི་གཏམ་བྱའོ། །དེ་དག་བྱས་ནས་དགེ་འདུན་གྱི་གནས་བརྟན་གྱིས་དེ་དག་ཡང་དག་པར་དགའ་བར་བྱ་བའི་ཕྱིར། བདག་ཅག་དགེ་སློང་རྣམས་ལ་ཆོས་ཀྱི་སྦྱིན་པ་འདི་ཡོད་དོ་ཞེས་དེ་དག་ལ་བརྗོད་པར་བྱ་བའོ། །དེ་དག་དང་

ལྡན་པ་ཐམས་ཅད་ཀྱིས་འཁོར་ལ་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་འཁོར་དེ་དང་ལྡན་པའི་དགེ་སློང་ཐམས་ཅད་ཀྱིས་ཀྱང་རང་རང་གི་འཁོར་ལ་སོ་སོར་བརྟག་པར་བྱའི་དགེ་འདུན་གྱི་གནས་བརྟན་འབའ་ཞིག་གིས་བྱ་བར་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་མེད་པར་སྤྱོད་པ་ཚར་གཅོད་དོ་

ཞེས་བྱ་བ་ལ། གང་མི་དགོས་པ་བྱེད་པ་དེ་ནི་དོན་མེད་པར་སྤྱོད་པ་སྟེ། ཅི་ནས་ཀྱང་དོན་མེད་པས་དུས་ཡོལ་བར་བྱེད་པར་མི་འགྱུར་བ་དེ་ལྟར་ཚར་གཅད་པར་བྱ་བའོ། །དེ་ལ་འགྲོ་བ་ལ་སོགས་པ་དེ་ཇི་ལྟ་བ་བཞིན་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི། འཁོར་ལའོ། །འགྲོ་བ་ལ་སོགས་

པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི། འདི་ལྟར་འགྲོ་བར་བྱ། འདི་ལྟར་འདུག་པར་བྱ། འདི་ལྟར་ཉལ་བར་བྱ་བ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་དག་གི་དོན་དུ་འཁོར་ཇི་ལྟ་བ་བཞིན་བྱ་བ་བསྡུའོ། །དེ་ཞེས་བྱ་བའི་སྒྲ་ནི་འཁོར་ལ་སྙེགས་སོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་

เล่ม ๑๖๒ · หน้า 74a

ནི། འཁོར་དང་མཐུན་པར་བྱའོ། །འདི་སྐད་བསྟན་ཏེ། འཁོར་དང་ལྡན་པའི་དགེ་སློང་གིས་འགྲོ་བ་ལ་སོགས་པ་རང་གི་འཁོར་དང་མཐུན་པར་བྱ་སྟེ། འཁོར་དང་ལྡན་པ་དེས་རང་གི་འཁོར་རྣམས་ཀྱི་འགྲོ་བ་ལ་སོགས་པ་འཁོར་ཇི་ལྟ་བ་བཞིན་བསྒྲུབ་པར་

བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཏམ་སྣ་ཚོགས་དང་འགལ་བ་མེད་པར་བྱའོ་ཞེས་བྱ་བ་ལ། གཏམ་སྣ་ཚོགས་ཞེས་བྱ་བ་ནི། རྣམ་པར་འཕྲོས་པའི་གཏམ་མོ། །གཏམ་འགལ་བ་ཞེས་བྱ་བ་ནི། ཆོས་འདུལ་བ་དང་འགལ་བའོ། །འཁོར་དང་ལྡན་པ་གང་ལ་གཏམ་སྣ་ཚོགས་དང་

གཏམ་འགལ་བ་མེད་པ་དེ་ནི་གཏམ་སྣ་ཚོགས་དང་འགལ་བ་མེད་པ་སྟེ། འཁོར་དང་ལྡན་པ་དེས་འཁོར་དེ་ལ་ཁྱད་པར་དེ་ལྟ་བུ་དང་ལྡན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་དང་གནས་པའི་སྐབས་ཡིན་པའི་ཕྱིར་དེའི་ཞར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མདུན་དུ་འགྲོ་བར་མི་བྱའོ་ཞེས་

བྱ་བ་འདི་སྨྲས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གནས་ཀྱི་མདུན་དུ་འགྲོ་བར་མི་བྱའོ། །འདུག་པར་མི་བྱའོ་ཞེས་བྱ་བ་ནི། གོང་དུ་འདུག་པ་དང་འགྲེང་བར་མི་བྱ་བའོ། །སྨྲས་ན་སྨྲ་བར་བྱ་ཞིང་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། སྨྲས་ན་སྨྲ་བར་བྱ་ཞེས་བྱ་བ་ནི། དགེ་སློང་བླ་མས་སྨྲས་ཤིང་བརྗོད་ན། ཕྱི་

བཞིན་འབྲང་བའི་དགེ་སྦྱོང་གིས་སྨྲ་བར་བྱ་བ་སྟེ། བླ་མས་མ་སྨྲས་ཀྱི་བར་དུ་འོག་མས་ཅུང་ཟད་ཀྱང་སྨྲ་བར་མི་བྱ་བའོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ཡང་ན་དགེ་སྦྱོང་བླ་མས་གང་སྨྲས་པ་དེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་ཅང་མི་སྨྲ་བ་ཁོ་ནར་བསྒྲུབ་པར་བྱ་བའོ། །གཏམ་གྱི་བར་ཆད་མི་བྱའོ་ཞེས་བྱ་བ་

ལ། གཏམ་གྱི་བར་ཆད་ཅེས་བྱ་བ་ནི། གཏམ་ཟེར་བའི་བར་དུ་གཅོད་པའོ། །དགེ་སྦྱོང་བླ་མས་གཏམ་ཟེར་བ་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་གཏམ་གྱི་བར་ཆད་མི་བྱའོ། །ཆོས་མ་ཡིན་པ་སྨྲ་བ་ན་བཟློག་པར་བྱའོ་ཞེས་བྱ་བ་ནི། དགེ་སྦྱོང་བླ་མ་ཆོས་མ་ཡིན་པ་མི་རིགས་པ་སྨྲ་བ་ན་ཕྱི་བཞིན་འབྲང་བའི་

དགེ་སློང་གིས་བཟློག་པར་བྱ་དགག་པར་བྱའོ། །ཆོས་ཀྱིས་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་བླ་མ་ལ་སོགས་པ་ཆོས་སྨྲ་བ་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ལ་སོགས་པས་རྗེས་སུ་ཡི་རང་བར་བྱ་སྟེ། ལེགས་སོ་ཞེས་བྱ་བ་སྦྱིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་དང་ལྡན་པའི་རྙེད་པ་བྱུང་ན་

เล่ม ๑๖๒ · หน้า 74b

བླང་བར་བྱའོ་ཞེས་བྱ་བ་ནི། དགེ་སྦྱོང་བླ་མའི་ཆོས་དང་ལྡན་པའི་རྙེད་པ་ཞིག་བྱུང་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་བླང་བར་བྱ་སྟེ། དགེ་སྦྱོང་བླ་མ་རང་གིས་བླང་བ་ནི་ཚུལ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་ཁྲིམས་ཡིན་ནོ། །འདི་མན་ཆད་ནི་རབ་ཏུ་བྱུང་བའི་

གཞིའི་ཞར་ལ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་ཤེས་པར་བྱ་སྟེ། དེ་ལ་ཇེ་རེ་ཞིག་ཁྱིམ་དུ་འགྲོ་བའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ཁྱིམ་དུ་མི་རྒོད་པ་དང་མ་ཁེངས་པ་དང་མི་གནས་པར་བྱའོ་ཞེས་བྱ་བ་ནི། དགེ་སྦྱོང་ཁྱིམ་དུ་འགྲོ་བས་ཁྱིམ་དུ་མི་རྒོད་པར་བྱ་བ་དང་། མ་ཁེངས་པ་

ནི་གྱང་གྱིང་མེད་པར་བྱ་བ་དང་། མི་གནས་པ་ཞེས་བྱ་བ་ནི། དགེ་སྦྱོང་ཁྱིམ་དུ་འགྲོ་བས་ཁྱིམ་དུ་མི་གནས་པར་བྱས་ཏེ། ཁྱིམ་ནས་ཕྱིར་འགྲོ་འདོད་པར་བྱ་ཞིང་དེར་ཡུན་རིང་དུ་གནས་པའི་སེམས་མེད་པར་བྱ་བའོ། །མིག་སྨད་པ་དང་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ལ། གང་གིས་

མིག་སྨད་པ་དེ་ནི་མིག་སྨད་པ་སྟེ། ཡུལ་རྣམས་ལས་མིག་ཕྱིར་བླན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཡེང་བག་ཏུ་ལྟ་བ་ཉིད་ནི་ཚུལ་མ་ཡིན་པའི་ཕྱིར་རོ། །ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ནི། ཁྱིམ་དུ་སོན་པ་ན་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

ཅི་དང་ཅི་ལྟ་བུ་བྱ་ཞེ་ན། དེའི་ཕྱིར་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་བཟུང་བདག་ལ་དེ་དག་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཁྱིམ་དུ་འགྲོ་བས་ཁྱིམ་པ་དེ་

དག་སྦྱིན་པ་ལ་སོགས་པ་དག་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྦྱིན་པ་ཞེས་བྱ་བ་ནི་གང་གིས་སྦྱིན་པར་བྱེད་པ་དང་སྦྱིན་པར་བྱ་བའོ། །དུལ་བ་ཞེས་བྱ་བ་ནི། དབང་པོ་རྣམས་ལ་དབང་བྱེད་པའོ། །ཡང་དག་པར་སྡོམ་པ་ཞེས་བྱ་བ་ནི། ལུས་དང་ངག་གི་ཡང་དག་པར་སྡོམ་

པའོ། །ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང་ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་པའི་ཆོས་ལས་ཕྱིར་ལྡོག་པའོ། །ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། འཇུག་པ་ཐམས་ཅད་ལ་དྲན་པས་

เล่ม ๑๖๒ · หน้า 75a

བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ལྟུང་བའི་སྒོར་གྱུར་པ་ལ་སྟེ། བྱ་བ་བརྩམ་པ་གང་ལས་ལྟུང་བ་འབྱུང་བར་འགྱུར་བ་ཡོད་པ་ལྟུང་བ་འབྱུང་བའི་སྒོར་གྱུར་པ་དེ་ལའོ། །ཁྱིམ་དུ་འཇུག་པ་དང་བསོད་སྙོམས་བླང་བ་ལ་སོགས་པ་དང་འགྲོ་

བ་དང་འཇུག་པ་དང་། ལྷུང་བཟེད་བཟེད་པ་ལ་སོགས་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱ་སྟེ། དགེ་སློང་དྲན་པ་མངོན་དུ་གྱུར་པས་བྱ་བ་དེ་དག་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་བྱ་བ་རྩོམ་པར་འདོད་པས་བྱ་བ་བརྩམ་པ་གང་ལས་ལྟུང་བ་

འབྱུང་བ་ཡོད་པའི་ལྟུང་བའི་ཡུལ་དེ་ལ་དགེ་སློང་དེས་ཅི་ནས་ཀྱང་ལྟུང་བ་འགའ་ཡང་མི་འབྱུང་བ་དེ་ལྟར་དང་པོ་ཉིད་ནས་དྲན་པ་ཉེ་བར་གཞག་པར་བྱ་བ་ཡིན་གྱི། དོན་གྱི་རང་གི་ངོ་བོ་ཉིད་ངེས་པར་བཟུང་བའི་ཕྱིར་དྲན་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་བསླབས་པས་མི་བྱ་བར་མི་བྱའོ་

ཞེས་བྱ་བ་ནི། བསྒྲུབ་པར་ཞེས་བྱ་བར་སྦྱར་རོ། །རྗེས་སུ་འགྲོ་བས་ནི་རྗེས་སུ་འགྲོ་བ་སྟེ། རྗེས་སུ་འབྲང་བའོ། །གང་ལ་རྗེས་སུ་འབྲང་བ་དེས་གལ་ཏེ་བསླབས་པར་གྱུར་ན་དེ་ནི་དེས་བསླབས་པ་ཡིན་པས་རྗེས་སུ་འགྲོ་བ་དེས་དེའི་རྗེས་སུ་བསྟན་པ་ལས་མི་འདའ་བར་བསྒྲུབ་པར་བྱ་བ་དེ་མི་བྱ་

བའོ། །འདི་སྐད་བསྟན་ཏེ། གང་ཟག་གང་གང་ཟག་གང་གི་རྗེས་སུ་འབྲང་ཞིང་གལ་ཏེ་དེས་དེ་སློབ་ཏུ་འཇུག་པར་བྱེད་ན། རྗེས་སུ་འབྲང་བ་དེས་དེའི་བསླབ་པ་ཁས་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོངས་པ་ལ་འོངས་པ་ལེགས་སོ་ཞེས་སྔར་སྙན་པར་བརྗོད་པར་བྱའོ་ཞེས་བྱ་བ་

ནི། གལ་ཏེ་ཁྱིམ་པའམ་རབ་ཏུ་བྱུང་བ་འགའ་ཞིག་གཙུག་ལག་ཁང་དུ་འོངས་ན་འོངས་པ་དེ་ལ་དགེ་སློང་གིས་འོངས་པ་ལེགས་སོ་ཞེས་བརྗོད་པར་བྱ་ཞིང་། འོངས་པ་གང་ཡིན་པ་དེས་བརྗོད་པ་བས་སྔར་བསྙེན་པར་བརྗོད་པར་བྱ་བའོ། །བཞིན་གྱི་མདངས་གསལ་བར་བྱའོ་ཞེས་བྱ་བ་ནི།

བཞིན་རབ་ཏུ་དང་བར་བྱ་ཞིང་ངོམ་ཟུམ་མི་བྱ་བའོ། །འཛུམ་པར་སྔར་བྱའོ་ཞེས་བྱ་བ་ནི། འོངས་པ་དེ་ལ་དགེ་སློང་དེས་འཛུམ་པ་ཡིད་ཙམ་དགོད་པར་སྔར་བྱ་བའོ། །ཁྲོ་གཉེར་མེད་པར་བྱའོ་ཞེས་བྱ་བ་ནི། གང་ལ་འོངས་པ་ན་ཁྲོ་གཉེར་མེད་པ་དེ་ནི་ཁྲོ་གཉེར་མེད་པ་སྟེ་དེ་ལྟར་བྱ་བ་

เล่ม ๑๖๒ · หน้า 75b

བའོ། །གལ་ཏེ་ཁྱིམ་པ་ཞིག་ན་དེ་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཁྱིམ་པ་ཞིག་གཙུག་ལག་ཁང་དུ་འོངས་ན་ཁྱིམ་པ་དེ་ལ་དགེ་སློང་གིས་ཆོས་དང་ལྡན་པའི་གཏམ་བྱ་བའོ། །གྲོང་མཐའ་བས་ནི་དེར་མི་འོང་ན་ཀུན་དགའ་བར་འགྱུར་བར་ཅི་ནུས་པས་བཟླུག་

པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གྲོང་མཐའ་པ་གཙུག་ལག་ཁང་ན་གནས་པས་ནི་གཙུག་ལག་ཁང་དེར་ཁྱིམ་པ་མི་འོང་ན་དེའི་ཚེ་ཀུན་དགའ་བར་འགྱུར་བ་ཟས་དང་སྐོམ་ལ་སོགས་པ་ཅི་ནུས་པས་ནུས་པ་དང་མི་འགལ་བར་ནུས་པའི་མཐུ་དང་མཐུན་པར་བཟླུག་པར་བྱ་བ་སྲུལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་

གོ། །ཆུ་དང་སྟན་བསྟབས་པར་བྱའོ་ཞེས་བྱ་བ་ནི། དགོན་པ་པས་ཀྱང་འོངས་པ་ལ་ཆུ་དང་སྟན་ཙམ་ཡང་བསྟབས་པར་བྱའོ་ཞེས་བྱ་བའོ། །ཕྱག་དར་དང་མལ་དང་སྟན་བཤམས་པ་དང་། ཆུ་གཞག་པ་དང་བྲིམ་པ་དང་ཟན་དྲང་བ་ནི་གསར་བུས་བྱའོ་ཞེས་བྱ་བ་ནི། ཕྱག་དར་ལ་སོགས་པ་གསར་བུས་

བྱའོ་ཞེས་བྱ་བར་སྦྱར་རོ། །གནས་ཁང་ལ་སོགས་པའི་ཕྱག་དར་ཡང་གསར་བུས་བྱའོ། །དགེ་འདུན་གྱི་བྲང་དུ་མལ་སྟན་བཤམས་པ་ཡང་གསར་བུ་དེ་ཉིད་ཀྱིས་བྱའོ། །ཆུ་གཞག་པ་ཡང་དེ་ཉིད་ཀྱིས་བྱའོ། །ཤིང་ཐོག་ལ་སོགས་པ་བྲིམ་པ་དང་། ལྷུང་བཟེད་ལ་སོགས་པར་ཟན་དྲང་བ་ཡང་

གསར་བུས་བྱ་སྟེ། དགེ་སློང་རྣམས་གང་དང་གང་དུ་སོན་པ་དེ་དང་དེར་དེ་ལྟར་བྱ་བ་ཡིན་ནོ། །གཡོག་འཁོར་གྱི་བྱ་བ་མི་མཐུན་པ་གལ་ཏེ་རང་དང་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་གཞག་གོ་ཞེས་བྱ་བ་ནི། དེ་བཏང་སྙོམས་སུ་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གཡོག་འཁོར་གྱི་བྱ་བ་མི་

མཐུན་པ་ཞེས་བྱ་བ་ནི། གཡོག་འཁོར་གྱི་རྣམ་པར་གཞག་པ་ཚུལ་དང་མཐུན་པ་མ་ཡིན་པ་རྐྱེན་དུ་མི་འབབ་པ་སྟེ། ལྷ་དྲག་པོའི་རྟེན་གཟུགས་པ་ལ་སོགས་པའོ། །གལ་ཏེ་རང་དང་གཞན་ལ་གནོད་པར་མི་འགྱུར་བ་ཞེས་བྱ་བ་ནི། བྱ་བ་དེས་དགེ་སློང་བདག་ཉིད་ལ་ཡང་གནོད་པའི་རྒྱུར་མི་འགྱུར་ལ།

ཡུལ་མི་གཞན་དག་ལ་ཡང་གནོད་པའི་རྒྱུར་མི་འགྱུར་བའོ། །ཅི་བདེར་གཞག་གོ་ཞེས་བྱ་བ་ནི་བཏང་སྙོམས་སུ་གཞག་པར་བྱ་བའོ། །གལ་ཏེ་དེ་ལྟར་ན་ནུས་ཀྱང་དེ་དག་རྒྱུན་བཅད་ལ་ཆོས་དང་ལྡན་པར་བསྐྱེད་ནས་དེས་གྲོས་གདབ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཇི་སྟེ་བྱ་བ་དེ་ཁས་བླངས་པ་ལྟ་ན་བདག་

เล่ม ๑๖๒ · หน้า 76a

དང་གཞན་ལ་གནོད་པ་དེ་ལྟར་འགྱུར་ཞིང་། བདག་དང་གཞན་ལ་གནོད་པ་ལྟ་ན་ནུས་སུ་ཟིན་ཀྱང་གཡོག་འཁོར་གྱི་བྱ་བ་མི་མཐུན་པ་དེ་དག་གིས་བྱ་བ་རྒྱུན་བཅད་ལ། གཡོག་འཁོར་གྱི་བྱ་བ་ཆོས་དང་ལྡན་པ་གཙུག་ལག་ཁང་དུ་ཕྲེང་བ་དགོད་པ་དང་ལོ་ལྔའི་དུས་སྟོན་ལ་སོགས་

པ་གཞན་དག་བྱ་བའི་སེམས་བསྐྱེད་ནས་བྱ་བ་དེ་ཉིད་དེས་གཡོག་འཁོར་ལ་གྲོས་གདབ་པར་བྱ་བའོ། །ཡང་ན་བསྐྱེད་ནས་ཞེས་བྱ་བ་ནི། རྣམ་པར་བཞག་ནས་སོ། །དེས་ཞེས་བྱ་བ་ནི། ཆོས་དང་ལྡན་པའི་བྱ་བ་དེས་སོ། །གྲོས་གདབ་པར་བྱའོ་ཞེས་བྱ་བ་ནི། ཁྱེད་ཀྱིས་ད་ཕྱིན་ཆད་ཆོས་དང་ལྡན་པའི་བྱ་

བ་དེ་བྱའོ་ཞེས་ཁོང་དུ་ཆུད་པར་བྱ་བའོ། །དེའི་གཞི་ལས་གཡོག་འཁོར་མི་དགའ་ཞིང་འཕོ་བ་ལྟ་ན་ཕྱིར་བསྡུ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་དང་ལྡན་པའི་བྱ་བ་ལ་རྣམ་པར་གཞག་པ་དེའི་གཞི་ལས་གཡོག་འཁོར་གྱི་སེམས་མི་དགའ་ཞིང་ཡིད་མི་བདེ་བར་གྱུར་ཏམ། གཙུག་ལག་ཁང་གི་

གནས་དེ་ནས་གྲོང་གཞན་དུ་འཕོ་ཞིང་སྐྱ་བ་ལྟ་ན། གཡོག་འཁོར་དེ་ཅི་ནས་ཀྱང་མི་དགའ་བ་དང་འཕོ་བ་དེ་གཉིས་སུ་ཡང་མི་འགྱུར་ལ་བྱ་བ་མི་མཐུན་པ་དེ་ཡང་རྒྱུན་གཅོད་པར་འགྱུར་བ་དེ་ལྟར་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས་ཕྱིར་བསྡུ་བར་བྱ་བའོ། །མི་ནུས་པ་ཉིད་ཡིན་ན་གཞན་དུ་འགྲོ་བར་

བྱའོ་ཞེས་བྱ་བ་ནི། གཡོག་འཁོར་གྱི་བྱ་བ་མི་མཐུན་པ་དེ་རྒྱུན་གཅོད་པར་མི་ནུས་པ་ཉིད་ཡིན་ན་བདག་ཉིད་གནས་གཞན་དུ་འགྲོ་བར་བྱ་བའོ། །དེའི་རྐྱེན་གྱིས་རྩོད་ཅིང་སྨྲ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དེས་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའི་བྱ་བ་མི་མཐུན་པ་རྒྱུན་གཅད་པ་དང་།

ཆོས་དང་ལྡན་པའི་བྱ་བ་ལ་རྣམ་པར་གཞག་པ་དེའི་རྐྱེན་གྱིས་གཡོག་འཁོར་མི་དགའ་ཞིང་འཕོ་བ་ཕྱིར་བསྡུས་ཀྱང་མི་བཏུབ་ན་ཡང་རྒྱུ་དེས་གཡོག་འཁོར་དང་ལྷན་ཅིག་རྩོད་ཅིང་འཐབ་པའི་ཚིག་སྨྲ་བར་མི་བྱ་བའོ། །གལ་ཏེ་དགེ་འདུན་གྱི་ཀུན་དགའ་ར་བར་རྐུན་པོ་ལ་སོགས་པས་གནོད་པར་

བྱེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་བྱེད་ན་ཅི་ནས་ཀྱང་དེ་ཉིད་འཛིན་དུ་གཞུག་པའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཀུན་དགའ་ར་བ་གཙུག་ལག་ཁང་དུ་རྐུན་པོ་ལ་སོགས་པས་གནོད་པ་བྱེད་པས་ཉེས་པ་བྱེད་ན།

เล่ม ๑๖๒ · หน้า 76b

གཡོག་འཁོར་གྱིས་ཅི་ནས་ཀྱང་དེ་ཉིད་འཛིན་དུ་གཞུག་པ་མངོན་སུམ་དུ་ཟིན་པས་ཅི་ནས་ཀྱང་ཅུང་ཟད་ཀྱང་སྨྲ་མི་ནུས་པར་འགྱུར་བར་བྱ་བའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་ཐབས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་དེ་ཉིད་འཛིན་དུ་གཞུག་པའི་ཕྱིར་འཛིན་པ་མི་འགྲོ་ན་ཡང་ཇེ་སྒོ་ཉིད་དུ་ཡུས་རྩོད་པ་བཏང་ལ།

ཡུས་སུ་འགྱུར་བར་བསྒྲུབ་པ་བཏང་བའི་ཕྱིར། མི་འགྲོ་ན་བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་གཞོན་ནུ་དང་མཛའ་བཤེས་དང་ཞང་བློན་དང་བཀྲབས་པ་དང་། ཞབས་འབྲིང་གཉུག་མ་དག་ལ་སྐད་སྦྱར་ཏེ། གྲ་དག་པར་ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གཡོག་འཁོར་སུ་

ཡང་ཐབས་གང་གིས་ཀྱང་འཛིན་དུ་མི་འགྲོ་ན་དེའི་ཚེ་གནོད་པ་བྱེད་པར་འཛིན་པའི་གཡོག་འཁོར་མི་འགྲོ་ཡང་གྲ་དག་པར་ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བབ་ཅོལ་དུ་ཞེས་བྱ་བ་ནི། སོ་སོར་མ་

བརྟགས་པར་རོ། །སུ་ལ་ཡང་ཞེས་བྱ་བ་ནི། གཡོག་འཁོར་ལ་སོགས་པ་སུ་ཡང་ངོ་། །མི་བརྗོད་པར་ཞེས་བྱ་བ་ནི། མི་སྨྲ་བར་རོ། །འདི་སྐད་བསྟན་ཏེ། ཅི་ནས་ཀྱང་གཡོག་འཁོར་གཞན་གྱིས་མི་ཐོས་པར་བདག་འབའ་ཞིག་གིས་བྱའོ་ཞེས་དེ་ལྟར་གསང་ཆེན་བྱ་ཞིང་། བབ་ཅོལ་དུ་གཡོག་

འཁོར་སུ་ལ་ཡང་བརྗོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞོན་ནུ་ཞེས་བྱ་བ་ནི། རྒྱལ་ཚབ་ཏུ་དབང་བསྐུར་བའོ། །མཛའ་བཤེས་ཞེས་བྱ་བ་ནི། རྒྱལ་པོའིའོ། །ཞང་བློན་ཞེས་བྱ་བ་ནི་བློན་པོའོ། །བཀྲབས་པ་ཞེས་བྱ་བ་ནི། རྒྱལ་པོའི་གདུང་ལ་གཏོགས་པ་སྡིག་པའི་ཆོས་བསལ་བ་

མཆོད་པའོ། །ཞབས་འབྲིང་གཉུག་མ་ཞེས་བྱ་བ་ནི། ཉིན་མཚན་གྱི་ཐུན་ཐམས་ཅད་དུ་རྒྱལ་པོའི་ཞབས་འབྲིང་བྱེད་པའོ། །ཡང་ན་རྒྱལ་པོའི་ཞབས་ཀྱིས་འཚོ་བའི་གནང་ཆེན་ནོ། །དེ་དག་ལ་སྐད་སྦྱར་ཏེ་ཞེས་བྱ་བ་ནི། གཞོན་ནུ་ལ་སོགས་པ་དེ་དག་ལ་གཞི་དེ་གོ་བར་བྱས་ཏེའོ། །གྲ་དག་

པར་ཞེས་བྱ་བ་ནི། གྲ་གང་དུ་སྐྱེ་བོ་ཡོངས་ལ་མི་རིགས་པའི་ཆད་པས་མི་གཅོད་པའི་གྲ་དེ་ནི་གྲ་དག་པ་སྟེ་དེར་རོ། །ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་ནི། ཕམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་བྱུང་བའི་གཞིའི་སྐབས་ལས་དགེ་སློང་གི་སྐབས་སྨྲས་ཟིན་ཏོ།། །།

เล่ม ๑๖๒ · หน้า 77a

ད་ནི་དགེ་སློང་མའི་སྐབས་བརྗོད་པར་བྱ་སྟེ། དེ་ལ་སྐྱེས་པའི་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པའི་ཆོ་ག་བསྟན་པ་གང་ཡིན་པ་དེ་ཉིད་བུད་མེད་ཀྱི་ཡིན་པར་ཡང་ཁས་བླང་ངོ་། །བྱེ་བྲག་ཏུ་ནི་འདི་བརྗོད་པར་བྱ་སྟེ། དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་

བྱ་བ་ནི། དགེ་སློང་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་བྱེད་པའི་སྐབས་གང་དུ་དགེ་སློང་ཞེས་སྨོས་པ་དེར་དགེ་སློང་མ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་དེར། དགེ་སློང་མ་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་

ཞེས་བྱ་བ་ལྟ་བུ་དང་། དེ་བཞིན་དུ་རང་གི་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་དེ་ཡང་། དགེ་སློང་མ་དགེ་འདུན་ལ་ཞུ་བའི་དགེ་སློང་མ་ལ་གཏད་པར་བྱའོ་ཞེས་བྱ་བ་ལྟ་བུར་ཤེས་པར་བྱ་སྟེ། གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་བར་

བྱའོ། །ཅི་དགེ་སློང་གི་གནས་ཐམས་ཅད་དུ་དགེ་སློང་མ་ཞེས་བརྗོད་པར་བྱ་བའམ། འོན་ཏེ་ཁ་ཅིག་ཏུ་ཞེ་ན། དེའི་ཕྱིར་རབ་ཏུ་འབྱུང་བ་ཐམས་ཅད་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བའི་ཡུལ་ལ་རེ་ཞིག་མཁན་པོ་ལ་སོགས་པ་དགེ་སློང་ཐམས་ཅད་ཀྱི་གནས་སུ་དགེ་སློང་མ་ཞེས་བརྗོད་

པར་རིག་པར་བྱ་བའོ། །རྫོགས་པར་བསྙེན་པ་ལ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་རྫོགས་པར་བསྙེན་པ་ལ་ནི་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ལས་གཞན་པའི་འོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པ་ནི་དགེ་སློང་ཞེས་བྱ་བའི་གནས་ཐམས་ཅད་དུ་དགེ་སློང་མ་ཞེས་བརྗོད་པར་བྱ་སྟེ།

འདི་ལྟར་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ཞེས་བྱ་བ་རྫོགས་པར་བསྙེན་པ་གསོལ་བ་ལ་སོགས་པའི་ལས་བྱེད་པའི་དགེ་སློང་སྨོས་པ་གང་ཡིན་པའི་དགེ་སློང་ལས་བྱེད་པ་དེ་མ་གཏོགས་པ་དེ་ལས་གཞན་པའི་གནས་སུ་དཔེར་ན། གསང་སྟེ་སྟོན་པ་དང་། མཁན་པོ་ལ་སོགས་པ་དགེ་སློང་ཞེས་སྨོས་པ་དེར་

དགེ་སློང་མ་ཞེས་བརྗོད་པར་བྱའོ། །རྫོགས་པར་བསྙེན་པ་གསོལ་བའི་སྔ་རོལ་ཕན་ཆད་དུ་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ལ་སོགས་པ་ནི། དགེ་སློང་མ་ལས་བྱེད་པ་འབའ་ཞིག་གིས་བྱའོ། །ཅི་དགེ་སློང་མ་རྫོགས་པར་བསྙེན་པར་བྱ་བ་ལས་

เล่ม ๑๖๒ · หน้า 77b

བྱེད་པ་མ་གཏོགས་པ་དགེ་སློང་གི་གནས་སུ་དགེ་སློང་མ་བརྗོད་པར་བྱ་བའི་བྱེ་བྲག་དེ་ཁོ་ནར་ཟད་དམ་གཞན་ཡང་ཡོད་ཅེ་ན། ཡོད་དེ་དེའི་ཕྱིར་འདིར་དགེ་འདུན་གྱིས་བསྣུན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པ་གསོལ་བ་ལ་སོགས་པའི་སྐབས་འདིར་དགེ་སློང་གི་དགེ་འདུན་གྱིས་བསྣན་པར་

བྱའོ་ཞེས་བྱ་བར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། གཉི་གའི་དགེ་འདུན་འདུས་པ་ལ་ལས་བྱེད་པའི་དགེ་སློང་གིས་གསོལ་བ་ལ་སོགས་པའི་ལས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེ་བྲག་གཞན་ཡང་བསྟན་པའི་ཕྱིར། བར་ཆད་དྲི་བ་དགེ་སློང་མས་བསྒྲིབས་པ་ལ་བྱའོ་ཞེས་བྱ་བ་སྨྲས་ཏེ།

བར་ཆད་དྲི་བའི་ཚེ་ལན་གདབ་པའི་ཚིག་གང་ཡིན་པ་དེ་དག་དགེ་སློང་མ་གཞན་ཅིག་མདུན་དུ་བཞག་པས་ལན་གདབ་ཅིང་དེའི་ཚིག་གི་རྗེས་སུ་དེ་ཉིད་ཟློས་སུ་གཞུག་གོ། །དགེ་སློང་མ་རྫོགས་པར་བསྙེན་པར་བྱ་བ་ལ། དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལན་གཉིས་བྱ་དགོས་ཏེ། གཅིག་ནི་ཚངས་

པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ལས་བྱེད་པའི་དགེ་སློང་མས་དྲི་བའོ། །གཉིས་པ་ནི་རྫོགས་པར་བསྙེན་པར་བྱ་བའི་དུས་ན། གཉི་གའི་དགེ་འདུན་གྱི་དབུས་སུ་ལས་བྱེད་པའི་དགེ་སློང་གིས་དྲི་སྟེ། དེ་གཉི་གར་ཡང་

ཆོ་ག་དེ་བཞིན་བྱའོ། །སྔར་གསང་སྟེ་སྟོན་པའི་དགེ་སློང་མས་ལྐོག་ཏུ་དྲི་བའི་དུས་ན་ནི་དེ་ལྟར་བྱ་མི་དགོས་སོ། །བུད་མེད་ལ་ནི་དགེ་སློང་མ་ཞེས་བྱ་བའི་ཚིག་གཞན་ཡོད་དོ་ཞེས་བྱ་བ་ནི། བུད་མེད་ལ་ནི་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ལས་དགེ་སློབ་མ་ཞེས་བྱ་བའི་ཚིག་གཞན་གསུམ་པ་འདི་

ཡོད་པར་རིག་པར་བྱའོ། །གནས་པ་ཁོ་ན་ལའོ་ཞེས་བྱ་བ་ནི། དགེ་སློབ་མ་ཉིད་ཀྱི་ཚིག་དེ་ཡང་དགེ་སློང་མ་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ཁོ་ན་ལ་ཡོད་པའོ། །འདི་སྐད་བསྟན་ཏེ། ཇི་ལྟར་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་ཚིག་མཁན་མོ་དང་བཅས་པ་ལ་ཡོད་པར་འགྱུར་བ་

བཞིན་དུ་འདི་ཡང་དེ་བཞིན་ཏེ། དེའི་ཕྱིར་དགེ་སློང་མ་འབའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ལ་དགེ་སློབ་མ་ཉིད་ཡོད་པར་འགྱུར་བར་རིག་པར་བྱའོ། །དགེ་སློབ་མ་ཉིད་ཀྱི་ཚིག་གཞན་དེ་གནས་སྐབས་གང་དུ་སྦྱིན་པར་བྱ་ཞིང་དེ་དུས་ཇི་སྲིད་སྤྱད་པར་བྱ་དགོས་ཤེ་ན། དེའི་ཕྱིར་དགེ་ཚུལ་མ་ཉིད་

เล่ม ๑๖๒ · หน้า 78a

དང་དགེ་སློབ་མ་ཉིད་ཀྱི་བར་སྐབས་སུ་སྤྱོད་པའི་དུས་འདི་ལོ་གཉིས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློབ་མ་ཉིད་ཀྱི་ཚིག་གཞན་དེ་ནི་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྦྱིན་ནོ། །དེ་སྤྱད་པའི་དུས་ནི་ལོ་གཉིས་སོ། །ལོ་གཉིས་ལས་ལྷག་ན་ཡང་།

དེ་ཕྱིན་ཆད་བརྟུལ་ཞུགས་དེ་ཉམས་པར་ཡང་མི་འགྱུར་ལ། དེ་ཕྱིན་ཆད་མི་བསྲུང་བར་བྱ་བ་ཡང་མ་ཡིན་ནོ། །འོན་ཀྱང་དུས་ངེས་པར་མཛད་པས། དུས་དེ་སྲིད་དུ་ངེས་པ་ཁོ་ནར་བསྲུང་བར་བྱ་བ་ཉིད་ཡིན་ཏེ། དེ་སྲིད་དུ་དེ་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

དེ་གཉིས་ཀྱི་བར་སྐབས་སུ་དགེ་སློང་མ་ཉིད་ཀྱིས་ཚིག་གཞན་དེ་སྦྱིན་པར་བྱའོ་ཞེས་སྨྲས་ན། དེ་གཉིས་ཀྱི་བར་སྐབས་ལ་ཡང་དུས་སུ་གྱུར་པ་རིང་ཞིག་ཡོད་པས་དུས་གང་གི་ཚེ་ན། དགེ་སློབ་མ་ཉིད་ཀྱི་སྡོམ་པ་སྐྱེ་ཞེ་ན། དེའི་ཕྱིར་རྫོགས་པར་བསྙེན་པའི་དུས་ཀྱི་དང་པོར་དེས་མ་ལོན་པའི་དང་པོ་ལ་སྐྱེའོ་ཞེས་བྱ་

བ་སྨྲས་ཏེ། རྫོགས་པར་བསྙེན་པའི་དུས་ནི། རྫོགས་པར་བསྙེན་པའི་དུས་ཏེ་དེའི་དང་པོ་རྩོམ་པ་ནི། རྫོགས་པར་བསྙེན་པའི་དུས་ཀྱི་དང་པོའོ། །དེ་ཡང་འདི་ལྟ་སྟེ། གཞོན་ནུ་མའི་ནི་ལོ་ཉི་ཤུ་ལོན་པ་ཉིད་དོ། །ཁྱིམ་སོ་བཟུང་བའི་ལོ་བཅུ་གཉིས་ལོན་པ་ཉིད་དོ། །དེ་མ་ལོན་པ་ཞེས་བྱ་བ་ནི། དགེ་

སློབ་མ་ལོ་གཉིས་སྤྱད་པའི་དུས་དེས་རྫོགས་པར་བསྙེན་པའི་དུས་ཀྱི་དང་པོར་མ་ལོན་པ་སྟེ། འདི་ལྟ་སྟེ། གཞོན་ནུ་མའི་ལོ་བཅོ་བརྒྱད་ལོན་པ་ཉིད་དོ། །ཁྱིམ་སོ་བཟུང་བ་ནི་ལོ་བཅུ་ལོན་པ་ཉིད་དོ། །ལོ་གཉིས་ཀྱི་དུས་དེས་རྫོགས་པར་བསྙེན་པའི་དུས་ཀྱི་དང་པོར་མ་ལོན་པ་ནི། རྫོགས་པར་བསྙེན་པའི་

དུས་ཀྱི་དང་པོར་དེས་མ་ལོན་པའོ། །རྫོགས་པར་བསྙེན་པའི་དུས་ཀྱི་དང་པོར་དེས་མ་ལོན་པའི་དུས་དེའི་ཡང་དང་པོ་ནི། རྫོགས་པར་བསྙེན་པའི་དུས་ཀྱི་དང་པོར་དེས་མ་ལོན་པའི་དང་པོ་སྟེ། དེས་ནི་དགེ་སློབ་མ་ཉིད་དང་པོ་སྐྱེ་བའི་དུས་ཡིན་པར་རིག་པར་བྱའོ། །དེ་ལ་དང་པོར་ཞེས་བྱ་བའི་སྒྲ་

སྔ་མས་ནི། གཞོན་ནུ་མའི་ལོ་ཉི་ཤུ་ལོན་པ་ལ་སོགས་པ་བཟུང་ངོ་། །ཁྱིམ་སོ་བཟུང་བའི་ནི་ལོ་བཅུ་གཉིས་ལོན་པ་ལ་སོགས་པ་བཟུང་ངོ་། །དང་པོ་ལ་ཞེས་བྱ་བའི་སྒྲ་གཉིས་པས་ནི། གཞོན་ནུ་མའི་ནི་ལོ་བཅོ་བརྒྱད་ལོན་པ་ལ་སོགས་པ་ཉིད་བཟུང་ངོ་། །ཁྱིམ་སོ་བཟུང་བའི་ནི་ལོ་བཅུ་

เล่ม ๑๖๒ · หน้า 78b

ལོན་པ་ལ་སོགས་པ་ཉིད་བཟུང་ངོ་། །མདོར་བསྡུས་ན་འདི་སྐད་བསྟན་ཏེ། རྫོགས་པར་བསྙེན་པའི་དུས་ཀྱི་མདུན་དུ་ལོ་གཉིས་དགེ་སློང་མ་ཉིད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི། དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཁྱིམ་སོ་བཟུང་བ་གང་ཡིན་པ་ནི་ལོ་བཅུ་ལོན་ནའོ། །གཞོན་

ནུ་མར་གྱུར་པ་ནི་ལོ་བཅོ་བརྒྱད་ལོན་པ་སྟེ། དེ་གཉིས་ལ་ལོ་གཉིས་སུ་དགེ་སློབ་མའི་སྡོམ་པ་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྫོགས་པར་བསྙེན་པའི་དུས་ལོ་ཉི་ཤུ་ལོན་པ་ལ་སོགས་པ་ཡིན་པར་ཁས་བླངས་པ་ལ་བུད་མེད་རྫོགས་པར་བསྙེན་པར་བྱ་བའི་བྱེ་བྲག་བསྟན་པའི་ཕྱིར། ཁྱིམ་

སོ་བཟུང་བ་རྫོགས་པར་བསྙེན་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བ་ཡིན་ན། དེའི་རྫོགས་པར་བསྙེན་པར་བྱ་བའི་དུས་དེའི་ལོ་རྣམས་ཀྱི་དང་པོ་ནི་ལོ་བཅུ་གཉིས་ལོན་པ་ཉིད་དོ། །འདི་སྐད་བསྟན་ཏེ། བུད་མེད་

ཁྱིམ་སོ་བཟུང་བ་ནི་ལོ་བཅུ་གཉིས་ལོན་པ་ཡན་ལག་རྫོགས་པར་བསྙེན་པར་བྱའོ། །ལོ་བཅུ་གཉིས་མ་ལོན་པ་མན་ཆད་ནི་ཁྱིམ་སོ་བཟུང་དུ་ཟིན་ཀྱང་རྫོགས་པར་མི་བྱའོ། །དེ་ཇི་ལྟར་སྐྱེས་ཤེ་ན། དེའི་ཕྱིར། སྦྱིན་པ་ལས་སྐྱེའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློབ་མ་ཉིད་དོ། །སུས་སྦྱིན་པ་

ལས་ཤེ་ན། དེའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་སྦྱིན་པ་ནི་བསླབ་པའི་སྡོམ་པ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་སྡོམ་པ་ཞེས་བྱ་བའི་ཐ་ཚིག་དང་ལྡན་པ་འདིས་སྦྱིན་པར་བྱའོ། །དགེ་སློབ་མ་ཉིད་ཅེས་བྱ་བ་འདིས་ནི་མ་ཡིན་ནོ། །དེ་ལྟར་

ན་འདུལ་བ་ལས་ཀྱང་འདི་སྐད་འབྱུང་སྟེ། དགེ་ཚུལ་མ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ལས་འབྱུང་བ་ཡིན་ནོ། །དགེ་སློང་མའི་བསླབ་པ་རྣམས་ཡང་དག་པར་

བླང་བའི་ཕྱིར་སྡོམ་པ་ནི་བསླབ་པའི་སྡོམ་པ་ཞེས་བྱའོ། །དེའི་འོག་ཏུ་བསླབ་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི། བསླབ་པའི་སྡོམ་པ་བྱིན་པ་དེའི་འོག་ཏུ་ལས་བྱེད་པ་མོས་བསླབ་པ་བརྗོད་པར་བྱ་བའོ། །དགེ་སློབ་མའི་བསླབ་པ་ནི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྟེ། དེ་ལ་ཆོས་དྲུག་ནི།

เล่ม ๑๖๒ · หน้า 79a

གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་བྱ་བ་དག་གོ། །རྗེས་སུ་མཐུན་པའི་ཆོས་དྲུག་ནི། །གསེར་ལ་གཟུང་བར་མི་

བྱ་ཞིང་། །མདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་གཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །སོགས་འཇོག་བྱས་པ་བཟའ་མི་བྱ། །ཞེས་བྱ་བ་དག་གོ། །ཅི་དགེ་སློབ་མ་ཉིད་སྤྱད་པའི་འོག་ཁོ་ནར་དེ་བསྙེན་བར་རྫོགས་པར་བྱའམ་ཞེ་ན་དེའི་ཕྱིར། ཚངས་

པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཚངས་པ་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པའོ། །དེ་ལ་ཉེ་བར་གནས་པ་ནི་ཉེ་བར་སྐྱེད་པར་བྱེད་པ་

ལ་ཉེ་བར་གནས་པར་བྱ་བའི་ཕྱིར། སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྟེ། ལུས་ལ་བསྙེན་པར་རྫོགས་པ་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བར་ངེས་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའོ། །གང་གིས་དེ་མ་ཐོབ་པ་དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་

གནས་པའི་སྡོམ་པ་མ་ཐོབ་པ་སྟེ། བསྙེན་པར་རྫོགས་པར་འདོད་པ་གང་གིས་དེ་ནི་མ་ཐོབ་པ་དེ་ལ་ནི་བསྙེན་པར་རྫོགས་པར་མི་འགྱུར་རོ། །གང་གི་ཚེ་དེ་སྦྱིན་པར་བྱ་ཞེ་ན་དེའི་ཕྱིར། །གསང་སྟེ་སྟོན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་

པའི་ཆེད་དུ་གསང་སྟེ་སྟོན་པའི་འོག་ཏུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱའོ། །སུས་ཤེ་ན། དེའི་ཕྱིར་དགེ་འདུན་གྱིས་ཞེས་བྱ་བ་སྨྲས་ཏེ། སྐབས་ཡིན་པའི་ཕྱིར། དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པར་ཤེས་པར་བྱའོ། །ཅི་ཞིག་བྱས་ནས་སྦྱིན་པར་བྱ་

ཞེ་ན། དེའི་ཕྱིར་བར་ཆད་དྲིས་ནས་སོ། །དགེ་སློང་མ་ལས་བྱེད་པས་དགེ་འདུན་མའི་དབུས་སུ་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ། །དེ་ལྟར་ན་བུད་མེད་རྣམས་ལ་བར་ཆད་དྲི་བ་ལན་གསུམ་དུ་འགྱུར་ཏེ། དང་པོར་

เล่ม ๑๖๒ · หน้า 79b

གཅིག་ནི་དགེ་སློང་མ་གསང་སྟེ་སྟོན་པས་བཀར་ཏེ་དྲི་བའོ། །དེའི་འོག་ཏུ་གཉིས་པ་ནི་དགེ་སློང་མ་ལས་བྱེད་པས་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་སྔ་རོལ་ཁོ་ནར་དྲི་བའི་ཐ་མར་གསུམ་པ་ནི་དགེ་སློང་ལས་བྱེད་པས་གཉི་

གའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བའི་འོག་ཏུ་དྲི་བའོ། །གསོལ་བ་བྱས་ནས་སོ་ཞེས་བྱ་བ་ནི། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡང་གསོལ་ནས་སྦྱིན་པར་བྱའི། མ་གསོལ་བར་ནི་མི་སྦྱིན་པའོ། །བསྙེན་པར་རྫོགས་པ་ལ་ཆོས་གོས་དག་ནི་ལྔ་ཉིད་དོ་ཞེས་

བྱ་བ་ནི། དགེ་སློང་མ་བསྙེན་པར་རྫོགས་པའི་ཆོས་གོས་དག་རྣམ་པར་གཞག་པ་ནི་ཆོས་གོས་ལྔ་ཉིད་དེ། ཆོས་གོས་གསུམ་ནི་ཐུན་མོང་ཡིན་ནོ། །ཤིང་ང་དཔུང་བཅད་དང་རྔུལ་གཟན་ལྷག་པར་རིག་པར་བྱའོ། །གནས་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་སོ་ཞེས་བྱ་བ་ནི། གནས་རྣམས་

བརྗོད་པ་ལ་ཤིང་དྲུང་མ་གཏོགས་པ་ཉིད་དེ། གནས་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་པ་གནས་གཞན་གསུམ་དེ་ལ་བརྗོད་པར་བྱའོ། །ལྟུང་བར་འགྱུར་བ་རྣམས་ལ་བརྒྱད་ཉིད་དོ་ཞེས་བྱ་བ་ནི་ལྟུང་བར་འགྱུར་བ་རྣམས་བརྗོད་པ་ལ། དགེ་སློང་མའི་ལྟུང་བར་འགྱུར་བ་རྣམས་ནི་བརྒྱད་

ཉིད་དུ་ཤེས་པར་བྱ་བ་སྟེ། རེག་པ་དང་ནི་ལུས་བཀན་དང་། །འཆབ་པ་དང་ནི་བཟློག་པའོ། །ཞེས་བྱ་བ་བཞི་པོ་དེ་དག་ལྷག་པ་ཡིན་ནོ། །ལྕི་བའི་ཆོས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལྕི་བའི་ཆོས་བརྒྱད་པོ་དག་བརྗོད་པར་བྱ་བ་སྟེ། དེ་དག་ནི་དགེ་སློང་མས་དགེ་སློང་

རྣམས་ལས་བསྙེན་པར་རྫོགས་པ་གསོལ་བར་བྱ་བ་དང་། ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་སྩལ་བར་བྱ་བ་དང་། དགེ་སློང་མེད་པའི་གནས་གང་དུ་ཡང་དེས་དབྱར་གནས་པར་ཁས་མི་བླང་བ་དང་། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་ལ་སོགས་པ་གླེང་བར་མི་བྱ་བ་དང་། དགེ་སློང་

མས་དགེ་སློང་ལ་ཇི་ལྟར་ཡང་སྤྱོ་བར་མི་བྱ་བ་དང་། དགེ་སློང་གསར་བུ་ལ་ཡང་དགེ་སློང་མས་ཕྱག་བྱ་བ་དང་། གཉི་གའི་དགེ་འདུན་ལས་མགུ་བར་བྱ་བ་དང་། གཉི་གའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། དེ་དག་ནི་ལྕི་བའི་ཆོས་བརྒྱད་དོ། །དུས་གང་དུ་ལྕི་བའི་ཆོས་རྣམས་བརྗོད་པར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด