འདུལ་བ་མདོའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๔ · หน้า 138a

གོས་གཏན་དུ་སྦྱིན་ལ་དེ་སྤྱོད་དུ་མ་བཅུག་པར་བདག་གིས་ཐུག་ཐུབ་ཏུ་བྱས་ཏེ་སྤྱད་ན་ལྟུང་བར་འགྱུར་བའོ། །འདིའི་གཞི་ལས་གལ་ཏེ་དགའ་བའི་གདེང་མེད་ནའོ་ཞེས་པ་ནི། བདག་གིས་སྤྱད་ན་ཕ་རོལ་དགའ་བར་འགྱུར་བའི་གདེང་དྲོད་ཀྱང་མེད་པར་སྤྱོད་ནའོ། །བྱིན་པ་སྤྱོད་

པའོ།། །།ཇི་ལྟར་བྱས་པས་སྐུར་བའི་ལྟུང་བར་འགྱུར་ཞེ་ན། ཉམས་པར་འདོད་ལ་དགེ་སློང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་སློང་ལ་ཉམས་པར་ཡང་འདོད་ལ་སྐུར་བ་བྱ་བ་དེའང་དགེ་སློང་ཡིན་ནའོ། །འདུ་ཤེས་སྦས་ནའོ་ཞེས་པ་ནི་བདེན་པའི་འདུ་ཤེས་བཅབས་ནའོ། །དགེ་འདུན་གྱི་ལྷག་

མ་བྱུང་ངོ་ཞེས་གླེངས་ནའོ་ཞེས་པ་ནི་དགེ་འདུན་གྱི་ལྷག་མས་སྐུར་ན་ཉེས་པར་འགྱུར་བའོ། །གསལ་པོར་སྐུར་པས་སམ་ཞེ་ན། ཆས་ཀྱང་ངོ་ཞེས་པ་ཡིན་ཏེ་ཆས་སྐུར་ན་ཡང་ལྟུང་བར་འགྱུར་བའོ། །སྐུར་བའི་ལྟུང་བའོ།། །།ཇི་ལྟར་བྱས་པས་བུད་མེད་དང་འགྲོགས་པའི་ལྟུང་བར་འགྱུར་

ཞེ་ན། ཆེད་ཀར་ལམ་དུ་དོང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་བུད་མེད་ལས་བྱེད་ཅེས་པ་ལ་སོགས་པ་རེག་པའི་ལྷག་མ་ལས་བྱུང་བ་དང་སྦྱར་ཞིང་ཆེད་ཀར་འགྲོགས་ན་ལྟུང་བར་འགྱུར་བའོ། །ཅི་སྲིད་དུ་འགྲོགས་པས་ཤེ་ན། རྒྱང་གྲགས་རེ་རེའོ་ཞེས་པ་ཡིན་ནོ། །ཕྱེད་ཕྱེད་ཅིང་ཉེས་བྱས་ཞེས་པ་

ནི་རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་སུ་འགྱུར་བའོ། །བུད་མེད་དང་དགེ་སློང་འགྲོགས་སོ་ཅོག་ཉེས་པར་འགྱུར་རམ་ཞེ་ན། བསེལ་བྱེད་པ་ནི་མ་གཏོགས་ཞེས་པ་དང་། ལམ་ནོར་བའི་ལམ་སྟོན་ནའོ། །འགྲོ་མ་ནུས་པ་ཁྲིད་པ་ཡང་ངོ་ཞེས་པ་ཡིན་ཏེ་བསེལ་དང་ལམ་མཚོན་པ་དང་། འགྲོ་མ་ནུས་པ་

ཁྲིད་པ་ཙམ་ནི་ཉེས་མེད་པར་སྟོན་པའོ། །བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའོ།། །།རྐུན་པོ་དང་འགྲོགས་པའི་ལྟུང་བར་འགྱུར་བ་གང་ཞེ་ན། གྲོང་འཇོམས་པའི་རྐུན་པོ་དང་ཤོ་གམ་འདྲལ་བའི་ཚོང་པའོ་ཞེས་པ་ཡིན་ཏེ་ཆེད་ཀར་འགྲོགས་ཞེས་པ་ལ་སོགས་པའི་ཡན་ལག་གཞན་ནི་གོང་མ་ལས་གཞི་བླངས་

ནས་མིང་གིས་སྨོས་པ་འདི་དག་ལྟ་བུ་དང་འགྲོགས་ན་ལྟུང་བའོ། །གཡུང་མ་རྒོད་དང་རྐུན་པོས་རབ་ཏུ་བྱུང་བ་ནི་ཉེས་བྱས་ཞེས་པ་ནི་གཡུང་མ་རྒོད་བྱེད་པ་དང་འགྲོགས་པའམ་ཐུག་ཐུབ་ཏུ་རབ་ཏུ་བྱུང་བ་དང་འགྲོགས་པ་ནི་ཉེས་བྱས་སུ་སྟོན་པའོ། །རྐུན་པོ་དང་ལྷན་ཅིག་ཏུ་འགྲོ་བའོ།། །།གང་ཟག་ཇི་ལྟ་བུ་

เล่ม ๑๖๔ · หน้า 138b

བསྙེན་པར་རྫོགས་པས་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུར་མ་ལོན་ནའོ་ཞེས་པ་ཡིན་ཏེ་བསྙེན་པར་རྫོགས་པར་བྱ་བ་ལོ་མ་ཚང་བར་ཤེས་བཞིན་ནའོ། །ཡན་ལག་གང་གིས་འདིའི་ཉེས་པར་འགྱུར་ཞེ་ན།

བསྙེན་པར་རྫོགས་པའི་མཁན་པོ་བྱེད་ནའོ་ཞེས་པ་ཡིན་ཏེ་འདི་ལྟ་བུའི་མཁན་པོ་བྱེད་ན་ལྟུང་བར་འགྱུར་བའོ། །དེས་འདིའི་ལོན་པ་མི་དྲི་བ་མ་ཡིན་ཞེས་པ་ནི་བསྙེན་པར་རྫོགས་པར་འདོད་པ་དེའི་ལོ་གྲངས་མཁན་པོས་མི་དྲིར་མི་རུང་བའོ། །གཞན་དག་གིས་ཀྱང་མ་ཡིན་ཞེས་པ་ནི་དགེ་འདུན་གཞན་གྱིས་ཀྱང་མི་

དྲིར་མི་རུང་བའོ། །འདིའི་མ་རྟོགས་ན་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ནི་དེའི་ལོ་ཚིགས་མ་ངེས་ན་བསྙེན་པར་རྫོགས་པར་མ་བྱས་ཤིག་པའོ། །མདོར་ན་ལོ་ཉི་ཤུར་ལོན་པ་བསྙེན་པར་རྫོགས་པ་འགྲུབ་ཅེས་པ་ནི་ལོ་ཉི་ཤུར་ལོན་པར་བརྩན་པར་སྟོན་པའོ། །གཞན་ཡང་ལོན་པར་འདུ་ཤེས་ནའོ་ཞེས་

པ་ནི་ལོ་ཉི་ཤུར་མ་ལོན་ཡང་ལོན་པའི་འདུ་ཤེས་ཡོད་ན་ཡང་རུང་བའོ། །མ་རྟོགས། མི་དྲན། ཐེ་ཚོམ་པ་ཡང་ངོ་ཞེས་པ་ནི་ཉི་ཤུར་ལོན་ལ་མཁན་པོ་ལ་སོགས་པས་མ་རྟོགས་ཤིང་མི་དྲན་ནམ་སོམ་ཉི་ཡོད་བཞིན་ན་ཡང་རྫོགས་པར་འདོད་པ་དེ་ལ་ལོན་པའི་འདུ་ཤེས་ཡོད་ན་རུང་བར་སྟོན་པའོ། །ཤེས་ན་ནི་དེ་

འཇིག་ཅེས་པ་ནི་ལོ་མ་ཚང་བ་ལ་སོགས་པ་ཉིད་ཀྱིས་འཕྲིགས་ན་སྡོམ་པ་འཇིག་པར་སྟོན་པའོ། །གོར་མ་ཆག་པར་དེ་ལྟའམ་ཞེ་ན་དེ་མ་ཡིན་ཏེ་ལོན་པར་གྱུར་ནའོ་ཞེས་པ་ནི་ལོ་ཚང་ན་ཡིད་འཕྲིགས་སྐྱེས་སུ་ཟིན་ཀྱང་སྡོམ་པ་མི་འཇིག་པར་སྟོན་པའོ། །འཕྲིགས་པའི་ཚེ་ལོ་ཚིགས་ཅིས་བཟུང་ཞེ་ན། མངལ་

དང་ལྷག་པའི་ཟླ་བ་གཏོགས་པར་རོ་ཞེས་པ་ནི་མངལ་གྱི་ཆ་དང་ཤོལ་གྱི་ཆས་རྩིས་ཤིག་པའོ། །དང་པོ་རྫོགས་པའི་ཚེ་ལོ་ཚིགས་འདི་དག་སྦྱར་ན་བསྙེན་པར་རྫོགས་པ་མི་འགྲུབ་པ་ནི་མེད་ཀྱི་རྫོགས་པར་བྱེད་པ་ལ་ཉེས་པར་འགྱུར་བས་ན་དང་པོའི་ཚེ་འདི་དང་མ་སྦྱོར་ཅིག་པའོ། །མ་ཚང་བར་བསྙེན་པར་

རྫོགས་པའོ།། །།ཇི་ལྟར་བྱས་པས་ས་རྐོ་བའི་ལྟུང་བར་འགྱུར་ཞེ་ན། རྐོ་འམ་རྐོར་བཅུག་ནའོ་ཞེས་པ་ལ་སྩོགས་པ་ཡིན་ནོ། །དེ་ལ་རྐོ་བའི་འཇོར་ལ་སོགས་པས་བསྣུན་བའི་གྲངས་བཞིན་དུ་སྦྱོར་བ་དང་རྩ་བར་བརྩིའོ། །བརྐོས་སམ་རྐོར་བཅུག་པ་ཅི་ལ་ཞེ་ན། ས་སྣག་ནའོ་ཞེས་པ་ཡིན་ཏེ་གསེག་

เล่ม ๑๖๔ · หน้า 139a

མ་འམ་གྲམ་ས་མ་ཡིན་གྱི་སྣག་གི་ཡིན་ནའོ། །དགེ་སློང་ངོ་ཅོག་ལ་ཉེས་པར་འགྱུར་རམ་ཞེ་ན་ལས་སར་པ་པ་ཚེས་གྲངས་དང་སྦྱོར་ལ་རུང་བར་བྱེད་པ་མེད་ན་ཕུར་བུ་སོར་བཞི་ཙམ་འདེབས་པ་ནི་མ་གཏོགས་ཞེས་པ་ཡིན་ཏེ་ལས་སར་པ་པ་རྐྱེན་འདི་དག་ལྟ་བུས་ཐེབས་པའི་ཚེ་འདི་ཙམ་གྱིས་ཚོད་

བཏབ་ཀྱང་བླ་བར་སྟོན་པའོ། །ས་ཇི་ལྟ་བུ་ལས་ཉེས་པ་ཅི་འདྲ་བར་འགྱུར་ཞེ་ན། རང་བཞིན་ནི་རྩ་བའོ་ཞེས་པ་དང་། མ་ཡིན་ན་ནི་ཉེས་བྱས་ཞེས་པ་ཡིན་ཏེ་སའི་རང་བཞིན་ཡིན་ནམ་མ་ཡིན་པ་ལས་ཉེས་བྱས་དང་ལྟུང་བར་སྟོན་པའོ། །སའི་རང་བཞིན་ཇི་ལྟ་བུ་ཡིན་པ་སྟོན་པ་ནི། ཕུང་པོ་ཟླ་བ་གསུམ་དུ་

བཞག་ན་སྔ་མའོ་ཞེས་པ་ནི་ས་ཕུང་ཟླ་བ་གསུམ་གྱི་བར་དུ་ལུས་ན་སའི་རང་བཞིན་ཡིན་བར་སྟོན་པའོ། །ནམ་ཡང་རུང་གིས་དེ་ལྟའམ་ཞེ་ན། ཆར་རྒྱུན་དུ་བབ་ནའོ་ཞེས་པ་ཡིན་ཏེ་ཆར་རྟག་ཏུ་བབ་ན་གདོད་གོང་མ་ལྟར་འགྱུར་བའོ། །ཆར་མ་བབ་ན་ཇི་ཙམ་གྱིས་རང་བཞིན་དུ་འགྱུར་ཞེ་ན། གཞན་དུ་ན་དྲུག་

ཅེས་པ་ཡིན་ཏེ་ཆར་མ་བབ་ན་ཟླ་བ་དྲུག་གིས་རང་བཞིན་དུ་འགྱུར་བའོ། །རྩིག་པ་ས་མ་ཡིན་པར་མ་རེ་ཤིག་ཅེས་ན་རྩིག་པ་ཡང་སའི་རང་བཞིན་དུ་སྟོན་པའོ། །བསྡུས་པའི་མཚན་ཉིད་ནི་ཕལ་ཆེ་བ་བརྩན་ནོ་ཞེས་པ་ནི་ས་བཅུ་ལ་སོགས་པ་གོ་འདུན་དང་འདྲེས་པ་ཞིག་ན་གང་ཕལ་ཆེ་བ་དེ་བརྩན་བར་གྱིས་ཤིག་

པའོ། །དེ་ལྟ་བས་ན་རྫས་ཉུང་ངུ་དང་འདྲེས་པ་རིལ་གྱིས་སོ་ཞེས་པ་ནི་འདྲེས་ན་གང་ཉུང་བ་དེ་ཕལ་ཆེའི་ཁོངས་སུ་བསྡུས་པར་སྟོན་པའོ། །ཚིག་པ་ནི་ཉམས་པའོ་ཞེས་པ་ནི་ས་ཚིག་པ་ནི་སའི་རང་བཞིན་ལས་ཉམས་པར་སྟོན་པའོ། །ཉམས་པ་ནི་ཕྱེད་དོ་ཞེས་པ་གོང་མ་ལྟ་བུའི་ཉམས་པ་བརྐོས་ན་ཉེས་

བྱས་སུ་སྟོན་པའོ། །ས་ཞག་གད་པ། རྩིག་པ། སྐྱང་ནུལ་རྣམས་གོགས་པ་ཡང་ངོ་ཞེས་པ་ནི་འདི་དག་གོགས་པ་ལྷགས་ན་ཡང་ཉེས་བྱས་སུ་སྟོན་པའོ། །གསེག་མ་དང་བྱེ་མ་ལ་སོགས་པ་ཕལ་ཆེ་བ་ཡང་ངོ་ཞེས་བ་ནི་བྱེ་མ་དང་གསེག་མ་མང་བ་བརྐོས་ན་ཡང་ཉེས་བྱས་པའོ། །བྱེད་པ་ཡང་

ངོ་ཞེས་པ་ནི་འོག་ནས་འབྱུང་བ་ལྟར་བྱེད་པ་ཡང་ཉེས་བྱས་སུ་སྟོན་པའོ། །དེ་གང་ཞེ་ན་ཕུར་པ་འབྱིན་པའི་རི་མོ་འདྲེན་པ་ལྕི་བ་བླངས་པའི་ཞར་ལས་གོགས་པ་དམ་བསྒུལ་བ་བུམ་པ་འཕྱང་བ་ལ་ཆགས་པ་ནི་སྙི་བར་འབྱུང་བའི་དངོས་ཉིད་རྣམས་སོ་ཞེས་པ་རྣམས་རྐོས་ཤིང་བྲུས་པ་ནི་ཉེས་བྱས་སུ་འགྱུར་

เล่ม ๑๖๔ · หน้า 139b

བའོ། །རྩ་བ་དང་ཉེས་བྱས་སུ་འགྱུར་བ་དེ་དག་བསམ་པ་ཇི་ལྟ་བུ་ཞེ་ན། འདིར་ཉམས་པ་བསམས་ན་དེའོ་ཞེས་པ་ཡིན་ཏེ་ཆེད་དུ་ཉམས་པར་བསམས་ན་གདོད་དེ་དག་ལྟར་འགྱུར་བའོ། །དེ་ལྟ་བས་བརྩི་བ་དང་འགྲོ་བ་ལ་སོགས་པའི་བསམ་པས་ཉེས་མེད་ཅེས་པ་ཡིན་ཏེ་རྩིས་བྱས་པ་དང་འགྲོ་བའི་བསམ་

པས་བྲུད་ཅིང་རློགས་པར་གྱུར་པ་ནི་ཉེས་མེད་པའོ། །ས་འཇིག་པའོ།། །།བོས་པ་ལ་མ་བོས་པར་སློང་བའི་ལྟུང་བ་སྟོན་པ་ནི། མ་བོས་པར་མི་བསླང་ཞེས་པ་ལ་སོགས་པ་ཡིན་ཏེ། མ་བོས་པ་ལ་སློང་དུ་མི་རུང་བར་ནི་གོང་དུ་ཡང་བསྟན་པས་ན་བོས་སུ་ཟིན་གྱིས་ཀྱང་མ་བོས་པར་སློང་བ་མ་བྱེད་ཅིག་

པའོ། །དུས་མ་བསྙད་ཅིང་དེར་མི་རེ་ན་ཟས་ལ་གཉེར་བའི་ཁྱིམ་དུ་འོང་བ་རིགས་སོ་ཞེས་པ་ནི་ཁྱིམ་པས་མགྲོན་དུ་གཉེར་ལ་གདུགས་ཚོད་ཀྱི་ཁར་སྤྱན་འདྲེན་ཡོད་དུ་མི་རེ་ན་བདག་ཅག་ཉིད་དེའི་ཁྱིམ་དུ་དེང་ཤིག་པའོ། །དུས་ཀྱིས་མི་ཐུབ་ན་འདྲེན་པར་བསྐུལ་བ་ཡང་ངོ་ཞེས་པ་ནི་གདུགས་ཚོད་ཀྱིས་མི་ཐུབ་ན་

མྱུར་དུ་འདྲེན་པར་བདག་ཅག་ཉིད་ཀྱིས་སྐུལ་ཅིག་པའོ། །ཚིག་དེ་ཉི་ཚེ་ལ་འགལ་རྟག་ཏུ་མ་ཡིན་ཞེས་པ་ནི་གསོལ་བ་ལ་སོགས་པའི་ལས་མ་གཏོགས་པར་འཕྲལ་གྱི་བྱ་བ་རྣམས་དོན་དེར་འགྲོ་ཞིང་འགལ་བ་མེད་ན་གཞུང་ལས་འབྱུང་བའི་ཚིག་ཉི་ཚེ་ལ་མ་ལྟོས་ཤིག་པའོ། །སོ་སོར་བོས་པ་བདག་

གིར་བྱ་ཞེས་པ་ནི་ཡོན་བདག་གིས་དགེ་འདུན་སོ་སོར་བཀར་ཏེ་བོས་ན་ཡང་སོང་ཤིག་པའོ། །དགེ་འདུན་སྤྱིས་གཉེར་བའི་ཚེ་གང་ཟག་གུད་དུ་གར་ཞིང་ཟ་བ་མི་རིགས་པར་དོགས་པ་བསྩལ་བའི་ཕྱིར། དགེ་འདུན་དང་ལྷན་ཅིག་ཏུ་བོས་ཀྱང་ངོ་ཞེས་པ་ཡིན་ཏེ་དགེ་འདུན་གླེངས་ཀྱིས་བོས་ཀྱང་གུད་དུ་གར་ཏེ་

ཟོས་པ་ནི་ཉེས་མེད་པར་སྟོན་པའོ། །དུས་ཐམས་ཅད་ཀྱང་ངོ་ཞེས་པ་ནི་གཏན་དུ་བོས་ན་ཡང་མི་རུང་བ་མེད་ཀྱིས་དེར་ཁས་ལོང་ཤིག་པའོ། །ཇི་ལྟར་བྱས་པས་བོས་པ་ལས་ལྷག་པར་སློང་བའི་ཉེས་པར་འགྱུར་ཞེ་ན། ཚད་བཙུགས་པ་མེད་པར་བོས་པ་དང་གཞན་དུ་དང་། ཡང་དང་ཡང་དང་།

ཤིན་དུ་བ་ལས་ལྷག་པར་མ་བོས་ན་ཟླ་བ་བཞི་ལོན་པ་ལས་ལྷག་པར་བཤགས་པ་ཟ་ནའོ་ཞེས་པ་ཡིན་ཏེ་ཡུན་འདི་སྲིད་ཀྱི་བར་དུ་བདག་གི་དེར་གཤེགས་སུ་གསོལ་ཞེས་ཚད་ཆད་པར་མ་བྱས་པ་དང་། འདི་སྲིད་ཀྱི་བར་དུ་གཤེགས་པར་གསོལ་ཞེས་དུས་ཀྱི་ཚད་ཆད་པར་བྱས་པ་དང་། ཡང་དང་ཡང་

เล่ม ๑๖๔ · หน้า 140a

སྣོན་པ་དང་སྙིང་ནས་བོས་པ་རྣམས་མ་ཡིན་ལ་ཟླ་བ་བཞི་ལས་ལྷག་པར་ཡོན་བདག་དེའི་ཟས་ཟོས་ན་ལྟུང་བར་འགྱུར་བའོ། །སློང་བ་ཉེས་བྱས་ཞེས་པ་ནི་གོང་མ་ལྟ་བུར་མ་ཟོས་པར་སློང་བའི་ཚེ་ཉེས་བྱས་སུ་སྟོན་པའོ། །ནད་པ་ཉེས་མེད་ཅེས་པ་ནི་ནད་པ་ནི་གོང་མ་ལྟ་བུའི་ཚེ་

བསླངས་ཏེ་ཟོས་ཀྱང་བླ་བར་སྟོན་པའོ། །གཉེན་ཡང་ངོ་ཞེས་པ་ནི་གོང་མ་ལྟ་བུའི་ཚེ། གཉེན་ལ་བསླངས་ཀྱང་བླ་བའོ། །འཁྱམས་པ་སྔ་མ་དང་ཐ་དད་ཅེས་པ་ནི། ཟླ་བ་བཞིའི་བར་དུ་ཡོན་བདག་གིས་གཉེར་བའི་ཚེ། དགེ་སློང་ལས་བབས་པ། ཕྱིར་སླར་ཞུགས་ན་སྔོན་གཉེར་བའི་དུས་དེ་ལ་བརྟེན་དུ་

མི་རུང་བར་སྟོན་པའོ། །དེ་ལྟ་བུས་སྔ་མ་ལ་བརྟེན་ཏེ། ཟོས་པའི་ཉེས་པ་ཅིར་འགྱུར་ཞེ་ན། དེ་མ་ཟོས་པའི་ཉེས་པར་བྱེད་ཅེས་པ་ཡིན་ཏེ། བསོད་པ་སློང་བའི་ཉེས་པར་སྟོན་པའོ། །སྔ་རོལ་ན་ཡང་གང་ཡང་མ་བོས་པའོ་ཞེས་བ་ཟླ་བ་བཞིའི་ཚེ་སྦྱིན་པར་མ་བྱས་པའི་ཟས་བསླངས་ཏེ་ཟོས་ན་ཡང་བསོད་པ་སློང་

བའི་ཉེས་པར་སྟོན་པའོ། །བོས་པ་ལ་མ་བོས་པར་སྟོན་པའོ།། །།ཇི་ལྟར་བྱས་པས་བསླབ་པ་སྟོན་པ་ལས་བཟློག་པའི་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། མངོན་པར་ཤེས་པ་ཡིན་ནའོ་ཞེས་པ་ཡིན་ཏེ། སློབ་པ་སྟོན་པའི་དགེ་སློང་དེ་ཤེས་པ་དང་

ལྡན་བར་བདག་གིས་ཤེས་ལ་སླར་བཟློག་ན་ཉེས་པར་འགྱུར་བའོ། །མངོན་པར་ཤེས་པ་སུ་ཞེ་ན། ཟེར་བའོ་ཞེས་པ་ཡིན་ཏེ་གང་སྟོན་ཅིང་སྨྲ་བ་དེ་ལའོ། །ཅི་ལ་མངོན་པར་ཤེས་ཤེ་ན། བསླབ་པའོ་ཞེས་པ་ཡིན་ཏེ། འདུལ་བ་ལས་འབྱུང་བའི་བསླབ་པ་མངོན་པར་ཤེས་པ་ནའོ། །གང་གིས་ལྟུང་བར་

བྱེད་ཅེ་ན། དགེ་སློང་གིས་འདིར་བསླབ་པར་གྱིས་ཤིག་ཅེའམ། ཐོན་ཅིག་ཅེས་ཟེར་ན་མི་སློབ་བོ་ཞེས་ཉན་དུ་མི་ཐུབ་པས་བསྒོ་བ་ལ་མི་ཤེས་པར་ཁ་ཙས་ཟེར་ཞིང་བརྙས་པར་བྱེད་པའོ་ཞེས་པ་ཡིན་ཏེ་དགེ་སློང་ཕ་རོལ་པོས་ཚིག་འདི་སྐད་དུ་བསྟན་ན་ཆ་ཉན་དུ་མི་རུང་བས་ཁ་ཙས་ཟེར་ན་ལྟུང་བར་སྟོན་པའོ། །

མདོའི་ལ་ནི་ཉེས་བྱས་ཞེས་པ་ནི་མདོ་ལས་འབྱུང་བའི་བསླབ་པ་ཤེས་པ་ལ་ཁ་ཙས་ཟེར་ན་ཉེས་བྱས་སུ་སྟོན་པའོ། །བསླབ་པ་སྟོན་པ་ལས་བཟློག་པའོ།། །།ཇི་ལྟར་བྱས་པས་ཉན་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་གཉིས་རྩོད་པའི་ཕྱིར་དགེ་སློང་དག་གྲོས་བྱེད་པ་ལ་ཞི་བར་འདོད་པ་མ་ཡིན་པར་ཉན་

เล่ม ๑๖๔ · หน้า 140b

ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་རྩོད་པ་སྡུམ་པའི་གྲོས་བྱེད་པ་ལ་ཞི་བར་འདོད་པ་མ་ཡིན་པས་ཉན་ན་ལྟུང་བར་སྟོན་པའོ། །ཇི་ལྟར་ཉན་པ་ལས་ཉེས་པའི་རིམ་པར་འགྱུར་ཞེ་ན། ཚིག་གི་ཉི་ཚེ་ཐོས་པ་ནི་ཉེས་མེད་ཤེས་པ་དང་། དོན་ནི་རྩ་བའོ་ཞེས་པ་ཡིན་ཏེ་དོན་མ་ཐོས་ལ་ཚིག་ཐོས་པ་དང་དོན་

ཉིད་ཐོས་ན་ཉེས་བྱས་དང་ལྟུང་བར་སྟོན་པའོ། །མཉན་ཏོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། ཅི་ནས་དཀྲུགས་པར་བརྟུལ་ནའོ་ཞེས་པ་ཡིན་ཏེ། དཀྲུགས་པའི་ཚད་དུ་མཉན་ན་གདོད་ཉེས་པར་འགྱུར་བའོ། །དོན་གཞན་གྱི་ཆེད་དང་དབང་གིས་སྟེང་དུ་འབབ་པ་ལྟ་ན་འཕྲིགས་མ་ཐག་ཏུ་ཏིང་སྒྲའམ། སེ་གོལ་

ལམ། ལུད་པ་བསྩལ་བ་ལ་སོགས་པའི་སྒྲས་མ་སྦྲན་ཏམ། མ་འཕྲིགས་སམ། ཞི་བའི་ཕྱིར་མ་ཡིན་ན་ཡང་ལྟུང་བ་གདོན་མི་ཟ་བར་བྱེད་ཅེས་པ་ནི་ཆེད་དུ་མཉན་པར་མ་བྱས་སམ་གྲོས་བྱེད་པར་མ་འཕྲིགས་སམ། སྡུམ་བར་དགའ་བ་མ་ཡིན་བས། གྲོས་བྱེད་པའི་སྟེང་དུ་བབ་ན་ཡང་ལྟུང་བར་སྟོན་པའོ། །འཐབ་པ་

མི་སྦེད་ཅེས་པ་ནི་འཐབ་གཅུགས་མ་བྱེད་ཅིག་པའོ། །མི་མཉན་ཞེས་པ་ནི་འཐབ་པ་ལ་ཉན་ཀྱང་མཉན་ཅིག་པའོ། །འདི་བསྐོར་ལ་འདུག་པར་མི་བྱ་ཞེས་པ་ནི་འཐབ་པ་དེའི་མཐའ་བསྐོར་ལ་འཁོད་པ་ལྟ་བུ་མ་བྱེད་ཅིག་པའོ། །གཅུགས་པའི་ནན་ཏན་མི་བྱ་བ་མ་ཡིན་ཞེས་པ་ནི་འཐབ་པ་གཅུགས་པའི་ནན་ཏན་མ་ཆུད་

ཤིག་པའོ། །མཉན་བར་གཏོགས་པའོ།། །།ཇི་ལྟར་བྱས་པས་ཚོགས་པ་འཇིག་པའི་ལྟུང་བར་འགྱུར་ཞེ་ན། །གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་ལས་དགེ་སློང་ལ་མ་བྱས་པར་སོང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་འདུན་གསོལ་བ་ལ་སོགས་པའི་ལས་བྱེད་པའི་ནང་དུ་བདག་ཀྱང་འོངས་པ་ལས་དགེ་སློང་

གཞན་ལ་མ་བྱས་པར་དེའི་ནང་ནས་བྱུང་སྟེ། གུད་དུ་སོང་ན་ལྟུང་བར་འགྱུར་བའོ། །ཇི་ཙམ་དུ་སོང་བས་ལྟུང་བར་འགྱུར་ཞེ་ན། ཐོས་པའི་ཉེ་འཁོར་ལས་འདས་ན་རྩ་བའོ་ཞེས་པ་ཡིན་ཏེ་ལས་བྱེད་པའི་ཐ་སྙད་མི་ཐོས་པར་ཐལ་ན་གདོད་ཉེས་པར་འགྱུར་བའོ། །སྔ་རོལ་ཉེས་བྱས་ཞེས་པ་ལ། ཐོས་པ་ལས་མ་འདས་

པ་ཚུན་ཆད་ཉེས་བྱས་སུ་འགྱུར་བའོ། །རིགས་པའི་དོན་མེད་པར་སོང་ནའོ་ཞེས་པ་ནི་རིགས་པའི་དོན་ཆེད་མེད་པར་སོང་ན་དགེ་སློང་གཞན་ལ་མ་བྱས་ཏེ་སོང་ཡང་ཉེས་པར་མི་འགྱུར་བའོ། །གསོལ་བ་བྱས་ཏེ་ནའོ་ཞེས་པ་ནི་གསོལ་བ་བྱས། ལས་ནི་མ་བྱས་པའི་སྐབས་སུ་སོང་ན་ཉེས་བྱས་སུ་འགྱུར་བའོ། །ཆོས་

เล่ม ๑๖๔ · หน้า 141a

མ་ཡིན་པའི་ལས་ནའོ་ཞེས་པ་ནི་དགེ་འདུན་ལས་མི་རིགས་པ་བྱེད་པའི་ནང་ནས་གུད་དུ་སོང་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཐོས་པའི་ཕྱོགས་འདའ་བར་མི་འདོད་ན་ཉེས་མེད་ཅེས་པ་ནི་དགེ་འདུན་ལས་བྱེད་པའི་ཐ་སྙད་ཀྱང་ཟླ་ལ་ཉན་བཞིན་དུ་གྲལ་ནས་འཕགས་པ་ཙམ་ནི་ཉེས་མེད་པར་སྟོན་པའོ། །

ཚོགས་པ་འཇིག་པའོ།། །།ཇི་ལྟར་བྱས་པས་མ་གུས་པའི་ལྟུང་བར་འགྱུར་ཞེ་ན། འདུག་སོང་། མལ་ཆ་དང་། གནས་ཁང་ནོས་སྨྲོས་ཞེས་པ་དང་། དེ་ལས་བཟློག་པ་ལ་སོགས་པའི་དོན་སྟོན་ན་ཆོས་ཀྱི་སྙད་མེད་ཅིང་མ་གུས་པར་འགལ་བ་བྱེད་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འདུག་སོང་ཞེའམ་མ་

འདུག་མ་འགྲོ་ཞེས་པ་ལ་སོགས་པ་ཚུས་སྙད་པའི་དོན་བཞིན་དུ་མ་བྱེད་ཅིག །རྣེགས་པའམ་མ་གུས་པར་བྱེད་ན་ལྟུང་བར་འགྱུར་བའོ། །དགེ་སློང་གི་དགེ་འདུན་གྱིས་ན་རྩ་བའོ་ཞེས་པ་ནི་དགེ་འདུན་གྱིས་བསྒོ་བའི་བཀའ་བཅག་ན་ལྟུང་བར་འགྱུར་བའོ། །མཁན་པོ་དང་སློབ་དཔོན་གྱིས་ན་ཉེས་བྱས་ཞེས་པ་

ནི་མཁན་པོ་དང་སློབ་དཔོན་གྱི་ངག་བཅག་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཆོས་མ་ཡིན་པ་བསྒོ་བ་ཡང་ངོ་ཞེས་པ་ནི་མི་རིགས་པ་བསྒོ་བ་མ་མཉན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །གཏམ་གྱི་བར་དུ་གཅོད་པ་ཡང་དེ་བཞིན་ཞེས་པ་ནི་མཁན་པོ་དང་དགེ་འདུན་ལྟ་བུ་ལ་སོགས་པ་བཙུན་པ་གཏམ་ཟེར་བའི་བར་དུ་གཅོད་ན་

ཡང་ངག་བཅག་པ་དང་འདྲ་བས། ལྟུང་བ་ལ་སོགས་པའི་རིམ་པ་བཞིན་དུ་ཉེས་པར་འགྱུར་བའོ། །དགེ་འདུན་གྱིས་བསྐོས་པའི་སྣ་བོ་ཡང་ངོ་ཞེས་པ་ནི་དགེ་འདུན་གྱིས་ལས་སུ་བསྐོས་པའི་དགེ་སློང་གི་ངག་བཅག་ན་ཡང་དགེ་འདུན་གྱི་བཀའ་བཅག་པ་དང་འདྲ་བར་སྟོན་པའོ། །སངས་རྒྱས་ནི་དགེ་འདུན་བཞིན་ཞེས་པ་

ནི་ཕྲན་ཚེགས་འདི་དག་ཙམ་གྱི་ཚོད་བཅོམ་ལྡན་འདས་ཀྱིས་གསུངས་པ་མི་རིགས་སོ་ཞེས་སངས་རྒྱས་ཀྱི་བཀའ་བཅག་ན་ཡང་ལྟུང་བར་སྟོན་པའོ། །རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་གྱི་ངག་མི་བཅག་ཅེས་པ་ནི་འདི་དག་གི་ངག་མ་གཅོག་ཤིག་པའོ། །མ་གུས་པར་གཏོགས་པའོ།། །།ཇི་ལྟར་

བྱས་པས་ཆང་འཐུང་བའི་ལྟུང་བར་འགྱུར་ཞེ་ན། མྱོས་པར་འཐུང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ར་རོ་བར་འཐུང་བར་འགྱུར་ན་ལྟུང་བར་སྟོན་པའོ། །བསྐོལ་ན་དེ་ལས་ཉམས་སོ་ཞེས་པ་ནི་བསྐོལ་ན་དེའི་རོ་ཉམས་པར་སྟོན་པའོ། །སྦང་མ་དང་ཚིགས་མ་ཟོས་ན་དེར་གཏོགས་སོ་ཞེས་པ་ནི་སྦང་མ་དང་རྒུན་ཆང་གི་

เล่ม ๑๖๔ · หน้า 141b

ཚིགས་མ་ཟོས་ན་ཡང་ལྟུང་བར་འགྱུར་བའོ། །ཕབས་ནི་ཕྱེད་དོ་ཞེས་པ་ནི་ཕབས་ཟོས་ན་ཉེས་བྱས་སུ་འགྱུར་བའོ། །མྱོས་པར་འགྱུར་བའི་རྩ་བ། སྡོང་པོ། འདབ་མ་མེ་ཏོག །འབྲས་བུ་རྣམས་ཀྱང་ངོ་ཞེས་པ་ནི། ར་རོ་བར་འགྱུར་བའི་རྩ་བ་ལ་སོགས་པ་ཟོས་ན་ཡང་ཉེས་བྱས་སུ་སྟོན་པའོ། །འཐུང་བ་ཆང་གི་

དྲི་དང་རོ་ནི་ཡོད་ལ་མྱོས་པར་མི་འགྱུར་བ་ཡང་ངོ་ཞེས་པ་ནི་མྱོས་པར་ནི་མི་འགྱུར་ལ་ཆང་གི་དྲི་དང་རོ་ནི་ཡོད་པ་འཐུངས་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཁ་དོག་ཙམ་གྱི་ཚོད་ཆང་དང་འདྲ་བ་ནི་ཉེས་མེད་ཅེས་པ་ནི་རྒུན་ཆུ་ལ་སོགས་པ་འདི་ལྟ་བུ་འཐུངས་ན་ཉེས་མེད་པའོ། །མཁུར་བར་འཇོག་པ་དང་ཡན་ལག་འཁྲུ་བ་

ནི་སྦྱོར་བ་བཞིན་ཞེས་པ་ནི་ཆང་མཁུར་བ་ན་འཇོག་པ་ཆང་གིས་ཡན་ལག་བཀྲུ་བ་ནི་ཉེས་བྱས་སུ་འགྱུར་བའོ། །ནད་པ་ནི་ཉེས་མེད་ཅེས་པ་ནི་ནད་པས་གོང་མ་ལྟར་བྱས་པ་ནི་ཉེས་མེད་པའོ། །ཆང་འཐུང་བའོ།། །།ཇི་ལྟར་བྱས་པས་དུས་མ་ཡིན་པར་འགྲོ་བའི་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་

པ་ཡིན་ནོ་འདུ་ཤེས་བརྩན་པ་གང་ཞེ་ན། དུས་མ་ཡིན་པར་ནའོ་ཞེས་པ་ཡིན་ཏེ། དུས་མ་ཡིན་པར་ཤེས་ན། གདོད་ཉེས་པར་འགྱུར་བའོ། །དགེ་སློང་ཡོད་ལ་མ་བྱས་ནའོ་ཞེས་བྱ་བ་ནི། དུས་མ་ཡིན་པར་འགྲོ་བའི་ཚེ་དགེ་སློང་ཡོད་ལ་དེ་ལ་མ་བྱས་པར་སོང་ན་ཉེས་པར་འགྱུར་བའོ། །གར་སོང་བས་ཤེ་ན།

གྲོང་དུ་འཇུག་ནའོ་ཞེས་པ་ཡིན་ཏེ་གྲོང་དུ་སོང་ན་གདོད་ཉེས་པར་འགྱུར་བའོ། །དེ་ལྟར་སོང་ངོ་ཅོག་གིས་སམ་ཞེ་ན། གལ་ཏེ་བརྟད་པར་བྱ་བས་མ་ཐེབས་ནའོ་ཞེས་པ་ཡིན་ཏེ་དགེ་སློང་དང་འཚོ་བའི་བར་ཆད་དུ་འགྱུར་བ་ལ་སོགས་པ་བརྟད་པའི་རྐྱེན་གྱིས་མ་ཐེབས་པར་སོང་ན་གདོད་ཉེས་པར་འགྱུར་བའོ། །གུད་དུ་

འགྲོ་བ་ནི་ཉེས་བྱས་ཞེས་པ་ནི་གྲོང་གཅིག་ཏུ་འགྲོ་བར་བྱས་ཏེ་སོང་བ་ལས་གྲོང་གཞན་དུ་འཕྱར་ཏེ་སོང་ན་ཉེས་བྱས་སུ་འགྱུར་བའོ། །དགེ་སློང་མེད་ན་དགེ་སློང་མ་ཡང་དེ་བཞིན་ཞེས་པ་ནི་གྲོང་དུ་འགྲོ་བའི་ཕྱི་ནས་དགེ་སློང་ལ་བྱར་དགེ་སློང་མེད་ན་དགེ་སློང་མ་ལ་གྱིས་ཤིག་པའོ། །དེ་ཡང་ན་དགེ་ཚུལ་ལའོ་ཞེས་

པ་དང་དེ་ཡང་ན་དགེ་སློབ་མ་ལའོ་ཞེས་པ་དང་། དེ་ཡང་ན་དགེ་ཚུལ་མ་ལའོ་ཞེས་པ་ནི་གོང་མ་མེད་ན་འོག་མ་ལ་རིམ་བཞིན་དུ་གྱིས་ཤིག་པའོ། །བརྡ་མི་ཕྲད་ན་ནི་ཡོད་པ་མ་ཡིན་ཞེས་པ་ནི་འོན་ཞིང་ལྐུགས་པ་དང་ལྷོ་བལ་ལྟ་བུ་བརྡ་མི་ཕྲད་པ་ལ་བྱས་པ་ནི་བྱས་ཤིང་བསྒོ་བར་མི་ཆུད་པའོ། །མཚམས་ཐ་

เล่ม ๑๖๔ · หน้า 142a

དད་པ་ན་འདུག་པ་དང་བཀར་བ་དང་། གཞན་གྱི་ཕྱོགས་རྣམས་ཀྱང་ངོ་ཞེས་པ་ནི་ནམ་མཁའ་ལ་འདུག་པ་ལྟ་བུ་ལ་བྱས་པའམ། བཀར་བའི་དགེ་སློང་ལ་བྱས་པའམ། ལྷ་སྦྱིན་གྱི་ཕྱོགས་སུ་སོང་བ་ལྟ་བུ་ལ་བྱས་པ་ནི་བྱས་ཀྱང་མི་ཕན་པར་སྟོན་པའོ། །འཕྲུལ་གྱིས་ནི་ཉེས་མེད་ཅེས་པ་

ནི་རྫུ་འཕྲུལ་གྱི་གྲོང་དུ་སོང་ན་མ་བྱས་ཀྱང་བླ་བར་སྟོན་པའོ། །དུས་མ་ཡིན་པར་སྤྱོད་པའོ།། །།ཇི་ལྟར་བྱས་པས་ཁྱིམ་དུ་འགྲོ་བའི་ལྟུང་བར་འགྱུར་ཞེ་ན། དུས་མ་ཡིན་པར་ཁྱིམ་བཞི་ལ་སོགས་པར་འགྲོ་ནའོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱི་དྲོ་ཁྱིམ་བཞི་ལ་སོགས་པར་གྲོང་རྒྱུ་ན་ལྟུང་བར་སྟོན་པའོ། །དེའི་

ངོར་དགེ་འདུན་སྤྱན་དྲངས་པ་ལས་ང་མ་འོངས་པའི་ཕྱིར་འདྲིམ་པ་ལ་མ་སྡོད་ཅིག་ཅེས་སྦྱིན་བདག་ལ་མ་བསྐོ་བར་གསུམ་ལ་སོགས་པར་ནའོ་ཞེས་པ་ནི་བདག་གི་ངོར་དགེ་འདུན་སྤྱི་སྤྱན་དྲངས་ལ་དགེ་འདུན་མ་བྱོན་གྱི་བར་དུ་བདག་གུད་དུ་འགྲོ་བའི་ཚེ་སྦྱིན་བདག་ལ་སྙད་འདི་སྐད་དུ་མ་བསྒོ་ཞིང་གོང་གསུམ་ལ་སོགས་

པར་སོང་ན་ལྟུང་བར་འགྱུར་བའོ། །ཁྱིམ་དུ་སྤྱོད་པའོ།། །།ཇི་ལྟར་བྱས་པས་མཚན་མོ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། མ་ནངས་པར་ནའོ་ཞེས་པ་ཡིན་ཏེ་ནམ་མ་ནངས་པར་ཤེས་ན་གདོད་ཉེས་པར་འགྱུར་བའོ། །

སྐབས་གཞན་དུ་སྐྱ་རེངས་དང་པོ་ལ་བརྟེན་ན་འདི་ཡང་དེ་བཞིན་ནམ་ཞེས་པའི་ཕྱིར། འདིར་སྐྱ་རེངས་ཐ་མ་མ་ཤར་བའོ་ཞེས་པ་ཡིན་ཏེ། སྐྱ་རེངས་མ་ཤར་ཚུན་ཆད་ལ་བརྟེན་པར་སྟོན་པའོ། །སླས་འདུག་པའི་གནས་སུ་འདུག་ནའོ་ཞེས་པ་ནི་སླས་འདུག་པའི་ཁྱིམ་ཡིན་ན། གདོད་ཉེས་པར་འགྱུར་བའོ། །དེ་མ་ཡིན་

བར་སོང་བ་ཡང་ངོ་ཞེས་པ་ནི་ཉིན་བར་དེར་སོན་ལ་ནམ་སྲོ་སྟེ། སླར་ལོག་ན་ཡང་དེ་བཞིན་དུ་ཉེས་པར་འགྱུར་བའོ། །ནུབ་རེའོ་ཞེས་པ་ནི་ནུབ་རེ་ལྟུང་བ་རེ་རེར་སྟོན་པའོ། །ཇི་ཙམ་ཡན་ཆད་སླས་འདུག་པའི་ཁང་པར་གཏོགས་ཤེ་ན། དེའི་གཏན་པའི་ཐན་ཀོར་དེའི་དང་པོའོ་ཞེས་པ་ནི་གཏན་པ་བཅད་ཅིང་དབྱེ་བའི་ཐན་

ཀོར་མ་གཏོགས་པ་ཡན་ཆད་དེའི་གནས་སུ་སྟོན་པའོ། །རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་གྱི་ཡང་དེ་བཞིན་ཞེས་པ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་གྱི་ནང་མཚམས་ཀྱང་འདི་ཡན་ཆད་ཡིན་པར་སྟོན་པའོ། །རྒྱལ་པོའི་ཕོ་བྲང་ཡང་ངོ་ཞེས་པ་དང་གྲོང་ཁྱེར་དུ་ནི་ཉེས་བྱས་ཞེས་པ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནང་

เล่ม ๑๖๔ · หน้า 142b

མཚམས་དེ་འདས་ན་ལྟུང་བར་འགྱུར་བ་དང་གྲོང་ཁྱེར་དུ་འགྲོ་བ་དང་ནང་མཚམས་དེ་ཡན་ཆད་འདས་ན་ཉེས་བྱས་སུ་སྟོན་པའོ། །གལ་ཏེ་དེའི་ཕྱིར་ནའོ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་ལ་གྲོང་ཁྱེར་གྱི་ནང་མཚམས་འདས་ན་གདོད་དེ་ལྟར་འགྱུར་བའོ། །འདིར་ནི་ཁ་ན་མ་ཐོ་བ་གཉིས་སུའོ་ཞེས་པ་ནི་འདི་ལྟར་བྱས་ན་དུས་མ་

ཡིན་པར་འགྲོ་བ་དང་གཉིས་ཀྱིས་ཉེས་པར་འགྱུར་བའོ། །དེར་སོང་ངོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། རྒྱལ་པོ་བཙུན་མོ་སྲས་བློན་པོ་རྣམས་གདུལ་བའམ་བར་ཆད་ཀྱི་དབང་གིས་ན་མ་ཡིན་ཞེས་པ་ནི་འདི་རྣམས་ཀྱིས་བོས་པའམ་འདི་དག་གདུལ་བའམ་བར་ཆད་ཀྱི་དབང་གིས་དེར་སོང་བ་ནི་ཉེས་མེད་པའོ། །

མ་ཞུས་པར་རྒྱལ་པོའི་ཕོ་བྲང་དུ་མི་འཇུག་ཅེས་པ་ནི་རྒྱལ་པོའི་ཕོ་བྲང་དུ་མ་ཞུས་པར་མ་འགྲོ་ཤིག་པའོ། །མཚན་མོ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའོ།། །།ཇི་ལྟར་བྱས་པས་བསླབ་ཚིག་ལ་བརྙས་པའི་ཉེས་པར་འགྱུར་ཞེ་ན། སོ་སོར་ཐར་པ་འདོན་པ་ལན་གཉིས་མྱོང་ལ་འགྱོད་སེམས་མ་ཡིན་པར་འདོན་ན་འདི་ལྟ་བུའི་

ཆོས་ཀྱང་ཡོད་པ་ལྟ་བུ་ནི་བདག་གིས་ད་གདོད་ཤེས་སོ་ཟེར་ནའོ་ཞེས་པ་ནི་སོ་སོར་ཐར་པ་ལ་སྨོད་པ་འགོག་པ་དང་མི་ཉན་པ་དང་བརྙས་པ་གསུམ་ཡོད་དེ། གཉིས་ནི་གུད་དུ་བཤད་ཟིན་པས་ན། འདིར་ནི་བརྙས་པའི་སྐད་དུ་ཟེར་ན་གདོད་ལྟུང་བར་འགྱུར་བ་ལ་བྱའོ། །མཚན་ཐ་དད་པས་འདོན་པ་ན་ཐུན་མོང་བ་ཉེས་བྱས་

ཞེས་པ་ན་དགེ་སློང་མ་དང་ཐུན་མོང་བ་ལ་བསླབ་པ་ལ་འདི་སྐད་དུ་ཟེར་ན་ཉེས་བྱས་སུ་སྟོན་པའོ། །མདོའི་བརྗོད་པ་ན་ཡང་ངོ་ཞེས་པ་ནི་མདོ་ལས་འབྱུང་བའི་བསླབ་པ་ལ་འདི་སྐད་དུ་ཟེར་ཡང་ཉེས་བྱས་སུ་འགྱུར་བའོ། །ཐུན་མོང་མ་ཡིན་པ་ཉེས་མེད་ཅེས་པ་ནི་དགེ་སློང་མའི་བསླབ་པ་ཉི་ཚེ་ལྟ་བུ་ལ་འདི་སྐད་དུ་ཟེར་བ་ནི་ཉེས་

མེད་པར་སྟོན་པའོ། །སོ་སོར་ཐར་པ་འདོན་པ་ལ་ལེགས་པར་མི་ཉན་པ་སྐྱོ་བ་བསྐྱེད་པར་བྱ་ཞེས་པ་ནི་སོ་སོར་ཐར་པ་ཉན་པ་ལ་མ་གུས་པའི་དགེ་སློང་ལ་སྐྱོ་བ་བསྐྱེད་པ་ལ་སོགས་པའི་ཐར་ངག་ཆེར་གྱིས་ཤིག་པའོ། །བསླབ་ཚིག་གི་རྫས་ལ་བརྙས་པའོ།། །།ཁབ་རལ་བྱེད་པའི་ལྟུང་བ་ཇི་ལྟ་བུ་ཞེ་ན། བ་སོ་རུས་པ་

རྭ་ལས་ཁབ་རལ་བྱེད་དམ་བྱེད་དུ་བཅུག་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་དག་ལས་ཁབ་རལ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བར་འགྱུར་བའོ། །བྱས་པ་རྙེད་ཅིང་སྤྱོད་པ་ནི་ཉེས་མེད་ཅེས་པ་ནི་གཞན་བྱས་ཟིན་པ་རྙེད་དམ་སྤྱོད་པ་ཉེས་མེད་པར་སྟོན་པའོ། །བཅག་གམ་མ་རྨས་པར་བཤགས་

เล่ม ๑๖๔ · หน้า 143a

པ་མི་བླང་ཞེས་པ་ནི་ལྟུང་བ་འབྱུང་བ་འཆགས་པའི་ཚེ་བཅག་ཟིན་ཏམ་ཞེའམ་རྨས་ཀྱི་བར་དུ་འཆགས་སུ་མ་གཞུག་ཤིག་པའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། མ་བཅག་བཤགས་པར་མི་འགྱུར་ཞེས་པ་ཡིན་ཏེ་མ་བཅག་གི་བར་དུ་བཤགས་སུ་ཟིན་ཀྱང་བཤགས་པར་མི་ཆུད་པའི་ཕྱིར་རོ། །

འོག་མ་ལྔ་ལ་ཡང་འདི་བཞིན་དུ་འཆད་དམ་ཞེས་པར་སྡེ་ཞེས་པ་ནི་འདི་འོག་ནས་བསླབ་པ་རིམ་བཞིན་དུ་འབྱུང་བ་ཡང་བཅད་ཟིན་ཏམ་ཞེས་མ་རྨས་ཀྱི་བར་དུ་འཆགས་སུ་མ་གཞུག་ཤིག་པ་དང་། མ་བཅད་ན་བཤགས་སུ་ཟིན་ཀྱང་བཤགས་པར་མི་ཆུད་པར་སྟོན་པའོ། །གཉིས་པ་ནི་བསྩལ་ཏམ་བས་སོ་ཞེས་པ་

ནི་ལྔའི་ནང་ནས་གཉིས་པ་ཤོས་བསྩལ་ཏམ་ཞེས་མ་རྨས་ཀྱི་བར་དུ་འཆགས་སུ་མི་གཞུག་ཅིང་བཤགས་ཀྱང་མི་ཕན་པར་སྟོན་པའོ། །ཁབ་རལ་བྱེད་པའོ།། །།ཇི་ལྟར་བྱས་པས་རྐང་པ་བྱེད་པའི་ལྟུང་བར་འགྱུར་ཞེ་ན། རྐང་པ་ཐུང་བའི་ཁྲི་ལ་མི་ཉལ་ཞེས་པ་ལ་སོགས་པ་ཇེ་སྟོན་པ་ཡིན་ནོ། །ཉལ་མལ་གྱི་

དྲུང་དང་ཐན་ཀོར་དུ་རྐང་པ་མི་བཀྲུ་ཞེས་པ་ཉལ་ཁྲིའི་དྲུང་དུ་རྐང་པ་མ་འཁྲུ་ཤིག་པའོ། །ལྷམ་ཡོད་ནའོ་ཞེས་པ་ནི་གོང་མ་ལྟ་བུའི་ཉེས་པ་ཡང་ལྷམ་ཡོད་བཞིན་དུ་བྱས་ན་གདོད་ཉེས་པར་འགྱུར་བའོ། །གཞན་དུ་ན་སྔས་དང་འཕོངས་མ་གཏོགས་པར་རོ་ཞེས་པ་ནི་ལྷམ་མེད་ན་ཉལ་ཁྲིའི་སྔས་དང་འཕོངས་ལོགས་སུ་ཁྲུས་

ཤིག་པའོ། །སྟན་མཐོན་པོ་དང་སྟན་ཆེན་པོ་ལ་མི་འདུག །མི་ཉལ་ཞེས་པ་ནི་ཁྲུ་གང་ལས་ལྷག་པའི་ཁྲི་དང་རིན་པོ་ཆེའི་ཁྲི་སྟན་ལ་མ་འདུག་མ་ཉལ་ཅིག་པར་སྟོན་པའོ། །ཁྱིམ་པའི་དེར་གཞན་མེད་ན་སྔ་མ་བྱ་ཞེས་པ་ནི་ཁྱིམ་པའི་དེ་ན་འདུག་ལ་རུང་བའི་ཁྲི་སྟན་གཞན་མེད་ན་ཁྲི་སྟན་འདི་ལྟ་བུ་ལ་ཡང་འདུག་ནི་འདུག་ལ་མ་

ཉལ་ཅིག་པའོ། །རྐང་རྟེན་བཅུག་ན་ཉལ་བར་བྱ་ཞེས་པ་ནི་ཁྲིའི་རྐང་པ་ཐུང་ངུའི་རྐང་རྟེན་བཅུག་ན། དེ་ལ་ཉལ་ཡང་བླ་བའོ། །ཉལ་བར་འགྱུར་བ་ཉིད་གང་ཞེ་ན། ཁྲི་བརྩེགས་པ་ལ་མི་འདུག་ཅེས་པ་ནི་ཁྲི་བརྩེགས་པ་ལ་མ་འདུག་ཤིག་པའོ། །ལྟུང་བར་འགྱུར་བ་ཉིད་གང་ཞེ་ན། ཚད་ལས་ལྷག་པར་བྱས་སམ་

བྱེད་དུ་བཅུག་ནའོ་ཞེས་པ་ནི་ཚད་ལས་ལྷག་པའི་ཁྲི་བྱས་སམ་བྱེད་དུ་བཅུག་ན་ལྟུང་བར་འགྱུར་བའོ། །གཉིས་པ་ལས་གཞན་པའི་གསུམ་པ་ཡང་ངོ་ཞེས་པ་ནི་འདིའི་འོག་ནས་འབྱུང་བའི་བསླབ་པའི་གསུམ་པོ་ཡང་ཚད་ལས་ལྷག་པར་བྱས་སམ་བྱེད་དུ་བཅུག་ན་ལྟུང་བར་སྟོན་པའོ། །ཚད་ལས་ལྷག་པའི་ཉེས་པ་

เล่ม ๑๖๔ · หน้า 143b

གང་ཞེ་ན། ཁྲི་དང་ཁྲིའུ་ནའོ་ཞེས་པ་ཡིན་ནོ། །དགེ་འདུན་གྱི་ནའོ་ཞེས་པ་ནི་དགེ་འདུན་གྱི་ཡིན་ན་གདོད་ཉེས་པར་འགྱུར་བའོ། །འོག་མ་ཡང་ངོ་ཞེས་པ་ནི་འདི་འོག་ནས་འབྱུང་བའི་བསླབ་པ་ཡང་དགེ་འདུན་གྱི་ཡིན་ན་གདོད་ཉེས་པར་འགྱུར་བའོ། །གང་ཚད་ལས་ལྷག་པས་ཉེས་པར་འགྱུར་ཞེ་ན། རྐང་པའོ་ཞེས་

པ་ཡིན་ཏེ་ཁྲིའི་རྐང་པ་ཚད་ལས་ལྷག་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །དེའང་ཇི་ཙམ་མན་ཆད་ཅེ་ན། དེ་ནི་རྐང་པ་མི་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་ངོ་ཞེས་པ་ཡིན་ནོ། །ཁྲུ་གང་པོ་ཉིད་ཇི་ཙམ་ཞེ་ན། བདེ་བར་གཤེགས་པའི་སུམ་ཆའོ་ཞེས་པ་ཡིན་ཏེ་བཅོམ་ལྡན་འདས་ཀྱི་ཁྲུའི་སུམ་ཆ་

གཅིག་སྟེ་སོར་བརྒྱད་ལ་ཁྲུ་གང་དུ་སྟོན་པའོ། །འོག་མ་རྣམས་ཀྱང་ངོ་ཞེས་པ་ནི་བསླབ་པ་འོག་མ་རྣམས་ཀྱང་ཁྲིའུ་ཚད་འདི་དང་སྦྱོར་ཅིག་པའོ། །རྐང་པ་བྱེད་པའོ།། །།ཇི་ལྟར་བྱས་པས་སྐུད་པའི་ལྟུང་བར་འགྱུར་ཞེ་ན། ཤིང་བལ་གྱིས་བྱུགས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་འདུན་གྱི་མལ་ཆ་ཤིང་

བལ་གྱིས་བསྐུས་ན་ལྟུང་བར་སྟོན་པའོ། །བདག་གམ་བསྐོས་པས་ཀྱང་ངོ་ཞེས་པ་ནི་བདག་གིས་བསྐུས་ཀྱང་རུང་སྐུད་དུ་བཅུག་ཀྱང་རུང་སྟེ་ཉེས་པར་འགྱུར་བར་སྟོན་པའོ། །གང་གི་བལ་ཞེ་ན། བལ་ནི་ལྔ་སྟེ་ཤལ་མ་ལའི་དང་ཨར་ཀའི་དང་ཨ་ཀ་ཤ་དག་གི་ཐུང་ན་ཕྱེད་དང་ལྕང་མའི་འོ་ཞེས་པ་ཡིན་ཏེ་འདི་དག་

གི་བལ་ལ་བྱའོ། །སྐུད་པའོ།། །།ཇི་ལྟར་བྱས་པས་གདིང་བའི་ལྟུང་བར་འགྱུར་ཞེ་ན། གདིང་བས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ། གདིང་བ་ལས་ཉེས་པར་འགྱུར་བར་སྟོན་པའོ། །འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ་ཞེས་པ་ནི་གདིང་བ་ཁྲུ་གསུམ་དུ་གྱིས་ཤིག་པའོ། །ཐུང་

ན་ཕྱེད་དང་གཉིས་ཀྱིས་གླན་ཞེས་པ་ནི་ཁྲུ་གསུམ་ཐུང་སྟེ། མི་རུང་ན་ཁྲུ་ཕྱེད་དང་གཉིས་ཀྱིས་ཀློན་ཤིག་པའོ། །ཞེང་དུ་ཁྲུ་དོ་དང་སོར་བཅུ་དྲུག་གོ་ཞེས་པ་ནི་ཞེང་ཚད་འདི་ཙམ་དུ་གྱིས་ཤིག་པའོ། །འདི་བས་ཆུང་བ་ལ་བྱིན་གྱིས་བརླབས་ན་ཉེས་བྱས་ཞེས་པ་ནི་ཆུ་ཞེང་གི་ཚད་འདི་བས་ཆུང་བ་ལ་བྱིན་གྱིས་

བརླབས་ན་ཉེས་བྱས་སུ་འགྱུར་བའོ། །འོག་མ་གཉིས་ཀྱང་ངོ་ཞེས་པ་ནི་འདི་འོག་ནས་འབྱུང་བ་བསླབ་པ་གཉིས་ཀྱང་ཚད་ལས་ཆུང་བ་ལས་བྱིན་གྱིས་བརླབས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །གདིང་བར་གཏོགས་པའོ།། །།གཡན་པ་དགབ་པའི་ལྟུང་བ་གང་ཞེ་ན། གཡན་པ་དགབ་བ་ཉེས་པར་འགྱུར་པར་

เล่ม ๑๖๔ · หน้า 144a

སྟོན་པའོ། །དེའི་ཚད་སྟོན་པ་ནི། ཁྲུ་དྲུག་དང་གསུམ་མོ་ཞེས་པ་ཡིན་ཏེ་སྲིད་དུ་ནི་ཁྲུ་དྲུག །ཞེང་དུ་ཁྲུ་གསུམ་པར་གྱིས་ཤིག་པའོ། །གཡན་པ་དགབ་པར་གཏོགས་པའོ།། །།དབྱར་གྱི་རས་ཆེན་གྱི་ལྟུང་བ་གང་ཞེ་ན། དབྱར་གྱི་རས་ཆེན་ལས་སོ་ཞེས་པ་ཡིན་ཏེ་དབྱར་གྱི་རས་ཆེན་ལས་ལྟུང་

བར་འགྱུར་བར་སྟོན་པའོ། །དགུ་དང་གསུམ་དང་སོར་བཅོ་བརྒྱད་ཅེས་པ་ནི་དེའི་སྲིད་ཁྲུ་དགུ་ཞེང་ཁྲུ་གསུམ་དང་སོར་བཅོ་བརྒྱད་དུ་གྱིས་ཤིག་པའོ། །དབྱར་གྱི་རས་ཆེན་དུ་གཏོགས་པའོ།། །།ཇི་ལྟར་བྱས་པས་བདེ་བར་གཤེགས་པའི་གོས་བྱེད་པའི་ལྟུང་བར་འགྱུར་ཞེ་ན། སྟོན་པ་ཉིད་ཀྱི་ཁྲུ་ལྔ་དང་གསུམ་གྱི་ན་

བཟའོ་ཞེས་པ་ལ་སོགས་པ་ཡིན་ཏེ། བདེ་བར་གཤེགས་པ་ཉིད་ཀྱི་ན་བཟའི་ཚད་ནི་འདི་ཙམ་སྟོན་པའོ། །ལྟུང་བར་འགྱུར་བ་ཉིད་གང་ཞེ་ན། ལུས་དེར་མེད་ལ་དེའི་ཚད་དམ་ལྷག་པའི་ཆོས་གོས་བྱས་སམ་བྱེད་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་ལུས་བཅོམ་ལྡན་འདས་ཀྱི་ཚད་དུ་མེད་ལ་གོས་དེའི་ཚད་དམ་དེ་ལས་ལྷག་

པར་བྱེད་ན་ལྟུང་བར་སྟོན་པའོ། །དེ་མི་བཅང་ཞེས་པ་ནི་དེ་ལྟ་བུའི་གོས་མ་སྲེལ་ཅིག་པའོ། །བདེ་བར་གཤེགས་པའི་ན་བཟར་གཏོགས་པའོ། །ལྟུང་བ་ཉི་ཚེ་རྫོགས་སོ།། །།ལྟུང་བ་རྣམས་དེ་དག་ལྟར་བསྟན་ནས། གྲོང་དང་ཁྱིམ་གྱི་ནང་ཉིད་དང་སློབ་པ་རྣམས་དང་དགོན་པ་ནི་ཞེས་པ་རྣམ་པར་འབྱེད་པ་

ལས་འབྱུང་བ་བཞིན་དུ་སོ་སོར་བཤགས་པར་བྱ་བ་རྣམས་སྟོན་པ་ལས་དགེ་སློང་མ་ལས་བསོད་སྙོམས་བླངས་པའི་སོ་སོར་བཤགས་པ་ཇེ་སྟོན་པ་ནི། འབྲིད་ཅེས་པ་ལ་སོགས་པ་ཡིན་ཏེ། འདི་ལ་ཡང་འདུ་ཤེས་བརྩན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། དགེ་སློང་མ་གཉེན་མ་ཡིན་པར་ནའོ་ཞེས་པ་

ཡིན་ཏེ་དགེ་སློང་མ་དང་། གཉེན་མ་ཡིན་པར་ཤེས་ན་གདོད་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། འདྲིམ་པ་མ་ཡིན་པར་ཉིད་ཀྱིས་སྦྱིན་པ་དང་། གྲོང་ན་འདུག་པ་ལ་བདག་གིས་བཟའ་བ་དང་བཅའ་བ་བསླངས་ཏེ་ཟོས་ནའོ་ཞེས་པ་ཡིན་ཏེ། གཉེན་མ་ཡིན་པའི་

དགེ་སློང་མས་བྲིམ་བ་མ་ཡིན་པར་གྲོང་དུ་ཟས་བྱིན་ལ། དགེ་སློང་ཉིད་ཀྱང་གྲོང་ན་འདུག་པས་བསླངས་ན་ལྟུང་བར་འགྱུར་བའོ། །དབྱར་མོ་ཐང་ནི་གྲོང་མ་ཡིན་ཞེས་པ་ནི་དབྱར་མོ་ཐང་གྲོང་ལ་མ་གཏོགས་པས་ན་དེར་བླངས་སུ་ཟིན་གྱིས་ཀྱང་ཉེས་པར་མི་འགྱུར་བའོ། །དགེ་སློང་གི་གནས་ཀྱང་མ་

เล่ม ๑๖๔ · หน้า 144b

ཡིན་ཞེས་པ་ནི་དགེ་སློང་གི་གནས་ཀྱང་གྲོང་མ་ཡིན་པས་ན། གོང་མ་བཞིན་དུ་ཉེས་མེད་པའོ། །ནམ་མཁའ་ནི་ཕྱེད་དོ་ཞེས་པ་ནི་དགེ་སློང་མ་གཅིག་ནམ་མཁའ་ལ་འདུག་ཅིང་སྦྱིན་ནམ་ལེན་པར་བྱེད་པ་ཉེས་བྱས་སུ་འགྱུར་བའོ། །འཇིགས་པ་མེད་པར་བཞག་པ་བླངས་ན་ནི་དེ་ལས་མ་ཡིན་ཞེས་པ་ནི་དགེ་སློང་

མས་སྦྱིན་པར་བཤམས་ཏེ་བཞག་ནས་མོ་ཉིད་དེའི་དྲུང་དང་ཉེན་ཀོར་ན་འདུག་པ་ནི་བླངས་སུ་ཟིན་གྱིས་ཀྱང་དེ་དགེ་སློང་མ་ཉིད་ལས་བླངས་པ་མ་ཡིན་ཞིང་ཉེས་པར་སྟོན་པའོ། །དགེ་སློང་མ་ལས་བསོད་སྙོམས་བླངས་པ་ཞེས་བྱ་བའི་བཤགས་པ་དང་པོའོ།། །།བཤགས་པ་གཉིས་པའི་ཉེས་པ་ཅི་ལས་བྱེད་ཅེ་ན། འདི་

ལ་བཅའ་བའི་བྱིན་པ་བཏུང་བ་དང་། སྲན་ཚོད་དང་བཟའ་བ་དང་། ཡང་ཡང་ཉེས་པ་ལ་སོགས་པས། དགེ་སློང་དེ་ཉིད་དམ། གཞན་ལ་ངོས་མགྲོན་བྱེད་པ་དགེ་སློང་མ་ཡིན་པ་ལས་བྱེད་པ་ཞེས་པ་ནི་དགེ་སློང་མས་འདི་སྐད་དུ་དགེ་སློང་དྲུང་ན་འདུག་པ་ལ་ངོས་མགྲོན་བྱས་སམ། གུད་ན་འདུག་པ་ལ་ངོས་

མགྲོན་བྱས་ན་ཉེས་པར་འགྱུར་བའོ། །དགེ་སློང་མའོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། དེའི་ངོར་རམ་དེའི་གཉེན་མ་ཡིན་པར་བོས་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་དེའི་ངོར་དགེ་འདུན་སྤྱན་དྲངས་པའམ། དགེ་སློང་མ་དེའི་གཉེན་གྱིས་སྤྱན་དྲངས་པའི་ཚེ་དགེ་སློང་མ་དེ་གོང་མ་སྐད་དུ་བྱས་སུ་ཟིན་ཀྱང་ཉེས་པར་

མི་འགྱུར་བའོ། །གྲལ་རིམས་སྟོན་པ་དང་མ་བྱིན་པ་སྦྱིན་པར་བྱེད་པ་ནི་གཏོགས་ཞེས་པ་ནི་དགེ་སློང་གྲལ་རིམས་སྟོན་པ་དང་། མ་ཐོས་པ་ལ་འདིར་ཆད་ཀྱིས་གསོལ་ཞེས་ཟེར་བ་ལྟ་བུ་ནི་ཉེས་པར་མི་འགྱུར་བའོ། །ཇི་ལྟར་བྱས་པས་དེ་འགྱུར་ཞེ་ན། ཀྱེ་སྲིང་མོ་དགེ་སློང་འདི་དག་མ་ཟོས་ཀྱི་བར་དུ་སྡོད་ཅིག་

ཅེས་ལྷན་ཅིག་མི་ཟ་བས་ཀྱང་དགེ་སློང་གང་ཡང་རུང་བས། དེ་ལ་མ་བསྒོ་བར་གསུམ་ཡན་ཆད་ཀྱིས་ཟོས་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་དེ་དེ་ལྟར་ངོས་མགྲོན་བྱེད་པའི་ཚེ་དགེ་སློང་སུ་ཡང་རུང་བས་འདི་སྐད་དུ་མ་བསྒོ་ལ་གསུམ་ཡན་ཆད་ཀྱིས་ཟས་དེ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །བོས་པ་གར་ཟོས་

ཀྱང་རུང་སྟེ། ཉེས་པར་འགྱུར་རམ་ཞེ་ན། ཁྱིམ་དུའོ་ཞེས་པ་ཡིན་ཏེ་ཁྱིམ་པའི་ཁྱིམ་དུ་དེ་ལྟར་ཟོས་ན་གདོད་ཉེས་པར་འགྱུར་བའོ། །དགེ་སློང་མས་ན་ཇི་ལྟ་བུ་ལ་འདུག་པས་བསྐོས་པའི་ཉེས་པར་འགྱུར་ཞེ་ན། གལ་ཏེ་དེའི་ཚིག་གི་ཉེན་ཀོར་དུ་གྱུར་ན་རྩ་བའོ་ཞེས་པ་ཡིན་ཏེ། ཁང་ཐོག་དང་ཤིང་ལྟ་བུ་

เล่ม ๑๖๔ · หน้า 145a

སྨྲ་ཞིང་བསྒོ་བའི་ས་ནར་ཐ་མལ་པ་མ་ཡིན་པ་ལས་ཉེས་པ་རངས་པར་མི་འགྱུར་གྱི་གང་ཐ་མལ་ཅིང་མངོན་སུམ་དུ་གྱུར་ན་རྩ་བའི་ཉེས་པར་འགྲེ་བའོ། །མ་ཡིན་ན་ཉེས་བྱས་ཞེས་པ་ནི་ས་ནར་ཐ་མལ་པ་མ་ཡིན་ན་ཉེས་བྱས་སུ་འགྱུར་བའོ། །དེ་ལྟ་བས་ན་འདྲི་བ་ལ་བརྩོན་པར་བྱ་ཞེས་པ་ནི་གོང་མ་ལྟ་

བུ་ཡིན་པས་བླ་འོག་ན་འཁོད་པའམ་གྲལ་གྱི་མགོའམ་མཇུག་ན་འཁོད་པས་དགེ་སློང་མ་འདི་དག་ལྟར་བྱེད་པའི་ཕྱི་ནས་བསྒོ་འམ་མ་བསྒོ་ཞེས་གཅིག་ལ་གཅིག་འདྲི་བའི་ནན་ཏན་མ་ཆུང་ཤིག་པའོ། །འདིར་རྒན་རབས་ཀྱིས་མ་བྱས་ན་གསར་བུས་བྱས་ཞེས་པ་ནི་དགེ་སློང་མ་ལ་བསྒོ་བ་སུས་བསྒོ་ཡང་བླ་

བར་སྟོན་པའོ། །ངོས་མགྲོན་བྱེད་པ་མ་བཟློག་པར་ཟོས་པའི་བཤགས་པ་གཉིས་པའོ།། །།ཁྱིམ་དུ་བསླབ་པ་བཅས་པ་ན་སོ་སོར་བཤགས་པའི་ཉེས་པར་འགྱུར་བ། ཁྱིམ་ཇི་ལྟ་བུར་བསླབ་པའི་སྡོམ་པ་བཅའ་བ་སྟོན་པ་ནི། དད་པ་བྱིན་པས་བྲེལ་བའི་ཁྱིམ་དུ་སྡོམ་པའི་བསླབ་པ་བཅའ་ཞེས་པ་ཡིན་ཏེ།

ཁྱིམ་པ་དད་པ་ཅན་སྦྱིན་པ་བྱེད་བྱེད་པས་གཞི་འདས་ཤིང་ཡོ་བྱད་ཀྱིས་བྲེལ་བར་འགྱུར་བའི་ཁྱིམ་དུ་མི་འདོང་བར་བསླབ་པའི་སྡོམ་པ་ཆོས་ཤིག་པའོ། །གང་གིས་བཅའ་ཞེ་ན། གསོལ་བས་སོ་ཞེས་པ་ཡིན་ཏེ། གསོལ་བས་བསླབ་པའི་སྡོམ་པ་ཆོས་ཤིག་པའོ། །དགྲོལ་བ་ཡང་ངོ་ཞེས་པ་ནི་དགྲོལ་བ་ཡང་གསོལ་

བས་གྱིས་ཤིག་པའོ། །བཅའ་བ་དེའི་ཉམས་དྲོད་ཤེས་པར་བྱས་ཏེ་བསླུས་པ་དང་སྟན་ཆ་སྤྱད་པ་དང་། ཆོས་བཤད་པ་རྣམས་བྱ་ཞེས་པ་ནི། དད་པ་དེ་དགེ་འདུན་མི་འདུ་བས་མི་དགའ་ན་དེའི་ཁྱིམ་དུ་བསལ་བ་ལ་སོགས་པ་འདི་དག་གྱིས་ཤིག་པའོ། །ལྷུང་བཟེད་སྟོང་པར་མི་འཇུག་ཅེས་པ་ནི་མི་དད་པ་དེའི་ཁྱིམ་

དུ་གོང་མ་ལྟར་འདོང་བའི་ཚེ། ཆུས་བསོད་སྙོམས་ལ་འདོང་བའི་ལམ་ཡོགས་སུ་མ་འགྲོ་ཤིག་པའོ། །འདི་བྱ་བ་དགེ་སློང་ན་བསོད་སྙོམས་ལས་ཁུར་བ་རངས་པ་མ་བྱིན་པ་སྦྱིན་ཞེས་པ་ནི་བསོད་སྙོམས་ལས་སླར་བསྐོར་བ་ལམ་ཡོགས་སུ་དེར་ཕྱིན་ཏེ། དེའི་བྱིས་པ་དག་ཟས་སློང་ན་ཁུར་བ་དང་རངས་པ་མ་ཡིན་པ་ལ་

སོགས་པ་བྱིན་ཅིག་པའོ། །འཐེན་ན་དགྲོལ་བར་བྱ་ཞེས་པ་ནི་ཁྱིམ་པ་དེ་དགེ་འདུན་སྤྱན་འདྲེན་ཅིང་བསླབ་པའི་སྡོམ་པ་དགྲོལ་བར་གསོལ་ན་དེའི་གསོལ་བ་བཞིན་དུ་གྱིས་ཤིག་པའོ། །ཇི་ལྟར་བྱས་པས་ཁྱིམ་དུ་བསླབ་པ་བཅས་ཤིག་པར་འགྱུར་ཞེ་ན། ཁྱིམ་དུ་བསླབ་པ་བཅས་ལ་དེའི་སྔ་རོལ་དུ་བོས་པ་མ་ཡིན་པ་དང་།

เล่ม ๑๖๔ · หน้า 145b

སྲུས་དང་ལ་ཕུག་དང་ལྡུམ་ལྟ་བུ་ཕོངས་པར་མི་འགྱུར་བ་མ་གཏོགས་པར་བཅའ་བ་དང་། བཟའ་བ་བླངས་ཏེ་ཟོས་ནའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པའི་རྐྱེན་འདི་དག་ལྟ་བུ་མ་གཏོགས་པར་བསླབ་པ་བཅས་པའི་ཚེ་བཟའ་བ་དང་བཅའ་བ་བླངས་ཏེ་ཟློས་ན་གདོད་ཉེས་པར་འགྱུར་བའོ། །ཁྱིམ་དུ་བསླབ་པ་འདྲལ་བ་

ལ་འཇུག་པའི་བཤེགས་པ་གསུམ་པའོ།། །།ནགས་ཉུལ་བར་གཏོགས་པའི་བཤགས་པ་སྟོན་པར་འདོད་པ་ནི། ནགས་ཉུལ་བའི་དགེ་སློང་ནི་བསྐོ་བར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། དགོན་པའི་འཇིགས་སར་ནགས་ཉུལ་བའི་དགེ་སློང་སྐོས་ཤིག་པའོ། །འདིས་དཔག་ཚད་ཕྱེད་ཁོར་ཡུག་ཏུ་བྱུལ་ཞེས་པ་

ནི་ནགས་ཉུལ་བར་བསྐོས་པ་དེས་ས་ཚོད་འདི་ཙམ་ཚུན་ཆད་ཉུལ་ཅིག་པའོ། །འཇིགས་པ་ལྟ་ན་དུད་བརྡ་གཏང་ཞེས་པ་ནི་བ་དན་བསྒྲེང་བའམ་འདམ་མའི་ཕུར་མ་ལམ་དུ་གཏོར་ཞེས་པ་ནི་རྐུན་པོའི་མགོ་ལོ་སྣང་ན་བྱ་གཏང་ཞིང་སྦྲན་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །འདི་འདོད་ན་གཡར་སུས་བྱིན་ཞེས་པ་

དང་གྲོགས་ཀྱང་ངོ་ཞེས་པ་ནི་ནགས་ཉུལ་བ་དེ་ལ་གཡར་ཀྱང་སྦྱིན་ཞིང་གྲོགས་ཀྱང་སྐོས་ཤིག་པའོ། །འབྲིད། འདུ་ཤེས་བརྩན་པ་གང་ཞེ་ན། ནགས་མ་བྱུལ་བར་ཐའི་ནའོ་ཞེས་པ་ཡིན་ཏེ་ནགས་མ་བྱུལ་བར་ཡང་ཤེས་ལ། འོག་ནས་འབྱུང་བ་ལྟར་བྱས་ན་གདོད་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་

པས་འདུ་ཤེས་པའི་ཉེས་པར་འགྱུར་ཞེ་ན། དགོན་པའི་ཀུན་དགའི་ཕྱི་རོལ་དུ་བཟའ་བ་དང་བཅའ་བ་བླངས་ཏེ་ཟོས་ནའོ་ཞེས་པ་ཡིན་ཏེ། དགོན་པའི་ལྷ་ཁང་གི་ཕྱི་རོལ་དུ་བཟའ་བ་དང་བཅའ་བ་མནོས་ཤིང་ཟོས་ན་ཉེས་པར་འགྱུར་བའོ། །བསྲུངས་ཟིན་ན་ཕྱེད་དུ་བྱེད་ཅེས་པ་ནི་ནགས་ཉུལ་ཟིན་པའི་འོག་ཏུ་

འདི་ལྟར་བྱས་ན་ཉེས་བྱས་སུ་འགྱུར་བའོ། །འཇིགས་པའི་གནས་ལས་ལོགས་ཤིག་ཏུ་གྱུར་ན་ཡང་ངོ་ཞེས་པ་ནི་འཇིགས་པ་བཀོལ་ཏེ་ལོགས་ཤིག་ཏུ་བྱོལ་ན་ཡང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །ནགས་ཉུལ་བར་གཏོགས་པ་བཤགས་པ་བཞི་པའོ། །བཤགས་པ་རྣམས་རྫོགས་སོ།། །།སོ་སོར་

བཤགས་པའི་འོག་ཏུ་བསླབ་པ་རྣམས་འབྱུང་བས་ན་དེ་དག་སྡུད་ཅིང་སྟོན་པ་ནི། སྨད་གཡོགས་ཇི་ནས་ཀྱང་ཟླུམ་སྒོ་རེ་འདུག་པར་བྱ་ཞེས་པ་དང་། ཧ་ཅང་མི་རྩེང་། ཧ་ཅང་མི་གནར་ཞེས་པ་ལ་སོགས་པ་ཡིན་ཏེ། སྨད་གཡོགས་བགོ་བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །དེ་ལ་པུས་མོ་ལས་མི་མཐོ་

เล่ม ๑๖๔ · หน้า 146a

བ་ནི་མི་རྩེང་བའོ། །ལོང་བུ་ལས་མི་འདའ་བ་ནི་མི་གནར་བའོ། །གྲ་སྣ་ཤལ་ལྟར་མི་སྦྱང་ཞེས་པ་ནི་དེའི་མཐའ་མ་འམ་གྲ་གླང་པོའི་སྣ་ཤལ་ལྟར་མ་སྦྱང་ཤིག་པའོ། །མཐོས་པར་མ་ཡིན་ཞེས་པ་ནི་སྐ་རགས་བཅིང་པ་ཡན་ཆད་ལས་མ་མཐོ་ཤིག་པའོ། །སྦྲུལ་ཐོད་ལྟར་གདེངས་ཀ་མ་

ཡིན་ཞེས་པ་ནི་སྐ་གསེབ་དུ་བཅུག་པའི་ཐོག་མ་ཁེད་མ་ལྟ་བུ་དེ་སྦྲུལ་ཐོད་ལྟར་མ་བྱེད་ཅིག་པའོ། །དྲིལ་དྲིལ་བར་མ་ཡིན་ཞེས་པ་ནི་སྐ་གསེབ་དུ་བཅུག་པའི་ཐོག་མ་དྲིལ་དྲིལ་བར་ཡང་མ་བྱེད་ཅིག་པའོ། །ཆོས་གོས་ཀྱང་འདིའི་དང་པོ་གསུམ་ཇི་ལྟ་བ་བཞིན་དུ་བགོ་ཞེས་པ་ནི་སྨད་གཡོགས་ཟླུམ་ཞིང་མི་རྩེང་མི་

གནར་བ་བཞིན་དུ་ཆོས་གོས་ཀྱང་དེ་ལྟར་གྱོན་ཅིག་པའོ། །ལེགས་པར་བསྡམས་ཏེ་གྲོང་བར་དུ་འགྲོ་ཞེས་པ་ནི་ཤིན་ཏུ་གཡོགས་སྒྲ་བསྐྱུངས། མ་ཡེངས་པའི་མིག་གཉའ་ཤིང་དུ་ལྟ། མགོ་མི་བསྒྱུར། མི་བརྫེ་མི་གཟར། མ་བསྣོལ། དཀྱུད། རྐང་པའི་བྲང་གིས་མི་འགྲོ། །གོམ་པའི་འཇལ་

ཐབས་མི་མཆོང་། ཙོག་བུར་མ་ཡིན། དཀུར་མི་བརྟེན། ལུས་མི་བསྒྱུར་དཔུང་པ་མི་བསྒྱུར་མགོ་མི་བསྒྱུར། ཕྲག་པ་མི་སྤྲད། ལག་པ་མི་སྦྲེལ་འདིར་མ་བསྡམས་པས་སྟན་ལ་མི་འདུག །མ་བརྟགས་པར་མ་ཡིན། ལུས་ཐམས་ཅད་ཀྱིས་མི་དབབ། རྐང་པའི་སྟེང་དུ་རྐང་པ་མི་བཞག་བརླའི་སྟེང་

དུ་བརླས་མ་ཡིན། ལོང་བུའི་སྟེང་དུ་ལོང་བུས་མ་ཡིན། རྐང་པ་མི་བཤིག །རྐང་པ་མི་དབྲལ། སྒྲེན་མོར་མ་ཡིན། ལག་པས་མཁུར་བ་ལ་མི་བརྟེན། སྟན་ཕྱི་ནུར་དུ་མི་ཕུལ་ཞེས་པའི་བར་དུ་སྨོས་པ་རྣམས་ནི་གྲོང་བར་འགྲོ་བའི་སྤྱོད་ལམ་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །ཐམས་ཅད་

དུ་བསོད་སྙོམས་ཤིན་ཏུ་གཟབས་ཏེ་བླང་ངོ་ཞེས་པ་ནས། ཁ་ད་ཆད་དུ་མ་ཡིན། སྲན་ཚོད་ཀྱི་ཁ་ད་ཆད་དུ་མ་ཡིན། ཐོད་རྒལ་མི་བྱ། བཟའ་བ་མ་འོངས་པར་སྣོད་མི་བཟེད། དེའི་སྟེང་དུ་མི་བཟེད་ཅེས་པའི་བར་དུ་སྨོས་པ་རྣམས་ནི་གཙུག་ལག་ཁང་དང་གྲོང་གང་དུ་ཡང་རུང་སྟེ་ཟས་བླང་བའི་ཐབས་འདི་

དག་ལྟར་གྱིས་ཤིག་པའོ། །དེ་ལ་འདྲིམ་བ་ཐལ་བའི་འོག་ཏུ་གདོད་འབོད་ཅིང་སློང་བར་མི་བྱ་བ་ནི་ཐོད་རྒལ་མི་བྱ་བའོ། །ཕས་སྦྱིན་པ་ལྟ་བུའི་སྟེང་དུ་སྣོད་བཟེད་པ་ལྟ་བུ་མི་བྱ་བ་ནི། དེའི་སྟེང་དུ་མི་བཟེད་ཅེས་པའོ། །བསོད་སྙོམས་ལེགས་པར་གཟབས་ཏེ་བཟའ་ཞེས་པ་ནས་ཧ་ཅང་བརྩེགས་པ་

เล่ม ๑๖๔ · หน้า 146b

ཡང་མ་ཡིན་ཏེ། ཧ་ཅང་ཆེ་བར་ཡང་མ་ཡིན། ཟས་ཁར་མ་ཕྱིན་པར་ཁ་མི་གདང་། ཡེབ་རྔམ་བྱ་བའི་ཕྱིར་ནད་ཀྱིས་སྲན་ཚོད་དང་སྲན་ཚོད་མ་གཡོགས་པར་མི་བྱ། བཅག་བཅག་མི་བྱ། ཐུ་ཐུ་མི་བྱ། ཧུ་ཧུ་མི་བྱ། ཕུ་ཕུ་མི་བྱ། ཁ་ན་ཟས་ཡོད་བཞིན་དུ་ཚིག་མི་དབྱུང་། ཉག་མ་ནས་མི་བཏུ། སྨད་པར་

མི་བྱ། མཁུར་བར་མི་སྤོ། ཁམ་ཚད་དུ་མི་བཅད། དཀན་མི་གཏོག །ལྕེ་མི་དབྱུང་། མཆོད་རྟེན་ལྟ་བུ་བཤིག་ཅིང་མ་ཡིན། ལག་པ་དང་སྣོད་མི་ལྡག །སྤྲུག་ཅིང་གཏོར་བར་མི་བྱ་སྣོད་ལ་འདུ་ཤེས་པར་རོ། །ཀླན་ཀ་བཙལ་བའི་ཕྱིར་དགེ་སློང་གནན་པོའི་སྣོད་ལ་མི་ལྟ། ལག་པ་སྦགས་པས་ཆུ་

སྣོད་ལ་མི་བཟུང་། སྦགས་པའི་ཆུ་དགེ་སློང་ཐད་ན་པོ་ལ་མི་གཏོར། ཁྱིམ་བདག་ལ་མ་དྲིས་པར་དེའི་ཁྱིམ་དུ་མི་དོར་ལྷུང་བཟེད་ཀྱིས་སྙིགས་མ་མི་དོར། ལྷུང་བཟེད་ལན་གསུམ་དུ་བཤལ་ལ་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་བསྔགས་ཏེ་ལྷུང་བཟེད་ཀྱི་ཆུ་སྦྱིན། གཞི་མ་བཏིང་བའི་ས་ཕྱོགས་སུ་ལྷུང་

བཟེད་མི་བཞག །འགྲེང་ལ་བཀྲུ་བ་མ་ཡིན་གད་ཀ་དང་གཡང་ས་དང་བང་རིམ་ལ་འདི་གཉིས་མི་བྱ། བཞི་མདོར་མ་ཡིན། འཕྲོག་པའི་དྲག་པོར་རྒྱུན་བཟློག་སྟེ་མི་བཅུ་ཞེས་པའི་བར་དུ་སྨོས་པ་རྣམས་ནི་ཟས་ཇི་ལྟར་བཟའ་བ་དང་ལྷུང་བཟེད་ཀྱི་རིམ་གྲོ་ཇི་ལྟ་བ་རྣམས་སྟོན་པའོ། །དེ་ལ་སྨད་པར་མི་བྱ་ཞེས་པ་ནི་ཧ་

ཅང་ཁ་ཆེས་ཧ་ཅང་བསིལ་ཆེས་པ་ལ་སོགས་པ་ཟས་ལ་ཁམ་ཆུ་མ་ཟེར་ཅིག་པའོ། །ཁམ་ཚད་དུ་མི་བཅད་ཅེས་པ་ནི་སོ་འཕྲོ་མ་བྱེད་ཅིག་པའོ། །སྣོད་ལ་འདུ་ཤེས་ཞེས་པ་ནི་གུད་དུ་མ་གཡེང་བར་སྡེར་གྱི་རིམ་གྲོ་གྱིས་ཤིག་པའོ། །བཤང་གཅི་ཡན་ཆད་ནི་ནད་པ་མ་ཡིན་པ་ལའོ་ཞེས་པ་ནི་འོག་ནས་བཤང་གཅི་ཞེས་

སྨོས་པ་ཡན་ཆད་ནད་པ་མ་ཡིན་པ་ལ་འདི་དག་ལྟར་མ་བྱེད་ཅིག་པའོ། །དེར་མི་ན་བས་སོ་ཞེས་པ་ནི་འགྲེང་སྟེ་བཤང་གཅི་བྱ་ཞེས་པ་ལྟ་བུ་མི་ན་བ་ལ་ཞེས་བྱ་བར་མི་སྦྱར་གྱི་ནད་པ་མ་ཡིན་པས་ཞེས་བྱ་བར་སྦྱར་རོ། །ལངས་པས་འདུག་པ་ལ་ཆོས་མི་བཤད། འདུག་པས་ཉལ་བ་ལ་མ་ཡིན། སྟན་དམའ་བ་

ལ་འདུག་པས་སྟན་མཐོན་པོ་ལ་འདུག་པ་ལ་མ་ཡིན། བཟང་ངན་ཀྱང་དེ་དག་བཞིན། མདུན་དུ་སོང་ལ་ཕྱིས་སྦྱིན་འོངས་པས་མ་ཡིན། ལམ་དང་ལམ་མ་ཡིན་པ་ཡང་ངོ་། །མགོ་བསྒྱུར་བ་ལ་སོགས་པ་ལ་མ་ཡིན། གླང་པོ་དང་རྟ་དང་བཞོན་པ་དང་ཁྱོགས་དང་ཁྲི་དང་ཤིང་ལྷམ་གྱི་སྟེང་ན་གནས་པ་ལ་མ་ཡིན།

เล่ม ๑๖๔ · หน้า 147a

ཞྭ་དང་མགོའི་རྒྱན་དང་གཙུག་ཏོར་དང་ཐོད་དང་ཕྲེང་བས་བཅིངས་པ་ལ་མ་ཡིན། གདུགས་དང་དབྱུག་པ་མཚོན་དང་རལ་གྱི་ལག་ཅན་པ་ལ་མ་ཡིན། གོ་གྱོན་པ་ལ་མ་ཡིན་ཞེས་པ་རྣམས་ནི་འདི་དག་ལྟ་བུ་ལ་ཆོས་མ་འཆད་ཅིག་པའོ། །འགྲེང་སྟེ་བཤང་གཅི་མི་བྱ་ཞེས་པ་ནས། སྔོན་པོའི་

ས་ཕྱོགས་སུ་མ་ཡིན་མི་འདོར་མཆིལ་སྣབས་དང་། སྐྱུགས་པ་དང་། འབྱུང་བ་ཡང་ངོ་ཆུར་མ་ཡིན་ཞེས་པ་རྣམས་ནི་མི་ན་བས་འདི་དག་ལྟར་མ་བྱེད་ཅིག་པའོ། །གློ་བུར་མ་གཏོགས་པར་མི་གང་ལས་ལྷག་པའི་ཤིང་ལ་མི་གཟེགས་ཞེས་པ་ནི་གཅན་གཟན་དང་རྐུན་ཆོམ་ལ་སོགས་པའི་རྐྱེན་གྱིས་མ་ཐེབས་

ན་འདི་ཙམ་ལས་ལྷག་པའི་ཤིང་ལ་མ་འཛེག་ཤིག་པའོ། །བསླབ་པ་རྣམས་སོ། །དགེ་སློང་གི་རྣམ་པར་འབྱེད་པ་རྫོགས་སོ།། །།ད་ནི་དགེ་སློང་མའི་རྣམ་པར་འབྱེད་པ་སྟོན་ཏེ་རྟེན་ཐ་དད་པས་ན་བསམ་པའང་ཐ་དད། བསམ་པ་ཐ་དད་པས་ན་ཉེས་པའང་ཐ་དད། ཉེས་པ་ཐ་དད་པས་ན་བཅས་པའང་ཐ་དད་པའི་

ཕྱིར་དགེ་སློང་མའི་རྣམ་པར་འབྱེད་པ་གུད་དུ་བསྟན་པ་ཡིན་ནོ། །དེ་ལ་དགེ་སློང་ཕ་དང་འདྲ་བ་ནི་དགེ་སློང་མ་ཉིད་ཀྱི་རྣམ་པར་འབྱེད་པ་ལས་བསྟན་པ་ཡིན། མི་འདྲ་བ་ནི་ཀུན་སྤྱོད་ལྟ་བུ་དགེ་སློང་མ་ལ་མེད་པ་དང་། འབྱིན་པ་ལྟ་བུ་དགེ་སློང་མའི་ལྟུང་བར་འབབ་པ་དང་རེག་པ་ལྟ་བུ་དགེ་སློང་མའི་ཕམ་པར་ལྷག་པ་ལྟ་

བུ་ལ་སོགས་པ་མི་འདྲ་བའི་ཁྱད་པར་ཞུགས་པ་ཡིན་ནོ། །དེ་བས་ན་མི་འདྲ་བའི་མཚམས་ཇེ་སྟོན་པ་ནི། ཉེས་པ་དང་ལྡན་བའི་ཚིག་ཡན་ཆད་དགེ་སློང་མའི་འོ་ཞེས་པ་ཡིན་ཏེ། འོག་ནས་རྒྱས་པར་སྨྲ་བ་ལས་ཉམས་པ་དང་ལྡན་པ་ནི་ཉེས་བྱས་སོ་ཞེས་འབྱུང་བ་ལ་མ་ཐུག་པའི་བར་དུ་སྨོས་པ་རྣམས་དགེ་སློང་མའི་བསླབ་

པ་ཤ་སྟག་ཡིན་པར་སྟོན་པའོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །གསོད་དང་སྨྲ་བའང་དེ་དག་བཞིན། །རེག་པ་དང་ནི་ལུས་འདོར་དང་། །འཆབ་དང་རྣམ་པར་ཟློག་པའོ། །ཞེས་འབྱུང་བའི་ཕས་ཕམ་པ་རྣམས་འབྱེད་ཅིང་སྟོན་ཏེ། དེ་ལ་མཚུངས་པའི་རྣམས་མིང་གིས་འབྱེད་པ་ནི་བཞིའོ་ཞེས་པ་ཡིན་ཏེ་རིམ་བཞིན་

དུ་སྔར་སྨོས་པ་བཞི་ནི་དགེ་སློང་ཕ་དང་ཐུན་མོང་བར་སྟོན་པའོ། །ཕྱི་མ་བཞི་མི་མཚུངས་པ་ནི་དགེ་སློང་རེག་ན་དགེ་འདུན་གྱི་ལྷག་མར་འགྱུར་བ་ནི་དགེ་སློང་མའི་ཕམ་པར་འགྱུར། ལུས་འདོར་བ་དགེ་སློང་ཕ་མི་ཚངས་པར་སྤྱོད་པའི་སྦྱོར་བར་འགྱུར་བ་ནི་དགེ་སློང་མ་ལུས་འདོར་བའི་ཕམ་པར་འགྱུར། དགེ་

เล่ม ๑๖๔ · หน้า 147b

སློང་ཕ་ཕས་ཕམ་པ་འཆབ་ན་ལྟུང་བའི་དགེ་སློང་མ་འཆབ་པའི་ཕམ་པར་འགྱུར། དགེ་སློང་ཕ་བཀར་བ་དང་མཐུན་པར་བྱེད་པའི་ལྟུང་བ་ནི་དགེ་སློང་མའི་ཕམ་པར་འགྱུར་བ་རྣམས་ཡིན་ཏེ་དེ་ལ་རེག་པའི་ཕམ་བར་འགྱུར་བ་གང་ཞེ་ན། བདག་གིར་བྱེད་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་འོག་ནས་རེག་པ་ཞེས་

འབྱུང་བ་དང་སྦྱར་རོ། །ཡན་ལག་གང་གིས་ཤེ་ན། མིག་དང་པུས་མོའི་བར་རོ་ཞེས་པ་ཡིན་ཏེ་འདི་དག་གཉིས་ཀྱི་བར་རེག་ན་ཉེས་པར་འགྱུར་བའོ། །ཇི་བདག་གིར་བྱེད་ཅེ་ན། རེག་པ་ཞེས་སྨོས་པ་ཡིན་ཏེ་ལུས་དང་ལུས་རེག་པ་བདག་གིར་བྱེད་ནའོ། །སུའི་རེག་པ་ཞེ་ན། སྐྱེས་པའི་འོ་ཞེས་པ་

ཡིན་ཏེ། སྐྱེས་པའི་རེག་པ་བདག་གིར་བྱེད་ནའོ། །ཇི་ལྟ་བུའི་བསམ་པས་ཤེ་ན། འཁྲིག་པའི་འདོད་ཆགས་ཀྱི་ནའོ་ཞེས་པ་ཡིན་ཏེ་འཁྲིག་པའི་འདོད་ཆགས་ཀྱིས་སྐྱེས་པའི་རེག་པ་བདག་གིར་བྱེད་ནའོ། །མིག་དང་པུས་མོའི་བར་མ་ཡིན་པ་ཡན་ཆད་གཞན་གྱིས་རེག་པ་ཅིར་འགྱུར་ཞེ་ན། ཡན་ལག་

གཞན་གྱི་སྦོམ་པོའོ་ཞེས་པ་ཡིན་ཏེ་མིག་ཡན་ཆད་པུས་མོ་མན་ཆད་ཀྱིས་རེག་པ་ནི་སྦོམ་པོར་འགྱུར་བའོ། །སེམས་གཞན་གྱི་ན་འབྲི་ཞེས་པ་ནི་འདོད་ཆགས་དང་མི་ལྡན་པའི་སེམས་ཀྱིས་རེག་ན་ཕམ་པར་སྨྲས་པ་ནི་སྦོམ་པོའོ། །སྦོམ་པོར་སྨྲས་པ་ནི་ཉེས་བྱས་སུ་འབྲི་བའོ། །ཅི་ཐམས་ཅད་དུའང་དེ་ལྟའམ་

ཞེ་ན། དེའི་ཚེ་སྐྱེས་པའང་དེ་ལ་ལྐུགས་པར་ངེས་ཤེས་ནའོ་ཞེས་པ་ཡིན་ཏེ་སྐྱེས་པ་ཆགས་ཤིང་ལྐུགས་པར་ནི་ཤེས་ལ་འདོད་ཆགས་མེད་པའི་བསམ་པས་རེག་ན་གདོད་སྦོམ་པོར་འབབ་པའོ། །མ་ཡིན་ན་དེ་ལས་ཀྱང་ངོ་ཞེས་པ་ནི་སྐྱེས་པ་དེ་ལྐུགས་པ་མ་ཡིན་པར་ཤེས་པས་རེག་ན་སྦོམ་པོ་ལས་ཀྱང་འབྲི་སྟེ་ཉེས་

བྱས་སུ་སྟོན་པའོ། །བདག་གིར་མ་བྱས་པ་ནི་ཉེས་མེད་ཅེས་པ་ནི་ཆེད་དུ་རེག་པར་མ་བྱས་པ་ལྟ་བུ་ནི་ཉེས་མེད་པར་སྟོན་པའོ། །བུ་ལ་རེག་པ་ཉེས་མེད་ཅེས་པ་ནི་བདག་གི་བུ་ལ་རེག་པ་ནི་ཉེས་མེད་པའོ། །གཞན་ནི་བྱིས་པ་ལའང་མི་རེག་ཅེས་པ་ནི་བུ་མ་ཡིན་པ་གཞན་བྱིས་པ་ཡན་ཆད་ལའང་མ་རེག་ཤིག་པའོ། །

གོང་དུ་སྐྱེས་པ་ཞེས་སྨོས་པའོ་ཅོག་ལས་ཉེས་པ་རངས་པར་བྱེད་དམ་ཞེ་ན། འདོད་པ་དང་ལྡན་པ་ནི་བསྟེན་ནུས་པའི་སྐྱེས་པ་དང་ཚིག་དེའི་དོན་ཤེས་ན་རྫོགས་པར་བྱེད་ཅེས་པ་ཡིན་ཏེ་འདོད་པ་དང་ལྡན་ནོ་ཅོག་བསྟེན་ནུས་པའི་སྐྱེས་པ་དང་འདོད་ཆགས་ཀྱི་ཚིག་གི་ཟུར་ཆ་ཤེས་པའི་ཡན་ལག་འདི་གཉིས་ཀྱིས་ན་ཉེས་པ་

เล่ม ๑๖๔ · หน้า 148a

རངས་པར་འགྱུར་བའོ། །སྐབས་འདིར་ནི་བསྟེན་ནུས་པའི་སྐྱེས་པ་དང་སྦྱར་རོ། །དེ་ལ་བསྟེན་མི་ནུས་པ་དང་གོས་ཀྱིས་བར་ཆོད་ན་ཉེས་པ་འབྲི་བ་ལ་སོགས་པ་གཞན་ནི་དགེ་སློང་ཕའི་རེག་པའི་ལྷག་མ་ལས་འབྱུང་བ་བཞིན་དུ་རིག་པར་གྱིས་ཤིག །རེག་པའི་ཕས་ཕམ་པའོ།། །།ཇི་ལྟར་

ན་ཉལ་བའི་ཕམ་པར་འགྱུར་ཞེ་ན། ལུས་འདོར་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ལུས་བོར་ཞིང་བཏང་ན་ཕམ་པར་འགྱུར་བའོ། །ཇི་ལྟ་བུའི་བསམ་པས་ཤེ་ན། འདོད་ཆགས་ཀྱིས་སོ་ཞེས་པ་ཡིན་ཏེ་སུའི་ཐད་དུ་ཞེ་ན། བསྟེན་པ་མངོན་དུ་འོངས་པའི་སྐྱེས་པ་དེ་ལ་ཆགས་པ་ལའོ་ཞེས་པ་ཡིན་ཏེ་ཉལ་པོ་བྱེད་

དུ་འོངས་པའི་སྐྱེས་པའི་ཐད་དུ་འདོད་ཆགས་ཀྱི་སེམས་ཀྱིས་ལུས་བོར་ན་གདོད་ཉེས་པར་འགྱུར་བའོ། །ཆགས་པའི་སེམས་ཀྱིས་བོར་རོ་ཅོག་ན་ཉེས་པར་འགྱུར་རམ་ཞེ་ན། དེས་འཐོབ་པར་ནའོ་ཞེས་པ་ཡིན་ཏེ། སྐྱེས་པ་དེས་སྤྱད་ཅིང་བྱར་ཡོད་པའི་སར་ལུས་བོར་ན་གདོད་ཕམ་པར་འགྱུར་བའོ། །ཆགས་

པ་དང་ཆགས་མར་སྟེག་ན་སྦོམ་པོའོ་ཞེས་པ་ནི་ཕོ་མོས་གཉི་ག་ཆགས་པས་སེད་སེད་མོར་བྱེད་ཅིང་སྟེག་ན་སྦོམ་པོར་འགྱུར་བའོ། །བཞུམ་པའོ་ཞེས་པ་ནི་བསེག་བསེག་པོར་བྱས་ཤིང་དྲུང་དུ་འགྲོ་བ་ལ་སོགས་པ་བྱེད་ན་བཅུམ་ཞེས་བྱ་བ་ཡིན་ཏེ་འདི་ལྟར་བྱས་ནའང་སྦོམ་པོར་འགྱུར་བའོ། །རྡིལ་ནའོ་ཞེས་པ་ནི་

ཉམས་གྱུར། བསྟེན་པ་ལ་རྔམ་ལ། ངོ་ཚ་མི་ཤེས་ཤིང་བརྟུན་ངས། རྐང་ལག་འདར། ཚིག་འཁྲུལ་པ་ལ་སོགས་པ་ནི་རྡིལ་བ་ཞེས་བྱ་སྟེ་འདི་ལྟར་བྱེད་ནའང་སྦོམ་པོར་འགྱུར་བའོ། །བཏུས་པར་ཁས་ལེན་ནའོ་ཞེས་པ་ནི་གར་བཏུས་པར་ཁས་ལེན་ཡང་སྦོམ་པོར་འགྱུར་བའོ། །བརྡས་

ཤེས་པ་ནི་སྔ་དྲོའམ་ཕྱི་དྲོ་ཞེས་དུས་ཀྱིས་སྐད་སྦྱོར་ན་ཡང་སྦོམ་པོའོ། །མཚན་མས་ཤེས་པ་ནི་ང་གོས་འདི་ལྟ་བུ་གྱོན་ན་ཤོག་ཤིག་ཅེས་པ་ལྟ་བུ་ལ་སོགས་པ་མཚན་མས་བརྡ་སྐད་སྦྱོར་ན་ཡང་སྦོམ་པོའོ། །འདྲུལ་ཟགས་ལ་ཞུགས་པ་བདག་གིར་བྱེད་པ་ཞེས་པ་ནི་ཕས་འདྲུལ་ཟགས་བྱེད་ཅིང་

འོངས་པ་ལ་དགའ་བར་བྱེད་ན་ཡང་སྦོམ་པོར་འགྱུར་བའོ། །ལུས་འདོར་བའི་ཕས་ཕམ་པའོ།། །།ཁ་ན་མ་ཐོ་བ་གང་བཅབས་པས་ཕམ་པར་འགྱུར་ཞེ་ན། དགེ་སློང་མའི་ཕས་ཕམ་བ་བཅབས་ནའོ་ཞེས་པ་ཡིན་ཏེ་ཕམ་བརྒྱད་གང་ཡང་རུང་ཉིན་ཞག་གཅིག་གི་བར་དུ་བཅབས་ན་ཕམ་པར་འགྱུར་བའོ། །བཅབས་

เล่ม ๑๖๔ · หน้า 148b

པའི་ཕས་ཕམ་པའོ།། །།ཇི་ལྟར་བྱས་པས་བཟློག་པའི་ཕམ་པར་འགྱུར་ཞེ་ན། བཀར་བའི་དགེ་སློང་གིས་གནོང་བ་བཀུར་བར་ཆད་ཅིང་ཕྱག་མི་བྱ་བར་འོས་པའི་སྡོམ་པ་བཅབས་པར་ཤེས་བཞིན་དུ་བཟློག་པ་མི་གཏོང་ནའོ་ཞེས་པ་ཡིན་ཏེ་ཕྱག་མི་བྱ་བར་དམ་ཡང་བཅས་ལ་བཀར་བའི་དགེ་སློང་གིས་གནོང་བགུར་

བར་ཡང་ཆད་པ་ལས་ཤེས་བཞིན་དུ་དེ་འཆགས་སུ་མ་སྟེར་ཅིང་དགེ་སློང་མའི་དགེ་འདུན་གྱིས་བཟློག་པ་མི་གཏོང་ན་ཕམ་པར་འགྱུར་བའོ། །གང་གི་ཚེ་ཕམ་པར་འགྱུར་ཞེ་ན། དབྱེན་ལ་ཞུགས་པའི་བཞིན་ནོ་ཞེས་པ་ཡིན་ཏེ་དབྱེན་ལ་ཞུགས་པ་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་ན། མ་བཏུབ་པ་བཞིན་དུ་

ཉེས་པར་འགྱུར་བའོ། །བཟློག་པའི་ཕས་ཕམ་པའོ། །དགེ་སློང་མའི་ཕས་ཕམ་པ་རྣམས་རྫོགས་སོ།། །།དེ་ནི་དགེ་སློང་མའི་དགེ་འདུན་གྱི་ལྷག་མ་ཉི་ཤུ་སྟོན་ཏེ་དེ་ཡང་ཡོད་མེད་དང་ལྕི་ཡང་གི་ཁྱད་པར་དུ་འགྱུར་བ་ནི་འབྱིན་པ་དགེ་སློང་མའི་ལྟུང་བར་འགྱུར་བ་དང་། རེག་པ་དགེ་སློང་མའི་ཕམ་པར་འགྱུར་

བ་དང་སྨྱེ་ཚིག་དགེ་སློང་མའི་སྟེག་པར་བསྡུས་ཏེ་སྦོམ་པོར་བསྟན་པ་ཀུན་སྤྱོད་སྐྱེས་པ་ལྟ་བུ་བདག་པོ་བྱེད་པ་ལས་འབྱུང་གི་བུད་མེད་ལྟ་བུ་བྲན་ཐབས་སུ་འདུག་པ་ལས་མི་འབྱུང་བས་ན། དགེ་སློང་མ་ལ་ཡེ་མེད་པ་དང་ཉམས་ཀྱིས་མི་ནུས་ཤིང་སྐྱེས་པ་ལྟར་ཁྱིམ་ལ་གདུ་བ་མེད་པའི་ཕྱིར་ཁང་པ་དང་གཙུག་

ལག་ཁང་གཉིས་ཀྱི་ལྷག་མ་མེད་པ་དང་སྨྱན་ལྟ་བུ་ཐུན་མོང་དུ་འདུག་པ་ལ་སོགས་པ་ཡིན་ནོ། །དེ་ལ་ཐུན་མོང་བ་ནི་སྨྱན་ནོ་ཞེས་པ་ཡིན་ཏེ་སྨྱན་ནི་ཐུན་མོང་བས་ན་དགེ་སློང་མའི་རྣམ་པར་འབྱེད་པར་བསྟན་པ་བཞིན་དུ་རིག་པར་གྱིས་ཤིག་པའོ། །ཕྲན་ཚེགས་ལས་སྨྱན་དང་འདྲ་བ་དག་ཅིག་བསྡུས་ཏེ་སྟོན་པ་ནི།

དགེ་སློང་མ་ཁྱིམ་པའི་མངག་ན་སྦོམ་པོའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་སློང་མ་ཟླ་ལ་ཁྱིམ་པར་འགྲོ་བའི་རིགས་སོ་ཞེས་ཐ་སྙད་ཕལ་པོ་ཆེས་གྲོས་བཏབ་ན་སྦོམ་པོར་སྟོན་པའོ། །གཞན་སྨད་འཚོང་དུ་འཇུག་ནའོ་ཞེས་པ་ནི་བུད་མེད་གཞན་སྨད་འཚོང་བཅུག་ན་ཡང་སྦོམ་པོར་འགྱུར་བའོ། །བྲན་མོ་གླར་

བཏང་བའང་དེར་མ་འདུས་པ་མ་ཡིན་ཞེས་པ་ནི་བྲན་མོ་སྨད་འཚོང་བའི་གླར་བཏང་ན་ཡང་སྦོམ་པོར་འགྱུར་བའོ། །དགེ་སློང་མ་སྨྱན་བྱེད་པ་དགེ་འདུན་གྱི་ལྷག་མའོ།། །།སྐུར་བའི་ལྷག་མ་གང་ཞེ་ན། རྩ་བ་མེད་པ་དང་ཆས་སོ་ཞེས་པ་ཡིན་ཏེ་དགེ་སློང་ཕའི་སྐུར་བ་དང་འདྲ་བར་རྩ་བ་མེད་པ་དང་ཆས་སྐུར་ན་ལྷག་

เล่ม ๑๖๔ · หน้า 149a

མར་འགྱུར་བའོ། །སྐྱེས་པ་ལ་ནི་བུད་མེད། འདིར་ནི་སྐྱེས་པའོ་ཞེས་པ་ནི་འདི་གཉིས་དགེ་སློང་ཕ་དང་མི་འདྲ་བར་དབྱེ་ན་དགེ་སློང་ཕ་འདི་དང་བུད་མེད་འདི་མི་ཚངས་པར་སྤྱོད་དོ་ཞེས་ཟེར་བ་ལྟ་བུ་ཐབ་མར་བུད་མེད་འདི་དང་སྐྱེས་པ་ཆེ་གེ་མོ་ཞིག་ཏུ་མི་ཚངས་པར་སྤྱོད་དོ་ཞེས་སྐུར་པ་འདེབས་པ་

ཙམ་ཞེས་ཁྱད་ཡོད་པར་སྟོན་པའོ། །རྩ་བ་མེད་པ་དང་ཆས་སྐུར་བའོ།། །།ནོར་གང་གིས་འཚོ་བས་དགེ་འདུན་གྱི་ལྷག་མར་འགྱུར་ཞེ་ན། ཆུང་ཟད་བདག་གིར་བྱེད་ནའོ་ཞེས་པ་ཡིན་ཏེ་ཟས་དང་གོས་ལ་སོགས་པ་གང་ཅི་ཡང་རུང་སྟེ་བདག་གིར་བྱེད་ན་ལྷག་མར་འགྱུར་བའོ། །དེའང་ཇི་ལྟ་བུས་ཤེ་ན། ཆགས་

པས་ཞེས་པ་ཡིན་ཏེ་དགེ་སློང་མ་ཆགས་པས་གོང་མ་ལྟ་བུ་བླངས་ན་ཉེས་པར་འགྱུར་བའོ། །སུ་ལས་ཤེ་ན། སྐྱེས་པ་ལས་སོ་ཞེས་པ་ཡིན་ཏེ། ཇི་ལྟ་བུའི་སྐྱེས་པ་ཞེ་ན། ཆགས་པས་སམ་མ་ཆགས་པས་སོ་ཞེས་པ་ཡིན་ཏེ་སྐྱེས་པ་ཆགས་ཀྱང་རུང་མ་ཆགས་ཀྱང་རུང་སྟེ་དེ་ལས་བླངས་ན་ཉེས་པར་

འགྱུར་བའོ། །མ་ཆགས་པ་ལ་སྦོམ་པོའོ་ཞེས་པ་ནི་སྐྱེས་པ་ཆགས་ལ་བུད་མེད་མ་ཆགས་པས་བླངས་ན་སྦོམ་པོར་འགྱུར་བའོ། །མ་ཆགས་ན་ཉེས་བྱས་ཞེས་པ་ནི་སྐྱེས་པ་མ་ཆགས་ལ་བུད་མེད་ཆགས་པས་ན་ཉེས་བྱས་སུ་སྟོན་པའོ། །ཆུང་ཟད་ལེན་པའོ། །ཇི་ལྟར་ན་ཆུང་ཟད་ལེན་དུ་བཅུག་

བའི་ལྷག་མར་འགྱུར་ཞེ་ན། ཆགས་པ་ལས་མ་ཆགས་པས་ཆུང་ཟད་བདག་གིར་བྱེད་པ་ཉེས་མེད་དོ་ཞེས་དགེ་སློང་མ་ལ་བསྒོ་ནའོ་ཞེས་པ་ཡིན་ཏེ་བདག་ཅག་ཉིད་མ་ཆགས་ན་ཕ་རོལ་ཆགས་པའི་རྫས་ཁྱེར་བ་ལྟ་ཅི་གནོད་ཅེས་ཆགས་པའི་རྫས་ལེན་དུ་བཅུག་ན་ལྷག་མར་འགྱུར་བའོ། །ཆུང་ཟད་ལེན་དུ་

འཇུག་ནའོ།། །།འོག་མ་བཞི་ནི་དགེ་སློང་མ་མེད་ནའོ་ཞེས་པ་ནི་འདིའི་འོག་ནས་ཉིན་མཚན་འབྲེལ་བ་དང་ལམ་དུ་འགྲོ་བ་དང་ཆུ་རྒལ་བ་བཞི་དགེ་སློང་མ་ཟླ་མེད་ན་ཉེས་པར་འགྱུར་བའོ། །སུམ་ཆ་མེད་པ་ནི་དགེ་སློང་མའོ་ཞེས་པ་ནི་དགེ་སློང་མ་ཁྲིམས་ཟླར་ཁྲིད་ན་སུམ་ཆ་གཅིག་མ་ཚང་བའི་ཕྱིར་ཉེས་

བྱས་སུ་འགྱུར་བར་སྟོན་པའོ། །སུམ་གཉིས་ནི་དགེ་ཚུལ་མའོ་ཞེས་པ་ནི་དགེ་ཚུལ་མ་ཁྲིམས་ཟླར་ཁྲིད་ན་སུམ་གཉིས་མ་ཚང་བའི་ཕྱིར་སྦོམ་པོར་འགྱུར་བའོ། །མི་འདོད་པར་བྲལ་བ་ནི་ཉེས་མེད་ཅེས་པ་ནི་མལ་གཡོགས་སུ་ཆེད་དུ་མ་བྱས་པར་ཁྲིམས་ཟླ་དང་བྲལ་བ་ནི་ཉེས་མེད་པར་སྟོན་པའོ། །བར་

เล่ม ๑๖๔ · หน้า 149b

ཆད་ཀྱིས་ཐེབས་པའི་དབང་གིས་ན་ཡང་ངོ་ཞེས་པ་ནི་ཁྲིམས་ཟླ་དང་བཤམ་ཞིང་བྱ་ར་དགེ་སློང་དང་འཚོ་བའི་བར་ཆད་འགྱུར་བའི་རྐྱེན་དྲག་པོས་བརྟད་པར་ཐེབས་ན་ཁྲིམས་ཟླ་མེད་པར་སོང་ཡང་བླ་བའོ། །ལྷག་མ་འདི་བཞི་གང་གིས་སྦྱོར་བ་དང་། གང་གི་རྩ་བར་འགྱུར་བ་སྟོན་པ་ནི། དུས་སུ་གཏོགས་པ་

ནི་ཐ་མའི་སྔ་རོལ་དུ་སྦྱོར་བའོ་ཞེས་པ་ཡིན་ཏེ་དུས་སུ་གཏོགས་སོ་ཅོག་དུས་ཐ་མ་ལ་ཐུག་པའི་སྔ་རོལ་ཀུན་ཉེས་བྱས་སུ་སྟོན་པའོ། །ཉི་མ་ནུབ་པ་ནི་ཉིན་པར་གྱི་མཐའོ་ཞེས་པ་ནི་ཉིན་པར་གྱི་མཐའ་ཉི་མ་ནུབ་པ་ཡིན་པར་སྟོན་པའོ། །སྤྱིར་ཁོང་འཐུལ་བའི་མཚན་ཉིད་དེ་ལྟར་བསྟེན་ནས་སོ་སོའི་མཚན་ཉིད་

ད་སྟོན་པ་ལ་མཚན་མོ་འབྲལ་བའི་ལྷག་མ་གང་ཞེ་ན། མཚན་མོ་དབྱར་མོ་ཐང་གི་ཕྱི་རོལ་དུ་ལུས་ནའོ་ཞེས་པ་ཡིན་ཏེ་མཚན་གཅིག་རངས་པ་དབྱར་མོ་ཐང་གི་ཕྱི་རོལ་དུ་ལུས་ན་ལྷག་མར་འགྱུར་བའོ། །མཚན་མོ་འབྲལ་བའོ།། །།ཉིན་པར་འབྲལ་བའི་ལྷག་མ་གང་ཞེ་ན། ཉིན་མོའི་ཞེས་པ་ཡིན་ཏེ་

ཉིན་གཅིག་རངས་པར་དབྱར་མོ་ཐང་གི་ཕྱི་རོལ་དུ་ལུས་ན་ལྷག་མར་འགྱུར་བའོ། །དེའི་འབྲེལ་བ་སྟོན་པ་ནི། མུ་གེ་བྱུང་བའི་ཚེ་གཉེན་དང་ལྷན་ཅིག་ཏུ་འབྲེལ་ཅིང་འགྲོ་བའི་སྡོམ་པ་ཐོབ་པ་ནི་གཅིག་པུ་ཟས་ཀྱི་ཕྱིར་གཉེན་གྱི་ཁྱིམ་དུ་འགྲོ་བར་བྱ་ཞེས་པ་ཡིན་ཏེ་མུ་གེ་བྱུང་གཉེན་དང་འབྲེལ་བར་དགེ་

འདུན་གྱིས་གནང་བ་འབྱིན་ན་ཉིན་པར་གཅིག་པུ་སོང་ཡང་བླ་བའོ། །དེ་སྦྱིན་ཞེས་པ་ནི་དེ་ལྟ་བུའི་ཚེ་དགེ་འདུན་གྱིས་ཀྱང་གནང་བ་བྱིན་ཅིག་པའོ། །ཉིན་པར་འབྲེལ་བའོ།། །།ལམ་དུ་འགྲོ་བའི་ལྷག་མ་གང་ཞེ་ན། ལམ་དུ་འགྲོ་ནའོ་ཞེས་པ་ཡིན་ཏེ་གཅིག་པུ་ལམ་དུ་ཞུགས་ན་རྒྱང་གྲགས་གཅིག་

གིས་ཉེས་པར་འགྱུར་བའོ། །ལམ་དུ་འཇུག་པའོ།། །།རྒལ་བའི་ལྷག་མ་གང་ཞེ་ན། གཙང་པོའི་ཕ་རོལ་དུ་རྒལ་ནའོ་ཞེས་པ་ཡིན་ཏེ་གཙང་པོའི་ཕ་རོལ་དུ་རྒལ་ན་ཉེས་པར་འགྱུར་བའོ། །ཇི་ལྟར་རྒལ་བས་ཤེ་ན། རྐྱལ་ཏེ་ཕ་རོལ་དུ་ཕྱིན་ནའོ་ཞེས་པ་ཡིན་ནོ། །ཚུན་ཆད་སྦོམ་པོའོ་ཞེས་པ་ནི་ཕ་རོལ་

གྱི་འགྲམ་དུ་ཕྱིན་པ་ཚུན་ཆད་སྦོམ་པོར་འགྱུར་བའོ། །ཡུར་ཆུ་རྒལ་བ་ནི་ཉེས་བྱས་ཞེས་པ་ནི་ཡུར་ཆུ་ལ་སོགས་པ་ཆུ་བྲན་ལ་རྐྱལ་ཏེ་རྒལ་ན་ཉེས་བྱས་སུ་སྟོན་པའོ། །ཆུ་རྒལ་བའོ།། །།རབ་ཏུ་འབྱིན་པ་དགེ་འདུན་གྱི་ལྷག་མར་འགྱུར་བ་གང་ཞེ་ན། རབ་ཏུ་འབྱིན་ནའོ་ཞེས་པ་ལ་སོགས་པ་ཡིན་

เล่ม ๑๖๔ · หน้า 150a

ནོ། །ཇི་ལྟར་རབ་ཏུ་ཕྱུང་བས་ཤེ་ན། རྩོགས་པས་བཅད། བདག་པོས་བཏང་། རྒྱལ་པོས་གསད་པར་གནང་ནའོ་ཞེས་པ་ཡིན་ཏེ་འདི་ལྟ་བུའི་ཁྲིན་ཅན་རབ་ཏུ་ཕྱུང་ན་ཉེས་པར་འགྱུར་བའོ། །སུ་ལ་ཉེས་པར་འགྱུར་བ་ན། མཁན་མོ་བྱེད་ནའོ་ཞེས་པ་ཡིན་ཏེ་འདི་ལྟ་བུའི་མཁན་

མོ་བྱེད་ན་གདོད་ཉེས་པར་འགྱུར་བའོ། །དེའང་ཇི་ལྟ་བུས་མཁན་མོ་བྱེད་ཅེ་ན། འདི་ལྟར་ཤེས་ནའོ་ཞེས་པ་ཡིན་ཏེ་གོང་མ་ལྟ་བུའི་གཡོ་སྐྱོན་དང་ལྡན་པར་ཤེས་པ་མཁན་མོ་བྱས་ན་ཉེས་པར་འགྱུར་བའོ། །རབ་ཏུ་འབྱིན་ནའོ།། །།ཇི་ལྟར་ཤི་བའི་ནོར་འདས་པས་ལྷག་མར་འགྱུར་ཞེ་ན། ཤི་བའི་ནོར་

འདས་ནའོ་ཞེས་པ་ལ་སོགས་ཡིན་ཏེ་ཤི་བའི་ནོར་ཁུངས་མར་ལས་པ་བདས་ན་ཉེས་པར་འགྱུར་བའོ། །དེའི་འབྲེལ་པ་སྟོན་པ་ནི། དགེ་འདུན་གྱིས་ཉེས་མེད་ཅེས་པ་ཡིན་ཏེ་ཤི་བའི་ནོར་དགེ་འདུན་མངའ་བ་འདས་པ་ནི་ཉེས་མེད། དེ་ལྟ་བུའོ་ཅོག་བླའམ་ཞེ་ན། གལ་ཏེ་ཚེགས་ཆུང་ནའོ་ཞེས་པ་

ཡིན་ཏེ་གོས་ཀྱི་ཟོང་སྐུར་ཏེ་འོངས་པ་ལྟ་བུ་མཚར་པོ་ཆེར་འདའ་ཞིང་བརྩད་མི་དགོས་པ་ཙམ་གྱི་ཚོད་ན་གདོད་དགེ་འདུན་གྱི་འདས་ཀྱང་བླ་བའོ། །དེད་པའོ།། །།ཚངས་པར་བྱེད་པའི་ལྷག་མ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་ཚངས་པར་ནའོ་ཞེས་པ་ཡིན་ཏེ་བཀར་བའི་དགེ་སློང་མ་སྤྱིས་ཚངས་པར་

བྱ་བ་ནི་མ་ཡིན་གྱི་ཁ་ཅིག་འདུས་ཏེ་མཚམས་ཀྱི་ཕྱི་རོལ་དུ་དོང་ནས་ཆད་པ་འདྲ་ཞིང་ཚངས་པར་བྱེད་ན་ལྷག་མར་འགྱུར་བའོ། །ཚངས་པར་བྱེད་པའོ།། །།གཏོང་བའི་ལྷག་མ་གང་ཞེ་ན། དཀོན་མཆོག་གཏོང་ཞེས་པ་དང་འདི་དང་དགེ་སྦྱོང་གཞན་པར་འགྲས་ཏེ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་པའི་ཆོ་ག་ལ་

ཞུས་པ་མི་གཏོང་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་དང་འཐབ་པ་དང་དཀོན་མཆོག་གསུམ་གཏོང་ཞིང་སྙད་འདི་སྐད་དུ་ཟེར་བ་མ་གཏོང་ན་ལྷག་མར་འགྱུར་བའོ། །དེ་གང་གི་ཚེ་ཞེ་ན། དགེ་འདུན་གྱི་དབྱེན་ལ་ཞུགས་པ་བཞིན་ཞེས་པ་ཡིན་ཏེ་དགེ་འདུན་གྱི་དབྱེན་ལ་ཞུགས་པ་མ་བཏང་ན་ལྷག་མར་འགྱུར་

བ་དང་འདྲ་བར་སྟོན་པའོ། །འོག་མ་དག་ཀྱང་ངོ་ཞེས་པ་ནི་འདི་འོག་ནས་འབྱུང་བའི་བསླབ་པ་རྣམས་ཀྱང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་མི་གཏོང་ན་ཉེས་པར་འགྱུར་བ་དང་འདྲ་བར་སྟོན་པའོ། །གཏོང་བའོ།། །།འཐབ་གཅུགས་མི་ཉན་པའི་ལྷག་མ་གང་ཞེ་ན། དགེ་སློང་མ་རྣམས་ལ་འདོད་པ་

เล่ม ๑๖๔ · หน้า 150b

ལ་སོགས་པས་འགྲོ་ཞེས་ཟེར་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་གཅུགས་ཤིང་བསྡུས་པའི་དགེ་སློང་མ་ལ་འདི་སྐད་དུ་ཁ་ཚས་ཟེར་ན་ལྷག་མར་འགྱུར་བའོ། །གོང་མ་སྐད་དུ་ཁ་ཚས་ཟེར་བ་གང་གི་ཚེ་ན། དགེ་སློང་མ་དང་འཐབ། མཚང་འདྲུ། རྩོད། མི་འདུམ་པར་སྨྲ་བ་རྣམས་མི་གཏོང་

ནའོ་ཞེས་པ་ཡིན་ཏེ་འདི་དག་ལྟར་རྩོད་པ་ལས་གཅུགས་པ་མི་གཏོང་ན་གདོད་ཉེས་པར་འགྱུར་བའོ། །དེ་ལ་འཐབ་ཅེས་པ་ནི་ཚིག་ངན་པས་འདྲེ་བའོ། །མཚང་འདྲུ་ཞེས་པ་ནི་ལུས་དང་ངག་གིས་ཕ་རོལ་གྱི་ཉེས་པ་བརྗོད་ཅིང་འབྱིན་པའོ། །རྩོད་ཅེས་པ་ནི་འཁོན་པའོ། །མི་འདུམ་ཞེས་པ་ནི་ཞལ་

ཆེར་སྐྱེ་བའོ། །འཐབ་མོ་བྱེད་པའོ།། །།བུད་མེད་འགྲིལ་པའི་ལྷག་མ་གང་ཞེ་ན། འགྲིལ་བ་སྤྱོད་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འགྲིལ་བར་མཛའ་ན་ཉེས་པར་འགྱུར་བའོ། །སུ་དང་ཞེ་ན། དགེ་སློང་མ་དང་གཡེངས་འཆུམ། རྡིལ་བའི་རྒྱུར་གྱུར་ནའོ་ཞེས་པ་ཡིན་ཏེ། ཟོས་ཤིང་

རྡིལ་བའི་རྒྱུར་འགྱུར་བར་འགྲིལ་ན་ཉེས་པར་འགྱུར་བ་སྟེ། དགེ་སློང་མ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི་དགེ་སློང་ལ་སོགས་པ་དང་འགྲིལ་ན་ཡང་ལྷག་མར་འགྱུར་བའོ། །དེ་ལ་ཐུན་མོང་བ་ནི་སྨྱན་ནའོ་ཞེས་པ་ཡིན་ཏེ་སྨྱན་ནི་ཐུན་མོང་བས་ན་དགེ་སློང་མའི་རྣམ་པར་འབྱེད་པར་བསྟན་པ་བཞིན་

དུ་རིག་པར་གྱིས་ཤིག་པའོ། །ཕྲན་ཚེགས་ལས་སྨྱན་དང་། དགེ་སློང་མ་དང་འགྲིལ་བར་གཏོགས་པའོ།། །།འགྲིལ་དུ་བཅུག་པའི་ལྷག་མ་གང་ཞེ་ན། དེ་དང་འགྲིལ་འདུག་ནའོ་ཞེས་པ་ཡིན་ཏེ། འགྲིལ་བར་མཛའ་བ་གྱིས་ཤིག་ཅེས་འགྲིལ་ན་བཅུག་ན་ལྷག་མར་འགྱུར་བའོ། །འཇུག་

པའོ།། །།དབྱེན་ལ་སོགས་པའི་ལྷག་མ་བཞི་གང་ཞེ་ན། དགེ་སློང་མ་ཡིར་གཏོགས་པ་ནི་དགེ་འདུན་གྱི་དབྱེན་ལ་སོགས་པ་བཞིའོ་ཞེས་པ་ཡིན་ཏེ་དགེ་འདུན་གྱི་དབྱེན་དང་དེའི་རྗེས་སུ་ཕྱོགས་པ་དང་རིགས་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་བཞི་ནི་དགེ་སློང་མའི་བསླབ་པའི་ཁོངས་སུ་འང་

གཏོགས་པར་སྟོན་པའོ། །དགེ་སློང་མའི་དགེ་འདུན་ལྷག་མ་རྫོགས་སོ།། །།ད་ནི་སྤང་བའི་ལྟུང་བ་སྟོན་པ་སྟེ་དེའང་དགེ་སློང་ཕ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ལས་ཐུན་མོང་བའི་མཚན་ཉིད་ཇེ་སྟོན་པ་ནི་བཅུའོ་ཞེས་པ་ནི་གསེར་དངུལ་མཚན་མ་བཏབ་པ། ཉོ་ཚོང་། ལྷན་པ་མེད་པ།

เล่ม ๑๖๔ · หน้า 151a

ཐག་པ་གཉིས། འཕྲོག་པ་བསྔོས་པ། བཞག་པར་གཏོགས་པ་རྣམས་ཀྱང་ངོ་ཞེས་པ་ཡིན་ཏེ་དང་པོའི་བཅུ་ཕུང་གཅིག་རིལ་གྱིས་ཐུན་མོང་བ་དང་མིང་གིས་སྨོས་པ་དེ་རྣམས་ཐུན་མོང་བར་སྟོན་པའོ། །དེ་ལ་ཡང་འཁྲུ་བའི་བྱེ་བྲག་སྟོན་པ་ནི། དགེ་སློང་གི་འཁྲུ་བ་ལ་སོགས་

པའོ་ཞེས་པ་ཡིན་ཏེ་གོང་དུ་སྐྱེས་པ་འདིར་བུད་མེད་དང་སྐྱེས་པའོ་ཞེས་པ་དེ་ནི་འཁྲུ་བ་ལ་སོགས་པ་དང་མི་སྦྱོར་བར་བསྟན་པ་ནི་དེ་ལས་ལེན་པ་ཞེས་པ་ནི་དགེ་སློང་ཕ་ལས་གོས་བླངས་སམ་ཁྱེར་ན་སྤང་བར་འགྱུར་བའོ། །དགེ་སློང་མ་ལ་བྱིན་ནའོ་ཞེས་པ་ནི་དགེ་སློང་ཕ་ལ་བྱིན་ནས་འཕྲོག་པ་འདྲ་བར་དགེ་

སློང་མ་བྱིན་ནས་ཕྲོགས་ན་ཡང་སྤང་བར་འགྱུར་བའོ། །དེ་ལ་བཅུ་ཕུང་གཉིས་པའི་སྲིན་བལ་རྨེལ་ཞེས་པའི་བར་དུ་རིམ་བཞིན་དུ་སྨོས་པ་བདུན་དང་བཅུ་ཕུང་ཐ་མ་ལས་ལྷུང་བཟེད་འཆང་དང་བརྟད་པའི་ཆོ་ག་དང་དགོན་པའི་འབྲལ་བ་དང་རས་ཆེན་བཞི་དང་འདི་རྣམས་དགེ་སློང་མ་བསླབ་པ་ལ་མ་གཏོགས་པར་

སྟོན་པའོ། །ཕྲན་ཚེགས་ལས་འབྱུང་བ་འདིའི་ཞར་ལ་སྟོན་པ་ནི་ལྷའི་རྟེན་མི་གཙང་ཞེས་པ་ཡིན་ཏེ་མུ་སྟེགས་པའམ་འཇིག་རྟེན་པའི་ལྷ་ཐོགས་ཤིང་སྦོམ་མོ་དགའ་ལྡན་ལྟ་བུར་གྲོང་རྒྱུ་བའི་བོན་མོ་མ་བྱེད་ཅིག་པའོ། །ཐུན་མོང་བ་མ་ཡིན་པ་སྟོན་པ་ནི། ལྷག་མ་ལྷུང་བཟེད་ཉིན་གཅིག་འདས་པར་བཅང་ནའོ་ཞེས་པ་

ཡིན་ཏེ་བུད་མེད་ཡོ་བྱད་ལ་གདུ་བའི་སྤྱིར་ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བར་གསུངས་པའོ། །ལྷུང་བཟེད་འཆང་བའོ།། །།བྱིན་གྱིས་བརླབས་པའི་སྤང་བ་གང་ཞེ་ན། ཟླ་བ་ཕྱེད་ཅིང་ཐོག་མའི་ཉིན་པར་བྱིན་གྱིས་བརླབ་པ་བྱིན་གྱིས་མ་བརླབས་ནའོ་ཞེས་པ་ཡིན་

ཏེ། དང་པོ་བསྙེན་པར་རྫོགས་པའམ་དང་པོ་མའི་བྱིན་གྱིས་བརླབས་པ་ནས་ཞག་བཅོ་ལྔ་ཞིང་ཆོས་གོས་ལྔ་ལན་རེ་བྱིན་གྱིས་བརླབ་པ་བྱིན་གྱིས་མ་བརླབས་ན་སྤང་བའི་ལྟུང་བར་འགྱུར་བའོ། །བྱིན་གྱིས་མི་རློབ་པའོ།། །།གག་ཕྱུང་བས་སྤང་བར་འགྱུར་ཞེ་ན། དཔྱིད་ཟླ་ར་བའི་ཉི་མ་ཐ་མ་ཚུན་ཆད་

དུ་བརྟད་པ་ཕྱུང་ནའོ་ཞེས་པ་ཡིན་ཏེ་སྟོན་ཟླ་འབྲིང་པོའི་ཉ་ལ་གཏན་པ་བྲུབས་ནས་དཔྱིད་ཟླ་ར་བའི་ཉའི་བར་དུ་ཟླ་བ་ལྔ་ལོན་ཏེ་དབྱུང་བའི་རིགས་པ་ལས་དེའི་སྔ་རོལ་དུ་ཕྱུང་ན་སྤང་བའི་ལྟུང་བར་འགྱུར་བའོ། །དགེ་སློང་མ་རྐུན་པོས་ཕྲོགས་པའི་ཕྱིར་ན་ཉེས་མེད་ཅེས་པ་ནི་དགེ་སློང་མ་ཆོམ་རྐུན་གྱིས་ཐེབས་

เล่ม ๑๖๔ · หน้า 151b

ཏེ་གོས་མེད་པར་ཤུགས་པའི་ཕྱིར་གདིང་བ་སྔར་ཕྱུང་བ་ལ་ནི་ཉེས་པར་སྟོན་པའོ། །གཏན་པ་འབྱིན་པའོ།། །།མི་འབྱིན་པའི་ལྟུང་བ་གང་ཞེ་ན། མི་འབྱིན་པ་ཞེས་པ་ཡིན་ཏེ་དཔྱིད་ཟླ་ར་བའི་ཉ་ལ་གཏན་པ་མ་ཕྱུང་ན་ཡང་ལྟུང་བར་འགྱུར་བའོ། །དེར་ཞེས་པ་ནི་དཔྱིད་ཟླ་ར་བའི་ཉིན་པར་ཉིད་ལ་མ་ཕྱུང་ན་

ཉེས་པར་སྟོན་པའོ། །གཏན་པ་མི་འབྱིན་པའོ།། །།རིན་པོ་ཆེ་སློང་བའི་སྤང་བ་གང་ཞེ་ན། གསེར་དང་དངུལ་སློང་ནའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་བསླངས་ཏེ་རྙེད་ན་སྤང་བའི་ལྟུང་བར་སྟོན་པའོ། །གོང་དུ་གསེར་དངུལ་དང་མཚན་མ་མཚན་མ་བཏབ་ཅེས་སྨོས་པ་ནི་བསླངས་པའི་

གསེར་དངུལ་མ་ཡིན་པ་ལ་བྱའོ། །ཆོས་ཀྱི་དོན་ཆེད་ཀྱི་ཕྱིར་བསླངས་པ་ནི་ཉེས་མེད་པར་ཡང་མི་འགྱུར་རོ། །རིན་པོ་ཆེ་བླང་བའོ།། །།ཇི་ལྟ་བུས་གོས་ཀྱི་སྤང་བ་ཞེ་ན། གོས་གཞན་གྱི་ཕྱིར་རྙེད་པ་ལྟོ་ཟས་སུ་བྱེད་ནའོ་ཞེས་པ་ཡིན་ཏེ་གོས་གླེགས་བམ་འདྲི་བ་ལ་སོགས་པ་དོན་ཆེད་གཞན་གྱི་ཕྱིར་རྙེད་

པ་ལས་ལྟོ་ཟས་སུ་བྱའོ་སྙམ་དུ་བསམས་ན་སྤང་བའི་ལྟུང་བར་སྟོན་པའོ། །གོས་ཟ་བར་གཏོགས་པའོ།། །།གོས་ལ་སོགས་པ་ཟ་བའི་སྤང་བ་གསུམ་གང་ཞེ་ན་རིམ་བཞིན་དུ་སྟོན་པ་ནི། གོས་དང་སྟན་དང་དབྱར་མོ་ཐང་གི་ཕྱིར་ཡང་ངོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་གསུམ་དུ་བྱ་བའི་

རྙེད་པ་ལྟོ་ཟས་སུ་བྱ་བར་སེམས་ཤིང་བསྒྱུར་ན་སྤང་བའི་ལྟུང་བར་འགྱུར་བའོ། །གང་ཡང་རུང་ཞེས་པ་ནི་གོང་མ་གསུམ་གང་གི་ཕྱིར་རྙེད་ཀྱང་རུང་སྟེ་ཟས་སུ་སྦྱར་ན་ལྟུང་བར་འགྱུར་བའོ། །གོས་ལ་སོགས་པ་ཟ་བར་གཏོགས་པའོ།། །།བདག་གིས་བསླངས་ལ་ཁ་རྔམ་བྱེད་པའི་སྤང་བ་གང་ཞེ་ན།

དགེ་སློང་མ་ཕལ་པོ་ཆེའི་ཕྱིར་བསླངས་ཏེ་བདག་གིར་བསྔོ་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་བཞི་ལ་སོགས་པ་མང་པོའི་ཕྱིར་བསླངས་པའི་རྫས་བདག་ཉིད་ཀྱིས་ཁྱེར་ཞིང་ཁ་རྔམ་བྱས་ན་སྤང་བར་སྟོན་པའོ། དགེ་སློང་ལ་སོགས་པའི་ཕྱིར་བསླངས་པ་བདག་གིར་བྱེད་པ་ནི་ཉེས་བྱས་སུ་འགྱུར་བའོ། །ལབ་པོ་

ཆེའི་ཁ་རྔམ་བྱེད་པའོ། །གཞན་ཡང་ཁ་རྔམ་བྱེད་པའི་སྤང་བ་གང་ཞེ་ན། དགེ་འདུན་གྱི་ན་ཡང་ངོ་ཞེས་པ་ཡིན་ཏེ་དགེ་འདུན་འདི་སྙེད་ཅིག་ཅེས་གྲངས་ཆད་པ་ནི་མེད་ཀྱི་དགེ་འདུན་སྤྱིའི་ཕྱིར་བསླངས་པ་བདག་གིར་བྱེད་ན་ཡང་སྤང་བའི་ལྟུང་བར་འགྱུར་བའོ། །དགེ་འདུན་གྱི་ཁ་རྔམ་བྱེད་པའོ།། །།འགྲོལ་

เล่ม ๑๖๔ · หน้า 152a

བའི་སྤང་བ་གང་ཞེ་ན། ཚིག་བདག་གིར་བྱ་བའི་ཕྱིར་བཅིངས་པ་འགྲོལ་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་གཙུག་ཕུད་དགའ་ལྡན་གྱིས་ཚོང་དཔོན་གྱི་བུ་ལ་སྨན་ཐུམ་འགྲོལ་དུ་བཅུག་པ་ལྟ་བུར་ཚིག་བདག་གིར་བྱ་བའི་ཕྱིར་སྨན་ཐུམ་ལ་སོགས་པ་འགྲོལ་དུ་བཅུག་ན་ལྟུང་བར་འགྱུར་

བའོ། །འགྲོལ་བའོ།། །།གོས་ལྕི་བའི་སྤང་བ་གང་ཞེ་ན། སྲང་བརྒྱ་ལ་སོགས་པ་དང་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་ནའོ་ཞེས་པ་ཡིན་ཏེ་ལྕིད་སྲང་བརྒྱ་ཡོད་ལ་རིན་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བ་ཙམ་གྱི་གོས་བདག་གིར་བྱས་ན་སྤང་བའི་ལྟུང་བར་འགྱུར་བའོ། །དེ་

ལ་བརྗེ་བ་དང་རུང་བ་གཞན་དུ་བསྒྱུར་བའི་ཕྱིར་སྲེལ་བ་ནི་ཉེས་མེད། གོས་ལྕི་བ་སྤྱོད་པའོ།། །།གོས་ཡང་བའི་སྤང་བ་གང་ཞེ་ན། སྲང་ལྔའི་མཐའ་ཡང་ངོ་ཞེས་པ་ན་ལྕིད་ནི་སྲང་ལྔ་ཙམ་ལ་རི་ཐང་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བ་བདག་གིར་བྱེད་ན་ལྟུང་བར་འགྱུར་བའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན།

བུད་མེད་འཇོ་བ་ལ་སྲིད་ཅིང་དྲགས་ངས་པའི་ཕྱིར་རོ། །གོས་ཡང་བ་སྤྱོད་པའོ། །སྤང་བ་རྫོགས་སོ།། །།ད་ནི་དགེ་སློང་མའི་ལྟུང་བ་ཉི་ཚེ་བརྒྱ་བརྒྱད་ཅུ་ཡོད་པ་སྟོན་པ་ལ་དགེ་སློང་ཕ་དང་ཐུན་མོང་བ་ཇེ་སྟོན་པ་ནི། བདུན་ཅུ་རྩ་གཉིས་སོ་ཞེས་པ་ཡིན་ཏེ་གྲངས་བདུན་ཅུ་རྩ་གཉིས་ནི་དགེ་སློང་ཕ་དང་

ཐུན་མོང་བར་སྟོན་པའོ། །དགེ་སློང་མས་བསླབ་པ་ལ་མ་གཏོགས་པ་གང་ཡིན་པ་སྟོན་པ་ནི། མ་བསྐོས་པ་ལ་སོགས་པ་བཅུ་དང་འབྱིན་པ་དང་ཡང་ཡང་དང་བསོད་པ་དང་འདུག་པ་དང་འགྲེང་བ་དང་སྟེར་བ་མ་ཡིན་པ་དང་མ་ཚང་བ་དང་རས་ཆེན་རྣམས་མ་གཏོགས་ཞེས་པ་ཡིན་ཏེ། མ་

བསྐོས་པར་ཆོས་སྟོན་པ་ལ་སོགས་པའི་བཅུ་ཕུང་གཅིག་རིལ་དང་འབྱིན་པ་ལ་སོགས་པ་མིང་གིས་སྨོས་པ་འདི་བརྒྱད་དགེ་སློང་མས་བསྲུང་བ་ལ་མ་གཏོགས་པར་སྟོན་པའོ། །ཅིའི་ཕྱིར་མ་གཏོགས་ཤེ་ན། དགེ་སློང་མས་དགེ་སློང་ཕ་ལ་ཆོས་སྟོན་མི་སྲིད་པའི་ཕྱིར་མ་བསྐོས་པར་

འཆད་པ་ཡང་མི་འབྱུང་། དེ་ལྟར་འདའ་བ་མེད་པས་ན་ཉི་མ་ནུབ་ནུབ་ཏུ་འཆད་པ་དང་ཟས་ཅུང་ཟད་ཀྱི་ཕྱིར་སྟོན་ཏོ་ཞེས་པའི་སྐུར་བ་ཡང་མི་འབྱུང་བ་དང་ཆོས་གོས་སྦྱིན་པ་དང་ཆོས་གོས་འདྲུབ་པ་ཡང་དགེ་སློང་བཙུན་པའི་གནས་ཡིན་བས་ན། འདི་གཉིས་དགེ་སློང་མས་བྱས་སུ་ཟིན་ཀྱང་མི་

เล่ม ๑๖๔ · หน้า 152b

རིགས་པར་མི་འགྱུར་བ་དང་ལམ་དང་གྲུར་འདུག་པ་བུད་མེད་ཡོང་གིས་མཐུ་ཆུང་བའི་ཕྱིར་གཞན་གྱི་ཟླ་ལ་སོང་ཡང་དཔྱས་སུ་མི་འགྱུར་བ་དང་དབེན་པ་ན་འདུག་པ་དགེ་སློང་ཕས་བསྲུང་བ་ལྟ་བུ་མ་ཡིན་པ་འོག་ནས་འབྱུང་བ་དང་དགེ་སློང་ཕས་ཤོམ་དུ་བཅུག་སྟེ་ཟོས་པ་མི་རིགས་པ་མེད་པས་དགེ་སློང་མའི་

ཉེས་པར་མི་འགྱུར་བ་དང་འབྱིན་པ་འདི་ལ་མ་གཏོགས་པ་འོག་ནས་འབྱུང་བ་དང་ཡང་ཡང་གི་ཟས་དགེ་སློང་མ་ལ་འབུལ་བ་ཉུང་བའི་ཕྱིར་དགེ་སློང་མ་བསླབ་པ་ལ་མ་གཏོགས་པ་དང་ཟས་བསོད་པ་སློང་བ་བཤགས་པའི་ནང་ནས་འབྱུང་བ་དང་། བུད་མེད་རང་བཞིན་གྱིས་སྤྱི་དམན་པའི་ཕྱིར་གཉེན་གནས་ན་

འདུག་ཅིང་འགྲེང་མི་སྲིད་པ་དང་བུད་མེད་རང་བཞིན་གྱིས་རྩེག་ལོ་ཆེ་བའི་ཕྱིར་མ་བྱིན་པའི་གོས་ལ་ཐུག་ཐུབ་དུ་སྤྱོད་མི་སྲིད་པ་དང་མ་ཚང་བར་བསྙེན་པར་རྫོགས་པའི་ཆོ་ག་འོག་ནས་འབྱུང་བ་དང་རས་ཆེན་འཆང་དུ་ཡོང་གིས་མ་གནང་བ་རྣམས་ཀྱི་ཕྱིར་རོ། །དེ་ལ་དགེ་སློང་མ་ཉི་ཚེ་བསླབ་པ་ལ་ཡང་བསླབ་

པ་མ་བསླབས་པར་བསྙེན་པར་རྫོགས་པ་དང་ལོ་རེ་བཞིན་རབ་ཏུ་འབྱིན་པ་ལ་སོགས་པ་ཁ་ཅིག་ནི་དགེ་སློང་ཕ་ལ་ཡེ་མེད་པ་དང་། འབྱིན་པ་ལྟ་བུ་མི་འདྲ་བ་དང་ཁྲི་གཅིག་ལ་ལྷན་ཅིག་ཏུ་རེག་པར་ཉལ་བ་ལྟ་བུ་དགེ་སློང་ཕའི་ཉེས་བྱས་སུ་འགྱུར་བ་དང་། རྒྱ་སྐྱེགས་ཀྱི་ཆང་བུ་བུ་གར་འཇུག་པ་ན་ཕས་ཕམ་

པའི་སྦོམ་པོར་འགྱུར་བ་ལྟ་བུ་ལྷག་མའི་ཉེས་པར་འགྲེ་བ་དང་། སྒོག་པ་ཟ་བ་དང་། གསང་བའི་སྤུ་འདྲེག་པ་དང་། སྟེན་པ་ལ་ཐལ་མོས་འཚོག་པ་ལྟ་བུ་ཁ་ཅིག་ནི་ཉེས་པ་འབྲི་བར་འགྱུར་བ་ལྟ་བུ་ལ་སོགས་པ་འདིར་ཐོ་བུད་ཙམ་དུ་བསྟན་གྱི་རྒྱས་པར་ནི་འདུལ་བ་རྣམ་པར་སྨྲ་བ་ལས་འབྱུང་བ་བཞིན་

དུ་རིག་པར་གྱིས་ཤིག །ཕྲན་ཚེགས་ལས་འབྱུང་བ་འདིའི་སྐབས་སུ་ཞར་ལ་སྟོན་པ་ནི། རབ་ཏུ་བྱུང་མ་ལ་ཟས་བྱིན་དུ་རུང་ཞེས་པ་ལ་སོགས་པ་ཡིན་ཏེ་རབ་ཏུ་འབྱུང་བའི་དགེ་སློང་མ་ལ་དགེ་སློང་ཕས་ཟས་སྦྱིན་ཡང་འགལ་བ་མེད་པར་སྟོན་པའོ། །ཆུང་མ་ལ་ཡང་ངོ་ཞེས་པ་ནི་ཆུང་མ་ལ་ཡང་

ཟས་བྱིན་ཡང་བླ་བར་སྟོན་པའོ། །དེས་བླང་བ་ཡང་ངོ་ཞེས་པ་ནི་བུད་མེད་དེ་དག་གིས་ཟས་བྱིན་ན་ཟོས་ཀྱང་བླ་བར་སྟོན་པའོ། །བུ་ཆུང་ངུ་དང་ལྷན་ཅིག་ཏུ་ཉལ་བ་མི་སྤང་ཞེས་པ་ནི་མལ་མི་ཐུབ་པའི་བུ་ཆུང་རུམ་དུ་ཆུག་ཤིག་པའོ། །དགེ་སློང་མའོ་ཅོག་གིས་སམ་ཞེ་ན། སྡོམ་པ་ཐོབ་བས་སོ་ཞེས་པ་

เล่ม ๑๖๔ · หน้า 153a

ཡིན་ཏེ་སྡོམ་པ་ཐོབ་པའི་དགེ་སློང་མས་གོང་མ་ལྟར་གྱིས་ཤིག་པའོ། །ཡང་སྡོམ་པ་བྱིན་པའི་རིགས་སམ་མི་རིགས་ཤེ་ན། འདི་ལ་བྱིན་ཞེས་པ་ཡིན་ཏེ་བུ་ཆུང་ངུ་ཡོད་པ་དེ་ལྟ་བུ་ལ་སྡོམ་པ་བྱིན་ཅིག་པའོ། །ད་ནི་བདུན་ཅུ་རྩ་གཉིས་ལ་མ་གཏོགས་པའི་ལྟུང་བ་སྟོན་པ་

ལ་མ་ཚང་བ་འཇོག་པའི་ལྟུང་བ་གང་ཞེ་ན། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱེད་ནའོ་ཞེས་པ་ཡིན་ཏེ་རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བར་འགྱུར་བའོ། །གང་གི་ཚེ་དེ་ལྟར་འགྱུར་ཞེ་ན། ལོ་བཅུ་གཉིས་སུ་མ་ཚང་ལ་གོང་མ་ལྟར་བྱེད་ན་ཉེས་པར་འགྱུར་བའོ། །བཅུ་

གཉིས་སུ་མ་ཚང་བ་དེ་སུ་ཞེ་ན། ཉིད་བསྙེན་པར་རྫོགས་པར་བྱེད་ནའོ་ཞེས་པ་ཡིན་ཏེ་མཁན་མོ་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་སུ་མ་ཚང་ནའོ། །མ་ཚང་བ་འཇོག་པའོ།། །།སྡོམ་པ་མ་ཐོབ་པར་འཁོར་འཇོག་པའི་ལྟུང་བ་སྟོན་པའི་ཐོག་མར་འཁོར་བཅང་བའི་ཆོ་ག་ཇེ་སྟོན་པ་ནི་འཁོར་དང་

ཚད་མེད་པའི་འཁོར་འཆང་བའི་སྡོམ་པ་སྦྱིན་ཞེས་པ་ལ་སོགས་པ་ཡིན་ཏེ་ཡོང་འཁོར་དང་ཚད་མེད་པའི་འཁོར་སྲེལ་དུ་དབང་བའི་སྡོམ་པ་ཕོག་ཤིག་པའོ། །ཇི་ལྟ་བུ་དཔོག་ཅེ་ན། དེ་འཇོག་ནུས་ནའོ་ཞེས་པ་ཡིན་ཏེ་ནད་གཡོག་ལ་སོགས་པ་འཁོར་འཇོག་ཅིང་སྲེལ་ནུས་ན་གདོད་གོང་མ་ལྟ་བུའི་གནང་བ་

ཕོག་ཤིག་པའོ། །འཇོག་ནུས་པ་ཉི་ཚེ་ལའམ་ཞེ་ན། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་ནའོ་ཞེས་པ་ཡིན་ཏེ་བསྙེན་པར་རྫོགས་ནས་ཀྱང་ལོ་གྲངས་འདི་སྙེད་ཀྱང་ལོན་ལ་གོང་མ་ལྟ་བུའི་ཡོན་ཏན་ཀྱང་ཡོད་ན་གདོད་གནང་བ་ཕོག་ཤིག་པའོ། །གཞན་གྱིས་མི་གསོལ་ཞེས་པ་ནི་གོང་མ་ལྟ་

བུའི་རྣམ་གཉིས་མེད་པར་འཁོར་སྲེལ་བའི་གསོལ་བའང་མ་བྱེད་ཅིག་པའོ། །འཁོར་སྲེལ་བའི་ལྟུང་བ་ཉིད་སྟོན་པ་ནི། སྡོམ་པ་སྔ་མ་ཐོབ་ནའོ་ཞེས་པ་ཡིན་ཏེ་འཁོར་སྲེལ་བའི་སྡོམ་པ་མ་ཐོབ་བར་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བར་འགྱུར་བའོ། །ཇི་ལྟར་བྱས་པས་

ཤེ་ན། འཁོར་འཇོག་ནའོ་ཞེས་པ་ཡིན་ཏེ། སྡོམ་པ་མ་ཐོབ་པར་འཁོར་འཇོག་ན་གདོད་ཉེས་པར་འགྱུར་བའོ། །སྡོམ་པ་མ་ཐོབ་པར་འཇོག་པའོ།། །།ཚད་མེད་པའི་འཁོར་འཇོག་པའི་ལྟུང་བ་གང་ཞེ་ན། ཚད་མེད་པའི་འཁོར་ཕྱི་མ་ཡང་ངོ་ཞེས་པ་ཡིན་ཏེ་ཕྱི་མའི་སྡོམ་པ་མ་ཐོབ་པར་འཁོར་

เล่ม ๑๖๔ · หน้า 153b

ཚད་མེད་པར་འཇོག་ན་ལྟུང་བར་འགྱུར་བའོ། །ཚད་མེད་པ་འཇོག་པའོ།། །།བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བ་གང་ཞེ་ན། བག་མར་སོང་བ་ལོ་བཅུ་གཉིས་ཚུན་(ཚད་‚ཆད་)དུ་བསྙེན་པར་རྫོགས་པར་བྱས་ནའོ་ཞེས་པ་ཡིན་ཏེ། བག་མར་སོང་བ་ལོ་བཅུ་གཉིས་ལོན་ན་བསྙེན་པར་རྫོགས་པར་བྱ་བའི་རིགས་

པ་ལས་སྔན་ཚོགས་སུ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བར་སྟོན་པའོ། །ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ནའོ། །གཞན་ཡང་ལྟུང་བ་འགྱུར་བ་ནི། གཞན་ནི་ལོ་ཉི་ཤུའོ་ཞེས་པ་ཡིན་ཏེ་བག་མ་མ་བྱས་པ་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བྱ་བའི་རིགས་པ་ལས་སྔན་

ཚོགས་སུ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བར་འགྱུར་བའོ། །འདིའི་ཆོ་ག་གཞན་ནི་དགེ་སློང་ཕའི་བསྙེན་པར་རྫོགས་པ་བཤད་པའི་ཚེ་རྒྱས་པར་སྨོས་པ་ཡིན་ནོ། །ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའོ།། །།ཚིག་ཟློ་བའི་ལྟུང་བ་གང་ཞེ་ན། བསླབ་པ་མ་བྱིན་བར་མཁན་མོ་བྱེད་ནའོ་ཞེས་པ་

ཡིན་ཏེ་དགེ་སློབ་མའི་ཁྲིམས་མ་ཕོག་པར་ལྟང་ཀམ་དུ་བསྙེན་པར་རྫོགས་པའི་མཁན་མོ་བྱེད་ན་ལྟུང་བར་འགྱུར་བའོ། །ཚིག་ཟློ་བའོ།། །།མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བ་གང་ཞེ་ན། འདི་མ་སྤྱད་ནའོ་ཞེས་པ་ཡིན་ཏེ་ལོ་གཉིས་ཀྱི་བར་དུ་དགེ་སློང་མའི་བསླབ་པ་མ་བསླབས་པར་བསྙེན་པར་

རྫོགས་པར་བྱེད་ན་ལྟུང་བར་འགྱུར་བའོ། བསླབ་པ་མ་བསླབས་པར་བསྙེན་པར་རྫོགས་པའོ།། །།བསླབས་ཀྱང་བསྙེན་པར་རྫོགས་པར་མ་བྱས་པའི་ལྟུང་བ་གང་ཞེ་ན། སྤྱད་ཀྱང་མ་བྱིན་ནའོ་ཞེས་པ་ཡིན་ཏེ་ལོ་གཉིས་ཀྱི་བར་དུ་དགེ་སློབ་མའི་བསླབ་པ་བསླབས་ཀྱང་བསྙེན་པར་རྫོགས་པར་མ་བྱས་ན་ལྟུང་བར་

འགྱུར་བའོ། །རྐྱེན་གྱིས་བཙལ་ཏེ་བསྙེན་པར་མ་རྫོགས་པར་ནི་ཉེས་མེད། བསླབ་པ་སྤྱད་ཀྱང་བསྙེན་པར་རྫོགས་པར་མ་བྱས་པའོ།། །།ཆོས་འཚོང་བའི་ལྟུང་བ་གང་ཞེ་ན། ཇི་སྟེ་ང་ལ་གོས་བྱིན་ན་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་བསྙེན་པར་རྫོགས་པར་འདོད་པ་ལ་ཟེར་ནའོ་ཞེས་པ་ཡིན་ཏེ་

བསྙེན་པར་རྫོགས་པར་འདོད་པ་ལ་སོགས་པའི་ནོར་སྒུགས་ཤིང་འདི་སྐད་དུ་ཟེར་ན་ལྟུང་བར་འགྱུར་བའོ། །ཆོས་འཚོང་བའོ།། །།རྣམ་པར་སླུ་བའི་ལྟུང་བ་གང་ཞེ་ན། རབ་ཏུ་འབྱུང་བ་དང་། མཐུན་བར་སྟན་ལ་ཁྱིམ་པའི་བྱ་བ་བརྟུལ་བ་དང་རབ་ཏུ་མ་ཕྱུང་ནའོ་ཞེས་པ་ནི་སྐེམ་མོ་གཽ་ཏ་མས་ཡུགས་ས་

เล่ม ๑๖๔ · หน้า 154a

མོ་གཞོན་ནུ་བསླུས་པ་ལྟ་བུར་སྔར་རབ་ཏུ་དབྱུང་བླ་བ་སྐད་དུ་བྱས་ལ་དེས་སོ་ནམ་བཏང་ནས་ཆས་ཏེ་འོངས་པ་དང་བསྙེན་པར་རྫོགས་པ་མ་བྱས་ན་ལྟུང་བར་འགྱུར་བའོ། །རྣམ་པ་གཞན་གྱིས་བསླུས་པ་ནི་ཉེས་བྱས་སོ། །སླུ་བའོ།། །།རྒྱུད་མང་བའི་ལྟུང་བ་གང་ཞེ་ན། རེ་རེ་ཞིང་རབ་

ཏུ་འབྱིན་ནའོ་ཞེས་པ་ཡིན་ཏེ་ལོ་རེ་མི་རེ་རབ་ཏུ་འབྱུང་ན་ལྟུང་བར་འགྱུར་བའོ། །ལོ་རེས་བཅད་ཅིང་འབྱིན་པ་ནི་ཉེས་མེད། རྒྱུད་མང་པོའོ།། །།མ་གནང་བ་སྡུད་པའི་ལྟུང་བ་ནི་བདག་པོས་མ་གནང་ནའོ་ཞེས་པ་ཡིན་ཏེ་ཁྱིམ་ཐབ་ཀྱིས་མ་བཏང་བའི་བུད་མེད་རབ་ཏུ་འབྱུང་ན་ལྟུང་བར་འགྱུར་བའོ། །མ་

གནང་བ་སྡུད་པའོ།། །།སྐྱོན་ཅན་སྡུད་པའི་ལྟུང་བ་རྣམ་པ་བཞི་ནི། གཡེམ་སྤྱོད་པ། སྦྲུམ་པ། མྱ་ངམ་གྱིས་ཉེན་པ། འཐབ་ཀྲོལ་ཅན་བསྙེན་པར་རྫོགས་པར་བྱས་ཀྱང་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ལྟ་བུ་རབ་ཏུ་ཕྱུང་བ་བས་བསྙེན་པར་རྫོགས་པར་བྱས་ན་ཡང་ལྟུང་བར་འགྱུར་བའོ། །

སྐྱོན་ཅན་སྡུད་པར་གཏོགས་པའོ།། །།གཡེལ་བར་གཏོགས་པའི་ལྟུང་བའི་རྣམ་པ་བཞི་ལ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མི་སྡུད་ནའོ་ཞེས་པ་དང་བར་དུ་གཅོད་པ་མཐོང་ན་སེལ་བར་མི་བྱེད་པ་ཞེས་པ་དང་སློབ་པར་མི་བྱེད་པ་ཞེས་པ་དང་ནད་པའི་རིམ་གྲོ་མི་བྱེད་པའོ་ཞེས་པ་རྣམས་ཡིན་ཏེ་འདི་

དག་ལྟར་གཡེལ་ཞིང་ནན་ཏན་དང་རིམ་གྲོ་མི་བྱེད་ན་ལྟུང་བར་སྟོན་པའོ། །ཉེ་གནས་ཀྱང་ཞེས་པ་ནི་སློབ་མ་ཉི་ཚེར་མ་ཟད་ཀྱི་ཉེ་གནས་ལ་གཡེལ་ན་ཡང་ལྟུང་བར་འགྱུར་རོ་ཞེས་ཟླ་བ་སྟོན་པའོ། །གཡེལ་བར་གཏོགས་པའོ།། །།འཕྱོན་མ་བསྟེན་པའི་ལྟུང་བ་གང་ཞེ་ན། ཉིད་ཀྱི་སྟེན་པའི་ནང་དུ་རྒྱ་སྐྱེགས་

ཀྱི་ཆང་བུ་འཇུག་པ་ཞེས་པ་ལ་སོགས་པ་ཡིན་ཏེ་རྒྱ་སྐྱེགས་ཀྱི་ཆང་བུ་ཉིད་ཀྱི་འཛག་བྱེད་དུ་བཅུག་ན་ལྟུང་བར་འགྱུར་བའོ། །རྒྱ་སྐྱེགས་ནི་དཔེར་ཟད་ཀྱི་རྣམ་པ་གང་གིས་ཀྱང་རུང་། གཞན་འཇུག་ཏུ་བཅུག་ན་ནི་ཕས་ཕམ་པའི་སྦོམ་པོར་འགྱུར་རོ། །རྒྱུན་ལས་བཟློག་ཅིང་མི་བཟེད་ཅེས་པ་ནས་འདི་ནི་དཔེར་ཟད་

དོ་ཞེས་པའི་བར་དུ་སྨོས་པ་རྣམས་ནི་ཕྲན་ཚེགས་ལས་བྱུང་བ་སྟེ་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དེ་ལ་དགའ་བ་བདག་གིར་བྱ་བའི་ཕྱིར་རྒྱུན་ལས་བཟློག་ཅིང་བཟེད་ན་ཉེས་བྱས་སུ་འགྱུར་བའོ། །མངལ་གྱི་སྒོར་ཁུ་བ་མི་བླུགས་ཞེས་པ་ནི་སྦེད་མ་ལྟ་བུར་མ་བྱེད་ཅིག་པའོ། །རྐེད་ཆིངས་ཀྱིས་ལྟོ་བ་

เล่ม ๑๖๔ · หน้า 154b

མི་བཅིང་ཞེས་པ་དང་། ནུ་ཆིངས་ཀྱིས་ནུས་པ་ཡིན་ན་ཞེས་པ་དང་བདེ་བར་བྱེད་པའི་བར་ཚངས་མི་བྱ་ཞེས་པ་ནི་རྒྱུ་ཕྲ་བར་འདོད་པས་རྐེད་ཆིངས་ཀྱིས་ལྟོ་བཅིངས་པ་དང་ནུ་རློ་བར་འདོད་པའི་ཕྱིར་ནུ་ཆིངས་ཀྱིས་འཆིང་བ་དང་ནུ་བར་ཡངས་འདོད་པའི་ཕྱིར་བར་ཚངས་འཇུག་པ་རྣམས་མ་བྱེད་ཅིག་པའོ། །འདི་ནི་

དཔེར་ཟད་དོ་ཞེས་པ་ནི་རྐེད་ཆིངས་དང་ནུ་ཆིངས་ནི་དཔེར་ཟད་ཀྱི་ཐག་སྲད་ལ་སོགས་པ་རྣམ་པ་གང་གིས་ཀྱང་ལྟོ་དང་ནུ་འཆིང་བ་མ་བྱེད་ཅིག་པའོ། །འཕྱོན་མ་བསྟེན་པའོ།། །།འཕྱོན་མ་བསྟེན་པ་དང་འདྲ་བའི་ལྟུང་བ་གང་ཞེ་ན། མཚན་གྱི་ནང་དུ་སོར་མོའི་ཚིགས་གཉིས་ལས་ལྷག་པར་འཁྲུ་ནའོ་ཞེས་

པ་ཡིན་ཏེ་འཛག་བྱེད་ཀྱི་ནང་དུ་ཚིགས་གཉིས་ལས་ལྷག་པར་འཇུག་ཅིང་འཁྲུ་ན་ལྟུང་བར་སྟོན་པའོ། །འཕྱོན་མ་བསྟེན་པ་དང་འདྲ་བའོ།། །།འཕྱོན་མ་བསྟེན་པར་འཐེར་བ་ལྟ་བུར་བྱེད་པའི་ལྟུང་བ་གང་ཞེ་ན། འདིར་ཐལ་མོས་རྡོབ་ནའོ་ཞེས་པ་ཡིན་ཏེ་འཛག་བྱེད་ལ་ཐལ་མོས་རྡེབ་ན་ཡང་ལྟུང་

བར་འགྱུར་བའོ། །འཕྱོན་མ་བསྟེན་པས་འཐེར་བ་ལྟ་བུར་བྱེད་པའོ།། །།སྟེན་པའི་ཆོ་གར་བྱེད་པའི་ལྟུང་བ་གང་ཞེ་ན། དེའི་སྤུ་འདྲེག་པར་བྱེད་དམ་བྱེད་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་མཚན་གྱི་སྤུ་བྲེགས་སམ་འདྲེག་དུ་བཅུག་ན་ལྟུང་བར་འགྱུར་བའོ། །སྟེན་པའི་ཆོ་གར་བྱེད་པའོ།། །།རེག་

པར་མི་བྱ་བ་དང་འདྲེ་བར་གཏོགས་པའི་ལྟུང་བ་བཅུ་གཅིག་གཅིག་བར་དུ་བསྡུས་ཏེ་སྟོན་ཏོ། །དེ་ལ་རེག་པ་མི་བྱ་ཞེས་པ་ནི་སྐྱེས་པ་དང་རེག་པར་བྱ་བའི་མི་རིགས་པ་ལས་དེ་དང་འདྲེ་ན་ལྟུང་བར་འགྱུར། དེ་དག་གི་དང་པོ་ཉིད་གང་ཞེ་ན། སྐྱབས་ཡོད་པར་ཁྱིམ་པ་དང་ལྷན་ཅིག་ཏུ་འདུག་ནའོ་ཞེས་པ་

ཡིན་ཏེ་བསྟེན་ནུས་པའི་སྐྱེས་པ་དང་སྐྱབས་ཡོད་པར་ལྷན་ཅིག་ཏུ་འདུག་ན་ལྟུང་བའོ། །སྐྱབས་གང་ཞེ་ན། རྩིག་པ་ཤིང་ཏགས་གོས། ཐིབས་པོ། མུན་པ་རྣམས་དེར་འགྲུབ་པའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་གིས་སྐྱབས་ན་དེར་འགྲུབ་པར་སྟོན་པའོ། །ལྟུང་བ་གཉིས་པོ་གང་

ཞེ་ན། དགེ་སློང་དང་ངོ་ཞེས་པ་ཡིན་ཏེ་གོང་མ་ལྟ་བུའི་སྐྱབས་ཡོད་པར་དགེ་སློང་དང་ལྷན་ཅིག་ཏུ་འཁོད་ན་ལྟུང་བའོ། །གསུམ་པ་གང་ཞེ་ན། བླ་གབ་མེད་པར་སྔ་མ་དང་ཞེས་པ་ཡིན་ཏེ་བླ་གབ་མེད་པར་ཁྱིམ་པ་དང་ལྷན་ཅིག་ཏུ་འཁོད་ན་ཡང་ལྟུང་བར་སྟོན་པའོ། །བཞི་པ་གང་ཞེ་ན། ཕྱི་མ་

เล่ม ๑๖๔ · หน้า 155a

ཡང་ངོ་ཞེས་པ་ནི་དགེ་སློང་དང་བླ་གབ་མེད་པར་ལྷན་ཅིག་འཁོད་ན་ལྟུང་བར་འགྱུར་བའོ། །འདི་གཉིས་པ་དང་ལྷན་ཅིག་པ་ནི་ཉེས་མེད་ཅེས་པ་ནི་ཁྱིམ་པ་དང་དགེ་སློང་ཟླས་འགྲོགས་ན་ནི་གོང་མ་ལྟ་བུའི་གནས་ན་འཁོད་ཀྱང་ཉེས་པར་མི་འགྱུར་བའོ། །དགེ་སློང་མ་ཕྱི་

བཞིན་དུ་འབྲང་བ་དང་ལྷན་ཅིག་ན་ཡང་ངོ་ཞེས་པ་ནི་དགེ་སློང་མ་ཟླ་དང་འགྲོགས་ཤིང་གོང་མ་ལྟ་བུའི་གནས་ན་འཁོད་ན་ཡང་ཉེས་མེད་པར་སྟོན་པའོ། །ལྔ་པ་གང་ཞེ་ན། ཁྱིམ་པའི་རྣ་བར་བཤུབ་ཅིང་སྤྲིང་ནའོ་ཞེས་པ་ཡིན་ཏེ་དོན་ཡོད་ཀྱང་རུང་མེད་ཀྱང་རུང་མདུན་རྒྱབ་དང་གཡས་གཡོན་གང་

ནས་ཀྱང་རུང་སྟེ་ཁྱིམ་པའི་རྣ་བར་བཤུབ་ཅིང་སྨྲ་ན་ལྟུང་བར་འགྱུར་བའོ། །དྲུག་པ་གང་ཞེ་ན། འདི་བཞིན་དུ་ལེན་པའོ་ཞེས་པ་ཡིན་ཏེ་ཁྱིམ་པ་ལ་གོང་མ་ལྟར་བཤུབས་པ་ལེན་ཅིང་ཉན་ན་ཡང་ལྟུང་བར་འགྱུར་བའོ། །བདུན་པ་གང་ཞེ་ན་དགེ་སློང་ལའོ་ཞེས་པ་ཡིན་ཏེ་གོང་མ་བཞིན་དུ་དགེ་སློང་

གི་རྣ་བར་བཤུབས་ན་ཡང་ལྟུང་བར་འགྱུར་བའོ། །བརྒྱད་པ་གང་ཞེ་ན། དེ་ལས་ཞེས་པ་ཡིན་ཏེ་དེས་བཤུབས་ཤིང་བསྒོ་བ་ཉན་ཡང་ལྟུང་བར་འགྱུར་བའོ། །ཁྱིམ་པ་དང་དགེ་སློང་ཐ་དད་དུ་ཕྱེ་བ་ཅིའི་ཕྱིར་ཞེ་ན། དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་ཉེས་པ་རངས་པར་

མི་འགྱུར་དུ་རེ་བ་བསལ་བའི་ཕྱིར་རོ། །དགུ་པ་གང་ཞེ་ན། ཁྱིམ་པ་ལས་རིག་པ་ནོད་ནའོ་ཞེས་པ་ཡིན་ཏེ་ཁྱིམ་པ་དེའི་ཚིག་བདག་གིར་བྱ་བའི་ཕྱིར་གཙུག་ལག་ལ་སོགས་པ་དེ་ལས་ནོད་ཅིང་ལེན་ན་ལྟུང་བར་འགྱུར་བའོ། །བཅུ་པ་གང་ཞེ་ན། འདི་ལས་དེ་ཀློག་ཏུ་བཅུག་ནའོ་ཞེས་པ་ཡིན་

ཏེ། དགེ་སློང་མ་ལས་གཙུག་ལག་ལ་སོགས་པ་རིག་པ་གཞན་ནོད་དུ་བཅུག་ཅིང་སློབ་ན་ཡང་ལྟུང་བར་འགྱུར་བའོ། །བཅུ་གཅིག་པ་གང་ཞེ་ན་རྨ་བཅིངས་ཤིང་རྒྱུས་འགྲོལ་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་སྨན་པ་ལྟ་བུ་ལ་ཆགས་པའི་ཕྱིར་རྨ་བཀབ་ཅིང་བཅིངས་ན་ལྷོད་ཆེས་ཤེའམ་དམ་ཆེས་

ཞེས་འགྲོལ་དུ་བཅུག་ན་ལྟུང་བར་འགྱུར་བའོ། །དེ་ལྟ་བས་ན་བདེན་བའི་དོན་ནི་ཉེས་མེད་ཅེས་པ་ནི་གོང་མ་ལྟར་རྒྱུ་བྱས་ན་ཉེས་པར་འགྱུར་གྱི་སྙིང་ནས་དམ་ལྷོད་ཁྱེར་ཏེ་དེ་སྐད་དུ་ཟེར་བ་ནི་ཉེས་མེད་པའོ། །རེག་པར་མི་བྱ་བ་དང་འདྲེ་བར་གཏོགས་པའོ།། །།བཙས་པ་ལ་གདུ་བའི་ལྟུང་

เล่ม ๑๖๔ · หน้า 155b

བ་གང་ཞེ་ན། རྒྱུད་སྲེལ་ནའོ་ཞེས་པ་ཡིན་ཏེ་གཞན་གྱི་བུ་པང་པར་ལེན་ཅིང་འཚོ་ན་ལྟུང་བར་འགྱུར་བའོ། །བཙས་པ་ལ་གདུ་བའོ།། །།གོང་པོ་ནན་གྱིས་གླགས་སྤང་བའི་ལྟུང་བ་ནི་གསུམ་སྟེ་དེ་ལ་དང་པོ་ཉིད་གང་ཞེ་ན། ཁྱིམ་པ་ལ་མ་ཞུས་པར་ཁྱིམ་པའི་ཞག་ལོན་ནའོ་ཞེས་པ་ཡིན་ཏེ་

ཁྱིམ་པ་གཞན་གྱི་དེར་དགོངས་པའི་ཚེ་བདག་ལ་གཡར་རས་ཀྱིས་འཚོས་ཤིག་ཆོས་ཁྱིམ་བདག་ལ་མ་བསྙད་པར་ནུབ་གཅིག་འདས་ན་ལྟུང་བར་འགྱུར་བའོ། །བུད་མེད་ཀྱི་ཁར་ལས་ན་དེ་ལ་མ་ལུས་ཀྱང་སླ་ཞེས་པ་ནི་ཁྱིམ་དེའི་དབང་བུད་མེད་ཀྱི་ཁར་རག་ལས་པ་ཞིག་ན་ཁྱིམ་བདག་ལ་མ་དྲིས་ཀྱང་

ཉེས་མེད་པར་སྟོན་པའོ། །གཉིས་པ་གང་ཞེ་ན། འཁྲན་ས་མ་གཏོགས་པར་མཚན་འདས་ནའོ་ཞེས་པ་ཡིན་ཏེ་བདག་གང་འདུག་པའི་ཉེན་ཀོར་ན་ལྐག་ལྐོག་དང་སྐྱབས་ཡོད་པ་རྣམས་མ་བྱུལ་ཏམ་ས་མ་བཀྲུས་པར་མཚན་འདས་ན་ལྟུང་བར་འགྱུར་བའོ། །གསུམ་པ་གང་ཞེ་ན། དགེ་སློང་

མ་གཞན་མེད་པར་གནས་ཁང་དུའོ་ཞེས་པ་ཡིན་ཏེ་དགེ་སློང་མ་གྲོགས་མེད་པར་གནས་ཁང་དུ་ཞག་གཅིག་ལོན་ན་ལྟུང་བར་འགྱུར་བའོ། །ཉམས་ཉེས་ལ་སོགས་པར་འགྱུར་བ་ནི་ཉེས་མེད་ཅེས་པ་ནི་ཟླ་དེ་བབས་སམ་ཤིང་ཆད་ལ་སོགས་པའི་ཉམས་ཉེས་བྱུང་ནས་གཅིག་པུ་ལུས་པ་ནི་ཉེས་མེད་པར་

སྟོན་པའོ། །གོང་པོ་ནན་གྱིས་གླགས་སྤང་བའོ།། །།ལྷན་ཅིག་ཏུ་ཉལ་བའི་ལྟུང་བ་གང་ཞེ་ན། དགེ་སློང་མ་དང་ནུབ་གཅིག་ལ་མཐངས་སྤྲད་ཅིང་ཉལ་ནའོ་ཞེས་པ་ཡིན་ཏེ་ཁྲི་གཅིག་ལ་མཐངས་སྤྲད་ཅིང་ཉལ་ན་ལྟུང་བར་འགྱུར་བའོ། །དུ་མ་ཡང་རུང་ཚང་ཐུར་ལ་སོགས་པས་བར་ཚངས་བྱས་

ཤིང་ཡན་ལག་རེག་ཀྱང་མྱོང་བར་མི་བྱེད་པར་དྲན་པ་ཉེ་བར་བཞག་ན་མི་བསྐྱོད་པའི་ཁྲི་དང་ཐལ་མལ་པ་དང་བཏིང་བ་རྣམས་ཉེས་མེད་དོ་ཞེས་པ་ནི་དུ་མ་ལྷན་ཅིག་ཏུ་འཁོད་ཀྱང་རུང་སྟེ་ཐབས་འདི་ལྟར་བྱས་ན་ཁྲིའམ་མལ་དང་ལོ་མ་ཡན་ཆད་གང་ལ་ལྷན་ཅིག་ཏུ་ཉལ་ཡང་བླ་བའོ། །ཡོད་ན་ཉེས་

བྱས་ཞེས་པ་ནི་ཁྲིའམ་མལ་ལ་སོགས་པ་གུད་ན་ཡོད་ཅིང་ཉལ་དུ་རུང་བ་ལས་གོང་མ་ལྟར་བྱས་ཏེ་ཅིག་ཅར་དུ་ཉལ་ན་ཉེས་བྱས་སུ་འགྱུར་བའོ། །ལོངས་པར་གནས་པ་དགག་པའོ།། །།བྱི་དོར་བྱེད་པའི་ལྟུང་བ་བརྒྱད་ཡོད་པ་ལ་དང་པོ་ཉིད་གང་ཞེ་ན། དགེ་སློང་མ་བདག་གི་ཡན་ལག་

เล่ม ๑๖๔ · หน้า 156a

འདྲིལ་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་བདག་གི་ལུས་ཀྱི་ཡན་ལག་འདྲིལ་དུ་བཅུག་ན་ལྟུང་བར་འགྱུར་བའོ། །ལྷག་མ་བདུན་ནི་དགེ་སློབ་མ་ཡང་ཞེས་པ་དང་དགེ་ཚུལ་མ་ཡང་ཞེས་པ་དང་ཁྱིམ་མི་མོ་ཡང་ཞེས་པ་དང་མུ་སྟེགས་མ་ཡང་ངོ་ཞེས་པ་དང་ཆུས་སྐུད་དུ་བཅུག་ན་

ཡང་ཞེས་པ་དང་ཉིད་ཀྱི་ཡན་ལག་དྲི་ཞིམ་པའི་རྫས་ཀྱིས་དྲིལ་ནའོ་ཞེས་པ་དང་ཚིགས་སམ་ཀྱང་ངོ་ཞེས་པ་རྣམས་ཡིན་ཏེ་དགེ་སློབ་མ་ལ་སོགས་པ་མིང་གིས་སྨོས་པ་འདི་དག་འདྲིལ་དུ་བཅུག་པ་དང་ཆུས་སྐུད་པ་ལ་སོགས་པ་འདི་རྣམས་སྐུད་ཅིང་འདྲིལ་ན་ལྟུང་བར་འགྱུར་བ་སྟེ་གྲངས་ནི་རིམ་བཞིན་དུ་སྦྱོར་རོ། །

བྱི་བདར་བྱེད་པར་གཏོགས་པའོ།། །།ཆུའི་ལོངས་སྤྱོད་བྱེད་པའི་ལྟུང་བ་གང་ཞེ་ན། ལག་སྦྲེལ་ཅིང་ཁྲུས་བྱེད་ནའོ་ཞེས་པ་ཡིན་ཏེ་འདི་ལྟར་བྱེད་ཅིང་ཁྲུས་བྱེད་ན་ལྟུང་བར་འགྱུར་བའོ། །ཆུའི་ལོངས་སྤྱོད་པའོ།། །།སྒེག་པར་གཏོགས་པའི་ལྟུང་བ་དྲུག་གང་ཞེ་ན། སྒེག་པའི་ཕྱིར་ཨུ་ཤི་རས་

འཆད་ནའོ་ཞེས་པ་དང་སོ་མངས་དང་ཆང་ཤད་དང་གསུམ་ཆར་དང་སྐྲ་བརྙན་ཡང་ངོ་ཞེས་པ་དང་ཁྱིམ་པའི་རྒྱན་ཐོགས་ནའོ་ཞེས་པ་རྣམས་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ལྟར་བྱེད་ན་ལྟུང་བར་འགྱུར་བའོ། །དེ་ལ་གྲངས་ནི་རྩྭ་ཨུ་ཤི་རས་སྐྲ་འཆད་པ་དང་སོ་མངས་ཀྱིས་འཆད་པ་དང་ཆང་ཤད་ཀྱིས་འཆད་

པ་དང་དེ་གསུམ་ཆར་གྱིས་འཆད་པ་དང་སྐྲ་བརྙན་འཇུག་པ་དང་གདུ་བུ་ལ་སོགས་པ་ཁྱིམ་པའི་རྒྱན་ཐོགས་པ་རྣམས་སོ། །སྒེག་པར་གཏོགས་པའོ།། །།དགའ་བར་གཏོགས་པའི་ལྟུང་བ་གསུམ་ཡོད་པ་ལས་དང་པོ་གང་ཞེ་ན། གར་བྱེད་ནའོ་ཞེས་པ་ཡིན་ནོ། །ཅི་བྱེད་ཅེ་ན། ཡན་ལག་གང་གིས་

ཀྱང་རུང་ཞེས་པ་ཡིན་ཏེ་སྨིན་མ་བསྒུལ་བ་ཡན་ཆད་ཡན་ལག་གང་གིས་ཀྱང་རུང་བར་སྟོན་པའོ། །གཉིས་གང་ཞེ་ན་གླུ་ལེན་ནའོ་ཞེས་པ་ཡིན་ནོ། །ཇི་ལྟ་བུའི་གླུ་བླངས་པས་ཤེ་ན། དེར་བསམས་ན་དབྱངས་བསྒྱུར་བ་ཡན་ཆད་གང་གིས་ཀྱང་རུང་ཞེས་པ་ཡིན་ཏེ་གླུ་བླངས་པར་བསམས་ན་དབྱངས་ཡན་

ཆད་ཀྱང་ཉེས་པར་འགྱུར་བའོ། །གསུམ་པ་གང་ཞེ་ན། རོལ་མོའི་སྤྱད་ཀྱིས་རོལ་མོ་བྱེད་པའོ་ཞེས་པ་ཡིན་ཏེ་རོལ་མོའི་ཆ་སྤྱད་ཀྱིས་རོལ་མོ་བྱེད་ན་ལྟུང་བར་འགྱུར་བའོ། །དགའ་བར་གཏོགས་པའོ།། །།ཡོ་ལང་བྱེད་པར་གཏོགས་པའི་ལྟུང་བ་ཡང་གསུམ་ཡོད་པ་ལ་དང་པོ་གང་ཞེ་ན། གདུགས་

เล่ม ๑๖๔ · หน้า 156b

སྤྱད་པར་བྱ་བའི་ཕྱིར་འཆང་ནའོ་ཞེས་པ་ཡིན་ཏེ་བདག་ཉིད་ཀྱིས་སྤྱད་པར་བྱ་བའི་ཕྱིར་སྲི་ན་ལྟུང་བའོ། །གཉིས་པ་གང་ཞེ་ན། ལྷམ་ཡང་ངོ་ཞེས་པ་ཡིན་ཏེ་བདག་ཉིད་ཀྱིས་སྤྱད་པའི་ཕྱིར་ལྷམ་སྲེལ་ན་ལྟུང་བར་འགྱུར་བའོ། །ལྷམ་སྲེལ་ནོ་ཅོག་ཉེས་པར་འགྱུར་རམ་ཞེ་ན། དབྱར་མོ་ཐང་གི་མལ་

ཆ་སྦ་བའི་ཕྱིར་ན་ཉེས་མེད་ཅེས་པ་ཡིན་ཏེ་མལ་ཆ་ལ་རིམ་གྲོ་བྱ་བའི་ཕྱིར་ལྷམ་གྱོན་པ་ནི་ཉེས་མེད་པའོ། །གསུམ་པ་གང་ཞེ་ན་ཁྲིའུའི་ཀུན་སྤྱོད་མེད་པར་བྱེད་ནའོ་ཞེས་པ་ཡིན་ཏེ་ཁྲིའུའི་སྟེང་དུ་འདུག་ཅིང་སྟམ་པ་ཡང་གིས་ཕན་ཚུན་དུ་སྦེད་པ་སྦོམ་མོ་དགའ་ལྡན་ལྟར་བྱེད་ན་ལྟུང་བར་འགྱུར་བའོ། །ཡོ་

ལང་བྱེད་པར་གཏོགས་པའོ།། །།སྤྱི་བརྩན་བས་ཐབས་ཀྱིས་གནོན་པའི་ལྟུང་བ་གང་ཞེ་ན། ཁྱིམ་པའི་དེར་མ་བདར་བར་སྟན་ལ་འདུག་ནའོ་ཞེས་པ་ཡིན་ཏེ་འདི་ལྟར་བྱེད་བྱེད་ན་ལྟུང་བར་འགྱུར་བའོ། །སྤྱི་བརྩན་བའི་ཐབས་ཀྱིས་གནོན་པའོ།། །།རྗེས་ངན་བྱེད་པའི་ལྟུང་བ་གང་ཞེ་ན། ཆོས་

པའི་ཚེ་ཁྱིམ་པའི་སྟན་ཆ་སྤྱད་ནས་ཁྱིམ་པ་ལ་མ་སྦྲན་བར་བོར་ཏེ་སོང་ནའོ་ཞེས་པ་ཡིན་ཏེ་ཆོས་འཆད་པའི་ཚེ་ཁྱིམ་པའི་སྟན་ཆ་སྤྱོད་སྤྱོད་པ་ལས་སླར་འགྲོ་བའི་ཚེ་དེ་དག་ལ་མ་སྦྲན་བར་སྦོམ་མོ་དགའ་ལྡན་ལྟ་བུར་བྱེད་ཅིང་སྟན་བོར་ན་ལྟུང་བར་འགྱུར་བའོ། །ཇི་ཙམ་དུ་སོང་བས་ལྟུང་ཞེ་ན། དེའི་ཉེ་

སྤྱོད་བཏང་བའི་ཐབས་སོ་ཞེས་པ་ཡིན་ཏེ་འདོམ་བཞི་བཅུ་དགུ་ལ་སོགས་པའི་ཉེ་སྤྱོད་འདས་ན་ལྟུང་བར་འགྱུར་བའོ། །རྗེས་ངན་བྱེད་པའོ།། །།ཁྱིམ་པའི་ཤེས་ཉེན་དུ་གཏོགས་པའི་ལྟུང་བ་གསུམ་ཡོད་པ་ལ་དང་པོ་གང་ཞེ་ན། སྐུད་པ་འཁལ་ནའོ་ཞེས་པ་ཡིན་ཏེ་རྣམས་བྱེད་ན་ལྟུང་བར་འགྱུར་བའོ། །

རྣམས་བྱེད་དོ་ཅོག་གིས་སམ་ཞེ་ན། རྒྱ་ཅང་དང་ལྕག་ཕོད་ཀྱི་ཕྱིར་དབེན་པར་ན་ཉེས་མེད་ཅེས་པ་ཡིན་ཏེ་འདི་དག་ཙམ་གྱི་ཚོད་བྱེད་པ་ནི་ཉེས་མེད་པའོ། །འདི་སྐབས་སུ་ལྟུང་བ་གཞན་ཡང་བླ་ཐབས་སུ་སྟོན་པ་ནི་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་ནའོ་ཞེས་པ་ཡིན་ཏེ་བཙུན་མོ་ཕྲེང་བྱེད་མས་དགེ་འདུན་

མའི་སྤྱིར་ཟླ་མཚན་བཟེད་པའི་རྒྱུར་གོས་ཕལ་པོ་ཆེ་བྱིན་པ་དགའ་ལྡན་མས་ཁ་རྔམ་བྱས་པ་ལྟ་བུར་ཁྱེར་ན་ལྟུང་བར་འགྱུར་བ་དང་། ཟས་འཚོང་ཞིང་བསྒྱུར་ན་ལྟུང་བར་འགྱུར་བའོ། །བླ་ཐབས་སུ་ཟླ་ལ་བསྟན་པའི་ལྟུང་བ་གཉིས་བསྟན་ཟིན་ནས་དཀྱུས་མ་གཉིས་པ་སྟོན་པ་ནི། ཁྱིམ་པའི་སོ་ནམ་

เล่ม ๑๖๔ · หน้า 157a

ཡང་ངོ་ཞེས་པ་ཡིན་ཏེ་གཏུབ་ཅིང་འཐབ་པ་དང་མལ་བྱེད་པ་དང་ལྷམ་དང་ཁྲུས་རས་སྟོབས་པ་དང་ཁྱིམ་ཕྱག་ཅིང་ཆག་ཆག་འདེབས་པ་ལ་སོགས་པ་བྱེད་ན་ལྟུང་བར་འགྱུར་བའོ། །ཕྲན་ཚེགས་ལས་འབྱུང་བ་ཞར་ལ་སྟོན་པ་ནི་ཆང་གི་ལས་མི་བྱ་ཞེས་པ་དང་ཆང་འཚོང་པར་མི་བྱ་ཞེས་པ་

ཡིན་ཏེ་ཆང་འཚོང་བ་དང་ཆང་འཚོང་བ་བྱེད་ན་ཉེས་བྱས་སུ་སྟོན་པའོ། །དཀྱུས་མ་གསུམ་པ་ནི་རྗེན་པ་བཙོས་ནའོ་ཞེས་པ་ཡིན་ཏེ་གཡོས་བྱེད་ན་ལྟུང་བར་འགྱུར་བའོ། །འདིའི་ཚད་ནི་གོང་དུ་སྲ་སྙི་ལས་སུམ་ཆ་སུམ་གཉིས་ཚོས་པ་དང་ལྷག་རེ་བསྣུན་པ་ལ་སོགས་པ་བཞིན་དུ་རིག་པར་བྱའོ། །བཙོས་

སོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། དགེ་སློང་གི་དགེ་འདུན་དང་། སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་ནི་ཕྱོགས་དབེན་པར་ཉེས་མེད་ཅེས་པ་ཡིན་ཏེ་འདི་དག་གི་ཕྱིར་དབེན་པར་སོང་སྟེ་གཡོས་བྱེད་པ་ནི་ཉེས་མེད་པའོ། །ཁྱིམ་པའི་ཤེས་ཉེན་དུ་གཏོགས་པའོ།། །།ལྟོ་

འདུན་བྱེད་པའི་ལྟུང་བ་གང་ཞེ་ན། ཟོས་ཏེ་སྟན་ཡངས་ནས་ཟ་བའོ་ཞེས་པ་ཡིན་ཏེ་སྦོམ་མོ་དགའ་ལྡན་ལྟ་བུར་བསོད་སྙོམས་བླངས་པའི་ཟས་འཆག་པའི་ལམ་ཀར་བཞག་ལ་ཕར་སོང་ཚུར་སོང་བའི་ལམ་ཡོགས་སུ་ལེན་ཅིང་ཟ་བ་ལྟ་བུར་བྱེད་ན་ལྟུང་བར་འགྱུར་བའོ། །ལྟོ་འདུན་བྱེད་པའོ།། །།འདུས་པར་དྲིང་བའི་

ལྟུང་བ་གང་ཞེ་ན། སྒོག་སྐྱ་ནའོ་ཞེས་པ་ཡིན་ཏེ། ཟོས་ན་ལྟུང་བར་འགྱུར་བའོ། །ཀེའུ་དང་བཙོང་ལ་སོགས་པ་གཞན་ནི་ཉེས་བྱས་སུ་འགྱུར། འདུས་པར་དྲི་ང་བར་ཟ་བའོ།། །།བསླབ་པ་ཉམས་པར་གཏོགས་པའི་ལྟུང་བ་གསུམ་ཡོད་ལ་དང་པོ་གང་ཞེ་ན། ཟླ་མཚན་གྱི་གཞི་མ་བཅངས་ནའོ་ཞེས་

པ་ཡིན་ཏེ་ཟླ་མཚན་བཟེད་པའི་གཞི་མ་བཅངས་ན་ལྟུང་བར་འགྱུར་བའོ། །སྐུད་པས་རྟོད་ན་གནས་སོ་ཞེས་པ་དང་འདི་དུས་དུས་སུ་བཀྲུ་བ་དང་བཙོ་བ་ཡང་ངོ་ཞེས་པ་གཉིས་ནི་ཕྲན་ཚེགས་ལས་འབྱུང་སྟེ་གཞི་དེའི་ཆོ་ག་འདི་ལྟར་གྱིས་ཤིག་པའོ། །གཉིས་པ་གང་ཞེ་ན། ཆུ་རས་ཀྱང་ངོ་ཞེས་པ་

ཡིན་ཏེ་ཁྲུས་རས་ཤིང་ལྟ་བུ་མ་བཅངས་ན་ལྟུང་བར་འགྱུར་བའོ། །འདི་བཅང་ཞེས་པ་ནི་འདི་ལྟ་བུ་ཆེད་དུ་ཆོངས་ཤིག་པའོ། །གསུམ་པ་གང་ཞེ་ན། ཁྲུས་པ་ལ་འཁྲུར་བཅུག་ནའོ་ཞེས་པ་ཡིན་ཏེ་གོས་ལ་མི་སྡུག་པ་ཆགས་ཤིང་རེག་པ་གཞན་གྱིས་མཐོང་ན་འཕྱས་སུ་འགྱུར་བའི་ཕྱིར་འཁྲུར་བཅུག་

เล่ม ๑๖๔ · หน้า 157b

ན་ལྟུང་བར་འགྱུར་བའོ། །ཟླ་བ་ཉམས་པར་གཏོགས་པའོ།། །།ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའི་ལྟུང་བ་གང་ཞེ་ན། དགེ་སྦྱོང་གི་གོས་ཁྱིམ་པས་གོན་པའི་ཕྱིར་བྱིན་ནའོ་ཞེས་པ་ཡིན་ཏེ་དགེ་སློང་གི་གོས་ཁྱིམ་པ་བགོ་བའི་ཕྱིར་བྱིན་ན་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པ་ཡིན་པས་ན་ལྟུང་བར་སྟོན་པའོ། །

ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པར་གཏོགས་པའོ།། །།རྒྱལ་མཚན་བརྗེ་བའི་ལྟུང་བ་གང་ཞེ་ན། དགེ་སློང་དང་སྦྱར་མ་བརྗེ་ནའོ་ཞེས་པ་ཡིན་ཏེ་ཆོས་གོས་སྦྱར་མ་བྱིན་པ་ནི་ཉེས་མེད་ཀྱི་བརྗེ་ན་ལྟུང་བར་སྟོན་པའོ། །རྒྱལ་མཚན་བརྗེ་བར་གཏོགས་པའོ།། །།སེར་སྣ་བྱེད་པའི་ལྟུང་བ་ལྔ་ཡོད་པ་ལ་དང་པོ་

གང་ཞེ་ན། བསྔགས་པ་ལ་འཇུར་གེགས་བྱེད་ནའོ་ཞེས་པ་ཡིན་ཏེ་དགེ་སློང་མ་གཞན་ལ་ཕ་རོལ་གཞན་གྱིས་བསྔགས་པའི་ཚེ་དེ་ལ་འགྲན་ཅིང་སྔོགས་སུ་མི་སྟེར་བའི་འཇུར་གེགས་བྱེད་ན་ལྟུང་བར་འགྱུར་བའོ། །ལྷག་མ་གཞན་ནི་ཁྱིམ་དང་གནས་དང་རྙེད་པ་དང་ཆོས་ལ་འཇུར་གེགས་བྱེད་པ་

ཡང་ངོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་བཞི་ལ་ཕྲག་དོག་དང་འཇུར་གེགས་བྱེད་ན་ཡང་ལྟུང་བར་འགྱུར་བའོ། །ཕྲག་དོག་བྱེད་པར་གཏོགས་པའོ།། །།འབྱིན་པའི་ལྟུང་བ་རྣམ་གཉིས་ལས་སྔ་མ་སྟོན་པ་ནི། དགེ་སློང་མའི་དབྱར་མོ་ཐང་ནས་འབྱིན་ནའོ་ཞེས་པ་དང་དགེ་སློང་མ་ཡིན་ན་ཇི་ལྟར་

ཡང་རུང་ཞེས་པ་ཡིན་ཏེ་དགེ་སློང་མ་ཡིན་ལ་དབྱར་མོ་ཐང་ནས་འབྱིན་ན་ཐབས་ཅིས་ཕྱུང་ཡང་རུང་སྟེ་ལྟུང་བར་འགྱུར་བའོ། །གཉིས་པ་ནི་ཁྱིམ་དུ་སྔར་འོངས་པ་ཡང་ངོ་ཞེས་པ་ཡིན་ཏེ་ཁྱིམ་པའི་ཁྱིམ་དུ་སྔར་ལྷགས་ཤིང་འཁོད་པ་རྣམས་གཙེས་ནས་ཕྱི་རོལ་ཏུ་བཏོན་ཅིང་ཕྱུང་ན་ཡང་ལྟུང་བར་

འགྱུར་བའོ། །འབྱིན་པར་གཏོགས་པའོ།། །།འཚེ་བའི་ལྟུང་བ་གང་ཞེ་ན། མཐོང་བ་ངན་པ་ལ་སོགས་པས་གླེངས་ནའོ་ཞེས་པ་ཡིན་ཏེ་མཐོང་བ་དང་ཐོས་པ་དང་དོགས་པ་རྣམས་གཏན་ལ་མ་བབ་པར་གྱ་ཚོམ་དུ་གླེངས་ན་ལྟུང་བར་འགྱུར་བའོ། །བསྐུལ་བ་ཡང་དེ་བཞིན་ནོ། །འཚེ་བར་

གཏོགས་པའོ།། །།རབ་ཏུ་འབྱུང་བའི་བསམ་པ་ལས་ལོག་པར་སྟོན་པའི་ལྟུང་བ་གང་ཞེ་ན། མནར་འདོར་བའོ་ཞེས་པ་ཡིན་ཏེ་མནར་འདོར་ན་ལྟུང་བའོ། །ལོག་པར་སྟོན་པར་གཏོགས་པའོ།། །།བཟེ་རེ་བྱེད་པའི་ལྟུང་བ་གང་ཞེ་ན། ཁྲོས་པས་བདག་ལ་རྡེག་ནའོ་ཞེས་པ་ཡིན་ནོ། བཟེ་རེའི་རྣམ་

เล่ม ๑๖๔ · หน้า 158a

པའོ།། །།བླ་མ་ལ་སྡོལ་བར་གཏོགས་པའི་ལྟུང་བ་གསུམ་ཡོད་པ་ལ་དང་པོ་གང་ཞེ་ན། དགེ་སློང་མའི་ཚོགས་ལ་འཕྱ་བའོ་ཞེས་པ་ཡིན་ཏེ་དགེ་སློང་མའི་དགེ་འདུན་ལ་གཡོ་སྒྱུ་དང་གཅམ་གསག་གིས་འཚོའོ་ཞེ་འམ་མི་མཁས་མི་གསལ་ཏེ་ལྟུང་བ་དང་མི་ལྟུང་བའང་མི་ཤེས་སོ་

ཞེའམ་འདི་དག་ལ་བྱིན་ཞིང་བསྟི་སྟང་བྱས་ཏེའང་ཇི་རུང་ཞེས་པ་ལ་སོགས་པས་དཔྱས་བྱེད་ན་ལྟུང་བར་འགྱུར་བའོ། །གཉིས་པ་གང་ཞེ་ན། གཤེ་ན་ཡང་ངོ་ཞེས་པ་ཡིན་ཏེ་འཚོ་བའི་ཕྱིར་བྲེགས་སོ་ཞེའམ་མུ་གེའི་ཕྱིར་བྲེགས་སོ་ཞེའམ་སྡིག་པའི་ལག་ཅན་ཞེའམ་གདོལ་པ་ཞེའམ་གཡོ་ཅན་ཞེས་པ་ལ་

སོགས་པས་གཤེ་ན་ཡང་ལྟུང་བའོ། །གསུམ་པ་གང་ཞེ་ན། འཁོར་གྱི་ཐུ་བོ་ལ་ཆུས་གཏོར་ནའོ་ཞེས་པ་ཡིན་ཏེ་དགེ་སློང་ལ་ཆུས་གཏོར་ན་ལྟུང་བའོ། །བརྒྱལ་བ་ལ་ཉེས་མེད་ཅེས་པ་ནི་འདི་ལྟ་བུའི་ཚེ་ནི་ཆུས་གཏོར་ཀྱང་བླ་བའོ། །དགེ་སློང་ལ་མཆིལ་མས་མི་གདབ་ཅེས་པ་ནས། འདུག་

པའི་འོག་ཏུ་ཞུ་བར་བྱ་ཞེས་པའི་བར་དུ་སྨོས་པ་རྣམས་ནི་ཕྲན་ཚེགས་ལས་འབྱུང་བ་སྟེ་ཉེས་བྱས་སུ་སྟོན་པའོ། །འདི་རབ་ཏུ་བྱུང་བ་ལ་མི་སྤྱོ་ཞེས་པ་ནི་ཤཱཀྱའི་དགེ་སྦྱོང་རྣམས་ལ་མ་གཤེ་ཤིག་པའོ། །གཉིས་ཀྱང་དེ་བཞིན་ཞེས་པ་ནི་འདི་རབ་ཏུ་བྱུང་བ་རྣམས་ལ་འཕྱ་བ་དང་གཤེ་བ་གཉི་ག་མ་བྱེད་

ཅིག་པའོ། །དགེ་སྦྱོང་གི་མདུན་དུ་སྤྱོད་ཡུལ་མི་སྤྱད་ཅེས་པ་ནི་སྦོམ་མོ་དགའ་ལྡན་ལྟ་བུར་འཕགས་པ་འོད་སྲུངས་བསོད་སྙོམས་ལ་འགྲོ་བའི་མདུན་སྤྱོད་པ་ལྟ་བུ་མ་བྱེད་ཅིག་པའོ། །ཟམ་མི་བརྟན་པ་ལ་དགེ་སློང་དང་ལྷན་ཅིག་ཏུ་མི་འགྲོ་ཞེས་པ་ནི་སྦོམ་མོ་དགའ་ལྡན་གྱིས་འཕགས་པ་འོད་

སྲུངས་ཆུར་བོར་བ་ལྟ་བུར་ཕམ་པ་མི་བརྟན་པ་ལ་སྒྲེང་ཞིང་མ་འདོང་ཤིག་པའོ། །དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་འཕགས་ཅེས་པ་དང་འདུག་ནས་འདི་དག་འགྲེང་བ་ལ་འདུག་ཅེས་བསྒོ་ཞེས་པ་དང་འདུག་པའི་འོག་ཏུ་མ་བྱས་ན་ཞུ་བར་བྱ་ཞེས་པ་ནི་དགེ་སློང་ཕ་ལ་དགེ་སློང་མས་ཕུ་དུད་

བྱ་བ་དང་དགེ་སློང་ཕས་དགེ་སློང་མ་ལ་མདོང་སོལ་བྱ་བའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །བླ་མར་གྱུར་པ་ལ་སྡོལ་བར་གཏོགས་པའོ།། །།འཁྲུག་པ་ལ་གཡེལ་བའི་ལྟུང་བ་གང་ཞེ་ན། ནུས་པ་ཙམ་གྱི་ཚོད་ལ་དགེ་སློང་མའི་འཐབ་མོ་ཞི་བར་མ་བྱས་ནའོ་ཞེས་པ་ཡིན་ཏེ་དགེ་

เล่ม ๑๖๔ · หน้า 158b

སློང་མ་རྩོད་ཅིང་འཐབ་པ་བདག་གིས་ཞི་བར་ནུས་ལ་མ་གཅུགས་ཤིང་ཞི་བར་མ་བྱས་ན་ལྟུང་བར་འགྱུར་བའོ། །འཁྲུགས་པ་ལ་གཡེལ་བའོ།། །།གྲོས་ལ་བཞད་གད་དུ་བྱེད་པའི་ལྟུང་བ་གང་ཞེ་ན། དད་པའི་སྨན་མ་འབུལ་ནའོ་ཞེས་པ་ཡིན་ཏེ་སྦོམ་མོ་དགའ་ལྡན་ལྟ་བུ་སྔ་དེ་ཉིན་བར་གྱི་དད་པ་

དེར་ཟད་དོ་ཞེས་ཟེར་ཞིང་དད་པའི་སྨན་མི་འབུལ་བར་བྱེད་ན་ལྟུང་བར་འགྱུར་བའོ། །གྲོས་ལ་བཞད་གད་བྱེད་པའོ། །ལྕི་བའི་ཆོས་ཉམས་པའི་ལྟུང་བ་གསུམ་སྟོན་པའི་ཟླ་ལ་དེ་དང་འདྲ་བའི་ལྟུང་བ་གཅིག་ཀྱང་སྟོན་ཏེ་དེ་ལ་ལྕི་བའི་ཆོས་ཉམས་པའི་ལྟུང་བ་དང་པོ་གང་ཞེ་ན། ཟླ་བ་ཕྱེད་ཕྱེད་ཅིང་

དགེ་སློང་ཕ་ལས་ལུང་དང་རྗེས་སུ་བསྟན་པ་མྱོང་བར་མི་བྱེད་ནའོ་ཞེས་པ་ཡིན་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ཕ་ལས་བསམ་གཏན་གྱི་ལུང་དང་བྱ་བ་དང་མི་བྱ་བ་ལ་སོགས་པའི་གདམས་པ་མི་མཉན་ན་ལྟུང་བར་འགྱུར་བའོ། །དགེ་སློང་ཕ་མེད་པར་གསོ་སྦྱིན་བྱེད་ནའོ་ཞེས་པ་འདི་ནི་དེ་དང་འདྲ་བ་ཟླ་ལ་

བསྟན་པ་ཡིན་ཏེ་དགེ་སློང་ཕ་ལས་གོས་སྦྱིན་གྱི་དད་པ་མ་མནོས་པར་གསོ་སྦྱིན་བྱེད་ན་དགེ་སློང་ཕ་མེད་པར་གསོ་སྦྱིན་བྱེད་ཅེས་བྱ་བ་ཡིན་ཏེ་ལྟུང་བར་འགྱུར་བའོ། །གཉིས་པ་གང་ཞེ་ན། དགེ་སློང་ཕ་མེད་པའི་གནས་སུ་དབྱར་ཚུལ་དུ་འཇུག་ནའོ་ཞེས་པ་ཡིན་ཏེ་དགེ་སློང་ཐམས་ཅད་མེད་

པའང་ཡོད་དུ་ཟིན་ཀྱང་གསོ་སྦྱིན་དང་གསོལ་བ་ལ་སོགས་པའི་ལས་མི་བྱེད་པར་ཚུལ་དུ་ཞུགས་ན་ལྟུང་བར་འགྱུར་བའོ། །གསུམ་པ་གང་ཞེ་ན། དབྱར་ལོན་པ་དགེ་འདུན་གཉིས་ལས་གནས་གསུམ་གྱིས་མི་འབྱུང་ནའོ་ཞེས་པ་ཡིན་ཏེ་ཚུལ་ནས་འབྱུང་ཀར་མཐོང་བ་དང་དོགས་པའི་

གནས་གསུམ་བདག་གི་སྐབས་ཕྱེས་དགེ་འདུན་སྡེ་གཉིས་ཀྱིས་གླེང་དུ་གསོལ་ཞེས་སྐབས་མ་ཕྱེ་ན་ལྟུང་བར་འགྱུར་བའོ། །ལྕི་བའི་ཆོས་ལས་འདའ་བར་གཏོགས་པའོ།། །།ཕ་རོལ་ཕུང་བར་བྱེད་པའི་ལྟུང་བ་གསུམ་ཡོད་པའི་དང་པོ་གང་ཞེ་ན། དབུལ་པོ་གཏན་པ་སྦྱོར་དུ་བཅུག་ནའོ་

ཞེས་པ་ཡིན་ཏེ་དགེ་འདུན་གྱི་གཏན་པའི་ཆོས་གོས་མི་དབུལ་ཞིང་གཞི་ངན་པ་སྦྱོར་དུ་བཅུག་ན་ལྟུང་བར་འགྱུར་བའོ། །གཉིས་པ་གང་ཞེ་ན། བག་ཡངས་པའི་ཕྱིར་གཏན་པ་དབྱུང་ཞིང་འདུ་བ་མི་སྟེར་ནའོ་ཞེས་པ་ཡིན་ཏེ། དགེ་སློང་མ་ཆོམ་རྐུན་གྱིས་ཐེབས་པ་གོས་མེད་པ་ལྟ་

เล่ม ๑๖๔ · หน้า 159a

བུ་ལ་སོགས་པའི་ཕྱིར་གཏན་པ་དབྱུང་བའི་ལས་བྱེད་པའི་ཚེ་འདུར་མི་བཏུབ་པའི་དད་པ་མི་སྟེར་ན་ལྟུང་བར་འགྱུར་བའོ། །གསུམ་པ་གང་ཞེ་ན། གོས་འགོད་པའི་ཕྱིར་ཡང་ངོ་ཞེས་པ་ཡིན་ཏེ་དགེ་འདུན་གྱི་གོས་འགོད་པའི་ཚེ་ཡང་འདུར་མི་བཏུབ་པ་འམ་དད་པ་མི་

སྟེར་ན་ལྟུང་བར་འགྱུར་བའོ། །འདི་ནི་དཔེར་ཟད་ཀྱི་གཞན་ཡང་རྙེད་པ་འགོད་པའོ་ཅོག་ནའང་འདི་ལྟར་བྱེད་ན་ལྟུང་བར་འགྱུར་བའོ། །དེ་ལེན་མི་འདོད་ན་བྱས་པ་མ་ཡིན་ཞེས་པ་ནི་གོས་ལ་སོགས་པའི་བགོ་སྐལ་མི་འདོད་ན་ནི་གོང་མ་ལྟ་བུའི་ལྟུང་བར་ཡང་མི་འགྱུར་བའོ། །ཕ་རོལ་

ཕུང་བར་བྱེད་པར་གཏོགས་པའོ། །དབྱར་མོ་ཐང་མི་ཕྱུག་པར་བྱེད་པའི་ལྟུང་བ་གང་ཞེ་ན། དབྱར་མོ་ཐང་མ་གཏད་པར་སོང་ནའོ་ཞེས་པ་ཡིན་ཏེ་བདག་དབྱར་མོ་ཐང་དེའི་གཞི་ལ་མི་འདུག་པར་གུད་དུ་འགྲོ་བའི་ཚེ་གནས་ཁང་དང་དེའི་ཡོ་བྱད་རྣམས་དགེ་སློང་མ་མེད་ན་ཡང་དགེ་ཚུལ་ཡན་

ཆད་ལ་མ་གཏད་པར་ཐལ་བྱུང་དུ་ལངས་ཏེ་སོང་ན་ལྟུང་བར་འགྱུར་བའོ། །ཇི་ཙམ་དུ་སོང་བས་ཤེ་ན། ཉེ་སྤྱོད་བཏང་ནའོ་ཞེས་པ་ཡིན་ཏེ་དབྱར་མོ་ཐང་གི་གོ་རེ་ལོང་གི་གནས་བཏང་སྟེ་སོང་ན་ལྟུང་བར་འགྱུར་བའོ། །དབྱར་མོ་ཐང་གླར་མི་སྦྱིན་ཞེས་པ་ནི་དབྱར་མོ་ཐང་གི་ཁྱིམ་པ་

ལ་གླར་མ་གཏོད་ཤིག་པ་སྟེ། འདི་དང་འོག་ནས་འབྱུང་བ་རྣམས་ནི་ཕྲན་ཚེགས་ལས་འབྱུང་བར་སྟོན་པའོ། །ཁྱིམ་གྱི་དངོས་པོ་དང་ཚོང་ཁང་གི་དངོས་པོ་ཡང་མ་ཡིན་ཞེས་པ་ནི་གཙུག་ལག་ཁང་འཁོར་གྱི་ཁྱིམ་དང་གཙུག་ལག་ཁང་གི་གཙང་ཁང་གླར་བཏང་ཡང་ཉེས་བྱས་སུ་སྟོན་པའོ། །དབྱར་

མོ་ཐང་མི་ཕྱུག་པར་བྱེད་པར་གཏོགས་པའོ།། །།རྒྱུ་བ་དང་མི་རྒྱུ་བར་གཏོགས་པའི་ལྟུང་བ་བཞི་ཡོད་པ་ལ་དང་པོ་གང་ཞེ་ན། དབྱར་ནི་ཁོངས་སུ་ལྗོངས་རྒྱུ་བ་སྤྱོད་ནའོ་ཞེས་པ་ཡིན་ཏེ་དབྱར་ཚུལ་དུ་ཞུགས་པའི་ཚེ་དོན་གྱི་ཕྱིར་ཞག་བདུན་བྱིན་གྱིས་བརླབས་པ་ལྟ་བུ་མ་གཏོགས་པ་ཡུལ་རྒྱུ་ཞིང་

གུད་དུ་སོང་ན་ལྟུང་བར་འགྱུར་རོ། །བར་ཆད་ཉེ་བར་འོངས་པ་ནི་ཉེས་མེད་ཅེས་པ་ནི་བར་ཆད་བརྒྱད་ལས་གང་ཡང་རུང་བའི་རྐྱེན་གྱིས་ཐེབས་ཏེ་སོང་བ་ནི་ཉེས་མེད་པར་སྟོན། གཉིས་པ་ནི་དབྱར་ལོན་ནས་དེ་མི་སྤྱོད་ནའོ་ཞེས་པ་ཡིན་ཏེ་དབྱར་ཚུལ་ན་གནས་པའི་ཟླ་བ་གྲངས་ཚང་ནས་གུད་དུ་མི་འགྲོ་

เล่ม ๑๖๔ · หน้า 159b

བར་གཞི་ལ་འདུག་ན་ལྟུང་བར་འགྱུར་བའོ། །འདིའང་རྐྱེན་དང་ནི་སྦྱོར་རོ། །གསུམ་པ་གང་ཞེ་ན། རྒྱལ་པོའི་ཕོ་བྲང་འཁོར་གྱིས་དོགས་སྤྱོད་ནའོ་ཞེས་པ་ཡིན་ཏེ་རྒྱལ་པོ་གཞན་གྱི་འཁོར་དང་དཔུང་གིས་འཇིགས་བཞིན་དུ་ཐུག་ཐུབ་དུ་བྱས་ཏེ་སོང་ན་ལྟུང་བའོ་ཞེས་པ་ནི་འདུམ་བའི་ཚེ་ཡང་ངོ་ཞེས་པ་ནི་

རྒྱལ་པོ་གཉིས་པ་དུམ་བྱས་ནས་ཕན་ཚུན་གྱི་མི་ཡུལ་འཁོར་དུ་འདུལ་ཞིང་འོངས་ན་སོད་ཅིག་ཅེས་ནང་ཁྲིམས་སུ་བཅས་པ་ཡོད་བཞིན་དུ་དེར་སོང་ནའང་ལྟུང་བའོ། །རྒྱུ་བ་དང་མི་རྒྱུ་བར་གཏོགས་པའོ།། །།སྨྲ་བར་གཏོགས་པའི་ལྟུང་བ་གཉིས་ཡོད་པ་ལ་དང་པོ་གང་ཞེ་ན། ལྷ་ཁང་ལ་

སོགས་པ་དང་མུ་སྟེགས་པའི་གནས་སུ་སོང་ནས་འགྱེད་པར་བྱེད་ནའོ་ཞེས་པ་ཡིན་ཏེ་མུ་སྟེགས་པའི་ལྷ་ཁང་དང་རྒྱལ་པོའི་ཕོ་བྲང་དང་མུ་སྟེགས་པའི་གནས་སུ་སོང་ལ་འགྱེད་པ་ལྟ་བུའི་རྩོད་པ་ཆེན་པོ་བྱེད་ན་ལྟུང་བར་འགྱུར་བའོ། །གཉིས་པ་ནི་དྲི་བའི་སྐབས་མ་ཕྱེ་བར་འདྲི་ནའོ་ཞེས་པ་ཡིན་ཏེ་

འདྲི་བའི་ཐབས་འོག་ནས་འབྱུང་བ་ལྟ་བུ་མ་བྱས་པར་འདྲི་ན་ལྟུང་བར་འགྱུར་བའོ། །འདྲི་བའི་ཐབས་ཇི་ལྟར་བྱ་ཞེ་ན། སྟན་བཏིང་ལ་ཀུན་དགའ་བར་བྱས་ནས་གཞུང་ལ་བརྩོན་བ་དྲི་སྟེ་སྐབས་གསོལ་ཞེས་པ་ཡིན་ཏེ་སྟེན་ལ་བཞག་ཅིང་གསོལ་བ་ལ་སོགས་པའི་ཚུལ་ཇེ་བྱས་ནས་སྡེ་སྣོད་

གསུམ་གྱི་གཞུང་གང་ལ་བརྩོན་པ་དྲིས་ལ་དེའི་འོག་ཏུ་བདག་ཇི་འདོད་པ་དྲི་བའི་སྐབས་གསོལ་ཅིག་པའོ། །སྨྲ་བར་གཏོགས་པའོ།། །།བཤང་གཅིར་གཏོགས་པའི་ལྟུང་པ་གསུམ་ཡོད་པ་ལ་དང་པོ་གང་ཞེ་ན། ཕྱི་རོལ་གྱི་རས་གཅིག་པུ་འགྲོ་བའོ་ཞེས་པ་ཡིན་ཏེ་འདི་ནི་དབྱར་མོ་

ཐང་གི་ཕྱི་རའི་ཕྱི་རོལ་དུ་འདུག་ལ་གཅིག་པུ་གྲོགས་མེད་པར་སོང་ན་ལྟུང་བའོ། །གཉིས་པ་ནི་སྔོན་པོ་ལ་བཤང་གཅི་འདོར་ནའོ་ཞེས་པ་ཡིན་ནོ། །ནད་པ་ནི་ཉེས་མེད་ཅེས་པ་དང་ཐམས་ཅད་སྔོན་པོས་ཁེབས་ན་ཡང་ངོ་ཞེས་པ་ནི་ནད་པ་ལྟ་བུ་དང་ཐམས་ཅད་སྔོན་པོས་ཁེབས་ན་སྔོན་པོའི་

སྟེང་དུ་བཤང་གཅི་བྱས་ཀྱང་བླ་བར་སྟོན་པའོ། །གསུམ་པ་གང་ཞེ་ན། ཕྱི་རའི་བྱང་སྟད་མ་བརྟགས་ནའོ་ཞེས་པ་ཡིན་ཏེ་བཤང་གཅི་འདོར་བའི་བྱང་སྟད་དུ་མ་བལྟས་པར་བཤང་གཅི་བྱས་ན་ལྟུང་བའོ། །ཕྱི་ར་པུ་ཤུས་བསྐོར་བ་ནི་ཉེས་མེད་ཅེས་པ་ནི་ཕྱི་རོལ་གྱི་བྱང་སྟད་དུ་བལྟར་

เล่ม ๑๖๔ · หน้า 160a

པུ་ཤུས་བསྐོར་བ་ཞིག་ན་མ་བལྟས་ཀྱང་བླ་བར་སྟོན་པའོ། །མི་གཙང་བར་རྡོ་མི་འཕང་ཞེས་པ་ནི་འཕགས་པ་འོད་སྲུངས་ལ་སྦོམ་མོ་དགའ་ལྡན་མས་ཆལ་པས་གཏོར་བ་ལྟ་བུར་མི་གཙང་བའི་ནང་དུ་རྡོ་འཕེན་ཅིང་གཞན་ལ་ཆལ་པ་འཐོར་བས་འཚེ་བ་མ་བྱེད་ཅིག་པའོ། །བཤང་

གཅིར་གཏོགས་པའོ། །ལྟུང་བ་ཉི་ཚེ་རྫོགས་སོ།། །།སོ་སོར་བཤགས་པ་བཅུ་གཅིག་ལ་འོ་མའི་བཤགས་པ་གང་ཞེ་ན། གཞན་གྱི་ཁྱིམ་ནས་བདག་གི་ཕྱིར་འོ་མ་བླངས་ཏེ་འཐུངས་ནའོ་ཞེས་པ་ཡིན་ཏེ་བདག་གི་ཕྱིར་འོ་མ་བསླངས་ཏེ་འཐུངས་ན་ཉེས་མེད་པར་འགྱུར་བའོ། །རྟག་པར་ཡང་དེ་

ལྟའམ་ཞེ་ན། ནད་པ་མ་ཡིན་པས་ནའོ་ཞེས་པ་ཡིན་ཏེ་ནད་པ་མ་ཡིན་བས་བསླངས་ན་གདོད་ཉེས་པར་འགྱུར་བའོ། །སློང་བ་ནི་ཉེས་བྱས་ཞེས་པ་ནི་དང་པོ་སློང་བའི་ཚེ་ཉེས་བྱས་སུ་སྟོན་པའོ། །སོ་སོར་བཤགས་པ་དགུ་ཅིག་ཅར་དུ་སྟོན་པ་ནི། ཞོ་མར་སར་འབྲུ་མར་སྦྲང་རྩི་བུ་རམ་ཤ་ཉ་ཤ་སྐམ་

རྣམས་ཀྱང་ངོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དགུ་ཟོས་ན་ལྟུང་བ་རེ་རེར་སྟོན་པའོ། །གཞན་བསླང་ལ་གཞན་རྙེད་པ་ནི་མི་འབྲི་ཞེས་པ་ནི་གོང་དུ་སྨོས་པའི་བསོད་པ་བཅུ་བསླངས་པ་དང་རྙེད་པ་ཐ་དད་དུ་ཟིན་གྱིས་ཀྱང་ལྟུང་བ་འདྲ་བར་སྟོན་པའོ། །ངན་པ་ཡང་ངོ་ཞེས་པ་ནི་བསོད་པ་བསླངས་ལ་ངན་པ་

རྙེད་ན་ཡང་མི་འབྲི་བར་སྟོན་པའོ། །དེར་གཏོགས་པ་རྙེད་ན་ཡང་ངོ་ཞེས་པ་ནི་ངན་པ་བསླངས་ལ་བཟང་པོ་རྙེད་ན་ཡང་མི་འབྲི་བར་སྟོན་པའོ། །འདི་གཉིས་སློང་བའི་ཚེ་ཅིར་འགྱུར་ཞེ་ན། དེ་ནི་ཉེས་བྱས་ཞེས་པ་ཡིན་ནོ། །སྦྱིན་བར་གཉེན་མ་ཡིན་ལ་ཁྱིམ་པ་ཡིན་བ་དང་ཅི་བདེར་གཉེན་མ་ཡིན་

ཞེས་པ་ལ་སོགས་པ་གཞན་ནི་བསོད་པའི་ལྟུང་བ་གོང་དུ་སྨོས་པ་ལས་འབྱུང་བ་བཞིན་དུ་རིག་པར་གྱིས་ཤིག་པའོ། །བཅུ་གཅིག་པ་གང་ཞེ་ན། སེང་གེའི་ཞེས་པ་ཡིན་ཏེ་ཁྱིམ་བདག་སེང་གེའི་སྡེ་དཔོན་ལས་སྡོམ་པ་བཅས་པའི་ལྟུང་བ་བཞི་རིག་པར་གྱིས་ཤིག་པའོ། །སོ་སོར་བཤགས་

པའོ།། །།ད་ནི་མང་པོ་བསླབ་པ་རྣམས་ལས་ཐུན་མོང་བ་མ་ཡིན་པའི་བསླབ་པ་སྟོན་པ་ནི། ཤམ་ཐབས་སྟ་ཟུར་གྱི་ཐད་ཀར་མི་བགོ་ཞེས་པ་དང་། ཆགས་པ་ཁྱིམ་པའི་དེར་མི་འགྲོ་ཞེས་པ་ཡིན་ཏེ་ཤམ་ཐབས་ཀྱི་ཁྱེད་མ་མ་འདའ་མ་ཤིག་པ་དང་སུ་ལ་ཆགས་པའི་ཁྱིམ་དུ་མ་འགྲོ་ཤིག་བའོ། །

เล่ม ๑๖๔ · หน้า 160b

དགེ་སློང་ཕའི་འོ་ཞེས་པ་ནི་ཁྱིམ་པའི་སྟན་ལ་ལུས་ཀྱི་ལྗིད་ཀྱིས་མི་འདུག་ཅེས་པ་དང་རྩྭ་སྔོན་པོའི་ཕྱོགས་སུ་བཤང་གཅི་མི་བྱ་ཞེས་པ་གཉིས་མ་གཏོགས་པའི་ལྷག་མ་གཞན་ཐམས་ཅད་ཐུན་མོང་དུ་རིག་པར་གྱིས་ཤིག་པའོ། །བསླབ་པ་རྣམས་སོ། །དགེ་སློང་མའི་རྣམ་པར་འབྱེད་པའི་མདོ་

རྫོགས་སོ།། །།ཞུས་པ་ལས་ལྟུང་བ་སོ་སོར་ངེས་པའི་མཚན་ཉིད་དང་ལྟུང་བ་ཀུན་ཏུ་འགྲོ་བ་སྤྱིའི་མཚན་ཉིད་དོ་ཞེས་འབྱུང་བ་ན་སོ་སོའི་ངེས་པའི་ལྟུང་བ་ནི་ཕས་ཕམ་པ་ལ་སོགས་པ་གོང་དུ་རྣམ་པར་ཕྱེ་སྟེ་བསྟན་པ་རྣམས་སོ། །ཐམས་ཅད་འགྲོ་བ་སྤྱིའི་མཚན་ཉིད་ནི་ཕལ་ཆེར་རྣམ་པར་

འབྱེད་པ་ལས་འབྱུང་བ་རྒྱས་པར་སྨྲ་བ་འདིར་བསྡུས་ཏེ་སྟོན་པ་ཡིན་ནོ། །དེ་ལ་ཞིག་པ་དང་མ་སྐྱེས་པ་ཉེས་པ་དང་ལྡན་པ་ནི་ཉེས་བྱས་སོ་ཞེས་པ་ནི་དགེ་སློང་གི་ངོ་བོ་ཞིག་ཅིང་སླར་བཅོས་སུ་མེད་དེ་ཚེ་འདི་ལ་ཕལ་ཆེར་འཕགས་པའི་ལམ་མི་སྐྱེ་ཞིང་རྣམ་པར་གྲོལ་བ་ལས་འབྱུང་སྟེ་ཉོན་མོངས་པའི་

ཕྱོགས་རྒྱལ་བས་ན་ཕས་ཕམ་བ་ཞེས་བྱ་སྟེ་ཞིག་པ་དང་རྐྱེན་གྱིས་བསྐལ་པས་ན་དགེ་ཚུལ་དང་དགེ་སློང་གི་ངོ་བོ་མ་སྐྱེས་པ་གཉིས་ཀྱིས་ཕས་ཕམ་པ་ལ་སོགས་པ་ཉེས་པ་དང་ལྡན་བར་གྱུར་པ་ནི་ཉེས་བྱས་སུ་གཞག་གོ། ཅིའི་ཕྱིར་དེ་ལྟ་ཞེ་ན། ཞིག་ཀྱང་བསྙེན་པར་རྫོགས་པ་ཡིན་བས་ཉེས་པ་

རྣམས་དགེ་སློང་གཞན་དང་འདྲ་བར་འགྱུར་བའི་རིགས་པ་ཉམས་པའི་ཕྱི་རངས་པ་མ་ཡིན་བར་དགར་བ་དང་སྡོམ་པ་དང་པོ་ནས་མ་སྐྱེས་པ་ལ་གོ་ཉེས་བྱས་དང་ལྡན་བ་བསྒྲུབ་ཏུའང་མི་རུང་བ་འདྲ་མོད་ཀྱི་རབ་ཏུ་བྱུང་བར་ཁས་བླངས་ཤིང་ཁྱིམ་པའི་མཚན་མ་བཏང་བས་ན་སྡོམ་པ་ཡོད་པ་ཡང་མ་ཡིན་སྡོམ་པ་མེད་

པ་ཡང་མ་ཡིན་བའི་ཕྱིར་ཉེས་བྱས་སུ་གཟུགས་པ་རྣམ་གཉིས་ཀྱིས་བསྒྲུབ་བོ། །མ་སྐྱེས་པས་ཉེས་པ་ཡང་ཉེས་བྱས་སུ་བསྒྲུབས་ན་ཁྱིམ་པ་ལྟ་བུ་སྡོམ་པ་ཐོག་མ་ནས་སྐྱེས་པས་ཉེས་པ་ཡང་ཉེས་བྱས་སུ་ཅིའི་ཕྱིར་མི་སྒྲུབ་ཅེ་ན། ཁྱིམ་པས་རབ་ཏུ་འབྱུང་བར་ཁས་བླངས་པའི་ཕྱིར་རོ། །འོ་ན་

མཚན་ཉིད་ཀྱིས་བླངས་ཏེ་རབ་ཏུ་འབྱུང་བ་ཁས་བླངས་པའི་ཉེས་པ་ཡང་ཉེས་སུ་འགྱུར་བའི་རིགས་སོ་ཞེས་པའི་ལན་དུ་ད་ནི་བདག་བསྙེན་པར་རྫོགས་པའམ་རབ་ཏུ་བྱུང་བ་ཉིད་ཡིན་ནོ་བར་ཁས་མི་འཆེ་བའི་རིགས་སོ། །དེ་སྟེ་ཁས་འཆེ་ན་ཡང་སྡོམ་པ་ཡོད་པར་ཡང་མི་རུང་སྡོམ་པ་མེད་པར་ཡང་མི་རུང་

เล่ม ๑๖๔ · หน้า 161a

བར་དུ་འབྱུང་བ་མ་ཡིན་གྱི། བསོད་ནམས་མ་ཡིན་པ་ཕལ་ཆེར་འཕེལ་ལོ་ཞེས་བྱ་བའི་ནང་དུ་གཏོགས་པའི་ཕྱིར་རོ། །ཞིག་པ་དང་མ་སྐྱེས་པས་ཉེས་པ་ཉེས་བྱས་སུ་གདགས་པ་ནི་གཞུང་ལས་ཀྱང་རྐུན་བུར་གནས་པ་དང་ཐོག་ནས་བསྐྲད་པ་དང་། མ་ནིང་དང་དགེ་སློང་མ་

བསླུས་པ་རྣམས་ཀྱིས་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ་། །བསྙེན་པར་མ་རྫོགས་པའི་རབ་ཏུ་བྱུང་བས་མནོས་པ་ལ་འདས་པ་ཡང་ངོ་ཞེས་པ་བསྙེན་པར་མ་རྫོགས་པའི་རབ་ཏུ་བྱུང་བ་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མ་ཉིད་ཀྱིས་བསླབ་པ་ལས་འདས་པ་ཡང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །

ཉིད་ཀྱིས་མནོས་པ་ལས་འདས་པ་ནི་དེ་ལྟར་ཡིན་ན་དེའི་ཕྱོགས་སུ་གཏོགས་པ་ལས་འདས་པ་ཅིར་འགྱུར་ཞེ་ན། དེའི་ཕྱོགས་ནི་ཡིད་ཀྱིའོ་ཞེས་པ་ཡིན་ཏེ་དེ་དག་གི་སྲོག་གཅོད་པ་ལ་སོགས་པ་དངོས་སུ་མནོས་པ་ནི་མ་ཡིན་གྱི་དེ་འདྲ་བའི་ཕྱོགས་སུ་གཏོགས་པ་རྣམས་ལས་འདས་པ་ནི་ཡིད་ཀྱིས་མི་བྱ་བར་དམ་

བཅས་པ་ལས་སློན་བའི་ཉེས་བྱས་སུ་སྟོན་པའོ། །དེ་ལ་དེའི་ཕྱོགས་དང་ཕྱོགས་མ་ཡིན་པ་གང་ཞེ་ན། འཆང་བ་འབྲེལ་བ་མེ་ལ་རེག་པ་དང་། །བཏང་ནས་ཟ་དང་ས་བོན་འཇོམས་པ་དང་། །སྔོན་པོའི་ཕྱོགས་སུ་མི་གཙང་འདོར་བ་དང་། །ཤིང་ལ་འཛེག་པ་རྣམས་ནི་དགེ་སློབ་མའི། །དགེ་ཚུལ་

གཉིས་ཀྱང་རིན་ཆེན་རེག་པ་དང་། །བཞག་པ་ཟོས་དང་བྱིན་ལེན་མ་བྱས་པ། །ས་དང་སྐྱེ་བ་ཉམས་པར་བྱེད་པ་དང་། །མདོར་གཏོགས་མནོས་པ་དག་རྣམས་མ་གཏོགས་པའོ། །དབྱར་ཚེ་ལྷན་ཅིག་གནས་པ་དང་། །གསོ་སྦྱིན་འབྱུང་བ་ཅིག་ཅར་བ། །འདི་དག་ལ་སོགས་དེ་ཡིས་གནོས་

པའི་ཕྱོགས། །མཚན་མ་དང་ནི་སློང་བ་དང་། །སྣོད་དང་སྤྱོད་དང་འཕྱོ་བ་དང་། །འདོད་དང་གནོད་དང་གནས་པ་དང་། །མི་གུས་མི་སྦྱོང་རྣམས་ཀྱི་དངོས། །ཞེས་འབྱུང་བ་རྣམས་ཡིན་ནོ། །དེ་ལ་བསྡུས་པའི་ཚིགས་བཅད་དེ་འགྲེལ་ཏེ་བཅང་ཞེས་པ་ནི་ལྷག་པའི་གོས་དང་ལྷུང་བཟེད་བཅང་

བའོ། །འབྲེལ་ཞེས་པ་ནི་ཆོས་གོས་སོ། །མེ་ལ་རེག་ཅེས་པ་ནི་དངོས་བཏང་ནས་ཟ་ཞེས་པ་ནི་མི་བཟའ་བར་ཆད་དེ་བཏང་བ་ལས་ཡང་སླར་ཟ་ནའོ། །ས་བོན་འཇོམས་ཞེས་པ་ནི་རུང་བའི་ཆོ་ག་མ་བྱས་པའི་ས་བོན་དང་ཤིང་ཐོག་ལ་སོགས་འཇོམས་པའོ། །སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་

เล่ม ๑๖๔ · หน้า 161b

ཞེས་པ་ནི་དངོས་སོ། །ཤིང་ལ་འཛེག་ཅེས་པ་ནི་མི་གང་ལས་ལྷག་པ་འཛེག་པའོ། །དགེ་སློབ་མའི་ཞེས་པ་ནི་གོང་དུ་སྨོས་པ་དེ་དག་དགེ་སློབ་མའི་བསླབ་པ་མ་ཡིན་བར་སྟོན་པའོ། །དགེ་ཚུལ་གཉིས་ཀྱང་ཞེས་པ་ནི་གོང་དུ་སྨོས་པ་དེ་དག་དགེ་ཚུལ་གཉིས་ཀྱི་བསླབ་པ་ལ་ཡང་མ་གཏོགས་

པའོ། །དེ་གཉིས་ཀྱི་བསླབ་པ་ལ་མ་གཏོགས་པ་དེར་ཡང་མ་ཟད་པ་ནི་རིན་ཆེན་རེག་ཅེས་པ་ལ་སོགས་པ་ཡིན་ནོ། །བཞག་པ་ཟ་ཞེས་པ་ནི་བཞག་པའི་ཟས་སུ་གྱུར་པ་ལ་བྱའོ། །བྱིན་ལེན་མ་བྱས་ཞེས་པ་ནི་བྱིན་ལེན་མ་བྱས་པར་ཟའོ། །ས་ཞེས་པ་ནི་ས་བརྐོ་བའོ། །སྐྱེ་བ་ཉམས་པར་བྱེད་

ཅེས་པ་ནི་ཤིང་ལ་སོགས་པ་གཅོད་པའོ། །མདོར་གཏོགས་པ་མནོས་པ་ཞེས་པ་ནི་དགེ་སློང་དང་དགེ་སློང་མའི་སོ་སོར་ཐར་པའི་མདོར་གཏོགས་པ་སྲོག་མི་གཅོད་པ་ལ་སོགས་པ་དེ་དག་གིས་མནོས་པའོ། །མ་གཏོགས་ཞེས་པ་ནི་འཆང་བ་ནས་མནོས་ཞེས་པ་འདི་ཡན་ཆད་ཀྱི་བར་དུ་སྨོས་པ་

རྣམས་དགེ་སློབ་མ་དང་དགེ་ཚུལ་གཉིས་ཀྱི་བསླབ་པའི་ཕྱོགས་ལ་མ་གཏོགས་པར་སྟོན་པའོ། །དབྱར་ཚེ་ལྷན་ཅིག་ནས་ཞེས་པ་ནི་དབྱར་ཟླ་བ་གསུམ་གནས་གཅིག་ན་ལྷན་ཅིག་ཏུ་འཁོད་ནའོ། །གསོ་སྦྱིན་དང་འབྱུང་བ་ཅིག་ཅར་ཞེས་པ་ནི་གསོ་སྦྱིན་དང་ཚུལ་ནས་བྱུང་བ་ཡང་ཅིག་ཅར་བྱ་བའོ། །

འདི་དག་ལ་སོགས་པ་མནོས་པའི་ཕྱོགས་ཞེས་པ་ནི་དབྱར་ལྷན་ཅིག་ཏུ་གནས་ལ་སོགས་པ་ནི་མནོས་པའི་ཕྱོགས་ཡིན་པར་སྟོན་པའོ། །དེ་ལ་སོགས་པ་ཞེས་པའི་ཁོངས་སུ་ནི་མཚན་མ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་སྡུད་དེ། དེ་ལ་མཚན་མ་ཞེས་པ་ནི་རབ་ཏུ་བྱུང་བའི་མཚན་མ་བླང་

ངོ་ཞེས་པ་ཡིན་ཏེ། ཁྱིམ་པའི་མཚན་མ་དང་མུ་སྟེགས་པའི་མཚན་མ་བླངས་ན་མཚན་མ་བླངས་པ་དེ་ཉིད་ལས་ཉམས་པ་སྟེ། བཤགས་པའི་ཉེས་བྱས་སུ་འགྱུར་རོ། །རྔ་བལ་ལྟ་བུ་ལ་སོགས་པ་མི་རུང་བ་དང་། གསོ་ཀྱི་ཚད་ལྷག་ཆད་དུ་གྱུར་པ་དང་། སེན་མོ་མ་གནང་བའི་དབྱིབས་

སུ་གཅོད་པ་དང་། སྐྲ་ཆན་པས་འདྲེག་པ་ལ་སོགས་པ་ནི་དེའི་ཕྱོགས་སུ་གཏོགས་པ་ལས་ཉམས་པ་སྟེ། ཡིད་ཀྱི་བཤགས་པའོ། །ལྷུང་བཟེད་ཟངས་ལ་སོགས་པ་ལས་བྱས་པ་དང་། ཚད་ཆེ་ཆུང་དུ་གྱུར་པ་དང་། ཁ་དོག་སྐྱ་བ་ལ་སོགས་པ་ཡང་དེའི་ཕྱོགས་ལས་ཉམས་པའོ། །

เล่ม ๑๖๔ · หน้า 162a

སློང་བ་དང་སྣོད་ཅེས་པ་ནི་གཉེན་མ་ཡིན་པ་ལས་སོ། །གོས་སློང་བ་དང་བ་སོ་ལ་སོགས་པ་ལ་ཁབ་རལ་བྱེད་པ་ཡང་། གསེར་དངུལ་ལེན་པའི་ཕྱོགས་སོ། །སྤྱོད་པ་ཞེས་པ་ནི་ཆང་འཐུང་བ་དང་དུས་མ་ཡིན་བར་ཟ་བ་སྤྱོད་པ་དེ། དེའི་ཕྱོགས་སུ་གཏོགས་པ་ནི་

སྒོག་བཙོང་ལ་སོགས་པ་ཟ་བའོ། །འཕྱོ་བ་ཞེས་པ་ནི་གླུ་གར་ལ་སོགས་པ་བྱེད་པ་སྟེ། དེ་ཕྱོགས་སུ་གཏོགས་པ་ནི་རྒྱུག་ཅིང་མཆོང་བ་དང་ཆུར་རྩེ་བ་ལ་སོགས་པའོ། །འདོད་པ་ཞེས་པ་ནི་མི་ཚངས་པར་སྤྱོད་པ་སྟེ་དེའི་ཕྱོགས་སུ་གཏོགས་པའི་འབྱིན་པ་དང་རེག་པ་དང་སྨྱེ་ཚིག་ལ་སོགས་

པའོ། །ཁྱིམ་རྩིག་པའང་དེའི་ཕྱོགས་སོ། །གནོད་པའི་དངོས་ཞེས་པ་ནི། དབྱེན་ལ་འཇུག་པ་གསུམ་དང་སྐུར་བ་དང་། །ཚིག་རྩུབ་པོ་ལ་སོགས་པའོ། །གནས་ཞེས་པ་ནི་དགེ་འདུན་གྱིས་སྤངས་པ་དང་ལྷན་ཅིག་ཏུ་གནས་ན་ཆོས་ལ་མ་གུས་པ་དང་། དགེ་འདུན་ལ་མ་གུས་པ་སྟེ།

སྐྱབས་སུ་སོང་བ་དང་འགལ་པའོ། །ཁྱིམ་པའམ་མུ་སྟེགས་དང་ལྷན་ཅིག་ཏུ་གནས་ན། མ་ཆགས་པ་དང་འགལ་བའི་ཕྱིར་སྡོམ་པ་ཐམས་ཅད་དང་འབྲལ་བའི་ཕྱོགས་སོ། །མཚན་ཐ་དད་པ་དང་ལྷན་ཅིག་གནས་ན་མི་ཚངས་པར་སྤྱོད་པའི་ཕྱོགས་སོ་མ་གུས་ཞེས་པ་ནི་སངས་རྒྱས་དང་དཀོན་

མཆོག་གསུམ་ལ་མ་གུས་ན་སྡོམ་པ་འཇིག་པའི་ཕྱོགས་སོ། །གནས་ཀྱི་སློབ་དཔོན་ལ་མ་གུས་ན་གནས་མེད་པས་ཚངས་པ་མཚུངས་པར་སྤྱོད་པ་དང་། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དུ་མེད་པའི་ཕྱིར་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་སོ། །མཁན་པོ་ལ་མ་གུས་ན། དང་པོར་

མཁན་པོར་ཁས་བླངས་པའི་ཕྱོགས་འཇིག་གོ། །གནས་ལ་མ་གཏོགས་པའི་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་མ་གུས་ན། ཡང་གནས་ཀྱི་སློབ་དཔོན་ལ་མ་གུས་བ་བཞིན་ནོ། །མི་སྦྱོང་བ་ཞེས་པ་ནི་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་མི་བྱེད་ཅིང་གནས་མེད་པར་འདུག་པ་སྟེ། བདག་གི་

ཚུལ་ཁྲིམས་མི་སྦྱོང་བས་ན་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་སོ། །དངོས་ཞེས་པ་ནི་རྒྱུ་ལྟ་བུ་སྟེ། མཚན་མ་མན་ཆད་གོང་དུ་སྨོས་པ་ལན་རེ་རེ་དང་སྦྱར་བའོ། །བསླབ་པ་བྱིན་འདྲའོ་ཞེས་པ་ནི་བསླབ་པ་བྱིན་པ་དེ་དགེ་སློང་ཕལ་དང་འདྲ་བས་ན་མི་ཚངས་པར་སྤྱོད་དམ། དབྱེན་ལ་སོགས་

เล่ม ๑๖๔ · หน้า 162b

པ་བྱེད་ན་ཕམ་པ་དང་ལྷག་མ་ལ་སོགས་པ་ལྟུང་བ་སྡེ་ལྔའི་རིམ་པ་བཞིན་དུ་ཉེས་པར་འགྱུར་བའོ། །རྡེག་པ་སྡིག་པ་དང་ཐེ་ཚོམ་སྐུར་པ་དང་འབྱིན་པ་ལ་སོགས་པ་དགེ་སློང་ལ་བྱས་ན་ལྟུང་བར་འགྱུར་བ་བཞིན་དུ་བསླབ་པ་བྱིན་པ་ལ་བྱས་ན་ཡང་ལྟུང་བར་འགྱུར་བའོ། །དེ་བཞིན་དུ་བསླབ་པ་བྱིན་མ་ཡང་

དགེ་སློང་མ་དང་འདྲའོ། །རྣམ་པ་ཐམས་ཅད་ཀྱིས་ཀྱང་དེས་དགེ་སློང་ཐ་མལ་པ་དང་མཚུངས་སམ་ཞེ་ན། བསྙེན་པར་མ་རྫོགས་པ་བཞིན་པ་ཡང་ངོ་ཞེས་པ་ཡིན་ཏེ་དགེ་སློང་གཞན་གྱི་ཐད་ན་ནི་བསྙེན་པར་མ་རྫོགས་པ་བཞིན་ཏེ། བྱིན་ལེན་དང་ལྷན་ཅིག་ཏུ་ཉལ་བ་ཅིག་ཅར་དུ་ཀློག་པ་དང་། གནས་

ངན་ལེན་དང་། བླ་མའི་ཆོས་སྙོད་པ་རྣམས་བསྙེན་པར་མ་རྫོགས་པ་ལས་ལྟུང་བར་འགྱུར་བ་བཞིན་དུ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བར་འགྱུར་རོ། །བསླབ་པ་བྱིན་པས་ཐུག་ཐུབ་དུ་བླངས་པ་དང་བཞག་པ་ལ་སོགས་པའི་ཉེས་པ་ནི་དགེ་སློང་ཐ་མལ་པའི་ཉེས་པར་མི་འགྱུར་བའི་ཕྱིར་རོ། །དེར་

མ་ཡིན་ཞེས་པ་ནི་རུས་གཅིག་པ་རྣམས་ཀྱི་ཐད་ཀར་བསྙེན་པར་མ་རྫོགས་པ་དང་འདྲ་བ་མ་ཡིན་པར་སྟོན་པ་སྟེ། ཞུས་པ་ལས་ཀྱང་དགེ་སློང་གིས་བཞག་པ་ནི་རྒྱུ་གསུམ་ལས་འགྱུར་ཏེ། བདག་གིས་བཞག་པ་དང་། དགེ་སློང་གིས་བཞག་པ་དང་། དགེ་འདུན་གྱིས་བཞག་པའོ། །

དགེ་སློང་མའི་ཡང་དེ་བཞིན། བསླབ་བ་བྱིན་བའི་བཞག་པ་ནི་བཞི་སྟེ། བདག་གིས་བཞག་པ་དང་བསླབ་པ་བྱིན་པས་བཞག་པ་དང་དགེ་སློང་དང་དགེ་འདུན་གྱིས་བཞག་པ་དང་བཞིའོ་ཞེས་འབྱུང་བའི་ཕྱིར་རོ། །དགེ་སློང་མ་ལས་ཀྱང་ངོ་ཞེས་པ་ནི་སློབ་པའི་ཐད་ཀར་ཡང་བསླབ་པ་

བྱིན་མ་དེ་བསྙེན་པར་མ་རྫོགས་པ་དང་འདྲ་བ་མ་ཡིན་ཏེ་ཞུས་པ་ལས་ཀྱང་དགེ་སློབ་མའི་བཞག་པ་ནི་ལྔ་སྟེ། བདག་གིས་བཞག་པ་དང་དགེ་སློང་མ་དང་བསླབ་པ་བྱིན་མ་དང་དགེ་སློབ་མ་དང་དགེ་འདུན་གྱིས་བཞག་པའོ་ཞེས་འབྱུང་བའི་ཕྱིར་རོ། །འགྲོ་བ་གཞན་གྱི་ཚུལ་དུ་བྱས་པ་ནི་དགེ་སློང་

གི་འདུ་ཤེས་རྙེད་ནའོ་ཞེས་པ་ནི་དགེ་སློང་གིས་བྱོལ་སོང་ལ་སོགས་པ་འགྲོ་བ་གཞན་གྱི་རྒྱུད་དུ་སྤྲུལ་ཏེ་མི་ཚངས་པར་སྤྱོད་པ་ལ་སོགས་པ་བསླབ་པ་ལས་འདའ་བ་སྤྱོད་པ་ན་བདག་དགེ་སློང་ཡིན་བའི་འདུ་ཤེས་ཡོད་ན་མི་ཚངས་པར་སྤྱོད་པ་ལ་སོགས་པ་གང་བྱས་པ་བཞིན་དུ་ཉེས་པར་འགྱུར་བའོ། །

เล่ม ๑๖๔ · หน้า 163a

མ་རྙེད་ན་འབྲི་ཞེས་པ་ནི་དེ་ལྟར་སྤྲུལ་པའི་ཚེ་དགེ་སློང་དུ་འདུ་ཤེས་མེད་ན་ཉེས་པ་ན་རེས་འབྲི་བར་སྟོན་པའོ། །ཚིག་སྔ་མའི་སྦྱོར་བ་ཡང་ངོ་ཞེས་པ་ནི་ཁྱིམ་པའི་ཚེ་མ་བྱིན་བར་ལེན་པའི་སྦྱོར་བ་བྱས་ལ་རབ་ཏུ་བྱུང་བའི་ཚེ་རྐུས་ན་ཉེས་བྱས་སུ་འགྱུར་བ་དང་། དགེ་ཚུལ་གྱི་ཚེ་རྐུ་བ་ལ་

སོགས་པའི་སྦྱོར་བ་བྱས་ལ་བསྙེན་པར་རྫོགས་པའི་ཚེ། རྐུར་བཏང་བས་བརྐུས་ན་འབྲི་བའི་ཕྱིར་སྦོམ་པོར་འགྱུར་བ་ལྟ་བུར་སྟོན་པའོ། །མཆོག་ཀྱང་དེ་བཞིན་ཞེས་པ་ནི་བསྙེན་པར་རྫོགས་པའི་ཚེ་རྐུན་ལག་ལ་སོགས་པའི་སྦྱོར་བ་བྱས་ནས་དགེ་ཚུལ་དང་ཁྱིམ་པར་བབས་པའི་ཚེ་ཡང་གོང་མ་བཞིན་དུ་

དགེ་སློང་གི་སྦྱོར་བ་སྦོམ་པོ་དང་དགེ་ཚུལ་དུ་བབས་པའི་ཉེས་བྱས་དང་ཁྱིམ་པའི་ཉེས་མེད་པར་སྟོན་པའོ། །རྫས་ཀྱང་བཀག་པའོ་ཞེས་པ་ནི་མ་གནང་ཞིང་བཀག་པའི་རྫས་ལས་ན་གཅིག་གིས་སྤར་ཏེ་བྱས་པ་ལྟ་བུ་ཡང་མ་གནང་བར་བཀག་པ་ཉིད་དང་འདྲ་བ་སྟེ། བལ་ནག་པོ་དང་སྲིན་བལ་དུ་བསྲེས་ནས་

སྟན་བྱས་ན་བལ་ནག་པོ་ལས་བྱས་པའི་ལྟུང་བར་འགྱུར་བ་ལྟ་བུའོ། །མཚུངས་པ་ཡང་ངོ་ཞེས་པ་ནི་གང་མ་གནང་བའི་རྫས་ལས་ལྷག་པ་དང་འདྲ་ཞིང་རིན་ཐང་མཉམ་པ་དང་བསྲེས་ན་ཡང་གོང་མ་བཞིན་དུ་མ་གནང་བར་བཀག་པ་དང་ཉེས་པ་འདྲ་བར་སྟོན་པ་སྟེ། སྲིན་བལ་དང་འདྲ་བ་པ་ཏུ་རྣ་དང་དུ་

གུ་ལ་ལ་སོགས་པ་དང་བལ་ནག་པོར་བསྲེས་པ་ལྟ་བུའོ། །མཚན་གྱུར་པ་ནི་དེའི་ཞིང་ངོ་ཞེས་པ་ནི་ཕོ་མོས་སུ་མཚན་གྱུར་ན་གར་གྱུར་པ་དེའི་གཞི་ལས་ཉེས་པ་ལྕི་ཡང་དུ་བརྩི་བར་སྟོན་པ་སྟེ། དགེ་སློང་འབྱིན་པའི་ལྷག་མ་བྱེད་པར་སྦྱོར་བའི་ཚེ་དགེ་སློང་མར་གྱུར་ན་ལྟུང་བར་འགྱུར་བ་དང་དགེ་

སློང་མས་ལུས་འདོར་བར་སྦྱོར་བའི་ཚེ་དགེ་སློང་ཕར་གྱུར་ན་སྦོམ་པོར་འགྱུར་བ་ལྟ་བུའོ། །སྲོག་གཅོད་པ་ལ་སོགས་པ་བསླབ་པ་ཐུན་མོང་བ་ནི་མཚན་གྱུར་ཀྱང་ཉེས་པ་རངས་པའི་སོ་ནའོ། །ཧ་ཅང་ཐུལ་བ་དེ་འགྲེལ་བ་ནི། གང་སྦྱོར་བ་ནི་འབྲི་བའི་དོན་ཏོ་ཞེས་པ་ཡིན་ཏེ་མཚན་མ་གྱུར་པའི་

ཚེ་ཉེས་པ་ཆུང་ངུར་སྦྱོར་བ་བྱེད་པའི་མོད་ལ་མཚན་གྱུར་ན་ཉེས་པ་ཆུང་ངུར་སྦྱོར་བ་དེའི་སོ་ན་འདུག་པ་སྦྱར་གྱི་མཚན་གྱུར་པའི་ཕྱིར་ཉེས་པ་ལྷག་པར་མི་སྦྱོར་ཏེ། དགེ་སློང་གཉིས་ཁྲི་གཅིག་ལ་མཐངས་སྤྲད་ཅིང་ཉལ་ཉལ་བ་ལས་མཚན་གྱུར་ན་ཉེས་བྱས་ཀྱི་སོ་ན་བཞག་གི །དགེ་སློང་མའི་

เล่ม ๑๖๔ · หน้า 163b

ལྟུང་བ་མི་སྦྱོར་རོ། །བྱས་པ་ནི་དེའི་དོན་ཉིད་དོ་ཞེས་པ་ནི་མཚན་མ་གྱུར་པའི་ཚེ་ཁ་ན་མ་ཐོ་བའི་ཉེས་པ་བྱས་པ་ལས་མཚན་གྱུར་ན་ཉེས་པ་དེ་ཉིད་ཀྱི་སོ་ན་གནས་མོད་ཀྱི་མིང་གིས་རིས་པ་གཞན་དུ་འགྱུར་ཏེ། དགེ་སློང་མ་རེག་པའི་ཕམ་པ་བྱུང་བ་ལས་མཚན་གྱུར་ན་དགེ་སློང་ཕ་སྐྱེས་པ་གཞན་

ལ་རེག་པའི་སྦོམ་པོར་གྱུར་པ་དང་ད་དགེ་སློང་མ་ལུས་བོར་བའི་ཕམ་པ་བྱུང་བ་ལས་མཚན་གྱུར་ན་མི་ཚངས་པར་སྤྱོད་པའི་སྦོམ་པོར་འགྱུར་བ་དང་། བཅབས་པའི་ཕམ་པ་བྱུང་བ་ལས་དགེ་སློང་ཕར་གྱུར་ན་མཚན་ཐ་དད་པའི་ཉེས་པ་བཅབས་པའི་ཉེས་བྱས་སུ་འགྱུར་བ་དང་། བཟློག་

པའི་ཕམ་པ་བྱས་ནས་དགེ་སློང་ཕར་གྱུར་ན་བཀར་བའི་རྗེས་སུ་ཕྱོགས་པའི་ལྟུང་བར་འགྱུར་བ་དང་། དགེ་སློང་མ་ཕས་ཕམ་བའི་སྦྱོར་བའི་སྦོམ་པོ་རྣམས་ཀྱང་དེ་བཞིན་དུ་མཚན་གྱུར་ན་ཉེས་བྱས་སུ་འགྱུར་བ་དང་དགེ་སློང་ཕ་འབྱིན་པའི་ལྷག་མ་བྱུང་ནས་དགེ་སློང་མར་གྱུར་ན་ལྟུང་བར་འགྱུར་བ་

དང་། དགེ་སློང་མས་ཅུང་ཟད་བླངས་པའི་ལྷག་མ་བྱུང་ནས་དགེ་སློང་ཕར་གྱུར་ན་ཉེས་བྱས་སུ་འགྱུར་བ་ལ་སོགས་པའོ། །དེའི་འགྲེལ་པ་ནི། འབྲི་བ་ནི་ཉིད་དོ་ཞེས་པ་ཡིན་ཏེ་མཚན་གཞན་གྱི་ཚེ་ཉེས་པ་ཆུང་ངུ་བྱས་པ་མཚན་གྱུར་ན་དེ་ལས་ལྷག་པར་མི་སྦྱར་གྱི་དེ་ཉིད་ཀྱི་སོ་ན་འདུག་པ་སྟེ། དགེ་

སློང་མས་ཁུ་བ་ཕྱུང་བའི་འོག་ཏུ་དགེ་སློང་ཕར་གྱུར་ན། དགེ་སློང་ཕའི་ལྷག་མར་མི་སྦྱར་གྱི། དགེ་སློང་མའི་ལྟུང་བ་དེ་ཉིད་ཀྱི་སོ་ན་བཞག་པ་སྟོན་པའོ། །ཅིའི་ཕྱིར་དེ་ལྟར་ཞེ་ན་རྟེན་ཐ་དད་པའི་ཕྱིར་བསམ་པའང་ཐ་དད་བསམ་པ་ཐ་དད་པའི་ཕྱིར་ཉེས་པའང་ཐ་དད་དེ། དགེ་སློང་མའི་རྟེན་དང་

བསམ་པ་དང་ཉེས་པ་དང་དེ་དགེ་སློང་ཕའི་རྟེན་དང་བསམ་པ་དང་ཉེས་པར་མི་སྦྱར་བའི་ཕྱིར་རོ། །ཞག་བཅུ་མ་ཚང་བའི་ཤས་སོ་ཞེས་པ་ནི་དགེ་སློང་ཕ་ལྷག་པའི་ལྷུང་བཟེད་བསྲེལ་བ་ཞག་བཅུ་མ་ཚང་བའི་སྐབས་སུ་མཚན་གྱུར་ན་ཉིན་ཞག་གཅིག་ཅིག་བཅང་བའི་ཤས་སམ་ཆར་གཏོགས་པར་སྟོན་

པའོ། །འཇིག་པ་ནི་ཞིང་མ་ཡིན་ནའོ་ཞེས་པ་ནི་ཞིང་མ་ཡིན་ན་མཚན་ཐ་དད་པའི་ཚེ་ཉེས་པ་བྱས་པ་རྣམས་ཡལ་ཞིང་འཇིག་པར་སྟོན་པ་སྟེ། དགེ་སློང་མའི་ཚེ་གནང་བ་མ་ཐོབ་པར་འཁོར་བཅངས་པ་དང་བསླབ་པ་མ་བྱིན་པར་བསྙེན་པར་རྫོགས་པ་དང་། བསླབ་པ་མ་བསླབས་པར་བསྙེན་པར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด