སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ

ชื่อสันสกฤต (อักษรทิเบต ตามตัวบท) བུདྡྷ་ཙ་རི་ཏ་མ་ཧཱ་ཀཱ་བྱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๒ · หน้า 1b

༄༅༅། །རྒྱ་གར་སྐད་དུ། བུདྡྷ་ཙ་རི་ཏ་མ་ཧཱ་ཀཱ་བྱ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་ཚོགས་ཀྱིས་གང་། །བདག་ཉིད་ཆེན་པོ་སེམས་ཅན་གྱི། །དོན་མཛད་ཡང་དག་སངས་རྒྱས་དང་། །ཆོས་དང་དགེ་འདུན་ལ་ཕྱག་

འཚལ། །བུ་རམ་ཤིང་པར་མཐུ་མཉམ་བུ་རམ་ཤིང་པའི་རྒྱུད། །ཐུབ་དཀའ་ཤཱཀྱ་རྣམས་ལ་སྤྱོད་པ་རྣམ་དག་པ། །འཕྲོག་བྱེད་ཟླ་བ་ལྟ་བུར་སྐྱེ་དགུ་རྣམས་ལ་སྡུག །རྒྱལ་པོ་ཟས་གཙང་

ཞེས་བྱའི་མིང་ཅན་བྱུང་བར་གྱུར། །དབང་པོ་དང་མཚུངས་དེ་ཡི་བདག་པོ་ལྡན་མ་ཡིན། །ནུས་མཐུ་རྗེས་མཚུངས་གཟི་བརྗིད་ལྷ་མོ་བདེ་སོགས་དང་། །པདྨོ་ཅན་འདྲ་ཕུན་སུམ་ཚོགས་པ་ས་

བཞིན་བརྟན། །སྒྱུ་མ་ཆེན་མོ་ཞེས་བྱ་དཔེ་མེད་སྒྱུ་འདྲ་བྱུང་། །མི་སྐྱོང་རྒྱལ་པོ་འདི་ནི་དེ་དང་ཐབས་ཅིག་ཏུ། །དགའ་བ་ཉེར་ལྡན་རྣམ་ཐོས་སྲས་ཀྱི་དཔལ་བཞིན་རོལ། །དེ་ནས་ཡང་དག་ཏིང་

เล่ม ๑๗๒ · หน้า 2a

འཛིན་ལྡན་པའི་རིག་མ་བཞིན། །སྡིག་བྲལ་མ་དེ་མངལ་ནི་རྣམ་པར་གཟུང་བར་གྱུར། །མངལ་དང་ཉེ་བར་ལྡན་པ་ཉིད་ཀྱི་སྔོན་རོལ་དུ། །དེ་ནི་གཉིད་སོང་གླང་པོའི་དབང་པོ་དཀར་པོ་ཞིག །རང་ཉིད་ལ་

ནི་རབ་ཏུ་ཞུགས་སོགས་མཐོང་གྱུར་ལ། །དེ་ཡི་མཚན་མ་ཉམ་ཐག་པ་ནས་ཐོབ་མ་ཡིན། །ལྷ་དང་རབ་ཏུ་མཚུངས་པ་དེ་ཡི་ལྷ་མོ་དེ། །མངལ་གྱིས་རིགས་ཀྱི་དཔལ་ནི་རབ་ཏུ་འདྲེན་བྱེད་ཅིང་། །སྒྱུ་མ་ངལ་བ་དང་ནི་མྱ་ངན་

སྒྱུ་མེད་པར། །གཙང་ལ་ཉོན་མོངས་མེད་པའི་དགོན་པར་བློ་གྲོས་མཛད། །དེ་ནི་ལུམ་བི་ཞེས་བྱའི་ནགས་མཐར་གྱུར་པའི་ས། །སྣ་ཚོགས་ལྗོན་ཤིང་སྣ་ཚོགས་ཤིང་རྟ་མངོན་དགའ་བར། །བསམ་གཏན་ལ་བཟོད་དབེན་

པའི་ནགས་ཀྱི་མཐའ་བཞེད་མ། །འགྲོ་བའི་ཆད་དང་གནས་ཕྱིར་མི་སྐྱོང་ལ་ཞུས་སོ། །དེ་ཡི་ཆོས་དང་ལྡན་ལ་འཕགས་པའི་ཞེ་འདོད་དག །རྣམ་པར་ཤེས་ནས་ཡ་མཚན་དགའ་བ་ཡིས་གང་སྟེ། །ཞི་བའི་གྲོང་ནས་ས་

ཡི་བདག་པོ་གཤེགས་གྱུར་ཏེ། །དེ་ཡི་དགའ་བའི་རྒྱུ་ཡིན་རྣམ་པར་རྒྱུ་ཕྱིར་མིན། །དཔལ་དང་ལྡན་པའི་ནགས་དེར་རྒྱལ་པོའི་བདག་ལྡན་མ། །རབ་ཏུ་བལྟམ་པའི་དུས་ནི་ཡང་དག་མངོན་གཟིགས་ཤིང་། །བླ་རེ་ཉེ་བར་

เล่ม ๑๗๒ · หน้า 2b

ཕུལ་བའི་གཟིམས་མལ་རབ་ཐོབ་སྟེ། །མི་མོ་སྟོང་ཕྲག་དག་གིས་མངོན་པར་དགའ་བར་བྱེད། །དེ་ནས་སྐར་མ་རྒྱལ་རབ་ལྡན་པར་གྱུར་པའི་ཚེ། །བརྟུལ་ཞུགས་ལེགས་པར་འདུས་བྱས་ལྷ་མོ་དེ་ཡི་ནི། །རྩིབ་ལོགས་དག་ནས་འཇིག་རྟེན་ཕན་ཕྱིར་སྲས་བལྟམས་ཏེ། །ཚོར་

བ་དང་ནི་བྲལ་ཞིང་ནད་དང་བྲལ་བ་ཉིད། །ཇི་ལྟར་བརླ་སྐྱེས་བརླ་ནས་རྒྱ་ཆེན་ལག་པ་ནས། །དབང་པོ་དང་མཚུངས་ང་ལ་ནུ་ནི་སྤྱི་བོ་ནས། །མཚན་ལྡན་ཉིད་ཀྱང་ལག་པའི་ཆ་ཤས་གསང་བ་ནས། །རྣམ་པ་དེ་ལྟར་དེ་ཡི་སྐྱེ་བ་བྱུང་བར་གྱུར། །མངལ་ནས་མངོན་པར་ངེས་པར་བྱུང་བ་གཟུགས་མཛེས་ཏེ། །ནམ་

མཁའ་དག་ལས་འཕྲོས་འདྲ་སྐྱེ་གནས་ལས་མ་སྐྱེས། །བསྐལ་པ་གཅིག་མིན་རྣམས་སུ་བསྒོམས་པའི་བདག་ཉིད་ནི། །གང་ཞིག་ཡང་དག་རབ་ཏུ་ཤེས་ན་སྐྱེས་གྱུར་བླུན་པོ་མིན། །ཉི་མ་གཞོན་ནུ་ས་ལམ་མངོན་པར་བབས་པ་བཞིན། །གསལ་བ་དང་ནི་བརྟན་པས་གང་ཞིག་མཛེས་པ་སྟེ། །དེ་ལྟར་

ཤིན་ཏུ་གསལ་ཡང་ངེས་པར་རྟོག་པ་ན། །རི་བོང་གིས་མཚན་ཇི་ལྟར་མིག་དག་འཕྲོགས་པར་གྱུར། །དེ་ནི་རང་གི་ལུས་ཀྱི་འོད་རབ་འབར་བ་ཡིས། །སྒྲོན་མའི་འོད་ཀྱང་གསལ་བར་བྱེད་པ་ལྟར་བཅོམ་སྟེ། །རིན་ཐང་ཆེན་པོ་འཛམ་བུ་ཆུ་གསེར་མཛེས་པའི་མདོག །ཕྱོགས་རྣམས་ཐམས་ཅད་རྣམ་

པར་སྣང་ཞིང་གསལ་བར་མཛད། །འཁྲུགས་པ་མ་ཡིན་ཡོན་པོའི་སྐྱོན་དག་རབ་བསལ་ཞིང་། །ཤིན་ཏུ་བརྟན་པ་དང་ལྡན་རྣམ་པར་ཡངས་པའི་འགྲོས། །དེ་ལྟར་མི་གཡོ་རབ་ཏུ་བརྟན་པའི་གོམ་པ་བདུན། །དྲང་སྲོང་སྐར་མ་བདུན་དང་རབ་མཉམ་གཤེགས་པར་གྱུར། །བྱང་ཆུབ་ཕྱིར་དང་འགྲོ་ལ་ཕན་

པའི་ཕྱིར་སྐྱེས་ཤིང་། །འདི་ནི་བདག་གི་སྲིད་པའི་སྐྱེ་བ་ཐ་མ་ཞེས། །སེང་གེའི་འགྲོས་འདྲ་ཕྱོགས་བཞི་དག་ཏུ་རྣམ་གཟིགས་ནས། །སྣོད་ལྡན་རྣམས་ཀྱི་དོན་བྱེད་དག་ཀྱང་སྨྲས་པར་གྱུར། །ནམ་མཁའ་དག་ལས་རབ་བབས་ཟླ་བའི་འོད་ཟེར་དཀར། །གྲང་དང་དྲོ་བའི་ཆུ་རྒྱུན་རྣམ་པ་གཉིས་ཀྱི་

ཤུགས། །ལུས་ལ་ཡང་དག་རེག་པས་བདེ་བ་བསྐྱེད་པའི་ཕྱིར། །མཛེས་ཤིང་ཡིད་འོང་དེ་ཡི་སྤྱི་བོར་བབས་པར་གྱུར། །དཔལ་ལྡན་བླ་རེ་བྲེས་པར་གསེར་གྱིས་འབར་ཞིང་མཚན། །བཻ་ཌཱུརྱ་ཡི་རྐང་པའི་གཟིམས་མལ་ལ་གཟིམས་པ། །དེ་ལ་གུས་ཕྱིར་གསེར་གྱི་པདྨའི་ཕྱག་མངའ་བའི། །

เล่ม ๑๗๒ · หน้า 3a

གནོད་སྦྱིན་བདག་རྣམས་ཀུན་ནས་ཡོངས་སུ་བསྐོར་ནས་གནས། །མི་མངོན་གྱུར་པའི་ལྷ་རྣམས་ཀྱིས་ཀྱང་ནམ་མཁའ་ལ། །གང་གི་མཐུ་ལས་མགོ་བོ་ཡིས་ནི་རབ་བཏུད་ཅིང་། །ཀུན་ནས་གདུང་བ་སྐྱོབ་པའི་གདུགས་དཀར་རྣམས་བཟུང་སྟེ། །བྱང་ཆུབ་ཆེད་དུ་མཆོག་

གི་བསྔགས་པ་དག་ཀྱང་སྨྲས། །འདས་པའི་སངས་རྒྱས་རྣམས་ལ་ལྷག་པར་མཆོད་བྱས་པའི། །ལྟོ་འཕྱེ་ཆེ་རྣམས་ཁྱད་འཕགས་ཆོས་ལ་སྲེད་པའི་ཕྱིར། །གང་ལ་རླུང་གཡབ་ཀྱིས་གཡབ་གུས་པའི་མིག་གཟིར་ཅིང་། །མན་དཱ་ར་བའི་མེ་ཏོག་རྣམས་ཀྱིས་ཡང་དག་འཐོར། །དེ་བཞིན་གཤེགས་

པ་བལྟམས་པའི་ཡོན་ཏན་གྱིས་ཚིམ་པའི། །གཙང་མར་ལྷག་པར་གནས་པའི་རྣམ་དག་སེམས་ཅན་རྣམས། །སྡུག་བསྔལ་ཉིད་དུ་བྱིང་བའི་འགྲོ་ལ་ཕན་པའི་ཕྱིར། །ལྷ་རྣམས་འདོད་ཆགས་བྲལ་བ་ན་ཡང་དགའ་བར་གྱུར། །གང་གིས་རབ་ཏུ་བལྟམས་ཚེ་རི་རྒྱལ་ཕུར་བུ་ཉིད། །རླུང་གིས་

བསྣུན་པའི་གྲུ་ལྟར་ས་གཞི་གཡོས་གྱུར་ཞིང་། །ཙནྡན་དང་བཅས་ཨུཏྤལ་པདྨའི་སྙིང་པོ་ཡི། །ཆར་པ་དག་ནི་ནམ་མཁའི་སྤྲིན་དང་བྲལ་ལས་བབས། །ཡིད་འོང་རེག་ན་བདེ་བའི་རླུང་དག་བྱུང་གྱུར་ཏེ། །ལྷ་ཡི་ན་བཟའ་དག་ནི་མངོན་པར་འབེབས་བྱེད་ཅིང་། །ཉི་མ་དེ་ཉིད་ལྷག་པར་མངོན་པར་

གསལ་བ་སྟེ། །ཞི་བའི་འོད་ཟེར་འདུས་མ་བྱས་པའི་མེ་འབར་རོ། །ཤར་དང་བྱང་གི་མཚམས་ཀྱི་ཁང་པའི་ཕྱོགས་གཅིག་ན། །བསིལ་བའི་ཆུ་ཡི་ཁྲོན་པ་རང་བྱུང་གྱུར་པ་སྟེ། །ཕོ་བྲང་བཙུན་མོའི་འཁོར་རྣམས་ཡ་མཚན་གྱུར་རྣམས་ཀྱིས། །གང་ལ་བྱ་བ་རྣམས་ནི་སྟེགས་བཞིན་རབ་ཏུ་བྱས། །

ཆོས་དང་ལྡན་པའི་ལྷ་དང་འབྱུང་པོའི་ཚོགས་རྣམས་ཀྱིས། །དེ་ནི་ལྟ་བའི་དོན་དུ་ནགས་ཚལ་རབ་གང་སྟེ། །རྨད་བྱུང་ངོ་མཚར་གྱུར་པ་ཉིད་ཀྱི་ཤིང་ལས་ཀྱང་། །མེ་ཏོག་རྣམས་ནི་དུས་མ་ཡིན་པར་ངེས་པར་བྲུལ། །འཚེ་བར་བྱེད་པའི་སེམས་ཅན་རྣམས་ཀྱང་དེ་ཡི་ཚེ། །ཕན་ཚུན་དག་ཏུ་ཕྱིན་ཏེ་གནོད་པ་མི་

བྱེད་ལ། །འཚོ་བའི་འཇིག་རྟེན་དག་ན་ནད་གང་ཇི་སྙེད་པ། །དེ་དག་རྣམས་ཀྱང་འབད་པ་མེད་པར་དེ་ཚེ་བཅོམ། །མཁའ་འགྲོའི་བྱ་ནི་མཐོ་མིན་སྒྲ་སྒྲོགས་རི་དགས་ཀྱང་། །ཆུ་ཀླུང་དག་ནི་ཆུ་ཡང་ཞི་བར་བབ་གྱུར་ལ། །ཕྱོགས་རྣམས་རབ་སྣང་དགེ་བའི་ནམ་མཁའ་རབ་མཛེས་ཤིང་། །ལྷ་ཡི་རྔ་རྣམས་མཁའ་

เล่ม ๑๗๒ · หน้า 3b

ལ་རབ་ཏུ་གྲགས་པར་གྱུར། །རྒུད་པར་གྱུར་ལ་མགོན་ནི་ཉེ་བར་ཐོབ་ནས་བཞིན། །འཇིག་རྟེན་དག་ཀྱང་མཆོག་ཏུ་རབ་ཞི་ཐོབ་གྱུར་ལ། །འཇིག་རྟེན་རྣམས་ཀྱི་ཐར་པའི་བླ་མ་རབ་བལྟམས་ཚེ། །འདོད་པའི་ལྷ་ཉིད་ཁོ་ན་དགའ་བ་མེད་པར་གྱུར། །ཤིན་ཏུ་ངོ་མཚར་སྲས་ཀྱི་སྐྱེ་བ་མཐོང་གྱུར་ནས། །མི་བདག་བརྟན་པ་

ཡིན་ཡང་རྣམ་པར་འགྱུར་ནས་སོང་། །རབ་དགའ་སྐྱེས་པ་ཉིད་དང་ཡིད་མི་བདེ་སྐྱེས་ཏེ། །བརྩེ་བ་ལས་ནི་མཆི་མ་རྣམ་པ་གཉིས་བྱུང་ངོ་། །མི་མ་ཡིན་པའི་སྲས་པོ་ཉིད་ཀྱི་ནུས་པ་དང་། །མ་ཡི་རང་བཞིན་ཀྱང་ནི་སྟོབས་ཆུང་ཉིད་ཀྱི་ཕྱིར། །གྲང་དང་དྲོ་བའི་ཆུ་དག་འདྲེས་པའི་ཆུ་ཀླུང་བཞིན། །ལྷ་མོ་འཇིགས་པ་

དང་ནི་དགའ་བས་གང་བར་འགྱུར། །ལྷག་མ་སྤངས་ཏེ་འཇིགས་པ་ཉིད་ནི་ཤེས་བྱས་ནས། །ཡིད་འོང་འདོད་པའི་ཆེད་དུ་རྟོགས་པ་མ་ཡིན་པའི། །བུད་མེད་རྒན་མོ་རྣམས་ཀྱིས་བདེ་ལེགས་གྱུར་བྱས་ཤིང་། །གཙང་མར་བྱས་ཏེ་ལྷ་རྣམས་དག་ལ་ཕྱག་འཚལ་ལོ། །དེ་ཡི་མཚན་ཉིད་དག་ཀྱང་ཤེས་ཤིང་

ཐོས་གྱུར་ནས། །སྤྱོད་དང་ཐོས་དང་ཚིག་ལ་གྲགས་ཐོབ་བྲམ་ཟེ་རྣམས། །རྣམ་རྒྱས་ཞལ་ནི་ཡ་མཚན་དགའ་བ་ཡིས་གང་སྟེ། །དགའ་དང་འཇིགས་པར་གྱུར་པའི་མི་ཡི་ལྷ་ལ་སྨྲས། །མི་དག་ས་ལ་བུ་མ་གཏོགས་པའི་ཁྱད་འཕགས་པ། །གཞན་གང་ཅུང་ཟད་འདོད་མིན་ཞི་བ་དེ་ཡི་ཕྱིར། །ཁྱོད་

ཀྱི་སྒྲོན་མ་འདི་ནི་རིགས་ཀྱི་སྒྲོན་མ་སྟེ། །ཁྱོད་ཉིད་དགའ་བར་མཛོད་ཅིག་དགའ་སྟོན་ད་ལྟར་བགྱི། །དེ་ཕྱིར་བརྟན་པར་རྣམ་དཔྱོད་མེད་པར་དགར་མཛོད་དང་། །རིགས་ནི་ངེས་པ་ཉིད་དུ་མཆོག་ཏུ་འཕེལ་བར་འགྱུར། །འདི་ནི་ཁྱོད་ཀྱི་བུ་ཞེས་སྐྱེས་པར་གྱུར་པ་སྟེ། །འཇིག་རྟེན་སྡུག་བསྔལ་དག་

གིས་མངོན་པར་བཅོམ་པའི་མགོན། །མཆོག་གྱུར་འདི་ལ་མཆོག་གྱུར་གསེར་གྱི་འོད་མངའ་ཞིང་། །སྒྲོན་མའི་འོད་ཟེར་དག་གིས་མཚན་རྣམས་གང་གྱུར་པས། །དེ་ཉིད་རྟོགས་པར་གྱུར་པའི་ཐུབ་པར་འགྱུར་བའམ། །ཡང་ན་མི་བདག་ས་སྟེངས་འཁོར་ལོས་སྒྱུར་བར་འགྱུར། །ས་ཡི་བདག་པོ་ཉིད་ལ་

གལ་ཏེ་དགའ་འགྱུར་ན། །སྟོབས་དང་ཆོས་དག་གིས་ནི་དེའི་ཚེ་ས་སྟེངས་སུ། །རྒྱལ་པོ་ཀུན་གྱི་ཐོག་ཏུ་འདི་ནི་གནས་འགྱུར་ཏེ། །སྐར་མའི་འོད་རྣམས་ལ་ནི་ཉི་མའི་འོད་བཞིན་ནོ། །དེ་ནི་གལ་ཏེ་ཐར་བཞེད་ནགས་སུ་གཤེགས་གྱུར་ན། །མཁྱེན་དང་དེ་ཉིད་ཀྱིས་ནི་དེ་ཚེ་ས་སྟེངས་སུ། །ལུགས་ཀུན་

เล่ม ๑๗๒ · หน้า 4a

ཟིལ་གྱིས་མནན་ནས་འདི་ནི་གནས་འགྱུར་ཏེ། །མཐོ་བ་ཀུན་ལ་རི་རབ་རི་ཡི་རྒྱལ་པོ་བཞིན། །ཇི་ལྟར་ལྕགས་རྣམས་ལ་ནི་གསེར་དག་མཆོག་ཡིན་ལ། །རི་རྣམས་ལ་ནི་རི་རབ་ཆུ་བོ་རྣམས་ལ་མཚོ། །གཟའ་རྣམས་ལ་ནི་ཟླ་བ་གདུང་བྱེད་རྣམས་ལ་ཉི། །དེ་ལྟར་ཁྱོད་ཀྱི་

སྲས་ནི་རྐང་གཉིས་རྣམས་ཀྱི་མཆོག །གང་གི་སྤྱན་དག་མི་འཛུམས་མིག་གཟིར་རྣམ་པར་སྤངས་པ་སྟེ། །བརྟན་ཞིང་ཤིན་ཏུ་རིང་ལ་དཀར་མིན་རྫི་མ་དང་། །གཟི་བརྗིད་ལྡན་པ་ཡིན་ཡང་འོན་ཀྱང་ཞི་བ་ཉིད། །འདི་ནི་ཀུན་ནས་གཟིགས་པའི་སྤྱན་མངའ་ཅི་ལ་མིན། །དེ་ནས་གཉིས་སྐྱེས་

རྣམས་ལ་མི་བདག་གིས་སྨྲས་པ། །བདག་ཉིད་ཆེན་པོ་མི་སྐྱོང་སྔ་མས་མ་མཐོང་བ། །མཐོང་ཞེས་ཁྱད་འདི་གང་ཡིན་འདི་ལ་རྒྱུ་མཚན་ཅི། །དེ་ནས་བྲམ་ཟེ་རྣམས་ཀྱིས་དེ་ཉིད་ལ་སྨྲས་པ། །བློ་དང་ཐོས་པ་ལས་དང་གྲགས་པ་རྣམས་ལ་ནི། །མི་སྐྱོང་སྔོན་དང་ཕྱི་མ་ཉིད་ནི་ཚད་མ་ཡིན། །དངོས་པོའི་

ལུགས་ལ་འདིར་ནི་བྱ་བ་རྒྱུ་ཡིན་ལ། །འདིར་ཡང་བདག་གི་དཔེར་བརྗོད་དག་ནི་མཁྱེན་པར་མཛོད། །གང་ཞིག་རྒྱལ་པོའི་བསྟན་བཅོས་ཤེས་ལྡན་ངན་སྤོང་དག །རིག་བྱེད་དྲང་སྲོང་དེ་གཉིས་ཀྱིས་ནི་མ་བྱས་པ། །དེ་དག་གི་སྲས་ཞི་བ་པ་ཝ་སངས་དང་ནི། །ཕུར་བུ་ཡིས་ནི་དུས་ཀྱིས་དེ་ཉིད་བསྐྱེད་པར་

གྱུར། །ཉམས་གྱུར་སྔ་མ་རྣམས་ཀྱིས་མ་མཐོང་རིག་བྱེད་གང་། །དབྱངས་ཅན་མ་ཡི་བུ་ཡིས་ཀྱང་ནི་སླར་སྨྲས་པ། །ནུས་མེད་གནས་འཇོག་གིས་ནི་མ་བྱས་གྱུར་པ་གང་། །རྒྱས་པ་ཡིས་ནི་དེ་ལྟར་རྣམ་པ་མང་པོར་བརྗོད། །འཕོ་བྱེད་དྲང་སྲོང་ཆེན་པོས་མ་བསྡེབས་གྱུར་པ་གང་། །ཚིག་གི་རྐང་པ་

གྲོག་མཁར་གྱིས་ནི་དང་པོར་བསྐྱེད། །གསོ་བ་གང་ཡང་རྒྱུན་ཤེས་ཀྱིས་ནི་མ་མཐོང་བ། །ཕྱི་ནས་དེ་ནི་དྲང་སྲོང་རྒྱུན་ཤེས་བུ་ཡིས་བྱས། །གང་ཡང་གཉིས་སྐྱེས་ཉིད་ནི་ཀུན་ཤས་མ་རྙེད་པ། །དེ་ནི་གཏིང་དཔོགས་བུ་ཡིས་རྒྱལ་པོ་ལ་ཐོབ་བོ། །བུ་རམ་ཤིང་པས་དང་པོར་མ་བསྡམས་གྱུར་པ་གང་། །

རྒྱ་མཚོ་ལ་ནི་དུག་བཅས་ཀྱིས་ཀྱང་མཚམས་བཟུང་ངོ་། །སློབ་དཔོན་ཉིད་དུ་བྲམ་ཟེའི་རྣལ་འབྱོར་ཆོ་ག་ལ། །གཞན་རྣམས་ཀྱིས་མ་ཐོབ་པ་སྐྱེད་བྱེད་གཤེགས་པར་གྱུར། །ཁྱབ་འཇུག་གི་ནི་གྲགས་པའི་ལས་རྣམས་གང་ཡིན་པ། །དེ་རྣམས་ལ་ནི་དཔའ་བོ་ལ་སོགས་སྟོབས་མེད་གྱུར། །དེ་ཕྱིར་ལང་ཚོ་དང་ནི་

เล่ม ๑๗๒ · หน้า 4b

རིགས་དག་ཚད་མ་ཡིན། །ལ་ལ་ལ་ལར་མཆོག་ཉིད་ཉེར་ཐོབ་འཇིག་རྟེན་ན། །རྒྱལ་དང་དྲང་སྲོང་རྣམས་ཀྱིས་སྔ་མས་མ་བྱས་པ། །དེ་དང་དེ་དག་རྣམས་ནི་བུ་རྣམས་དག་གིས་བྱས། །དེ་ལྟར་གཉིས་སྐྱེས་དེ་རྣམས་ཀྱིས་ནི་ཡིད་ཆེས་ཏེ། །མི་སྐྱོང་དབུགས་འབྱིན་དང་ཡང་མངོན་པར་དགའ་གྱུར་ལ། །

མི་འདོད་ཐེ་ཚོམ་དག་ནི་ཡིད་ལས་རྣམ་བསྩལ་ཏེ། །རབ་ཏུ་དགའ་བ་ཉིད་ལ་ལྷག་པར་འཛེགས་པར་གྱུར། །དགའ་བ་ཡིས་ནི་གཉིས་སྐྱེས་དམ་པ་དེ་རྣམས་ལ། །བཀུར་སྟི་སྔོན་དུ་འགྲོ་བའི་ནོར་རྣམས་རབ་ཕུལ་ཏེ། །ཇི་སྐད་སྨྲས་བཞིན་འདི་ནི་ས་ཡི་བདག་པོར་གྱུར། །རྒས་པ་ཐོས་ནས་ནགས་རྣམས་

སུ་ནི་འགྲོ་བར་ཤོག །དེ་ནས་མཚན་མ་རྣམས་དང་དཀའ་ཐུབ་སྟོབས་ལས་ནི། །སྐྱེ་བ་མཐར་མཛད་བལྟམས་པ་དེ་ནི་རྟོགས་གྱུར་ནས། །དམ་པའི་ཆོས་ལ་གུས་པའི་ཤཱཀྱའི་དབང་ཕྱུག་གི །གནས་སུ་དཀར་མིན་དྲང་སྲོང་ཆེན་པོར་གཤེགས་པར་གྱུར། །ཚངས་པའི་དཔལ་ཉིད་ཀྱིས་ཀྱང་དཀའ་ཐུབ་དཔལ་

གྱིས་ནི། །འབར་བའི་ཚང་རིག་རྣམས་ཀྱི་ཚང་རིག་དེ་ལ་ནི། །རྒྱལ་པོའི་བླ་མས་གུས་པ་དང་ནི་བཀུར་སྟིའི་ཕྱིར། །མི་དབང་ཕོ་བྲང་དུ་ནི་རབ་ཏུ་སྤྱན་དྲངས་སོ། །དེ་ནི་ས་བདག་བཙུན་མོའི་འཁོར་གྱི་ཉེ་ལོགས་སུ། །གཞོན་ནུ་བལྟམས་པ་ལ་ནི་དགའ་བའི་ཤུགས་ཀྱིས་འོངས། །དཀའ་ཐུབ་མཆོག་ལས་དང་

ནི་རྒས་པ་ལ་བརྟེན་ནས། །བརྟན་པ་ནགས་ཀྱི་འདུ་ཤེས་ཀྱིས་ལྟར་རྣམ་པར་ཞུགས། །དེ་ནས་ཐུབ་པ་གདན་ལ་གནས་པ་དེ་ལ་མི་སྐྱོང་གིས། །ཞབས་བསིལ་མཆོད་ཡོན་སྔོན་འགྲོ་ཡང་དག་རབ་མཆོད་ནས། །སྔོན་ཚེ་གནས་མཆོག་ལ་ནི་མཐའ་ཅན་ལྷས་བཞིན་དེས། །ཇི་ལྟར་ཉེ་བར་སྤྱོད་ལ་སྙན་གསན་

ཕབ་པའོ། །བདག་གི་རིགས་ནི་རྗེས་སུ་བཟུང་ཕྱིར་ནོར་ལྡན་དེས། །གང་ཞིག་བདག་ལ་གཟིགས་ཕྱིར་བཅོམ་ལྡན་ཉེར་གཤེགས་ལ། །བཀའ་དྲིན་གནང་བར་མཛོད་ཅིག་ཞི་བ་ཅི་བགྱི་བགྱི། །ཁོ་བོ་སློབ་མ་ལགས་སོ་ཐུགས་རྗེས་མཛད་པར་རིགས། །དེ་ལྟར་མི་སྐྱོང་གིས་ནི་དངོས་པོ་ཐམས་ཅད་ཀྱིས། །

ཉེ་བར་གསོལ་བཏབ་གྱུར་པའི་ཐུབ་པ་ཇི་ལྟ་བཞིན། །རབ་རྒྱས་ཡངས་པའི་སྤྱན་ནི་ཡ་མཚན་དང་བཅས་པས། །ཟབ་བ་དང་ནི་བརྟན་པའི་ཚིག་རྣམས་སྨྲས་པའོ། །ཆོས་འདོད་གཏོང་བ་དང་ལྡན་འགྲོན་ལ་སྡུག་ཅིང་ཕངས། །བདག་ཉིད་ཆེན་པོ་ཁྱེད་ལ་འཐད་པ་འདི་ཡིན་ལ། །སེམས་

เล่ม ๑๗๒ · หน้า 5a

པ་རྗེས་འགྲོ་ཡེ་ཤེས་ལང་ཚོ་རྗེས་མཐུན་པ། །ཁྱོད་ཀྱི་བློ་གྲོས་གཉེན་གང་དེ་ལྟར་བདག་ལ་ཡིན། །དེ་དང་དེ་ནི་གང་གིས་མི་སྐྱོང་དྲང་སྲོང་དེས། །ཕྲ་མོའི་ཆོས་ཀྱི་ནོར་རྣམས་རབ་ཏུ་ཐོབ་བྱས་ནས། །རྟག་པར་ཆོ་ག་བཞིན་དུ་མཆོད་སྦྱིན་བྱས་གྱུར་པ། །དཀའ་ཐུབ་རྣམས་

ཀྱིས་ཕྱུག་ཅིང་ནོར་རྣམས་དག་གིས་དབུལ། །བདག་གི་ཉེ་བར་འོངས་ལ་དགོས་པ་གང་ཡིན་པ། །བདག་གི་དེ་ནི་གསོན་མཛོད་དགའ་བར་ཉེར་སོང་ཁྱེད། །བྱང་ཆུབ་རྟོགས་པའི་ཆེད་དུ་ཁྱོད་ཀྱི་སྲས་བལྟམས་ཞེས། །ལྷ་ཡི་ངག་དག་བདག་གི་ཉི་མའི་ལམ་དུ་ཐོས། །ངག་དེ་ཐོས་ནས་དང་ནི་

ཡིད་ལ་བསྒོམས་ནས་དང་། །མཚན་མ་རྣམས་ཀྱིས་ཤེས་ནས་དེ་ནས་ཉེ་བར་འོངས། །བརྒྱ་བྱིན་གྱི་ནི་རྒྱལ་མཚན་ཡང་དག་བསྒྲེང་བ་བཞིན། །ཤཱཀྱའི་རིགས་ཀྱི་རྒྱལ་མཚན་བལྟ་བར་འདོད་པ་ཡིས། །ཞེས་པའི་ཚིག་འདི་དེ་ལྟར་ཐོས་པར་གྱུར་ནས་ནི། །མི་དབང་རབ་ཏུ་དགའ་བས་ཀུན་ནས་གཡོས་

གྱུར་ཏེ། །ཡུམ་གྱི་པང་དུ་སོན་ལས་གཞོན་ནུ་བླངས་ནས་ནི། །དཀའ་ཐུབ་ནོར་ཅན་ལ་ནི་ཡང་དག་བསྟན་པར་གྱུར། །དེ་ནས་དྲང་སྲོང་ཆེ་དེས་ཞབས་ལ་འཁོར་ལོས་མཚན། །ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་དང་། །གླང་པོ་བཞིན་དུ་མདོམས་ནུབ་སྨིན་མ་མཛོད་སྤུར་བཅས། །

ཡ་མཚན་དང་བཅས་རྒྱལ་པོའི་སྲས་ནི་མཐོང་བར་གྱུར། །ལྷ་མོའི་པང་ན་ཞུགས་པ་མེ་ཡི་བུ་བཞིན་དུ། །མ་མའི་པང་དུ་བཞུགས་པ་མངོན་པར་མཐོང་ནས་ནི། །བྱུང་གྱུར་རྫི་མའི་མཐའ་རུ་མཆི་མ་རྣམས་བྱུང་སྟེ། །དབུགས་མེད་གྱུར་ནས་གྱེན་དུ་ལྟ་ལ་ཞལ་ཕྱོགས་གྱུར། །མིག་དག་མཆི་

མས་ཡོངས་གང་དཀར་མིན་མཐོང་ནས་ནི། །བུ་ལ་བརྩེ་བའི་ཕྱིར་ནི་མི་སྐྱོང་འདར་གྱུར་ཏེ། །མཆི་མ་དང་ནི་གྲེ་བ་ཁ་ཞིང་ལྡབ་ལྡིབ་བཅས། །ཐལ་མོ་སྦྱར་ཞིང་ཡན་ལག་བཏུད་དེ་དྲིས་པར་གྱུར། །གང་གི་ལུས་ནི་ལྷ་ལས་བར་ན་ཅུང་ཟད་ཅིག །རང་གི་སྐྱེ་བ་ངོ་མཚར་མང་པོའི་སྒྲོན་མ་སྟེ། །གང་

གི་དོན་ནི་མཆོག་ཏུ་འགྱུར་བར་སྨྲ་བ་སྟེ། །རབ་ཏུ་མཐོང་ནས་བརྟན་པ་གང་ཕྱིར་མཆི་མ་འོང་། །བཅོམ་ལྡན་གཞོན་ནུ་བརྟན་པའི་ཚེ་ཅན་ཡིན་སྙམ་མམ། །བདག་གི་མྱ་ངན་ཆེད་དུ་སྐྱེས་པ་མིན་ནམ་ཅི། །བདག་ལ་ཆུ་ཡི་སྙིམ་པ་ཅི་ཞིག་ལྟར་རྙེད་དེ། །འདི་ནི་དུས་ཀྱིས་འཐུང་ཕྱིར་ཉེ་བར་འོངས་མ་ཡིན། །

เล่ม ๑๗๒ · หน้า 5b

བདག་གི་སྙན་གྲགས་གཏེར་ནི་མི་ཟད་ཡིན་སྙམ་མམ། །ངེས་པར་བདག་གི་རིགས་ཀྱི་ལག་ནོར་ཡིན་སྙམ་ཅི། །བདེ་བར་ཕ་རོལ་དུ་ནི་རབ་ཏུ་འགྲོ་སྙམ་མམ། །གཉིད་པར་གྱུར་ཀྱང་བུ་ནི་ཕྱེ་བའི་མིག་གཅིག་ཡོད། །བདག་གི་རིགས་ཀྱི་མྱུ་གུ་སྐྱེས་པ་མ་རྒྱས་པར། །ཡོངས་སུ་སྐམས་པའི་སྐལ་བ་

ཅན་ཞིག་མིན་སྙམ་མམ། །ཁྱབ་བདག་མྱུར་བར་གསུངས་ཤིག་བདག་ལ་ཞི་བ་མེད། །གཉེན་འདུན་རྣམས་ཀྱིས་བུ་ལ་བརྩེ་བ་ཁྱེད་ཀྱིས་རིག །དེ་ལྟར་མི་འདོད་བློ་ཡིས་འཁྲུལ་བ་བྱུང་གྱུར་པ། །རིག་ནས་མི་དབང་རྒྱལ་ལ་ཐུབ་པ་དེས་སྨྲས་པ། །བདག་གིས་སྨྲས་པ་གང་དེ་ཐེ་ཚོམ་

མེད་པ་དེ། །མི་སྐྱོང་ཁྱེད་ཀྱི་བློ་གྲོས་གཞན་གང་མ་གྱུར་ཅིག །འདི་ཡི་གཞན་གྱུར་མཚོན་མིན་བདག་གི་རྣམ་འགྱུར་ཏེ། །འོན་ཀྱང་རང་ལ་སླུ་བར་རབ་མཚོན་རྣམ་པར་འཁྲུགས། །སྐྱེ་བ་ཟད་པའི་རྙེད་པར་བླ་མིན་རྟོགས་པ་པོ། །འདི་སྐྱེས་བདག་གི་འགྲོ་བ་ལ་ནི་དུས་ཡིན་ནོ། །རྒྱལ་སྲིད་རྣམ་

པར་སྤངས་ནས་ཡུལ་རྣམས་ལ་མི་གནས། །འབད་པ་དྲག་པོ་རྣམས་ཀྱིས་དེ་ཉིད་ཐོབ་བྱས་ནས། །འདི་ནི་འགྲོ་ལ་གཏི་མུག་མུན་པ་རྣམ་འཇོམས་ཕྱིར། །ཡེ་ཤེས་རང་བཞིན་ཉི་མ་རབ་ཏུ་འབར་བར་འགྱུར། །སྡུག་བསྔལ་རྒྱ་མཚོ་ནད་རྣམས་བཀྲམ་པའི་དབུ་བ་ཅན། །རྒ་བའི་དབའ་

རླབས་འཆི་བའི་ཤུགས་ནི་དྲག་པོ་ལས། །འགྲོ་བ་ཉམ་ཐག་བྱིང་བར་གྱུར་རྣམས་འདི་ཡིས་ནི། །ཡེ་ཤེས་གྲུ་བོ་ཆེན་པོ་ཡིས་ནི་སྒྲོལ་བར་བྱེད། །ཤེས་རབ་ཆུ་ཡི་ཤུགས་ལ་བརྟེན་པའི་ཚུལ་ཁྲིམས་ངོགས། །ཏིང་ངེ་འཛིན་ནི་བསིལ་བའི་བརྟུལ་ཞུགས་ངང་པ་འཕྱོ། །འདི་ཡི་མཆོག་གི་ཆོས་

ཀྱི་ཆུ་བོས་རབ་བསྐོར་ལ། །སྲེད་པས་ཉམ་ཐག་གསོན་པའི་འཇིག་རྟེན་འཐུང་བར་བྱེད། །སྡུག་བསྔལ་གྱིས་ཉམ་ཐག་དང་ཡུལ་གྱིས་བསྒྲིབས་རྣམས་དང་། །འཁོར་བའི་འབྲོག་དགོན་འཇིགས་པར་གནས་པ་རྣམས་ལ་ནི། །ལམ་རབ་ཆུད་ཟོས་རྣམས་ལ་ལམ་འགྲོ་རྣམས་བཞིན་དུ། །

འདིས་ནི་རྣམ་པར་དག་པའི་ལམ་དག་འཆད་པར་འགྱུར། །ཡུལ་གྱི་བུད་ཤིང་ཅན་གྱི་འདོད་ཆགས་མེ་ཡིས་ནི། །འཇིག་རྟེན་སྐྱེ་བོ་རྣམ་པར་བསྲེགས་པར་གྱུར་པ་ལ། །སོས་ཀའི་ཐ་མར་སྤྲིན་ཆེན་གྱིས་ནི་ཆར་བཞིན་དུ། །འདི་ཡི་ཆོས་ཀྱི་ཆར་གྱིས་རབ་ཏུ་སིམ་བྱེད་འགྱུར། །སྲེད་པའི་སྒོ་

เล่ม ๑๗๒ · หน้า 6a

གཏན་མ་རིག་མུན་པའི་སྒོ་གླེགས་ཅན། །སྒོ་ལ་སྐྱེ་དགུ་རྣམས་ཀྱི་འཐོན་པའི་རྒྱུ་ལས་ནི། །འདི་ཡིས་མཆོག་རབ་ཀུན་ནས་རྙེད་པར་དཀའ་བ་ཡི། །དམ་པའི་ཆོས་ཀྱི་སྒྲས་ནི་རྣམ་པར་འབྱེད་པར་འགྱུར། །རང་གི་ལས་ཀྱི་ཞགས་པ་རྣམས་ཀྱིས་ཡོངས་དཀྲིས་ཤིང་། །

སྡུག་བསྔལ་དག་གིས་མངོན་པར་ཟིལ་ནོན་རྟེན་མེད་པའི། །འཇིག་རྟེན་རྣམས་ཀྱི་རྫོགས་པའི་བྱང་ཆུབ་བརྙེས་ནས་ཀྱང་། །ཆོས་ཀྱི་རྒྱལ་པོ་འདིས་ནི་འཆིང་བ་མཐར་མཛད་འགྱུར། །རྨོངས་སམ་འདོད་པའི་བདེ་བ་ཡིས་སམ་རྒྱགས་ལས་རུང་། །འདི་ཡི་མཐར་ཐུག་ཆོས་གང་ཐོས་པར་མི་

བྱེད་པ། །མི་ཡི་འཇིག་རྟེན་འདིར་དེ་མྱ་ངན་བྱ་བའི་གནས། །དེ་ཕྱིར་ཁྱེད་ཉིད་འདི་ལ་མྱ་ངན་མ་བྱེད་ཅིག །ཡོན་ཏན་རྒྱ་མཚོ་འདི་ལས་འཁྲུལ་གྱུར་བདག་གི་ནི། །བསམ་གཏན་རྣམས་ནི་ཐོབ་ཀྱང་དོན་བྱས་མེད་ཉིད་དེ། །དེ་ཡི་དམ་ཆོས་མ་ཐོས་པ་ལ་ཁོ་བོ་ནི། །མཐོ་རིས་དག་ན་

གནས་ཀྱང་ཕུན་ཚོགས་མེད་པ་སྙམ། །དེ་ལྟར་དོན་ཐོས་བཤེས་དང་བཅས་ཤིང་བཙུན་མོར་བཅས། །ཡིད་མི་བདེ་བ་དོར་ནས་མི་དབང་དགར་གྱུར་ལ། །རྣམ་པ་དེ་ལྟར་བདག་གི་བུ་ནི་འདིའོ་ཞེས། །དེས་ནི་བདག་ཉིད་ལ་ནི་སྙིང་པོ་ལྡན་པར་བསམས། །འཕགས་པའི་ཆོས་རྣམས་ཀྱིས་

ཀྱང་འགྲོ་བར་འགྱུར་རོ་ཞེས། །བསམ་པའི་རྣམ་པར་གཟུང་བྱ་སྙིང་ལ་བྱས་གྱུར་ཏེ། །ངེས་པར་འདི་ནི་མི་སྡུག་ཆོས་ཀྱི་ཕྱོགས་མིན་ལ། །རིགས་རྒྱུད་ཉམས་པ་ལས་ནི་འོན་ཀྱང་འཇིགས་པ་མཐོང་། །དེ་ནས་བུ་ལ་རྣམ་པར་འཁྲུགས་པའི་རྒྱལ་པོ་ལ། །བུ་ཡི་ངེས་པའི་དེ་ཉིད་རིག་པར་བྱས་

ནས་སུ། །གུས་བཅས་གྱེན་དུ་གཟུགས་མཐོང་དཀར་མིན་ཐུབ་པ་ནི། །རླུང་གི་ལམ་གྱིས་ཇི་ལྟར་འོངས་པར་གཤེགས་པར་གྱུར། །བློ་གྲོས་བྱས་པའི་སྲིང་མོའི་བུ་ཡང་མཐོང་ནས་ནི། །ཐུབ་པའི་གསུང་མཉན་པ་དང་དེ་ཡི་ལུགས་ལ་ནི། །རྣམ་མང་རྗེས་སུ་བརྩེ་བ་ཡིས་ནི་ལེགས་པ་དེས། །

སྡུག་པའི་བུ་བཞིན་དུ་ནི་སྦྱོར་བ་བྱེད་དུ་བཅུག །སྲས་པོ་སྐྱེས་པས་ཚིམ་པའི་མི་ཡི་བདག་པོ་ཡང་། །ཡུལ་ལ་སོང་བའི་འཆིང་བ་རྣམས་ནི་རྣམ་སྤངས་ཏེ། །སྲས་ཀྱི་ཡིད་འོང་སྲས་པོ་བལྟམས་པའི་ལས་དག་ནི། །རིགས་དང་འདྲ་བར་ཇི་ལྟ་བ་བཞིན་བྱེད་དུ་བཅུག །ཞག་བཅུ་ཡོངས་སུ་འདས་པར་

เล่ม ๑๗๒ · หน้า 6b

གྱུར་པ་ཉིད་ཀྱི་ཚེ། །མཆོག་གི་དགའ་བ་རབ་ལྡན་སྙོམས་པར་གྱུར་པའི་ཡིད། །སྲས་ལས་མཆོག་ཏུ་འགྱུར་ཕྱིར་ལྷ་ཡི་མཆོད་པ་ནི། །བཟླས་བརྗོད་དང་ནི་སྦྱིན་སྲེག་བཀྲ་ཤིས་ལ་སོགས་བྱས། །གཞན་ཡང་བརྒྱ་དང་སྟོང་ཕྲག་ཡོངས་སུ་གང་བའི་གྲངས། །བརྟན་དང་སྟོབས་ལྡན་བུ་རྣམས་

གསེར་གྱི་རྭར་བཅས་ཤིང་། །རྒས་པ་ཉེ་བར་འོངས་མིན་སྭ་མ་ལྡན་པའི་བ། །རང་གི་སྲས་འཕེལ་ཕྱིར་ན་གཉིས་སྐྱེས་རྣམས་ལ་བྱིན། །དེ་ནས་སྙོམས་པའི་བདག་ཉིད་ཀྱིས་ནི་རྣམ་མང་ཡུལ། །རང་སེམས་ཚིམ་པར་བྱེད་པའི་བྱ་བ་རྣམས་བྱས་ནས། །ཡོན་ཏན་ལྡན་ཞིང་དགེ་བའི་ཡུད་ཙམ་ངེས་པ་ན། །

གྲོང་ཁྱེར་རབ་ཏུ་འཇུག་ལ་དགའ་བས་བློ་གྲོས་མཛད། །དེ་ནས་མཆེ་གཉིས་མཆེ་བ་ལས་བྱུང་རིན་ཐང་ཆེ། །དཀར་པོའི་མེ་ཏོག་གིས་སྤྲས་ནོར་བུའི་སྒྲོན། །ཁྲི་ལ་དགེ་བའི་ཕྱིར་ནི་ལྷ་མོ་སྲས་ལྡན་མ། །ལྷ་རྣམས་ལ་ནི་རབ་ཏུ་བཏུད་ནས་བསྙེན་པར་གྱུར། །དེ་ནས་གནས་བརྟན་སྐྱེ་མོ་

རྗེས་འབྲང་སྲས་མགོན་མ། །བདག་པོ་ལྡན་མ་གྲོང་ལ་མདུན་དུ་རབ་ཞུགས་ནས། །མཆོད་ལྡན་ལྷ་ན་ལྷ་རྣམས་ཀྱིས་ནི་བརྒྱ་བྱིན་བཞིན། །མི་བདག་ཉིད་ཀྱང་གྲོང་བའི་ཚོགས་ཀྱིས་གཤེགས་པར་གྱུར། །དེ་ནས་གདོང་དྲུག་སྐྱེས་པས་ཡིད་ཆེས་དབང་ཕྱུག་བཞིན། །ཤཱཀྱའི་རྒྱལ་པོས་གྲོང་

ཁྱེར་རྣམ་པར་ཁྱབ་མཛད་དེ། །ཞལ་ནི་དགའ་བས་རབ་གང་འདི་དང་འདི་ཞེས་པའི། །སྲིད་འཕེལ་རྒྱས་པ་དང་ནི་གྲགས་དང་སྙན་པ་མཛད། །དེ་ནས་མི་ཡི་བདག་པོའི་སྲས་བལྟམས་ཆེར་སྐྱེས་པས། །སེར་སྐྱ་ཞེས་པའི་གྲོང་ཁྱེར་ལྗོངས་དང་བཅས་པ་དེ། །གནོད་སྦྱིན་གྲོང་ན་ཕུན་ཚོགས་འདོད་

བ་སྐྱེས་པ་ན། །ལྷ་ཡི་བུ་མོ་རྣམས་ཀྱིས་བཀྲམ་བཞིན་དགའ་བར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། གཞོན་ནུ་སྐུ་བལྟམས་པའི་ལེའུ་སྟེ་དང་པོའོ།། །།སྐྱེ་དང་རྒ་བ་མཐོང་སོང་བདག་སྐྱེས་བདག་ཕམ་དེའི། །སྐྱེས་པ་ནས་

བརྩམས་མི་ཉིད་ཉི་མས་རྒྱལ་པོ་དེ། །ཆུ་ཡི་ཤུགས་རྣམས་ཀྱིས་ནི་ཆུ་བོ་སིན་དྷུ་བཞིན། །ནོར་དང་གླང་པོ་རྟ་དང་བཤེས་རྣམས་འཕེལ་བར་གྱུར། །ནོར་རྣམས་དང་ནི་རིན་པོ་ཆེ་དང་བཟང་པོའི་གསེར། །དེ་དང་དེ་ནི་བྱས་དང་མ་བྱས་པ་ཉིད་ཀྱང་། །ཡིད་ལ་རེ་བ་ཡི་རང་བཞིན་དུ་ཁུར་གྱུར་པ། །

เล่ม ๑๗๒ · หน้า 7a

དེ་ལ་གཅིག་ཏུ་ཕན་པའི་ཆ་ཤས་གཏེར་རྙེད་གྱུར། །གང་ཞིག་པདྨ་དང་མཚུངས་གཉིས་འཐུང་རྣམས་ཀྱིས་ཀྱང་། །དཀྱིལ་འཁོར་འདི་ལ་ཉེ་བར་འོང་བར་མི་ནུས་པའི། །གངས་དང་ལྡན་པའི་གླང་ཆེན་ཆང་གིས་དྲེགས་དེ་རྣམས། །འབད་པ་ལས་ཀྱང་གཞན་དུ་དེ་ལ་ཉེ་

བར་གནས། །སྣ་ཚོགས་མཚན་མས་མཚན་ཞིང་གསར་བའི་གསེར་སྒ་དང་། །དེ་བཞིན་གཞན་རྣམས་དག་གིས་བརྒྱན་བྱས་རྔོག་མ་འཕྱང་། །སྟོབས་དང་བྱམས་པ་དང་ནི་ནོར་གྱིས་ཐོབ་པ་ཡི། །འདི་ཡི་མགྱོགས་འགྲོ་རྣམས་ཀྱིས་གྲོང་ཁྱེར་ཕྱེ་མར་བྱས། །དེ་བཞིན་འདི་ཡི་ཡུལ་འཁོར་

དུ་ནི་ཚིམ་དང་རྒྱས། །ལེགས་ལ་རྡུལ་ལྡན་ཡོན་ཏན་ལྡན་པ་འོ་མར་ལྡན། །རབ་མཆོག་བེའུ་རྣམས་དང་བཅས་པའི་བ་རྣམས་ནི། །འོ་མ་མང་པོ་འཇོ་བ་མང་པོ་བྱུང་བར་གྱུར། །འདི་ཡི་དགྲ་བོ་དབུས་གནས་ཉིད་དུ་སོང་གྱུར་པ། །དབུས་གནས་གྱུར་པ་མཛའ་བཤེས་ཉིད་དུ་རབ་ཏུ་སོང་། །

ཁྱད་པར་དུ་ནི་བཤེས་གཉེན་བརྟན་པོར་སོང་བ་སྟེ། །འདི་ཡི་ཕྱོགས་དག་གཉིས་ཏེ་དགྲ་ཡང་ཡོད་མ་ཡིན། །དེ་བཞིན་དུ་ནི་འདི་ཡི་འཇམ་རླུང་འབྲུག་གི་སྒྲ། །གློག་གི་ཕྲེང་བ་འཁྱིལ་བ་ཡིས་ནི་བརྒྱན་པའི་སྤྲིན། །རྡོ་ཆར་དང་ནི་ཐོག་ལྷུང་ཉེས་པ་རྣམས་ཀྱིས་གཞན། །ཡུལ་དུ་དུས་ལ་

ལྷ་ཡིས་ཆར་པ་ཕབ་པར་གྱུར། །ཞིང་གི་ལས་ཀྱིས་ངལ་དུབ་བྱེད་པ་ཉུང་ངུས་ཀྱང་། །འབྲུ་ནི་འབྲས་བུ་ལྡན་པ་དུས་སྦྱོར་བཞིན་སྐྱེས་ཏེ། །དེ་རྣམས་ཉིད་ཀྱང་འདི་ཡི་སྨན་དུ་བྱུང་གྱུར་ལ། །བཅུད་དང་སྙིང་པོ་ཡིས་ཀྱང་མངོན་པར་ལྷགས་པ་ཉིད། །གཡུལ་དུ་རབ་ཏུ་ཞུགས་ལ་ཀུན་དུ་འཇོམས་

པ་བཞིན། །ལུས་ལ་ཐེ་ཚོམ་ཟ་བར་བྱེད་པའི་དུས་ན་ཡང་། །རང་བཞིན་གནས་ཤིང་བདེ་བ་ཉིད་དུ་ནད་མེད་པར། །དུས་ཀྱི་དབང་གིས་མི་མོ་རྣམས་ནི་རབ་ཏུ་བཙས། །བརྟུལ་ཞུགས་ལྡན་རྣམས་མ་གཏོགས་ནོར་རྫས་དམན་ན་ཡང་། །མི་རྣམས་ཕ་རོལ་རྣམས་ལས་དོན་དུ་གཉེར་མི་བྱེད། །

མངོན་པར་དོན་དུ་གཉེར་ལ་འཕགས་པ་ནོར་འཕྲ་ཡང་། །དེ་ཚེ་འགའ་ཞིག་དག་ནི་རྒྱབ་ཀྱིས་ཕྱོགས་མ་གྱུར། །དེ་ཚེ་རྒྱལ་པོ་དེ་ཡི་རྒྱལ་སྲིད་ལ་ནི་དགའ། །གཉེན་ལ་ཞེ་ས་མེད་མིན་མི་སྟེར་བ་ཡང་མེད། །བརྟུལ་ཞུགས་མེད་པ་ཉིད་མིན་བརྫུན་མེད་འཚེ་མེད་པ། །སྒྲ་མི་བསྒྲགས་ཀྱི་སྲས་པོ་

เล่ม ๑๗๒ · หน้า 7b

ལྟ་བུ་བྱུང་བར་གྱུར། །དེར་ཡང་སྐྱེད་མོས་ཚལ་དང་ལྷ་གནས་དཀའ་ཐུབ་གནས། །ཁྲོན་པ་རྫིང་དང་དགེ་བཅུ་འདུ་བའི་གནས་རྣམས་ཀྱི། །བྱ་བ་རྣམས་ནི་མཐོ་རིས་བཞིན་དུ་ཉེར་ཐོབ་ནས། །ཆོས་འདོད་རྣམས་ཀྱིས་མངོན་སུམ་དུ་ནི་རབ་ཏུ་མཛད། །མུ་གེ་དང་ནི་འཇིགས་དང་ནད་རྣམས་ལས་

གྲོལ་ཞིང་། །དགར་གྱུར་སྐྱེ་བོ་མཐོ་རིས་གཞན་དུ་མངོན་པར་དགའ། །བདག་མོས་བདག་པོ་ལ་འམ་མོ་ཡིས་བདག་པོར་རུང་། །ཕན་ཚུན་ལོག་པར་མངོན་པར་སྤྱོད་པ་དག་ཀྱང་མེད། །དགའ་བའི་ཆེད་དུ་འདོད་ལ་འགའ་ཞིག་གིས་མ་བསྙེན། །འདོད་པའི་དོན་དུ་ནོར་ནི་འགའ་ཞིག་

གིས་མ་བསྲུངས། །ནོར་གྱི་དོན་དུ་ཆོས་ལ་འགའ་ཞིག་གིས་མ་སྤྱད། །ཆོས་ཀྱི་དོན་དུ་འཚེ་བ་འགའ་ཞིག་གིས་མ་བྱས། །རྐུན་པོ་སོགས་དང་དགྲ་ཡང་ཉམས་པར་རང་གནས་མེད། །ཕ་རོལ་མྱ་ངན་མེད་པ་ཇི་ལྟ་བ་ཉིད་བཞིན། །རང་གི་འཁོར་ལོ་ཕ་རོལ་འཁོར་ལོ་ལས་གྲོལ་ཏེ། །རྒྱལ་པོ་

དེ་ལ་བདེ་དང་ལོ་ལེགས་བྱུང་བར་གྱུར། །དེ་ཡི་ཚེ་ན་རྒྱལ་པོ་དེ་ཡི་རྒྱལ་སྲིད་ལ། །དེ་སྐྱེས་པ་ན་ཉི་མའི་སྲས་པོའི་ཡིད་ཤེས་བཞིན། །དགའ་བར་སྤྱད་པར་གྱུར་ལ་སྡིག་པ་རབ་ཉམས་ཤིང་། །ཆོས་རྣམས་འབར་ཞིང་ཉོན་མོངས་རྣམས་ནི་ཞི་བར་གྱུར། །གང་ཕྱིར་རྣམ་པ་དེ་ལྟར་དོན་ཀུན་

གྲུབ་པ་དང་། །རྒྱལ་པོའི་རིགས་ཀྱི་ཕུན་སུམ་ཚོགས་པ་བྱུང་གྱུར་ཏེ། །དེ་ཕྱིར་མི་སྐྱོང་གིས་ནི་སྲས་པོ་དེ་ཡི་མཚན། །དོན་ཀུན་གྲུབ་པ་ཞེས་བྱ་འདི་ནི་རབ་ཏུ་མཛད། །ལྷ་མོ་སྒྱུ་མ་ཡང་ནི་ལྷ་ཡི་དྲང་སྲོང་མཚུངས། །བུ་ཡི་ནུས་མཐུ་རྣམ་པར་སྤངས་པ་མཐོང་ནས་ནི། །བལྟམས་ལ་རབ་ཏུ་

དགའ་མས་བཟོད་པར་མ་ནུས་ཏེ། །དེ་ནས་གནས་པའི་ཆེད་དུ་ལྟར་ནི་གཤེགས་པར་གྱུར། །དེ་ནས་ལྷ་ཡི་མངལ་དང་མཚུངས་པའི་གཞོན་ནུ་ལ། །བྱམས་པའི་རང་བཞིན་གྱིས་ཀྱང་ཁྱད་པར་མེད་པ་ཡི། །མ་ཡི་ནུ་མོ་མདངས་མཉམ་པ་ཡི་རང་བཞིན་ལ། །ཡང་དག་སྐྱེད་བཙུད་

བདག་ལས་སྐྱེས་པ་ལྟ་བུར་གྱུར། །དེ་ནས་ཉི་མ་གཞོན་ནུ་འཆར་རིར་གནས་འདྲ་དང་། །རླུང་གིས་རབ་ཏུ་བུས་པར་གྱུར་པའི་མེ་བཞིན་དང་། །སྐར་མའི་བདག་པོ་མུན་མིན་ཕྱོགས་ལ་གནས་པ་ལྟར། །གཞོན་ནུ་དེ་ནི་རིམ་གྱིས་ཡང་དག་འཕེལ་བར་གྱུར། །དེ་ནས་རིན་ཐང་ཆེན་པོའི་ཙནྡན་

เล่ม ๑๗๒ · หน้า 8a

རྣམས་དང་ནི། །རིན་ཆེན་ཕྲེང་བ་སྨན་གྱི་སྙིང་པོར་བཅས་རྣམས་དང་། །རི་དྭགས་རབ་ཏུ་སྦྱར་བའི་གསེར་གྱི་ཤིང་རྟ་རྣམས། །འདི་ཡི་ཆེད་དུ་གཤེགས་ཀྱི་ཁྱིམ་རྣམས་དག་ནས་བླངས། །ལང་ཚོ་ཉིད་དང་རྗེས་སུ་མཐུན་པའི་རྒྱན་རྣམས་དང་། །གསེར་གྱི་རང་བཞིན་

རི་དགས་གླང་ཆེན་རྟ་རྣམས་དང་། །གསེར་དང་དངུལ་གྱིས་བྲིས་པའི་མི་ཆུང་གཟུགས་རྣམས་དང་། །ཤིང་རྟ་བ་གླང་བྱུང་དུས་ཡང་དག་སྦྱར་རྣམས་བླངས། །དེ་ནི་ལང་ཚོ་རྗེས་མཐུན་ཡུལ་ལ་ཉེ་སྤྱོད་པ། །དེ་རྣམས་ཀྱིས་ནི་ཡུལ་ལ་ཉེར་སྤྱད་ལ། །དཔའ་དང་བརྟན་པ་ཡིས་དང་བློ་དང་

དཔལ་གྱིས་ཀྱང་། །བྱིས་པ་ཡིན་ཡང་བྱིས་མིན་རབ་མཚུངས་བྱུང་བར་གྱུར། །ལང་ཚོ་གཞོན་ནུ་ཤིན་ཏུ་འདས་ནས་ཡང་དག་པར། །འདུ་བྱེད་ལས་ནི་རབ་ཏུ་ཐོབ་ནས་དུས་སུ་ནི། །ལོ་མང་དག་གིས་རྟོགས་བྱ་ཉིན་ཞག་ཉུང་ངུ་ཡིས། །རང་དང་རྗེས་སུ་མཐུན་པའི་རིགས་པ་

རྣམས་ནི་བླངས། །དྲང་སྲོང་ཆེན་པོ་དཀར་མིན་ལས་ནི་སྔོན་རོལ་དུ། །དེ་ཡི་ཉེས་ལེགས་དོན་གྱི་སྐལ་བ་ཐོབ་ནས་ནི། །ནགས་སུ་གཤེགས་པར་འགྱུར་ཞེས་ཤཱཀྱའི་རྒྱལ་པོ་ཡིས། །འདོད་པ་རྣམས་ལ་ཆགས་པ་སྐྱེད་དུ་བཅུག་པར་གྱུར། །བརྟན་པའི་ཚུལ་ཁྲིམས་སྤྱོད་པ་ཅན་གྱི་

རིགས་དེ་ལ། །ངོ་ཚ་དང་ནི་དུལ་བ་ཉེར་ལྡན་ལེགས་ལྡན་མ། །གྲགས་འཛིན་མ་ཞེས་གྲགས་པ་རྣམ་པར་ཡངས་པ་མ། །བཙུན་མོར་མངོན་པར་བརྗོད་པའི་དཔལ་མོ་འདི་ལ་བླངས། །ཀུན་འགྱེད་གཞོན་ནུ་དང་ནི་རབ་ཏུ་མཚུངས་པ་ཡིས། །མཆོག་གི་ལུས་ཀྱིས་སྣང་ཞིང་

གསལ་བ་དེ་ཉིད་ནི། །ཤཱཀྱའི་རྒྱལ་པོའི་མནའ་མ་དེ་དང་ཐབས་ཅིག་ཏུ། །བདེ་སོགས་མ་དང་མིག་སྟོང་ལྡན་བཞིན་མངོན་པར་དགའ། །ཡིད་ཀྱང་དཔྱོད་པར་བྱེད་ལ་ཅུང་ཞིག་རབ་ལོག་པ། །གང་གིས་མཐོང་མི་འགྱུར་ཞེས་རྗེས་སུ་བསམས་བྱས་ནས། །ས་ལ་རབ་ཏུ་སྤྱོད་

མིན་ལྡིང་ཁང་ལྟོ་ཉིད་དུ། །གནས་དག་མི་སྐྱོང་གིས་ནི་དེ་ལ་རྣམ་པར་བསྟན། །དེ་ནས་གཞལ་མེད་ནམ་མཁར་ས་ལ་སྤྱོད་པ་བཞིན། །སྟོན་ཁའི་དུས་ཀྱི་ཆུ་གཏེར་སྤྲིན་ནི་དཀར་པོ་ཡི། །དུས་སྦྱོར་ཀུན་དུ་བདེ་བའི་གཞི་ཡི་ལྡིང་ཁང་ལ། །བུད་མེད་རྣམས་ཀྱི་སིལ་སྙན་རྒྱ་ཆེན་རྣམས་ཀྱིས་རྣམ་

เล่ม ๑๗๒ · หน้า 8b

པར་གཤེགས། །གསེར་གྱིས་གདམས་པའི་རྔ་ཤིང་ཅན་གྱི་རྫ་རྔའི་སྐད། །མི་མོའི་ལག་པའི་རྩེ་མོས་མངོན་པར་བརྡུངས་པ་ཡི། །ལྷ་མཆོག་མ་ཡི་གར་དང་མཉམ་པའི་གར་རྣམས་ཀྱིས། །ཏི་སེའི་གངས་ལྟར་དེ་ཡི་ཕོ་བྲང་མཛེས་པར་གྱུར། །ངག་དང་གཟོ་དང་རོལ་དང་རྣམ་

འགྱུར་རྣམས་ཀྱིས་ཀྱང་། །རྒྱགས་དང་རྩེ་དང་དགོད་པ་དངར་མོ་རྣམས་ཀྱིས་དང་། །སྨིན་མ་བསྐྱོད་པ་ཡིས་དང་ཕྱེད་མིག་ལྟ་རྣམས་ཀྱིས། །དེ་ལ་དེར་ནི་མི་མོ་རྣམས་ནི་དགའ་བར་གྱུར། །དེ་ནས་དེ་ནི་འདོད་པ་བསྟེན་པར་མཁས་པ་ཡི། །དགའ་བས་དྲེགས་པའི་བུད་མེད་རྣམས་

ཀྱིས་བཟུང་གྱུར་ལ། །གཞལ་མེད་ཁང་ནི་རྒྱབ་ནས་བསོད་ནམས་ལས་ཅན་བཞིན། །གཞལ་མེད་ཁང་ནི་རྒྱབ་ནས་ས་ལ་མ་གཤེགས་སོ། །མི་སྐྱོང་གིས་ཀྱང་དེ་ཉིད་བསྐྱེད་པའི་ཆེད་ལས་ནི། །དེ་ཡི་འབྱུང་བར་འགྱུར་བའི་དོན་གྱིས་བསྐུལ་གྱུར་ཏེ། །སྡིག་པ་ལས་ནི་དགའ་བྲལ་ཞི་ལ་

མངོན་དགའ་ཞིང་། །ལེགས་ལ་སྐལ་བར་བགོས་ཤིང་དུལ་ལ་བསྙེན་པར་གྱུར། །བརྟན་མིན་བཞིན་དུ་འདོད་པའི་བདེ་ལ་མ་ཞེན་ལ། །མ་རུངས་སྐྱེད་མ་ལ་ནི་ཡང་དག་ཆགས་མ་གྱུར། །བརྟན་པས་དབང་པོའི་རྟ་ནི་སྟོབས་ལས་རྣམ་ཐུལ་ཞིང་། །གཉེན་དང་གྲོང་ཁྱེར་པ་རྣམས་ཡོན་ཏན་རྣམས་ཀྱིས་

རྒྱལ། །གཞན་གྱི་སྡུག་བསྔལ་ཕྱིར་ནི་རིག་པ་མ་བརྗོད་ལ། །ཡེ་ཤེས་དགེ་བ་གང་ཡང་དེ་ལ་ལྷག་པར་བརྗོད། །དེས་ནི་རང་གི་སྐྱེ་དགུ་རྣམས་ལ་ཇི་ལྟ་བར། །དེ་ལྟར་སྐྱེ་དགུ་རྣམས་ལ་དགེ་བའི་བསྔགས་པ་མཛད། །སྐར་མ་རྒྱལ་སྣང་ཤེས་ལྡན་སྲས་པོ་ལྷག་པའི་ལྷ། །ཇི་ལྟ་བར་ནི་དེ་ཡི་ཚེ་རིང་ཕྱིར་མཆོད་དེས། །ཆུང་མིན་མེ་ལ་

བསྲེག་བྱ་རྣམས་ནི་བསྲེགས་གྱུར་ལ། །གཉིས་སྐྱེས་རྣམས་ལ་གསེར་དང་བ་ལང་རྣམས་ཀྱང་བྱིན། །འགྲམ་སྟེགས་ཆབ་རྣམས་ཀྱིས་དང་ཡོན་ཏན་ཆབ་རྣམས་ཀྱིས། །གཙང་སྦྲའི་ཆེད་དུ་ལུས་དང་ཡིད་ལ་ཁྲུས་བྱས་ཏེ། །རིག་བྱེད་དུ་ནི་ཉེ་བར་བསྟན་པའི་ཆང་རྣམས་དང་། །ཞི་བ་བདག་

སྐྱེས་སྙིང་ལ་ཞི་བའི་བདེ་ལ་འཐུང་། །གང་ཞིག་དོན་དང་མི་ལྡན་ཞི་བ་མ་སྨྲས་ལ། །གང་ཞིག་དགའ་བ་དང་བྲལ་དེ་ཉིད་མ་བརྗོད་དེ། །ཞི་བ་དེ་ཉིད་མེད་དང་རྩུབ་པའི་དེ་ཉིད་ཕྱིར། །ངོ་ཚ་བ་ཡིས་བདག་ཉིད་ཁོ་ན་བརྗོད་མ་ནུས། །དོན་ལྡན་འདོད་པ་རྣམས་དང་མི་འདོད་པ་རྣམས་ལ། །ཆགས་

เล่ม ๑๗๒ · หน้า 9a

པའི་སྐྱོན་ལ་བརྟེན་ནས་རབ་ཏུ་འཐོབ་མིན་ཏེ། །དགེ་བའི་ཐ་སྙད་གཙང་མ་ལ་ནི་བསྙེན་གྱུར་ལ། །མཆོད་སྦྱིན་ལ་ཡང་མ་མོས་དེ་ལྟར་ཇི་ལྟ་བཞིན། །སྲེད་པ་དང་ལྡན་མངོན་པར་འོངས་པ་དེ་མ་ཐག །སྦྱིན་བྱ་ཆུ་འདྲ་རྣམས་ཀྱིས་སྐོམ་པ་བཅད་གྱུར་

ལ། །གཡུལ་ལས་མ་གཏོགས་ཡེ་ཤེས་ཀྱི་ནི་སྟ་རི་ཡིས། །དགྲ་བོ་རྣམས་ཀྱི་ང་རྒྱལ་ཆེན་པོ་བཅོམ་པར་གྱུར། །གཅིག་ནི་རྣམ་པར་དུལ་ལ་དེས་ནི་མདུན་བསྲུངས་ཤིང་། །བདུན་པོ་ཉིད་ནི་དོན་ལ་ལྔ་པོ་དག་ནི་བསྲུངས། །སྡེ་ཚན་གསུམ་པོ་ཐོབ་ལ་སྡེ་ཚན་གསུམ་རྟོགས་

ཤིང་། །སྡེ་ཚན་གཉིས་པོ་ཤེས་ལ་སྡེ་ཚན་གཉིས་པོ་སྤངས། །ཉེས་པ་བྱས་ཀྱང་རབ་ཏུ་བསྐྱངས་ནས་གཞོམ་བྱ་ལ། །འཚེ་བར་མི་བྱེད་ཁྲོ་བས་ཀྱང་ནི་གཟིགས་མ་ཡིན། །དེ་རྣམས་དག་ལ་འབྲས་བུ་ཞི་བས་བཅིངས་གྱུར་ལ། །དེ་རྣམས་དག་ནི་འདོར་བ་ཚུལ་མ་ཡིན་ཕྱིར་མཐོང་། །

དྲང་སྲོང་རྣམས་ཀྱིས་མཆོག་གི་བརྟུལ་ཞུགས་སྤྱད་གྱུར་ལ། །ཡུན་རིངས་ཡང་དག་བཟུང་བའི་ཤ་ཁོན་ཞུགས་རྣམས་དོར། །ཡོན་ཏན་དྲི་ལྡན་སྙན་དངགས་རྣམས་ནི་ཐོབ་གྱུར་ལ། །དྲི་མ་ཅན་དུ་བྱེད་པའི་རྡུལ་རྣམས་རྣམ་པར་དོར། །རབ་ཏུ་མི་གནས་གཏོར་མའི་དཔྱ་ནི་མ་བླངས་

ལ། །ཕ་རོལ་དངོས་པོ་རྣམས་ལ་མངོན་པར་རློམ་མ་བྱས། །དགྲ་རྣམས་ལ་ནི་ཆོས་མ་ཡིན་པ་མ་སྨྲས་ལ། །ཁྲོ་བ་རྣམས་ནི་སྙིང་གིས་གཟུང་བ་མ་ཡིན་ནོ། །ཞི་བའི་བདག་ཉིད་སེམས་ནི་རྣམ་པར་རབ་དང་ལ། །རྣལ་འབྱོར་རབ་ཏུ་ལྡན་པའི་དབང་པོ་རྣམས་ཅི་ལྟར། །དེར་ནི་

དེ་ལྟར་ས་བདག་རབ་ཏུ་སྒྱུར་བ་ཅན། །འབངས་དང་གྲོང་ཁྱེར་བ་རྣམས་དེ་ལྟ་ཉིད་དུ་བྱས། །དེ་ནས་མཛེས་པའི་འོ་མ་འཛིན་པ་དང་ལྡན་མ། །གྲགས་འཛིན་མ་ནི་རང་གི་གྲགས་པ་འཛིན་མ་ལ། །ཟས་གཙང་སྲས་པོའི་སྲས་པོ་སྒྲ་གཅན་སྒྲ་ཡི་ཞལ། །སྒྲ་གཅན་འཛིན་ཞེས་བྱ་བ་

དུས་སུ་སྐྱེས་པར་གྱུར། །དེ་ནས་འདོད་པའི་བུ་མངའ་མཆོག་གི་ཡིད་ཆེས་ཏེ། །རིགས་རྒྱུད་འཕེལ་བ་རབ་མཚོན་ས་སྐྱོང་རྒྱལ་པོ་ནི། །ཇི་ལྟ་ཉིད་དུ་སྲས་པོ་རབ་ཏུ་སྐྱེས་ལ་དགའ། །དེ་ལྟ་ཉིད་དུ་སྲས་པོའི་སྲས་པོ་སྐྱེས་ལ་དགའ། །བདག་གི་བུ་ཡི་བུར་གྱུར་པ་ལ་བརྩེ་བ་ནི། །བདག་

เล่ม ๑๗๒ · หน้า 9b

བཞིན་གང་ལས་ཡིན་ཞེས་དགའ་བ་སྐྱེས་གྱུར་ཏེ། །དུས་སུ་དེས་ནི་ཆོ་ག་དེ་དང་དེ་དམིགས་ཤིང་། །བུ་ལ་དགའ་བ་མཐོ་རིས་བཞིན་དུ་འཛེགས་པར་གྱུར། །རྒྱལ་པོའི་ཁྱུ་མཆོག་གྲགས་དང་སྙན་པས་མཚན་རྣམས་ཀྱིས། །དང་པོའི་སྐལ་བ་རྣམས་ཀྱི་ལམ་ལ་གནས་ནས་ནི། །དཀར་

པོ་མ་དོར་དཀའ་ཐུབ་རྣམས་ལ་དཀའ་ཐུབ་དང་། །འཚེ་བ་དོར་བའི་མཆོད་སྦྱིན་རྣམས་ཀྱིས་མཆོད་པར་གྱུར། །རྒྱལ་པོའི་དཔལ་གྱིས་དང་ནི་དཀའ་ཐུབ་དཔལ་གྱིས་ཀྱང་། །བསོད་ནམས་ལས་ཅན་དེ་ནི་དེ་ནས་འབར་གྱུར་ལ། །རིགས་དང་བློ་དང་མཛད་སྤྱོད་ཀྱིས་ཀྱང་གསལ་བ་སྟེ། །

གཟི་བརྗིད་སྟོང་གི་འོད་ཟེར་བཞིན་དུ་རབ་ཏུ་འཕྲོ། །རང་བྱུང་ལས་བྱུང་མཆོད་བྱེད་སྔགས་ནི་མཆོད་བྱས་ནས། །སྲས་གནས་ཆེད་དུ་བརྟན་པའི་དཔལ་གྱིས་བཟླས་བྱས་ཤིང་། །དཀའ་ཐུབ་བྱེད་པའི་ལས་རྣམས་བྱས་གྱུར་སྐྱེ་དགུ་རྣམས། །སྐྱེད་འདོད་སྐྱེ་དགུའི་བདག་བཞིན་དང་པོའི་དུས་སུའོ། །

མཚོན་ཆ་སྤངས་ཤིང་བསྟན་བཅོས་རྣམ་པར་ཤེས་གྱུར་ལ། །ཉེ་བར་ཞི་ལ་བསྙེན་ཞིང་ངེས་ལ་རྣམ་པར་བཟོད། །དབང་ལྡན་བཞིན་དུ་ཡུལ་རྣམས་གང་ལ་མ་བསྙེན་ལ། །ཡབ་མེས་བཞིན་དུ་ཡུལ་རྣམས་ཀུན་ལ་གཟིགས་པར་གྱུར། །དེས་ཀྱང་བུ་ཡི་ཆེད་དུ་རྒྱལ་སྲིད་བཟུང་གྱུར་ལ། །བུ་ནི་

རིགས་ཀྱི་དོན་དུ་རིགས་ནི་གྲགས་པའི་ཕྱིར། །གྲགས་པ་མཐོ་རིས་ཆེད་དུ་མཐོ་རིས་བདག་ཉིད་ཕྱིར། །ཆོས་ཀྱི་དོན་དུ་བདག་ཉིད་གནས་ལ་འདོད་པར་འགྱུར། །དེ་ལྟར་དེས་ནི་དམ་པ་རྣམས་ཀྱིས་ངེས་ཐོབ་པའི། །ཐོས་པ་ལས་གྲུབ་ཆོས་ནི་རྣམ་པ་སྣ་ཚོགས་བྱས། །གང་ལས་བདག་

གི་བུས་ནི་བུ་ཡི་ངོ་མཐོང་ནས། །ནགས་ཚལ་ཉིད་དུ་འགྲོ་མི་འགྱུར་ཞེས་མགོན་བསླངས་སོ། །བདག་ལ་ཡང་དག་བླངས་པའི་དཔལ་ནི་སྲུང་འདོད་པའི། །ས་སྐྱོང་རྣམས་ཀྱིས་ས་ལ་བུ་ནི་བསྲུང་བ་སྟེ། །ཆོས་ནི་འདོད་པའི་མ་ཡི་དབང་པོ་དེ་ཡིས་ཀྱང་། །ཡུལ་རྣམས་འདོར་བ་

མེད་པར་བུ་ནི་ཆོས་ལས་བསྲུངས། །བྱང་ཆུབ་སེམས་དཔའ་ཡུལ་ལ་བདེ་བའི་རོ་ཤེས་ཐམས་ཅད་ཀྱང་། །སྲས་སྐྱེད་པ་ན་དཔེ་མེད་སེམས་པ་ནགས་སུ་གཤེགས་གྱུར་ཏེ། །དེ་ཕྱིར་ཉེ་བར་བསགས་པའི་ལས་ནི་རྩ་ནས་སྐྱེད་པའི་ཕྱིར། །དེ་ནི་ཞི་བ་མ་ཐོབ་དེ་སྲིད་དགའ་བ་བསྙེན་པར་གྱུར། །

เล่ม ๑๗๒ · หน้า 10a

སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བཙུན་མོའི་འཁོར་ན་གནས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རེ་ཞིག་དུས་ན་འཇམ་པོའི་རྩྭ་རྣམས་དང་། །ཁུ་བྱུག་ཕོ་ནི་གྱེན་དུ་སྐད་འདོན་རྐང་འཐུང་རྣམས། །གླུ་

རྣམས་དང་ནི་ངེས་ལྡན་སྐྱེད་མོས་ཚལ་རྣམས་ནི། །པདྨའི་འབྱུང་གནས་ཀྱིས་བརྒྱན་དེས་ནི་ཐོས་པར་གྱུར། །དེ་ནས་བུད་མེད་སྐྱེ་བོ་རྣམས་ནི་དགའ་བ་ཡི། །གྲོང་ཁྱེར་སྐྱེད་མོས་ཚལ་གྱི་ཡིད་འོང་དངོས་ཐོས་ཏེ། །ཁྱིམ་གྱི་ནང་དུ་མངོན་པར་བཀག་པའི་གླུ་བཞིན་དུ། །ཕྱི་རོལ་རབ་

ཏུ་འགྲོ་བའི་ཆེད་དུ་བློ་མཛད་དོ། །དེ་ནས་སྲས་སུ་མངོན་བརྗོད་ཡིད་འོང་དེ་ཡི་ནི། །དགོངས་པ་མི་སྐྱོང་གིས་ནི་ངེས་པར་ཐོས་གྱུར་ནས། །བརྩེ་བའི་ཕུན་སུམ་ཚོགས་པས་ལང་ཚོར་འོངས་པ་རུ། །ལྟད་མོ་དག་ལ་རྣམ་པར་གཤེགས་པར་བཀའ་སྩལ་ཏོ། །གཞོན་ནུ་ཤིན་ཏུ་གཞོན་ནུའི་

སེམས་དང་ལྡན་པ་ནི། །ཡང་དག་སྐྱོ་བའི་སེམས་སུ་མ་གྱུར་ཞེས་སེམས་ཞིང་། །ཉམ་ཐག་ཐ་དད་སྐྱེ་བོ་ཀུན་ནས་འདུས་པ་ནི། །རྒྱལ་པོའི་ལམ་དུ་ཕྱིར་ལ་རྣམ་པར་ཟློག་པ་སྟེ། །ཉིང་ལག་དམན་པ་རྣམས་དང་དབང་པོ་མ་ཚང་རྣམས། །འཁོགས་པ་ནད་པ་ལ་སོགས་བཀྲེན་རྣམས་ཕྱོགས་རྣམས་

སུ། །དེ་ནས་མཆོག་ཏུ་ཞི་བས་ཡང་དག་རབ་སྟོན་ནས། །རྒྱལ་པོའི་ལམ་རྣམས་དག་ནི་མཆོག་ཏུ་མཛེས་པར་བྱས། །དེ་ནས་དཔལ་ལྡན་རྒྱལ་པོའི་ལམ་ནི་བྱས་པ་ན། །དཔལ་ལྡན་རྣམ་པར་དུལ་བ་རྗེས་འབྲངས་གཞོན་ནུ་ནི། །གཞལ་ཡས་ཁང་པའི་ལོགས་ནས་དུས་སུ་མངོན་བབས་ནས། །

མངོན་པར་རྗེས་གནང་བྱས་པ་མི་སྐྱོང་ལ་མངོན་གཤེགས། །དེ་ནས་མི་དབང་བུ་ལ་མཆི་མ་བྱུང་གྱུར་ཏེ། །མགོ་ལ་ཉེ་བར་བསྣམས་ཏེ་ཡུན་རིངས་རྣམ་གཟིགས་ནས། །སོང་ཅིག་ཅེས་ནི་ཚིག་གི་བཀའ་དག་སྩལ་གྱུར་ལ། །བརྩེ་བ་དག་ལས་དེ་ནི་ཡིད་ཀྱིས་མ་བཏང་ངོ་། །དེ་ནས་དེ་

ནི་འཛམ་བུ་ཆུ་གསེར་སྒ་འཛིན་པའི། །ལེགས་པར་བསླབས་པའི་མགྱོགས་འགྲོ་བཞི་ཡིས་སྦྱར་བ་ཡི། །དབང་པོ་མ་ཉམས་མཁས་ཤིང་གཙང་ལ་འོད་ཟེར་འཆང་། །གསེར་གྱི་རང་བཞིན་ཤིང་རྟ་ལ་ནི་ཡང་དག་འཛེགས། །དེ་ནས་འབྲས་སྤོས་མེ་ཏོག་འབར་བ་རབ་བཀྲམ་ཞིང་། །ཕྲེང་བ་

เล่ม ๑๗๒ · หน้า 10b

རྣམ་དཔྱངས་རབ་ཏུ་གཡོ་བའི་བ་དན་ཅན། །ཟླ་བ་སྐར་མ་དང་བཅས་བར་སྣང་ལ་བཞིན་དུ། །འདྲ་བ་རྗེས་འབྲང་ལམ་ནི་རབ་ཏུ་ཐོབ་པར་གྱུར། །ཡ་མཚན་གྱུར་ལས་རབ་ཏུ་རྒྱས་པའི་མིག་རྣམས་ནི། །ཨུཏྤལ་སྔོན་པོའི་ཕྱེད་འདྲ་རྣམས་ཀྱིས་བཀྲམ་པ་ནི། །རྒྱལ་པོའི་ལམ་ལ་དལ་བུ་

དལ་བུས་གཤེགས་གྱུར་ཏེ། །གྲོང་ཁྱེར་སྐྱེ་བོ་རྣམས་ཀྱིས་ཀུན་ནས་མངོན་པར་དགའ། །ཁ་ཅིག་དེ་ལ་ཞི་བའི་ཡོན་ཏན་གྱིས་བསྟོད་ལ། །དེ་བཞིན་གཞན་རྣམས་གསལ་བ་ཉིད་ཀྱིས་ཕྱག་འཚལ་ཞིང་། །ཁ་ཅིག་དག་ནི་འདི་ལ་མངོན་དུ་ཕྱོགས་ནས་ཀྱང་། །དཔལ་དང་ཚེ་ཡི་རྣམ་པར་རྒྱས་ལ་

ཤིས་པ་བརྗོད། །ཞར་བ་སྒུར་པོ་ནད་པ་མིའུ་ཐུང་རྣམས་ཀྱི་ས། །ཚོགས་པ་རྣམས་ནི་རིགས་ཆེན་རྣམས་ལ་ངེས་དྲལ་ནས། །མི་མོ་རྣམས་ནི་ངེས་པར་ཞུགས་གནས་ཕྲ་རྣམས་ལས། །ལྷ་ཡི་རྗེས་འགྲོ་རྒྱལ་མཚན་བཞིན་དུ་རབ་ཏུ་བཏུད། །དེ་ནས་གཞོན་ནུ་ངེས་པར་གཤེགས་ཞེས་

གཏམ་དག་ནི། །བསྒོ་བྱ་སྐྱེས་ལས་བུད་མེད་རྣམས་ཀྱིས་ཐོབ་གྱུར་ན། །བཀུར་འོས་སྐྱེ་བོས་མངོན་པར་རྗེས་གནང་བྱས་པ་རྣམས། །བལྟ་བར་འདོད་པས་ལྡིང་ཁང་ཤོད་དུ་སོང་བར་གྱུར། །ཡོན་ཏན་སྐ་རགས་བྲུལ་ཞིང་གེགས་བྱས་དེ་རྣམས་ནི། །གཉིད་ལོག་རབ་ཏུ་སད་པས་ལྟ་

བྱེད་འཁྲུགས་པ་རྣམས། །གནས་ལུགས་གཏམ་གྱིས་རྣམ་པར་བརྒྱན་རྣམས་རྣམ་གཞག་སྟེ། །ཡ་མཚན་གྱུར་པས་དོགས་མེད་པར་ནི་ཡོངས་སུ་སོང་། །གཞལ་ཡས་ཁང་གི་སྐས་ཀྱི་འོག་གི་སྒྲ་རབ་དང་། །དྲིལ་ཆུང་སྒྲ་རྣམས་དང་ནི་གདུ་བུའི་སྒྲ་རྣམས་ཀྱིས། །རྣམ་པར་སྐྲག་གྱུར་ཁྱིམ་གྱི་

བྱ་ཡི་ཚོགས་རྣམས་ནི། །ཕན་ཚུན་ཤུགས་རྣམས་ལས་ཀྱང་ཡང་དག་ཀུན་ནས་གཏོར། །གང་ཞིག་འདིར་ནི་ཡན་ལག་རབ་མཆོག་མ་རྣམས་ནི། །མྱུར་བ་རབ་ཏུ་སྐྱེས་གྱུར་ཙམ་ཙམ་སྐྱེས་རྣམས་ཀྱིས། །ལོ་མ་འཛིན་རྣམས་རྒྱས་ཤིང་སྐྱེད་སྨད་ཤིང་རྟ་ནི། །ཡངས་པ་རྣམས་ཀྱིས་ལྕི་བ་ཉིད་ཕྱིར་

འགྲོ་བ་བཟུང་། །མཐའ་གཅིག་ལེགས་པར་རབ་ཏུ་སྦྱར་བའི་རྒྱན་རྣམས་ནི། །རྣམ་པར་སྦས་པ་རྣམ་པར་གསལ་བས་ངོ་ཚ་བས། །སྐྱེན་པོར་འགྲོ་བར་ནུས་པ་ཡིན་ཡང་གཞན་མ་ཡིན། །འགྲོ་བ་ངེས་པར་བཟུང་སྟེ་མྱུར་མིན་སོང་བར་གྱུར། །ཕན་ཚུན་རབ་ཏུ་བཅེར་བས་རིལ་པོར་གྱུར་པ་

เล่ม ๑๗๒ · หน้า 11a

རྣམས། །ཡང་དག་དྲུད་ལས་བསྐྱོད་གྱུར་རྣ་ལུང་འཁྱིལ་བ་ཅན། །དེ་དག་རྣམས་ཀྱི་དེ་ཚེ་སྒྲ་བཅས་རྒྱན་རྣམས་ནི། །རླུང་བགྲོད་སྐར་ཁུང་རྣམས་སུ་རབ་ཏུ་ཞི་བར་གྱུར། །རླུང་བགྲོད་སྐར་ཁུང་རྣམས་ལས་རྣམ་པར་འཐོན་པ་རྣམས། །ཕན་ཚུན་ཐང་ཆེན་གྱུར་པའི་རྣ་

ལུང་འཁྱིལ་བ་རྣམས། །བུད་མེད་རྣམས་ཀྱི་འདམ་སྐྱེས་འདྲ་བའི་འདམ་སྐྱེས་ཞལ། །ལྡིང་ཁང་རྣམས་སུ་བཀོད་པ་རྣམས་ནི་རྣམ་པར་མཛེས། །དེ་ནས་ཁང་བཟངས་ལང་ཚོ་མ་རྣམས་ཀྱིས་ཁྱབ་ཅིང་། །ཡ་མཚན་ལ་ནི་རབ་ཕྱེ་སྐར་ཁུང་རྣམས་ཀྱིས་ནི། །ལྷ་མོ་དང་བཅས་གཞལ་མེད་

རྣམས་ཀྱི་ནམ་མཁའ་བཞིན། །དཔལ་དང་ལྡན་པའི་གྲོང་ཁྱེར་ཀུན་ནས་མཛེས་པར་གྱུར། །སྐར་ཁུང་རྣམས་ཀྱིས་རྣམ་པར་ཡངས་པ་མ་ཡིན་ལས། །ཕན་ཚུན་འགྲམ་པར་བཀོད་པའི་རྣ་ལུང་ཅན་རྣམས་ཀྱིས། །འདམ་སྐྱེས་པདྨ་རྣམས་ཀྱི་ཚོགས་རྣམས་བཅིངས་པ་བཞིན། །རབ་

མྱོས་མཆོག་མ་རྣམས་ཀྱི་ཞལ་ནི་མཛེས་པར་གྱུར། །གཞོན་ནུ་དེ་ལ་ལམ་དུ་རྣམ་པར་བལྟ་བ་ཡི། །བུད་མེད་དེ་རྣམས་ས་ལ་འགྲོ་འདོད་ལྟར་མཛེས་ཤིང་། །གྱེན་དུ་གདོང་ཕྱོགས་དེ་ལ་རབ་ཏུ་ལྟ་བ་ཡི། །མི་རྣམས་གནམ་ལ་འགྲོ་བར་འདོད་བཞིན་མཛེས་པར་གྱུར། །ལུས་དད་དཔལ་

གྱིས་མཆོག་ཏུ་འབར་བར་གྱུར་པ་ཡི། །རྒྱལ་པོའི་སྲས་དེ་མཐོང་ནས་བུད་མེད་དེ་རྣམས་ནི། །ངེས་པར་དགོངས་པ་གཞན་མིན་བསམ་པ་དག་པ་ཡིས། །འདི་ཡི་ཆུང་མ་སྐལ་བ་བཟང་ཞེས་དལ་བུས་སྨྲ། །གཟུགས་ཀྱི་དངོས་སུ་མེ་ཏོག་ཏོག་ཅན་དང་མཚུངས་ཤིང་། །རྣམ་པར་རིང་ཞིང་

རྒྱས་པའི་དཔུང་པ་ཅན་འདི་ནི། །དཔལ་ཉིད་དོར་ནས་ཆོས་ལ་ཉེ་བར་གཤེགས་ཞེས་ཏེ། །དེ་ལ་དེ་དག་རྣམས་ཀྱིས་ཞེ་ས་ཁོ་ན་བྱས། །རྣམ་པར་དུལ་ལ་གཙང་ཞིང་བརྟན་པའི་ཆ་ལུགས་ཅན། །གྲོང་པ་རྣམས་ཀྱིས་དེ་ལྟར་རྒྱལ་པོའི་ལམ་ཁྱབ་པ། །དེ་ནི་སྔོན་དུ་གཞོན་ནུས་མཐོང་ནས་

དགའ་བས་ཏེ། །བདག་གི་སྲིད་པ་གཞན་མ་ཅུང་ཞིག་བརྟགས་པ་འདྲ། །གྲོང་ཁྱེར་དེ་ཡང་མཐོ་རིས་བཞིན་དུ་རབ་དགའ་བ། །མངོན་པར་གཟིགས་ནས་གཙང་མར་གནས་པའི་ལྷ་རྣམས་ཀྱིས། །ས་གཞི་སྐྱོང་བའི་སྲས་པོ་ཡང་དག་བསྐུལ་དོན་དུ། །འཁོགས་པའི་མི་རྒན་རབ་ཏུ་འགྲོ་བར་

เล่ม ๑๗๒ · หน้า 11b

སྤྲུལ་གྱུར་ཏོ། །དེ་ནས་གཞོན་ནུ་ཡིས་ནི་རྒ་བས་ཟིལ་ནོན་ཞིང་། །མི་རྣམས་ལས་ནི་ཐ་དད་དབྱིབས་ཅན་དེ་གཟིགས་ནས། །གཡོ་བ་མེད་ཅིང་དེ་ཉིད་དུ་ནི་ཞུགས་པའི་སྤྱན། །ཆགས་པར་གྱུར་ཅིང་ཁ་ལོ་འཛིན་པ་ལ་སྨྲས་སོ། །མངོན་པར་ཉེར་འོངས་མི་དེ་སུ་ཡིན་འདྲེན་པ་ཀྱེ། །སྐྲ་རྣམས་

དཀར་ཞིང་དབྱུག་པ་ལ་ནི་ལག་པས་བརྟེན། །སྨིན་མས་ཀུན་ནས་མིག་གཡོགས་འཁོགས་ཤིང་ཡན་ལག་དྲུད། །རྣམ་འགྱུར་འདི་ནི་ཐ་མལ་གང་འདོད་ཡིན་ནམ་ཅི། །དེ་སྐད་ཅེས་སྨྲ་ཤིང་རྟ་རབ་ཏུ་འདྲེན་པ་པོ། །ལྷ་མཆོག་དེ་རྣམས་ཉིད་ཀྱི་བློ་ནི་རྨོངས་བྱས་ཤིང་། །དོན་ནི་བསྲུང་བྱ་

ཡིན་ཡང་སྐྱོན་མེད་མཐོང་གྱུར་ཏེ། །དེ་ཡིས་ས་སྐྱོང་བདག་ཉིད་སྐྱེས་ལ་ངེས་པར་གསོལ། །གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟ་བ་པོ། །རྒན་པ་རྣམས་ཀྱི་འཇོམས་བྱེད་མྱ་ངན་རྣམས་ཀྱི་ས། །དྲན་པ་རྣམས་ཀྱི་ཉམས་བྱེད་དབང་པོ་རྣམས་ཀྱི་དགྲ། །འདི་ནི་རྒས་པ་ཞེས་བྱ་གང་གིས་

འདི་བཅོམ་མོ། །འདིས་ཀྱང་བྱིས་པ་ཉིད་དང་འོ་མ་འཐུང་གྱུར་ཅིང་། །དུས་ཀྱི་ས་ལ་ཡོངས་སུ་གཉིད་ལོག་གྱུར་པ་སྟེ། །རིམ་གྱིས་ལུས་རབ་ལྡན་པའི་ལང་ཚོར་གྱུར་ནས་ཀྱང་། །རིམ་གྱིས་དེ་ཉིད་ཁོ་ནས་རྒ་བར་ཉེ་བར་སོང་། །དེ་སྐད་ཅེས་སྨྲས་རྒྱལ་པོའི་བདག་ཉིད་སྐྱེས་པ་སྟེ། །ཅུང་ཞིག་འདར་

ལ་ཁ་ལོ་སྒྱུར་ལ་འདི་སྐད་སྨྲས། །སྐྱོན་འདི་ཁོ་བོ་ལ་ཡང་འབྱུང་བ་མིན་ནམ་ཅི། །དེ་བཞིན་འདི་ལ་ཁ་ལོ་སྒྱུར་བ་ཡིས་གསོལ་ཏོ། །འདི་ནི་ན་ཚོད་རབ་མཆོག་ཚེ་དང་ལྡན་པའི་ཡང་། །གདོན་མི་ཟ་བར་དུས་ཀྱི་དབང་གིས་འབྱུང་བར་འགྱུར། །དེ་བཞིན་རྒས་པ་གཟུགས་ཀྱི་རྣམ་པར་ཉམས་པ་

བོར། །འཇིག་རྟེན་པ་ཡི་ཤེས་པ་ཉིད་དང་མཐོང་བ་ཉིད། །དེ་ནས་སྔོན་གྱི་བསམ་པ་དག་པའི་བློ་མངའ་བ། །རྣམ་རྒྱས་བསྐལ་པར་བསགས་པའི་བསོད་ནམས་ལས་ཅན་དེ། །རྡོ་རྗེ་ཆེན་པོའི་སྒྲ་ལ་ཉེ་བར་བ་ལང་བཞིན། །རྒས་པ་ཐོས་ནས་གཞོན་ནུ་ཀུན་ནས་ཡི་མུག་གྱུར། །དབུགས་ནི་རིང་དུ་

བརྒྱུས་ནས་རང་གི་མགོ་བསྒུལ་ཞིང་། །འཁོགས་པ་དེ་ལ་སྤྱན་ནི་རྣམ་པར་ཞུགས་ནས་སུ། །རྒ་བ་དང་བཅས་སྐྱེ་བ་དེ་རྣམས་གཟིགས་གྱུར་ནས། །སེམས་ནི་ཁོང་དུ་ཆུད་པ་དེ་ཡིས་ཚིག་འདི་སྨྲས། །དྲན་པ་དང་ནི་གཟུགས་དང་ཕ་རོལ་གནོན་པ་ཡང་། །དེ་ལྟར་རྒས་པས་རྣམ་དཔྱོད་མེད་པར་

เล่ม ๑๗๒ · หน้า 12a

འཇོམས་པས་ཏེ། །འདི་ལྟ་བུར་ནི་མངོན་སུམ་ཉིད་དུ་སོང་ན་ཡང་། །འཇིག་རྟེན་པ་དག་སྐྱོ་མེད་ཉེར་འགྲོ་ཁོ་ནའོ། །དེ་ལྟར་སོང་ལ་འདྲེན་པ་རྟ་རྣམས་ཕྱིར་ཟློག་ལ། །ཁྱོད་ནི་ཁྱིམ་ཉིད་དུ་ནི་སྐྱེས་པར་རབ་ཏུ་སོང་། །རྒས་པའི་འཇིགས་པའི་སེམས་སུ་གནས་པ་ཁོ་བོ་

ལ། །སྐྱེད་མོས་ཚལ་གྱི་ས་ལ་བདེ་བ་ག་ལ་ཡོད། །དེ་ནས་རྒྱལ་པོའི་སྲས་པོ་དེ་ཡི་བཀའ་ལུང་གིས། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་ལ་བཟློག་པར་གྱུར། །དེ་ནས་གཞོན་ནུས་ཕོ་བྲང་དེ་ཉིད་ཁོ་ནར་ནི། །བསམ་པའི་དབང་གིས་སྟོང་པ་བཞིན་དུ་རབ་ཏུ་ཐོབ། །གང་གི་ཚེ་ན་དེ་ཡང་བདེ་བ་མ་ཡིན་ཏེ། །

རྒས་པ་རྒས་པ་ཞེས་ནི་རབ་ཏུ་ཡོངས་སུ་རྟོག །དེ་ནས་མི་དབང་གིས་ནི་རྗེས་གནང་དེ་ནི་སླར། །རིམ་གྱིས་དེ་ཉིད་ཁོ་ནས་ཕྱི་རོལ་གཤེགས་པར་གྱུར། །དེ་ནས་གཞན་ཡང་ལུས་ལ་ནད་དང་ཡོངས་ལྡན་པ། །ལྷ་མཆོག་དེ་རྣམས་ཉིད་ཀྱིས་བསྐྱེད་ཅིང་སྤྲུལ་པའི་མི། །ཟས་གཙང་རྒྱལ་པོའི་སྲས་

པོ་ཅན་དེར་སོང་ཉིད་ཀྱིས། །གཟིགས་ནས་ཁ་ལོ་སྒྱུར་བ་དེ་ཉིད་ལ་སྨྲས་པ། །གསུས་པ་སྦོམ་ཞིང་དབུགས་དག་སྐྱོད་པའི་ལུས་པོ་ཅན། །ལག་པ་ཆ་ཤས་ཞ་ཞིང་རིད་ལ་སྐྱ་བསེང་ལུས། །ཨ་མ་ཞེས་ནི་སྙིང་རྗེའི་ངག་དག་སྨྲ་བ་པོ། །གཞན་ལ་བརྟེན་ནས་གནས་པའི་མི་དེ་སུ་ཞིག་ཡིན། །

དེ་ནས་ཁ་ལོ་སྒྱུར་བས་སྨྲས་པ་ཞི་བ་ཀྱེ། །འདི་ཡི་ཁམས་ནི་རབ་འཁྲུགས་རབ་སྟོབས་རབ་ཏུ་འཕེལ། །ནད་ཅེས་བྱ་བ་མངོན་བརྗོད་ཤིན་ཏུ་དོན་མེད་ཆེན་པོ་སྟེ། །ནུས་ཀྱང་གང་གིས་དེ་ནི་རབ་དབང་མེད་པར་བྱས། །རྗེས་སུ་བརྩེ་བཅས་མི་དེ་ལ་ནི་གཟིགས་བཞིན་དུ། །རྒྱལ་པོའི་

སྲས་དེས་སླར་ཡང་འདི་སྐད་ཅེས་སྨྲས་པ། །སྐྱེས་གྱུར་སྐྱོན་དེ་སོ་སོར་འདི་ཉིད་ཁོ་ནའི་འམ། །ནད་ཀྱི་འཇིགས་ལ་སྐྱེ་དགུ་རྣམས་ཀྱི་སྤྱི་ལ་ཡིན། །དེ་ནས་ཤིང་རྟ་རབ་ཏུ་འདྲེན་པ་དེས་སྨྲས་པ། །གཞོན་ནུ་ཉེས་པ་དེ་ནི་ཐུན་མོང་གྱུར་པ་སྟེ། །དེ་ལྟར་ནད་རྣམས་དག་ནི་ཡོངས་སུ་

གཙེར་བ་ནི། །ནད་མཐར་ཕྱིན་ན་འཇིག་རྟེན་དགའ་བར་ཉེ་བར་གཤེགས། །དེ་ལྟར་དོན་ཐོས་སེམས་ནི་ཁོང་དུ་ཆུད་པ་དེ། །ཆུ་རླབས་ནང་སོང་རི་བོང་ཅན་བཞིན་རབ་འདར་ཞིང་། །བརྩེ་བ་ཐུགས་རྗེ་མངའ་བས་གསུང་ངག་ཚིག་འདི་ནི། །ཅུང་ཞིག་དངར་བའི་དབྱངས་ཀྱིས་རབ་ཏུ་སྨྲས་

เล่ม ๑๗๒ · หน้า 12b

པའོ། །སྐྱེ་དགུ་རྣམས་ལ་རྣམ་པར་ཞེན་པའི་ནད་འདི་ནི། །འཇིག་རྟེན་པ་དག་རང་བཞིན་གནས་ཤིང་བློ་གཏད་བྱེད། །མི་ཤེས་རྣམ་པར་རྒྱ་ཆེན་ཨེ་མ་མི་རྣམས་ཀྱིས། །གང་ཞིག་ནད་ལས་རྣམ་པར་གྲོལ་རྣམས་བཞད་གད་བྱེད། །འདྲེན་པ་ཕྱི་རོལ་རབ་ཏུ་འགྲོ་ལས་ཕྱིར་ལོག་ལ། །

མི་དབང་ཕོ་བྲང་ཉིད་དུ་ཤིང་རྟ་རབ་ཏུ་སོང་། །བདག་གི་ནད་ཀྱི་འཇིགས་པ་ཐོས་ནས་དགའ་བ་ལས། །སེམས་ནི་འཁུམས་པ་བཞིན་དུ་རབ་ཏུ་བཅོམ་པར་གྱུར། །དེ་ལྟར་ལན་གཉིས་ཕྱིར་ལོག་དེ་ནི་རབ་གཟིགས་ནས། །ས་ཡི་བདག་པོ་ཡིས་ཀྱང་ཡོངས་སུ་གྲོས་བྱས་སོ། །དེ་ཡི་ཕྱིར་ལོག་ངེས་

པའི་མཚན་མ་ཐོས་གྱུར་ནས། །བདག་ཅག་རྣམས་ནི་འདི་ཡིས་ཡང་དག་འདོར་སྙམ་སྟེ། །ལམ་རྣམས་གཙང་མར་ལྷག་པར་བྱེད་པ་པོ་རྣམས་ལ། །ཁྲོས་ཤིང་འཁྲུགས་ཀྱང་ཆད་པ་དྲག་པོས་གཅོད་པ་མེད། །སླར་ཡང་སྲས་པོ་དེ་ལ་ཁྱད་པར་འཕགས་པ་དང་། །ལྡན་པའི་ཡུལ་

ལ་རབ་ཏུ་དཔྱོད་པ་རྣམས་མཛད་ཅིང་། །དབང་པོ་གཡོ་བ་ཉིད་ཀྱི་ཕྱིར་ཡང་ཆགས་སྙམ་སྟེ། །བདག་ཅག་རྣམ་པར་མི་འདོར་ཞེས་ནི་མགོན་བླངས་སོ། །གང་གི་ཚེ་ན་སྒྲ་སྒྲོགས་དབང་པོའི་དོན་རྣམས་ཀྱིས། །སྲས་པོ་འདི་ལ་ཕོ་བྲང་འཁོར་ན་དགའ་བ་མེད། །དེ་ནས་རོ་གཞན་རོ་ལ་གྱུར་ཅིག་

ཞེས་སེམས་ཤིང་། །ཕྱི་རོལ་ལྟད་མོ་ལ་ནི་རྣམ་པར་བཀའ་སྩལ་ཏོ། །བརྩེ་བ་ལས་ནི་སྲས་པོའི་དགོངས་བ་རྟོགས་ནས་སུ། །དེ་ལ་ཆགས་པའི་སྐྱོན་རྣམས་འགའ་ཞིག་མ་བསམས་ནས། །སྒྱུ་རྩལ་རྣམས་ལ་མངོན་པར་ཤེས་ཞེས་རེས་མའི་གཙོ། །མཛངས་མ་རྣམས་ལ་དེས་ནི་ཡང་དག་བཀའ་

སྩལ་ཏོ། །དེ་ནས་ཁྱད་པར་དུ་ཡང་མི་ཡི་དབང་པོའི་ལམ། །ལེགས་པར་བརྒྱན་བྱས་ཉིད་དང་ཡོངས་སུ་བརྟགས་པ་ལ། །འདྲེན་པ་དང་ནི་ཤིང་རྟ་བརྗེས་ནས་རྒྱལ་པོ་ཡིས། །གཞོན་ནུ་ཕྱི་རོལ་དུ་ནི་རབ་ཏུ་གཤེགས་སུ་གཞུག །དེ་ནས་དེ་ལྟར་རྒྱལ་པོའི་བུ་ནི་གཤེགས་པ་ན། །ལྷ་

མཆོག་དེ་རྣམས་ཉིད་ཀྱིས་རྣམ་པར་སྤྲུལ་པ་ཡི། །སྲོག་སོང་ཤི་བའི་རོ་དེ་ལམ་དུ་བཏེག་པ་ནི། །འདྲེན་པ་དང་ནི་གཞོན་ནུས་མཐོང་སྟེ་གཞན་གྱིས་མིན། །དེ་ནས་འདྲེན་པ་རྒྱལ་པོའི་སྲས་པོ་དེས་སྨྲས་པ། །ཞན་ཞིང་སྟུག་པའི་མི་རྣམས་དག་ནི་རྗེས་འབྲང་ཞིང་། །རྒྱན་གྱིས་བརྒྱན་པ་ཡིན་ཡང་ཀུན་ནས་ངུ་བ་

เล่ม ๑๗๒ · หน้า 13a

སྟེ། །མི་བཞི་རྣམས་ཀྱིས་བཏེག་པ་ཕ་གི་སུ་ཞིག་ཡིན། །དེ་ནས་གཙང་བའི་བདག་ཉིད་གཙང་མར་གནས་པ་ཡི། །ལྷ་རྣམས་དག་གིས་སེམས་ནི་ཟིལ་ནོན་འདྲེན་པ་པོ། །དེས་ནི་བརྗོད་པར་བྱ་བ་མིན་ཀྱང་དོན་འདི་ནི། །དོན་ལྡན་དབང་ཕྱུག་ལ་ནི་རབ་ཏུ་རྣམ་པར་གསོལ། །

བློ་དང་དབང་པོ་སྲོག་གི་ཡོན་ཏན་དང་བྲལ་ཞིང་། །གཉིད་ལོག་མིང་བྲལ་རྩྭ་དང་ཤིང་དུ་གྱུར་པ་སྟེ། །བརྩོན་འགྲུས་ལྡན་པ་རྣམས་ཀྱིས་བསྐྱེད་ནས་བསྲུངས་ནས་ཀྱང་། །སྡུག་པ་སྡུག་པ་རྣམས་ཀྱིས་སྤངས་པ་དེ་ནི་སུ་ཡིན་ནམ། །དེ་ལྟར་ཚིག་ནི་རབ་ཏུ་འདྲེན་པ་ལས་ཐོས་ནས། །ཅུང་ཞིག་

ཀུན་ནས་བསྐྱོད་ཅིང་དེ་ཉིད་ལ་སྨྲས་པ། །ཆོས་འདི་ཉིད་ནི་སྐྱེ་བ་འདི་ཉིད་ཀྱང་གི་འམ། །མཐར་གྱུར་འདི་འདྲ་སྐྱེ་དགུ་ཀུན་གྱི་ཡིན་ནམ་ཅི། །དེ་ནས་རབ་ཏུ་འདྲེན་པས་འདི་ཉིད་ལ་གསོལ་པ། །མཐར་གྱུར་ལས་འདི་སྐྱེ་དགུ་རྣམས་ནི་ཀུན་གྱི་སྟེ། །དམན་དང་འབྲིང་དང་བདག་ཉིད་ཆེན་པོ་

ཐམས་ཅད་ཀྱི། །འཇིག་རྟེན་དག་ནི་རྣམ་པར་ངེས་པར་རྣམ་པར་ཉམས་པར་འགྱུར། །དེ་ནས་མི་དབང་སྲས་པོ་དེ་ནི་བསྟན་ན་ཡང་། །འཆི་བ་ཐོས་ནས་དེ་མ་ཐག་ཏུ་ཡི་མུག་ཅིང་། །དཔུང་པས་ཤིང་རྟའི་ཤིང་གི་རྩེ་ལ་རབ་འཁྱུད་ནས། །གདངས་སྙན་དང་ལྡན་དབྱངས་ཀྱིས་རབ་ཏུ་སྨྲས་

པའོ། །འདི་ནི་ངེས་པར་སྐྱེ་དགུ་རྣམས་ཀྱི་མཐར་ཐུག་སྟེ། །འཇིག་རྟེན་པ་དག་འཇིགས་པ་སྤངས་ཤིང་བག་མེད་ལ། །མི་རྣམས་དག་གི་སེམས་རྣམས་སྲ་བ་སྙམ་པ་སྟེ། །ལམ་ལ་གནས་རྣམས་དེ་ལྟར་རང་བཞིན་ཉིད་དུ་གནས། །དེ་ཕྱིར་འདྲེན་པ་ཤིང་རྟའི་ཁ་ནི་ཕྱིར་བཟློག་དང་། །

བདག་ཅག་ས་ལ་རྣམ་པར་རྒྱུ་བའི་ཡུལ་དུས་མིན། །ཉམ་ཐག་དུས་སུ་རྣམ་པར་ཉམས་པ་ཤེས་ནས་ནི། །སེམས་དང་བཅས་པ་གང་འདྲ་འདི་ན་བག་མེད་ཡིན། །མི་བདག་བདག་སྐྱེས་ཀྱིས་ནི་དེ་སྐད་སྨྲས་ན་ཡང་། །དེ་ཡིས་ཤིང་རྟ་དེ་ནི་ཕྱིར་ལ་མ་བཟློག་སྟེ། །ཁྱབ་པར་ལྡན་པ་ཡིན་

ཡང་མི་དབང་བརྟེན་པ་ལ། །པདྨའི་ཚོགས་བཅས་ནགས་ཉིད་དུ་ནི་གཤེགས་པར་གྱུར། །དེ་ནས་མེ་ཏོག་རྒྱས་ལྡན་གཞོན་ནུའི་རྐང་འཐུང་ཞིང་། །ཡོངས་སུ་བསྐོར་ཞིང་རབ་དགའ་མྱོས་པའི་ཁུ་བྱུག་ཅན། །གཞལ་མེད་ཁང་ལྡན་པདྨ་དང་བཅས་མཛེས་པའི་རྫིང་། །དགའ་བའི་ཚལ་

เล่ม ๑๗๒ · หน้า 13b

འདྲ་དགེ་བའི་ནགས་དེ་གཟིགས་པར་གྱུར། །ལྷ་མཆོག་མས་བསྐོར་གྲོང་ཁྱེར་བརྒྱན་བྱེད་བདག་པོའི་གཞིར། །བརྟུལ་ཞུགས་གསལ་ལྡན་ཐུབ་པ་བགེགས་ཀྱིས་འཇིགས་པ་བཞིན། །ཡན་ལག་མཆོག་མའི་ཚོགས་ཁྱབ་མི་སྐྱོང་བདག་སྐྱེས་སྲས། །དེ་ནས་སྟོབས་ལས་ནགས་

དེར་སྤྱན་དྲངས་སོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཐུགས་སྐྱོ་བ་སྐྱེས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྐྱེད་མོས་ཚལ་དེ་ནས། །ཡ་མཚན་གྱིས་ནི་མིག་གཡོས་རྣམས། །བུད་མེད་རྣམས་ནི་ཁྱོ་ཐོབ་བཞིན། །མི་སྐྱོང་

སྲས་ལ་མདུན་དུ་འོངས། །འོངས་ནས་དེ་ལ་དེ་རྣམས་ཀྱིས། །ཡ་མཚན་རབ་རྒྱས་སྤྱན་མ་དྲངས། །པདྨའི་མཛོད་འདྲའི་ཕྱག་རྣམས་ཀྱིས། །ཕྲིན་ལས་ཡང་དག་སྤྱོད་པ་བྱས། །གཡོ་མེད་དགའ་བ་རྣམ་གསལ་བའི། །སྤྱན་མིག་རྣམས་ཀྱིས་འཐུང་བ་བཞིན། །ཡིད་དཀྲུགས་འདོད་

པས་སེམས་གཡེངས་རྣམས། །དེ་ལ་ཡོངས་སུ་བསྐོར་ནས་གནས། །ལྷན་སྐྱེས་རྒྱན་རྣམས་ཀྱིས་བཞིན་དུ། །མཚན་ནི་མཛེས་རྣམས་ཀྱིས་བརྒྱན་པ། །འདོད་ལྷ་ལུས་དང་ལྡན་ནོ་ཞེས། །དེ་ལ་མི་མོ་དེ་རྣམས་སྙམ། །ཞི་བ་ཉིད་ཕྱིར་བརྟན་ཉིད་ཕྱིར། །གསང་བའི་འོད་ཟེར་ཟླ་བ་ནི། །ས་ལ་

དངོས་སུ་བབས་པ་བཞིན། །དེ་ལ་ཁ་ཅིག་རྣམས་ཀྱིས་ཤེས། །དེ་ཡི་ལུས་ཀྱིས་གཡེངས་དེ་རྣམས། །ངེས་བཟུང་ལུས་ནི་རྣམ་འགྱུར་ཞིང་། །ཕན་ཚུན་མིག་རྣམས་ཀྱིས་བསྣུན་ནས། །དལ་བུས་དབུགས་ནི་རྣམ་པར་བརྒྱུས། །དེ་ལྟར་མི་མོ་དེ་རྣམས་ཀྱིས། །དེ་ནི་མིག་ཙམ་གྱིས་མཐོང་ཉིད། །

སྨྲ་བ་མེད་ཅིང་དགའ་མེད་པར། །འདི་ཡི་མཐུ་ཡིས་ནོན་པར་གྱུར། །དེ་ལྟར་དེ་རྣམས་རྩོམ་བྲལ་ཞིང་། །སྙིང་རྗེས་རྣམ་པར་འཁྲུགས་མཐོང་ནས། །བྲམ་ཟེ་མདུན་ན་འདོན་གྱི་སྲས། །བློ་ལྡན་འཆར་ཀས་ཚིག་སྨྲས་སོ། །ཀུན་གྱི་སྒྱུ་རྩལ་ཀུན་ཤེས་ཤིང་། །དགོངས་པ་ལེན་ལ་མཁས་མ་

རྣམས། །གཟུགས་དང་མཛངས་དང་ལྡན་པ་སྟེ། །རང་གི་ཡོན་ཏན་གཙོར་ཕྱིན་ནོ། །ལུས་ངན་གྱི་ཡང་སྐྱེད་ཚལ་དང་། །བྱང་གི་སྒྲ་མི་སྙན་ན་ཡང་། །ཡོན་ཏན་འདི་རྣམས་ཀྱིས་མཛེས་ཏེ། །ནོར་འཛིན་འདི་ན་སྔོན་ཉིད་དོ། །ཆགས་བྲལ་རྣམས་དང་དྲང་སྲོང་ཡང་། །ཁྱེད་ཅག་རྣམས་ཀྱིས་གཡོ་

เล่ม ๑๗๒ · หน้า 14a

ནུས་ཤིང་། །ལྷ་མོ་རྣམས་ཀྱིས་ཤེས་པ་ཡིས། །ལྷ་རྣམས་ལ་ཡང་ལེན་པར་རོ། །དགོངས་པ་ཤེས་དང་རྩེད་འཇོ་དང་། །མཛངས་དང་གཟུགས་ནི་ཕུན་ཚོགས་པས། །བུད་མེད་རྣམས་ཀྱིས་ཆགས་ནུས་ན། །སྐྱེས་པ་རྣམས་ཀྱིས་སྨོས་ཅི་དགོས། །རྣམ་པ་དེ་ལྟར་རབ་སྦྱར་བ། །དེ་ཡི་རང་གི་སྤྱོད་ཡུལ་ལས། །རྣམ་པ་དེ་

ལྟར་སྤྱོད་པ་འདི། །ཁྱོད་ཀྱི་དྲང་པོའི་ཚིག་མ་གྱུར། །ཁྱོད་ཀྱི་འདི་ནི་ངོ་ཚ་བས། །མིག་འཁུམས་བག་མ་གསར་པ་ཡི། །སྤྱོད་པ་དང་མཚུངས་ཡང་ན་ནི། །བ་གླང་སྐྱོང་གི་ཆུང་མའི་འོས། །གང་ཡང་འདི་ནི་དཔའ་བ་སྟེ། །དཔལ་གྱི་མཐུ་ལས་ཆེན་པོ་ཡིན། །བུད་མེད་ཀྱི་ཡང་གཟི་ཆེ་སྟེ། །དེ་ཕྱིར་

འདི་ཡང་ངེས་པར་བྱ། །སྔོན་ཡང་ཀ་ཤིའི་མཛེས་མ་ནི། །སྨད་འཚོང་མ་ཡི་དྲང་སྲོང་ཆེ། །ལྷ་ཡིས་ཐུབ་པར་དཀའ་བ་ཡང་། །དྲང་སྲོང་རྒྱས་པས་རྐང་པས་བརྡུངས། །མཱན་ཐལ་གཽ་ཏམ་དགེ་སློང་ནི། །སྨད་འཚོང་གཙོ་མོ་བྱིན་མ་ཡིན། །དགའ་འདོད་དེ་ཡི་དོན་ཆེད་དུ། །སྔོན་གྱི་ཚེ་ན་རོ་རྣམས་

བཏོན། །གཽ་ཏ་མ་མུན་རིངས་མིང་། །དྲང་སྲོང་ཆེན་པོ་ཚེ་རིངས་པོ། །ཁ་དོག་དབྱིབས་མཆོག་མ་ཡིན་པའི། །བུད་མེད་ཀྱིས་ནི་ཚིམ་པར་བྱས། །དྲང་སྲོང་རྭ་སྐྱེས་ཐུབ་པ་མཆོག །བུད་མེད་ཡུལ་ལ་མི་མཁས་པ། །རྣམ་པ་སྣ་ཚོགས་ཐབས་རྣམས་ཀྱིས། །ཞི་མས་དེ་ལྟར་བླངས་ཤིང་ཕམ། །

སྣ་ཚོགས་བཤེས་གཉེན་དྲང་སྲོང་ཆེ། །བརྟུལ་ཞུགས་ཆེན་པོ་བརྟན་པ་ཡང་། །ལྷ་མོ་མར་སྲུང་མས་ཕྲོགས་ཏེ། །ལོ་བཅུ་རྣམས་ལ་ཉི་མར་ཤེས། །དྲང་སྲོང་དེ་རྣམས་དེ་རྣམས་སོགས། །བུད་མེད་ཀྱིས་སྒྱུར་བླངས་གྱུར་ན། །རོལ་ཞིང་ལང་ཚོ་སྔ་མ་ཡིས། །མི་བདག་སྲས་པོ་སྨོས་ཅི་དགོས། །

དེ་ལྟར་གྱུར་ན་ཡིད་ཆེས་ཤིང་། །འདི་ནི་མི་སྐྱོང་རིགས་ཀྱི་དཔལ། །འདི་ལས་ཕྱིར་ཕྱོགས་མ་ཡིན་པ། །ཇི་ལྟར་དེ་ལྟར་ནན་ཏན་མཛོད། །ལང་ཚོ་ལྡན་མ་འགའ་ཞིག་རྣམས། །མཚུངས་པའི་སྐྱེ་བོ་འཕྲོག་པ་སྟེ། །མཆོག་དང་མཆོག་མིན་དག་གི་སེམས། །ལེན་པ་གང་དེ་བུད་མེད་རྣམས། །

དེ་ལྟར་འཆར་ཀའི་ཚིག་ཐོས་ནས། །བུད་མེད་དེ་རྣམས་ཕུག་པ་བཞིན། །གཞོན་ནུ་ལེན་པར་རབ་མཚོན་ཏེ། །བདག་ཉིད་ཡང་དག་ཀུན་ནས་འཛེགས། །འཇིགས་ལས་འཇིགས་བཞིན་ཡན་ལག་མ། །དེ་རྣམས་སྨིན་དང་ལྟ་དང་སྒེག །དགོད་དང་རོལ་དང་འགྲོ་བ་ཡིས། །ཀུན་ནས་

เล่ม ๑๗๒ · หน้า 14b

བསྐྱོད་པའི་སྤྱོད་པ་བྱས། །རྒྱལ་པོའི་བཀའ་ལུང་སྦྱར་ཕྱིར་དང་། །གཞོན་ནུ་ཉིད་ཀྱང་འཇམ་ཕྱིར་དང་། །རྒྱགས་པ་ཡིས་ནི་མྱོས་པའི་ཕྱིར། །ཡིད་མི་ཆེས་པ་མྱུར་བར་དོར། །གླང་མོའི་ཚོགས་དང་ཐབས་ཅིག་ཏུ། །གླང་པོ་གངས་ཅན་ནགས་ན་ལྟར། །དེ་ནས་མི་མོའི་སྐྱེ་བོ་

ཡིས། །གཞོན་ནུ་བསྐོར་ཞིང་ནགས་ན་སྤྱད། །རྣམ་པར་མཛེས་པའི་སྐྱེད་ཚལ་ན། །ལྷ་མོས་བསྐོར་བའི་ཉི་མ་བཞིན། །ཡིད་འོང་ནགས་དེར་གཞོན་ནུ་དེ། །བུད་མེད་རྣམས་ནི་མདུན་འགྲོ་བར། །རྣམ་པར་སྒེག་བཅས་གཞོན་ནུ་མ། །རྒྱགས་པས་མ་སྤངས་དེ་རྣམས་དགའ། །སྲ་ཞིང་

ཟླུམ་རྒྱས་ལྷན་ཅིག་པའི། །ནུ་མ་རྣམས་ཀྱིས་དེ་ལ་རེག །དཔུང་པ་ལས་བྲུལ་འཇམ་རིང་མཉེན། །ལག་པའི་ལྗོན་ཤིང་སྟོབས་མེད་མ། །ཁ་ཅིག་བདེན་མིན་འཁྲུལ་པ་རུ། །བྱས་ནས་དེ་ལ་སྟོབས་ལས་འཁྱུད། །ཁ་ཅིག་ཟངས་མཆུ་མ་མཆུ་ཅན། །ཁ་ཅིག་ཆང་གི་དྲི་ངག་གིས། །གཅིག་པུ་

དབེན་པར་སྡོད་ཅིག་ཅེས། །འདི་ཡི་རྣ་བར་ཤབ་ཤིབ་བྱེད། །ཁ་ཅིག་བཀའ་ལུང་སྩོལ་བ་བཞིན། །བྱུག་པ་གཤེར་མས་རབ་སྨྲས་ཏེ། །འདིར་ནི་གུས་པར་གྱིས་ཤིག་ཅེས། །དགོད་དང་འཁྱུད་དང་འདོད་པས་སོ། །ཁ་ཅིག་གསེར་གྱི་སྐ་རགས་ཀྱི། །ཅལ་ཅོལ་རྣམས་ཀྱིས་ཙམ་ཙོམ་དང་། །

ཕྲ་མོའི་དར་གྱི་གོས་གྱོན་ཞིང་། །འདི་ལ་རོ་སྨད་སྟོན་ཅིང་བསྐོར། །ཡང་དང་ཡང་དུ་མྱོས་མའི་རྒྱུས། །གཞན་མ་དར་སྔོན་ཉིལ་བ་སྟེ། །སྐ་རགས་ཕན་ཚུན་སྡུད་པ་ནི། །མཚན་མོ་གློག་ཕྲེང་བཞིན་དུ་མཛེས། །ཙཱུ་ཏའི་མེ་ཏོག་ཡལ་ག་རྒྱས། །བཟུང་ནས་གཞན་ནི་འཕྱང་གྱུར་ལ། །གསེར་

གྱི་བུམ་པར་མཚུངས་པ་ཡི། །ལོ་མ་འཛིན་པ་སྟོན་པར་བྱེད། །ཁ་ཅིག་པདྨའི་ནགས་ཚལ་ནས། །འོངས་ནས་པད་བཅས་པདྨའི་སྤྱན། །པདྨའི་ཞལ་གྱི་ལོགས་གནས་ཤིང་། །པདྨའི་དཔལ་བཞིན་བསྡད་པར་གྱུར། །རང་གནས་དེ་ལ་བསྐུལ་བ་བཞིན། །བསླུས་པར་གྱུར་ཞེས་མིག་རྣམས་

ཀྱིས། །ཁ་ཅིག་མངོན་པར་འདྲེན་བཅས་ལག །དོན་ལྡན་དངར་བའི་གླུ་ལེན་ནོ། །དགེ་བའི་གདོང་གིས་གཞན་མས་ནི། །སྨིན་པའི་གཞུ་ནི་རྣམ་བཀང་སྟེ། །བསྐོར་གནས་བརྟན་དང་རོལ་པ་ཡིས། །འདི་ཡི་སྤྱོད་ལ་རྗེས་ཟློས་བྱས། །རྒྱས་ཟླུམ་ནུ་ལྡན་ཁ་ཅིག་ནི། །དགོད་པས་རྣ་ལུང་

เล่ม ๑๗๒ · หน้า 15a

གཡོས་གྱུར་ཅིང་། །ཁྱོད་ནི་ཐོབ་པར་གྱུར་ཅིག་ཅེས། །མཐོན་པོ་རྣམས་ཀྱིས་བཞད་ཅིང་སྨྲས། །གཞན་ནི་དེ་བཞིན་འགྲོ་འདོད་པ། །མེ་ཏོག་ཕྲེང་བའི་ཚལ་གྱིས་བཅིངས། །ཁ་ཅིག་ཅོད་བཅས་དངར་མོ་ཡིས། །ངག་གི་ཞགས་པ་རྣམས་ཀྱིས་བཟུང་། །སོ་སོར་

འབྲལ་བ་དོན་གཉེར་འགའ། །ཙཱུ་ཏའི་སྙེ་མ་བཟུང་ནས་ནི། །མེ་ཏོག་འདི་ནི་གང་གི་ཞེས། །རྒྱགས་པས་རྣམ་པར་འཁྲུགས་ཤིང་དྲིས། །ཁ་ཅིག་འགྲོས་དང་ཆ་ལུགས་ནི། །སྐྱེས་པ་བཞིན་དུ་བྱས་ནས་ནི། །ས་འདིར་རྒྱལ་བར་གྱུར་ཅིག་ཀྱེ། །བུད་མེད་ཀྱིས་འཕམ་དེ་ལ་སྨྲས། །དེ་ནས་

གཡོ་བའི་མིག་ཅན་འགས། །ཨུཏྤལ་སྔོན་པོ་སྣོམ་བྱེད་ཅིང་། །ཅུང་ཞིག་རྒྱགས་སྐད་ཚིག་རྣམས་ཀྱིས། །མི་སྐྱོང་བདག་སྐྱེས་ལ་སྨྲས་སོ། །གཟིགས་ཤིང་ཇོ་བོ་ཙཱུ་ཏའི་ཤིང་། །མེ་ཏོག་སྦྲང་རྩིའི་དྲིས་ཁྱབ་ལ། །ཁུ་བྱུག་འདིར་ནི་སྐད་འདོན་པ། །གསེར་གྱི་བུ་ན་བཀག་པ་འདྲ། །མྱ་ངན་

མེད་པའི་ཤིང་འདི་གཟིགས། །འདོད་པ་ཅན་གྱི་མྱ་ངན་འཕེལ། །བུང་བ་འདིར་ནི་སྒྲ་བསྒྲགས་པ། །མེ་ཡིས་ཚིག་པ་ཡིན་པ་འདྲ། །ཙཱུ་ཏའི་ཤིང་གིས་ཡང་དག་འཁྱུད། །གཟིགས་ཤིང་ཏི་ལ་ཀ་ཡི་ཤིང་། །བུད་མེད་ལུས་སེར་ཆགས་པ་ཡིས། །སྐྱེས་པ་གོས་དཀར་གོན་པ་འདྲ། །

རབ་རྒྱས་ཀུ་ར་བ་ཀ་གཟིགས། །མ་ཟོས་པ་ཡི་སྨུག་རྩིའི་འོད། །བུད་མེད་རྣམས་ཀྱི་སེན་འོད་ཀྱིས། །སྨ་ཕབ་གྱུར་ཏེ་དུད་པ་འདྲ། །གཞོན་ནུ་མྱ་ངན་མེད་འདི་གཟིགས། །འདབ་མ་རྣམས་ཀྱིས་སྤྲས་པ་གང་། །ཁོ་མོའི་ལག་པ་མཛེས་པ་ཡིས། །ངོ་མཚར་གྱུར་ཏེ་གནས་པ་འདྲ། །རྫིང་

བུ་གཟིགས་ཤིང་འགྲམ་སྐྱེས་པའི། །ལྕང་མ་རྣམས་ཀྱིས་རབ་ཏུ་བསྐོར། །དཀར་པོའི་དར་གྱི་གོས་གོན་པའི། །རབ་མྱོས་མ་རྣམས་ཉལ་བ་འདྲ། །བུད་མེད་རྣམས་ལ་བདག་ཉིད་ཆེ། །གཟིགས་ཤིག་ངང་པ་ཆུ་འདི་ལ། །རྒྱབ་ན་བསྒོ་བྱའི་བྲན་བཞིན་དུ། །ངང་མོ་རྗེས་འཇུག་རྗེས་

སུ་འགྲོ། །རབ་ཏུ་མྱོས་པའི་ཁུ་བྱུག་ནི། །སྐད་གྲག་སྒྲ་ནི་གསོན་མཛོད་ཅིག །ཁུ་བྱུག་གཞན་ནི་མངོན་སུམ་དུ། །ཀུས་འདེབས་བྲག་ཅའི་སྒྲ་བརྙན་འདྲ། །མཁའ་ལ་རྒྱུ་བ་རྣམས་ཀྱི་ཡང་། །རྒྱགས་པ་དཔྱིད་ཀྱིས་ཁྱེར་ཏེ་འོངས། །བསམ་བྱ་མིན་སེམས་སྐྱེ་བོ་ནི། །ཤེས་རབ་ཅན་དུ་

เล่ม ๑๗๒ · หน้า 15b

རློམ་པ་མེད། །དེ་ལྟར་དར་ལ་བབ་པ་རྣམས། །ཡིད་དཀྲུགས་འདོད་པས་སེམས་དྲེགས་ཤིང་། །སྣ་ཚོགས་ཚུལ་ནི་དེ་དང་དེས། །གཞོན་ནུ་ལ་ནི་ཉེ་བར་བརྩམས། །དེ་ལྟར་ཀུན་ནས་གཡེངས་ན་ཡང་། །བརྟེན་པས་དབང་པོ་དཀྲིས་པ་དེ། །འཆི་བར་བྱ་ཞེས་སྐྱོ་བྱས་ཤིང་། །

དགའ་དང་འཇིགས་པ་མེད་པར་འགྱུར། །དེ་རྣམས་ཀྱི་ནི་གནས་སྐབས་དེ། །གཟིགས་ནས་སྐྱེས་མཆོག་དམ་པ་དེས། །མཉམ་ལ་སྐྱོ་དང་བརྟན་པ་ཡི། །ཐུགས་ཀྱིས་བསམས་པར་གྱུར་པའོ། །ཅི་ཞིག་བུད་མེད་འདི་རྣམས་ནི། །ལང་ཚོ་གཡོ་བར་རྟོགས་པ་མིན། །གང་

ཕྱིར་གཟུགས་ཀྱི་མྱོས་པ་ནི། །གང་ཞིག་དགའ་བས་ཉམས་པར་འགྱུར། །གང་གི་ནང་དུ་བྱིང་བ་རུ། །ངེས་པར་དེ་རྣམས་ཀྱིས་མི་མཐོང་། །འགྲོ་བ་ནད་ཀྱི་ཆོས་ཅན་ལ། །འཇིགས་པ་སྤངས་ཏེ་དེ་ལྟར་དགའ། །ཐམས་ཅད་འཕྲོག་བྱེད་འཆི་བ་ཡི། །ངེས་

པར་མངོན་པར་ཤེས་མིན་ཞིང་། །དེ་ལྟར་རང་གནས་སྐྱོ་མེད་པར། །རྩེད་མོ་དང་ནི་བཞད་གད་བྱེད། །རྒ་དང་ན་དང་འཆི་བ་ཡང་། །ཤེས་ལྡན་ཡིན་ན་སེམས་ལྡན་སུ། །རང་གནས་ལངས་དང་འདུག་པ་འམ། །ཉལ་བྱེད་རྒོད་པ་སྨོས་ཅི་དགོས། །ནད་དང་འཆི་བ་ཉིད་དང་ནི། །མཆོག་ཏུ་

འཁོགས་གང་དེ་མཐོང་ནས། །རང་གནས་གྱུར་ཞིང་སྐྱོ་མེད་པ། །ཇི་ལྟར་སེམས་མེད་དེ་ལྟར་དེ། །མེ་ཏོག་རྣམས་དང་འབྲས་བུ་ཡིས། །རྣམ་པར་སྤངས་པར་གྱུར་པའི་ཤིང་། །འགྱེལ་ལམ་ཡང་ན་བཅད་པ་སྟེ། །ཤིང་གཞན་མཛེས་པར་བྱེད་མ་ཡིན། །དེ་ལྟར་བསམ་གཏན་མཆོག་མཐོང་

ནས། །ཡུལ་རྣམས་ལ་ནི་འདོད་པ་ཐལ། །འཆར་ཀ་ཚུལ་ལུགས་བསྟན་བཅོས་ཤེས། །མཛའ་བོ་ཉིད་ཀྱིས་དེ་ལ་སྨྲས། །ཁོ་བོ་མི་སྐྱོང་གིས་བྱིན་ཏེ། །ཁྱོད་ལ་གྲོགས་སུ་ནུས་པ་ལོ། །གང་ཕྱིར་ཁྱེད་ལ་སྨྲ་འདོད་པ། །རབ་དགའ་ལྡན་པ་དེ་ཕྱིར་རོ། །ཕན་པ་མིན་ལས་རབ་འགེགས་ཤིང་། །ཕན་

པ་ལ་ཡང་རྗེས་རབ་འཇུག །སྡུག་པ་ན་ཡང་ཡོངས་མི་གཏོང་། །ཡོངས་རྫོགས་ཤེས་ཀྱི་མཚན་ཉིད་དོ། །བདག་དེ་བྱམས་པར་དམ་བཅས་ནས། །སྐྱེས་བུའི་དོན་ལ་ཕྱིར་ཕྱོགས་པ། །གལ་ཏེ་ཁྱོད་ལ་བཏང་སྙོམས་བྱེད། །གྲོགས་པོ་ཉིད་ཀྱང་མ་ཡིན་ནོ། །དེ་ཕྱིར་མཛའ་བོར་གྱུར་ནས་སྨྲས། །

เล่ม ๑๗๒ · หน้า 16a

གཞོན་ནུའི་ལུས་དང་ལྡན་པ་ནི། །ཁྱོད་ཀྱིས་འདི་འདྲ་བུད་མེད་ཀྱིས། །ཡུལ་ལ་མཁས་པའི་གཟུགས་བརྙན་མིན། །དེ་ཡི་ངོ་ཚའི་རྒོད་དོན་དང་། །བདག་ཉིད་དགའ་བའི་དོན་ཉིད་དུ། །བདེན་མིན་གྱིས་ཀྱང་མི་མོ་ཡི། །རྗེས་སུ་འཇུག་པ་རིགས་པ་ཡིན། །ཡང་དག་འདུད་དང་

རྗེས་འཇུག་གི། །བུད་མེད་རྣམས་ཀྱིས་སེམས་འཆིང་སྟེ། །བརྩེ་བའི་ཡོན་ཏན་སྐྱེ་གནས་ཕྱིར། །ཡིད་ལ་འདོད་པ་བུད་མེད་ཡིན། །དེ་ཕྱིར་རྣམ་པར་སྤངས་པའི་སྤྱན། །སྙིང་ལ་གཞན་དུ་ཕྱིར་བལྟས་ཀྱང་། །འདི་ཡི་ཡུལ་དང་རྗེས་མཐུན་པར། །མཁས་པ་རྣམ་པར་དཔྱད་པར་འོས། །མཁས་པ་

སྨན་ཡིན་བུད་མེད་ལ། །མཁས་པ་རབ་མཆོག་རྒྱན་ཡིན་ནོ། །མཁས་པ་དང་བྲལ་གཟུགས་དག་ནི། །མེ་ཏོག་མེད་པའི་ནགས་དང་འདྲ། །ཡང་ན་མཁས་པའི་རང་བཞིན་གྱི། །བསམ་པ་རང་བཞིན་ཁས་ལེན་མཛོད། །ཡུལ་རྣམས་ཉེས་པར་དཀའ་ཐོབ་ནས། །ཕྱི་ཤོལ་བྱེད་པ་འོས་མ་ཡིན། །

སྔོན་ཚེ་ལྷ་ཡི་དབང་པོས་ཀྱང་། །འདོད་པ་མཆོག་ཅེས་ཤེས་བྱས་ནས། །གཽ་ཏམ་ཐུབ་པའི་དགའ་ལྡན་མ། །བཤོལ་མེད་མ་ལ་འདོད་པ་བྱས། །ཟླ་བའི་ཆུང་མ་སྣར་མ་ནི། །དྲང་སྲོང་རི་བྱིས་དོན་དུ་གཉེར། །དེ་ནས་དེ་དང་འདྲ་བ་ཡི། །བརྐམ་བྱ་མ་ནི་རྙེད་ཅེས་ཐོས། །ཨུ་བྷ་ཐྱ་ཡི་ཆུང་མ་ནི། །རླུང་

གི་བུ་མོ་མཐུན་མ་ལ། །དཀའ་ཐུབ་ཆེན་པོའི་ཕུར་བུ་ཡིས། །བ་ར་དྭ་ཛ་བསྐྱེད་པར་གྱུར། །དྲང་སྲོང་ཕུར་བུའི་ཆུང་མ་ནི། །སྦྱིན་སྲེག་མ་ལ་སྦྱིན་སྲེག་མཆོག །ཟླ་བ་ཡིས་ནི་ལག་པ་ཡི། །ལྷ་ཡི་ལས་བྱེད་བསྐྱེད་པར་གྱུར། །སྔོན་ཚེ་བུ་མོ་ནག་མོ་ནི། །ཆུར་སྐྱེས་མ་ལས་སྐྱེས་མ་ལ། །རྩིབ་

ལོགས་སྐྱེས་ནི་ཆགས་སྐྱེས་ཤིང་། །ཡ་ནུ་ནི་ཡི་གླིང་དུ་ཕྱིན། །གནོད་སྦྱིན་ཕྲེང་མ་རིགས་ངན་མ། །སྣོད་མ་ལ་ནི་དགའ་འདོད་པས། །གོང་མ་སྲེག་ནི་ཟ་བའི་བུ། །ཐུབ་པ་གནས་མཆོག་གིས་བསྐྱེད་དོ། །འགྲོ་མགྱོགས་རྒྱལ་པོ་དྲང་སྲོང་ཉིད། །ན་ཚོད་རྣམ་པར་སོང་བ་ཡི། །ལྷ་མོ་སྣ་ཚོགས་

མཆོད་མར་བཅས། །སྣ་ཚོགས་ཤིང་རྟའི་ནགས་སུ་དགའ། །བུད་མེད་འགྲོགས་མིན་ཞི་བ་ནི། །སྐྱ་བསེང་གིས་ནི་ཤེས་ནས་ཀྱང་། །དགའ་མའི་གཟུགས་ཡོན་གྱིས་བཀུག་སྟེ། །འདོད་ལས་སྐྱེས་པའི་བདེ་བ་བསྟེན། །སྐྱེད་མཛད་རྒྱལ་པོ་དམར་སེར་ཡང་། །བྲམ་ཟེའི་བུ་མོ་ཕྲོགས་ནས་ནི། །

เล่ม ๑๗๒ · หน้า 16b

ན་བབས་ཐོབ་པ་ཉིད་ཡིན་ཀྱང་། །ཡིད་དཀྲུགས་འདོད་པ་མ་བསྟེན་མིན། །དེ་ལ་སོགས་པ་བདག་ཉིད་ཆེས། །ཡུལ་རྣམས་སྨད་པ་ཡིན་ན་ཡང་། །དགའ་བའི་ཆེད་དུ་ལོངས་སྤྱད་དེ། །ཡོན་ཏན་ལྡན་ལ་སྔོན་ཉིད་དོ། །ཁྱོད་ཀྱང་རིགས་པ་ལས་འཐོབ་ཅིང་། །སྟོབས་ལྡན་གཟུགས་ལྡན་དར་

ལ་བབ། །གང་དུ་སྐྱེ་འགྲོ་འདི་འཆགས་ན། །ཡུལ་རྣམས་ལ་ནི་ཕྱི་ཤོལ་བྱེད། །དེ་ལྟར་འཇམ་ཞིང་ལུང་དང་བཅས། །དེ་ཡིས་ཚིག་ནི་གསན་གྱུར་ནས། །འབྲུག་གི་སྒྲ་སྐད་དབྱངས་ཀྱིས་ནི། །གཞོན་ནུ་ཡིས་ནི་ལན་སྨྲས་སོ། །ངག་ཚིག་འདི་ནི་འཐད་པ་སྟེ། །ཁྱོད་ལ་མཛའ་བོ་ཉིད་དུ་གསལ། །

གང་དུ་བདག་ལ་ངན་པར་སེམས། །འདིར་ནི་ཁྱོད་ལ་རྗེས་ཞི་བགྱི། །ཡུལ་རྣམས་ལ་ནི་ཕྱི་ཤོལ་བྱེད། །འཇིག་རྟེན་དེའི་བདག་ཉིད་དུ་ཤེས། །འགྲོ་བ་མི་རྟག་པར་ཤེས་ནས། །འདིར་ནི་བདག་ཡིད་དགའ་བ་མིན། །རྒ་དང་ན་དང་འཆི་བ་སྟེ། །གལ་ཏེ་འདི་གསུམ་མ་ཡིན་ན། །ཡིད་དུ་འོང་བའི་ཡུལ་

རྣམས་ལ། །ཁོ་བོ་ཡང་ནི་དགའ་བར་འགྱུར། །གལ་ཏེ་བུད་མེད་རྣམས་ཀྱི་ལུས། །དེ་ཉིད་རྟག་པར་འགྱུར་ན་ནི། །སྐྱོན་ལྡན་འདོད་པ་རྣམས་ལ་ཡང་། །ཁོ་བོའི་སེམས་ནི་འདོད་ལ་ཕྱོགས། །གང་ཚེ་འདི་དག་རྣམས་ཀྱི་གཟུགས། །རྒས་པས་འཐུང་བ་འབྱུང་འགྱུར་ཞིང་། །བདག་ཉིད་ཀྱི་ཡང་

འདོད་མེད་ན། །རྨོངས་ལས་དེར་ནི་དགའ་བར་འགྱུར། །རྒ་དང་ན་དང་འཆི་བའི་ཚེས། །རྒ་ན་འཆི་བའི་བདག་ཉིད་ཀྱིས། །སྐྱོ་བ་མེད་པར་རོལ་པ་ནི། །རི་དགས་དང་ནི་བྱ་དང་མཚུངས། །བདག་ཉིད་ཆེན་པོ་འདི་རྣམས་ཀྱང་། །འདོད་པའི་བདག་ཉིད་ཅེས་སྨྲས་གང་། །འདིར་ནི་སྐྱོ་བར་བྱ་བ་སྟེ། །གང་ཚེ་དེ་

རྣམས་ཀྱི་ཡང་ཚད། །གང་དུ་ཕྱི་ལས་ཟད་པ་སྟེ། །བདག་ཉིད་ཆེན་པོར་མི་སེམས་ཏེ། །ཡུལ་རྣམས་ལ་ནི་ཆགས་པ་འམ། །སྦྱོར་མིན་བདག་ཉིད་ལྡན་ཉིད་ཀྱིས། །མཁས་པ་ཡིས་ཀྱང་དཔེ་བརྗོད་ཅིང་། །བདེན་མིན་གྱིས་ཀྱང་བུད་མེད་ཀྱི། །སྐྱེ་ལ་ཞུགས་ཞེས་སྨྲས་པ་གང་། །བདེན་མིན་བདག་གིས་

ཤེས་མ་ཡིན། །གང་དུ་དྲང་མིན་རྗེས་འཇུག་པ། །དེ་ལ་བདག་གིས་སྲེད་པ་མེད། །དངོས་པོ་ཀུན་གྱི་ཚོགས་བ་དེ། །གལ་ཏེ་སྨོན་ན་མེད་པར་ཤོག། །མི་བརྟན་པ་ཡི་དད་པ་དང་། །སྐྱོན་དུ་མཐོང་བའི་ནུས་པ་ཡིས། །ཆགས་པ་སྐྱེས་པར་གྱུར་པའི་སེམས། །སླུ་བར་བྱ་བ་ཅི་ཞིག་ཡིན། །བུད་

เล่ม ๑๗๒ · หน้า 17a

མེད་སྐྱེས་པའི་ཆགས་སྐྱེས་ཤིང་། །བུད་མེད་སྐྱེས་པ་ཕན་ཚུན་དུ། །གལ་ཏེ་དེ་ལྟར་སླུ་ན་ནི། །ལྟ་བར་ནུས་པ་ཉིད་མ་ཡིན། །དེ་ལྟར་གྱུར་ན་སྡུག་བསྔལ་གྱིས། །ཉམ་ཐག་རྒ་འཆིའི་སྐལ་བ་ཅན། །བདག་ནི་འཕགས་མིན་འདོད་པ་ལ། །སླུ་བར་འོས་པ་མ་ཡིན་ནོ། །ཨེ་

མ་ཤིན་ཏུ་བརྟན་ལ་སྟོབས་ལྡན་ཁྱོད་ཀྱི་སེམས། །འདོད་པ་གཡོ་བ་རྣམས་སུ་སྙིང་པོ་མཐོང་གྱུར་ལ། །ཤིན་ཏུ་རྣོ་ཞིང་འཇིགས་པའི་ཡུལ་ལ་ཟོན་མཛད་ཅིང་། །རྒ་དང་རྒུད་པ་ནད་ཀྱི་འཇིགས་པ་རྣམ་སེམས་ཤིང་། །འགྲོ་བ་རྣམས་ནི་མེ་ཡིས་ཚིག་པ་བཞིན་ཐོས་ན། །ཞི་བ་འཐོབ་མིན་བརྟན་མིན་དགའ་

བ་ག་ལ་ཞིག །ཐེ་ཚོམ་མེད་པར་འཆི་ཞེས་རབ་ཏུ་ཤེས་པ་ཡི། །མི་རྣམས་གང་གི་སྙིང་ལ་ཆགས་པ་རབ་སྐྱེད་པ། །དེ་ཡི་སེམས་ནི་ལྕགས་ལས་གྱུར་པར་ཤེས་པ་སྟེ། །འཇིགས་པ་ཆེ་ལ་ཆགས་པ་གང་ཞིག་དུ་བ་མེད། །དེ་ནས་གཞོན་ནུ་ཡིས་ནི་འདོད་པ་རྣམས་ཀྱིས་བསྟེན། །འཇོམས་བྱེད་

གཏམ་ནི་རྣམ་པར་ངེས་པའི་བདག་ཉིད་མཛད། །སྐྱེ་བོ་རྣམས་ཀྱི་མིག་གི་འགྲོ་བྱ་གསལ་བྱེད་ཀྱི། །དཀྱིལ་འཁོར་ས་འཛིན་རི་བོ་ལ་ནི་ནུབ་པར་གྱུར། །དེ་ནས་རྒྱན་དང་མེ་ཏོག་ཕྲེང་བ་འབྲས་མེད་འཛིན། །སྒྱུ་རྩལ་ཡོན་ཏན་གྱིས་དང་རབ་དགས་འབྲས་མེད་རྣམས། །རང་གི་སེམས་ལ་ཡིད་དཀྲུགས་

འདོད་པ་རྣམས་སྨད་ནས། །ཡིད་ལ་རེ་ཉམས་བུད་མེད་རྣམས་ནི་གྲོང་དུ་ཐལ། །དེ་ནས་གྲོང་ཁྱེར་སྐྱེད་མོས་ཚལ་སོང་སྐྱེ་བོའི་དཔལ། །ལེགས་པར་བརྟགས་ནས་སྤྱོད་ལ་སོ་སོར་བརྟུལ་ཏེ་ཡང་། །ཐམས་ཅད་མི་རྟག་པར་གྱུར་རྣམ་པར་སེམས་བཞིན་དུ། །སླར་ཡང་མི་སྐྱོང་བདག་སྐྱེས་གྲོང་དུ་རྣམ་པར་

ཞུགས། །དེ་ནས་དེ་ཡི་ཡིད་ནི་ཡུལ་ལ་རྣམ་པར་ཕྱིར་ཕྱོགས་རྒྱལ་པོས་ཐོས་གྱུར་ནས། །སྙིང་ལ་སོང་བའི་ཟུག་ལ་གླང་ཆེན་བཞིན་དུ་མཚན་མོ་དེ་ལ་གཉིད་མ་ལོག །དེ་ནས་སྔགས་མང་རྣམ་པ་སྣ་ཚོགས་ལམ་རྣམས་དག་གིས་ཐང་ཆད་བློན་པོར་བཅས། །དེས་ནི་འདོད་པ་ལས་གཞན་སྲས་ཀྱི་བློ་ཡི་

ངེས་པ་གཟིགས་མ་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བུད་མེད་ཀྱིས་གེགས་བྱས་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་ཡུལ་རྣམས་དམ་པའི་མཆོད་པ་རྣམས་ཀྱིས་ནི། །སྲེད་དུ་བཅུག་ཀྱང་ཤཱཀྱའི་རྒྱལ་པོའི་སྲས་པོ་དེ། །དུག་

เล่ม ๑๗๒ · หน้า 17b

བསྒོས་མདའ་ཡིས་སྙིང་ལ་ཕུག་པའི་སེང་གེ་བཞིན། །བདེ་བ་རྙེད་པ་མ་ཡིན་བརྟན་པར་གཤེགས་མ་གྱུར། །དེ་ནས་རེས་འགའ་ཞིག་ན་བློན་པོའི་བུ་མཁས་ཤིང་། །གྲོགས་གྱུར་སྣ་ཚོགས་གཏམ་གྱིས་རྗེས་སུ་འབྲངས་བྱས་པ། །ནགས་ཀྱི་ས་ལ་འགྲོ་འདོད་ལྟ་བར་འདོད་པ་ཡིས། །མི་ཡི་

ལྷ་ཡིས་རྗེས་གནང་ཕྱི་རོལ་རབ་ཏུ་གཤེགས། །གསར་བའི་གསེར་གྱི་སྲབ་དང་དྲིལ་བུ་ཆུང་ངུ་དང་། །རབ་ཏུ་གཡོ་བའི་རྔ་ཡབ་མཛེས་པའི་གསེར་སྒ་དང་། །སྟན་བཅས་དམ་པའི་རྟ་ལ་མངོན་པར་ཞོན་ནས་ནི། །ཏོག་ལ་ལྗོན་དང་ཆུ་སྐྱེས་ཏོག་ཅན་བཞིན་དུ་གཤེགས། །དེ་ནི་མཆོག་ཏུ་རྣམ་པར་

རྒྱང་རིང་ནགས་མཐའི་ས། །ནགས་ཚལ་འདོད་དང་ས་ཡི་ཡོན་ཏན་ལས་གཤེགས་ཏེ། །ཆུ་གཉེར་བཞིན་དུ་རྣམ་པར་བཀྲམ་པའི་གཤོལ་ལམ་ཅན། །ནོར་འཛིན་ས་ལ་ཞིང་དག་རྨོ་བ་གཟིགས་པར་གྱུར། །གཤོལ་གྱི་ཕྱ་ལས་རྣམ་བཀྲམ་རྩྭ་མྱུག་ཀུ་ཤ་དང་། །ཤི་གྱུར་འབུ་སྲིན་སྲོག་ཆགས་

ཕྲ་མོས་ཁྱབ་པ་སྟེ། །རྣམ་པ་དེ་འདྲའི་ས་དེ་ཡང་དག་མངོན་གཟིགས་ནས། །རང་གི་སྐྱེ་བོ་བསད་པ་ལ་བཞིན་མྱ་ངན་གྱུར། །ཞིང་དག་རྨོ་བའི་སྐྱེས་བུ་རྣམས་ནི་རྣམ་གཟིགས་པ། །རླུང་གིས་གཏོར་བའི་རྡུལ་གྱིས་རྣམ་འགྱུར་ཁ་དོག་ཅན། །ཁུར་བས་ཐང་ཆད་རྣམ་པར་འཁྲུགས་པའི་གླང་རྣམས་

ལ། །འཕགས་པ་མཆོག་གིས་མཆོག་ཏུ་བརྩེ་བའི་སྙིང་རྗེ་མཛད། །དེ་ནས་མགྱོགས་འགྲོའི་རྒྱབ་ནས་དལ་བུས་བབས་ནས་ནི། །ས་ལ་རྣམ་པར་རྒྱུ་ཞིང་མྱ་ངན་དང་ལྡན་པ། །སྐྱེ་བོ་དག་གི་སྐྱེ་དང་འགོད་པ་རྣམ་སེམས་ཞིང་། །ངེས་པར་བཀྲེན་པ་འདི་ཞེས་སྨྲས་ཤིང་ཉམ་ཐག་གྱུར། །བསམ་པ་ཡིས་

ཀྱང་རྣམ་པར་དབེན་པ་མངོན་བཞེད་ཅིང་། །རྗེས་སུ་འོངས་པའི་མཛའ་བཤེས་དེ་རྣམས་ཕྱིར་བཟློག་ནས། །ཀུན་ནས་མངོན་པར་གཡོ་ཞིང་མཛེས་པའི་ལོ་འདབ་ཅན། །འཛམ་བུའི་རྩ་བ་སྐྱེ་བོ་མེད་པར་དེ་གཤེགས་སོ། །རིན་ཆེན་བཻ་ཌཱུརྱ་དང་མཚུངས་པའི་རྩྭ་འཇམ་ཅན། །གཙང་མར་ལྡན་པའི་ས་གཞི་དེར་ནི་

དེ་ཞུགས་ཏེ། །འགྲོ་བའི་སྐྱེ་བ་དང་ནི་འགོད་པ་རྣམས་སེམས་ཤིང་། །ཡིད་ནི་བརྟན་པའི་ལམ་ལ་དམིགས་པའོ། །ཡུལ་ལ་འདོད་སོགས་སེམས་ཀྱི་ནད་ལས་རྣམ་གྲོལ་བའི། །སེམས་གནས་པ་ནི་དེ་མ་ཐག་ཏུ་ཐོབ་གྱུར་ལ། །བསམ་གཏན་དང་པོ་ཟག་པ་མེད་པའི་རབ་སྤྱོད་པ། །རྟོག་པ་དཔྱོད་པ་དང་

เล่ม ๑๗๒ · หน้า 18a

བཅས་ཞི་བ་ཐོབ་པར་གྱུར། །རྣམ་པར་དབེན་པ་ལས་སྐྱེས་ཐོབ་ནས་དེ་ནས་ནི། །མཆོག་ཏུ་དགའ་བའི་བདེ་བ་སེམས་ཀྱི་ཏིང་ངེ་འཛིན། །ཡིད་ཀྱིས་འཇིག་རྟེན་འགྲོ་བ་ཡང་དག་རབ་བརྟགས་ནས། །འདི་ཉིད་དེ་ནས་གཞན་ནི་རབ་ཏུ་རྟོགས་པར་གྱུར། །ཀྱེ་མ་སྐྱེ་བོ་བཀྲེན་པ་

གང་ཞིག་རང་དབང་ནི། །ཡོད་མིན་རྒ་དང་ན་དང་རྣམ་པར་ཉམས་པའི་ཆོས། །ནད་པ་དང་ནི་ཤི་དང་རྒ་བས་ཉམ་ཐག་གམ། །གཞན་ལ་རྒྱགས་པས་ལོང་ཞིང་ཤེས་པ་མེད་པས་སྨོད། །འདིར་ནི་གལ་ཏེ་བདག་གིས་རང་དང་མཚུངས་གྱུར་པ། །གཞན་གྱི་རང་བཞིན་དག་ལ་དེ་ལྟར་སྨོད་བ་ནི། །མཆོག་གི་ཆོས་

འདི་རྣམ་པར་རྟོག་པ་ཁོ་བོ་ཡི། །མཚུངས་པར་གྱུར་པ་མ་ཡིན་ནུས་པའང་གཞན་མེད་དོ། །འགྲོ་བའི་རྒ་དང་ན་དང་རྒུད་པའི་ཉེས་པ་རྣམས། །དེ་ལྟར་ཇི་ལྟ་བ་བཞིན་རྣམ་པར་གཟིགས་དེ་ཡི། །སྟོབས་དང་ལང་ཚོ་དང་ནི་སྲོག་ལ་རབ་ཞུགས་པའི། །བདག་ཏུ་གྱུར་པའི་རྒྱགས་པ་སྐད་ཅིག་གིས་མེད་གྱུར། །

དེ་ནི་དགའ་བ་མེད་ཅིང་རྗེས་སུ་གདུང་མེད་ལ། །ཐེ་ཚོམ་སོམ་ཉིར་མ་གྱུར་གཉིད་དང་རྨུགས་པ་མེད། །འདོད་པའི་ཡོན་ཏན་རྣམས་ལ་ཡང་དག་མ་ཆགས་ཤིང་། །གཞན་ལ་རྣམ་པར་སྡང་བར་མ་གྱུར་ཕྱི་ཤོལ་མེད། །དེ་ལྟར་བདག་ཉིད་ཆེན་པོ་དེ་ཡི་རྡུལ་མེད་ཅིང་། །རྣམ་པར་དག་པའི་བློ་གྲོས་འདི་ནི་འཕེལ་

གྱུར་ལ། །སྐྱེས་བུ་གཞན་དག་རྣམས་ཀྱིས་མཐོང་བར་མ་གྱུར་པའི། །དགེ་སློང་ཆ་ལུགས་ལྡན་པའི་སྐྱེས་བུ་ཉེ་བར་འོངས། །སུ་ཞིག་ཡིན་པ་སྨྲོས་ཞེས་མི་ཡི་ལྷ་སྲས་ཀྱིས། །དེ་ལ་མངོན་པར་དྲིས་གྱུར་དེ་ལ་དེས་སྨྲས་པ། །མི་ཡི་སྐྱེས་མཆོག་སྐྱེ་དང་འཆི་བས་འཇིགས་པ་ཡི། །ཐར་པའི་ཕྱིར་ནི་རབ་ཏུ་

ཞུགས་པའི་དགེ་སྦྱོང་ཡིན། །བདག་ནི་འགྲོ་བ་ཟད་པའི་ཆོས་ནི་ཐར་འདོད་ཅིང་། །དགེ་ཞིང་འགྱུར་བ་མེད་པའི་གནས་དེ་ཚོལ་བ་སྟེ། །རང་གི་སྐྱེ་བོ་དང་ནི་སྐྱེ་བོར་མཉམ་པའི་བློ། །ཡུལ་རྣམས་ལ་ནི་ཆགས་པའི་ཉེས་པ་ཕྱིར་ལོག་པའོ། །སྐྱེ་བོ་མེད་པའི་གནས་ཁང་དང་ནི་རི་འམ་ནགས། །ཤིང་གི་རྩ་

བ་འགའ་ཞིག་ཏུ་ནི་གནས་པ་ཡི། །དོན་དམ་ཕྱིར་ནི་ཇི་ལྟར་ཉེར་ལྡན་སློང་མོ་པ། །སྲེད་བྲལ་ཡོངས་སུ་འཛིན་པ་མེད་པར་རྣམ་པར་རྒྱུ། །དེ་ལྟར་གཟིགས་པའི་རྒྱལ་པོའི་སྲས་པོ་དེ་ཉིད་ལ། །འདི་སྐད་སྨྲས་ནས་ནམ་མཁའ་ལ་ནི་གཤེགས་པར་གྱུར། །དེ་ནི་དེ་ཡི་ལུས་ཀྱིས་སངས་རྒྱས་གཞན་གཟིགས་

เล่ม ๑๗๒ · หน้า 18b

ཤིང་། །ལྷ་ན་གནས་པ་དེ་ཡི་དྲན་པའི་ཆེད་དུ་འོངས། །མཁའ་ལ་མཁའ་འགྲོ་བཞིན་དུ་གཤེགས་པ་དེ་ལ་ནི། །མི་མཆོག་ཡང་དག་དགའ་བར་གྱུར་ཞིང་ཡ་མཚན་གྱུར། །དེ་ནས་ཆོས་ཀྱི་འདུ་ཤེས་ཉེ་བར་ཐོབ་གྱུར་ནས། །མངོན་པར་ངེས་འབྱུང་ཆོ་ག་ལ་ནི་བློ་གྲོས་མཛད། །དེ་ནས་དབང་པོ་

དང་མཉམ་དབང་པོའི་རྟ་ཐུལ་བ། །གྲོང་ལ་རབ་ཏུ་འཇུག་འདོད་རྟ་ལ་རབ་འཛེགས་ཤིང་། །འཁོར་གྱི་སྐྱེ་བོ་དག་ཀྱང་མངོན་པར་འདོད་པ་སྟེ། །དེ་ཉིད་ཕྱིར་ན་མངོན་འདོད་ནགས་ནི་མ་བསྙེན་ཏོ། །དེ་ནི་རྒ་དང་འཆི་བ་ཟད་པར་བྱེད་འདོད་པ། །ནགས་སུ་གནས་ཕྱིར་བློ་གྲོས་དྲན་པ་ལ་བཟུང་ནས།

གཉིས་འཐུང་དབང་པོ་ནགས་ཀྱི་ས་ནས་གྲོང་དུ་ལྟར། །འདོད་པ་ལས་མིན་གྲོང་ལ་སླར་ཡང་རབ་ཏུ་ཞུགས། །དེ་ནི་ཡང་དག་མཐོང་ནས་ཤཱཀྱའི་བུ་མོ་ཞིག །རབ་ཞུགས་ལམ་ལ་ཐལ་མོ་སྦྱར་བ་དང་བཅས་ཤིང་། །ཀྱེ་མ་སྤྱན་དབང་གང་གི་བདག་པོ་འདི་འདྲ་འདིར། །མོ་དེ་བདེ་མ་མྱ་ངན་འདས་མ་ཞེས་

སྨྲས་སོ། །དེ་ནས་དབྱངས་འདི་སྤྲིན་ཆེན་དབྱངས་དང་ལྡན་པ་ཡིས། །ཡོངས་སུ་ཐོས་ནས་མཆོག་ཏུ་ཞི་བ་རྙེད་གྱུར་ལ། །མྱ་ངན་འདས་ཞེས་སྒྲ་སྐད་ཐོས་པ་དང་ལྡན་དེས། །ཡོངས་སུ་མྱ་ངན་འདའ་བའི་ཆོས་གར་བློ་གྲོས་མཛད། །དེ་ནས་གསེར་གྱི་རི་བོའི་རྩེ་མོའི་སྐུ་མངའ་ཞིང་། །གླང་ཆེན་ཕྱག་དང་

འབྲུག་གི་སྒྲ་དབྱངས་ཁྱུ་མཆོག་སྤྱན། །སེང་གེའི་སྟོབས་དང་རི་བོང་ཅན་གྱི་ཞལ་མངའ་བས། །མི་ཟད་ཆོས་ལ་ཆགས་སྐྱེས་ཕོ་བྲང་རབ་ཏུ་འཐོབ། །དེ་ནས་མཐོ་རིས་དག་ན་ལྷ་ཡི་འདུན་ས་རུ། །ལྷ་དབང་འབར་བ་ལ་ནི་བཀུག་འགྱེད་གཞོན་ནུ་བཞིན། །བློན་པོའི་ཚོགས་ཀྱིས་ཉེ་བར་བསྙེན་པའི་མི་

བདག་ལ། །རི་དགས་དབང་པོའི་འགྲོས་དང་ལྡན་པ་མངོན་པར་གཤེགས། །རབ་ཏུ་བཏུད་ནས་ཐལ་མོ་དང་བཅས་སྨྲས་གྱུར་པ། །མི་དབང་བདག་ལ་ལེགས་པར་རྗེས་སུ་གནང་བ་བྱིན། །ངེས་པར་སྐྱེ་བོ་འདི་ནི་རྣམ་པར་འབྲལ་བ་སྟེ། །ཐར་པའི་ཆེད་དུ་ཡོངས་སུ་རྣམ་པར་གཤེགས་པར་བགྱི། །དེ་ལྟར་

དེའི་ཚིག་ངེས་པར་ཐོབ་ནས་རྒྱལ་པོ་ནི། །ལག་ལྡན་གྱིས་ནི་མངོན་སྣུན་ལྗོན་པ་ལྟར་གཡོས་ཤིང་། །ཀ་མ་ལ་དང་རབ་མཚུངས་ཐལ་མོ་དག་བཟུང་ནས། །མཆི་མ་དང་ནི་གྲེ་བ་ཁ་ཞིང་ཚིག་འདི་སྨྲས། །བརྩེ་བའི་བློ་གྲོས་འདི་ནི་རབ་ཏུ་ཐོང་མཛོད་ཅིག །ཁྱེད་ཀྱི་ཆོས་ལ་བསྙེན་པའི་དུས་ནི་མ་ཡིན་ཏེ། །ན་ཚོད་དང་

เล่ม ๑๗๒ · หน้า 19a

པོ་དང་ནི་བློ་གྲོས་གཡོ་བ་ན། །ཆོས་ཀྱི་སྤྱོད་པ་གསུངས་པ་རྣམས་ནི་སྐྱོན་མང་ངོ་། །ཡུལ་རྣམས་སུ་ནི་དབང་པོ་ཡ་མཚན་གློ་བུར་ཞིང་། །བརྟུལ་ཞུགས་གཡོ་བ་རྣམས་སུ་ངེས་པར་ནུས་མེད་ལ། །ཁྱད་པར་དུ་ནི་དབེན་པར་མངོན་པར་མི་ཤེས་པ། །དར་ལ་བབ་པའི་ཡིད་

ནི་དགོན་པ་ནས་གཡོའོ། །མཚོན་གྱུར་ཁྱོད་ལ་ཕུན་སུམ་ཚོགས་པ་གཏད་ནས་ནི། །ཁོ་བོ་ཡི་ཡང་ཆོས་དགའ་ཆོས་ཀྱི་དུས་ཡིན་ཏེ། །རྣམ་པར་གནོན་པ་བསྟན་པ་རྣམ་པར་གནོན་པ་ཡིས། །བླ་མ་སྤངས་ནས་ཁྱོད་ཀྱི་ཆོས་ཀྱིས་ཆོས་མ་ཡིན། །དེ་ཕྱིར་ཁྱོད་ཀྱིས་ནན་ཏན་ངེས་པ་འདི་དོར་ལ། །

ཁྱོད་ནི་རེ་ཞིག་ཁྱིམ་གནས་ཆོས་ལ་དགའ་བར་གྱིས། །དར་ལ་བབ་པས་བདེ་བ་རྣམས་ནི་ལོངས་སྤྱད་ནས། །སྐྱེས་བུའི་དཀའ་ཐུབ་ནགས་སུ་འཇུག་པ་ཉམས་དགའོ། །དེ་ལྟར་རྒྱལ་པོའི་ཚིག་འདི་རྣམ་པར་གསན་ནས་ནི། །ཀ་ལ་པིང་ཀའི་དབྱངས་ཀྱིས་ལན་ནི་སྨྲས་པ་སྟེ། །རྒྱལ་པོ་གལ་ཏེ་བདག་

གི་ཁས་ལེན་བཞི་རྣམས་སུ། །ཁྱེད་ཀྱིས་འགྱུར་ན་དཀའ་ཐུབ་ནགས་ནི་མི་བསྙེན་ཏོ། །བདག་གི་སྲོག་ནི་འཆི་བ་ཉིད་དུ་མི་འགྱུར་ཞིང་། །བདག་གི་རང་གནས་གྱུར་འདི་ནད་ཀྱིས་མི་འཕྲོགས་ལ། །བདག་གི་ལང་ཚོ་རྒས་པ་ཡིས་ནི་མི་གཡེང་ཞིང་། །ཕུན་སུམ་ཚོགས་པ་འདི་ནི་རྒུད་པས་

མ་གཏོར་ནའོ། །དེ་ལྟར་རྙེད་པར་དཀའ་བའི་དོན་སྨྲས་གྱུར་པ་ཡི། །སྲས་པོ་ལ་ནི་ཤཱཀྱའི་རྒྱལ་པོས་ཚིག་སྨྲས་པ། །ཤིན་ཏུ་རབ་ཏུ་ཞུགས་པའི་བློ་འདི་ཐོང་མཛོད་ཅིག །ཤིན་ཏུ་ཡིད་ལ་རེ་བ་འཕྱ་ཞིང་ཤ་ཐང་འཆད། །དེ་ནས་ལྷུན་པོ་ལྟར་ལྕིས་བླ་མ་ལ་སྨྲས་པ། །གལ་ཏེ་རིམ་པ་དེ་དག་མེད་

དེ་ཤོལ་མི་ཐེབས། །འབར་བའི་མེ་ཡིས་ཚིག་པའི་ཁང་པ་ནས། །ཕྱི་རོལ་འབྱུང་བར་འདོད་པ་འཛིན་པར་ནུས་མ་ཡིན། །གང་གི་ཚེ་ན་འགྲོ་བ་ངེས་པར་འབྲལ་བ་སྟེ། །ཆོས་ཕྱིར་མ་ཡིན་འདི་ནི་རྣམ་པར་འབྲལ་བ་མཆོག །འོ་ན་བདག་ལ་འཆི་བས་དབང་མེད་འབྲལ་བྱེད་ཅིང་། །རང་གི་དོན་

མ་བྱས་ཤིང་ཚིམ་པ་མ་ཡིན་ཉིད། །དེ་ལྟར་མཐར་བཞེད་སྲས་པོ་དེ་ཡིས་ངེས་པ་ནི། །ས་ཡི་བདག་པོ་ཡིས་ནི་ངེས་པར་ཐོས་ནས་ནི། །འགྲོ་བར་མི་བྱ་ཞེས་ནི་མངོན་པར་བརྗོད་ནས་སུ། །སླར་ཡང་བསྲུང་བ་དག་ནི་འདོད་པ་མཆོག་རྣམས་མཛད། །དགའ་ཞི་ཞི་བ་སྔོན་འགྲོ་བཀུར་སྟི་མང་པོ་ལས། །

เล่ม ๑๗๒ · หน้า 19b

བློན་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དཔེ་བསྟན་ཞིང་། །བླ་མས་མཆི་མ་ལྷུང་བ་རྣམས་ཀྱིས་ཤོལ་བཏབ་སྟེ། །དེ་ནས་དེ་ནི་མྱ་ངན་བཞིན་དུ་ཁྱིམ་ལ་ཞུགས། །རྣ་ལུང་འཁྱིལ་བ་གཡོ་བས་འོ་བྱས་གདོང་ལྡན་མ། །དབུགས་རླུང་སྟུག་པོས་རྣམ་པར་བསྐྱོད་པའི་ནུ་མ་ཅན། །བསྟན་པ་མིན་པའི་མིག་ལྡན་

བུད་མེད་རྣམས་ཀྱིས་ནི། །རི་དགས་མོ་རྣམས་ཀྱིས་བཞིན་མངོན་པར་གྱེན་དུ་ལྟ། །གསེར་གྱི་རི་བོ་དང་འདྲ་དཀར་སེར་མདོག་དེ་ནི། །ཡན་ལག་མཆོག་མ་རྣམས་ཀྱི་སྙིང་ནི་མྱོས་མཛད་ཅིང་། །ངག་དང་རེག་བྱ་དང་ནི་ལུས་དང་ཡོན་ཏན་གྱིས། །ཐོས་བྱེད་ལུས་དང་ལྟ་བྱེད་བདག་གི་དངོས་རྣམས་

ཕྲོགས། །ཉིན་མོ་རྣམ་པར་ཐལ་ཚེ་དེ་ནས་ཁང་བཟངས་ལ། །ལུས་ཀྱིས་ཉི་མ་བཞིན་དུ་མངོན་པར་གསལ་བ་ནི། །རབ་རིབ་རྣམ་པར་འཇོམས་འདོད་བདག་ཉིད་སྣང་བ་ཡིས། །ཉི་མ་ཤར་བ་ལྷུན་པོ་ལ་བཞིན་ཀུན་ནས་འཛེགས། །གསེར་གྱིས་འབར་ཞིང་གསལ་བའི་སྒྲོན་མའི་ཤིང་དང་ནི། །ཨ་ག་རུ་

མཆོག་ནག་པོའི་བདུག་པས་གང་བའི་ལྟོར། །མངོན་པར་འཛེགས་ནས་རྡོ་རྗེས་སྤྲས་ཤིང་སྣ་ཚོགས་པ། །རབ་མཆོག་གསེར་གྱི་བཞུགས་གདན་ལ་ནི་བསྙེན་པའོ། །ཟླ་བ་ལྟར་དཀར་གངས་དང་ལྡན་པའི་རྩེ་མོ་ན། །ནོར་དབང་བདག་ཉིད་སྐྱེས་ལ་ལྷ་མོའི་ཚོགས་འདུས་བཞིན། །དེ་ནས་ལུས་མཆོག་མ་

རྣམས་དབང་པོ་དང་མཚུངས་མཆོག །དེ་ལ་མཚན་མོར་སིལ་སྙན་རྣམས་ཀྱིས་ཉེ་བར་གནས། །མཆོག་རབ་ལྷ་ཡི་སིལ་སྙན་འདྲ་བ་རྣམས་ཀྱིས་ཀྱང་། །དེ་ཡང་དེ་ཡིས་བསྐྱེད་པར་མ་གྱུར་དགའ་བ་མེད། །དམ་པའི་དོན་གྱི་བདེ་ཕྱིར་ལེགས་པ་དེ་ཡི་ནི། །མངོན་པར་ངེས་པར་འབྱུང་འདོད་གང་ལ་དགའ་

མ་གྱུར། །དེ་ནས་དེར་ནི་བརྟུལ་ཞུགས་མཆོག་གྱུར་འོག་མིན་གྱི། །ལྷ་རྣམས་ཀྱིས་ནི་འདི་ཡི་ངེས་པ་རྟོགས་ནས་ནི། །ལུས་ཀྱི་རྣམ་འགྱུར་རྣམ་པར་འགྱུར་བྱས་དུས་གཅིག་ལ། །མྱོས་མའི་སྐྱེ་བོ་རྣམས་ནི་གཉིད་དུ་འགྲོ་བར་བྱས། །དེ་ལ་ཁ་ཅིག་དགའ་བ་ཡིན་ཡང་ཁྲོས་པ་བཞིན། །པང་དུ་སོན་པའི་

གསེར་གྱི་སྣོད་ནི་སྣ་ཚོགས་པའི། །པི་ཝང་རྣམ་པར་སྤངས་ནས་ལག་པ་གཡོ་བ་ལ། །འགྲམ་པ་རྣམ་པར་བཀོད་ནས་ཉལ་བར་གྱུར་པའོ། །འཁྱོག་མིན་བུང་བའི་ཕྲེང་བ་སྒྲ་སྒྲོགས་པདྨ་དང་། །ཆུ་བོའི་ངོགས་ན་ཆུ་སྦུར་རབ་ཏུ་རྒོད་པ་བཞིན། །གཞན་རྣམས་ནུ་མར་རྣམ་ཉིལ་དཀར་པོའི་དར་གོན་ཞིང་། །

เล่ม ๑๗๒ · หน้า 20a

གླིང་བུ་ལག་པར་སྦྱར་ཞིང་གཉིད་ལོག་རྣམ་པར་མཛེས། །དེ་བཞིན་གཞན་རྣམས་པདྨ་གསར་པའི་སྙིང་པོ་ལྟར། །འཇམ་ཞིང་གདུང་བྱ་གསེར་གྱིས་འབར་བའི་ད་པུབརྒྱན་ནི། །འདུས་པའི་ལག་པ་དག་གིས་དགའ་བ་བཞིན་དུ་ནི། །རྫ་རྔ་ཉིད་ནི་ཡོངས་སུ་འཁྱུད་

ནས་གཉིད་ལོག་གྱུར། །དེ་བཞིན་གཞན་ནི་གསར་བའི་གསེར་གྱིས་རྣམ་བརྒྱན་ཞིང་། །བགོ་བའི་གོས་ནི་སེར་པོ་མཆོག་དག་གོན་པ་སྟེ། །ཀར་ནི་ཀ་རའི་ཡལ་ག་གླང་པོས་བསྒྱེལ་བ་བཞིན། །དབང་མེད་པར་ནི་སྡུག་མ་གཉིད་ཀྱིས་འགྱེལ་བར་གྱུར། །དེ་བཞིན་གཞན་ནི་སྐར་ཁུང་

ལོགས་ལ་སྔས་ནས་ནི། །ཉལ་བར་གྱུར་པའི་ལུས་ཀྱི་མཆོད་སྡོང་རྣམས་འཁྱོག་པ། །རྟ་བབས་ལ་ནི་ཤ་ལ་བྷཉྫ་ཀ་བཞིན་དུ། །མཛེས་པའི་དོ་ཤལ་རྣམ་པར་འཕྱང་བ་རྣམ་པར་མཛེས། །དེ་བཞིན་གཞན་གྱི་ཞལ་གྱི་པདྨ་རྣམ་རྒྱས་ཤིང་། །འགྲམ་པའི་ལོགས་ལ་ནོར་བུའི་རྣ་ལུང་གིས་

དམུགས་པ། །འདབ་མ་བརྒྱ་པའི་སྡོང་བུའི་ཕྱེད་ནི་འཁྱོག་པ་ལ། །གནས་པའི་ཀར་ཎི་ཌ་བས་བསྐྱོད་བཞིན་གཡོས་པར་གྱུར། །གཞན་ནི་ཇི་ལྟར་རྣམ་པར་ཞུགས་བཞིན་གཉིད་ལོག་ཅིང་། །ནུ་མའི་ཁུར་གྱིས་མངོན་པར་དུད་པའི་ལུས་པོ་རྣམས། །ལག་པའི་ཞགས་པ་གསེར་གྱི་གདུ་བུ་ཅན་རྣམས་ཀྱིས། །

ཕན་ཚུན་ཉེ་བར་འཁྱུད་ནས་རྣམ་པར་གནས་ཏེ་མཛེས་པའོ། །རྣམ་པར་གཡོ་ཞིང་བསྐྱོད་པའི་གསེར་གྱི་སྐུད་པ་ཅན། །རྣ་བའི་ཤོག་དྲིལ་ཀུན་ནས་འཁྲུགས་པའི་གདོང་གིས་ནི། །ཡོངས་སུ་སྨྲ་ལྡན་པི་ཝང་ཆེན་པོ་འཁྱུད་ནས་ནི། །བུད་མེད་ཁ་ཅིག་གྲོགས་མོ་བཞིན་དུ་གཉིད་ལོག་གོ། །ལང་ཚོ་མ་

གཞན་ལག་པའི་དཔུང་པའི་ཡུལ་ལས་ནི། །ཀུན་ནས་རྣམ་འཕྱང་མཛེས་པའི་ལོགས་ཅན་པ་ཎ་ཝ། །སྒྱེག་བཅས་དགའ་བའི་མཐར་ནི་ཐང་ཆད་སྡུག་པ་བཞིན། །བརླ་གཉིས་དག་ནི་དབུས་སུ་བླངས་ནས་ཉལ་བའོ། །རབ་ཏུ་ཡང་དག་འཁུམས་གྱུར་པདྨ་དམར་པོའི་མཛོད། །ཉི་མ་ནུབ་པར་

གྱུར་ཚེ་རྫིང་བུ་རྣམས་ཇི་ལྟར། །རྣམ་རྒྱས་མིག་དང་མཛེས་པའི་སྨིན་མ་ཡོད་ན་ཡང་། །གཞན་རྣམས་མིག་རྣམས་བཙུམས་ཤིང་མཛེས་པར་མ་གྱུར་ཏོ། །དེ་བཞིན་གཞན་ནི་མགོ་སྐྱེས་ལྷོད་པ་ལས་འཁྲུགས་ཤིང་། །རྒྱན་དང་དར་རྣམས་དཔྱི་ལ་རྣམ་ཉིལ་དེ་རྣམས་ནི། །ཡན་ལག་མ་ཡི་གཟུགས་

เล่ม ๑๗๒ · หน้า 20b

བརྙན་གླང་པོས་བཅོམ་པ་བཞིན། །མགྲིན་པའི་སྐུད་པའི་དོ་ཤལ་རྣམ་པར་བཀྲམ་ཞིང་ཉལ། །བརྟན་ལྡན་ལུས་ནི་ཡོན་ཏན་རྣམས་དང་ལྡན་ན་ཡང་། །གཞན་རྣམས་ཀྱང་ནི་དབང་མེད་ངོ་ཚས་རྣམ་སྤངས་ཤིང་། །རྣམ་པར་འགྱུར་ཞིང་བསྐྱོད་པའི་ཡན་ལག་གྱ་གྱུ་དང་། །དབུགས་ནི་རྣམ་པར་རྒྱུ་

ཞིང་ལུས་པོ་གསལ་བར་གཉིད། །གཞན་གྱི་རྒྱན་དང་མེ་ཏོག་ཕྲེང་བ་རྣམ་བྲུལ་ཞིང་། །མདུད་པའི་གོས་རྣམས་རྣམ་པར་ཉིལ་གྱུར་འདུ་ཤེས་མེད། །བཙུམས་པ་མ་ཡིན་དཀར་པོ་གཡོ་བ་དང་བྲལ་མིག །སྲོག་སོང་རོ་ལྟར་ཉལ་བ་རྣམ་པར་མཛེས་མ་གྱུར། །ཁ་སྦྱར་རྣམ་པར་གདངས་ཏེ་

ལུས་པོ་རབ་བརྐྱང་ཞིང་། །ཁ་ཡི་ཆུ་ནི་རབ་འཛགས་གསང་བ་རྣམ་རབ་གསལ། །གཞན་མ་དག་ནི་ཆང་གིས་འཁྲུལ་པར་གྱུར་པ་ཉིད། །ལུས་རྒྱས་རྣམ་པར་འགྱུར་བར་གཉིད་ལོག་མཛེས་མ་གྱུར། །དེ་ལྟར་སེམས་པ་དང་ནི་རིགས་ཀྱི་རྗེས་འགྲོའི་གཟུགས། །རྣམ་པ་སྣ་ཚོགས་རབ་མྱོས་སྐྱེ་བོ་དེ་

ཉལ་བ། །རླུང་གིས་ཀུན་ནས་བསྐྱོད་གྱུར་གསེར་གྱི་པདྨ་ཡི། །རྫིང་བུ་དང་ནི་མཚུངས་པའི་གཟུགས་ནི་མཛེས་པར་གྱུར། །དེ་ལྟར་རྣམ་པར་འགྱུར་ལ་བརྟན་མིན་སྤྱོད་པ་ཅན། །དེ་ལྟར་ཉལ་བའི་ལང་ཚོ་ལྡན་མ་དེ་མཐོང་ནས། །ལུས་ཀྱི་ཡོན་ཏན་ལྡན་ཞིང་སྨྲ་བའི་ཡིད་འོང་ཡང་། །མི་སྐྱོང་སྲས་པོ་དེས་ནི་རྣམ་

པར་སྨད་པར་གྱུར། །མི་གཙང་རྣམ་པར་འགྱུར་བ་གསོན་པའི་འཇིག་རྟེན་ཏེ། །བུད་མེད་རྣམས་ཀྱི་རང་གི་ངོ་བོ་འདི་འདྲ་བ། །བགོ་བ་རྣམས་དང་རྒྱན་རྣམས་ཀྱིས་ཀྱང་སླུ་བ་སྟེ། །བུད་མེད་རྣམས་ཀྱི་ཡུལ་ལ་སྐྱེས་པ་ཆགས་པར་འགྲོ། །གལ་ཏེ་སྐྱེས་པས་བུད་མེད་རྣམས་ཀྱི་རང་བཞིན་ནི། །རྨི་ལམ་རྣམ་

པར་འགྱུར་བ་བཞིན་དུ་རྣམ་དཔྱད་ན། །ངེས་པར་འདིར་ནི་བག་མེད་འཕེལ་བ་མ་ཡིན་ལ། །འོན་ཀྱང་ཡོན་ཏན་རྟོག་པ་བཅོམ་སྟེ་ཆགས་པར་འགྲོ། །དེ་ལྟར་དེ་ཡི་གོ་སྐབས་རྣམ་པར་རིག་ནས་ནི། །མཚན་མོར་ཕྱི་རུ་འགྲོ་འདོད་ཡང་དག་སྐྱེས་པར་གྱུར། །འདི་ཡི་སེམས་ནི་ཀུན་ནས་རྟོག་ནས་དེ་ནས་ནི། །

ལྷ་རྣམས་དག་གིས་ཁང་པའི་སྒོ་ནི་ཕྱེ་བར་གྱུར། །དེ་ནས་ལང་ཚོ་ལྡན་མ་ཉལ་བ་དེ་རྣམས་ནི། །སྨད་ཅིང་དེ་ནི་ལྡིང་ཁང་ལོགས་ནས་བབས་པ་སྟེ། །མངོན་པར་བབས་ནས་དེ་ནས་སོམ་ཉི་རྣམ་བྲལ་བར། །ཁང་པའི་རིམ་པ་དང་པོར་ཕྱི་རུ་རྣམ་པར་གཤེགས། །དེ་ནི་མགྱོགས་འགྲོ་བསྲུངས་ལ་གོ་བར་

เล่ม ๑๗๒ · หน้า 21a

བྱས་ནས་ནི། །སྐྱེན་པར་འདུན་པ་ལ་ནི་འདི་སྐད་ཅེས་སྨྲས་སོ། །བསྔགས་ལྡན་རྟ་ནི་ཁྱེར་ཤོག་མྱུར་བ་དང་ལྡན་པས། །བདུད་རྩི་ཐོབ་ཕྱིར་འདི་ལས་དི་རིང་བདག་སྐོམ་མོ། །བདག་གི་སྙིང་ལ་དེ་རིང་ཚིམ་པ་སྐྱེས་གྱུར་ཞིང་། །ངེས་པ་

ཡང་སྟེ་ཇི་ལྟར་བློ་གྲོས་ལ་ཞུགས་པ། །སྐྱེ་བོ་མེད་པ་ལ་ཡང་མགོན་དང་ལྡན་པ་སྟེ། །ངེས་པར་འདོད་པའི་དོན་ནི་མངོན་དུ་ཕྱོགས་པར་འདུ། །ངོ་ཚ་ཉིད་དང་ཡང་དག་འདུད་པ་སྤངས་ནས་ནི། །ལོང་ཚོ་མ་རྣམས་བདག་གི་གདོང་དུ་ཇི་བཞིན་ཉལ། །སྒོ་ནི་རང་བཞིན་ཇི་ལྟར་རྣམ་པར་དབྱེ་བ་ལ། །ངེས་

པར་བདག་ནི་འདི་ནས་དི་རིང་འགྲོ་བའི་དུས། །མི་དབང་བརྟན་པའི་དོན་ནི་རྣམ་པར་རིག་ན་ཡང་། །ཇོ་བོ་བཀའ་ལུང་དེས་ནི་དེ་ནས་རབ་བཟུང་ནས། །ཡིད་ལ་ཕ་རོལ་པོ་ཡིས་ཡང་དག་བསྐུལ་བ་བཞིན། །མགྱོགས་འགྲོ་ཁྱེར་ཏེ་འོང་བ་ལ་ནི་བློ་གྲོས་བྱས། །དེ་ནས་གདོང་གི་གསེར་གྱི་སྲབ་ཀྱིས་གང་བ་སྟེ། །

རྒྱབ་ན་ཡང་བའི་སྟན་གཡོགས་དག་གིས་ཉེ་བར་གཡོགས། །སྟོབས་དང་སེམས་པ་མགྱོགས་དང་རྗེས་འགྲོ་ཉེར་ལྡན་པ། །དེ་ཡིས་རྟ་མཆོག་དེ་ལ་དེར་ནི་ཉེ་བར་འོངས། །སྔ་མའི་རྩ་བ་རྩིབ་ལོགས་གསུམ་ག་རབ་རྒྱས་ཤིང་། །རྒྱབ་དང་རྣ་བ་ལུས་སྐྱེས་སྤུ་ནི་ཐུང་ཞིང་དུལ། །རྒྱབ་ཀྱི་རྩིབ་མ་དག་ནི་དུད་ཅིང་

རྣམ་རྒྱལ་ལ། །མཆུ་དང་དཔྲལ་བ་བྲང་དང་དཔྱི་ནི་རབ་རྒྱས་པའོ། །ཞི་ཞིང་ཀ་མ་ལ་དང་མཚུངས་པའི་ཕྱག་གིས་ཀྱང་། །སྐུ་སྟོང་རྣམ་པར་སྤངས་དེས་དེ་ལ་ཉེར་འཁྱུད་ནས། །རྒྱལ་མཚན་སྡེ་ལ་དམག་དཔོན་རབ་ཏུ་འཇུག་པ་བཞིན། །མངར་མོའི་ཡི་གེའི་ཚིག་གིས་ཞལ་ཏ་མཛད་པའོ། །གཡུལ་དུ་ཁྱོད་ལ་

མངོན་པར་ཞོན་ནས་ས་སྐྱོང་གིས། །དགྲ་བོ་རྣམས་ནི་ལན་གྲངས་མང་པོར་ངེས་པར་གཏོར། །བདག་ཀྱང་འཆི་མེད་གོ་འཕང་ཇི་ལྟ་བ་བཞིན་དུ། །མགྱོགས་འགྲོའི་གཙོ་བོ་ཉེ་བར་ཐོབ་པ་དེ་ལྟར་མཛོད། །ཡུལ་ཐོབ་བདེ་བ་ལ་དང་ནོར་བསྒྲུབ་པ་ལ་རུང་། །གཡུལ་འགྱེད་པ་ན་འཁོར་ནི་ངེས་པར་རྙེད་བླ་སྟེ། །བརྒྱུད་པར་

ལྷུང་བ་ལ་དང་ཆོས་ལ་བརྟེན་པར་རུང་། །སྐྱེས་བུ་ཡི་ཡང་འཁོར་ནི་རྙེད་པར་དཀའ་བའོ། །འདི་ཉིད་དུ་ཡང་གང་ཞིག་འཁོར་དུ་གྱུར་པ་ནི། །སྡིག་པའི་ལས་ལ་དང་ནི་ཆོས་དང་ལྡན་ལ་རུང་། །ཇི་ལྟར་བདག་གི་ནང་གི་བདག་ཉིད་ཀྱིས་རྟོགས་པ། །མི་དེ་རྣམས་ཀྱང་དེ་ཡི་ཆ་ཤས་སྐལ་བ་ཡི། །དེ་ཕྱིར་ཆོས་དང་ལྡན་པ་

เล่ม ๑๗๒ · หน้า 21b

འདི་ནི་ཡོངས་ཤེས་ནས། །བདག་ནི་འདི་ལས་ངེས་འབྱུང་འགྲོ་ལ་ཕན་པའི་ཕྱིར། །མགྱོགས་འགྲོ་མཆོག་སྐྱེ་ཤུགས་དང་རྣམ་པར་གནོན་པ་ཡིས། །བདག་ཕན་ལ་དང་འགྲོ་ཕན་ལ་ནི་འབད་པར་གྱིས། །དེ་ལྟར་མཛའ་བཤེས་བཞིན་དུ་རྗེས་སུ་བསླབས་ནས་ནི། །མགྱོགས་འགྲོ་མཆོག་ལ་མི་མཆོག་

འགྲོ་འདོད་དེ། །དཀར་ལ་དཀར་མིན་འགྲོས་ཀྱི་འོད་ཟེར་ལུང་ལྡན་པ། །ཉི་མ་སྟོན་ཀའི་སྤྲིན་ལ་བཞིན་དུ་ཡང་དག་འཛེགས། །དེ་ནས་འཁོར་གྱི་སྐྱེ་བོས་གོ་བར་བྱེད་པའི་སྐད། །མཚན་མོར་གཏུམ་པ་དམ་པའི་རྟ་དེས་ཡོངས་བཀག་ཅིང་། །འགྲམ་པའི་སྒྲ་མེད་འཚེར་བའི་སྐད་ནི་རབ་ཞི་བར། །

འཇིགས་པའི་སྒྲ་ནི་དོར་བའི་གོམ་པའི་འགྲོས་ཀྱིས་གཤེགས། །གསེར་གྱི་གདུ་བུའི་རྒྱན་ནི་ལག་པའི་མཁྲིག་མ་ལ། །ཀ་མ་ལ་འདྲས་ཀ་མ་ལ་རྣམས་རྣམ་བྱས་ནས། །ལུས་འདུད་གནོད་སྦྱིན་རྣམས་ནི་དེ་ནས་འདི་ཡིས་ནི། །ཚིམ་གྱུར་ལག་པའི་རྩེ་མོས་རྨིག་པ་རྣམས་བཟུང་ངོ་། །ལྕི་མོའི་སྒོ་

གཏན་སྒོ་གླེགས་ཡང་དག་བཅད་པ་གང་། །བདེ་བར་གཉིས་འཐུང་གིས་ཀྱང་ཕྱེད་པ་མ་ཡིན་པ། །མི་སྐྱོང་སྲས་པོ་གཤེགས་ཚེ་སྐད་མེད་གྲོང་ཁྱེར་དང་། །སྒོ་ཁང་དེ་རྣམས་རང་ཉིད་རྣམ་པར་བྱེ་བར་གྱུར། །མངོན་པར་གདོང་ཕྱོགས་ཡབ་དང་སྲས་པོ་བྱིས་པ་དང་། །སྐྱེ་བོ་རྗེས་སུ་ཆགས་དང་ཕུན་

ཚོགས་མཆོག་དག་ནི། །བློ་གྲོས་བྱས་ཤིང་ལྟོས་པ་མེད་པར་དོར་ནས་ནི། །ཡབ་ཀྱི་གྲོང་ནས་དེ་ནི་དེ་ནས་རྣམ་པར་གཤེགས། །དེ་ནས་དེ་ནི་རྣམ་རྒྱལ་འདམ་སྐྱེས་ཡངས་པའི་སྤྱན། །གྲོང་ཁྱེར་ཀུན་ནས་གཟིགས་ནས་སེང་གེའི་སྒྲ་བསྒྲགས་པ། །སྐྱེ་དང་འཆི་བ་དག་གི་ཕ་རོལ་མ་མཐོང་བར། །

གྲོང་ཁྱེར་སེར་སྐྱ་ཞེས་བྱར་རབ་ཏུ་མི་འཇུག་གོ། །དེ་ལྟར་དེ་ཡི་གསུང་ནི་ངེས་པར་ཐོས་ནས་ནི། །ནོར་གྱི་བདག་པོའི་འཁོར་རྣམས་དག་ནི་དགའ་བར་གྱུར། །རབ་ཏུ་དགའ་བའི་ཡིད་ཅན་ལྷ་ཡི་ཚོགས་རྣམས་ནི། །ནན་ཏན་ཕ་རོལ་སོང་བ་དེ་ལ་བསྔགས་པ་བྱས། །མེ་ཡི་ལུས་ཅན་མཐོ་རིས་གནས་པ་

གཞན་རྣམས་ནི། །འདི་ཡིས་ངེས་པ་ཤིན་ཏུ་དཀའ་བ་རྣམས་རིག་ནས། །སྤྲིན་སྟུག་གསེབ་ནས་ཟླ་བའི་འོད་ཟེར་འཐོན་པ་བཞིན། །མཚན་མོའི་མུན་པའི་ལམ་ནི་རབ་ཏུ་གསལ་བར་བྱས། །ཉི་མའི་མགྱོགས་འགྲོ་ལྟ་བུའི་མགྱོགས་འགྲོ་དེ། །ཡིད་ཀྱིས་སྤྲུལ་པ་བཞིན་དུ་རྣམ་པར་རྒྱུ་བཞིན་དུ། །ཤིང་

เล่ม ๑๗๒ · หน้า 22a

རྟ་འདྲེན་པས་གཟི་ཉམས་སྐར་ལྡན་བར་སྣང་ལ། །དེ་ནི་ཤིན་ཏུ་མང་པོའི་དཔག་ཚད་རྣམས་སུ་གཤེགས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཕྱི་རོལ་དུ་མངོན་པར་བྱུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འགྲོ་མིག་ཉི་མ་

ནི། །མངོན་པར་ཤེས་པའི་ཡུད་ཙམ་ན། །ངན་སྤོང་བུ་ཡི་དཀའ་ཐུབ་གནས། །མི་མཆོག་དེས་ནི་གཟིགས་པར་གྱུར། །བློ་ཕབ་གཉིད་ལོག་རི་དགས་དང་། །རང་གནས་གནས་པར་བྱ་གང་ཞིག །གཟིགས་ནས་ངལ་སོས་བཞིན་དུ་དང་། །དོན་ནི་བྱས་པ་བཞིན་དུ་གྱུར། །དེ་ནི་རྒྱགས་པ་མེད་

དོན་དང་། །དཀའ་ཐུབ་མཆོད་པའི་དོན་ཉིད་དང་། །རང་གི་རྗེས་སུ་སྲུང་བ་ལ། །རྟ་ཡི་རྒྱབ་ནས་བབས་པར་གྱུར། །མངོན་པར་བབས་ནས་ཀྱང་རེག་ཅིང་། །དགའ་ཞིང་མིག་གིས་འཁྲུ་བ་བཞིན། །ངེས་པར་འཁོར་ཞེས་རྟ་དང་ནི། །འདུན་པ་ལ་ནི་སྨྲས་པའོ། །འདི་ནི་མཁའ་ལྡིང་དཔེར་མགྱོགས་ལ། །

མགྱོགས་འགྲོ་ལ་ནི་རྗེས་སུ་འོངས། །འདིས་ནི་བདག་གི་སྟོབས་དང་ནི། །ཞི་བ་བདག་ལ་གུས་པ་བསྟན། །ཐམས་ཅད་ནས་དོན་གཞན་ཡིན་ཀྱང་། །ཁྱོད་ཀྱི་སྙིང་ལ་བཟུང་བ་སྟེ། །གང་གི་ཇོ་བོ་དག་ལ་དགའ། །འདི་ནི་དེ་འདྲ་དག་ལ་ཉིད། །གུས་པ་མེད་ལ་ནུས་པ་ཡོད། །ནུས་པ་མེད་ལ་གུས་

པ་ལྡན། །གུས་པ་ལྡན་དང་ནུས་པ་སྟེ། །ཁྱོད་འདྲ་ས་སྟེངས་རྙེད་པར་དཀའ། །དེ་ཕྱིར་སྐལ་བ་ཆེན་པོའི་ལས། །ཁྱོད་ཀྱི་འདིས་ནི་བདག་དགའོ། །གང་ཞིག་ཁྱོད་ཀྱིས་བསམས་པ་འདི། །འབྲས་བུ་ལས་ཀྱང་གཞན་དུ་ཕྱོགས། །སྐྱེ་བོ་འབྲས་བུ་ལ་གནས་པའི། །མཐུན་ཕྱོགས་སྐྱེ་བོ་གང་གིས་

མིན། །ཟློག་ལ་རང་གི་སྐྱེ་བོ་ཡང་། །ཕལ་ཆེར་ཕ་རོལ་སྐྱེ་བོར་གྱུར། །རིགས་ཀྱི་དོན་དུ་བུ་བཟུང་ཞིང་། །གསོས་པའི་དོན་དུ་ཕ་བསྐྱེད་ལ། །སྲེད་པའི་བསམ་པས་ཆགས་སྐྱེ་སྟེ། །བྱེད་པ་མེད་པར་རང་ཉིད་མེད། །མང་པོ་བརྗོད་ཅིང་མདོར་བསྡུས་ནས། །བདག་གི་དགའ་ཆེན་ལེགས་བྱས་ཏེ། །

རྟ་བླངས་ནས་ནི་ཕྱིར་ལོག་དང་། །བདག་ནི་འདོད་པའི་གནས་རབ་ཐོབ། །དེ་སྐད་སྨྲས་ནས་ཕྱག་ཆེན་ཏེ། །རྗེས་སུ་བསྔགས་པར་བྱེད་འདོད་པས། །རྒྱན་རྣམས་ཀུན་ནས་བཏོགས་ནས་ནི། །གདུང་སེམས་ལྡན་པ་འདི་ལ་བྱིན། །དབུ་རྒྱན་དག་ནས་ནོར་བུ་གསལ། །སྒྲོན་མའི་ལས་ལ་བླངས་ནས་ནི། །ཉི་མ་

เล่ม ๑๗๒ · หน้า 22b

འབིགས་བྱེད་ལ་བཞིན་དེས། །ཚིག་འདི་སྨྲས་བཞིན་བཞུགས་པར་གྱུར། །འདུན་པ་ནོར་བུ་འདི་ལོང་ལ། །ལན་མང་བཏུད་ནས་མི་སྐྱོང་ནི། །ཀུན་ནས་གདུང་བ་ཟློག་པའི་ཕྱིར། །བློ་ཕེབས་པར་ནི་གསོལ་བར་བྱ། །སྐྱེ་དང་འཆི་བ་ཉམས་དོན་དུ། །དཀའ་ཐུབ་ནགས་ཚལ་རབ་ཐོབ་སྟེ། །མཐོ་རིས་

སྐོམ་པས་ངེས་མིན་ཞིང་། །བརྩེ་བ་མེད་མིན་ཁྲོས་པ་མིན། །དེ་ཕྱིར་དེ་ལྟར་མངོན་བྱུང་བ། །བདག་ལ་མྱ་ངན་འོས་མ་ཡིན། །ཡུན་རིངས་འདུས་པར་གྱུར་ནས་ཀྱང་། །དུས་ཀྱིས་འགྱུར་བ་མ་ཡིན་ནོ། །གང་ཕྱིར་ངེས་པར་འབྲལ་བ་སྟེ། །དེ་ཕྱིར་ཐར་ཕྱིར་བདག་གི་བློ། །སླར་ཡང་རང་གི་སྐྱེ་བོ་ལས། །

རྣམ་པར་འབྲལ་བ་གང་ལས་མིན། །མྱ་ངན་སྤོང་ཕྱིར་ངེས་འབྱུང་བ། །བདག་ལ་མྱ་ངན་འོས་མ་ཡིན། །མྱ་ངན་རྒྱུད་ནི་འདོད་ལ་ཆགས། །ཆགས་པ་ཅན་ལ་མྱ་ངན་བྱ། །འདི་ཡང་སྔ་མ་རྣམས་ལ་གྲགས། །ཁོ་བོ་ཅག་ལ་ངེས་པར་གནས། །དེ་ལྟར་སྟེར་བྱར་གྱུར་པ་ལས། །མྱ་ངན་འོས་མིན་ལམ་

གྱིས་འགྲོ། །སྐྱེས་བུ་རྣམས་ལ་ཕྱིན་ལོག་ཏུ། །ནོར་གྱིས་སྟེར་བྱར་གྱུར་པ་སྟེ། །ས་ལ་ཆོས་ཀྱི་བདག་པོ་ཡང་། །རྙེད་དཀའ་ཡང་ནི་མ་ཡིན་ནོ། །གང་ཡང་འདི་ནི་དུས་མིན་པར། །ནགས་སུ་སོང་བ་ཡིན་ཞེ་ན། །སྲོག་ཀྱང་གཡོ་བར་གྱུར་པ་ན། །ཆོས་ལ་དུས་ཡོད་མ་ཡིན་ནོ། །དེ་ཕྱིར་ད་ལྟ་ཉིད་དུ་

བདག། །དགེ་བ་བསག་ཅེས་ངེས་པ་སྟེ། །འཆི་བའི་དགྲ་ནི་གནས་པ་ན། །གསོན་པ་ལ་ནི་བློ་གཏད་ཅིང་། །ཞི་བ་ཁྱོད་ཀྱིས་དེ་ལ་སོགས། །ས་འཛིན་བདག་ལ་ཞུ་བྱ་སྟེ། །ཇི་ལྟར་བདག་ནི་མི་དྲན་པ། །དེ་ལྟར་ཉིད་དུ་འབད་པ་གྱིས། །གཞན་ཡང་བདག་ལ་ཡོན་ཏན་མེད། །ཁྱོད་ཀྱིས་མི་

བདག་ལ་སྨྲ་བྱ། །ཡོན་ཏན་མེད་ལས་བརྩེ་བ་འདོར། །བརྩེ་བ་དོར་ལས་མྱ་ངན་མེད། །དེ་ལྟར་ཚིག་འདི་ཐོས་གྱུར་ནས། །འདུན་པ་གདུང་བས་རྣམ་འཁྲུགས་ཤིང་། །མཆི་མས་འདུད་པའི་ཚིག་ཉིད་ཀྱིས། །ཐལ་མོ་སྦྱར་ཏེ་ལན་གསོལ་བ། །ཇོ་བོ་ཁྱེད་ཀྱིས་དགོངས་པ་ནི། །གཉེན་ལ་ངལ་བ་སྟེར་བ་

འདིས། །ཆུ་བོའི་འགྲམ་ན་གཉིས་འཐུང་བཞིན། །བདག་གི་སེམས་འདི་སྒྱུར་བའོ། །ཁྱོད་ཀྱིས་ངེས་པ་འདི་ལྟ་བུས། །སུ་ཡིས་མཆི་མ་འབྱུང་བ་མེད། །ལྕགས་ལས་གྱུར་པའི་སྙིང་ལའང་སྟེ། །བརྩེ་བས་འཁྲུག་ལ་སྨོས་ཅི་དགོས། །གཞལ་མེད་ཁང་གི་མལ་འོས་པའི། །ཤིན་ཏུ་གཞོན་ནུ་འདི་གང་ན། །

เล่ม ๑๗๒ · หน้า 23a

ཀུ་ཤའི་མྱུ་གུ་རྣོ་བ་ཅན། །དཀའ་ཐུབ་ནགས་ཀྱི་ས་གང་ན། །ཁྱོད་ཀྱི་འབད་པ་ཐོས་ནས་ཀྱང་། །རྟ་གང་བདག་གིས་བླངས་པ་འདི། །མགོན་པོ་དེ་ནི་སྟོབས་ཀྱིས་ནི། །ལྷ་ཡིས་བྱེད་དུ་བཅུག་པ་འདྲ། །ཁྱེད་ཀྱི་ནན་ཏན་ངེས་པ་འདི། །རང་དབང་ཤེས་ན་གང་གི་ཕྱིར། །ཉེ་

བར་ལེན་ཏེ་མགྱོགས་འགྲོའི་རྟ། །སེར་སྐྱའི་གཞི་ཡི་མྱ་ངན་གནས། །མེད་པ་པོ་ཡིས་དམ་ཆོས་བཞིན། །རྒྱལ་པོ་བརྩེ་བ་བགྲེས་པ་དང་། །སྲས་པོ་སྡུག་གོ་འདོར་བ་ནི། །ཕྱག་ཆེན་དེ་ནི་འོས་མ་ཡིན། །དམ་པའི་བྱ་བ་བྱེད་བཅོམ་ཡིན། །ཡང་དག་བསྐྱེད་པས་ཡོངས་སུ་ནི། །ཐང་ཆད་གཉིས་

པའི་མ་དེ་དང་། །ལྷ་མོ་བརྗོད་པར་འོས་མ་ཡིན། །མ་ནིང་གིས་ནི་དཔལ་ཐོབ་བཞིན། །སྲས་པོ་བྱིས་པ་ཡོན་ཏན་ལྡན། །རིགས་བཙུན་བདག་པོའི་བརྟུལ་ཞུགས་མ། །ལྷ་མོ་འདོར་བར་འོས་མ་ཡིན། །བསྔགས་འོས་སྲས་པོ་གྲགས་པ་འཛིན། །སྙན་གྲགས་ཆོས་ནི་འཛིན་པའི་མཆོག། །ཞེན་

པ་ལྡན་པས་གྲོགས་མཆོག་བཞིན། །བྱིས་པ་འདོར་བར་འོས་མ་ཡིན། །ཅི་སྟེ་གཉེན་དང་རྒྱལ་སྲིད་དག། །འདོར་བ་ཉིད་དུ་བློ་གྲོས་མཛད། །བདག་གི་འགྲོས་ནི་ཁྱོད་ཞབས་ལ། །ཁྱབ་བདག་བདག་འདོར་འོས་མ་ཡིན། །མ་གྷུའི་བུ་ནི་བཤེས་བཟང་བཞིན། །ཁྱོད་ནི་དགོན་པར་དོར་ནས་སུ། །མེ་

ཡིས་ཚིག་པའི་སེམས་ཀྱིས་ནི། །གྲོང་དུ་འགྲོ་བར་ནུས་པ་མེད། །ཁྱོད་འདིར་གྲོང་དུ་འགྲོ་བ་ཅན། །རྒྱལ་པོས་བདག་ལ་ཅི་ཞིག་གསུང་། །ཁྱེད་ཀྱི་བཙུན་མོའི་འཁོར་དུ་འམ། །འོས་པ་མི་ཐོང་ན་ཅི་ཞིག་སྨྲ། །གང་ཡང་ཡོན་ཏན་མེད་པ་ཡང་། །མི་བདག་ལ་སྨོས་གསུང་བ་ཡང་། །སྐྱོན་མེད་ཐུབ་པའི་

བཞིན་ཁྱོད་ཀྱི། །མ་གྱུར་པ་དེ་ཅི་ཞིག་སྨྲ། །ངོ་ཚ་དང་བཅས་སེམས་ཀྱིས་ནི། །ལྕེ་ནི་ཐོགས་པར་གྱུར་པ་ཡི། །བདག་ནི་གལ་ཏེ་ཡང་སྨྲ་བ། །དེ་ལ་དད་པར་འོས་པ་སུ། །གང་ཞིག་ཟླ་བའི་འོད་རྣོ་བར། །སྨྲ་བར་དད་པར་འཛིན་པ་འམ། །ཁྱེད་ཀྱིས་སྐྱོན་ཤེས་དེས་སྐྱོན་ནི། །སྨྲ་བ་དད་པར་འཛིན་

པ་འམ། །རྟག་ཏུ་རྗེས་སུ་བརྩེ་བཅས་དང་། །རྟག་པར་སྙིང་རྗེ་ཤེས་པ་ཡི། བརྩེ་བ་སྤོང་བ་ཚུལ་མིན་ཏེ། །ཕྱིར་ལོག་བདག་ལ་བཀའ་དྲིན་མཛོད། །དེ་ལྟར་མྱ་ངན་གྱིས་ནོན་པའི། །འདུན་པའི་ཚིག་འདི་གསན་གྱུར་ནས། །རང་གནས་མཆོག་ཏུ་བརྟན་པ་ཡིས། །སྨྲ་བའི་མཆོག་གིས་བཀའ་

เล่ม ๑๗๒ · หน้า 23b

སྩལ་ཏོ། །འདུན་པ་བདག་དང་བྲལ་བ་ལ། །ཀུན་ནས་གདུང་བ་འདི་ཐོང་ཅིག །ལུས་ཅན་འགྲོ་བ་ཐ་དད་ལ། །དགོངས་པ་སྣ་ཚོགས་ངེས་པ་ཡིན། །གང་ཡང་བརྩེ་ལས་རང་གི་སྐྱེ། །བདག་གིས་རང་ནི་མི་འདོར་ཏེ། །འཆི་བས་ཕན་ཚུན་དབང་མེད་པར། །བདག་ཅག་རྣམས་ནི་

འདོར་བར་འགྱུར། །སྲེད་པ་ཆེན་པོའི་སྡུག་བསྔལ་གྱི། །མངལ་གང་གིས་ནི་བདག་བཟུང་སྟེ། །འབྲས་མེད་འབད་པ་མེད་དེ་ཡིས། །བདག་སུ་བདག་གི་དེ་སུ་ཡིན། །ཇི་ལྟར་སྒོང་སྐྱེས་གནས་ཤིང་ལ། །ཡང་དག་འདུས་ནས་རྣམ་པར་བྲལ། །དེ་ལྟར་འབྱུང་པོ་འདུས་པ་ནི། །

ངེས་པར་འབྲལ་བའི་མཐའ་ཡིན་ནོ། །ཇི་ལྟར་སྤྲིན་རྣམས་འདུས་ནས་ནི། །སླར་ཡང་རྣམ་པར་འབྱེད་པའོ། །དེ་ལྟར་འདུ་དང་འབྲལ་བ་ནི། །བདག་དང་སྲོག་ཆགས་རྣམས་ཀྱི་ལུགས། །གང་གི་ཕྱིར་ན་འཇིག་རྟེན་འདི། །སླུས་ནས་རྣམ་པར་འབྲལ་བ་དེ། །དེ་ཕྱིར་རྨི་ལམ་འདུས་གྱུར་ལ། །

བདག་གི་བ་ཉིད་བཟོད་མ་ཡིན། །ཤིང་རྣམས་འདབ་མ་དམར་པོ་དང་། །ལྷན་ཅིག་སྐྱེས་ཏེ་རྣམ་པར་འབྲལ། །གཞན་དང་གཞན་གྱི་འབྲལ་བ་ནི། །འགྱུར་བ་མ་ཡིན་སྨོས་ཅི་དགོས། །དེ་ཕྱིར་དེ་ལྟར་གྱུར་ན་ནི། །ཞི་བ་གདུང་བ་མ་བྱེད་སོང་། །གལ་ཏེ་ཡང་ནི་བརྩེ་བ་འབེབས། །སོང་ནས་ཀྱང་ནི་

སླར་ཡང་ཤོག །ཁོ་བོ་ཅག་ལ་ལྟོས་བྱས་པའི། །སེར་སྐྱའི་གཞི་ན་སྐྱེ་བོ་ལ། །དེར་སོང་བརྩེ་བ་ཐོང་ཅིག་དང་། །འདི་ཡི་ངེས་ལ་ཉོན་ཅིག་སྨོས། །རྒ་དང་འཆི་བ་ཟད་བྱས་ནས། །ཡང་ན་མྱུར་དུ་འོང་བའི་གཏམ། །རྩོམ་པ་ཉམས་ཤིང་དོན་མ་བྱས། །ཡང་ན་ཉམས་པར་འགྱུར་བ་སྨྲོས། །

དེ་ལྟར་འདི་ཡི་ཚིག་ཐོས་ནས། །བསྔགས་ལྡན་མགྱོགས་འགྲོའི་མཆོག་གིས་ནི། །ལྕེ་ཡིས་ཞབས་ལ་རབ་ལྡགས་ཏེ། །མཆི་མ་དྲོན་མོ་ཕྱུང་བར་གྱུར། །དྲ་བ་དང་ནི་བཀྲ་ཤིས་རྟགས། །འཁོར་ལོ་དབུས་ལྡན་ཕྱག་གིས་ནི། །གཞོན་ནུས་དེ་ལ་རེག་གྱུར་ཅིང་། །ན་ཚོད་བཞིན་དུ་རྣམ་པར་སྨྲས། །

བསྔགས་ལྡན་མཆི་མ་མ་འདོན་ཅིང་། །དམ་པའི་རྟ་ཉིད་འདི་བསྟན་ཏོ། །སྲོན་མཛོད་ཁྱོད་ཀྱི་ངལ་བ་འདིས། །མྱུར་དུ་འབྲས་བུ་བཅས་བར་འགྱུར། །དེ་ནས་རལ་གྲི་རྣོན་པོ་ནོར་བུའི་ཡུ་བ་ཅན། །གསེར་གྱི་ཕྲ་ནི་སྣ་ཚོགས་དང་ལྡན་འདུན་པ་ཡི། །ལག་ན་ཡང་དག་གནས་པ་བརྟན་པ་དེས་བསྣམས་

เล่ม ๑๗๒ · หน้า 24a

ནས། །ཁུང་བུ་དག་ནས་སྦྲུལ་བཞིན་ཞུགས་ནས་རབ་ཏུ་དྲུངས། །ཨུཏྤ་ལ་ཡི་འདབ་མ་སྔོན་པོ་དེ་དྲངས་ནས། །སྣ་ཚོགས་དབུ་རྒྱན་དབུ་སྐྲར་བཅས་པ་རབ་བཅད་ཅིང་། །རྫིང་བུ་དག་ན་ངང་པ་བཞིན་དུ་རྣམ་བཀྲམ་པ། །འོད་ཟེར་དང་ལྡན་བར་སྣང་དག་ལ་དེ་གཏོར་རོ། །

མཆོད་པ་མངོན་པར་འདོད་ཕྱིར་རྣམ་མང་བཀུར་སྟིའི་ཕྱིར། །ལྷ་ནི་གནས་པས་རབ་ཏུ་བཀྲམ་པ་དེ་བཟུང་སྟེ། །ཇི་ལྟ་བ་བཞིན་དེ་ནི་ལྷ་ནི་ལྷ་ཚོགས་རྣམས། །ལྷ་ཡི་ཁྱད་པར་འཕགས་པ་རྣམས་ཀྱིས་མཆོད་པ་བྱས། །རྒྱན་ནི་བུད་མེད་ལྡན་པ་རྣམ་པར་སྤངས་ནས་ཀྱང་། །དབུ་ལས་དཔལ་ནི་རྣམ་པར་རྒྱང་རིང་

བྱས་ནས་ནི། །ནགས་སུ་གསེར་གྱི་ངང་པའི་མཚན་མ་གོས་གཟིགས་ནས། །བརྟན་པ་དེས་ནི་གོས་དག་མངོན་པར་འདོད་པར་གྱུར། །དེ་ནས་ལྷ་ནི་གནས་པར་རི་དགས་སྔོན་པོའི་ལུས། །དགོངས་པ་རྣམ་དག་འདི་ཡི་དགོངས་པ་རྣམས་རིག་ནས། །ཁ་བསྒྱུར་ངུར་སྨྲིག་གོས་ཅན་ཉེ་ལོགས་མངོན་པར་

འོངས། །དེ་ལ་ཤཱཀྱའི་རྒྱལ་པོ་སྐྱེས་ཀྱིས་མངོན་པར་སྨྲས། །ཁྱོད་ཀྱི་དགེ་ཡི་ངུར་སྨྲིག་དྲང་སྲོང་རྒྱལ་མཚན་དང་། །འཚེ་བ་བྱེད་པའི་གཞུ་འདི་རིགས་པ་མ་ཡིན་ཏེ། །དེ་ཕྱིར་ཞི་བ་གལ་ཏེ་འདིར་ནི་ཆགས་མེད་ན། །བདག་ལ་རབ་ཏུ་བྱིན་ལ་འདི་དང་འདི་སྣོམས་མཛོད། །རྔོན་པས་སྨྲས་པ་འདོད་སྦྱིན་

འདོད་པ་སྙིང་པོ་ལས། །འདི་ཡིས་བློ་ནི་ཕབ་ནས་རི་དགས་རྣམས་གསོད་དོ། །བརྒྱ་བྱིན་མཚུངས་པ་གང་དེ་འདིས་ནི་དོན་འགྱུར་ན། །ཨེ་མ་རབ་ཏུ་བཞེས་ལ་དཀར་པོ་དེ་གསོལ་མཛོད། །དེ་ནས་དེ་ནི་མཆོག་ཏུ་རབ་ཏུ་དགའ་བ་ཡིས། །ནགས་སུ་བྱུང་བའི་ན་བཟའ་བླངས་ཤིང་གོས་དོར་ལ། །

རྔོན་པ་ཉིད་ཀྱང་ལྷ་ཡི་ལུས་ཉིད་རྣམ་བཟུང་སྟེ། །དཀར་པོ་དེ་ཉིད་བླངས་ནས་ལྷ་ནི་གཤེགས་པར་གྱུར། །དེ་ནས་གཞོན་ནུ་དང་ནི་རྟ་མཆོག་སྐྱོང་བ་དེས། །དེ་ལྟར་གཤེགས་པ་དེ་ལ་ཡ་མཚན་སྐྱེས་གྱུར་ཏེ། །ནགས་ནས་བྱུང་བའི་ན་བཟའ་ཉིད་དང་དེ་ལ་ནི། །སླར་ཡང་རི་མོར་བྱ་བ་མང་

པོ་སྐྱེན་པར་མཛད། །གདོང་ནི་མཆི་མ་དང་བཅས་འདུན་པ་རྣམས་བཟློག་ནས། །བདག་ཉིད་ཆེན་པོ་བརྟན་དང་གྲགས་པ་འཆང་བ་སྟེ། །མཚམས་ཀྱི་སྤྲིན་གྱིས་གཡོགས་པའི་སྐར་མའི་རྒྱལ་པོ་བཞིན། །ངུར་སྨྲིག་གྱོན་ཞིང་གདུང་སེམས་གང་ཡིན་དེ་ནས་གཤེགས། །དེ་ནས་དེ་ལྟར་ཇོ་བོ་

เล่ม ๑๗๒ · หน้า 24b

རྒྱལ་སྲིད་མི་བཞེད་པར། །དཀའ་ཐུབ་ནགས་སུ་གཤེགས་པ་མདོག་ཉམས་སྣང་བ་ན། །མགྱོགས་འགྲོ་འཆང་དེ་ཕྱག་རྒྱས་གྱེན་དུ་བསྐྱོད་བྱས་ནས། །ཤིན་ཏུ་རྣམ་པར་ངུ་ཞིང་ས་ལ་འགྱེལ་གྱུར་ཏོ། །རྣམ་པར་བལྟས་ནས་སླར་ཡང་སྒྲ་བཅས་པར་ངུ་ཞིང་། །བསྔགས་ལྡན་རྟ་ལ་ལག་

པ་དག་གིས་ཉེར་འཁྱུད་ནས། །དེ་ནས་ཁོ་ཆད་ཡང་དང་ཡང་དུ་ཟློས་བཞིན་དུ། །ལུས་ཀྱིས་སོང་བར་གྱུར་ཀྱང་སེམས་ཀྱིས་མ་ཡིན་ནོ། །ལ་ལར་རབ་ཏུ་སེམས་ཞིང་ལ་ལར་རྣམ་པར་དུ། །ལ་ལར་ས་ལ་རབ་ཏུ་འབྲད་ཅིང་ལ་ལར་འགྱེལ། །དེ་ནས་འགྲོ་བཞིན་གུས་པའི་དབང་གིས་སྡུག་བསྔལ་

ཞིང་། །དབང་མེད་ལམ་ན་བྱ་བ་མང་པོ་བྱས་པའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བསྔགས་ལྡན་ཕྱིར་ལ་བཟློག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཆི་མ་ཅན། །བཟློག་ནས་ནགས་སུ་འདུན་པའི་དཀའ་

ཐུབ་ཆགས་མེད་པ། །དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས། །དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ། །དེ་ནས་རི་དགས་རྒྱལ་པོའི་འགྲོས་ཅན་རྒྱལ་པོའི་སྲས་པོ་དེ། །རི་དགས་གནས་དེར་རི་དགས་བཞིན་དུ་རབ་ཞུགས་པ། །ཕུན་ཚོགས་རྣམས་དང་བྲལ་ཡང་

ལུས་ཀྱི་ཕུན་ཚོགས་ཀྱིས། །དཀའ་ཐུབ་གནས་ལྡན་ཀུན་གྱི་མིག་དག་ཕྲོགས་པར་གྱུར། །ཁུར་ལྡན་རྣམས་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས། །ལག་ན་གཉའ་ཤིང་བཅས་པར་འགྲོ་གྱུར་ཡ་མཚན་ལ། །དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་པ། །དབང་པོ་དང་མཚུངས་དེ་

མཐོང་སོང་བར་མ་གྱུར་ཏོ། །སྦྱིན་སྲེག་བུད་ཤིང་ཕྱིར་ནི་བྲམ་ཟེ་རྣམས་ཕྱིན་ནས། །མེ་ཏོག་ལོ་འདབ་རྒྱས་པའི་ལག་པ་གཙང་མ་རྣམས། །དཀའ་ཐུབ་གཙོ་བོ་རྣམས་ནི་བློ་རྣམས་བྱས་ན་ཡང་། །གཤེགས་པ་མཐོང་སྟེ་ཀློག་གླར་སོང་བར་མ་གྱུར་ཏོ། །ཆུ་གཏེར་སྔོན་པོ་བཞིན་དུ་མཐོང་ནས་རྨ་བྱ་

རྣམས། །དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ། །རྒྱ་སྐྱེགས་རི་དགས་སྤྱོད་ལྡན་རྣམས་དང་རི་དགས་རྣམས། །འབྲུ་རྣམས་བོར་ནས་མངོན་པར་གདོང་ཕྱོགས་གནས་པར་གྱུར། །འོད་ཟེར་ལྡན་པ་ཤར་བ་ལྟ་བུར་འབར་བ་ཡིས། །བུ་རམ་ཤིང་པའི་རིགས་ཀྱི་སྒྲོན་མ་དེ་མཐོང་ནས། །

เล่ม ๑๗๒ · หน้า 25a

སྦྱིན་སྲེག་འཇོ་རྣམས་བཞོས་པ་ཡིན་ན་ཡང་། །རབ་ཏུ་དགའ་བ་སྐྱེས་ཏེ་རབ་ཏུ་འཇོ་གྱུར་ཏོ། །འདི་ནི་ནོར་སྦྱིན་རྣམས་ཀྱི་བརྒྱད་པ་ཡིན་ནམ་ཅི། །ཐ་སྐར་དག་གི་ནང་ནས་གཅིག་ནི་འཕོས་སམ་ཞེས། །དེ་མཐོང་བ་ལ་ཡ་མཚན་སྐྱེས་པར་གྱུར་པ་ཡི། །ཐུབ་པ་རྣམས་ཀྱི་

ཚིག་དེར་མཐོན་པོར་སྒྲོགས་པར་གྱུར། །ལྷ་ཡི་ཁྱུ་མཆོག་གཉིས་པའི་ལུས་པོ་ལྟ་བུ་དང་། །འཇིག་རྟེན་རྒྱུ་དང་མི་རྒྱུའི་སྙིང་པོ་ལྟ་བུ་དང་། །གང་འདོད་པ་ཡིས་ཉི་མ་མངོན་པར་བབས་འདྲ་བ། །དེས་ནི་ནགས་ཚལ་མཐའ་དག་རབ་ཏུ་སྣང་བར་མཛོད། །དེ་ནས་གདུང་གནས་པ་དེ་རྣམས་ཀྱི་ཇི་ལྟ་

བཞིན། །ཉེ་བར་སྙན་གསན་ཕབ་ཅིང་མངོན་པར་མཆོད་གྱུར་ལ། །དེ་ནི་ཆུ་བཅས་ཆུ་འཛིན་ལྟ་བུའི་དབྱངས་ཀྱིས་ནི། །ཆོས་འཛིན་རྣམས་སླང་ཡང་རབ་ཏུ་མཆོད་པར་གྱུར། །དེ་ནས་རྣམ་པར་ཐར་བཞེད་བརྟན་པ་དེ་ཡིས་ནི། །དཀའ་ཐུབ་སྣ་ཚོགས་རྣམས་ལ་ངེས་པར་རྣམ་གཟིགས་ཤིང་། །མཐོ་

རིས་མངོན་འདོད་བསོད་ནམས་བྱས་པའི་སྐྱེ་བོ་ཡིས། །ཁྱབ་པའི་དཀའ་ཐུབ་གནས་དེར་རྗེས་སུ་དཔྱད་པར་གྱུར། །དཀའ་ཐུབ་ནོར་ཅན་རྣམས་ཀྱི་དཀའ་ཐུབ་ནགས་ཚལ་དེར། །དཀའ་ཐུབ་རྣམ་པར་འགྱུར་བ་རྣམས་ནི་ངེས་གནས་ནས། །རྗེས་སུ་གཤེགས་པའི་དཀའ་ཐུབ་ལྡན་པ་ཁ་ཅིག་ལ། །ཞི་བས་

དེ་ཉིད་རྣམ་པར་ཤེས་བཞེད་འདི་གསུངས་སོ། །གང་ཕྱིར་ཆོས་ཀྱི་ཆོ་ག་འདི་ནི་མི་ཤེས་པ། །བདག་གིས་དཀའ་ཐུབ་གནས་མཐོང་དེ་རིང་སྔ་མའོ། །དེ་ཕྱིར་ཁྱོད་ཀྱིས་བདག་ལ་སྨྲ་བར་འོས་མིན་ཏེ། །ངེས་པ་གང་ཞིག་གང་ལ་རབ་ཏུ་འཇུག་པའོ། །དེ་ནས་དཀའ་ཐུབ་རྣམ་པར་རྒྱུ་བའི་གཉིས་

སྐྱེས་དེས། །ཤཱཀྱའི་ཁྱུ་མཆོག་ཁྱུ་མཆོག་རྣམ་པར་གནོན་པ་པོ། །དེ་ལ་རིམ་གྱིས་དཀའ་ཐུབ་ཁྱད་པར་རྣམས་དང་ནི། །དཀའ་ཐུབ་འབྲས་བུ་དང་བཅས་གཏམ་དག་བྱས་པའོ། །གྲོང་བྱུང་བཟའ་བ་མ་ཡིན་ཆུ་ལ་རབ་སྐྱེས་པའི། །འདབ་མ་རྣམས་དང་ཆུ་དང་འབྲས་བུ་རྩ་བ་ཉིད། །

ཐུབ་པ་རྣམས་ཀྱི་སྤྱོད་པ་འདི་ནི་ལུང་ཇི་ལྟར། །དཀའ་ཐུབ་རྣམས་ཀྱི་རྣམ་རྟོག་ཐ་དད་དེ་དེའོ། །ཁ་ཅིག་རི་དགས་བཞིན་དུ་རྩྭ་རྣམས་ལ་སྤྱོད་ལ། །གཞན་རྣམས་བོར་བ་ཡིས་ནི་མཁའ་ལ་རྒྱུ་བའི་བྱ་ལྟར་འཚོ། །ཁ་ཅིག་ལག་འགྲོ་རྣམས་དང་ལྷན་ཅིག་འཚོ་བ་སྟེ། །གྲོག་མཁར་གྱུར་པ་

เล่ม ๑๗๒ · หน้า 25b

རྣམས་ནི་ནགས་ན་རླུང་གིས་སོ། །རྡོ་ཡིས་རབ་འབད་བསྒྲུབ་པའི་སྤྱོད་པ་གཞན་རྣམས་ཏེ། །ཁ་ཅིག་རང་གི་སོ་ཡིས་ཉེ་བར་བླངས་ཤིང་ཟ། །དེ་བཞིན་གཞན་ནི་གཞན་གྱི་དོན་དུ་བཅོས་བྱས་ནས། །གལ་ཏེ་ལྷག་མ་ཡོད་ན་བྱ་བ་བྱེད་པའོ། །ཆུ་ཡིས་གཤེར་བའི་རལ་པའི་ཚོགས་ཅན་ཁ་

ཅིག་ནི། །གསང་སྔགས་སྔོན་འགྲོ་ལན་གཉིས་མེ་ལ་སྦྱིན་སྲེག་ཅིང་། །ཁ་ཅིག་ཉ་དང་མཉམ་པར་ཆུ་ལ་རྣམས་ཞུགས་ནས། །རུས་སྦལ་བཞིན་དུ་ལུས་རྣམས་རབ་ཏུ་བསྐུམ་པའོ། །དེ་ལྟར་དུས་སུ་བསགས་པའི་དཀའ་ཐུབ་ནགས་ཚོགས་ཀྱི། །མཆོག་གིས་ལྷར་འགྲོ་གཞན་གྱིས་མི་ཡི་འཇིག་

རྟེན་ཏེ། །སྡུག་བསྔལ་ལམ་གྱིས་བདེ་བ་ཉེ་བར་ཐོབ་ཕྱིར་དང་། །ཆོས་ཀྱི་རྩ་བ་བདེ་བ་ཉིད་དུ་གསུངས་ཕྱིར་རོ། །དེ་སྐད་ཅེས་སོགས་རྐང་གཉིས་དབང་པོའི་སྲས་པོ་ཡིས། །དཀའ་ཐུབ་ནོར་དང་ལྡན་པ་དེ་ཡི་ཚིག་གསན་ནས། །དེ་ཉིད་གཟིགས་པ་མིན་ཡང་ངོམས་པར་མ་གྱུར་ལ། །

བདག་ཏུ་སོང་བ་འདི་ནི་དལ་བུས་གསུངས་པར་གྱུར། །སྡུག་བསྔལ་བདག་ཉིད་དཀའ་ཐུབ་རྣམ་པ་དུ་མ་སྟེ། །དཀའ་ཐུབ་བདག་གི་འབྲས་བུ་མཐོ་རིས་གཙོ་བོའོ། །འཇིག་རྟེན་ཐམས་ཅད་ཡོངས་སུ་འགྱུར་བ་དང་ལྡན་ལ། །ཉུང་ངུ་ལ་ངལ་འདི་ནི་གདུང་གནས་རྣམས་ཀྱིའོ། །ཕངས་པ་རྣམས་

དང་གཉེན་དང་ཡུལ་རྣམས་བོར་ནས་ནི། །གང་ཞིག་མཐོ་རིས་ཕྱིར་ནི་རྣམ་པར་སྤྱོད་བྱེད་ལ། །དེ་རྣམས་རྣམ་པར་བྲལ་ཏེ་ངེས་པར་འགྲོ་འདོད་ལ། །སླར་ཡང་ཤིན་ཏུ་འཆིང་བ་ཆེན་པོ་ཉིད་ཡིན་ནོ། །ལུས་ཀྱི་ངལ་དུབ་གདུང་བའི་བྱ་བ་རྣམས་ཀྱིས་ནི། །འདོད་པའི་རྒྱུ་ལས་རབ་ཏུ་འཇུག་པར་འདོད་

པའོ། །འཁོར་བའི་རྒྱ་མཚོའི་སྐྱོན་རྣམས་ཡོངས་སུ་མི་རྟོག་པར། །སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཁོ་ན་རྗེས་སུ་ཚོལ། །འཆི་བས་སྐྱེ་དགུ་རྣམས་ཀྱིས་རྟག་པར་འཇིགས་པ་སྟེ། །འབད་པ་ཡིས་ནི་སླར་ཡང་རབ་ཏུ་འཇུག་པར་འདོད། །རབ་ཏུ་ཞུགས་པར་གྱུར་ན་ངེས་པར་འཆི་བ་སྟེ། །འདི་ཉིད་དུ་ནི་

གང་ལས་འཇིགས་པ་རྣམས་ལྷུང་ངོ་། །འདི་ཡི་དོན་དུ་གཅིག་རྣམས་ངལ་བར་རབ་འཇུག་ཅིང་། །གཞན་རྣམས་མཐོ་རིས་དོན་དུ་ངལ་བ་འཐོབ་པ་སྟེ། །བདེ་བའི་དོན་དུ་སྲེད་པའི་བཀྲེན་པ་དོན་མ་བྱས། །གསོན་པའི་འཇིག་རྟེན་ངེས་པར་དོན་མེད་ཉིད་དུ་ལྷུང་། །གང་ཞིག་དམན་པ་དོར་ནས་ཁྱད་འཕགས་

เล่ม ๑๗๒ · หน้า 26a

འགྲོ་བ་ཅན། །འབད་པ་འདི་ནི་ངེས་པར་སྨད་པ་མ་ཡིན་ལ། །ཤེས་ལྡན་རྣམས་དང་མཉམ་པའི་ཡོངས་སུ་གདུང་བ་ཡིས། །བྱ་བ་མ་ཡིན་དེ་འདིར་སླར་ཡང་བྱེད་པའོ། །ལུས་ཀྱི་གཙེར་བས་གལ་ཏེ་འདིར་ནི་ཆོས་ཡིན་ན། །ལུས་ཀྱི་བདེ་བ་ཆོས་མ་ཡིན་པར་འགྱུར་བ་སྟེ། །ཕ་རོལ་

དུ་ནི་བདེ་བ་ཆོས་ཀྱིས་ཀྱང་འཐོབ་ལ། །དེ་ཕྱིར་འདི་ཡིས་ཆོས་ཀྱི་ཆོས་མིན་འབྲས་བུའོ། །གང་གི་ཕྱིར་ན་བསམས་པའི་དབང་གིས་ལུས་ཡིན་ལ། །རབ་ཏུ་འཇུག་པ་དང་ནི་ཟློག་པ་དག་ཀྱང་ངོ་། །དེ་ཕྱིར་སེམས་ཀྱི་དུལ་བ་ཉིད་ནི་རིག་པ་སྟེ། །སེམས་ལས་གཞན་པའི་ལུས་ནི་ཤིང་དང་མཉས་བའོ། །བཟའ་བ་གཙང་

བས་གལ་ཏེ་བསོད་ནམས་འདོད་ན་ནི། །དེ་ཕྱིར་རི་དགས་རྣམས་ཀྱང་བསོད་ནམས་ཡོད་པ་སྟེ། །ཕྱི་རོལ་སྐྱེས་བུ་གང་དག་རྣམས་ཀྱང་འབྲས་བུ་ལས། །བསྐལ་པའི་ཉེས་པས་དོན་རྣམས་གཞན་དུ་ཁ་བལྟས་སོ། །བསོད་ནམས་ཕྱིར་ནི་སྡུག་བསྔལ་མངོན་པར་མཚམས་སྦྱོར་ན། །འོ་ན་སྡུག་བསྔལ་མངོན་པར་

མཚམས་སྦྱོར་ཚད་མ་མིན། །དེ་ལྟར་གང་དག་ལས་ནི་རྣམ་པར་དག་པའི་ཕྱིར། །སྟེགས་ཞེས་རབ་ཏུ་ཞུགས་ཏེ་ཆུ་ལ་རེག་པར་བྱེད། །དེ་ཡང་དེ་ཡི་སྙིང་ལ་ཚིམ་པ་ཙམ་ཡིན་ཏེ། །ཆུ་ཡིས་སྡིག་པ་དག་པར་བྱེད་པ་མ་ཡིན་ཕྱིར། །ཡོན་ཏན་ལྡན་པས་རིག་པའི་ཆུ་ནི་གང་དང་གང་། །དེ་དང་དེ་ནི་ས་ལ་གལ་

ཏེ་སྟེགས་འདོད་ན། །ཆུ་ཡང་ཐེ་ཚོམ་མེད་པར་ཆུ་ཉིད་ཁོ་ན་སྟེ། །དེ་ཕྱིར་ཡོན་ཏན་ལྡན་རྣམས་ཁོ་ན་སྟེགས་སུ་གོ། །དེ་ལྟར་རིགས་པ་མང་པོ་ལྡན་པ་དེ་དང་དེ། །སྨྲས་ཏེ་རྣམ་པར་མཛེས་པའི་ཉི་མ་ནུབ་པར་གྱུར། །དེ་ནས་སྦྱིན་སྲེག་དུ་བས་ཁ་དོག་འགྱུར་བའི་ཤིང་། །དཀའ་ཐུབ་རབ་ཏུ་ཞི་བའི་ཁྲུས་སར་

རྣམ་པར་ཞུགས། །མངོན་པར་བཏོན་པའི་རབ་ཏུ་འབར་བའི་མེ་ཡིས་ཐལ་བ་ནི། །དབང་བསྐུར་བྱས་པའི་དྲང་སྲོང་སྐྱེ་བོས་ཁྱབ་པ་སྟེ། །བཟླས་བྱའི་དབྱངས་ཀྱིས་ཀུན་ནས་སྐད་སྒྲོགས་ལྷ་ཡི་ཚོགས། །ཆོས་ཀྱི་ལམ་གྱི་ལས་ཀྱི་མཐའ་བཞིན་རབ་ཏུ་ཞུགས་པའོ། །དེ་ནི་མཚན་མོ་ཐང་འགའ་མཚན་མོར་

བྱེད་འོད་ཀྱིས། །དཀའ་ཐུབ་རྣམས་ལ་ཡོངས་སུ་རྟོག་ཅིང་ཞུགས་གྱུར་ལ། །དཀའ་ཐུབ་ཐམས་ཅད་ཡོངས་སུ་བརྟགས་ཤིང་མཁྱེན་གྱུར་ན། །དཀའ་ཐུབ་ཞིང་གི་ཐང་དེ་ལས་ནི་གཤེགས་པར་གྱུར། །དེའི་གཟུགས་བདག་ཉིད་ཆེན་པོར་སོང་བའི་ཡིད་རྣམས་ཀྱིས། །དཀའ་ཐུབ་གནས་ལྡན་རྣམས་ནི་དེ་ནས་དེ་

เล่ม ๑๗๒ · หน้า 26b

རྗེས་གཤེགས། །འཕགས་མིན་སྡིག་པ་རྣམས་ཀྱིས་ཟིལ་ནོན་ཡུལ་ལས་ནི། །དྲང་སྲོང་ཆེན་པོ་རྣམས་ནི་ཆོས་བཞིན་ཕ་རོལ་གཤེགས། །དེ་ནས་རལ་པ་ཤིང་ཤུན་ཟུར་ཕུད་ཀྱིས་རོལ་བའི། །དཀའ་ཐུབ་ནོར་དང་ལྡན་བ་དེ་རྣམས་དེས་གཟིགས་ཤིང་། །དེ་དག་རྣམས་ཀྱིས་དཀའ་ཐུབ་རྣམས་

ལ་རྗེས་བརྟེན་ཏེ། །དཔལ་དང་ལྡན་ལ་དགེ་བའི་ཤིང་གི་རྩ་བར་གནས། །དེ་ནས་དཀའ་ཐུབ་གནས་ལྡན་རྣམས་ནི་ཉེར་འོངས་ནས། །མི་མཆོག་དེ་ལ་ཡོངས་སུ་བསྐོར་ནས་གནས་གྱུར་ལ། །དེ་དག་རྣམས་ཀྱི་རྒྱན་པོས་མཆོད་མ་སྔོན་བཏང་སྟེ། །དུས་ཀྱི་ཞི་བས་ཚིག་འདི་རབ་ཏུ་འདི་སྨྲས་སོ། །ཁྱོད་

ཀྱིས་བྱོན་ཚེ་གདུང་གནས་གང་བ་བཞིན་གྱུར་ལ། །རབ་ཏུ་གཤེགས་ཚེ་སྟོང་པ་བཞིན་དུ་རབ་ཏུ་ཐོབ། །དེ་ཕྱིར་བརྩེ་བ་འདི་ནི་འབོར་བར་འོས་མིན་ཏེ། །འཚོ་བར་འདོད་པའི་ཕངས་པའི་ཚེ་ཡིས་ལུས་བཞིན་ནོ། །ལྷ་ཡི་དྲང་སྲོང་ཚངས་པའི་དྲང་སྲོང་རྒྱལ་པོ་ཡིས། །དྲང་སྲོང་གིས་བསྙེན་བསོད་ནམས་ཉེ་བར་གང་

ལྡན་རི། །དཀའ་ཐུབ་ནོར་ལྡན་རྣམས་ཀྱི་དཀའ་ཐུབ་དེ་རྣམས་ནི། །གང་གི་ཉེ་ལོགས་དག་ནས་མང་པོར་འགྱུར་བའོ། །དེ་བཞིན་ཀུན་ནས་བསོད་ནམས་དག་གི་སྟེགས་གྱུར་ལ། །ནམ་མཁའི་འོག་གི་ཐེམ་སྐས་དག་ཏུ་གྱུར་པ་སྟེ། །ལྷ་ཡི་དྲང་སྲོང་རྣམས་དང་དྲང་སྲོང་ཆེན་པོ་ནི། །ཆོས་ཀྱི་བདག་ཉིད་བདག་ཉིད་

ཆེན་པོ་རྣམས་ཀྱིས་བསྙེན། །འདི་ནས་སླར་ཡང་ཁྱད་འཕགས་ཆོས་ཀྱི་ཆེད་ལས་ནི། །བྱང་གི་ཕྱོགས་ཉིད་ཁོ་ནར་བསྙེན་པར་ནུས་པ་སྟེ། །བློ་དང་ལྡན་པས་གོམ་པ་གཅིག་ཏུ་གྱུར་པ་ཡང་། །ལྷོ་ཡི་ཕྱོགས་སུ་འགྲོ་བར་ནུས་པ་མ་ཡིན་ནོ། །དཀའ་ཐུབ་ནགས་འདིར་ཇི་སྟེ་བྱ་བ་ངན་པ་འམ། །བསྲེ་མའི་

ཆོས་སམ་ལྟུང་བ་མིན་ནམ་མི་གཙང་བར། །ཁྱེད་ཀྱིས་མཐོང་སྟེ་གང་གིས་ཁྱེད་འདི་བཞུགས་འདོད་མིན། །དེ་ནི་གསུང་ལ་རེ་ཞིག་སྲེད་པར་བཞུགས་མཛོད་ཅིག །དཀའ་ཐུབ་གཏེར་དང་རབ་ཏུ་མཚུངས་པར་གྱུར་པ་ལ། །འདི་རྣམས་ཀྱིས་ནི་དཀའ་ཐུབ་གྲོགས་སུ་འདོད་པ་སྟེ། །དབང་པོ་དང་མཉམ་ཁྱེད་དང་

ལྷན་ཅིག་གནས་པ་ནི། །ཕུར་བུ་ཡི་ཡང་མངོན་པར་མཐོ་བ་འདྲེན་པ་ཡིན། །དཀའ་ཐུབ་ལྡན་པའི་གཙོ་བོས་དེ་སྐད་ཅེས་སྨྲས་ཏེ། །སྲིད་པ་རབ་ཏུ་ཉམས་ཕྱིར་དམ་བཅའ་བྱས་པ་ཡིས། །མཁས་པའི་གཙོ་བོ་དེས་ནི་དཀའ་ཐུབ་ལྡན་དབུས་སུ། །ནང་དུ་སོང་བའི་རང་བཞིན་སྨྲས་པར་གྱུར་པའོ། །འགྲོན་

เล่ม ๑๗๒ · หน้า 27a

ལ་སྡུག་ཅིང་རང་གི་སྐྱེ་བོ་དང་མཚུངས་པའི། །དྲང་པོའི་བདག་ཉིད་ཆོས་འཛིན་ཐུབ་པ་རྣམས་ཀྱིས་ནི། །བདག་ལ་རྣམ་པ་དེ་ལྟར་བསམ་པ་སྐྱེས་པ་ཡིས། །བདག་གི་དགའ་བ་མཆོག་དང་བཀུར་སྟི་སྐྱེས་པར་གྱུར། །མདོར་བསྡུས་གྱུར་ན་བརྩེ་ཞིང་བསྙེན་པ་འདི་རྣམས་དག །སྙིང་ལ་

སོང་བའི་ངག་རྣམས་ངག་གིས་ཁྲུས་བྱས་བཞིན། །ཀུན་ནས་འཛིན་མེད་ཆོས་ཅན་བདག་གི་དགའ་བ་ནི། །དེ་རིང་སླར་ཡང་ཅུང་ཞིག་གཡོས་པར་གྱུར་པ་ཉིད། །དེ་ལྟར་རབ་ཏུ་ཞུགས་པའི་ཁྱེད་ཅག་སྐྱབས་འོས་རྣམས། །ཤིན་ཏུ་ཕྱོགས་སུ་ལྷུང་བ་ཡང་དག་བསྟན་པ་རྣམས། །བོར་ནས་འགྲོ་ཞེས་ཁོ་

བོ་ཡི་ཡང་སྡུག་བསྔལ་ཏེ། །ཇི་ལྟར་གཉེན་འདུན་རྣམས་ནི་སྤངས་པ་དེ་ལྟར་རོ། །ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་སྟེ། །བདག་གི་མངོན་པར་མཐོ་བར་ཡང་སྲིད་མ་ཡིན་ཕྱིར། །ནགས་དེར་གང་གི་བདག་ནི་སྡོད་འདོད་མ་ཡིན་ཏེ། །ཆོས་ལས་ལྡོག་པ་རབ་ཏུ་འཇུག་པ་ཐ་དད་ཕྱིར། །

དེ་ཕྱིར་ནགས་འདི་དག་ན་གང་གིས་ཡོངས་འགྲོ་བ། །བདག་གི་མ་དགའ་མ་ཡིན་ཕ་རོལ་སྤྱོད་ལོག་མིན། །སྔོན་གྱི་དུས་ན་རྗེས་མཐུན་ཆོས་ལ་གནས་པ་ཡི། །དྲང་སྲོང་ཆེན་པོ་ཐམས་ཅད་རྣམས་དང་མཚུངས་པར་གྱུར། །དེ་ནས་དོན་དང་ལྡན་ལ་བདེ་ཞིང་ཡིད་དུ་འོང་། །ལེགས་མཐུན་མདངས་དང་ལྡན་

ལ་སྙིང་པོ་དང་ལྡན་པ། །གཞོན་ནུའི་ཚིག་ནི་དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས། །ཐོས་ནས་ཁྱད་འཕགས་དང་ལྡན་བཀུར་སྟི་མང་པོས་གཤེགས། །དེ་ནས་གཉིས་སྐྱེས་ཐལ་བ་ལ་ཉལ་ཁ་ཅིག་ནི། །ལུས་རིང་གཙུག་ཏོར་དང་ལྡན་ཤིང་ཤུན་གོས་གྱོན་ཞིང་། །མིག་ནི་ཅུང་ཟད་དམར་སེར་སྣ་ནི་ཕྲ་ལ་

རིངས། །ལག་གཅིག་སྤྱི་བླུགས་ལྡན་པས་ཚིག་འདི་སྨྲས་པའོ། །ཁྱོད་ཀྱིས་ངེས་པ་ཉིད་དུ་རྒྱ་ཆེན་བློ་ལྡན་ཞིང་། །གཞོན་ནུ་ཁྱེད་ཀྱི་སྐྱེ་བ་ལ་ནི་ཉེས་པ་གཟིགས། །མཐོ་རིས་དང་ནི་ཉེས་པ་ཡང་དག་རྣམ་སྤྱོད་ཕྱིར། །ཐར་པ་གང་གི་བློ་གྲོས་ཡོད་པ་དེ་ཡིན་ནོ། །མཆོད་སྦྱིན་དཀའ་ཐུབ་ངེས་པ་དེ་དང་དེ་

རྣམས་ཀྱིས། །ཆགས་པ་དང་ལྡན་མཐོ་རིས་ལ་ནི་འགྲོ་བར་འདོད། །དགྲ་བོ་བཞིན་དུ་ཆགས་དང་ལྷན་ཅིག་གཡུལ་སྤྲད་ནས། །སེམས་པ་རང་ལྡན་ཐར་པ་རུ་ནི་འགྲོ་བར་འདོད། །དེ་ཕྱིར་གལ་ཏེ་ཁྱོད་ཀྱི་བློ་གྲོས་འདི་ངེས་ན། །སྐྱེན་པར་ཁྱེད་ཉིད་འབིགས་བྱེད་ཕུག་པར་གཤེགས་མཛོད་

เล่ม ๑๗๒ · หน้า 27b

ཅིག། །གང་ཞིག་མཐར་ཐུག་ངེས་པར་ལེགས་པ་ཐོབ་བའི་མིག། །ཐུབ་པ་འདི་ནི་དེ་རུ་མཚན་མོ་མིན་པར་གནས། །དེ་ཕྱིར་ཁྱོད་ཀྱིས་དེ་ཉིད་ལམ་ནི་ཐོབ་འགྱུར་ལ། །སྲེད་པར་གྱུར་ན་ཡང་དག་རབ་ཏུ་ཐོབ་པར་འགྱུར། །བདག་གི་མཐོང་བ་ཇི་ལྟར་བློ་གྲོས་དེ་དེ་ལྟར། །དེ་ཉིད་ཀྱི་ཡང་བློ་གྲོས་བོར་

ནས་འགྲོ་བར་འགྱུར། །གསལ་ཞིང་མཐོ་བའི་ཤངས་དང་རྣམ་རྒྱས་ཡངས་པའི་སྤྱན། །ཟངས་མདོག་ཡ་མཆུ་མ་མཆུ་རྣོ་དཀར་མཆེ་བ་ཅན། །ལྗགས་ནི་དམར་ཞིང་ཕྲ་བའི་ཞལ་དང་ལྡན་པ་འདི། །ཤེས་བྱའི་རྒྱ་མཚོ་མཐའ་དག་ལ་ནི་འགྲོ་བ་ཉིད། །ཁྱོད་ཀྱི་ཟབ་པ་དང་ནི་གཏིང་དཔག་དཀའ་གང་

དང་། །གང་ཞིག་སྒྲོན་མ་ཉིད་དང་མཚན་རྣམས་གང་ཡིན་པས། །སྔོན་གྱི་བསྐལ་པར་དྲང་སྲོང་གིས་ཀྱང་མ་མཐོང་བའི། །སློབ་དཔོན་ཉིད་དེ་ས་ལ་མངོན་པར་དགའ་ནས་གཤེགས། །དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས་ཀྱང་དེ་ལ་ཡང་། །ཆོ་ག་བཞིན་རྗེས་བྱས་ནས་དཀའ་ཐུབ་ནགས་དེར་

གཤེགས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། །དཀའ་ཐུབ་ཀྱི་ནགས་སུ་ཞུགས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མགྱོགས་འགྲོ་སྤྱོད་དེ་ཡིད་མི་བདེ་གྱུར་ཏེ། །དེ་ལྟར་ཇོ་བོ་ནགས་སུ་ང་མེད་པར་གཤེགས་ལ། །ལམ་དུ་མྱ་ངན་མེད་པ་འབད་

པ་བྱས་གྱུར་ཏེ། །དེ་ལྟ་ན་ཡང་དེ་ཡི་མཆི་མ་ཁོགས་མ་གྱུར། །གང་ལ་ཇོ་བོའི་བཀའ་ལ་མཚན་མོ་གཅིག་གིས་ནི། །མགྱོགས་འགྲོ་དེ་དང་གཤེགས་པར་གྱུར་པའི་ལམ། །ལམ་དེ་ཉིད་ལ་འགྲོ་ཞག་དག་ནི་བརྒྱད་རྣམས་ཀྱིས། །ཇོ་བོ་ཉིད་དང་བྲལ་བ་དེ་ཡིས་སེམས་ཤིང་འོངས། །འཐོན་པ་མེད་པས་རྒྱགས་

པ་མེད་པར་གྱུར་པ་ཡིས། །བསྔགས་ལྡན་མགྱོགས་འགྲོ་ཉིད་ཀྱང་མདངས་མེད་རྒྱུ་བ་སྟེ། །དེ་ལྟར་རྒྱན་དེ་རྣམས་ཀྱིས་བརྒྱན་པར་བྱས་ན་ཡང་། །དེ་ཡིས་དོར་བས་དཔལ་ནི་སོང་བ་བཞིན་དུ་གྱུར། །ཕྱིར་ལོག་ནས་ཀྱང་དཀའ་ཐུབ་ནགས་སུ་མངོན་ཕྱོགས་ཏེ། །སྙིང་རྗེ་བར་ནི་ཡང་དང་ཡང་དུ་དྲག་ཏུ་འཚེར། །

ལམ་ན་ལྟོགས་པ་ལྡན་པ་ཡིན་ཡང་འབྲུ་དང་ཆུ། །ཇི་ལྟར་སྔོན་བཞིན་མངོན་པར་མ་དགའ་མ་བསླངས་སོ། །དེ་ནས་འགྲོ་ལ་ཕན་པའི་བདག་ཉིད་བདག་ཉིད་ཆེན་པོ་དེས། །སེར་སྐྱ་ཞེས་བྱའི་གྲོང་ཁྱེར་རྣམ་པར་དམན་པ་ལ། །ཉིན་མོར་བྱེད་པས་བོར་བའི་ནམ་མཁའ་འབྲས་མེད་བཞིན། །རིམ་གྱིས་དེ་གཉིས་

เล่ม ๑๗๒ · หน้า 28a

སྟོང་པ་བཞིན་དུ་ཉེ་བར་སོང་། །པདྨ་དཀར་པོ་དང་བཅས་ཆུ་ཡིས་མཛེས་གྱུར་ཞིང་། །མེ་ཏོག་འཛིན་པའི་ཤིང་རྣམས་ཀྱིས་ནི་བརྒྱན་པ་ཡང་། །གྲོང་ཁྱེར་པ་རྣམས་རབ་ཏུ་དགའ་བ་སོང་གྱུར་ཏེ། །དེ་ཡི་ཉེ་བའི་ནགས་དེ་ནགས་ལྟར་མཛེས་མ་གྱུར། །དེ་ལྟར་ལྟ་བྱེད་མཆི་མས་བཅོམ་པའི་

མི་རྣམས་ནི། །རབ་ཏུ་འབར་མིན་ཞན་པའི་ཡིད་ཀྱིས་ཕྱོགས་སུ་སྐོར། །འོང་དུ་མི་སྟེར་བ་བཞིན་གཉིས་པོ་དེ་གྲོང་དུ། །དལ་བུས་ལོག་པའི་ཁྲུས་བཞིན་མངོན་པར་སོང་བར་གྱུར། །ཤཱཀྱའི་རིགས་ཀྱི་དྲང་སྲོང་དང་བྲལ་འོངས་པ་ཡིས། །ལུས་ཟགས་འགྲོས་དང་ལྡན་པ་དེ་གཉིས་མཐོང་ནས་ཀྱང་། །

སྔོན་ཚེ་ཤིང་རྟ་བཅུ་པའི་ཤིང་རྟ་འོངས་པ་བཞིན། །གྲོང་ཁྱེར་སྐྱེ་བོ་རྣམས་ནི་ལམ་དུ་མཆི་མ་ཕྱུང་། །དེ་ནས་མྱ་ངན་ཉེ་བར་ལྡན་བའི་སྐྱེ་བོ་དག །མཆི་མ་བྱུང་བ་རྣམས་ཀྱིས་འདུན་པ་ལ་སྨྲས་པ། །གྲོང་ཁྱེར་ཡུལ་འཁོར་དགའ་མཛད་རྒྱལ་པོའི་སྲས་པོ་དེ། །ཁྱེད་ཀྱིས་གང་དུ་བོར་ཞེས་རྒྱབ་ནས་རྗེས་སུ་

འགྲོ། །དེ་ནས་གུས་ལྡན་སྐྱེ་བོ་དེ་ལ་དེས་སྨྲས་པ། །མི་དབང་སྲས་པོ་བདག་གིས་ཡོངས་སུ་བོར་བ་མིན། །ངུ་བཞིན་སྐྱེ་བོ་མེད་པའི་ནགས་སུ་ཁོ་བོ་དང་། །ཁྱིམ་བདག་ཆ་ལུགས་དག་ཀྱང་དེ་ཡིས་རྣམ་པར་སྤངས། །དེ་ཡི་ཚིག་ནི་སྐྱེ་བོ་དེ་རྣམས་ཀྱིས་ཐོས་ནས། །ངེས་པར་ཤིན་ཏུ་དཀའ་བ་ཉིད་

ཅེས་ངེས་པར་སོང་གྱུར་ལ། །འགྱེལ་ཞིང་མིག་སྐྱེས་ཆུ་ནི་རྣམ་པར་འཐོར་བ་སྟེ། །ཡིད་ལ་སྨོད་ཅིང་བདག་ཉིད་ཀྱིས་ནི་འབྲས་བུ་ལོང་། །དེ་ནས་སྨྲས་པ་གཉིས་སྐྱེས་རྒྱལ་པོའི་ཤུགས་མངའ་སྟེ། །གང་དུ་གཤེགས་པའི་ནགས་དེར་དི་རིང་ཞུགས་པར་བགྱི། །ལུས་ཅན་དབང་པོ་མ་ཚང་རྣམས་

ཀྱི་ཇི་ལྟ་བར། །དེ་དག་བྲལ་བས་བདག་ཅག་འཚེ་བར་འདོད་པ་མེད། །དེ་དང་བྲལ་བའི་གྲོང་ཁྱེར་འདི་ནི་ནགས་ཡིན་ལ། །དེ་དང་ཡང་དག་ལྡན་པའི་ནགས་དེ་གྲོང་ཁྱེར་ཡིན། །ལྷ་ནི་ལྷ་མིན་གསོད་ཚེ་བརྒྱ་བྱིན་གྱིས་ཇི་ལྟར། །དེ་དག་བྲལ་བས་བདག་གི་གྲོང་ཁྱེར་མཛེས་མ་གྱུར། །དེ་

ནས་སླར་ཡང་གཞོན་ནུ་ཕྱིར་ལ་ལོག་ཅེས་ཏེ། །ཡན་ལག་མ་རྣམས་སྐར་ཁུང་ཕྲེང་རྣམས་རབ་ཐོབ་སྟེ། །མགྱོགས་འགྲོའི་རྒྱབ་ནི་རྣམ་པར་དབེན་པ་མཐོང་གྱུར་ནས། །སླར་ཡང་སྐར་ཁུང་རྣམས་ནི་རྣམ་པར་བཀག་ནས་ངུ་། །བརྟུལ་ཞུགས་དང་ནི་མྱ་ངན་དག་གིས་ཡིད་དུབ་ཅིང་། །བརྟུལ་ཞུགས་ལ་རབ་ཞུགས་

เล่ม ๑๗๒ · หน้า 28b

པས་སྲས་པོ་ཉེར་ཐོབ་ཕྱིར། །བཟླས་བྱས་ཤིང་གི་ལྷ་ཡི་ཁང་པར་མི་བདག་གིས། །བསམ་པ་ཇི་ལྟར་བྱ་བ་དེ་དང་དེ་རྣམས་བྱས། །དེ་ནས་མིག་དག་མཆི་མས་རབ་ཏུ་གང་བ་དེས། །མགྱོགས་འགྲོ་བླངས་ནས་མགྱོགས་འགྲོ་རྗེས་སུ་འགྲོ་བ་སྟེ། །གཡུལ་འགྱེད་པ་ན་དགྲ་བོས་ཇོ་བོ་ཁྱེར་བ་ལྟར། །མྱ་ངན་དག་གིས་

མངོན་བཅོམ་མི་སྐྱོང་ཁང་པར་ཞུགས། །མི་དབང་རྒྱལ་པོའི་ཁབ་ཏུ་རྣམ་པར་ཞུགས་པ་ན། །རྣམ་པར་བལྟ་ཞིང་མིག་དག་མཆི་མ་འབབ་པ་ཡིས། །སྐྱེ་བོ་ལ་ནི་སྡུག་བསྔལ་རབ་ཏུ་རྟོགས་འཇུག་བཞིན། །བསྔགས་ལྡན་མགྱོགས་འགྲོ་གསལ་བའི་དབྱངས་ཀྱིས་ངུས་པར་གྱུར། །དེ་ནས་ཁང་པའི་དབུས་ན་སྤྱོད་པའི་བྱ་

རྣམས་དང་། །ཉེ་བར་བརྟགས་པའི་མགྱོགས་འགྲོ་དམ་པར་བྱེད་རྣམས་ཀྱིས། །མི་དབང་སྲས་པོ་ལོག་པར་གཤེགས་ལ་ཐེ་ཚོམ་སྟེ། །མགྱོགས་འགྲོ་དེ་ཡི་དབྱངས་ལ་སོ་སོར་རམ་འདེགས་བྱས། །ཇི་ལྟར་བསྔགས་ལྡན་མགྱོགས་འགྲོ་འཚེར་བར་བྱེད་པ་སྟེ། །ངེས་པར་གཞོན་ནུ་ཁབ་ཏུ་རྣམ་པར་ཞུགས་སྙམ་

སྟེ། །དགའ་བ་ཕུལ་དུ་བྱུང་བས་བསླུས་པའི་སྐྱེ་བོ་རྣམས། །སྐྱེ་བོའི་བདག་པོའི་བཙུན་མོའི་འཁོར་གྱི་ཉེ་ལོགས་སོང་། །ཤིན་ཏུ་དགའ་བ་ལས་ནི་མྱ་ངན་གྱིས་བརྒྱལ་རྣམས། །གཞོན་ནུ་བལྟ་བ་ལ་ནི་གཡོ་བའི་སྤྱན་མ་རྣམས། །སྟོན་ཀའི་ཆུ་གཏེར་སྤྲིན་ལས་གློག་ནི་གཡོ་བ་བཞིན། །བུད་མེད་རྣམས་ནི་སྲེད་

པས་ཁྱིམ་ནས་ཕྱིར་ལ་འཐོན། །ལན་བུ་རྣམ་པར་འཕྱང་ཞིང་དར་གོས་དྲི་མ་ཅན། །མིག་རྩི་དང་བྲལ་མཆི་མས་མིག་བཅོམ་གདོང་རྣམས་ཀྱིས། །མཚན་མོ་ཟད་ཚེ་སྐྱ་རེངས་ཀྱིས་མཁར་སྐར་མ་བཞིན། །བྱི་དོར་དང་བྲལ་བུད་མེད་རིད་རྣམས་མཛེས་མ་གྱུར། །རྐང་པ་རྐང་གདུབ་དང་བྲལ་ཟངས་མདོག་མ་

ཆགས་རྣམས། །གདོང་པ་རྣ་ལུང་དང་བྲལ་མགྲིན་པ་དྲང་པོ་རྣམས། །རང་བཞིན་གྱིས་རྒྱས་བརླ་ནི་འོག་ཕབ་དང་བྲལ་རྣམས། །ནུ་མ་དོ་ཤལ་དང་བྲལ་སྟོད་གཡོགས་ཚད་རྣམས་སོ། །རྟེན་དང་བྲལ་བའི་འདུན་པ་དང་ནི་མགྱོགས་འགྲོ་ཉིད། །མིག་ནི་མཆི་མ་དང་ལྡན་དེ་རྣམས་ཀྱིས་མཐོང་ནས། །ནགས་མཐར་ཁྱུ་

མཆོག་དང་བྲལ་བ་གླང་རྣམས་བཞིན་དུ། །སེམས་ཁྲལ་གདོང་ལྡན་ཡན་ལག་མཆོག་མ་རྣམས་ནི་ངུས། །དེ་ནས་རྒྱལ་པོའི་བཙུན་མོ་མཆི་མ་དང་བཅས་པར། །བེའུ་ཉམས་པའི་མ་ཧེ་མོ་ལྟར་མཉེས་གཤིན་མ། །གསེར་གྱི་ཆུ་ཤིང་ལོ་འདབ་རྣམ་པར་གཡོ་བ་བཞིན། །གཽ་ཏ་མ་མས་ནི་ལག་པ་བཟུང་ནས་འགྱེལ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด