སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ
ชื่อสันสกฤต (อักษรทิเบต ตามตัวบท) བུདྡྷ་ཙ་རི་ཏ་མ་ཧཱ་ཀཱ་བྱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๒ · หน้า 29a
དཔུང་པ་ལག་པ་མཉམ་ཞིང་གཟི་བརྗིད་བཅོམ་པ་ཡིས། །བུད་མེད་གཞན་རྣམས་ཡིད་མི་བདེ་བས་སེམས་མེད་བཞིན། །མཆི་མ་མ་བཏོན་འོ་དོད་འབོད་མིན་དབུགས་མེད་པར། །གཡོ་བྲལ་རི་མོ་བྲིས་པ་བཞིན་དུ་གནས་པར་གྱུར། །བརྟན་མིན་བདག་པོའི་མྱ་ངན་གྱིས་བརྒྱལ་
བུད་མེད་གཞན། །རྣམ་པར་ལྟ་བྱེད་ནས་འབབ་རྒྱུན་གྱི་གདོང་རྣམས་ཀྱིས། །ས་འཛིན་རི་བོ་ནས་འབབ་རྒྱུན་གྱི་རྡོ་བ་ལྟར། །ཙནྡན་རབ་བསྐུས་ནུ་མ་རྣམས་ལ་རྣམ་པར་འཐོར། །དེ་རྣམས་ཀྱིས་ནི་མིག་ཆུས་བཏབ་པའི་གདོན་རྣམས་ཀྱིས། །རྒྱལ་པོའི་ཁབ་དེ་དེ་ཚེ་མཛེས་པར་གྱུར་པ་ནི། །
ཆུ་གསར་དུས་ན་ཆུ་གཏེར་ཆར་གྱིས་བཏབ་པ་ཡི། །ཆུ་འཛིན་པདྨ་རྣམས་ཀྱིས་རྫིང་བུ་ཇི་ལྟར་རོ། །རྒྱས་ཤིང་བར་མེད་ལེགས་པར་ཟླུམ་པའི་སོར་མོ་ཅན། །རྒྱན་བྲལ་རྩ་མི་མངོན་པའི་ཡན་ལག་མཆོག་མ་རྣམས། །རླུང་གིས་གཡོས་པའི་ལྗོན་ཤིང་རང་གི་འདབ་མས་ལྟར། །པདྨ་ལྟ་བུའི་ལག་
པ་རྣམས་ཀྱིས་བྲང་རྣམས་བརྡུངས། །ནགས་རླུང་གིས་སྒུལ་པདྨ་ལྟ་བུར་གཡོས་པ་ཡིས། །ངང་པ་རྣམས་ཀྱི་འཁྲིགས་པ་རྣམས་ཀྱིས་ཆུ་ཀླུང་ལྟར། །བྲང་བརྡུངས་རབ་བསྐྱོད་འབྲེལ་མཐོའི་ནུ་མ་རྣམས་ཀྱིས་ནི། །དེ་ལྟ་ན་ཡང་མི་མོ་དེ་རྣམས་མཛེས་པར་གྱུར། །ཇི་ལྟར་བྲང་རྣམས་ལ་ནི་ལག་
པས་ཟུག་བྱས་པ། །དེ་ལྟར་ལག་པ་རྣམས་ལ་བྲང་ནི་ཟུག་བྱེད་ཅིང་། །ལེ་ལོ་ཅན་མ་བརྩེ་མེད་སྟོབས་མེད་མ་ཡིས་དེར། །ལག་པའི་རྩེ་དང་བྲང་རྣམས་ཕན་ཚུན་ཟུག་བྱས་སོ། །དེ་ནས་ཁྲོས་པས་རབ་ཏུ་དམར་བའི་སྤྱན་ལྡན་མ། །སེམས་ཁྲལ་གྱིས་སྦྲེལ་མགྲིན་པ་ཁ་ཞིང་ལྡབ་ལྡིབ་དང་། །ཤུགས་རིང་ཕྱུང་
བས་འོ་མ་འཛིན་གཡོ་བརྟན་པ་ཡི། །མྱ་ངན་མཆི་མ་འཛིན་པའི་གྲགས་འཛིན་མས་སྨྲས་པ། །མཚན་མོ་གཉིད་ལོག་དབང་མེད་བདག་ནི་རྣམ་སྤངས་ནས། །འདུན་བ་འདོད་པའི་ཤིང་རྟ་དེ་ནི་གང་དུ་ཐལ། །གསུམ་པོ་མཉམ་དུ་སོང་ལ་ཁྱོད་དང་བསྔགས་ལྡན་ནི། །ཉེ་བར་འོངས་པས་ཁོ་མོའི་ཡིད་ནི་གཡོས་པར་གྱུར། །ཁོ་
མོ་འཕགས་མིན་བརྩེ་མིན་བཤེས་མ་ཡིན་པའི་ལས། །ཕུལ་བྱུང་དེ་འདིར་བྱས་ནས་ད་ནི་ཅི་ལ་ངུ་། །མཆི་མ་མ་འདོན་ཁྱོད་ཀྱི་སེམས་ནི་སིམ་པར་འགྱུར། །ཁྱོད་ཀྱི་མཆི་མ་དང་ནི་ལས་དེ་གཏམ་མ་ཡིན། །དགའ་དང་དབང་དུ་སོང་དང་ཕན་དང་ལེགས་པ་དང་། །ཅི་ལྟ་བ་བཞིན་དོན་བྱེད་ཁྱོད་ཉིད་དང་འགྲོགས་ཤིང་། །
เล่ม ๑๗๒ · หน้า 29b
སླར་མི་ལྡོག་པའི་ཆེད་དུ་ཇོ་བོ་སྲས་པོ་ཐལ། །ཁྱོད་ཀྱིས་ང་ལ་འབྲས་བཅས་སེམས་ནི་དགའ་བར་གྱིས། །མི་ཡི་དབང་པོའི་དགྲ་བོ་དག་ནི་མཆོག་ཡིན་ལ། །སྦྱོར་མིན་ལ་མཁས་ཤེས་རབ་མེད་པའི་བཤེས་མཆོག་མིན། །ངེས་པར་མཛའ་བཤེས་རྣམ་པར་མི་མཁས་ཁྱོད་ཀྱིས་ནི། །འདི་ཡི་རིགས་ཀྱི་ཉེ་བར་ནུབ་པ་
ཆེན་པོ་བྱས། །རབ་ཆགས་དྲི་མས་འདྲེས་ཤིང་དམར་བའི་མིག་ཅན་མ། །ཀུན་ནས་རྒྱན་དང་བྲལ་བ་འདི་རྣམས་མྱ་ངན་བྱེད། །གངས་ལྡན་རི་བོ་དང་མཉམ་བདག་པོ་གསན་ན་ཡང་། །བུད་མེད་རྣམས་ནི་ཡུགས་ས་མོ་བཞིན་མཛེས་པ་ཉམས། །འདི་དག་རྣམས་ཀྱང་བྱ་འདབ་ལག་པ་རྣམ་བསྐྱོད་ཅིང་། །
རྟག་པར་ཕུག་རོན་རྣམས་ཀྱི་རིང་བའི་སྐད་རྣམས་ནི། །དེ་དང་བྲལ་བས་འབྲས་མེད་ཕོ་བྲང་འཁོར་དང་བཅས། །གཞལ་མེད་ཁང་པའི་གཙང་རྣམས་ཤིན་ཏུ་ངུ་བ་འདྲ། །སྐྱེ་བོ་འདི་ནི་ཀུན་ནས་དོན་མེད་འདོད་པ་སྟེ། །བསྔགས་ལྡན་མགྱོགས་འགྲོ་དེ་ཡང་ངེས་པ་ཉིད་དུའོ། །མཚན་མོ་སྐྱེ་བོ་གཉིད་ཆེ་རྐུན་པོས་རིན་ཆེན་
བཞིན། །བདག་གི་འདི་ལྟར་འདི་ནས་ནོར་རྫས་ཐམས་ཅད་སྟོར། །མགྱོགས་འགྲོ་འདིས་ནི་མདའ་ཡི་རྨ་སྲོལ་བྱུང་རྣམས་ཀྱང་། །སྲོན་པར་ནུས་ཞེས་གྲགས་ན་ལྕགས་རྣམས་སྨོས་ཅི་དགོས། །བདག་གི་སྙིང་དང་འདྲ་བའི་དཔལ་ནི་བླངས་གྱུར་ནས། །འདིས་ནི་ལྕགས་ལྷུང་འཇིགས་ལས་སོང་བ་ཡིན་ནམ་
ཅི། །མི་དབང་ཕོ་བྲང་ཡོངས་སུ་གང་བ་བཞིན་དུ་ནི། །འཕགས་པ་མིན་ལས་ད་ལྟ་དྲག་ཏུ་འཚེར་བར་བྱེད། །གང་གི་ཚེ་ན་བདག་གི་དགའ་བ་ཕྱི་རོལ་གཤེགས། །དེ་ཡི་ཚེ་ན་མགྱོགས་འགྲོ་ལྐུགས་པ་ཐང་ཆད་གྱུར། །གལ་ཏེ་སྐྱེ་བོ་དག་ལ་གོ་བར་འཚེར་བྱེད་དམ། །ཡང་ན་རྨིག་པས་ས་
ལ་རྨིག་པའི་སྒྲ་བྱེད་དམ། །ཡང་ན་འགྲམ་པའི་སྒྲ་ནི་མཆོག་ཏུ་བསྐྱོད་ན་ནི། །བདག་ལ་སྡུག་བསྔལ་འདི་འདྲ་འབྱུང་བ་མ་ཡིན་ནོ། །དེ་ལྟར་འདིར་ནི་ལྷ་མོའི་སྨྲེ་སྔགས་ལ་བརྟེན་ཞིང་། །མཆི་མས་འདུད་པ་ཡི་གེའི་ཚིག་དག་ཐོས་གྱུར་ནས། །འོག་ཏུ་གདོང་ཕྱོགས་མཆི་མ་དང་བཅས་ཐལ་སྦྱར་ཏེ། །
འདུན་པས་ལན་འདི་དལ་བུས་སྨྲས་པར་གྱུར་པའོ། །ལྷ་མོ་བསྔགས་ལྡན་ལ་ནི་སྨོད་པར་འོས་མིན་ཞིང་། །ཁོ་བོ་ལ་ཡང་ཁྲོ་བར་མཛད་པ་འོས་མ་ཡིན། །ཁོ་བོ་ཅག་གི་སྐྱོན་མིན་ལྷ་མོ་མཁྱེན་པར་མཛོད། །མི་ཡི་ལྷ་དེ་ལྷ་བཞིན་བཀྲ་ཤིས་ཀུན་གྱིས་གཤེགས། །བདག་གིས་རྒྱལ་པོའི་བརྟན་པ་
เล่ม ๑๗๒ · หน้า 30a
ཤེས་པ་ཡིན་ན་ཡང་། །ལྷ་ཉིད་གང་དག་གིས་ནི་སྟོབས་ལས་བྱས་པ་བཞིན། །བདག་གིས་མགྱོགས་འགྲོ་འདི་ནི་ཉེ་བར་འོངས་པ་དེ། །ལམ་ན་ངལ་བ་མེད་པར་དེ་ལྟར་རྗེས་སུ་སོང་། །མགྱོགས་འགྲོ་མཆོག་འདི་ཉིད་ཀྱང་གཤེགས་ཚེ་ས་ལ་ནི། །བར་སྣང་དག་ལ་
བཟུང་བཞིན་རྨིག་པས་མ་རེག་ཅིང་། །དེ་བཞིན་ལྷ་ཡི་ཆེད་དུ་གདོང་ནི་སྔོགས་བྱས་བཞིན། །འགྲམ་པའི་སྒྲ་ནི་བྱས་མིན་འཚེར་བ་དག་ཀྱང་མེད། །གང་ལས་ས་སྐྱོང་བདག་ཉིད་སྐྱེས་པ་གཤེགས་པ་ན། །དེ་ཚེ་སྒོ་ནི་རང་ཉིད་བྱེ་བར་གྱུར་པ་སྟེ། །མཚན་མོའི་མུན་པ་ཉི་མས་བཞིན་དུ་བསལ་གྱུར་ཏེ། །
དེ་ཡི་ཕྱིར་ཡང་ལྷ་ཡི་ཆོ་ག་དེ་ཟུང་ཤིག །གང་ཕྱིར་མི་དབང་བཀའ་ལས་སྐྱེ་བོ་སྟོང་ཕྲག་དག །ཁང་པ་དང་ནི་གྲོང་ཁྱེར་ཉིད་དུ་བག་ཡོད་ཀྱང་། །དེ་ཚེ་དེ་ནི་གཉིད་ཀྱིས་ཕྲོགས་ཤིང་མ་སད་དེ། །དེ་ཡི་ཕྱིར་ཡང་ལྷ་ཡི་ཆོ་ག་དེ་ཟུང་ཤིག། །གང་ཕྱིར་ནགས་ན་གནས་ལ་མཐུན་པའི་གོས་དག་ནི། །ལྷ་ན་གནས་
པས་དུས་སུ་འདི་ལ་བྱིན་གྱུར་ལ། །རྒྱན་དག་མཁའ་ལ་རབ་ཏུ་གཏོར་བ་དེ་ཁྱེར་ཏེ། །དེ་ཡི་ཕྱིར་ཡང་ལྷ་ཡི་ཆོ་ག་དེ་ཟུང་ཤིག། །དེ་ཕྱིར་དེ་ལྟར་ལྷ་མོ་ངེད་གཉིས་ལ་སྐྱོན་དུ། །ཇི་ལྟར་སོང་བ་དེ་ལ་རྟོག་པར་འོས་མ་ཡིན། །མགྱོགས་འགྲོ་འདི་དང་བདག་གི་འདོད་པ་མི་མཛད་པར། །དེ་ནི་ལྷ་རྣམས་དག་གིས་རྗེས་
འགྲོ་བྱས་ཤིང་གཤེགས། །དེ་ལྟར་བདག་ཉིད་ཆེན་པོ་དེ་ཡིས་རབ་གཤེགས་པ། །ལྷ་ཡི་མཚར་མང་བུད་མེད་དེ་རྣམས་ཀྱིས་ཐོས་ནས། །རབ་ཏུ་གཤེགས་ལས་ཡིད་ལ་འབར་བ་ཡང་འཐོབ་སྟེ། །མྱ་ངན་རབ་ཏུ་ཉམས་བཞིན་ངོ་མཚར་ལྡན་པར་ཐལ། །དེ་ནས་ཡིད་མི་བདེ་བས་ཡོངས་ལྡིང་མིག་ཅན་མ། །ཕྲུག་
གུ་རབ་ཏུ་ཉམས་པའི་འོལ་བ་སྡུག་བསྔལ་བཞིན། །རྨོངས་གྱུར་ཉིད་ཀྱང་མཆི་མ་དང་ལྡན་གདོང་གིས་སྨྲས། །རླབས་ཆེན་དང་ལྡན་འཇམ་ཞིང་དཀར་མིན་དགེ་བ་སྟེ། །སོ་སོ་སོ་སོར་རྩ་བ་ནས་འཁྲུངས་གྱེན་དུ་འཁྱིལ། །དེ་ཡིད་བུ་སྐྱེས་ས་ལ་འཐོར་བ་དེ་རྣམས་ནི། །མི་དབང་དབུ་རྒྱན་ལ་ནི་ཡོངས་སུ་དཀྲི་བར་འོས། །
ཕྱག་ནི་རབ་འཕྱང་རི་དགས་རྒྱལ་པོའི་སྟོབས་མངའ་ཞིང་། །ཁྱུ་མཆོག་ཆེན་པོའི་སྤྱན་ལྡན་གསེར་འབར་འོད་མངའ་བ། །འབྲུག་དང་རྔ་ཡི་སྒྲ་ལྡན་སྐུ་སྟོད་རྣམ་པར་ཡངས། །དེ་ལྟར་གྱུར་ཀྱང་དཀའ་ཐུབ་གནས་སུ་གནས་པར་འོས། །སོར་མོ་ལེགས་སྐྱེས་འཇམ་ཞིང་དྲ་བས་འབྲེལ་པ་དང་། །ལོང་བུ་མི་མངོན་པདྨའི་
เล่ม ๑๗๒ · หน้า 30b
རྩ་བ་ལྟར་འཇམ་ལ། །དབུས་ན་འཁོར་ལོ་དང་བཅས་ཞབས་ནི་དེ་དག་གིས། །དྲང་སྲོང་རྣམས་ཀྱི་ནགས་མཐའི་ས་ལ་འགྲོ་འམ་ཅི། །ཁང་བཟངས་ལོགས་ན་ཁྲི་དང་གདན་ལ་འོས་པ་སྟེ། །རིན་ཆེན་ན་བཟའ་ལྕི་མིན་ཙནྡན་གྱིས་སྤྲས་ཤིང་། །དེ་ཡི་ལུས་ནི་མདངས་དང་ལྡན་པ་ནགས་དག་ཏུ། །གྲང་དང་དྲོ་དང་
ཆུ་འོད་རྣམས་སུ་བསྐོར་རམ་ཅི། །རིགས་དང་གཟུགས་དང་སྟོབས་དང་སེམས་པ་དག་དང་ནི། །ཐོས་དང་ཕུན་སུམ་ཚོགས་དང་ན་ཚོད་ཀྱིས་ཁེངས་ཤིང་། །སློང་བར་མ་ཡིན་སྟེར་བ་ཉིད་དུ་མངོན་འོངས་པ། །དེ་ནི་ཕ་རོལ་དག་ལ་སློང་མོ་རྒྱུ་འམ་ཅི། །གསེར་ཁྲི་དང་ཞིང་གཟིམས་མལ་དག་ལ་གཟིམས་ནས་ནི། །
མཚན་མོ་སིལ་སྙན་སྒྲ་རྣམས་དག་གིས་རབ་སློང་བ། །གོས་ཀྱི་ཕྱོགས་གཅིག་བར་ན་ས་ཡི་ལོགས་ལ་ནི། །བདག་གི་བརྟུལ་ཞུགས་ལྡན་དེ་དེ་རིང་ཇི་ལྟར་གཟིམས། །སྙིང་རྗེའི་སྨྲེ་སྔགས་རབ་ཏུ་ཟློས་པ་འདི་ཐོས་ནས། །བུད་མེད་དེ་རྣམས་ཕན་ཚུན་ལག་པས་ཡོངས་འཁྱུད་དེ། །ལྗོན་ཤིང་གཡོས་ལས་མེ་
ཏོག་ལས་ནི་སྦྲང་རྩི་བཞིན། །རྣམ་པར་ལྟ་བྱེད་དག་ནས་ཆུ་དག་འཐོར་བའོ། །དེ་ནས་ངང་པ་མེད་པའི་ངང་མོ་བཞིན་དུ་ནི། །གྲགས་འཛིན་མ་ནི་ནོར་འཛིན་ས་ལ་འགྱེལ་གྱུར་ལ། །རྣམ་པར་འཁྲུགས་ཤིང་ཡང་དང་ཡང་དུ་ལྡབ་ལྡིབ་ཀྱི། །སྐད་ཀྱིས་དེ་དང་དེ་དག་རྣམ་པར་སྨྲས་པའོ། །ཆོས་དང་ལྷན་
ཅིག་སྤྱོད་པ་མགོན་མེད་ཁོ་མོ་ནི། །དེ་ཡིས་དོར་ནས་གལ་ཏེ་ཆོས་ནི་བྱེད་འདོད་ཅིང་། །ཆོས་དང་ལྷན་ཅིག་སྤྱོད་མ་དང་བྲལ་དཀའ་ཐུབ་གང་། །ཡོངས་སུ་ལོངས་སྤྱོད་འདོད་འདིའི་ཆོས་ནི་ག་ལ་ཞིག། །སྔོན་གྱི་ས་སྐྱོང་རྣམས་དེས་ངེས་པར་མ་མཐོང་སྟེ། །ལེགས་མཐོང་ཆེན་པོ་ལ་སོགས་མེས་པོ་ཆེན་
པོ་རྣམས། །བདག་པོ་ལྡན་མ་དང་བཅས་ནགས་སུ་གཤེགས་གྱུར་ལ། །ཁོ་མོ་དང་བྲལ་ཆོས་བྱེད་འདོད་པ་དེ་ལྟར་ལྟོས། །མཆོད་སྦྱིན་དུ་འམ་རིག་བྱེད་ཆོ་གས་འདུས་བྱས་ཤིང་། །ཕོ་མོ་གཉིས་ལ་དབང་བསྐུར་དེ་ཡི་འབྲས་བུ་ནི། །གཞན་དུ་མཉམ་པོར་ལོངས་སྤྱོད་འདོད་པ་མ་མཐོང་སྟེ། །དེ་ནས་
བདག་ལ་འདི་ཡི་ཆོས་ལ་སེར་སྣ་སྐྱེས། །བདག་ཉིད་ལ་ནི་སྡུད་དང་ཕན་ཚུན་ཕྲག་དོག་ཅིང་། །ཡང་ཡང་རྩོད་པར་ཆོས་འགའ་དེས་ནི་ངེས་པར་ཤེས། །ཁྲོ་བ་ཁོ་མོ་སྤངས་ནས་དབང་ཆེན་འཇིག་རྟེན་དུ། །འཇིགས་མེད་ལྷ་མོ་ལས་ནི་དགའ་བ་ལེན་པར་འདོད། །དེ་ལ་ལུས་ཀྱི་ཡོན་ཏན་བཟུང་བའི་
เล่ม ๑๗๒ · หน้า 31a
བཙུན་མོ་དེ། །ཅི་འདྲ་ཞིག་གམ་འདི་ནི་བདག་གིས་བསམ་མནོ་སྟེ། །བདག་གི་གུས་པ་ཉིད་དང་བུད་མེད་བོར་ནས་ནི། །ནགས་སུ་གང་ཕྱིར་དེས་ནི་དཀའ་ཐུབ་རྣམས་ལ་གདུང་། །ངེས་པར་བདག་གི་འདོད་འདི་མཐོ་རིས་བདེ་ཕྱིར་མིན། །སེམས་ལྡན་སྐྱེ་བོ་དེ་ནི་རྙེད་པར་དཀའ་བ་མིན། །
སྡུག་པ་དེས་ཀྱང་བདག་ལ་འདི་འམ་གཞན་དུ་རུང་། །གང་གིས་མ་སྤངས་ཞེས་ནི་བདག་གི་ཡིད་ལ་རེ། །གལ་ཏེ་བདག་ནི་ཇོ་བོའི་གཟིགས་བྱེད་ཡངས་པའི་ཞལ། །གཙང་ཞིང་བཞད་པ་གྱེན་དུ་བལྟ་བའི་སྐལ་མེད་ན། །སྐལ་བ་དམན་པར་འོས་མིན་སྒྲ་གཅན་འཛིན་དེ་ཡང་། །ཕ་ཡི་པང་ན་
ཡོངས་སུ་གནས་པར་ནམ་ཞིག་འགྱུར། །ཨེ་མ་ཡིད་མངའ་འདི་ཡི་ལུས་ནི་ཤིན་ཏུ་གཞོན། །ཡིད་ནི་མི་རྣམས་ཀྱིས་བསྔགས་ཤིན་ཏུ་སྲ་བ་སྟེ། །ངག་གི་སྐད་གྲག་རབ་ཟོས་དགྲ་ཡང་དགའ་བ་ཡི། །བུ་ནི་བྱིས་པ་འདི་འདྲ་ཀྱེ་མ་སྤོང་བར་བྱེད། །བདག་གི་འདོད་པའི་སེམས་ཀྱང་ཤིན་ཏུ་སྲ་བ་
སྟེ། །རྡོ་ལས་གྱུར་རམ་ཡང་ན་ལྕགས་ལས་བྱས་པ་འམ། །བདེར་འོས་ཇོ་བོ་དཔལ་དོར་ནགས་སུ་སོང་བ་ལ། །མགོན་མེད་ལྡན་པ་གང་ཞིག་དུམ་བུར་མ་སོང་ངོ་། །དེ་ལྷར་ལྷ་མོ་བདག་པོའི་མྱ་ངན་གྱིས་བརྒྱལ་ཏེ། སེམས་ཤིང་རྣམ་ཟློས་ལན་ཅིག་མ་ཡིན་འདི་དུས་ལ། །རང་བཞིན་བརྟན་ཡང་དམ་
པ་མོ་དེ་མྱ་ངན་གྱིས། །བརྟན་པ་དྲན་པ་མ་ཡིན་ངོ་ཚ་མ་བྱས་སོ། །དེ་ནས་དེ་ལྟར་མྱ་ངན་གྱིས་སྨྲ་རྣམ་འཁྲུགས་པའི། །གྲགས་འཛིན་མ་ནི་ས་ལ་འགྱེལ་བ་མཐོང་ནས་ནི། །ཆར་གྱིས་བཏང་བས་པདྨ་ཆེན་པོ་བཞིན་དུ་ནི། །མཆི་བཅས་གདོང་གིས་བུད་མེད་རྣམས་ནི་ཆོ་ངེས་འདེབས། །བཟླས་བརྗོད་
རྫོགས་ཤིང་སྦྱིན་སྲེག་བཀྲ་ཤིས་བྱས་གྱུར་ཏེ། །མི་སྐྱོང་ཉིད་ཀྱང་ལྟ་གང་དག་ནས་ཕྱིར་གཤེགས་པ། །རྡོ་རྗེའི་སྒྲ་ཡིས་གླང་པོ་ཇི་བཞིན་སྐྱེ་བ་ཡི། །ཉམ་ཐག་སྒྲ་དེས་ཀུན་ནས་བཅོམ་ཞིང་གཡོས་པར་གྱུར། །འདུན་པ་དང་ནི་བསྔགས་ལྡན་གཉིས་པོ་མཐོང་ནས་ཀྱང་། །སྲས་ཀྱི་ངེས་པར་བརྟེན་པ་
ཡང་དག་གསན་ནས་ནི། །བདེ་སོགས་བདག་པོའི་ལྟད་མོ་ཟིན་པའི་རྒྱལ་མཚན་བཞིན། །མྱ་ངན་གྱིས་བཅོམ་ས་ཡི་བདག་པོ་འགྱེལ་བར་གྱུར། །དེ་ནས་སྲས་པོའི་མྱ་ངན་གྱིས་རྨོངས་ཡུད་ཙམ་ཞིག། །སྐྱེ་བོ་མཚུངས་མཉམ་མངོན་པའི་སྐྱེ་བོས་བཟུང་གྱུར་ལ། །ཆབ་ཀྱིས་གང་བའི་སྤྱན་གྱིས་མགྱོགས་
เล่ม ๑๗๒ · หน้า 31b
བགྲོ་ལ་གཟིགས་ནས། །ས་ཡི་ལོགས་ནས་ས་སྐྱོང་གིས་ནི་སྨེ་སྔགས་བཏོན། །གཡུལ་འགྱེད་པ་ན་དགའ་ཆེན་མང་པོ་བྱས་ནས་ནི། །བསྔགས་ལྡན་ཁྱོད་ཀྱིས་བདག་གི་དགའ་བ་མ་ཡིན་བྱས། །བདག་གི་དགའ་བ་ཡོན་ཏན་དགའ་དེ་གང་གིས་ནི། །དགའ་བ་ཡིན་ཡང་དགའ་བ་མེད་བཞིན་ནགས་
སུ་བོར། །དེ་ཕྱིར་དེ་ཉིད་གང་དུ་གཤེགས་པ་དེར་བདག་ཁྱེར། །ཡང་ན་དེ་ནི་སླར་ཡང་སྐྱེན་པར་ཁྱེར་ལ་ཤོག །ཚབས་ཆེར་ན་བའི་སྨན་དང་བྲལ་བས་དེ་བཞིན་དུ། །དེ་དང་བྲལ་བས་བདག་གི་འཚོ་བ་མེད་པའོ། །རྒྱལ་བུ་གསེར་འབབ་འཆི་བས་ཕྲོགས་པར་གྱུར་པ་ན། །དཀའ་ཐུབ་གང་
ལས་ཡང་དག་རྒྱལ་བ་ཤི་མ་གྱུར། །བདག་ཀྱང་ཆོས་འཛིན་སྲས་པོ་གཤེགས་པར་གྱུར་པ་ན། །བདག་ཉིད་ཐར་འདོད་བདག་ཉིད་མེད་པ་ལྟ་བུར་གྱུར། །རྒྱལ་རིགས་བཅུ་བྱས་ཁྱབ་བདག་སྐྱེ་དགུའི་བདག་པོ་ནི། །མཆོག་དང་མཆོག་མིན་ཤེས་པ་ཉི་མའི་སྲས་པོ་ཡི། །བུ་ནི་ཕངས་ཤིང་སྡུག་བསྔལ་དམ་
པ་དང་བྲལ་ལ། །ཡིད་མི་བདེ་བྱས་ཡིད་ཀྱི་རྨོངས་པ་གང་ལས་མིན། །རྒྱལ་པོ་ཨ་ཛའི་སྲས་པོ་བློ་དང་ལྡན་པ་ནི། །མི་བདག་དབང་པོའི་གྲོགས་ལ་བདག་གི་འདོད་པ་སྟེ། །སྲས་པོ་ནགས་སུ་སོང་ལ་གང་ཞིག་ལྷར་སོང་ལ། །མཆི་མ་དོན་ཡོད་མ་ཡིན་བཀྲེན་པས་འཆོས་སོ་ཀྱེ། །
ཁྱོད་ཀྱིས་བདག་གི་ཆུ་ཡི་སྙིམ་པ་དེ་གང་དུ། །ཕྲོགས་པའི་དཀའ་ཐུབ་གནས་དེར་བཟང་པོ་བདག་ལ་སྨྲོས། །དེ་ལ་བདག་གི་སྐོམ་པ་འདིས་ནི་ཡོངས་འདོད་དེ། །བདག་གི་སྲོག་ནི་ཡི་དགས་འགྲོ་བར་འདོད། །དེ་ལྟར་སྲས་དང་བྲལ་བའི་སྡུག་བསྔལ་སྐྱེས་གྱུར་ཏེ། །ས་དང་འདྲ་བའི་
ལྷན་སྐྱེས་བརྟན་པ་རྣམ་སྤངས་ནས། །རཱ་མའི་མྱ་ངན་དག་གིས་ཤིང་རྟ་བཅུ་པ་བཞིན། །མི་སྐྱོང་འདུ་ཤེས་བྲལ་བཞིན་མང་པོ་རྣམ་པར་ལབས། །དེ་ནས་དེ་ལ་ཐོས་དང་དུལ་དང་ཡོན་ཏན་ལྡན། །རབ་བགྲེས་མདུན་ན་འདོན་དང་བློན་པོ་བློ་གྲོས་ཀྱིས། །མཉམ་པར་གཞག་འདི་ཇི་ལྟ་བ་བཞིན་
སྨས་གྱུར་ཏེ། །ཡོངས་སུ་གདུང་བའི་གདོང་མིན་མྱ་ངན་མེད་པའང་མིན། །མི་མཆོག་བརྟན་པ་མྱ་ངན་ཐོང་ལ་བརྟན་པར་གཤེགས། །མྱ་ངན་བཞིན་དུ་མཆི་མ་འདོན་པར་འོས་མ་ཡིན། །མེ་ཏོག་ཕྲེང་བ་རྙིང་བཞིན་ཕུན་ཚོགས་བོར་ནས་ནི། །ས་ན་མི་སྐྱོང་མང་པོ་ནགས་སུ་ཤིན་ཏུ་སོང་། །གཞན་ཡང་
เล่ม ๑๗๒ · หน้า 32a
དེ་ཡི་དགོངས་པ་ངེས་པ་འདི་སྔོན་ཚེ། །དྲང་སྲོང་དཀར་མིང་དེ་ཡི་ཚིག་ནི་དྲན་པར་མཛོད། །མཐོ་རིས་སུ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ། །སྐད་ཅིག་ཀྱང་དེ་གནས་པར་བདེ་བས་ནུས་མ་ཡིན། །གལ་ཏེ་ཡང་དེ་མི་མཆོག་འབད་པས་བྱས་པ་སྟེ། །མྱུར་བར་བཀའ་ལུང་སྩོལ་
མཛོད་ཇི་སྙེད་འདིར་འགྲོ་བགྱི། །སྣ་ཚོགས་རྣམས་ཀྱི་ཁྱེད་ཀྱི་སྲས་པོ་དེ་ཡི་ནི། །སྣ་ཚོགས་མང་པོའི་འཐབ་མོ་དེ་རྙེད་དེར་བྱེད་ཤོག །དེ་ནས་དེ་གཉིས་ལ་ནི་མི་བདག་གིས་བསླབས་ལ། །དེ་ཕྱིར་ངེས་པར་འདི་ནས་ཁྱེད་གཉིས་མངོན་པར་སོང་། །བུ་ལ་ལྷག་པར་ཆགས་པའི་ནགས་ཀྱི་བྱ་ཡི་བཞིན། །བདག་
གི་སེམས་ནི་དགའ་བར་རབ་ཏུ་སོང་མ་ཡིན། །དམ་པ་ཞེས་ནི་མི་དབང་བསྟན་ལས་བློན་པོ་དང་། །མདུན་ན་འདོན་པ་དེ་གཉིས་ནགས་དེར་སོང་བར་གྱུར། །བྱས་ཞེས་གནའ་མའི་སྐྱེ་བོ་དང་བཅས་བཙུན་མོར་བཅས། །མི་སྐྱོང་གིས་ཀྱང་བྱ་བ་ལྷག་མ་རབ་ཏུ་མཛད། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་
བའི་སྙན་དངགས་ཆེན་པོ་ལས། བཙུན་མོའི་འཁོར་སྨྲེ་སྔགས་བཏོན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེའི་ཚེ་མདུན་ན་འདོན་དང་བློན་པོ་དེ། །མི་སྐྱོང་མཆི་མའི་ལྕག་གིས་མངོན་པར་བསྣུན་པ་དག །ཕུག་པའི་དམ་པའི་རྟ་བཞིན་འབད་པ་ཐམས་ཅད་ལས། །
བསམ་པ་བཟང་པོས་སྐྱེན་པར་ནགས་དེར་སོང་བར་གྱུར། །འདྲ་བའི་རྗེས་འབྲངས་ངལ་བ་སྐྱེས་པ་དེ་གཉིས་ནི། །དཀའ་ཐུབ་ནགས་དེར་དུས་སུ་ཉེ་བར་ཕྱིན་ནས་ནི། །རྒྱལ་པོའི་རྫུ་འཕྲུལ་དོར་དེ་དུལ་བའི་སྤྱོད་པ་ཡིས། །དྲང་སྲོང་ཤེས་ལྡན་བུ་ཡི་ཁང་པར་ཉེ་བར་སོང་། །དེ་དག་གིས་ནི་ཚུལ་
བཞིན་བྲམ་ཟེ་དེ་མཆོད་ནས། །དེ་ནི་དེ་དག་ལ་ཡང་རྗེས་མཐུན་མཆོད་པ་སྟེ། །གདན་བྱས་པ་དག་བདག་ཏུ་ལྟ་བ་བཅད་ནས་ནི། །ཤེས་ལྡན་སྲས་པོ་གདན་གནས་པ་ལ་གཏམ་སྨྲས་སོ། །མདངས་གཙང་གཙང་ཞིང་རྣམ་པར་གྲགས་པའི་ཡངས་པ་མངའ། །བུ་རམ་
ཤིང་པའི་རིགས་སུ་རབ་འཁྲུངས་རྒྱལ་པོ་ཡིས། །ཤྲུ་ཀ་རབ་ཏུ་འཛིན་དང་གསང་སྔགས་ཡོངས་འཛིན་ལ། །ནག་པོར་སྐྱེ་བོ་འདི་ནི་ཁྱོད་ཀྱིས་རིག་པར་མཛོད། །དབང་པོ་དང་མཚུངས་དེ་ཡི་རྒྱལ་བ་དང་མཚུངས་སྲས། །རྒ་དང་འཆི་བའི་འཇིགས་པ་དག་ནི་སྒྲོལ་འདོད་དེ། །
เล่ม ๑๗๒ · หน้า 32b
འདི་ན་མངོན་པར་ཉེ་བར་འོངས་གྲག་དེ་ཡི་ཕྱིར། །བདག་ཅག་ཉེ་བར་འོངས་པར་བཅོམ་ལྡན་མཁྱེན་པར་མཛོད། །དེ་དག་ལ་དེས་སྨྲས་པ་ཕྱག་རིང་གྱུར་པ་དེ། །རབ་ཏུ་ཐོབ་གྱུར་གཞོན་ནུ་ཤེས་པ་མིན་པ་མིན། །ཆོས་འདི་འཁོར་བར་བྱེད་ཅེས་མངོན་པར་མཁྱེན་ནས་ནི། །
མངོན་པར་གདོང་ཕྱོགས་མ་ཡིན་ཐར་བཞེད་སྐྱེན་པར་གཤེགས། །དེ་ནས་དེ་ལས་དེ་ཉིད་དེ་དག་ཉེར་ཐོབ་ནས། །བྲམ་ཟེ་དེ་ལ་སྙན་དངགས་ཕབ་ནས་དེ་མ་ཐག །དུབ་ཀྱང་མ་དུབ་པ་བཞིན་རྒྱལ་པོ་ལ་གུས་པས། །དེ་ཉིད་གང་ནས་གཤེགས་པ་དེ་ནས་རབ་ཏུ་སོང་། །སོང་སྟེ་དེ་ནས་དེ་དག་
གི་ནི་རྔོན་པ་དང་། །རྣམ་པར་བྲལ་བའི་སྐུ་ལུས་རབ་ཏུ་འབར་བ་དེ། །ཉི་མ་སྟུག་པོའི་ལོངས་སྤྱོད་དག་ལ་ཞུགས་པ་ལྟར། །ལམ་ནི་ཤིང་གི་རྩ་བར་ཉེ་བར་བཞུགས་པ་མཐོང་། །དེ་ནས་དེ་ལ་མདུན་ན་འདོན་དང་སྔགས་འཛིན་བཅས། །ཐེག་པ་རྣམ་པར་སྤངས་ནས་ཉེ་བར་གཤེགས་པ་སྟེ། །
སླར་གནས་ཐུབ་པའི་བུ་ནི་གཡོན་གྱི་ལྷར་བཅས་པས། །ནགས་གནས་ལྷག་སྤྱོད་ལྟ་བར་འདོད་པ་ཇི་ལྟར་རོ། །ལྷ་ན་པ་བ་སངས་དང་ཕུར་བུས་དབང་ཆེན་བཞིན། །དེ་དག་གིས་ནི་དེ་ཉིད་བསྐྱེད་ཅིང་མཆོད་པའོ། །ལྷ་ན་པ་སངས་ཕུར་བུ་དག་ལ་དབང་ཆེན་བཞིན། །མཆོད་འོས་དེས་ནི་དེ་གཉིས་
དག་ལ་སླར་མཆོད་དོ། །སྦྱོར་བར་སོང་བའི་ཟླ་བ་ཉེ་སར་ནབ་སོ་བཞིན། །དེ་ནས་ཀུན་ནས་མངོན་པར་རྗེས་གནང་བྱས་པ་ནི། །དེ་དག་ཤཱ་ཀྱའི་རིགས་ཀྱི་རྒྱལ་མཚན་དེ་ཡི་ནི། །ཉེ་ལོགས་དག་ཏུ་སོང་བ་རྣམ་པར་མཛེས་པར་གྱུར། །ཤིང་གི་རྩ་བར་གནས་པ་མངོན་པར་འབར་བ་ཡི། །རྒྱལ་པོའི་
སྲས་པོ་དེ་ལ་མདུན་ན་འདོན་གྱིས་སྨྲས། །ལྷ་ན་ཡོངས་འདུས་དག་ལ་བརྒྱ་བྱིན་སྲས་པོ་ནི། །རྒྱལ་བ་ཉེ་བར་གནས་ལ་ཕུར་བུ་ཇི་ལྟར་རོ། །ཁྱོད་ཀྱི་མྱ་ངན་ཟུག་རྔུ་སྙིང་ལ་བཏགས་པ་ན། །ས་ཡི་ལོགས་ལ་རྨོངས་ཤིང་བརྒྱལ་བར་གྱུར་པ་སྟེ། །གཞོན་ནུ་མིག་གི་ཆུ་ཡི་ཆར་ལྟར་རྒྱལ་པོ་ཡིས། །
གང་ཞིག་ཁྱོད་ལ་སྨྲས་པ་འདི་ནི་མཁྱེན་པར་མཛོད། །ཁྱོད་ཀྱིས་ཆོས་ལ་རབ་དམིགས་ངེས་པར་ཤེས་པ་སྟེ། །ཁྱོད་ཀྱི་འབྱུང་བར་འགྱུར་པའི་དོན་ནི་ཤེས་པའོ། །ཁྱོད་ཀྱི་དུས་མ་ཡིན་པར་ནགས་སུ་བསྙེན་ལས་བདག །མེ་དང་རབ་མཚུངས་མྱ་ངན་མེ་ཡིས་ཚིག་པའོ། །དེ་ཕྱིར་ཚུར་
เล่ม ๑๗๒ · หน้า 33a
སྤྱོན་ཆོས་དགའ་དག་གི་དགའ་སྟོན་དུ། །ཆོས་ཀྱི་དོན་དུ་བློ་གྲོས་དེ་ཉིད་ཐོང་མཛོད་དང་། །ཆུ་བོའི་ཤུགས་ཀྱིས་འགྲམ་ངོགས་མངོན་པར་བཅོམ་པ་བཞིན། །བདག་ལ་མྱ་ངན་ཤུགས་འདིར་རབ་ཏུ་འཕེལ་བའོ། །རླུང་དང་ཉི་མ་མེ་དང་ཐོག་ཆེན་རྣམས་ཀྱི་ནི། །འཇུག་
པ་གང་ཞིག་སྤྲིན་དང་ཆུ་མེ་རི་རྣམས་སུ། །རྣམ་པར་འབྱེར་དང་སྐེམས་དང་སྲོག་དང་འབྱེད་རྣམས་ཀྱིས། །བདག་ཅག་རྣམས་ལ་མྱ་ངན་གྱིས་འཇུག་པ་དེ་བྱེད། །དེ་ཕྱིར་རེ་ཞིག་ནོར་འཛིན་བདག་ཉིད་ལོངས་སྤྱོད་ལ། །དུས་སུ་བསྟན་བཅོས་མཐོང་སྟེ་ནགས་སུ་གཤེགས་གྱུར་ཏེ། །འབྱུང་པོ་
ཐམས་ཅད་ལ་ནི་བརྩེ་བ་ཆོས་ཡིན་ཕྱིར། །མི་འདོད་གཉེན་འདུན་ཁོ་བོ་ལ་ནི་ལྟོས་པར་མཛོད། །ཆོས་དེ་ནགས་ཉིད་ཁོ་ནར་འགྲུབ་པ་མ་ཡིན་ཏེ། །སྡོམ་བརྩོན་རྣམས་ཀྱིས་ངེས་པར་གྲོང་ཁྱེར་ན་ཡང་འགྲུབ། །འདིར་ནི་བློ་དང་འབད་པ་དག་ནི་མཚན་མ་སྟེ། །ནགས་དང་སྟག་ནི་འཇིགས་པ་དག་གི་
མཚན་མའོ། །དབུ་རྒྱན་འཛིན་ཞིང་དཔུང་པར་རྣ་ཆ་དོ་ཤལ་དང་། །དཔུང་རྒྱན་རྣམ་པར་རེངས་པའི་ཕྱག་མངའ་མི་དབང་རྣམས། །ཕུན་ཚོགས་ཡན་ལག་དབུས་ན་ཡོངས་སུ་གནས་རྣམས་ཀྱིས། །ཁྱིམ་ན་གནས་ཀྱང་ཐར་པའི་ལམ་ནི་རབ་ཏུ་ཐོབ། །བསྟན་པའི་ནུ་བོ་
སྟོབས་དང་རྡོ་རྗེའི་ལག་པ་དང་། །རྣམ་མཛེས་བུ་དང་ཆུ་སྟོད་དེ་ནས་མཐར་གནས་ལྷ། །ལུས་འཕགས་རྒྱལ་པོ་སྐྱེས་བྱེད་དང་ནི་དེ་བཞིན་དུ། །གྲོང་དང་ལྗོན་ཤིང་ཅན་དང་སྡེ་རྒྱལ་རྒྱལ་པོ་རྣམས། །ཉེས་ལེགས་ཆོས་ཀྱི་ཆོ་ག་ལ་ནི་རྣམ་དུལ་བའི། །མི་བདག་ཁྱིམ་ན་གནས་པ་དེ་རྣམས་
མཁྱེན་མཛོད་ལ། །ནོར་གྱི་བདག་པོ་དང་ནི་མི་སྐྱོང་དཔལ་དག་སྟེ། །གཉིས་པོ་དག་ཀྱང་དེ་ཕྱིར་དུས་གཅིག་མཁྱེན་པར་མཛོད། །མངོན་པར་དབང་བསྐུར་བྱས་པའི་ཆུ་ཡིས་བརླན་པ་ཉིད། །གདུང་བ་སྐྱོབ་པའི་གདུགས་བཟུང་ཁྱེད་ལ་དྲག་ཏུ་ནི། །ཉེ་བར་འཁྱུད་ནས་ཀུན་ནས་གྱེན་དུ་ལྟ་བ་སྟེ། །དགའ་
བ་དེས་ནི་ནགས་སུ་རབ་ཏུ་འཇུག་པར་འདོད། །དེ་ལྟར་མཆི་མས་འདུད་པའི་ཡི་གེའི་ཚིག་གིས་ནི། །ཁྱེད་ཉིད་ལ་ནི་ས་ཡི་བདག་པོས་སྨྲས་པ་སྟེ། །ཐོས་ནས་དེ་ལ་བརྩེ་ཞིང་དེ་ལ་དགའ་དོན་དུ། །ཁྱེད་ཀྱི་བརྩེ་བས་རྗེས་སུ་འགྲོ་བར་འོས་པའོ། །ཁྱོད་ལས་བྱུང་བའི་མྱ་ངན་ཆུ་ནི་གཏིང་མེད་པའི། །
เล่ม ๑๗๒ · หน้า 33b
སྡུག་བསྔལ་རྒྱ་མཚོར་ཤཱཀྱའི་རྒྱལ་པོ་ནུབ་གྱུར་ཏེ། །དེ་ཕྱིར་མགོན་པོ་རྒྱ་མཚོར་བྱིང་ལ་གྲུ་བཞིན་དུ། །དམན་ཞིང་རྟེན་དང་བྲལ་བ་དེ་ནི་སྒྲོལ་མཛོད་ཅིག །ཆུ་བོ་གང་གཱའི་ལྟོ་ནས་བྱུང་བ་འཇིགས་བྱེད་དང་། །ལྷག་སྤྱོད་དང་ནི་ངན་སྤོང་སྲས་པོ་ལྷག་སྤྱོད་ཀྱིས། །ཕ་ཡི་དགའ་བའི་དོན་དུ་
ལས་བྱས་ཐོས་ནས་ནི། །ཁྱེད་ཀྱང་ཡབ་ཀྱི་བཞེད་པ་མཛད་པར་འོས་པ་ལགས། །གཉེན་བཤེས་བེའུ་ཉམས་པར་གྱུར་པའི་བ་བཞིན་དུ། །རྒྱུན་མི་འཆད་པར་ཉམ་ཐག་སྙིང་རྗེར་ངུ་བ་མོ། །དྲང་སྲོང་རི་བྱི་བསྙེན་ཞིང་ཕྱོགས་སུ་མ་སོང་བ། །ཡང་དག་སྐྱེད་པར་བྱེད་པའི་ལྷ་མོ་མཁྱེན་པར་མཛོད། །
ངང་པ་རྣམ་པར་བྲལ་བའི་ངང་མོ་ལྟ་བུ་དང་། །ནགས་ན་གླང་པོ་དང་བྲལ་གླང་མོ་ལྟ་བུ་ནི། །མགོན་དང་བཅས་ཀྱང་མགོན་མེད་དམན་ཞིང་ཉམ་ཐག་པའོ། །བཙུན་མོ་གཟིགས་པ་ཡིས་ནི་སྐྱོབ་པར་འོས་པ་ཡིན། །སྲས་གཅིག་བྱིས་པ་སྡུག་བསྔལ་འོས་པ་མ་ཡིན་པ། །ཀུན་ནས་གདུང་
བ་མཐར་གྱུར་པ་ནི་འདྲེན་པ་སྟེ། །གང་བའི་ཟླ་བ་སྒྲ་གཅན་ཉེ་བར་བསྒྱུར་ལས་བཞིན། །སྒྲ་གཅན་འཛིན་དེ་གཉེན་གྱི་མྱ་ངན་ལས་ཐར་མཛོད། །ཕོ་བྲང་བཙུན་མོའི་འཁོར་དང་གྲོང་ཁྱེར་མཐའ་དག་ནི། །ཁྱེད་དང་བྲལ་བའི་བུད་ཤིང་ཅན་གྱི་མྱ་ངན་མེ། །ཕྱིར་འབྱུང་དབུགས་ནི་དུ་བ་མུན་པའི་
རྩེ་མོ་ཡིས། །ཚིག་པ་དག་ནི་ཁྱེད་ལ་ལྟ་བའི་ཆུ་འདོད་དོ། །མདུན་ན་འདོན་པ་དེ་ཡི་ཚིག་དག་གསན་གྱུར་ནས། །བྱང་ཆུབ་སེམས་དཔའ་ཡོངས་སུ་གང་བའི་སེམས་དཔའ་དེས། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས་པས་ཡུད་ཙམ་ཞིག །བསམ་གཏན་མཛད་ནས་རིགས་པའི་ལན་འདི་
སྨྲས་པའོ། །ཕ་རྣམས་ཀྱི་ནི་བུ་ལ་དགོངས་པ་ཤེས་པ་སྟེ། །གང་ཞིག་བདག་ལ་ས་སྐྱོང་གི་ནི་ཁྱད་པར་དུ། །ཤེས་པ་ཡིན་ཡང་ན་དང་རྒ་དང་རྒུད་པ་ལས། །འཇིགས་ཏེ་ནགས་སུ་ཕྱིན་ནས་རང་གི་སྐྱེ་བོ་དོར། །མཐར་ནི་གལ་ཏེ་དགའ་བ་དང་བྲལ་མ་ཡིན་ན། །རང་གི་སྐྱེ་བོ་དགའ་བ་ལྟ་འདོད་ཅིས་
མ་ཡིན། །གང་ཚེ་ཡུན་རིང་གྱུར་ཀྱང་རྣམ་པར་འབྲལ་བ་སྟེ། །དེ་ཕྱིར་བླ་མ་བརྩེ་བ་ཡིན་ཡང་འདོར་བར་བགྱི། །གང་ཡང་བདག་གི་ཆེད་དུ་མི་ཡི་བདག་པོ་ཡི། །མྱ་ངན་ཁྱོད་ཀྱིས་སྨྲས་དེས་བདག་ལ་དགའ་བ་མེད། །གང་ཕྱིར་རྨི་ལམ་ཡང་དག་འདུས་པར་གྱུར་རྣམས་སུ། །རྣམ་པར་འབྲལ་
เล่ม ๑๗๒ · หน้า 34a
བར་འགྱུར་ལ་ཀུན་ནས་གདུང་བར་བྱེད། །འགྲོ་བའི་སྤྱོད་པ་རྣམ་པ་སྣ་ཚོགས་མཐོང་ནས་ནི། །དེ་བཞིན་དུ་ཡང་ཁྱོད་ཀྱི་བློ་གྲོས་ངེས་པར་སོང་། །བུ་མིན་གཉེན་མིན་ཀུན་ནས་གདུང་བའི་རྒྱུ་ཡིན་བཞིན། །འཆིང་བ་དེ་ནི་ཤེས་པ་མེད་པའི་མཚན་མ་ཉིད། །ལམ་དུ་འགྲོ་རྣམས་འདིར་ནི་
འདུས་པ་ཇི་ལྟ་བའི། །སྐྱེ་དགུ་རྣམས་ནི་དུས་སུ་ངེས་པར་འབྲལ་བ་སྟེ། །གཉེན་འདུན་དམ་འཆའ་སྐྱེ་བོས་རྣམ་པར་དམན་པ་ཡི། །ཤེས་རབ་ལྡན་པའི་སྐྱེ་བོས་མྱ་ངན་བསྙེན་ནམ་ཅི། །གཞན་དུ་རང་གི་སྐྱེ་བོ་དོར་ནས་འདིར་འོངས་ལ། །འདིར་ཡང་རབ་ཏུ་བསླུས་ནས་སླར་ཡང་འགྲོ་བ་སྟེ། །དེར་སོང་ནས་
ཀྱང་ཕ་རོལ་གཞན་དུ་འགྲོ་འགྱུར་ལ། །དེ་ལྟར་འདོར་ལྡན་སྐྱོ་ལ་རྗེས་སུ་བརྟེན་ནམ་ཅི། །གང་ཚེ་མངལ་ནས་བཟུང་སྟེ་གནས་སྐབས་ཐམས་ཅད་དུ། །གསོད་པའི་ཕྱིར་ནི་འཆི་བ་རབ་ཏུ་གནས་པ་སྟེ། །བུ་ལ་དགའ་བ་དེར་ནི་ཁྱེད་ཀྱིས་སྨྲས་པ་ཡི། །བདག་གི་ནགས་སུ་བརྟེན་པ་གང་ཕྱིར་དུས་མ་ཡིན། །
ཡུལ་ལ་མངོན་པར་ལྷུང་ཚེ་དུས་མ་ཡིན་པ་དེ། །དེ་བཞིན་ནོར་གྱི་ཆོ་གར་ཞུགས་པ་དུས་ཡིན་ནོ། །དུས་རྣམས་ཀུན་དུ་དུས་ཀྱི་འགྲོ་བ་ཁྱབ་པ་སྟེ། །དགེ་ལེགས་ངེས་པར་ཐོབ་པ་དུས་ཡོད་མ་ཡིན་ནོ། །གང་ཡང་རྒྱལ་པོས་བདག་ལ་རྒྱལ་སྲིད་འདིར་བཞད་ལ། །དེ་ཡང་ཡབ་ཀྱི་རྒྱ་
ཆེན་མཚུངས་ཤིང་འདྲ་བ་སྟེ། །སྲེད་པ་ལས་ནི་ནད་པའི་མི་འཕྲོད་ཟས་བཞིན་དུ། །བདག་གིས་རབ་ཏུ་འཛིན་པར་ནུས་པ་མ་ཡིན་ནོ། །གཏི་མུག་རྨོངས་པའི་གཞི་མ་མི་སྐྱོང་རྒྱལ་པོ་ཉིད། །རབ་ཏུ་འཐོབ་པར་མི་ནི་མཁས་པས་གང་ཕྱིར་ནུས། །གང་དུ་སྐྱོ་བ་དང་བཅས་རྒྱགས་དང་
ངལ་དུབ་དང་། །ཕ་རོལ་ལོག་པར་སྤྱོད་པས་ཆེས་ལ་གནོད་པའོ། །འཛམ་བུ་ཆུ་གསེར་བཞིན་དུ་གསལ་བའི་ལྡིང་ཁང་ནི། །དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ལྟ་བུ་དང་། །གཟའ་ཡིས་འཁྲུགས་པའི་པདྨ་དང་བཅས་ཆུ་ལྟ་བུ། །རྒྱལ་སྲིད་དང་ནི་གསེར་དག་སྡུག་བསྔལ་དག་གི་
རྟེན། །དེ་ལྟར་རྒྱལ་སྲིད་ཆོས་མིན་བདེ་བ་མ་ཡིན་པ། །ཇི་ལྟར་མི་གཙང་སྐྱེས་ཏེ་མི་དབང་སྔ་མ་རྣམས། །སྡུག་བསྔལ་ཡོངས་སུ་སྤང་བྱ་ན་ཚོད་རབ་མཆོག་ཚེ། །རྒྱལ་སྲིད་ངེས་པར་དོར་ནས་ནགས་སུ་སོང་བར་གྱུར། །རིན་ཆེན་བཞིན་དུ་ཚིམ་པ་མཆོག་ནི་ཉེར་མཁྱུད་ནས། །འབྲོག་
เล่ม ๑๗๒ · หน้า 34b
དགོན་དག་ན་རྩྭ་དག་ཟོས་པ་མཆོག་ཡིན་ལ། །སྦྲུལ་ནག་བཞིན་དུ་མཐོང་བ་མ་ཡིན་ཉེས་པ་ནི། །རྙེད་བླའི་དཔལ་དང་ལྷན་ཅིག་ཉལ་བ་མཆོག་མ་ཡིན། །རྒྱལ་སྲིད་རྣམ་པར་སྤངས་པ་རྒྱལ་པོ་རྣམས་ཀྱི་ཆོས། །མངོན་པར་འདོད་པས་ནགས་སུ་རབ་འཇུག་བསྔགས་པ་སྟེ། །ནགས་
ཚལ་ཡོངས་སུ་དོར་ནས་ཁྱིམ་དུ་རབ་འཇུག་པ། །དམ་བཅའ་ཉེ་བར་བཅོམ་པའི་འཐད་པ་མ་ཡིན་ནོ། །རིགས་སུ་སྐྱེས་ཤིང་སེམས་པ་དང་བཅས་མི་གང་གིས། །ཆོས་ནི་མངོན་པར་འདོད་པས་ནགས་སུ་རབ་ཞུགས་ལ། །ངུར་སྨྲིག་རབ་ཏུ་དོར་ནས་ངོ་ཚ་རྣམ་སྤངས་ནས། །གྲོང་ཁྱེར་འཇོམས་པ་ཡི་
ཡང་གྲོང་ལ་བསྙེན་མ་ཡིན། །སྲེད་དང་རྣམ་པར་རྨོངས་དང་ཡང་ན་འཇིགས་པ་ཡིས། །གང་ཞིག་སྐྱུགས་པའི་བཟའ་བ་སླར་ཡང་ལེན་བྱེད་ལ། །སྲེད་པ་དེ་ནི་རྨོངས་དང་ཡང་ན་འཇིགས་པ་ཡིས། །འདོད་པ་རྣམས་ནི་དོར་ནས་སླར་ཡང་ལེན་པར་བྱེད། །གང་ཞིག་རབ་འབར་ཁང་པ་དག་ནས་ཅི་ཞིག་
ལྟར། །བྱུང་ནས་སླར་ཡང་དེ་ཉིད་ཁོ་ནར་རབ་འཇུག་ལ། །ཉེས་པ་མཐོང་དེ་ཁྱིམ་ན་གནས་པ་དོར་ནས་ནི། །རྨོངས་པས་སླར་ཡང་ལེན་པར་མངོན་པར་འདོད་པའོ། །གང་ཡང་མི་སྐྱོང་ཁྱིམ་ན་གནས་པས་ཐར་པ་ནི། །འཐོབ་པ་དང་ལྡན་ཞེས་ཐོས་དེ་ནི་མེད་པ་སྟེ། །ཞི་བ་གཙོ་བོའི་ཐར་པའི་ཆོས་ནི་གང་ལ་ཡང་། །
ཆད་པ་གཙོ་བོའི་རྒྱལ་པོའི་ཆོས་ནི་གང་དུའོ། །ཞི་བ་དགའ་བ་གལ་ཏེ་རྒྱལ་སྲིད་དམན་པ་སྟེ། །རྒྱལ་སྲིད་ལ་བློ་གལ་ཏེ་ཞི་བ་རྣམ་པར་ཉམས། །གྲང་དང་དྲོ་དང་མེ་དང་ཆུ་ཡི་གཅིག་ཉིད་བཞིན། །ཞི་བ་དང་ནི་རྣོ་ཉིད་འཐད་པ་མ་ཡིན་ནོ། །མེ་དང་ཆུ་ཡི་འདུ་བ་ཡོད་པ་མ་ཡིན་ལ། །ཁྲམ་དང་དྲང་
པོའི་འདུ་བ་ཡོད་པ་མ་ཡིན་ཞིང་། །འཕགས་དང་སྡིག་པའི་འདུ་བ་ཡོད་པ་མ་ཡིན་ཏེ། །ཞི་དང་ཆད་པའི་འདུ་བ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ས་འཛིན་བདག་པོ་དེ་རྣམས་ངེས་པས་སམ། །རྒྱལ་པོའི་སྲིད་རྣམས་སྤངས་ཏེ་ཞི་བ་ཐོབ་པ་ཅན། །རྒྱལ་སྲིད་དག་ལ་བསྙེན་ནམ་དབང་པོ་སྦས་ཉིད་ལས། །
མཐར་མ་ཐུག་པར་ཐར་པར་མངོན་པའི་ང་རྒྱལ་བྱས། །དེ་དག་རྣམས་ཀྱི་རྒྱལ་སྲིད་ལ་ཞི་ཇི་ལྟ་བཞིན། །བདག་ནི་ནགས་ཚལ་རབ་ཐོབ་ངེས་པས་མ་ཡིན་ཞིང་། །ཁྱིམ་དང་གཉེན་གྱི་འདུ་ཤེས་ཞགས་པ་བཅད་ནས་ནི། །ཐར་གྱུར་སླར་ཡང་རབ་ཏུ་འཇུག་པར་འདོད་མ་ཡིན། །དེ་ལྟར་བདག་
เล่ม ๑๗๒ · หน้า 35a
ཉིད་རྣམ་ཤེས་ཡོན་ཏན་རྗེས་མཐུན་པ། །རེ་འདོད་སྤངས་ཤིང་གཏན་ཚིགས་ལྡན་པ་སྒྲོགས་པ་སྟེ། །མི་དབང་བདག་ཉིད་སྐྱེས་ཀྱི་སྨྲ་ལྡན་ཐོས་གྱུར་ནས། །གསང་སྔགས་འཛིན་པ་ཡིས་ཀྱང་ལན་ནི་སྨྲས་པའོ། །གང་ཞིག་ཆོས་ཀྱི་ཆོ་གར་ངེས་པ་ཁྱོད་ཀྱི་འདི། །
རིག་པ་མིན་པ་མ་ཡིན་འདི་ནི་དུས་རིག་མིན། །ན་ཚོད་ལ་གནས་ཡབ་མ་མྱ་ངན་ཕྱིར་བྱིན་ནས། །ཆོས་འདོད་ཁྱོད་ཀྱི་ཆོས་མ་ཡིན་པར་གྱུར་པའོ། །ངེས་པར་ཁྱེད་ཀྱི་བློ་ཡང་ཤིན་ཏུ་ཕྲ་མིན་པ། །ཡང་ན་ཆོས་དང་དོན་དང་འདོད་པར་མཁས་མ་མིན། །གང་ཞིག་མ་མཐོང་འབྲས་བུའི་དོན་དུ་ཁྱེད་ཉིད་
ཀྱིས། །མངོན་སུམ་དོན་ནི་ཡོངས་སུ་བརྙས་པར་མཛད་ནས་གཤེགས། །ཡང་སྲིད་ཡོད་ཅེས་ཁ་ཅིག་དག་ནི་སྨྲ་བ་སྟེ། །མེད་ཅེས་ཁ་ཅིག་དག་ནི་ངེས་པར་དམ་འཆའོ། །དེ་ལྟར་གང་ཚེ་དོན་འདི་ཐེ་ཚོམ་གྱུར་པ་སྟེ། །དེ་ཕྱིར་ལོངས་སྤྱོད་པར་ནུས་དཔལ་ནི་ཉེ་བར་གནས། །གལ་ཏེ་
སླར་ཡང་རབ་ཏུ་འཇུག་པ་གང་ཡང་ཡོད། །དེར་ནི་ཇི་ལྟར་འབད་པ་དག་ལ་དགའ་བར་བགྱི། །ཅི་སྟེ་གཞན་དུ་རབ་ཏུ་འཇུག་པ་གང་ཡང་མེད། །འགྲོ་བ་འདི་ཡི་འབད་རྩོལ་མེད་ལས་ཐར་པ་འགྲུབ། །ཁ་ཅིག་འཇིག་རྟེན་ཕ་རོལ་ཡོད་ཅེས་སྨྲ་བ་སྟེ། །ཐར་པའི་སྦྱོར་བ་ལ་ནི་བསྔགས་པ་བྱེད་
མ་ཡིན། །ཇི་ལྟར་མེ་ཡི་དྲོ་དང་ཆུ་ཡི་གཤེར་བ་ཉིད། །དེ་ལྟར་རབ་ཏུ་འཇུག་པར་རང་བཞིན་ཉིད་དུ་སྨྲ། །དགེ་དང་མི་དགེ་ཉིད་དང་སྲིད་དང་སྲིད་མིན་ལ། །ཁ་ཅིག་རང་བཞིན་ལས་ཞེས་བསྔགས་པ་བྱེད་པ་སྟེ། །གང་ཕྱིར་འདི་དག་ཐམས་ཅད་རང་བཞིན་ལས་ཡིན་ཏེ། །དེ་ཡི་ཕྱིར་
ཡང་རབ་ཏུ་འབད་པ་དོན་མེད་འགྱུར། །གང་ཞིག་དབང་པོ་རྣམས་ཀྱིས་ངེས་པར་རབ་སྤྱོད་པ། །ཡུལ་རྣམས་ལ་ནི་དགའ་བ་དང་ནི་མི་དགའ་ཉིད། །གང་ཞིག་དགའ་དང་ནད་རྣམས་དག་གིས་སྦྱོར་བྱེད་དེ། །དེ་ལ་གང་གིས་འབད་དམ་དེ་ནི་རང་བཞིན་ནོ། །ཆུ་རྣམས་ཀྱིས་ནི་མེ་རྣམས་
ཞི་བར་ཉེ་འགྲོ་ཞིང་། །འོད་ཟེར་རྣམས་ཀྱིས་ཆུ་ནི་སྐམས་པར་བྱེད་པ་སྟེ། །ལུས་ལ་ཡང་དག་གནས་པའི་འབྱུང་བ་ཐ་དད་རྣམས། །གཅིག་ཉིད་གྱུར་ནས་འགྲོ་བ་དག་ནི་འདྲེན་པར་བྱེད། །གང་ཞིག་ལག་པ་རྐང་པ་ལྟོ་རྒྱབ་མགོ་རྣམས་ཀྱིས། །མངལ་དུ་སོང་བའི་ངོ་བོ་ངེས་པར་སྒྲུབ་བྱེད་ལ། །
เล่ม ๑๗๒ · หน้า 35b
གང་ཚེ་བདག་ཉིད་དེ་ཡི་དེ་ཡིས་སྦྱོར་བ་སྟེ། །རང་བཞིན་ལས་བྱུང་དེ་ཤེས་རྣམས་ཀྱིས་དེ་སྨྲའོ། །བྱ་དང་རི་དགས་རྣམས་ཀྱི་སྣ་ཚོགས་ངོ་བོ་དང་། །ཚེར་མའི་རྣོན་པོ་ཉིད་དུ་རབ་ཏུ་བྱེད་པ་སུ། །རབ་ཏུ་འཇུག་པ་འདི་ཀུན་རང་བཞིན་ལས་ཡིན་ལ། །འདོད་པ་བྱེད་པ་ཡོད་མིན་འབད་པ་གང་ལས་
སོ། །དེ་བཞིན་གཞན་རྣམས་དབང་ཕྱུག་ལས་སྐྱེས་སྨྲ་བ་སྟེ། །དེར་ནི་སྐྱེས་བུའི་རབ་ཏུ་འཇུག་པ་ལ་དོན་ཅི། །འགྲོ་བའི་རབ་ཏུ་འཇུག་ལ་གང་ཉིད་རྒྱུ་ཡིན་ཞིང་། །ལྡོག་པ་ལ་ནི་ངེས་པར་དེ་ཉིད་རྒྱུ་ཡིན་ནོ། །ཁ་ཅིག་བདག་གི་མཚན་མ་ཉིད་དུ་སྨྲ་བ་སྟེ། །རབ་ཏུ་སྐྱེ་བ་ཉིད་དང་སྲིད་པ་ཟད་
པ་ཡང་། །འབད་པ་མེད་ལས་རབ་ཏུ་སྐྱེ་བར་སྨྲ་བ་སྟེ། །འབད་པ་ཡིས་ནི་ཐར་པ་འཐོབ་པར་སྨྲ་བའོ། །ལྷ་ཡི་མཆོད་སྦྱིན་དྲང་སྲོང་རྣམས་ཀྱི་རིག་བྱེད་དང་། །ཕ་ཡི་བུ་ལོན་མེད་པ་བུ་རྣམས་ཀྱིས་ཏེ་མི། །གང་གི་གྲོལ་བ་ཡོད་པ་དེ་ཡི་ཐར་པ་ཞེས། །བུ་ལོན་གསུམ་པོ་དེ་དང་ལྷན་ཅིག་སྐྱེས་
པའོ། །དེ་ལྟར་ཆོ་གའི་བྱ་བའི་རིམ་པ་འདི་ཡིས་ནི། །འབད་རྩོལ་བཅས་པའི་ཐར་པ་དེ་ཤེས་རྣམ་སྨྲ་ལ། །འབད་རྩོལ་ལྡན་པ་ཡིན་ཡང་རྣམ་པར་གནོན་པ་ཡིས། །ཐར་པ་འདོད་པ་རྣམས་ནི་ངལ་བ་ཐོབ་པར་བྱེད། །དེ་ཕྱིར་ཞི་བ་གལ་ཏེ་ཐར་ལ་གུས་ཡོད་ན། །ཆོ་གར་བརྗོད་པ་ཇི་ལྟར་
རིགས་པས་བསྙེན་མཛོད་དང་། །འདི་ཡི་ཉེ་བར་འཐད་པ་དེ་ལྟར་གྱུར་པ་སྟེ། །མི་ཡི་བདག་པོའི་ཀུན་ནས་གདུང་བ་ཉམས་པར་འགྱུར། །དཀའ་ཐུབ་ནགས་ཚལ་དག་ནས་ཁང་པར་འཇུག་པ་ལ། །ཁྱོད་ཀྱི་སྐྱོན་གྱི་བློ་གྲོས་གང་ཞིག་རབ་ཞུགས་ཏེ། །ཡབ་གཅིག་དེར་ཡང་ཁྱོད་ཀྱི་བསམ་པར་མ་གྱུར་
དང་། །སྔ་མ་རྣམས་ཀྱང་ནགས་ནས་རང་གི་ཁང་པར་གཤེགས། །དཀའ་ཐུབ་ནགས་ན་གནས་པ་བུ་རྣམས་ཀྱིས་བསྐོར་ཏེ། །རྒྱལ་པོ་ཨ་མ་རི་ཥ་གྲོང་དུ་ཞུགས་གྱུར་ལ། །དེ་བཞིན་འཕགས་མིན་རྣམས་ཀྱིས་ས་ནི་རྣམ་བཅོམ་པ། །དཀའ་ཐུབ་ནགས་ནས་འོངས་ནས་རངས་བྱེད་ཀྱིས་གསུངས་
སོ། །དེ་བཞིན་རྡོ་བ་དང་བཅས་བདག་པོའི་ལྗོན་ཤིང་མིང་། །ནགས་གནས་བུ་དང་བཅས་པ་གྲོང་དུ་བཞུགས་པ་སྟེ། །ཚངས་པའི་དྲང་སྲོང་གྱུར་དང་ཐུབ་པ་གནས་འཇོག་ལས། །སྦྱིན་སྲེག་དང་བཅས་མཐའ་ཅན་ལྷ་ཡིས་དཔལ་བཟུང་ངོ་། །རྣམ་པ་དེ་ལྟར་ཆོས་དང་གྲགས་པར་རབ་བཞུགས་པ། །
เล่ม ๑๗๒ · หน้า 36a
ནགས་རྣམས་བོར་ནས་ཁང་ཁྱིམ་རྣམས་སུ་སོང་བ་སྟེ། །དེ་ཕྱིར་དཀའ་ཐུབ་ནགས་ནས་ཆོས་ཀྱི་ཆེད་དུ་ཉིད། །ཁྱིམ་ན་རབ་ཏུ་འགྲོ་བ་སྐྱོན་ཡོད་མ་ཡིན་ནོ། །དེ་ནས་མི་སྐྱོང་རྒྱལ་པོའི་དགའ་དང་ཕན་པ་ཉིད། །བྱས་པའི་བློན་པོ་དེ་ཡི་ཚིག་དག་གསན་
ནས་ནི། །དམན་མིན་མ་འཁྲུགས་ཆགས་མིན་བརྟན་དང་གནས་པ་ལ། །མྱུར་མིན་ཚིག་ནི་རྒྱལ་པོ་སྲས་ཀྱིས་སྨྲས་པའོ། །འདིར་ནི་ཡོད་དང་མེད་ཅེས་ཐེ་ཚོམ་གང་དེ་ནི། །གཞན་གྱི་ཚིག་གིས་བདག་ལ་འདི་ན་ངེས་པ་མེད། །དཀའ་ཐུབ་དང་ནི་ཞི་བས་དེ་ཉིད་རྟོགས་གྱུར་ནས། །
གང་འདིར་ངེས་པར་བདག་ཉིད་ཀྱིས་ནི་གཟུང་བར་བགྱི། །ཕན་ཚུན་གནོད་ཅིང་མི་གསལ་ཐེ་ཚོམ་སྐྱེ་བ་ཡི། །ལྟ་བ་དག་ནི་ལེན་པར་བདག་གིས་ནུས་མ་ཡིན། །མུན་པར་ལོང་བས་ལོང་བའི་ལམ་མཁན་བྱེད་པ་བཞིན། །མཁས་པའི་སྐྱེ་བོ་སུ་ཞིག་གཞན་གྱི་རྐྱེན་གྱིས་འགྲོ། །དེ་ཉིད་
མ་མཐོང་གྱུར་ཀྱང་འོན་ཀྱང་ཁོ་བོ་ཡི། །དགེ་དང་མི་དགེར་ཐེ་ཚོམ་ན་དགེ་བློ་གྲོས་གྱུར། །འབྲས་བུ་མེད་ཕྱིར་ལ་ཡང་དགེ་བའི་བདག་ཉིད་མཆོག །སྨོད་པའི་བདག་ཉིད་དེ་ཉིད་ལ་ཡང་བདེ་བ་མེད། །རྣམ་གཞག་མེད་པའི་ལུང་འདི་ཡང་ནི་མཐོང་གྱུར་
ནས། །ཚད་ལྡན་རྣམས་ཀྱིས་གང་སྨྲས་དེ་ནི་ལེགས་རྟོགས་མཛོད། །ཉེས་ལ་རབ་དམན་ཚད་ལྡན་ཉིད་ནི་རྟོགས་མཛོད་དང་། །ཉེས་པ་རབ་ཏུ་དམན་པས་བདེན་མིན་སྨྲ་བ་ཡིན། །ཁྱིམ་ལ་འཇུག་པར་དམིགས་གང་བདག་ལ་ཁྱོད་ཀྱིས་ནི། །སྨྲས་ཤིང་རངས་བྱེད་ལ་སོགས་རྣམས་ནི་དཔེ་
བསྟན་ཏེ། །དེ་རྣམས་ཚད་མིན་ཆོས་ངེས་རྣམས་སུ་ནུས་མེད་ཅིང་། །ཚད་མའི་ཆེད་དུ་བརྟུལ་ཞུགས་རྣམས་ནི་ཡོངས་སུ་ཟད། །དེ་ལྟ་ན་ཡང་ཉི་མ་ས་ལ་ལྷུང་གྱུར་ལ། །གངས་དང་ལྡན་པའི་རི་བོས་བརྟན་ཉིད་འདོར་ན་ཡང་། །དེ་ཉིད་མ་མཐོང་ཡུལ་ལ་ཁ་བལྟས་དབང་པོ་ནི། །ཁྱིམ་རྣམས་
དག་ལ་སོ་སོ་སྐྱེ་བོ་མི་བསྙེན་ཏོ། །བདག་ནི་འབར་བར་གྱུར་པའི་མེ་ལ་འཇུག་པ་སྟེ། །དོན་མ་བྱས་པར་ཁྱིམ་གྱི་གཞི་ལ་རབ་མི་འཇུག །དེ་ལྟར་ཐུགས་རྒྱལ་ལྡན་དེས་དམ་བཅའ་མཛད་གྱུར་ཅིང་། །ཇི་ལྟར་འདོད་བཞིན་བཞེངས་ནས་ངར་འཛིན་མེད་པར་གཤེགས། །དེ་ནས་མཆི་མ་དང་བཅས་བློན་
เล่ม ๑๗๒ · หน้า 36b
དང་གཉིས་སྐྱེས་གཉིས། །དེ་ཡི་བསྟན་པ་ཉིད་དང་ངེས་པ་ཐོས་གྱུར་ནས། །གཏི་མུག་བཞིན་ལྡན་རྗེས་སུ་སོང་ནས་སྡུག་བསྔལ་བ། །དལ་བུས་སོང་ནས་གྲོང་ཁྱེར་ཉིད་དུ་སོང་བར་གྱུར། །དེ་ནས་དེ་ལ་བརྩེ་དང་མི་སྐྱོང་ལ་གུས་ལས། །དེ་དག་ལྟོས་བྱས་རབ་ཏུ་སོང་ཞིང་གནས་གྱུར་
ལ། །གསལ་ཞིང་སྣང་བས་ཉི་མ་བལྟ་བར་དཀའ་བ་ལྟར། །དེ་ནི་ལམ་དུ་ལྟ་བར་མ་ནུས་འདོར་བར་མིན། །མཆོག་ཏུ་གཤེགས་ཏེ་གཤེགས་པ་ཤེས་ཕྱིར་དེ་དག་གིས། །སོ་པའི་སྐྱེས་བུ་གཙང་མ་སྦས་པ་རྣམས་བྱས་ནས། །དགའ་ཞིང་སྲས་པོ་འདོད་པའི་རྒྱལ་པོ་ལ་སོང་ནས། །ཇི་ལྟར་
བལྟའམ་ཞེས་ནི་ཇི་ལྟར་ཡང་སོང་ངོ་། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། གཞོན་ནུ་རྗེས་སུ་ཚོལ་བའི་ལེའུ་སྟེ་དགུ་པའོ།། །།སྐུ་སྟོད་རྒྱས་ཤིང་རྒྱ་ཆེན་རྒྱལ་པོའི་སྲས་པོ་སྟེ། །བསྲེག་བྱ་དང་བསྔགས་བདག་པོ་དེ་དག་རྣམས་སྤངས་ཏེ། །དབའ་
རླབས་གཡོ་བའི་ཆུ་བོ་གང་གཱ་རྒལ་ནས་ནི། །དཔལ་དང་ལྡན་པའི་རྒྱལ་པོའི་ཁབ་ཏུ་གཤེགས་པར་གྱུར། །རི་རྣམས་དག་གིས་ལེགས་པར་སྦས་དང་བརྒྱན་པ་དང་། །དགེ་དང་དཀའ་ཐུབ་གཏེར་བས་གཟུང་དང་གཙང་བ་སྟེ། །ཞི་བ་རང་བྱུང་ཚངས་པ་མཐོ་རིས་ལོགས་སུ་བཞིན། །རི་
ལྔས་མཚན་པའི་གྲོང་ཁྱེར་རབ་ཏུ་ཐོབ་པར་གྱུར། །ཟབ་མོར་གྱུར་པའི་མདངས་དར་དེ་ཡི་ལུགས་གསལ་བ། །སྐྱེས་བུ་རྣམས་ནི་ཤིན་ཏུ་གནོན་པ་མཐོང་གྱུར་ནས། །ཁྱུ་མཆོག་རྒྱལ་མཚན་དེ་ཡི་བརྟུལ་ཞུགས་བརྟན་པ་བཞིན། །དེར་ནི་དེ་ཚེ་སྐྱེ་བོ་རྣམས་ནི་ཡ་མཚན་གྱུར། །དེ་རབ་
མཐོང་ནས་གཞན་གང་མ་སོང་དེ་གནས་ཤིང་། །དེར་ནི་གང་ཞིག་ལམ་ན་གནས་དེ་རྗེས་འགྲོ་ཞིང་། །གང་ཞིག་སྐྱེན་པོར་སོང་སྟེ་བརྟན་པོར་སོང་གྱུར་ལ། །ཁ་ཅིག་བསྡད་པ་གང་ཡིན་དེ་ནི་ལངས་པའོ། །སྐྱེ་བོ་ཁ་ཅིག་དེ་ལ་མཆོད་པའི་ལག་པ་ཡིས། །བསྟི་སྟང་བྱས་ནས་ཁ་ཅིག་
མགོ་བོས་ཕྱག་འཚལ་ཞིང་། །ཁ་ཅིག་གཉེན་པོའི་ཚིག་གིས་མངོན་པར་སྟོད་བྱེད་ཅིང་། །ཁ་ཅིག་དེ་ལ་རབ་ཏུ་མཆོད་ནས་སོང་བར་གྱུར། །དེ་རབ་མཐོང་ནས་སྣ་ཚོགས་ཆ་ལུགས་རྣམས་ངོ་ཚ། །རབ་བཀྲམ་ཚིག་ནི་ལམ་དུ་སྨྲ་བ་མེད་པར་སོང་། །དངོས་སུ་གཞན་དུ་ཆོས་རྣམས་
เล่ม ๑๗๒ · หน้า 37a
དག་གི་ཉེ་ལོགས་སུ། །ཁ་ཅིག་ཚུལ་མ་ཡིན་པའི་བློ་གྲོས་མ་གྱུར་ཏོ། །ལྷ་དང་མཚུངས་པའི་མི་དབང་སྲས་པོ་དེ་མཐོང་ནས། །བྱ་བ་གཞན་མ་རྣམས་ཀྱང་རྒྱལ་པོའི་ལམ་དུ་ནི། །མཆོད་མང་བཀུར་སྟི་སྔོན་འགྲོ་བུད་མེད་རྣམས་ཀྱི་འམ། །སྐྱེས་པ་རྣམས་ཀྱིས་མིག་
དང་ངོམས་པར་མ་གྱུར་ཏོ། །དཔྲལ་བ་འམ་སྨིན་མ་དག་དང་ཞལ་ལམ་སྤྱན་དག་དང་། །སྐུ་འམ་ཕྱག་དག་དང་ནི་འགྲོས་སམ་ཞབས་དག་ནི། །གང་གིས་དེ་ཡི་གང་ཉིད་དེར་ནི་མཐོང་གྱུར་པ། །དེ་ཉིད་ཀྱིས་ནི་དེ་ཡི་མིག་དག་བཅིངས་པར་གྱུར། །སྨིན་མ་མཛོད་སྤུ་དང་བཅས་སྤྱན་དག་
ཡངས་པ་དང་། །སྐུ་ལུས་མཛེས་ཤིང་དགེ་བའི་དྲ་བ་དང་ལྡན་ཕྱག །ས་སྐྱོང་ཉིད་དུ་འོས་པའི་དགེ་སློང་ཆ་ལུགས་དེ། །མཐོང་ནས་རྒྱལ་པོའི་ཁབ་ཀྱི་ཕུན་ཚོགས་གཡོས་པར་གྱུར། །དེ་ནས་ཁང་པའི་ཕྱི་ནས་རྣམ་རྒྱས་སྐྱེ་བོའི་ཚོགས། །མ་ག་དྷཱ་ཡི་ཁྱིམ་གྱི་ངོ་བོ་བཟོ་སྦྱངས་ཀྱིས། །
མཐོང་བར་གྱུར་ཏེ་དེ་ཡི་རྒྱུ་མཚན་དྲིས་པ་སྟེ། །དེ་ནས་འདི་ལ་སྐྱེས་བུ་རྣམས་ཀྱིས་དེ་སྨྲས་སོ། །ཡེ་ཤེས་མཆོག་གམ་ཡང་ན་ས་ཡི་དཔལ་དག་ནི། །འཐོབ་པར་འགྱུར་ཞེས་བྲམ་ཟེ་རྣམས་ཀྱིས་གང་སྨྲས་པ། །རབ་ཏུ་གཤེགས་པར་སྐྱེ་བོས་ངེས་པར་མཐོང་བ་ཡི། །ཤཱཀྱའི་བདག་པོའི་སྲས་པོ་དེ་ནི་
འདི་ཡིན་ནོ། །དེ་ནས་དོན་ཐོས་ཡིད་ཀྱིས་ཆགས་ཤིང་ཞེན་གྱུར་པའི། །རྒྱལ་པོ་ཡིས་ནི་སྐྱེས་བུ་དེ་ཉིད་ལ་སྨྲས་པ། །དེ་ནི་གང་དུ་སོང་ཞེས་རྣམ་པར་ཤེས་པར་མཛོད། །དེ་ནས་དེ་ལྟར་བགྱི་ཞེས་སྐྱེས་བུ་རྗེས་སུ་སོང་། །གཡོ་མི་སྤྱན་ནི་གཉའ་ཤིང་གང་ཙམ་གཟིགས་པ་སྟེ། །གསུང་ནི་ཀུན་ནས་སྙོམས་
ཤིང་ཟབ་མོའི་འགྲོས་མངའ་བ། །གཡོ་བའི་སེམས་དང་ལུས་རྣམས་དག་ནི་ངེས་བསྡམས་ནས། །དགེ་སློང་མཆོག་ཉིད་དེ་ཡང་བསོད་སྙོམས་ལ་གཤེགས་སོ། །ཇི་ལྟར་ཉེ་བར་འཐད་པའི་བསོད་སྙོམས་བསྣམས་ནས་ནི། །རྣམ་པར་དབེན་ཞིང་ཆར་རབ་འབབ་པར་རབ་གཤེགས་ལ། །དེར་ནི་
ཚུལ་བཞིན་རིགས་པས་མངོན་པར་གསོལ་གྱུར་ནས། །དེ་ནི་ས་འཛིན་རི་བོ་སྐྱ་བསེང་ལ་འཛེགས་སོ། །རོ་དྷའི་ནགས་ཀྱིས་ཉེ་བར་སྦས་པའི་རི་བོ་དེར། །རྨ་བྱའི་སྐད་ཀྱིས་རབ་གང་ལོ་མའི་སྤྱིལ་བོ་ན། །འཆར་རིའི་སྟེང་ན་ཉི་མ་གཞོན་ནུ་ཇི་ལྟ་བར། །ངུར་སྨྲིག་གོས་ཀྱིས་ཉི་མའི་ཉི་མ་དེ་མཛེས་
เล่ม ๑๗๒ · หน้า 37b
སོ། །དེར་ནི་དེ་ཉིད་རྒྱལ་པོའི་འཁོར་དེ་མཐོང་གྱུར་ནས། །བཟོ་སྦྱངས་རྒྱལ་པོ་ལ་ནི་གཏམ་དག་བྱས་པ་སྟེ། །ཐོས་ནས་རྒྱལ་པོ་དེས་ཀྱང་མཆོད་པ་མང་པོ་ལས། །དེར་ནི་སྦས་པའི་རྗེས་སུ་འབྲང་བས་རབ་ཏུ་སོང་། །སྐྱ་བསེང་རི་བོ་མཆོག་ལ་སྐྱ་བསེང་ན་དང་ནི། །བརྩོན་འགྲུས་མཉམ་
ཞིང་རི་བོ་དང་མཉམ་སྐུ་ལུས་ཅན། །མི་ཡི་སེང་གེའི་འགྲོས་ཅན་ཅོད་པན་འཛིན་པ་སྟེ། །རལ་པ་གཡོ་བའི་སེང་གེ་བཞིན་དུ་འཛེགས་པར་གྱུར། །དེ་ནས་དེ་ཡི་སྟེང་ན་རྩེ་མོར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་དབང་པོ་ཉེ་བར་ཞི་བ་ནི། །རི་བོང་གིས་མཚན་སྤྲིན་གྱི་སྦུབས་ནས་བྱུང་བ་བཞིན། །
སྐྱིལ་མོ་ཀྲུང་གིས་བཞུགས་ནས་རྣམ་པར་མཛེས་པ་མཐོང་། །གཟུགས་དང་ཕུན་སུམ་ཚོགས་དང་ཉེ་བར་ཞི་བ་ཡི། །ཆོས་ཀྱི་སྤྲུལ་པ་བཞིན་དུ་ཉེ་བར་བཞུགས་དེ་ལ། །ཡ་མཚན་དང་བཅས་རབ་ཏུ་བསྙེན་ལྡན་མི་དབང་པོ། །རང་བྱུང་ལ་ནི་བརྒྱ་བྱིན་གྱིས་བཞིན་ཉེ་བར་གནས། །རིགས་པ་
ཡིས་ནི་རིགས་པ་རིག་པ་རྣམས་ཀྱི་མཆོག །ཁམས་མཉམ་གྱུར་པ་དེ་ལ་སོང་ནས་དྲིས་པ་སྟེ། །དེ་ཉིད་ཀྱིས་ཀྱང་མཚུངས་ཤིང་ཞི་བས་མི་སྐྱོང་ལ། །ཡིད་ནི་རང་བཞིན་གནས་དང་ནད་མེད་སྨྲས་པར་གྱུར། །དེ་ནས་གཙང་ལ་གླང་པོའི་རྣ་བ་ལྟར་སྔོ་བའི། །རྡོ་བའི་ལོགས་ལ་རྒྱལ་པོ་ཡང་
དག་ངེས་གནས་ཤིང་། །ཉེ་སར་ཉེ་བར་བསྡད་ནས་རྗེས་སུ་མཐུན་པ་ཡིས། །དེ་ཡི་དགོངས་པ་རྣམ་པར་ཤེས་འདོད་འདི་སྨྲས་སོ། །རིམ་པས་འོངས་པ་ཉིད་དང་ཡོངས་སུ་བརྟགས་པ་སྟེ། །ཁྱོད་ཀྱི་རིགས་ཀྱིས་བདག་གི་དགའ་བ་མཆོག་ཡིན་ལ། །གང་ཕྱིར་བདག་ལ་རང་གི་ན་ཚོད་སྨྲ་
འདོད་པ། །སྐྱེས་ཏེ་དེ་ཕྱིར་བརྩེ་བའི་ཚིག་འདི་མཁྱེན་པར་མཛོད། །ཁྱོད་ཀྱི་རིགས་ནི་རྣམ་རྒྱས་སྔོན་དུ་ཉི་མ་སྟེ། །ལུས་ཀྱང་ན་ཚོད་གསར་པ་གསལ་ལ་མཛེས་པ་འདི། །གང་ཕྱིར་འདི་ནི་ཁྱོད་ཀྱི་བློ་གྲོས་རིམ་མེད་པས། །སློང་མོ་ཉིད་ལ་མངོན་དགའ་རྒྱལ་སྲིད་ལ་མ་ཡིན། །ཁྱོད་ཀྱི་
ལུས་འདི་ཙནྡན་དམར་པོ་འོས་པ་སྟེ། །ངུར་སྨྲིག་གིས་དཀྲིས་དེ་ནི་འོས་པ་མ་ཡིན་ནོ། །ལག་པ་འདི་ནི་སྐྱེ་དགུ་སྐྱོང་བར་འོས་པ་སྟེ། །གཞན་གྱིས་བྱིན་པའི་བཟའ་བ་ཟ་བར་འོས་མ་ཡིན། །དེ་ཕྱིར་ཞི་བ་གལ་ཏེ་ཡབ་ཀྱི་རྒྱལ་སྲིད་ལ། །ཁྱོད་ཀྱི་ཡབ་ཀྱི་བརྩེ་ལས་སྟོབས་ཀྱིས་མི་འདོད་ཅིང་། །
เล่ม ๑๗๒ · หน้า 38a
ཁྱོད་ཀྱི་བློ་གྲོས་རིམ་པར་བཟོད་པར་མ་གྱུར་ན། །སྐྱེན་པར་ཁོ་བོའི་ཡུལ་གྱི་ཕྱེད་ལ་ལོངས་སྤྱོད་མཛོད། །དེ་ལྟ་ན་ནི་རང་གི་སྐྱེ་ལ་གནོད་མིན་ཞིང་། །དུས་ཀྱི་རིམ་པ་ཡིས་ཀྱང་དཔལ་གང་བསྔགས་པ་སྟེ། །དེ་ཕྱིར་ཁྱོད་ཀྱིས་བདག་ལ་བརྩེ་བ་མཛོད་ཅིག་དང་། །
དམ་པ་རྣམས་དང་བཅས་པས་དམ་པའི་དཔལ་འཕེལ་ལོ། །ཅི་སྟེ་ད་ནི་རིགས་ཀྱིས་ཁེངས་པ་ཉིད་ལས་ནི། །བདག་ཅག་རྣམས་ལ་ཁྱོད་ལ་བློ་གཏད་ཡོན་ཏན་མེད། །སྡེ་རྒྱས་རྣམས་ནི་མདའ་ཡིས་རྣམ་པར་དཀྲུགས་བྱས་ནས། །བདག་དང་བཅས་པས་ཕ་རོལ་རྣམས་ནི་ཕམ་པར་མཛོད། །
དེ་ཕྱིར་འདིར་ནི་གཉིས་དབུས་གཅིག་བློ་ཚོལ་མཛོད་ལ། །ཆོས་དོན་འདོད་པ་རྣམས་ལ་ཆོ་ག་བཞིན་བསྙེན་མཛོད། །འདི་ན་སྡེ་ཚན་གསུམ་པོ་ཆགས་ལས་རྣམ་བཟློག་ནས། །འདི་དང་གཞན་དུ་ཕྱིན་ནས་ལྷུང་བ་ཀུན་ནས་འཐོབ། །གང་ཞིག་དོན་དང་ཆོས་ལ་གནོད་ནས་འདོད་པ་དང་། །ཆོས་དང་འདོད་པ་
ཡོངས་སུ་བརྙས་ནས་དོན་དང་ནི། །འདོད་དང་དོན་དག་ཉེ་བར་ཞི་བས་ཆོས་དེ་ནི། །དོན་བྱས་གལ་ཏེ་མཐའ་དག་འདོད་ན་དོན་ཡིན་ནོ། །དེ་ཕྱིར་སྡེ་ཚན་གསུམ་ལ་ངེས་པར་བསྙེན་པ་ཡིས། །ཁྱོད་ཀྱིས་གཟུགས་འདི་འབྲས་བུ་བཅས་པ་ཉིད་དུ་མཛོད། །ཆོས་དང་དོན་དང་འདོད་པ་དམན་མིན་ཐོབ་པ་ལ། །
མི་རྣམས་དག་གིས་དམན་མིན་སྐྱེས་བུའི་དོན་དུ་སྨྲ། །དེ་ཕྱིར་གཞུ་ནི་རྣམ་པར་འགེངས་འོས་རྒྱས་པའི་ཕྱག །འདི་དག་འབྲས་བུ་མེད་པར་བྱེད་པར་འོས་མིན་ཏེ། །ང་ལས་ནུ་བཞིན་འདིས་ནི་འཇིག་རྟེན་གསུམ་རྣམས་ཀྱང་། །ཕམ་པར་འོས་པ་ཡིན་ན་ས་འདིར་སྨོས་ཅི་དགོས། །བརྩེ་བས་ངེས་པར་དེ་ནི་
བདག་གིས་སྨྲ་བ་སྟེ། །ཡ་མཚན་གྱིས་མིན་དབང་ཕྱུག་ཉིད་ཀྱི་ཆགས་པས་མིན། །ཁྱོད་ཀྱིས་དགེ་སློང་ཉིད་ཀྱི་ཆ་ལུགས་འདི་མཐོང་ནས། །རྗེས་སུ་བརྩེ་བ་སྐྱེས་ནས་མཆི་མ་རང་བྱུང་ངོ་། །དེ་ཕྱིར་རང་རིགས་རབ་མཚུངས་ཁྱོད་ཀྱི་གཟུགས་ཇི་སྲིད། །རྒ་བས་ཟིལ་གྱིས་མནན་ནས་སླར་ཡང་མ་འོངས་པར། །
སློང་མོའི་གནས་འདོད་འདོད་པ་རྣམས་ལ་ལོངས་སྤྱོད་ལ། །དུས་སུ་ཆོས་ལ་དགའ་བ་ཆོས་ནི་གྱིས་མཛོད་ཅིག །འཁོགས་པས་ངེས་པར་ཆོས་ནི་འཐོབ་པར་ནུས་པ་སྟེ། །འདོད་པ་ཉེ་བར་སྤྱོད་ལ་རྒས་པའི་འགྲོ་བ་མེད། །དེ་ཕྱིར་དར་ལ་བབ་པའི་འདོད་པ་རྣམས་སྨྲ་སྟེ། །བར་མའི་ནོར་ཡིན་རྒན་པོ་རྣམས་
เล่ม ๑๗๒ · หน้า 38b
ཀྱི་ཆོས་ཡིན་ནོ། །གསོན་པའི་འཇིག་རྟེན་དག་ན་ཆོས་དང་དོན་དག་ནི། །རྣམ་པར་འགལ་བར་གྱུར་པ་ཡིན་ཕྱིར་ལང་ཚོ་རྣམས། །ཡང་དག་སྲུང་བ་ཡིན་ཡང་ཐུབ་པར་དཀའ་བ་སྟེ། །གང་ཕྱིར་འདོད་པས་ལམ་དེ་ལས་ནི་འཕྲོག་པར་བྱེད། །ན་ཚོད་འཁོགས་པ་རྣམས་ནི་རྣམ་སྤྱོད་ལྡན་པ་སྟེ། །ཤིན་ཏུ་
བརྟན་པའི་གནས་སྐབས་མཆོག་ཏུ་སོང་བ་རྣམས། །ངོ་ཚ་བ་ཉིད་ཕྱིར་དང་སོང་བ་མ་ཡིན་ཕྱིར། །འབད་པ་ཉུང་ངུས་ཞི་བའི་བདག་ཉིད་གྱུར་པའོ། །དེ་ཉིད་ཕྱིར་ན་གཡོ་ཞིང་ཡུལ་ནི་གཙོ་བོ་དང་། །རབ་མྱོས་བཟོད་པ་མ་ཡིན་རིང་པོར་མཐོང་མིན་ལ། །འབྲོག་དགོན་དག་ལ་དེས་པར་ཐར་ནས་དབུགས་
ཕྱུང་བཞིན། །གཡོ་སྒྱུ་མང་པོའི་ལང་ཚོ་ཤིན་ཏུ་འདས་ནས་སོ། །དེ་ཕྱིར་མི་བརྟན་གཡོ་ལ་བག་མེད་ལྡན་པ་ཡི། །ན་ཚོད་གསར་པ་འདི་ནི་རེ་ཞིག་རྣམ་པར་འོང་། །འདོད་པའི་ལྷ་ཡི་སྔོན་དུ་ན་ཚོད་དབེན་ཡིན་ལ། །དབང་པོ་རྣམས་ལས་བསྲུང་བར་ནུས་པ་མ་ཡིན་ནོ། །ཅི་སྟེ་ཁྱོད་ཀྱི་ཆོས་ཉིད་
མཛད་པར་འདོད་པ་ནི། །མཆོད་སྦྱིན་གྱིས་ལྷ་མཆོད་མཛོད་འདི་ནི་རིགས་ཀྱི་ཆོས། །མཆོད་སྦྱིན་རྣམས་ཀྱིས་མཐོ་རིས་ལོགས་ནི་བྱིན་བརླབས་ནས། །ལྷ་དབང་ཉིད་ཀྱང་མཐོ་རིས་ལོགས་སུ་གཤེགས་པར་འགྱུར། །གསེར་གྱི་དཔུང་རྒྱན་རྣམ་པར་བཅིངས་པའི་ཕྱག་རྣམས་དང་། །ནོར་བུའི་སྒྲོན་མས་འབར་
བའི་དཔུང་རྒྱན་སྣ་ཚོགས་ཅན། །མི་སྐྱོད་དྲང་སྲོང་རྣམས་དང་དྲང་སྲོང་ཆེན་པོ་རྣམས། །ངལ་བས་གར་གཤེགས་འགྲོས་དེར་མཆོད་སྦྱིན་རྣམས་ཀྱིས་གཤེགས། །དེ་ལྟར་མ་ག་དྷཱ་ཡི་བདག་པོས་ཚིག་སྨྲས་པ། །གང་ཞིག་དབང་པོའི་བཞིན་དུ་སྨྲ་བ་ཡང་དག་མཛེས། །སྣ་ཚོགས་དུ་མའི་ས་
ཕྱོགས་ཏི་སེའི་གངས་རི་ལྟར། །རྒྱལ་པོའི་སྲས་དེས་དེ་ཐོས་གྱུར་ནས་རྣམ་མ་གཡོས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བཟོ་སྦྱངས་སྔོན་དུ་སོང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཤེས་ཀྱི་སྒོ་ནས་ཕན་པ་མིན་པའི་དོན། །དེ་ལྟར་མ་ག་དྷཱ་ཡི་
བདག་པོས་སྨས་པ་ཡིས། །རང་གནས་རྣམ་པར་འགྱུར་མིན་རིགས་གཙང་གཙང་པ་པོ། །ཟས་གཙང་རྒྱལ་པོའི་སྲས་ཀྱིས་ཚིག་འདི་སྨྲས་པའོ། །སེང་གེས་མཚན་པའི་ཡངས་པའི་རིགས་སུ་རབ་སྐྱེས་པ། །ཁྱེད་ཀྱི་ཆོ་ག་དེ་ནི་ངོ་མཚར་ཆེ་མ་ཡིན། །གང་ཕྱིར་བཤེས་གཉེན་ཕྱོགས་སུ་
เล่ม ๑๗๒ · หน้า 39a
གཤེགས་འདོད་ཁྱོད་ཀྱི་ནི། །ཡོངས་སུ་དག་པའི་སྤྱོད་པས་སྤྱོད་པ་དེ་ཡིན་ནོ། །རང་རིགས་རྗེས་སུ་སྤྱོད་པས་དམ་པ་མིན་ལ་བྱམས། །དབང་པོ་མ་ཚང་བ་ལ་དཔལ་བཞིན་གནས་མིན་ལ། །སྔ་མས་བྱས་པའི་དགའ་བ་རིམ་རྣམས་ཀྱིས། །དེ་ནི་དམ་པ་རྣམས་
ཀྱིས་རྣམ་པར་འཕེལ་བར་བྱེད། །དོན་ནི་དཀའ་བ་རྣམས་སུ་མི་རྣམས་གང་ཞིག་གིས། །མཛའ་བོ་རྣམས་ཀྱིས་མཉམ་པའི་དོན་གྱུར་འཇིག་རྟེན་ན། །བཤེས་གཉེན་དེ་རྣམས་བློ་ཡིས་ཡོངས་སུ་ཤེས་བགྱི་སྟེ། །རང་གནས་དག་ནི་འཕེལ་བར་གང་གི་ཕྱིར་མ་ཡིན། །དེ་ལྟར་གང་གིས་རྫས་དག་ཐོབ་ནས་
འཇིག་རྟེན་ན། །བཤེས་རྣམས་དང་ནི་ཆོས་ལ་ངེས་པར་སྦྱོར་བྱེད་པ། །དེ་རྣམས་ཀྱིས་ནི་ནོར་གྱི་སྙིང་པོ་ཐོབ་པ་སྟེ། །མཐར་ནི་ཉམས་ལས་གདུང་བ་སྐྱེད་པར་བྱེད་མ་ཡིན། །རྒྱལ་པོ་མཛའ་བོ་ཉིད་དང་འཕགས་པ་ཉིད་ཀྱིས་ཀྱང་། །ཁྱོད་ཀྱི་ངེས་པ་གང་ཞིག་བདག་ལ་དམིགས་པ་འདི། །
མཛའ་བོ་ཉིད་ཀྱིས་འདིར་ནི་རྗེས་སུ་བསྙད་བགྱི་སྟེ། །རྒོལ་བ་གཞན་མིན་འདིར་ནི་བདག་གིས་སྨྲ་བར་བགྱི། །བདག་གིས་རྒ་དང་འཆི་བའི་འཇིགས་པ་རྣམ་རིག་ནས། །ཐར་པ་འདོད་པས་ཆོས་འདི་རབ་ཏུ་ཐོབ་པ་སྟེ། །གཉེན་འདུན་དགའ་བ་མཆི་མའི་གདོང་ལྡན་རྣམས་སྤངས་ནས། །མི་དགེའི་རྒྱུར་
གྱུར་འདོད་པ་རྣམས་ནི་སྔོན་ཉིད་དོ། །བདག་ནི་ཡུལ་རྣམས་དག་ལ་ཇི་ལྟར་འཇིགས་པ་ཉིད། །དེ་ལྟར་སྦྲུལ་གྱི་དུག་རྣམས་ལ་ནི་མི་འཇིགས་ཤིང་། །ནམ་མཁའ་དག་ལས་འཕོས་པའི་ཐོག་རྣམས་ལས་མིན་ལ། །རླུང་དང་བཅས་པའི་མེ་རྣམས་དག་ལས་མ་ཡིན་ནོ། །མི་རྟག་འདོད་པ་རྣམས་ཀྱིས་
དགེ་བའི་ནོར་རྐུ་ཞིང་། །སྟོང་པ་རྨི་ལམ་སྒྱུ་མ་དང་མཚུངས་འཇིག་རྟེན་ན། །ཡིད་ལ་སྨོས་པ་ཡིས་ཀྱང་རྨོངས་པར་བྱེད་པ་སྟེ། །མི་ཡི་སེམས་ནི་བདག་ཉིད་གནས་པ་སྨོས་ཅི་འཚལ། །ཀྱེ་མ་འདོད་པས་ཟིལ་གྱིས་ནོན་ན་མཐོ་རིས་སུ། །བདེ་བ་ཐོབ་མིན་འཆི་བའི་འཇིག་རྟེན་ན་སྨོས་ཅི། །རླུང་གྲོགས་
ལྡན་པའི་མེ་ཡིས་བུད་ཤིང་གིས་ཇི་ལྟར། །སྲེད་དང་བཅས་པའི་འདོད་པ་རྣམས་ཀྱིས་ཚིམ་པ་མེད། །འགྲོ་ན་འདོད་པ་རྣམས་དང་མཉམ་པའི་དོན་མེད་མེད། །རྨོངས་ལས་དེ་རྣམས་ཁོ་ནར་སྐྱེ་བོ་རབ་ཏུ་ཆགས། །དེ་ཉིད་ཤེས་ནས་དེ་ལྟར་དོན་མེད་འཇིགས་པ་སྟེ། །ཤེས་ལྡན་སུ་ཞིག་རང་གིས་དོན་
เล่ม ๑๗๒ · หน้า 39b
མེད་མངོན་པར་འདོད། །རྒྱ་མཚོའི་གོས་ཅན་ས་ནི་ཀུན་ནས་ཐོབ་ནས་ཀྱང་། །རྒྱ་མཚོ་ཆེན་པོའི་ཕ་རོལ་རྒལ་བར་འདོད་པ་སྟེ། །རྒྱ་མཚོའི་ཆུ་བོ་རྣམས་དང་ཆུ་བྲན་རྣམས་ཀྱིས་ལྟར། །འཇིག་རྟེན་པ་ཡི་འདོད་པ་རྣམས་ཀྱིས་ངོམས་པ་མེད། །ལྷ་ཡིས་གསེར་གྱི་ཆར་པ་དག་ཀྱང་ཕབ་གྱུར་ལ། །
གླིང་རྣམས་བཞི་པོ་མཐའ་དག་ལ་ཡང་ལོངས་སྤྱད་དེ། །བརྒྱ་བྱིན་གྱི་ཡང་གདན་ཕྱེད་དག་ཀྱང་རབ་ཐོབ་ནས། །ང་ལས་ནུ་ནི་ཡུལ་རྣམས་དག་ལ་ངོམས་པ་མེད། །ལྷ་ན་ལྷ་རྣམས་ཀྱི་ཡང་རྒྱལ་སྲིད་ལོངས་སྤྱད་ནས། །མཆོད་སྦྱིན་བརྒྱ་པ་ལྷ་མིན་འཇིགས་ལས་རབ་ཉམས་ཚེ། །རྒྱགས་
ལས་དྲང་སྲོང་ཆེན་པོ་རྣམས་ལའང་ཁུར་བཅོམ་ནས། །འདོད་པ་རྣམས་ལ་ངོམས་མེད་སྒྲ་མེད་ལྷུང་བར་འགྱུར། །ཨེ་ལའི་རྒྱལ་པོས་མཐོ་རིས་རྣམས་ནི་རྣམ་དཀྲུགས་ཏེ། །བརླ་མཛེས་ལྷ་མོ་དེ་ཉིད་དབང་དུ་བླངས་ནས་ཀྱང་། །སྲེད་ཕྱིར་དྲང་སྲོང་རྣམས་ལས་གསེར་དག་ཕྲོགས་པ་སྟེ། །ཡུལ་
རྣམས་ལ་ནི་ངོམས་མེད་ཉམས་པར་སོང་བར་གྱུར། །ལྷ་མིན་ལས་ནི་དབང་ཆེན་དབང་ཆེན་ལས་དགྲ་མེད། །དགྲ་མེད་ལས་སླར་དབང་ཆེན་གང་དུ་ཉེར་སོང་སྟེ། །མཐོ་རིས་དང་ནི་ས་འམ་ཡུལ་ནི་དེ་རྣམས་སུ། །བསྐལ་པའི་ཚོགས་འཁྲུགས་རྣམས་ལ་སུ་ཞིག་བློ་གཏད་བྱེད། །ཤིང་ཤུན་གོས་ཅན་
རྩ་བ་འབྲས་བུ་ཆུ་ཟ་ཞིང་། །ལག་འགྲོའི་སྦྲུལ་ལྟར་རིང་བའི་རལ་བའི་ཁུར་རྣམས་ཀྱང་། །གང་གིས་དོན་གཞན་མ་ཡིན་ཐུབ་པ་ཡང་ཉམས་ཏེ། །འདོད་པ་ཞེས་བྱའི་དགྲ་བོ་རྣམས་ནི་སུ་ཡིས་ཚོལ། །རྣོ་བའི་མཚོན་ཆ་དང་ནི་རྣོ་འཛིན་མཚོན་ཆ་ཡང་། །གང་གི་དོན་དུ་འཇིགས་སྡེ་ལས་ནི་འཆི་ཐོབ་ལ། །
དེ་དག་རྣམས་ཀྱི་དགེ་མིན་སེམས་ཀྱང་སྤྱོད་རྣམས་ཀྱིས། །འཇོམས་ཕྱིར་དེ་ཕྱིར་བརྟུལ་ཞུགས་རྣམས་ཀྱིས་སྨོས་ཅི་དགོས། །ཡུལ་རྣམས་སུ་ནི་མྱ་ངན་ཉུང་ངུར་ཤེས་གྱུར་ནས། །ཀུན་ནས་སྦྱོར་ཞིང་མཆོག་ཏུ་ངོམས་པ་མེད་པ་ཉིད། །དམ་པ་རྣམས་ཀྱིས་སྨོད་ཅིང་ངེས་པར་སྡིག་པ་སྟེ། །འདོད་
པའི་མིག་ཅན་དུག་ནི་སུ་ཡིས་ལེན་པར་བྱེད། །ཞིང་གི་ལས་ལ་སོགས་པ་རྣམས་ཀྱིས་ཉམ་ཐག་ཅིང་། །འདོད་པ་རྣམས་ལ་མི་ཚར་རྣམས་ཀྱི་རང་གནས་དང་། །འདོད་པའི་བདག་ཉིད་རྣམས་ཀྱི་རང་གནས་ཐོབ་ནས་ནི། །འདོད་པ་རྣམས་ནི་སྤོང་བར་སེམས་ལྡན་རྣམས་ཀྱིས་ནུས། །གྲུབ་འགྱུར་
เล่ม ๑๗๒ · หน้า 40a
འདོད་པ་རྣམས་སུ་རྒྱགས་པ་ཉེར་འཐོབ་ཕྱིར། །འདོད་པ་ཅན་ལ་འདོད་འབྱོར་རྒུད་པ་ཤེས་བྱ་སྟེ། །རྒྱགས་ལས་བྱ་བ་མིན་བྱེད་བྱ་བ་མ་ཡིན་ལ། །གང་གིས་ཟད་ཅིང་ངན་འགྲོར་ཉེ་བར་འགྲོ་བར་འགྱུར། །གང་ལ་འབད་པས་ཐོབ་ཅིང་ཡོངས་སུ་བསྐྱངས་པ་རྣམས། །
རྣམ་པར་བསླུས་ནས་སླར་ཡང་སོ་སོར་འགྲོ་བ་སྟེ། །བདག་ཉིད་ལྡན་པས་གཡར་པོ་དང་མཚུངས་དེ་རྣམས་སུ། །འདོད་པ་རྣམས་ལ་འདི་ན་མཁས་པ་སུ་ཞིག་དགའ། །བཙལ་ནས་དང་ནི་བླངས་ནས་སྐོམ་པ་སྐྱེས་པ་ཡིན། །གང་རྣམས་མི་འདོད་སྡུག་བསྔལ་བར་ནི་ཡོངས་འགྲོ་ལ། །འཇིག་
རྟེན་དག་ན་རྩྭ་སྒྲོན་དང་མཚུངས་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་མི་དགའ་བ་ཡིན། །དགའ་ལྡན་མིན་པའི་སྙིང་ལ་གང་གིས་རྣམ་རྨུགས་ཏེ། །རྣམ་པར་ཉམས་པར་འགྲོ་འགྱུར་བདེ་བར་འགྲོ་མིན་ཞིང་། །ཀུན་ནས་ཁྲོས་པའི་སྦྲུལ་དང་རབ་མཚུངས་དེ་རྣམས་སུ། །འདོད་པ་
རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །ལྟོགས་པས་ཉམ་ཐག་ཁྱི་བཞིན་རུས་པ་ཟོས་ནས་ཀྱང་། །གང་རྣམས་ལ་ནི་ངོམས་པར་འགྱུར་བ་མ་ཡིན་ཉིད། །འཁོགས་པའི་ནུས་པའི་ཀེང་རུས་དང་མཉམ་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །
གང་གི་རྒྱལ་པོ་རྐུན་པོ་ཆུ་དང་མེ་རྣམས་ལས། །ཐུན་མོང་གྱུར་པ་ཉིད་ཕྱིར་སྡུག་བསྔལ་སྲེད་བྱེད་དེ། །རབ་ཏུ་གཏོར་བའི་ཤ་དང་མཚུངས་པ་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །དགྲ་བོ་དང་ནི་གཉེན་འདུན་འབྲེལ་པ་རྣམས་ལས་ཀྱང་། །གང་ལ་
གནས་པ་རྣམས་ནི་སྐྱེན་པར་རྒུད་པ་སྟེ། །སྐྱེ་མཆེད་དང་མཚུངས་ཉེ་བར་འཚེ་བ་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །རི་དང་ནགས་དང་ཆུ་དང་རྒྱ་མཚོ་རྣམས་སུ་ཡང་། །གང་ལ་རྣམ་པར་འཕྱོ་བ་རྣམས་ནི་ལྷུང་འགྱུར་ཏེ། །ལྗོན་ཤིང་རྩེ་མོའི་འབྲས་བུ་དང་
མཚུངས་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །རྣམ་པ་སྣ་ཚོགས་འབད་པ་དྲག་པོ་འཐོབ་པ་རྣམས། །གང་གིས་སྐད་ཅིག་གིས་འདིར་ཉམས་པར་འགྱུར་བ་སྟེ། །རྨི་ལམ་ཉེ་བར་ལོངས་སྤྱོད་དང་མཚུངས་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་
เล่ม ๑๗๒ · หน้า 40b
ལྡན་སུ་ཡི་དགའ་བ་ཡིན། །གང་རྣམས་བསྒྲུབས་ནས་དང་ནི་རྣམ་པར་སྤེལ་ནས་དང་། །ཡོངས་སུ་བསྐྱངས་ནས་དང་ནི་བདེ་བར་འགྲོ་མིན་ལ། །ལྕི་བའི་མེ་མ་མུར་དང་རབ་མཚུངས་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །གཏུམ་པོ་ལོང་བྱེད་
བཅོམ་བརླག་པ་དང་དཎ་ཌ་ཀ །གང་གི་དོན་དུ་སྒྲ་ངན་རྣམས་ནི་ཉམས་གྱུར་ལ། །རོ་བསྲེགས་ཤིང་དང་རབ་ཏུ་མཚུངས་པ་དེ་རྣམས་སུ། །འདོད་པ་རྣམས་ལ་བདག་ལྡན་སུ་ཡི་དགའ་བ་ཡིན། །ལྷ་མིན་མཛེས་སྦྱིན་དང་ནི་ཉེ་བའི་མཛེས་སྦྱིན་བདག །གང་གི་དོན་དུ་ཕན་ཚུན་དགྲར་
སོང་ཉམས་གྱུར་ལ། །མཛའ་བཤེས་གྱུར་ཅིང་རྣམ་པར་འབྲལ་བ་དེ་རྣམས་སུ། །འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །གང་དག་རྣམས་ཀྱི་དོན་དུ་ཆུ་དང་མེ་ལ་དང་། །ཤ་ཟ་རྣམས་ལ་བདག་ཉིད་འདིར་ནི་འདོར་བ་སྟེ། །དགེ་བ་མ་ཡིན་དགྲ་བོར་གྱུར་པ་དེ་རྣམས་སུ། །
འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན། །བཤེས་མེད་འདོད་པའི་དོན་དུ་བཀྲེན་པོར་བྱེད་པ་སྟེ། །གསོད་དང་འཆིང་བ་ལ་སོགས་སྡུག་བསྔལ་རབ་ཐོབ་ལ། །འདོད་པའི་དོན་དུ་སེམས་ནི་བཀྲེན་པའི་དཀའ་ཐུབ་ཅན། །གསོན་པའི་འཇིག་རྟེན་འཆིང་བ་དང་ནི་ངལ་བར་འགྲོ། །རི་དགས་རྣམས་
ནི་གསོད་ཕྱིར་གླུ་ཡིས་འཕྲོག་བྱེད་ལ། །གཟུགས་ཀྱི་དོན་དུ་ཕྱེ་མ་ལེབ་རྣམས་མེར་མཆོང་ཞིང་། །ཤ་དག་དོན་གཉེར་ཉ་ཡིས་ལྕགས་ནི་ཟ་བ་སྟེ། །དེ་ཕྱིར་ཡུལ་རྣམས་དོན་མེད་ཉིད་དུ་འབྲས་བུ་སྨིན། །འདོད་པའི་ལོངས་སྤྱོད་ཡིན་ཞེས་གང་གི་བློ་ཡིན་ལ། །ཁ་ཅིག་ལོངས་སྤྱོད་རྣམས་ནི་
ཡོངས་སུ་སྤྱོད་པ་སྟེ། །གོས་སོགས་རྫས་ཀྱི་ཡོན་ཏན་ཡིན་ཕྱིར་འཇིག་རྟེན་ན། །སྡུག་བསྔལ་ཞི་བར་བྱེད་ཅེས་རབ་ཏུ་གཟུང་བར་བྱ། །སྐོམ་པ་རབ་ཏུ་ཞི་ཕྱིར་ཆུ་དག་འདོད་པ་སྟེ། །བཀྲེས་པ་རྣམ་པར་ཉམས་ཕྱིར་བཟའ་བ་དེ་བཞིན་དུ། །རླུང་དང་གདུང་བ་སྒྲིབ་པའི་ཆེད་དུ་ཁང་པ་སྟེ། །
མདོམས་དང་གྲང་བ་སྒྲིབ་པའི་ཕྱིར་ནི་བགོ་བའོ། །དེ་བཞིན་ཉིད་ནི་རྣམ་པར་འཇོམས་ཕྱིར་གནས་ཡིན་ལ། །དེ་བཞིན་ལམ་ལ་ངལ་བ་ཉམས་ཕྱིར་ཐེག་པ་སྟེ། །དེ་བཞིན་གནས་ནི་རྣམ་པར་སྦྱོང་ཕྱིར་སྟན་ཡིན་ལ། །གཙང་དང་ནད་མེད་སྟོབས་ལ་བརྟེན་ཕྱིར་ཁྲུས་ཡིན་ནོ། །སྡུག་བསྔལ་རབ་ཏུ་ཞི་
เล่ม ๑๗๒ · หน้า 41a
བའི་ཆེད་དུ་གྱུར་པ་སྟེ། །དེ་བཞིན་སྐྱེ་དགུ་རྣམས་ཀྱི་ཡུལ་ནས་ལོངས་སྤྱོད་མིན། །རབ་ཏུ་ཞི་བའི་ཆོ་གར་རབ་ཞུགས་ཤེས་རབ་ཅན། །ལོངས་སྤྱོད་རྣམས་ནི་བཟའ་ཞེས་སུ་ཡིས་ཁས་ལེན་བྱེད། །གང་ཞིག་འགྲོ་བའི་གདུང་བས་རྣམ་པར་གདུངས་པ་ནི། །
ལོངས་སྤྱོད་ཡིན་ཞེས་གྲང་བའི་བྱ་བར་ནན་ཏན་བྱེད། །སྡུག་བསྔལ་ཞི་བའི་བདག་ཉིད་ལ་ནི་རབ་འཇུག་ཅིང་། །དེས་ནི་འདོད་པ་རྣམས་ལ་ལོངས་སྤྱོད་འདུ་ཤེས་བྱེད། །གང་ཕྱིར་འདོད་པ་རྣམས་ལ་མཐའ་གཅིག་གྱུར་མིན་ཏེ། །དེ་ཕྱིར་བདག་གིས་དེ་ལ་ལོངས་སྤྱོད་འདུ་ཤེས་མེད། །
དངོས་པོ་གང་ཉིད་ཀྱིས་ནི་བདེ་བ་སྟེར་བྱེད་པ། །དེ་ཉིད་ཀྱིས་ནི་སླར་ཡང་སྡུག་བསྔལ་འདྲེན་པར་བྱེད། །བགོ་བ་ལྕི་མོ་དང་ནི་ལྕི་བ་མ་ཡིན་ཉིད། །གྲང་དང་དྲོ་བའི་ཚེ་ན་བདེ་དང་བདེ་མིན་ལ། །ཟླ་འོད་རྣམས་དང་ཙནྡན་ཉིད་ཀྱང་དྲོ་བ་ན། །བདེ་བའི་ཕྱིར་དང་སྡུག་བསྔལ་ཕྱིར་ཡིན་གྲང་
བ་ནའོ། །གང་ཕྱིར་རྙེད་དང་མ་རྙེད་ལ་སོགས་འཇིག་རྟེན་ན། །ཀུན་གྱི་གཉིས་སུ་འཛིན་པ་རྣམས་ནི་རབ་ཞུགས་ཏེ། །དེ་ཕྱིར་མཐའ་གཅིག་བདེ་བ་ཡོད་པ་མ་ཡིན་ཞིང་། །ས་ན་སྐྱེས་བུ་ཁ་ཅིག་མཐའ་གཅིག་སྡུག་བསྔལ་མིན། །བདེ་དང་སྡུག་བསྔལ་ཉིད་ནི་རྣམ་པར་
འདྲེས་མཐོང་ནས། །རྒྱལ་སྲིད་དང་ནི་བྲན་ཉིད་མཉམ་པ་བདག་གི་ལུགས། །རྒྱལ་པོ་ཉིད་ནི་རྟག་པར་རྒོད་པ་མ་ཡིན་ཞིང་། །བྲན་ནི་ཀུན་ནས་གདུང་བ་ཉིད་ཀྱང་མ་ཡིན་ནོ། །གང་ཕྱིར་མི་སྐྱོང་ཉིད་དུ་བཀའ་ལུང་ལྷག་པར་གྱུར། །དེ་ཕྱིར་རྒྱལ་པོའི་སྡུག་བསྔལ་དག་ནི་ཆེན་པོ་
ཉིད། །ཀུན་ནས་བརྟེན་པའི་ཤིང་དང་རབ་མཚུངས་རྒྱལ་པོ་ནི། །སྲིད་པའི་རྒྱུ་ལས་ཡོངས་སུ་ངལ་བར་འགྲོ་བ་ཉིད། །རྒྱལ་སྲིད་འདོར་ལྡན་བཤེས་མིན་མང་པོར་མི་སྐྱོང་གིས། །གལ་ཏེ་བློ་གཏད་འཆའ་བར་གྱུར་ན་རྒུད་པ་སྟེ། །ཅི་སྟེ་ཡང་ན་བློ་གཏད་ཉེ་བར་བྱེད་མིན་ན། །འདིར་
ནི་འཇིགས་ལྡན་རྒྱལ་པོའི་བདེ་བ་ཞེས་བྱ་ཅི། །གང་ཚེ་ས་ནི་མཐའ་དག་རྒྱལ་བར་གྱུར་ནས་ཀྱང་། །གནས་པའི་ཆེད་དུ་གྲོང་ཁྱེར་གཅིག་པུ་ཉིད་མཐོང་ཞིང་། །དེ་ཉིད་ལ་ཡང་ཕོ་བྲང་གཅིག་པུ་བསྙེན་བྱ་སྟེ། །རྒྱལ་པོར་གྱུར་པ་ཕ་རོལ་དོན་དུ་ངལ་ལམ་ཅི། །རྒྱལ་པོ་སྡོད་པའི་གནས་ཀྱང་
เล่ม ๑๗๒ · หน้า 41b
གཉའ་ཤིང་གཅིག་ཉིད་དོ། །དེ་བཞིན་བཀྲེས་པ་འགེགས་ཕྱིར་བཟའ་བ་ཙམ་ཡིན་ལ། །དེ་བཞིན་ཉལ་ལམ་གཅིག་དང་སྟན་ནི་གཅིག་ཉིད་དེ། །ལྷག་དང་ལྷག་མིན་མི་སྐྱོང་གིས་ནི་རྒྱགས་ཕྱིར་རོ། །གལ་ཏེ་ཚིམ་པའི་དོན་དུ་འབྲས་བུ་དེ་འདོད་ན། །རྒྱལ་སྲིད་རྣམས་དང་བྲལ་ཡང་བདག་ནི་
ཚིམ་པ་ཡོད། །ཚིམ་པ་ཡོད་པར་གྱུར་ན་སྐྱེས་བུའི་འཇིག་རྟེན་ན། །ཁྱད་པར་མེད་པ་མ་ཡིན་ཐམས་ཅད་ཁྱད་པར་རོ། །དེ་ཕྱིར་དགེ་དང་ཞི་བའི་ལམ་ནི་རབ་ཐོབ་པ། །ཁོ་བོ་འདོད་པ་རྣམས་ལ་སླུ་བྱ་མ་ཡིན་ལ། །མཛའ་བཤེས་ཉིད་དུ་དྲན་པར་བྱས་ནས་ཡང་དང་ཡང་། །དམ་བཅའ་
ངེས་པར་སྐྱོངས་ཞེས་བདག་ལ་སྨྲས་པའོ། །བདག་ནི་ནགས་སུ་ཞུགས་པ་མི་བཟོད་པས་མིན་ལ། །དགྲ་བོའི་མདའ་རྣམས་ཀྱིས་ནི་མགོ་བོ་འདར་བ་མིན། །འབྲས་བུ་ལྷག་པ་རྣམས་ལས་རེ་བ་བྱས་མིན་ཏེ། །དེ་ཕྱིར་ཁྱེད་ཀྱི་ཚིག་དེ་བཟུང་བ་མ་ཡིན་ནོ། །གང་ཞིག་ཡང་ཡང་ཤིན་ཏུ་སོས་
འདེབས་ཁྲོས་པའི་སྦྲུལ། །སྤངས་ནས་སླར་ཡང་ལེན་པ་ལ་ནི་ནན་ཏན་བྱེད། །ཡང་ན་སྲེག་པའི་རང་བཞིན་འབར་བའི་རྩྭ་ཡི་མེ། །སྤངས་ནས་འདོད་པ་རྣམས་ནི་སླར་ཡང་དེ་ཡིས་བརྟེན། །གང་ཞིག་མ་ལོང་ལོང་བའི་ཕྱིར་ནི་འདོད་པ་སྟེ། །གྲོལ་བ་འཆིང་བའི་ཕྱིར་དང་ཕྱུག་པོ་ནོར་མེད་ཕྱིར། །
རང་བཞིན་གནས་པའི་སེམས་ནི་བསྙོན་པའི་སེམས་ཕྱིར་ལ། །ཡུལ་གྱི་བདག་ཉིད་ཕྱིར་ནི་འདོད་པར་དེ་ཡིས་བྱེད། །གང་ཞིག་འདིར་ནི་མཆོག་ཏུ་ཞི་བའི་བདེ་བ་དང་། །གཞན་དུ་སྡུག་བསྔལ་རྣམས་ནི་ཀུན་ནས་སྒྲིབ་པ་སྟེ། །བྱེད་ལྡན་རྒ་དང་འཆི་བའི་འཇིགས་ལས་སྒྲོལ་འདོད་པ། །སློང་མོ་ཉེ་
བར་རྒྱུ་ཞེས་རྗེས་སུ་བརྩེ་བྱ་མིན། །གང་ཞིག་འདིར་ནི་ཞི་བའི་བདེ་བ་འཐོབ་མིན་ལ། །གཞན་དུ་སྡུག་བསྔལ་རྣམས་ཀྱིས་རབ་ཏུ་འཛིན་བྱེད་ཅིང་། །ཕུན་ཚོགས་ཆེན་པོའི་བདག་ཉིད་ལ་ཡང་རྣམ་གནས་པའི། །སྲེད་པས་ཟིལ་གྱིས་གནོན་ལ་རྗེས་སུ་བརྩེ་བར་བྱས། །སེམས་པ་ཡི་དང་སྤྱོད་པ་ཡི་
དང་རིགས་ཉིད་ཀྱི། ཁྱོད་ཀྱིས་བརྗོད་པ་ལ་ནི་རྗེས་སུ་མཐུན་པ་སྟེ། །སེམས་པ་ཡི་དང་སྤྱོད་པ་ཡི་དང་རིགས་ཉིད་ཀྱི། །ཁོ་བོ་ཡི་ཡང་དམ་བཅའ་འདྲེན་པར་མཚུངས་པའོ། །བདག་ཀྱང་འཁོར་བའི་རྒྱ་མཚོའི་མདའ་ཡིས་རྣམ་ཕུག་པ། །ཞི་བ་ཐོབ་པར་འདོད་པས་རྣམ་པར་ངེས་འབྱུང་སྟེ། །ནད་མེད་མཐོ་རིས་ན་
เล่ม ๑๗๒ · หน้า 42a
ཡང་རྒྱལ་སྲིད་འཐོབ་པ་རུ། །འདོད་པ་མེད་ན་ཀྱེ་མ་མི་རྣམས་སུ་སྨོས་ཅི། །མི་སྐྱོང་གང་ཡང་སྡེ་གསུམ་མཐའ་དག་བརྟེན་པ་ནི། །རབ་མཆོག་མི་ཡི་དོན་ཞེས་ཁྱེད་ཀྱིས་བདག་ལ་སྨྲས། །དེ་ལྟར་དོན་མེད་ཅེས་ནི་བདག་གི་བསྟན་པ་འདིར། །མཛད་ལྡན་སྡེ་ཚན་གསུམ་
ནི་ཚིམ་བྱེད་ཀྱང་མ་ཡིན། །གང་དུ་དགའ་བར་འགྲོ་མིན་འཇིགས་མིན་ནད་མ་ཡིན། །སྐྱོང་མིན་ཉེ་བར་འདའ་མིན་སེམས་ཀྱི་ནད་རྣམས་མིན། །གང་ན་ཡང་དང་ཡང་དུ་བྱ་བ་ཡོད་མིན་པ། །དེ་ཉིད་སྐྱེས་བུའི་དོན་ནི་མཆོག་ཏུ་ཤེས་པའོ། །ཇི་སྲིད་ན་ཚོད་སོ་མ་རྣམ་པར་འགྱུར་བར་འགྲོ། །དེ་སྲིད་དགའ་བ་
ཡོངས་སུ་སྐྱོངས་མཛོད་ཞེས་སྨྲས་པ། །འདི་ནི་ངེས་པ་མ་ཡིན་གཡོ་བར་མཐོང་བ་སྟེ། །རྒ་བ་བརྟན་པ་མིན་དང་ལང་ཚོ་བརྟན་ལྡན་མཐོང་། །རང་གི་ལས་མཁན་མཐར་བྱེད་གང་གི་འགྲོ་བ་ནི། །ན་ཚོད་ཀུན་ལ་དབང་མེད་རྣམ་པར་འགུགས་པ་སྟེ། །རྣམ་གཞག་མ་ཡིན་རྣམ་པར་ཉམས་ཚེ་གང་ལྟར་
ནི། །ཞི་འདོད་མཁས་པ་དག་གིས་དགའ་བ་རྟོགས་པར་བྱེད། །གང་ཚེ་དགའ་བའི་གཞུ་དང་ནད་རྣམས་བཀྲམ་པའི་མདའ། །མཐར་བྱེད་དགེ་བ་མ་ཡིན་རྔོན་པ་བཞིན་གནས་པས། །སྐྱེ་དགུའི་རི་དྭགས་བསྐལ་པའི་ནགས་བརྟེན་རྣམས་གཏོར་ཏེ། །ན་ཚོད་རབ་མཆོག་ལ་དམིགས་ཡིད་ལ་རེ་བ་ཡི། །
དེ་ཕྱིར་གཞོན་ནམ་རྒན་དང་ཡང་ན་བྱིས་པ་ནི། །རབ་ཏུ་འཇུག་པར་འདོད་དམ་རྣམ་པར་ལྡོག་པ་ཉིད། །ཆོས་ལྡན་བདག་ཉིད་བྱས་པ་ཇི་ལྟ་བར་གྱུར་པ། །དེ་ལྟར་མྱུར་བ་ལྡན་པས་འདིར་ནི་བྱ་བར་འོས། །ཡང་ན་འདོད་པའི་འབྲས་བུ་རིགས་སུ་འོས་པ་རྣམས། །ཆོས་ཕྱིར་མཆོད་སྦྱིན་བྱ་བ་
གྱིས་ཞེས་གང་སྨྲས་པ། །གང་ཞིག་གཞན་གྱི་སྡུག་བསྔལ་བྱ་བས་འདོད་པ་སྟེ། །མཆོད་སྦྱིན་རྣམས་ལ་ཕྱག་འཚལ་བདེ་བ་འདོད་པ་མེད། །འབྲས་བུ་འདོད་པས་དབང་མེད་ཕ་རོལ་གསོད་པ་ལ། །སྙིང་རྗེའི་བདག་ཉིད་དམ་པ་རྣམས་ཀྱི་རིགས་ཚུལ་མིན། །གང་ཡང་མཆོད་སྦྱིན་དག་གི་འབྲས་
བུ་རྟག་གྱུར་པ། །སྙིང་རྗེའི་བདག་ཉིད་གང་གིས་དེ་ལྟར་བྱས་ནས་ཅི། །སེམས་ནི་ཞི་བ་ཡིས་སམ་ཚུལ་ཁྲིམས་བརྟུལ་ཞུགས་ཀྱིས། །གལ་ཏེ་ཆོས་ཚུལ་གཞན་གྱི་ཆོ་ག་མ་ཡིན་ལ། །དེ་ལྟ་ན་ཡང་མཆོད་སྦྱིན་བསྙེན་པར་འོས་མིན་ཏེ། །གང་དུ་གཞན་ལ་འཚེས་ནས་འབྲས་བུར་བརྗོད་པའོ། །འདི་
เล่ม ๑๗๒ · หน้า 42b
ཉིད་དུ་ཡང་རེ་ཞིག་སྐྱེས་བུ་གནས་པ་ཡི། །བདེ་བ་གང་ཞིག་ཕ་རོལ་འཚེ་བས་རབ་ཞུགས་པ། །དེ་ཡང་བརྩེ་བཅས་བློ་དང་ལྡན་པའི་འདོད་མིན་ཏེ། །གང་ཞིག་སྲེད་པའི་མཐའ་མར་མི་མཐོང་ཀྱེ་མ་ཅི། །རྒྱལ་པོ་འཁོར་བར་བདག་གི་ཡིད་ནི་དགའ་མེད་ཅིང་། །འབྲས་བུར་རབ་ཏུ་འཇུག་ཕྱིར་བདག་
ནི་བསླུ་བྱ་མིན། །ཆུ་འཛིན་ཆར་གྱིས་བརྒྱབ་པའི་ལྗོན་ཤིང་བཞིན་དུ་ནི། །ཀུན་དུ་སོང་བའི་རབ་ཏུ་འཇུག་པ་རྣམས་ནི་གཡོ། །རྣམ་པར་ཐར་པ་སྨྲ་ལྡན་རྩིབས་ཕུར་ཐུབ་པ་ནི། །བལྟ་བར་འདོད་པས་བདག་ནི་འདིར་ཡོངས་དེ་ཡི་ཕྱིར། །མི་སྐྱོང་ཁོང་ལ་དགེ་བར་གྱུར་ཅིག་དེ་ནི་འགྲོ། །
བདག་གི་དེ་ཉིད་ལྟོས་མེད་དག་ནི་བཟོད་པར་མཛོད། །ལྷ་ན་དབང་པོ་བཞིན་སྲུངས་རྟག་པར་ཉི་བཞིན་སྲུངས། །ཡོན་ཏན་གྱིས་སྲུངས་ས་སྲུངས་འདིར་ནི་དགེ་ལེགས་སྲུངས། །ཚེ་སྲུངས་འཕགས་པ་ཡིས་སྲུངས་དམ་པའི་བུ་རྣམས་དང་། །དཔལ་སྲུངས་རྒྱལ་པོའི་བདག་ཉིད་ཀྱིས་ནི་
ཆོས་སྲུངས་ཤིག །ཁ་བའི་དགྲ་ཡི་རྡེག་ལས་སྐྱེས་པ་ལས་སྐྱེས་ནས། །ཇི་ལྟར་གཉིས་སྐྱེས་གང་ཞིག་ལུས་ནི་རྣམ་ཐར་འགྲོ། །ཁ་བའི་དགྲ་ཡི་དགྲ་ཡིས་ཁྱིམ་གྱི་དགྲ་འཇོམས་ནང་། །ནང་དུ་དེ་ལྟར་གང་ཞིག་ཡིད་ནི་རྣམ་པར་ཐར་གཤེགས་མཛོད། །ཐལ་མོ་དང་བཅས་རེ་ཐོབ་མི་སྐྱོང་གིས་སྨྲས་པ། །
ཁྱེད་ཀྱིས་ཇི་ལྟར་འདོད་པ་བགེགས་མེད་ཐོབ་པར་ཤོག །བྱ་བ་བྱས་པ་ཀུན་ནས་ཐོབ་པ་དུས་སུ་འདིར། །ཁོ་བོ་ཡི་ཡང་རྗེས་སུ་འཛིན་པ་ཁྱེད་ཀྱིས་མཛད་པའོ། །དེ་ལྟར་གྱུར་ཞེས་བརྟན་པའི་དམ་བཅའ་མཛད་ནས་ས་སྐྱོང་ལ། །དེ་ནས་དེ་ནི་ཐམས་ཅད་སྒྲོལ་གྱི་དཀའ་ཐུབ་གནས་སུ་གཤེགས། །ཡོངས་
སུ་གཤེགས་པ་དེ་མཐོང་ནས་ཀྱང་ཡ་མཚན་གྱུར་པ་ཡི། །མི་སྐྱོང་ཉིད་ཀྱང་རི་ཡི་ཚོགས་ཀྱི་གྲོང་ཁྱེར་ཉིད་དུ་སོང་། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། འདོད་པ་ལ་རྣམ་པར་སྨོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལུས་ཀྱིས་གང་བ་བཞིན། །
བུ་རམ་ཤིང་བའི་ཟླ་བ་ཡིས། །ཞི་བར་གནས་པའི་ཐུབ་པ་ཡིས། །རྩིབས་འཕུར་གྱིས་ནི་གནས་སུ་བསྙེན། །སྒྱུ་རྩལ་ཤེས་ཀྱི་རིགས་དེ་ཡིས། །རྒྱང་ནས་གཟིགས་ནས་མཐོན་པོ་ཡིས། །ལེགས་པར་འོངས་ཞེས་སྨྲས་པ་སྟེ། །དྲུང་དུ་ཉེ་བར་གཤེགས་པའོ། །དེ་གཉིས་ཕན་ཚུན་རིགས་པར་ནི། །
เล่ม ๑๗๒ · หน้า 43a
ཁམས་ནི་སྙོམས་པར་དྲིས་ནས་སུ། །ཤིང་གཙང་བརྟུལ་ཞུགས་གདན་དག་ལ། །ས་ཕྱོགས་གཙང་བར་བཞུགས་པའོ། །བཀུར་མང་རྣམ་པར་ཡངས་པ་ཡིས། །ལྟ་བྱེད་དག་གིས་འཐུང་བ་བཞིན། །མི་སྐྱོང་སྲས་པོ་བཞུགས་དེ་ལ། །ཐུབ་པ་མཆོག་དེས་སྨྲས་པའོ། །
ཞི་བ་བདག་གི་ཤེས་པ་ལྟར། །ཁྱིམ་ནས་ངེས་པར་འབྱུང་བར་འགྱུར། །གཉིས་འཐུང་རྒྱགས་པས་ཞགས་པ་ལྟར། །བརྩེ་བའི་ཞགས་པ་བཅད་ནས་འོངས། །ཁྱོད་ཀྱི་ཡིད་ནི་ཤེས་རབ་དང་། །ཀུན་ནས་བརྟན་པ་ལྡན་པ་ཉིད། །དུག་གི་ལྗོན་པའི་འབྲས་བུ་བཞིན། །གང་ཁྱོད་དཔལ་དོར་ནས་
འོངས་སོ། །ལོངས་སྤྱད་ལྷག་མའི་ཕྲེང་བ་བཞིན། །བུ་རྣམས་དག་ལ་དཔལ་བྱིན་ནས། །ས་སྐྱོང་འཁོགས་པའི་ན་ཚོད་རྣམས། །གང་ཞིག་ནགས་འོངས་ངོ་མཚར་མིན། །བདག་གི་ལུགས་ནི་ངོ་མཚར་ཏེ། །སོ་མའི་ན་ཚོད་ལ་ཁྱོད་ཀྱིས། །ཡུལ་གྱི་སྤྱོད་ཡུལ་ལ་གནས་པ། །དཔལ་
ཉིད་ལོངས་མ་སྤྱད་ནས་འོངས། །དེ་ཕྱིར་ཆོས་འདི་ཤེས་པ་ལ། །ཁྱོད་ནི་དམ་པའི་སྣོད་ཡིན་ལ། །ཡེ་ཤེས་གྲུ་བོ་བྱིན་བརླབས་ནས། །སྐྱེན་པར་སྡུག་བསྔལ་རྒྱ་མཚོ་སྒྲོལ། །གང་ཡང་སློབ་མར་ཤེས་པ་ན། །དུས་ཀྱིས་བསྟན་བཅོས་ལ་འཇུག་སྟེ། །ཟབ་པ་ལས་དང་ནན་ཏན་ལས། །བདག་གི་ཡོངས་
རྟོག་ཁྱོད་མ་ཡིན། །དེ་ལྟར་རྩིབས་འཕུར་ཉིད་ཀྱི་ཚིག །མི་ཡི་དྲང་སྲོང་དེས་གསན་ནས། །མཆོག་ཏུ་དགའ་བར་གྱུར་པ་ཡིས། །ལན་གཉིས་རབ་ཏུ་སྨྲས་པའོ། །དོན་མ་བྱས་ཀྱང་འདི་ཡི་ནི། །དོན་བྱས་བཞིན་དུ་ད་ལྟ་ཉིད། །ཆགས་དང་བྲལ་བ་གང་འདི་ནི། །དམ་པ་ཁྱེད་ཀྱི་མངོན་དུ་གྱུར། །བལྟ་
བར་འདོད་པས་འོད་བཞིན་དང་། །སྒྲོལ་བར་འདོད་པས་གྲུ་བཞིན་དང་། །འགྲོ་བར་འདོད་པས་ལམ་མཁན་བཞིན། །ཁྱེད་མཐོང་བ་ལ་བདག་གིས་ཤེས། །རྒ་དང་འཆི་བའི་འཇིགས་རྣམས་ལས། །གལ་ཏེ་གསུང་བྱར་དགོངས་ནས་ནི། །དེ་ཕྱིར་གསུང་བར་འོས་པའོ། །དེ་ལྟར་རྩིབས་འཕུར་གྱིས་གཞོན་
ནུའི། །བདག་ཉིད་ཆེ་ལས་བསྐུལ་བ་ཉིད། །རང་ཉིད་ཀྱི་ནི་བསྟན་བཅོས་ཀྱི། །ངེས་པར་མདོར་བསྡུས་གསུངས་པའོ། །ཇི་ལྟར་འཁོར་བ་ཡིན་པ་ལ། །ཇི་ལྟར་ངེས་པར་ལྡོག་པ་ཉིད། །ཉན་པ་རྣམས་ཀྱི་མཆོག་གྲུབ་མཐའ། །ཁོ་བོའི་འདི་ནི་གསོན་མཛོད་ཅིག །རང་བཞིན་དང་ནི་རྣམ་འགྱུར་དང་། །
เล่ม ๑๗๒ · หน้า 43b
སྐྱེ་དང་འཆི་དང་རྒ་བ་སྟེ། །རེ་ཞིག་སེམས་པ་ཞེས་བརྗོད་པ། །བརྟན་པའི་སེམས་པ་དེ་ཤེས་མཛོད། །དེ་ལ་རང་བཞིན་ཤེས་བྱ་བ། །རང་བཞིན་ཤེས་པ་ཤེས་པར་མཛོད། །འབྱུང་བ་ལྔ་ཡི་བདག་ཉིད་དང་། །བློ་དང་མི་གསལ་བ་ཉིད་དོ། །རྣམ་འགྱུར་ཞེས་བྱ་མཁྱེན་པར་མཛོད། །ཡུལ་
རྣམས་དང་ནི་དབང་པོ་རྣམས། །ལག་པ་རྐང་པ་དག་དང་ནི། །འཕོངས་དང་མདོམས་དང་དེ་བཞིན་ཡིད། །འདི་ཡི་ཞིང་ནི་ཤེས་པ་ལ། །ཞིང་ཤེས་པ་ཞེས་བྱ་བ་སྟེ། །ཞིང་ཤེས་པ་ཞེས་བདག་ཉིད་དུ། །བདག་ཏུ་བསམ་བྱེད་རྣམས་ཀྱིས་སྨྲས། །སློབ་མ་དང་བཅས་སེར་སྐྱ་ཡིས། །འདི་ནི་
རབ་ཏུ་རྟོགས་ཞེས་དྲན། །བུ་དང་བཅས་པའི་རྟོགས་པ་ཡང་། །སྐྱེ་དགུའི་བདག་པོར་འདི་བརྗོད་དོ། །སྐྱེ་བ་ཉིད་དང་རྒ་བ་དང་། །ན་བ་དང་ནི་འཆི་བ་དང་། །དེ་ནི་གསལ་ཞེས་རྟོགས་བྱ་སྟེ། །བཟློག་ལས་མི་གསལ་བ་ཡང་ངོ་། །མི་ཤེས་པ་དང་ལས་དང་སྲིད། །འཁོར་བའི་རྒྱུ་རྣམས་
ཤེས་བྱ་སྟེ། །གསུམ་པོ་འདིར་གནས་འགྲོ་བ་ནི། །སྙིང་སྟོབས་དེ་ནི་འདའ་བ་མེད། །ལོག་པ་ལས་དང་ངར་འཛིན་ལས། །ཐེ་ཚོམ་ལས་དང་མངོན་འཕྱོ་ལས། །ཁྱད་པར་མེད་ལས་ཐབས་མིན་ལས། །ཆགས་པ་ལས་དང་མངོན་ལྷུང་ལས། །དེ་ལ་ལོག་པ་ཞེས་བྱ་བ། །ཕྱིན་ཅི་ལོག་ཏུ་འཇུག་
པ་སྟེ། །བསམ་པར་བྱ་བ་གཞན་སེམས་ཤིང་། །བྱ་བ་གཞན་ནི་བྱེད་པའོ། །སྨྲ་བ་ང་དང་རིག་པ་དང་། །འགྲོ་བ་ང་དང་གནས་པ་ང་། །དེ་ལྟར་འདི་ནི་ངར་འཛིན་པ། །ངར་འཛིན་མེད་ཀྱི་འཇུག་པའོ། །གང་ཞིག་ཐེ་ཚོམ་མེད་དངོས་རྣམས། །གཅིག་ཏུ་གྱུར་པས་མཐོང་བ་སྟེ། །ཐེ་ཚོམ་མེད་
པས་འཇིམ་གོང་ལྟར། །དེ་འདིར་ཐེ་ཚོམ་དུ་བརྗོད་དོ། །གང་ཞིག་ང་ཉིད་དེ་ཉིད་འདི། །ཡིན་དང་བློ་དང་ལས་ཡིན་ལ། །གང་ཞིག་དྲངས་ཏེ་དེ་ཉིད་ང་། །ཞེས་གང་དེ་ནི་མངོན་པར་འཕྱོ། །རབ་རྒྱས་རབ་རྒྱས་མ་ཡིན་པའི། །ཁྱད་པར་མེད་པའི་ཁྱད་ཤེས་ཀྱི། །རང་བཞིན་རྣམས་ཀྱིས་གང་ཤེས་
པ། །དེ་ནི་ཁྱད་པར་མེད་ཅེས་དྲན། །ཕྱག་འཚལ་བ་དང་གཞི་མི་འགྲིབ། །བསང་གཏོར་དང་ནི་མངོན་འཐོར་སོགས། །ཐབས་མིན་ཞེས་ནི་ཤེས་ལྡན་གྱིས། །རབ་ཏུ་རྟོགས་བྱ་ཐབས་ཤེས་ཀྱི། །ཆགས་པ་མི་སྐྱེ་ཡུལ་རྣམས་ལ། །ཡིད་ངག་བློ་དང་ལས་རྣམས་ཀྱིས། །བློ་ངན་གང་གིས་
เล่ม ๑๗๒ · หน้า 44a
ཆགས་བྱེད་པ། །དེ་ནི་མངོན་པར་ཆགས་ཞེས་དྲན། །བདག་གི་འདི་དང་འདི་བདག་ཅེས། །གང་ཞིག་སྡུག་བསྔལ་མངོན་སྙམ་སྟེ། །གང་ཞིག་འཁོར་བར་ལྷུང་ཤེས་བྱ། །དེ་ལྟར་མཁས་སྐྱེ་མ་རིག་པ། །གནས་སྐབས་ལྔ་ནི་རབ་ཐོབ་སྟེ། །མུན་པ་རྨོངས་པ་
རྨོངས་པ་ཆེ། །མུན་ལས་གྱུར་པ་གཉིས་ཉིད་དོ། །དེ་ལ་མུན་པ་ལེ་ལོར་དང་། །རྨོངས་པ་སྐྱེ་འཆིར་རྟོགས་པར་མཛོད། །རྨོངས་པ་ཆེན་པོ་འདོད་པ་ཞེས། །ཀུན་ནས་རྨོངས་མེད་མཁྱེན་པར་མཛོད། །གང་ཕྱིར་འདི་ན་འབྱུང་རྣམས་ཀྱིས། །ཆེན་པོར་ཡང་ནི་རབ་རྨོངས་བྱེད། །དེ་ཕྱིར་ཕྱག་ཆེན་
འདི་དག་ནི། །རྨོངས་པ་ཆེན་པོ་ཞེས་དྲན་ནོ། །མུན་ལས་གྱུར་པ་ཁྲོ་ཉིད་དུ། །ལྷག་པར་བྱེད་པའོ་ཁྲོ་མེད་ཀྱིས། །མི་ཤེས་མུན་ལས་གྱུར་པ་ནི། །སྐྱོ་བར་རབ་བཤད་སྐྱོ་མེད་ཀྱེ། །མ་རིག་པ་འདིས་བྱིས་པ་འདི། །གནས་སྐབས་ལྔ་དང་ལྡན་པ་སྟེ། །འཁོར་བར་སྡུག་བསྔལ་གྱུར་པ་ཡི། །སྐྱེ་བ་
རྣམས་སུ་འབབ་པར་བྱེད། །ལྟ་བོ་ཉན་པོ་ཤེས་པ་པོ། །བྱ་བ་དང་ནི་རྒྱུ་ཉིད་དག །ད་ཞེས་དེ་ལྟར་འོངས་ནས་ནི། །འཁོར་བར་ཡོངས་སུ་འཁོར་བར་བྱེད། །བློ་ལྡན་རྒྱུ་འདི་རྣམས་ཀྱིས་འདི། །སྐྱེ་བའི་རྒྱུན་ལ་རབ་ཏུ་འཇུག །རྒྱུ་མེད་པ་ལས་འབྲས་བུ་མེད། །དེ་ལྟར་རྣམ་པར་ཤེས་པར་
འོས། །དེ་ལ་རྒྱུན་རབ་རབ་རྒྱས་མིག །གསལ་བ་དང་ནི་མི་གསལ་ཉིད། །ཐར་པ་འདོད་པ་བཞིན་རྣམས་ཏེ། །ཡང་དག་འགྲོ་བ་རིགས་པར་མཛོད། །བཞི་པོ་དེ་དག་ཇི་ལྟ་བཞིན། །འགྱུར་མེད་གོ་འཕང་འཐོབ་པར་བྱེད། །དེ་ཕྱིར་འཇིག་རྟེན་ན་ཚངས་པ། །མཆོག་ཏུ་ཚངས་པར་སྨྲ་
བ་རྣམས། །ཚངས་པའི་སྤྱོད་པ་སྤྱོད་བྱེད་འདིར། །ཚངས་པ་རྣམས་ཀྱིས་གནས་པར་བྱེད། །མི་སྐྱོད་སྲས་ཀྱིས་ཐུབ་པ་དེའི། །ཚིག་འདི་དེ་ལྟར་གསན་ནས་ནི། །མཐར་ཐུག་གོ་འཕང་ཉིད་དང་ནི། །ཐབས་མངོན་པ་དག་དྲན་པའོ། །ཇི་ལྟར་ཇི་སྲིད་གང་དུ་ནི། །ཚངས་པའི་སྤྱོད་པ་འདི་
སྤྱད་ཅིང་། །ཆོས་འདི་ཡིས་ནི་མཐར་ཐུག་པ། །ཁྱོད་ཀྱིས་རྣམ་པར་བཤད་པར་འོས། །དེ་ལྟར་ཐུབ་པས་བསྟན་བཅོས་ལྟར། །རྣམ་གསལ་དོན་ནི་མདོར་བསྡུས་པས། །ཆོ་གའི་རྟོག་པ་གཞན་ཉིད་ཀྱིས། །ཆོས་དེ་དེ་ལ་སྨྲས་པའོ། །འདིས་ནི་དང་པོར་ཁྱིམ་སྤངས་ནས། །སློང་མོའི་
เล่ม ๑๗๒ · หน้า 44b
རྟགས་ནི་བསྟེན་པ་སྟེ། །ཕྲིན་ལས་རྣམ་པར་རྒྱས་པ་ཡི། །ཚུལ་ཁྲིམས་བླངས་ནས་འཇུག་པར་བྱེད། །བྱེད་ལྡན་རྩོད་མེད་བསྟན་བཅོས་རིག །མཆོག་ཏུ་ཚིམ་པ་ལ་གནས་ནས། །གང་དང་དེ་ཡིས་གང་དང་དེར། །རྣམ་དབེན་གནས་ནི་བསྟེན་པའོ། །དེ་ནས་ཆགས་ལས་འཇིགས་
མཐོང་ནས། །ཆགས་པ་མེད་ལས་མཆོག་ཞི་ཡང་། །དབང་པོའི་གྲོང་ནི་ངེས་བཟུང་སྟེ། །ཡིད་ལ་ཞི་ནི་འབད་པ་བྱེད། །དེ་ནས་འདོད་པ་རྣམས་ལས་དང་། །གནོད་སེམས་སོགས་ལས་རྣམ་དབེན་ཉིད། །བསམ་གཏན་དང་པོ་རྣམ་དཔྱོད་ལྡན། །རྣམ་པར་དབེན་པ་ལས་སྐྱེས་ཐོབ། །
བསམ་གཏན་བདེ་བ་དེ་ཐོབ་ནས། །དེ་དང་དེ་ཉིད་རྣམ་དཔྱོད་ཅིང་། །སྔར་མེད་བདེ་བ་ཐོབ་པ་ཡིས། །བྱིས་པའི་སྐྱེ་བོ་འཕྲོག་པར་བྱེད། །འདོད་དང་སྡང་བ་རྣམ་སྨད་པའི། །ཞི་བའི་ཆོ་ག་དེ་འདྲ་འདིས། །ཚངས་པའི་འཇིག་རྟེན་ཐོབ་པ་སྟེ། །ཡོངས་སུ་ཚིམ་པས་གནས་པའོ། །རྣམ་དཔྱོད་
ཡིད་ནི་སྐྱོང་བྱེད་རྣམས། །མཁས་པར་རྣམ་པར་ཤེས་ནས་ཀྱང་། །དེ་ལས་རྣམ་པར་གྲོལ་བ་ནི། །བསམ་གཏན་དགའ་བའི་བདེ་ལྡན་ཐོབ། །གང་ཞིག་ཁྱད་པར་མ་མཐོང་ཞིང་། །དགའ་བ་དེ་ཡིས་ཕྲོགས་པ་དེ། །འོད་གསལ་བ་ཡི་ལྷ་རྣམས་སུ། །འོད་གསལ་བ་ཡི་གནས་འཐོབ་བོ། །གང་
ཡང་དགའ་བའི་བདེ་དེ་ལས། །ཡིད་ནི་རྣམ་པར་དབེན་བྱེད་པ། །དགའ་བའི་བདེ་བ་དང་བྲལ་བ། །བསམ་གཏན་གསུམ་པ་ཐོབ་པར་བྱེད། །དེ་འདྲའི་བདེ་བ་འདིར་ཐོབ་ནས། །གང་ཞིག་ཆགས་མིན་བཏང་སྙོམས་ཤིང་། །བདེ་དང་སྡུག་བསྔལ་རྣམ་སྤངས་པའི། །བསམ་གཏན་བཞི་པ་ཐོབ་པར་
བྱེད། །བདེ་དང་སྡུག་བསྔལ་ཞི་ཕྱིར་དང་། །སེམས་ཀྱི་བྱ་བ་མེད་པའི་ཕྱིར། །ཐར་ཞེས་མངོན་པའི་ང་རྒྱལ་གྱིས། །དེར་ཡང་ཁ་ཅིག་འབད་པ་བྱེད། །བསམ་གཏན་དེ་ཡི་འབྲས་བུ་ནི། །འབྲས་བུ་ཆེ་བས་ལྷས་མཉམ་པར། །ལོངས་སྤྱོད་ཤེས་རབ་ཆེ་རྣམས་ཀྱིས། །ཆེན་པོའི་དུས་སུ་སྨྲ་བའོ། །
ཏིང་འཛིན་དེ་ལས་རྣམ་ལངས་ཤིང་། །ལུས་སྐྱེས་སྐྱོན་རྣམས་མཐོང་ནས་ནི། །ལུས་ལས་རྣམ་པར་ལྡོག་པའི་ཕྱིར། །ཤེས་ལྡན་བསམ་གཏན་ལ་འཇོག་གོ། །དེ་ནས་བསམ་གཏན་དེ་བོར་ནས། །ཁྱད་པར་ལ་ནི་ངེས་བྱས་པའི། །ཤེས་རབ་ལྡན་དེ་འདོད་ལས་བཞིན། །གཟུགས་རྣམས་ལས་
เล่ม ๑๗๒ · หน้า 45a
ཀྱང་ཆགས་པ་མེད། །ལུས་འདི་ལ་ནི་ཁ་གང་དུ། །དེ་ལ་ཡོངས་སུ་རྟོག་པ་སྟེ། །དེ་ནས་རྫས་སྡུག་རྣམས་ལ་ཡང་། །ནམ་མཁར་ལྷག་པར་མོས་པར་བྱེད། །ནམ་མཁར་སོང་བའི་བདག་ཉིད་དུ། །བསྡུས་ནས་གཞན་དུ་བློ་ལྡན་གྱིས། །དེ་ཉིད་མཐའ་མེད་པར་མཐོང་
ཞིང་། །ཁྱད་པར་འཕགས་པ་ལྷག་པར་འཐོབ། །ནང་ན་མཁས་པ་གཞན་དག་ནི། །བདག་ཉིད་བདག་ཉིད་ཀྱིས་བཟློག་ནས། །ཅི་ཡང་མེད་ཅེས་མཐོང་བ་ནི། །ཅི་ཡང་མེད་པ་ཞེས་དྲན་ནོ། །དེ་ནས་གུར་ནས་བྱ་བཞིན་དང་། །གོང་བུ་དག་ནས་སྲིན་བལ་བཞིན། །ཞིང་ཤེས་ལུས་ལས་འཐོན་པ་ལས། །
ཐར་པ་ཞེས་ནི་མངོན་པར་བརྗོད། །དེ་ཉིད་ཤེས་པའི་མཁས་པ་ཡིས། །གང་ཞིག་ཐར་པ་ཞེས་བརྗོད་པ། །འདི་དེ་ཚངས་པ་དམ་པ་སྟེ། །རྟགས་མེད་རྟག་ཅིང་འགྱུར་བ་མེད། །དེ་ལྟར་ཐབས་དང་ཐར་པ་དག །བདག་གིས་ཁྱོད་ལ་བསྟན་པ་སྟེ། །གལ་ཏེ་ཤེས་ཤིང་གལ་ཏེ་སྲེད། །ཇི་ལྟ་བ་
བཞིན་རྟོགས་པར་མཛོད། །རྒྱལ་འདོད་བུ་དང་སྐྱེད་བྱེད་དང་། །གཞན་མི་འབྲལ་བ་རྒན་པོ་དང་། །ཐར་པ་འདོད་པ་གཞན་རྣམས་ཀྱང་། །ལམ་འདི་ཐོབ་ནས་གྲོལ་བར་འགྱུར། །དེ་ཡི་དམ་པའི་ཚིག་འདི་དང་། །རྣམ་པར་དཔྱོད་པ་ཡང་བཟུང་ནས། །སྔོན་དུ་རྒྱུ་ཡི་སྟོབས་ཐོབ་པས། །ལན་ནི་སྨྲས་པར་
གྱུར་པའོ། །གོང་ནས་གོང་དུ་ཞི་བ་ཡི། །ཡེ་ཤེས་ཕྲ་མོ་འདི་ཐོས་ཤིང་། །ཞིང་ཤེས་ཡོངས་སུ་མ་བཏང་ཕྱིར། །དེ་ནི་མཐར་ཐུག་མིན་པར་གོ། །རྣམ་གྱུར་དང་ནི་རང་བཞིན་ལས། །ཞིང་ཤེས་གྲོལ་བར་ཁོ་བོ་ཡིས། །རབ་ཏུ་སྐྱེ་བའི་ཆོས་སུ་དང་། །ས་བོན་ཆོས་སུ་སྙམ་པའོ། །གང་ཡང་རྣམ་དག་
བདག་ཉིད་ནི། །ངེས་པར་ཐར་ཞེས་རྟོག་པ་སྟེ། །སླར་ཡང་རྐྱེན་དག་ཡོད་པ་ལས། །དེ་ནི་གྲོལ་བར་མི་འགྱུར་རོ། །ཇི་ལྟར་དུས་སྦྱོར་ས་དང་ཆུ། །མེ་ལས་ས་བོན་སྐྱེ་མ་ཡིན། །དེ་བཞིན་རྐྱེན་ནི་དེ་རྣམས་ཀྱིས། །སྐྱེ་བ་དེ་ཡང་བདག་གི་ལུགས། །གང་ཞིག་མི་ཤེས་ལས་སྲེད་རྣམས། །སྤངས་ལས་
ཐར་པ་རྟོགས་བྱེད་པ། །དེ་ནི་མཆོག་ཏུ་ཡོངས་སྤོང་བ། །བདག་ཡོད་གྱུར་ན་ཡོད་མ་ཡིན། །སྤངས་ནས་སྤངས་ནས་གསུམ་པོ་འདི། །ཁྱད་པར་དུ་ཡང་ཉེར་འཐོབ་ཅིང་། །གང་དུ་བདག་ནི་གནས་གྱུར་པ། །དེར་ནི་གསུམ་པོ་འདི་ཕྲའོ། །སྐྱོན་རྣམས་ཕྲ་བ་ཉིད་ལས་དང་། །སེམས་ཀྱི་བྱ་བ་མེད་ལས་
เล่ม ๑๗๒ · หน้า 45b
དང་། །ཚེ་ནི་རིང་བ་ཉིད་ལས་ཀྱང་། །ཐར་པར་ཀྱང་ནི་ཡོངས་སུ་རྟོག །ངར་འཛིན་པར་ནི་ཡོངས་སྤོང་བར། །གང་དེ་ཡོངས་སུ་རྟོག་བྱེད་ལ། །བདག་སྤྱོད་གྱུར་ནས་ངར་འཛིན་པ། །ཡོངས་སུ་སྤོང་བ་ཡོད་མ་ཡིན། །དྲང་སྲོང་རྣམས་ཀྱིས་མ་སྤངས་པ། །འདི་ནི་ཡོན་ཏན་མེད་མ་ཡིན། །དེ་ཕྱིར་ཡོན་ཏན་
མེད་གྱུར་ན། །འདི་ཡི་ཐར་པར་མི་བརྗོད་དོ། །ཡོན་ཏན་ཅན་གྱིས་ཡོན་ཏན་གྱི། །ལྡོག་པ་ཡོད་པ་མ་ཡིན་ཏེ། །གཟུགས་དང་འགྲོ་བ་དང་བྲལ་བའི། །མེ་ནི་ཉེ་བར་འཐོབ་མ་ཡིན། །ལུས་ལས་སྔོན་དུ་ལུས་ཅན་དང་། །ཡོན་ཏན་ལས་སྔར་ཡོན་ཏན་ཅན། །མ་ཡིན་དེ་ཕྱིར་དང་པོར་གྲོལ། །ལུས་བཞིན་སླར་
ཡང་འཆིང་བར་བྱེད། །ཞིང་ཤེས་ལུས་དང་མ་བྲལ་བ། །ཤེས་པ་ཡིན་ནམ་ཤེས་མིན་ཉིད། །གལ་ཏེ་ཤེས་འདི་ཤེས་བྱ་ཡོད། །ཤེས་བྱ་ཡོད་ན་མི་གྲོལ་ལོ། །ཅི་སྟེ་ཁྱོད་ལ་ཤེས་མི་འགྲུབ། །བདག་ཏུ་རྟོག་པས་ཅི་ཞིག་བྱ། །བདག་དང་བྲལ་ཡང་ཤེས་པ་ནི། །རབ་གྲུབ་ཤིང་དང་རྩིག་པ་བཞིན། །གང་
ཕྱིར་གོང་ནས་གོང་དུ་ནི། །དེ་ལྟར་རྩིབས་འཕུར་གྱི་ནི་ཆོས། །མཁྱེན་ནས་དེ་ནི་མ་ཚིམ་ཞིང་། །མཐའ་དག་མིན་ཞེས་ཤེས་ནས་སུ། །དེ་ནས་སོ་སོར་གཤེགས་པའོ། །དེ་ནས་ཁྱད་པར་ཆོས་འདོད་པ། །ལྷག་སྤྱོད་ཀྱི་ནི་གནས་སུ་གཤེགས། །དེ་ཡི་བདག་ཏུ་འཛིན་ལས་ཀྱང་། །དེས་ནི་ལྟ་བར་སྲེད་
མ་གྱུར། །འདུ་ཤེས་འདུ་ཤེས་མེད་པའི་སྐྱོན། །ཐུབ་པ་ལྷག་སྤྱོད་ཀྱིས་ཤེས་ནས། །འདུ་ཤེས་འདུ་ཤེས་མེད་བདག་མིན། །ཅུང་ཟད་མེད་ལས་གཞན་འགྲོ་ཐོབ། །གང་ཕྱིར་དམིགས་པ་ཕྲ་མོ་ནི། །འདུ་ཤེས་འདུ་ཤེས་མེད་ལས་གཞན། །འདུ་ཤེས་མེད་མིན་འདུ་ཤེས་མིན། །དེ་ཕྱིར་དེར་ནི་རེ་
འདོད་མིན། །གང་ཕྱིར་དེར་ནི་བློ་གནས་ཤིང་། །གཞན་དུ་རབ་ཏུ་རྒྱུ་པ་མེད། །ཕྲ་ཞིང་རྣོ་ལྡན་དེ་ཕྱིར་དེར། །འདུ་ཤེས་མེད་མིན་འདུ་ཤེས་མེད། །དེ་ཕྱིར་དེ་ཡང་རབ་ཐོབ་ནས། །སླར་ཡང་འགྲོ་བ་འཁོར་བ་སྟེ། །བྱང་ཆུབ་སེམས་དཔའ་མཆོག་འདོད་པས། །དེ་ཕྱིར་ལྷག་སྤྱོད་དོར་བའོ། །དེ་ནས་དེ་ཡི་
གནས་ཐོབ་ནས། །དགེ་ལེགས་དོན་གཉེར་ངེས་བྱས་ནས། །གང་ཡང་རྒྱལ་བའི་དྲང་སྲོང་གིས། །གྲོང་ཁྱེར་ཞེས་བྱའི་གནས་བསྙེན་ནོ། །དེ་ནས་ནཻ་རཉྫ་ནའི་འགྲམ། །གཙང་མར་གཙང་ཞིང་ཕ་རོལ་གནོན། །དབེན་པའི་གནས་ནི་མངོན་འདོད་བའི། །ཐུབ་པ་ཡིས་ནི་གནས་མཛད་དོ། །དེ་ནས་དེ་ནི་སྔར་བརྟེན་
เล่ม ๑๗๒ · หน้า 46a
ཞིང་། །དབང་པོ་ལྔ་ཡི་དབང་ལས་ཁེངས། །མུན་པས་བསྙེན་པའི་བརྟུལ་ཞུགས་ཅན། །དགེ་སློང་ལྔ་རྣམས་དེས་གཟིགས་སོ། །བསོད་ནམས་ཀྱིས་བསྒྲུབས་ནོར་ནད་མེད། །དབང་དོན་རྣམས་ཀྱིས་དབང་ཕྱུག་བཞིན། །དགེ་སློང་དེ་རྣམས་ཀྱིས་ཀྱང་འདིར། །དེ་མཐོང་གྱུར་
ནས་ཉེ་བར་གནས། །དེའི་དབང་གིས་གནས་སློབ་མ་རྣམས། །དབང་པོ་གཡོས་པས་ཡིད་བཞིན་དུ། །རབ་ཏུ་དེ་རྣམས་ཀྱིས་མཆོད་ཅིང་། །རྣམ་པར་དུལ་ལས་རྗེས་སུ་འཇུག །འཆི་དང་སྐྱེ་བ་མཐར་བྱེད་ལ། །དེ་ནས་ཐབས་ནི་འདི་ཡིས་ཞེས། །བཟའ་བ་མེད་པར་ཤེས་པ་ཡིས། །དཀའ་ཐུབ་
གདུང་བ་རྣམས་བརྩམས་སོ། །བསྨྱུང་གནས་ཆོ་ག་དུ་མ་རྣམས། །མི་ཡིས་སྤྱོད་དཀའ་རྣམས་མཛད་ཅིང་། །ལས་ནི་ཐོབ་བཞེད་ལོ་དྲུག་ཏུ། །བདག་གི་སྐུ་ལུས་རིག་པར་མཛད། །ཕ་མཐའ་མེད་པའི་འཁོར་བ་ཡི། །ཕ་རོལ་ཐོབ་པར་འདོད་པ་ངེས། །བཟའ་བའི་དུས་སུ་ཏིལ་དང་འབྲུ། །
རབ་ཤ་རྣམས་ནི་རེ་རེ་གསོལ། །དཀའ་ཐུབ་གདུང་བ་དེས་དེ་ཡི། །སྐུ་ལས་བྲི་བར་བྱས་པ་གང་། །སླར་ཡང་དེ་ཡི་གཟི་བརྗིད་ཀྱིས། །སྐུ་ལུས་ཉེ་བར་འཕེལ་བྱས་གྱུར། །སྟོན་ཀའི་དཀར་ཕྱོགས་དང་པོ་ཡི། །ཟླ་བས་ཀུ་མུ་ཏ་རྣམས་བཞིན། །རིང་ཀྱང་དཔལ་གྲགས་རིང་མིན་ཞིང་། །གཞན་གྱིས་
མིག་རྣམས་ཚིམ་པར་མཛད། །རུས་ལྤགས་ལྷག་མ་ལྷག་མེད་པར། །ཚིལ་དང་ཤ་དང་ཁྲག་རྣམས་ཀྱིས། །ཟད་ཀྱང་ཟབ་མོ་མ་ཟད་པར། །རྒྱ་མཚོ་བཞིན་དུ་དེ་མཛེས་སོ། །དེ་ནས་སངས་རྒྱས་ཉིད་འདོད་པས། །ངལ་དུབ་གདུང་བས་དོན་མེད་བསལ། །ཉོན་མོངས་ལུས་ཅན་ཐུབ་པ་
ནི། །སྲིད་ལས་འཇིགས་པ་བློ་མཛད་དོ། །ཆོས་འདི་ཆགས་བྲལ་ཕྱིར་མིན་ཞིང་། །རྟོགས་ཕྱིར་མ་ཡིན་ཐར་ཕྱིན་མིན། །དེ་ཚེ་འཛམ་བུའི་རྩ་བར་གང་། །བདག་གིས་ཐོས་ཏེ་ངེས་པ་ཡིན། །འདི་ནི་སྟོབས་ཆུང་གིས་ཐོབ་པར། །ནུས་པ་མིན་ཕྱིར་གུས་འོངས་ཤིང་། །སྐུ་ཡི་སྟོབས་ནི་འཕེལ་དོན་
དུ། །སླར་ཡང་འདི་ནི་རྗེས་སུ་བསམས། །བཀྲེས་དང་སྐོམ་པས་ཡོངས་གཙེར་ཞིང་། །ངལ་ལས་རང་གནས་མེད་པའི་སེམས། །ཡིད་ཀྱིས་ཐོབ་བྱའི་འབྲས་བུ་ནི། །ལྡོག་པ་མེད་པ་གང་ཞིག་འཐོབ། །རྟག་པར་དབང་པོ་ཚིམ་པ་ལས། །ཡང་དག་གནས་པ་འཐོབ་པ་སྟེ། །དབང་པོ་ཡང་
เล่ม ๑๗๒ · หน้า 46b
དག་ཚིམ་ཉིད་ཀྱིས། །ཡིད་ནི་རང་བཞིན་གནས་པ་འཐོབ། །དང་ཞིང་རབ་དང་ཡིད་ཀྱིས་ནི། །ཏིང་འཛིན་ཉེ་བར་སྐྱེ་བ་སྟེ། །ཏིང་འཛིན་གྱིས་སྦྱར་སེམས་ཀྱི་ནི། །བསམ་གཏན་སྦྱོར་བ་རབ་ཏུ་འཇུག །བསམ་གཏན་རབ་ཏུ་ཞུགས་པ་ལས། །རྙེད་དཀའ་ཞི་ཞིང་དགའ་མེད་མཆོག །འཆི་མེད་གོ་འཕང་དེ་
ཆོས་རྣམས། །གང་གིས་ཐོབ་པ་རབ་ཐོབ་པོ། །དེ་ཕྱིར་བཟའ་བ་རྩ་བ་སྟེ། །འདི་ནི་ཐབས་ཞེས་ངེས་པ་ཡིན། །བཟའ་བ་བྱེད་ལ་བརྟན་པ་ནི། །དཔག་མེད་བློ་ཡིས་བློ་མཛད་ནས། །ཁྲུས་བྱས་ནཻ་རཉྫ་འགྲམ་ནས། །ལག་བྱིན་འགྲམ་གྱི་ལྗོན་ཤིང་ནི། །གུས་པ་ཡིས་དུད་ཡལ་གའི་རྩེས། །སྐུ་ལུས་རིད་
པ་དལ་བུས་དྲངས། །དེ་ནས་ལྷ་རྣམས་ཀྱིས་བསྐུལ་བའི། །བ་ལང་སྐྱོང་བདག་བུ་མོ་ནི། །སྙིང་ལ་དགའ་སྐྱེས་འགྱུར་བ་ཡི། །དགའ་སྟོབས་མ་ནི་དེར་འོངས་སོ། །དུང་དཀར་གྱིས་འབར་ལག་པ་ཅན། །ལ་བ་སྔོན་པོ་གོན་པ་མོ། །དབུ་བ་དང་བཅས་ཆུ་སྔོན་ཕྲེང་། །ཆུ་མཆོག་ཡ་མུ་ན་བཞིན་ནོ། །
སྤྱན་མིག་ཨུཏྤལ་རབ་རྒྱས་ཤིང་། །དད་པས་འཕེལ་བའི་དགའ་མ་དེས། །དེ་ལ་མགོ་ཡིས་རབ་བཏུད་ནས། །འོ་མ་དྲངས་པར་གྱུར་པའོ། །དེས་དེ་གསོལ་ནས་དེ་ལ་ནི། །སྐྱེ་བའི་འབྲས་བུ་ཐོབ་བྱས་ནས། །ཡང་དག་དབང་པོ་དྲུག་ཚིམ་སྟེ། །བྱང་ཆུབ་འཐོབ་པར་ནུས་པར་གྱུར། །ཕུལ་
བྱུང་རྒྱས་པའི་སྐུ་མངའ་ཞིང་། །རང་གི་གྲགས་བཅས་ཐུབ་པ་ནི། །ནུས་གྱུར་རྒྱ་མཚོ་གཉིས་དག་གིས། །མཛེས་དང་བསྟན་པ་གཅིག་པུས་བཟུང་། །བདག་ནི་ངེས་པར་གྲོལ་བ་ལ། །བློ་ལྡན་ཁམས་ལྔ་རྣམས་ཀྱིས་ལྟར། །ཀུན་ནས་འཇུག་ཅེས་རྣམ་ཤེས་ནས། །དགེ་སློང་ལྔ་རྣམས་ཀྱིས་དེ་དོར། །
དེ་ནས་འབད་རྩོལ་གཉིས་པ་ནི། །བྱང་ཆུབ་ཆེད་དུ་ངེས་མཛད་དེ། །རྩྭ་འཇམ་བཀྲམ་པའི་ས་གཞི་ལ། །ཨ་ཤྭད་ཐ་ཡི་རྩ་བར་གཤེགས། །དེ་ཚེ་གླང་པོའི་འགྲོས་མངའ་བའི། །དཔེ་མེད་ཞབས་ཀྱི་སྒྲ་ཡིས་སད་པར་བྱས་པ་ནི། །ཐུབ་པ་ཆེན་པོའི་བྱང་ཆུབ་ངེས་པར་རྟོགས་པ་ཡི། །གྲུབ་མཆོག་ནག་པོ་ཞེས་
བྱས་བསྟོད་པ་སྨྲས་པར་གྱུར། །ཇི་ལྟར་ཐུབ་པ་ཁྱོད་ཀྱིས་ཞབས་ཀྱིས་བརྫིས་པ་ནི། །ཡང་ནས་ཡང་དུ་ས་ནི་སྒྲ་སྐད་སྒྲོགས་པ་འདྲ། །ཇི་ལྟར་ཁྱོད་ཀྱི་འོད་ནི་ཉི་མར་སྣང་བ་སྟེ། །ཁྱོད་ཀྱིས་ངེས་པར་འདོད་པའི་གོ་འཕང་མཁྱེན་པ་ཉིད། །ཇི་ལྟར་མཁའ་ལ་ཁུག་རྟའི་ཕྲེང་བ་རྣམས་བསྐོར་ཞིང་། །པདྨའི་
เล่ม ๑๗๒ · หน้า 47a
སྤྱན་མངའ་ཁྱེད་ལ་སྐོར་བ་བྱེད་པ་ཉིད། །ཇི་ལྟར་མཁའ་ལ་རླུང་རྣམས་ཞི་བར་འགྲོ་བ་སྟེ། །ཁྱོད་ཀྱིས་ངེས་པར་དེ་རིང་སངས་རྒྱས་འགྱུར་བ་ཉིད། །དེ་ནས་གླུ་མཆོག་གིས་ནི་ཡང་དག་བསྟོད་པ་ནི། །ལྕོ་ག་ལས་ནི་གཙང་མའི་རྩྭ་རྣམས་ཉེར་བླངས་ནས། །བྱང་ཆུབ་ཤིང་
ཆེན་རྩ་བ་དགེ་ལ་རབ་བརྟན་ཅིང་། །བྱང་ཆུབ་ཆེད་དུ་དམ་བཅའ་མཛད་ཅིང་བཞུགས་པའོ། །དེ་ནས་གཉིད་ལོག་ལྟོ་འཕྱེའི་གདེངས་ཀས་བསྡུས་པ་ལ། །དེས་ནི་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་མཆོག་བཅིངས་ཏེ། །ཇི་སྲིད་བྱ་བ་བྱས་པ་ཉིད་ནི་མ་ཐོབ་པར། །དེ་སྲིད་ས་ལས་གདན་དེ་འབྱེད་པར་མི་
བགྱིའོ། །དེ་ནས་ངེས་པའི་བདག་ཉིད་བཅོམ་ལྡན་གདན་མཛད་ཚེ། །ལྷ་ན་གནས་རྣམས་མཉམ་མེད་དགའ་བ་ཐོབ་གྱུར་ལ། །རི་དགས་ཚོགས་རྣམས་གནས་པར་མ་གྱུར་བྱ་རྣམས་དང་། །རླུང་གིས་བསྣུན་པའི་ནགས་ཀྱི་ལྗོན་ཤིང་སྒྲ་མེད་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་
སྙན་དངགས་ཆེན་པོ་ལས། རིང་འཕུར་དང་ལྷག་སྤྱོད་ཀྱི་དྲུང་དུ་གཤེགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེར་ནི་རྣམ་པར་ཐར་ཕྱིར་དམ་བཅའ་མཛད་པ་ན། །རྒྱལ་པོའི་རིགས་ལས་རབ་འཁྲུངས་དྲང་སྲོང་ཆེན་པོ་ནི། །དེར་ནི་ཉེ་བར་ཞུགས་ཚེ་འཇིག་རྟེན་རབ་
དགའ་ཞིང་། །དེར་ནི་བདུད་ཀྱང་དམ་པའི་ཆོས་ཀྱི་དགྲར་གྱུར་ཏོ། །གང་ལ་འདོད་པའི་ལྷར་ནི་འཇིག་རྟེན་ན་སྨྲ་བ། །སྣ་ཚོགས་མཚོན་ཆ་མེ་ཏོག་མདའ་ཅན་དེ་བཞིན་དུ། །འདོད་པ་རབ་ཏུ་སྤྱོད་པའི་བདག་པོ་དེ་ཉིད་ལ། །ཐར་བའི་དགྲ་བོ་བདུད་དུ་དཔེ་རྗོད་བྱེད་པའོ། །དེ་ཡི་བུ་ནི་རོལ་པ་དགའ་བ་
རྒྱགས་པ་དང་། །བུ་མོ་དགའ་མ་དགེས་མ་སྲེད་མ་གསུམ་རྣམས་ཀྱིས། །དེ་ལ་སེམས་ཀྱི་རྣམ་པར་འགྱུར་བ་དྲིས་པ་སྟེ། །དེས་ནི་དེ་རྣམས་ལ་ཚིག་མངོན་པར་སྨྲས། །ཐུབ་པ་འདིས་ནི་ངེས་པའི་གོ་ཆ་རྣམ་བཟུང་ཞིང་། །སེམས་པའི་མཚོན་ཆ་བློ་ཡི་མདའ་ནི་བསྡོགས་བྱས་ནས། །བདག་ཅག་
ཡུལ་རྣམས་ལ་ནི་རྒྱལ་འདོད་བསྡད་པ་སྟེ། །གང་ཕྱིར་འདིས་ནི་བདག་གི་ཡིད་ནི་རྣམ་པར་འགྱུར། །གལ་ཏེ་འདིས་བདག་ཟིལ་གྱིས་མནན་ནས་འགྲོ་བ་སྟེ། །འཇིགས་པ་ལ་ཡང་ཐར་བའི་ལམ་དག་འཆད་བྱེད་ཅིང་། །ལུས་འཕགས་ཇོ་བོ་སྤྱོད་ལས་ལྷུང་བའི་བཞིན་དུ་ནི། །དེ་ཕྱིར་འདི་
เล่ม ๑๗๒ · หน้า 47b
ཡིས་བདག་གི་ཡུལ་ནི་དེ་རིང་སྟོངས། །དེ་ཕྱིར་ཇི་སྲིད་འདིས་ནི་སྤྱན་མིག་མ་ཐོབ་ཅིང་། །ཇི་སྲིད་བདག་གི་སྤྱོད་ཡུལ་དག་ན་གནས་པ་ཉིད། །ཆུ་བོ་ཤིན་ཏུ་འཕེལ་བའི་ཤུགས་ཀྱིས་ཟམ་པ་བཞིན། །དེ་སྲིད་འདི་ཡི་བརྟུལ་ཞུགས་འཇོམས་སུ་འགྲོ་བའོ། །དེ་ནས་མེ་ཏོག་ལས་བྱས་གཞུ་
ནི་བཟུང་ནས་དང་། །ཀུན་དུ་རྨོངས་པར་བྱེད་པའི་མདའ་ལྔ་རྣམས་བཟུང་ནས། །སྐྱེ་དགུ་རྣམས་ཀྱི་ཡིད་ཀྱི་རང་གནས་མི་བྱེད་པ། །དེ་ནི་བུར་བཅས་ཨ་ཤྭད་ཐ་ཡི་རྩ་བར་སོང་། །དེ་ནས་སྲིད་པ་འཁོར་བའི་ཕ་རོལ་རྒལ་འདོད་པའི། །ཐུབ་པ་རབ་ཏུ་ཞི་བར་གདན་ལ་བཞུགས་པ་ལ། །ལག་པ་
གཡས་པ་མཚོན་ཆའི་རྩེ་མོར་བདུངས་ནས་ནི། །མདའ་ཡིས་རོལ་ཞིང་བདུད་ཀྱིས་འདི་ནི་སྨྲས་པའོ། །ཀྱེ་ཧོ་རྒྱལ་རིགས་འཆི་བས་འཇིགས་པ་ལོངས་མཛོད་ཅིག །ཐར་པའི་ཆོས་ནི་སྤོངས་ལ་འཇིག་རྟེན་མཛོད། །མདའ་དང་མཆོད་སྦྱིན་རྣམས་ཀྱིས་འཇིག་རྟེན་ཕམ་བྱས་ནས། །འཇིག་
རྟེན་དག་ནས་དབང་པོའི་གོ་འཕང་འཐོབ་པར་མཛོད། །གང་ཞིག་མི་དབང་སྔ་མ་རྣམས་ཀྱིས་འདྲིམས་པ་སྟེ། །ངེས་པར་འབྱུང་ལ་འདི་ནི་གྲགས་པའི་ལམ་ཡིན་ཞིང་། །རྒྱལ་པོའི་དྲང་སྲོང་རྣམས་ཀྱང་རིགས་སུ་སྐྱེས་པ་ཡིས། །སློང་མོ་རབ་ཐོབ་ལ་ནི་འདི་ནི་བསྔགས་མ་ཡིན། །ཇི་སྲིད་ངེས་
པའི་བདག་ཉིད་དེ་རིང་མི་ལྡང་བ། །དམ་བཅའ་རྣམ་པར་མ་དོར་བརྟན་པར་གྱུར་ཅིག་དང་། །གང་ཞིག་ཉ་དགྲ་སཱུ་རྭ་ཀ་ལ་རྣམ་སྤངས་པའི། །དེ་ཉིད་བདག་གིས་མདའ་འདི་འབར་བར་བྱས་པའོ། །འདིས་ནི་ཅུང་ཞིག་རེག་པ་ཙམ་གྱིས་ཨེ་ལ་དེ། །ཟླ་བའི་ཚ་བོ་ཡིན་ཡང་སེམས་མེད་གྱུར་པ་
སྟེ། །ཞི་བའི་ལུས་ཞེས་བྱ་བ་དེ་ཡང་དེར་འགྱུར་ནས། །ཟད་པའི་དུས་སུ་ཀྱེ་མ་མི་གཞན་སྨོས་ཅི་དགོས། །དེ་ཕྱིར་སྐྱེན་པར་ལོངས་ལ་འདུ་ཤེས་ཐོབ་གྱིས་དང་། །ཡང་ཡང་ཤིན་ཏུ་རོ་མྱང་མདའ་ནི་མནན་པ་སྟེ། །དགའ་མའི་བྱར་འོས་དགའ་ཞིང་དགེས་པ་རྣམས་ལ་ནི། །གང་ཞིག་ངང་པ་
རྣམས་ལ་བཞིན་དུ་མི་འཕེན་ནོ། །གང་ཚེ་དེ་སྐད་བརྗོད་ཀྱང་ཆགས་པ་དང་བྲལ་བའི། །ཤཱཀྱ་ཐུབ་པས་གདན་ནི་བཤིག་པ་མ་ཡིན་ཉིད། །དེ་ནས་འདི་ལ་བདུད་ཀྱིས་མདའ་ནི་འཕངས་པ་སྟེ། །བུ་མོ་རྣམས་དང་བུ་རྣམས་བདུན་ནས་བྱས་ནས་སོ། །དེར་ནི་དེ་ཡིས་མདའ་ནི་རབ་ཏུ་འཕངས་ན་ཡང་། །
เล่ม ๑๗๒ · หน้า 48a
ཆགས་པར་བྱས་པ་མེད་ཅིང་བརྟན་ལས་གཡོས་པ་མེད། །དེ་ལྟར་དེ་མཐོང་གྱུར་ནས་བདུད་ནི་ཡི་མུག་ཅིང་། །བསམ་མནོ་ཡོངས་སུ་ལྡན་པ་དལ་བུས་སྨྲས་པར་འགྱུར། །རི་དབང་བུ་མོ་ལ་དམིགས་གང་གིས་ཕུག་པ་ཡི། །བདེ་འབྱུང་ལྷ་ཡང་ཡོངས་སུ་གཡོས་པར་གྱུར་
པ་སྟེ། །འདིས་ནི་མདའ་དེ་ཉིད་ལ་སེམས་པར་མི་བྱེད་པ། །སེམས་མེད་ཡིན་ནམ་མདའ་འདི་དེ་མ་ཡིན་ནམ་ཅི། །དེ་ཕྱིར་མེ་ཏོག་མདའ་འདི་འོས་པ་མ་ཡིན་ཞིང་། །དགའ་བ་མ་ཡིན་དགའ་བར་སྦྱོར་བ་འོས་མ་ཡིན། །འདི་ནི་ཞི་བ་མ་ཡིན་འབྱུང་པོའི་ཚོགས་རྣམས་ཀྱིས། །འཇིགས་དང་
བསྡིགས་དང་རྡེག་པ་རྣམས་ནི་འོས་པའོ། །དེ་ནས་བདུད་ཀྱིས་རང་གི་སྡེ་ནི་དྲན་པ་སྟེ། །ཤཱཀྱ་ཐུབ་པའི་བགེགས་ནི་མཉམ་པོར་བྱེད་འདོད་པ། །རལ་གྲི་བེ་ཅོན་ཤིང་རྩེ་ལྗོན་ཤིང་རྩེ་གསུམ་མདུང་ལག་རྣམས། །སྣ་ཚོགས་བསམ་པ་དང་ལྡན་རྗེས་སུ་འབྲངས་རྣམས་འོངས། །ཕག་
དང་ཉ་དང་བོང་བུ་རྔ་མོའི་གདོང་ཅན་རྣམས། །སྟག་དང་དོམ་དང་སེང་གེ་གཉིས་འཐུང་གདོང་ཅན་རྣམས། །མིག་གཅིག་ཁ་ནི་དུ་མ་མགོ་བོ་གསུམ་ལྡན་རྣམས། །གསུས་པ་འཕྱང་བ་རྣམས་དང་གསུས་པ་ཆེ་བ་རྣམས། །བརླ་རྣམས་པུས་མོའི་བར་དུ་བུམ་པའི་པུས་མོ་རྣམས། །མཆེ་
བའི་མཚོན་ཆ་རྣམས་དང་སེན་མོའི་མཚོན་ཆ་རྣམས། །ཀེང་རུས་གདོང་ཅན་རྣམས་དང་གཟུགས་ནི་མང་པོ་རྣམས། །གདོང་ཕྱེད་གཞོམ་པ་རྣམས་དང་གདོང་ནི་ཆེན་པོ་རྣམས། །ཐལ་སྐྱ་རྣམས་དང་ཐིག་ལེ་དམར་པོ་སྣ་ཚོགས་རྣམས། །ཁ་ཊྭཱཾ་ག་རྣམས་དང་ནི་སྤྲེའུ་ལྟར་ངུད་སྒྲ་རྣམས། །
འཕོངས་འཕྱང་རྣམས་དང་གླང་པོའི་རྣ་བའི་རྣ་བ་རྣམས། །པགས་པའི་གོས་ཅན་རྣམས་དང་གོས་དང་བྲལ་བ་རྣམས། །གདོང་ཕྱེད་དཀར་པོ་རྣམས་དང་ལུས་ཕྱེད་ལྗང་གུ་རྣམས། །ཟངས་མདོག་དུང་མདོག་རྣམས་དང་ལྗང་གུ་དཀར་པོ་རྣམས། །སྦྲུལ་གྱི་ཤམ་ཐབས་རྣམས་དང་དེ་བཞིན་
ལག་པ་རྣམས། །རབ་ཏུ་སྒྲ་སྒྲོགས་དྲིལ་བུ་འཁྲུགས་པའི་སྐེ་རགས་རྣམས། །ཏ་ལའི་ཚད་མཉམ་རྣམས་དང་མདུང་རྣམས་བཟུང་བ་རྣམས། །བྱིས་པའི་ཚད་མཉམ་རྣམས་དང་མཆེ་བ་གཙིགས་པ་རྣམས། །ལུག་གི་གདོང་ཅན་རྣམས་དང་བྱ་ཡི་མིག་ཅན་རྣམས། །བྱི་ལའི་གདོང་ཅན་
เล่ม ๑๗๒ · หน้า 48b
རྣམས་དང་མི་ཡི་ལུས་ཅན་རྣམས། །སྐྲ་བཀྲམ་རྣམས་དང་རལ་པ་ཅན་དང་བྱི་བོ་རྣམས། །གོས་དམར་རྣམས་དང་རྣམ་པར་འཁྲུགས་པས་དཀྲིས་པ་རྣམས། །རབ་དགའི་གདོང་ཅན་རྣམས་དང་གཉེར་མའི་གདོང་ཅན་རྣམས། །གཟི་བརྗིད་འཕྲོག་པ་རྣམས་དང་ཡིད་ནི་འཕྲོག་པ་རྣམས། །ཁ་ཅིག་
དག་ནི་འཕོ་ཞིང་དྲག་ཏུ་ཕན་ཚུན་དུ། །མཆན་ཁུང་འཁྱུད་ཅིང་དེ་བཞིན་གཞན་རྣམས་མཆོངས། །མཁའ་ལ་འགྲོ་བ་རྣམས་ནི་ཁ་ཅིག་རྩེ་བ་སྟེ། །ཁ་ཅིག་ཤིང་གི་རྩེ་མོ་རྣམས་ལ་ཞོན་པའོ། །ཁ་ཅིག་རྩེ་གསུམ་བསྐོར་ཞིང་གར་ནི་བྱེད་པ་སྟེ། །ཁ་ཅིག་དབྱུག་པ་གདེངས་ཤིང་ཐོག་སྒྲ་སྒྲོགས་པའོ། །ཁ་
ཅིག་དགའ་བས་ཁྱུ་མཆོག་བཞིན་དུ་སྐད་འདོན་ཞིང་། །ཁ་ཅིག་ལུས་འཕོས་རྣམས་ལས་རབ་ཏུ་འབར་བར་གྱུར། །འཛིན་པར་འདོད་པ་རྣམས་དང་འཇོམས་པར་འདོད་པ་རྣམས། །ཇོ་བོའི་བཀའ་ནི་རབ་ཏུ་སྐྱོང་བར་བྱེད་པ་སྟེ། །རྣམ་པ་དེ་ལྟར་འབྱུང་པོའི་ཚོགས་རྣམས་ཀུན་ནས་ནི། །བྱང་ཆུབ་སེམས་
དཔའ་དེ་ལ་ཡོངས་སུ་བསྐོར་ནས་གནས། །མཚན་མོ་སྔ་མ་ལ་ནི་ཤཱཀྱའི་ཁྱུ་མཆོག་དང་། །བདུད་ཀྱི་འཐབ་མོ་དུས་དེ་རབ་ཏུ་མཐོང་ནས་ནི། །ནམ་མཁའ་གསལ་བ་མ་ཡིན་ས་ནི་གཡོས་གྱུར་ལ། །ཕྱོགས་རྣམས་སྒྲ་དང་བཅས་པ་རབ་ཏུ་འབར་བར་གྱུར། །དྲག་པོའི་ཤུགས་ཅན་རླུང་ནི་ཀུན་དུ་
གཡོས་གྱུར་ལ། །སྐར་མ་རྣམས་ནི་མི་སྣང་ཟླ་བ་གསལ་མ་གྱུར། །སླར་ཡང་མཚན་མོར་མུན་པ་རྣམ་པར་རྒྱས་གྱུར་ལ། །རྒྱ་མཚོ་རྣམས་ནི་ཐམས་ཅད་ཀུན་དུ་གཡོས་པར་གྱུར། །ས་གཞི་འཛིན་ཅིང་ཆོས་དག་འཛིན་པའི་ཀླུ་རྣམས་ནི། །ཐུབ་པ་ཆེན་པོའི་བགེགས་ལ་བཟོད་པ་མ་ཡིན་ཞིང་། །བདུད་
ལས་ཁྲོས་པས་རྣམ་པར་ལོག་པའི་མིག་ཅན་རྣམས། །རྔམ་པ་བཏོན་ཞིང་ལུས་ནི་རྣམ་པར་འགྱུར་བའོ། །གཙང་མར་ལྷག་པར་གནས་པའི་ལྷ་ཡི་དྲང་སྲོང་ནི། །དམ་ཆོས་བསྒྲུབ་པའི་དོན་དུ་མངོན་པར་ཞུགས་པ་རྣམས། །བདུད་ལས་ཡིད་ཀྱིས་རྗེས་སུ་བརྩེ་བ་བྱས་པ་སྟེ། །ཆགས་དང་བྲལ་བ་
ལས་ཀྱང་ཁྲོས་པར་མ་གྱུར་ཏོ། །འཚེ་བའི་བདག་ཉིད་བདུད་ཀྱི་དཔུང་ནི་དེ་ཡིས་ནི། །བྱང་ཆུབ་རྩ་བ་དེ་ནི་ཁྱབ་པ་མཐོང་ནས་ནི། །ཆོས་ཀྱི་བདག་ཉིད་འཇིག་རྟེན་ཐར་པ་འདོད་རྣམས་ཀྱིས། །ནམ་མཁའ་དག་ལ་ཧཱ་ཧཱའི་སྒྲ་དག་བྱས་པར་གྱུར། །ཆོས་ཀྱི་ཆོ་ག་དེ་ནི་ཉེ་བར་ཉམས་བྱེད་པ། །བདུད་དཔུང་
เล่ม ๑๗๒ · หน้า 49a
གནས་པ་དྲང་སྲོང་ཆེན་པོས་གཟིགས་ནས་ནི། །བ་ལང་རྣམས་ཀྱི་དབུས་སུ་སེང་གེ་གནས་པ་བཞིན། །གཡོ་འགུལ་མེད་ཅིང་རྣམ་པར་འགྱུར་བར་ཡང་མ་གྱུར། །དེ་ནས་དེ་ཡི་འཇིགས་པའི་ཆེད་དུ་བདུད་ཀྱིས་ནི། །འབྱུང་པོའི་སྡེ་ནི་དྲག་པོ་རྣམས་ལ་བཀའ་སྩལ་ཞིང་། །
དེ་ནས་འདི་ཡི་སྡེ་དེས་རང་རང་མཐུ་རྣམས་ཀྱིས། །དེ་ཡི་བསྟན་པ་དབྱེ་ཕྱིར་བློ་གྲོས་བྱས་པའོ། །ཁ་ཅིག་ལྕེ་རྣམས་གཡོ་ཞིང་དུ་མར་རྣམ་འཕྱང་ཞིང་། །མཆེ་བའི་རྩེ་མོ་རྣམས་རྣོ་མིག་རྣམས་ལྗང་སེར་ཟླུམ། །ཁ་རྣམས་གདངས་ཤིང་ཕུར་བུའི་རྣ་བ་རྣམས་བསྟན་ཞིང་། །ཀུན་ནས་སྐྲག་པར་བྱེད་
པ་སྙམ་དུ་གནས་ཞེས་གྲག །དེས་ནི་གཟུགས་དང་བསམ་པ་དག་གིས་མི་བཟད་པ། །རྣམ་པ་དེ་དག་ཉིད་དུ་གནས་པ་དེ་རྣམས་ལས། །རྩེད་མོ་བྱེད་པའི་བྱིས་པ་རྒྱགས་པ་རྣམས་ལས་ནི། །དྲང་སྲོང་ཆེན་པོ་ཟུག་མེད་སྐྱོ་བར་མ་གྱུར་ཏོ། །དེ་ནས་ཁ་ཅིག་ཁྲོས་པས་ལྟ་བྱེད་རྣམ་འགྱུར་ཞིང་། །འདི་
ལ་དབྱུག་པ་རྡེག་པར་འབད་པ་བྱ་བ་སྟེ། །སྔོན་ཚེ་གྲོང་ཁྱེར་འཇོམས་པའི་རྡོ་རྗེ་དང་བཅས་ལྟར། །དེ་ནས་འདི་ཡི་དབྱུག་པ་དང་བཅས་ལག་པ་རེངས། །ཁ་ཅིག་རྡོ་དང་ཤིང་རྣམས་གྱེན་དུ་འཕྱར་བ་ནི། །ཐུབ་པ་ལ་ནི་རྣམ་པར་འཕེན་པར་མ་ནུས་ཏེ། །འབིགས་བྱེད་རི་བྲགས་རྣམས་ནི་རྡོ་རྗེས་བཅོམ་པ་
བཞིན། །ཤིང་རྣམས་དང་བཅས་རྡོ་རྣམས་བཅས་པ་དེ་བཞིན་ལྷུང་། །ཁ་ཅིག་མཁའ་ལ་གྱེན་དུ་འཕུར་བས་རྡོ་རྣམས་དང་། །དགྲ་སྟ་རྣམས་དང་ཤིང་རྣམས་རྣམ་པར་འཕངས་པ་རྣམས། །ཁ་དོག་གཅིག་མིན་མཚམས་སྤྲིན་རྐང་པ་རྣམས་བཞིན་དུ། །མངོན་པར་ལྷུང་བ་མ་ཡིན་ནམ་མཁར་གནས་པར་
གྱུར། །གཞན་ནི་དེ་ཡི་སྟེང་དུ་འབར་བའི་ཁྱུ་མཆོག་གིས། །གླང་བུ་རི་བོ་ཙམ་པའི་རྭ་ཅན་འཕངས་པ་སྟེ། །དེ་ནི་འཕངས་པ་ཙམ་དུ་ནམ་མཁར་གནས་པ་ཉིད། །དེ་ཡི་མཐུ་ལས་རྣམ་པ་བརྒྱར་ནི་གས་པར་གྱུར། །འཇིག་རྟེན་འཇིག་ཚེ་ལྷུན་པོ་རབ་ཏུ་འབར་བ་ཡིས། །གསེར་གྱི་བྱ་སྐྱིབས་
རྣམས་ཀྱི་ཕྱེ་མ་རྣམ་བཞིན་དུ། །ཁ་ཅིག་ཉི་མ་ཤར་བ་བཞིན་དུ་འབར་བ་ཡི། །མེ་མདག་ཆར་པ་ཆེན་པོ་མཁའ་ལས་ཕབ་པར་གྱུར། །བྱང་ཆུབ་ཤིང་གི་རྩ་བར་རབ་ཏུ་རྣམ་འཕངས་པའི། །མེ་སྟག་འཕྲོ་བ་དང་བཅས་མེ་མདག་ཆར་པ་དེ། །དྲང་སྲོང་དམ་པ་མཆོག་གིས་བྱམས་པའི་གནས་པ་ལས། །
เล่ม ๑๗๒ · หน้า 49b
ཨུཏྤལ་དམར་པོའི་འདབ་མའི་ཆར་པར་གྱུར་པའོ། །ལུས་དང་སེམས་ལ་རྣམ་པར་གནོད་པར་བྱ་བའི་ཕྱིར། །རྣམ་པ་དེ་ལྟར་ཕབ་པ་དེ་དང་དེ་རྣམས་ཀྱིས། །རང་གི་ངེས་པའི་གཉེན་འདུན་ཉེ་བར་འཁྱུད་ནས་བཞིན། །ཤཱཀྱ་ཐུབ་པ་གདན་ལས་གཡོས་པར་མ་གྱུར་ཏོ། །དེ་ནས་གཞན་
རྣམས་འཁོགས་པའི་ལྗོན་ཤིང་རྣམས་ནས་ལྟར། །ཁ་རྣམས་ལས་ནི་སྦྲུལ་རྣམས་རྣམ་པར་སྐྱུགས་པ་སྟེ། །སྔགས་ཀྱིས་བཅིངས་བཞིན་དེ་རྣམས་དེ་ཡི་དྲུང་དུ་ནི། །སོང་བ་མ་ཡིན་དབུགས་མིན་གཡོས་པར་མ་གྱུར་རོ། །གཞན་རྣམས་གློག་དང་བཅས་ཤིང་ཐོག་དང་བཅས་པ་ཡིས། །ཆུ་འཛིན་ཆེན་
པོ་གཏུམ་པའི་དབྱངས་ལྡན་རྣམས་གྱུར་ནས། །ལྗོན་ཤིང་དེ་ལ་རྡོ་བའི་ཆར་པ་ཕབ་པ་སྟེ། །དེ་ནི་མེ་ཏོག་ཆར་པ་མཛེས་པར་གྱུར་པའོ། །དབང་ཕྱུག་མ་ཡིན་སྲོན་པར་དཀར་བའི་མི་ཡི་ནི། །སྙིང་ལ་ཡོངས་སུ་གཡོས་པའི་ཁྲོ་བ་བཞིན་དུ་ནི། །དེ་ནས་གཞན་གྱིས་གཞུ་ལ་མདའ་དག་བཀང་བ་ནི། །དེ་ཉིད་
དུ་ནི་འབར་ཞིང་ལྷུང་བར་མ་གྱུར་ཏོ། །ཡུལ་ལ་རབ་ཏུ་འཇུག་ལ་འཁོར་བ་ལ་འཇིགས་པ། །ཡོངས་སུ་རྟོག་པ་པོ་ཡི་དབང་པོ་ལྔ་རྣམས་བཞིན། །གཞན་རྣམས་དག་གིས་མདའ་ལྔ་རབ་ཏུ་འཕངས་པ་རྣམས། །ནམ་མཁར་གནས་བཞིན་ཐུབ་པ་ལ་ནི་མ་ལྷུང་ངོ་། །གཞན་ནི་བརྡེག་པར་འདོད་པས་ཁྲོས་
ཤིང་རབ་བསྐོར་ཞིང་། །དབྱུག་པ་བཟུང་ནས་དྲང་སྲོང་ཆེན་པོའི་མངོན་དུ་ཕྱོགས། །དོན་མེད་བྱེད་པའི་ཉེས་པ་རྣམས་ལ་འཇིག་རྟེན་བཞིན། །དེས་ནི་འདོད་པ་མ་ཐོབ་དབང་མེད་འགྱེལ་བར་གྱུར། །བུད་མེད་སྤྲིན་པ་ནག་མོ་ལག་ན་ཐོད་པ་ཅན། །དྲང་སྲོང་ཆེན་པོའི་ཐུགས་ནི་རྨོངས་པར་བྱེད་ཅེས་གྲག །གཡོ་
བའི་བདག་ཉིད་ཅན་གྱི་བློ་ནི་ལུང་ལ་བཞིན། །དེར་ནི་ངེས་པ་མེད་པར་བསྐོར་ཞིང་གནས་མ་ཡིན། །ཁ་ཅིག་མིག་ནི་རབ་ཏུ་འབར་བར་བྱས་ནས་ནི། །མིག་གི་མེ་ཡིས་སྦྲུལ་གྱི་དུག་བཞིན་བསྲེག་འདོད་པས། །འདོད་པའི་བདག་ཉིད་ཅན་གྱིས་ཉེར་གནས་དཔལ་བཞིན་དུ། །དེར་ནི་དྲང་སྲོང་བཞུགས་
པ་མཐོང་བར་མ་གྱུར་ཏོ། །ཡེ་ཤེས་ཏིང་འཛིན་དག་གིས་འགྲོ་བྱ་ཉེས་ལེགས་ཆོས། །ལུས་ཀྱི་ངལ་བ་རྣམས་ཀྱིས་འཐོབ་པར་འདོད་པ་བཞིན། །དེ་བཞིན་གཞན་ནི་རྡོ་བ་ལྕི་མོ་བཏེག་པ་ནི། །རབ་ཏུ་འབད་པ་རྣམ་བཅོམ་དོན་མེད་ངལ་བར་གྱུར། །དེ་བཞིན་གཞན་རྣམས་དྲེད་དང་སེང་གེའི་རྣམ་པ་ཡིས། །
เล่ม ๑๗๒ · หน้า 50a
ཆེན་པོའི་སྒྲ་རྣམས་མཐོན་པོ་རབ་ཏུ་སྒྲོགས་པ་སྟེ། །རྡོ་རྗེས་བསྣུན་པའི་ནམ་མཁའ་འགས་པ་ཞེས་སྙམ་ནས། །སེམས་ཅན་རྣམས་ནི་གང་གིས་ཀུན་ནས་འཁུམས་པར་གྱུར། །རི་དགས་གླང་པོ་རྣམས་ནི་ཉམ་ཐག་སྐད་འདོན་ཞིང་། །རྣམ་པར་འབྲོས་ཤིང་ཐིམ་པ་ཉིད་
དུ་གྱུར་པ་སྟེ། །དེ་ཡི་མཚན་མོར་ཕྱོགས་རྣམས་ལས་ནི་ཉིན་མོ་བཞིན། །ཉམ་ཐག་བྱ་རྣམས་སྐད་འདོན་ཡོངས་སུ་བབས་པར་གྱུར། །རྣམ་པ་དེ་ལྟར་དེ་རྣམས་ཀྱི་སྒྲ་དེ་རྣམས་ཀྱིས། །འབྱུང་པོ་ཐམས་ཅད་རྣམས་སུ་གཡོས་པ་ཡིན་ན་ཡང་། །ཁབ་རྣམས་དག་གི་སྒྲ་རྣམས་དག་གིས་མཁའ་
ལྡིང་ལྟར། །ཐུབ་པ་འཇིགས་པ་མ་ཡིན་འཁུམས་པར་མ་གྱུར་ཏོ། །འཇིགས་པ་འདྲོན་པ་ཡོངས་སུ་བསྐོར་བའི་ཚོགས་རྣམས་ལས། །ཇི་ལྟ་ཇི་ལྟར་ཐུབ་པའི་འཇིགས་པ་མ་ཡིན་པ། །དེ་ལྟ་དེ་ལྟར་ཆོས་འཛིན་རྣམས་ཀྱི་དགྲ་བོ་ཡི། །བདུད་རྣམས་མྱ་ངན་ལས་དང་ཁྲོས་ནས་བྱེར་བའོ། །དེ་
ནས་འབྱུང་པོ་ཅུང་ཞིག་གཟུགས་ནི་མཐོ་བ་མ་ཡིན་ཞིང་། །ཁྱད་པར་འཕགས་པར་གྱུར་པ་ནམ་མཁར་གནས་ཉིད་ཀྱིས། །དྲང་སྲོང་ལ་གནོད་དགྲ་མ་ཡིན་ལ་ཁྲོས་མཐོང་ནས། །བདུད་ལྷ་ཆེན་པོའི་དབྱངས་ཀྱིས་སྨྲས་པར་གྱུར་པའོ། །དོན་མེད་ངལ་བར་བྱེད་པར་འོས་པ་མ་ཡིན་བདུད། །
འཚེ་བའི་བདག་ཉིད་སྤོངས་ལ་བདེ་བར་སོང་མཛོད་དང་། །རི་བོ་ཆེན་པོ་ལྷུན་པོ་རྣམས་ཀྱི་ས་བཞིན་དུ། །ཁྱོད་ཀྱིས་བསྐྱོད་ཅིང་བསྒུལ་བར་ནུས་པ་མ་ཡིན་ནོ། །ས་ཡི་བརྟན་པ་ཉིད་དང་ཆུ་ཡི་གཤེར་བ་ཉིད། །མེ་ཡི་དྲོ་བ་ཉིད་ནི་རབ་ཏུ་འདོར་བ་ཡང་། །བསྐལ་པ་དུ་མར་བསྒྲུབ་པའི་བསོད་ནམས་ལས་
མངའ་བ། །འདིས་ནི་ནན་ཏན་ངེས་པར་འདོར་བ་མ་ཡིན་ནོ། །འདིས་ནི་ངེས་པ་གང་དང་ཕ་རོལ་གནོན་པ་དང་། །གཟི་བརྗིད་གང་དང་བརྩེ་བ་སྐྱེ་དགུ་རྣམས་ལ་བརྟེན། །འོད་ཟེར་སྟོང་གིས་མུན་རྣམས་མ་བཅོམ་གནས་བཞིན་དུ། །འདི་ནི་དེ་ཉིད་མ་ཐོབ་ནས་ནི་ལྡང་མ་ཡིན། །ཤིང་ལ་བསྲུབས་ནས་མེ་ནི་
རྙེད་པར་འགྱུར་བ་སྟེ། །ས་ལ་བརྐོས་ན་ཆུ་ཡང་འཐོབ་པར་འགྱུར་བ་ཉིད། །རིགས་པ་དང་ནི་ལྡན་པའི་ཐམས་ཅད་བྱས་པ་སྟེ། །བརྩོན་འགྲུས་ལྡན་པའི་བསྒྲུབ་བྱ་མ་ཡིན་ཅི་ཡང་མེད། །དེ་ཕྱིར་ཆགས་སོགས་ནད་རྣམས་དག་ལ་གནས་པ་ཡི། །འཇིག་རྟེན་ཉམ་ཐག་པ་ལ་ཐུགས་རྗེ་མངའ་བ་ནི། །
เล่ม ๑๗๒ · หน้า 50b
ཡེ་ཤེས་དམན་གྱི་དོན་དུ་ཡོངས་སུ་ངལ་བ་པོ། །སྨན་པ་ཆེན་པོ་འདི་ལ་བགེགས་འོས་མ་ཡིན་ནོ། །ལམ་ངན་མང་པོ་རྣམས་ཀྱིས་འཇིག་རྟེན་སྟོར་བ་ལ། །གང་ཞིག་ཞི་བས་དམ་པའི་ལམ་ནི་རྗེས་ཚོལ་བ། །ཆུད་ཟོས་པ་ལ་ལེགས་པར་སྟོན་བྱེད་དེད་དཔོན་བཞིན། །སྟོན་མཛད་དེ་ནི་བསྐྱོད་པར་
རིགས་པ་མ་ཡིན་ནོ། །མུན་པ་ཆེན་པོ་སེམས་ཅན་ཆུད་ཟོས་རྣམས་ལ་ནི། །ཡེ་ཤེས་སྒྲོན་མ་རབ་ཏུ་གསལ་བར་མཛད་པ་འདི། །མུན་པ་ལ་ནི་རབ་ཏུ་འབར་བའི་སྒྲོན་མ་ཡིན། །འཕགས་པའི་མྱ་ངན་འདའ་བར་བྱེད་པར་འོས་མ་ཡིན། །འཁོར་བའི་རྣམ་འགྱུར་ཆུ་བོ་ཆེན་པོར་འགྲོ་བ་ནི། །ཕ་རོལ་
མ་ཐོབ་པར་ནི་བྱིང་བར་གཟིགས་ནས་ནི། །གང་གིས་དེ་ནི་སྒྲོལ་བར་བྱེད་ལ་རབ་ཞུགས་ཏེ། །དེ་ལ་སྡིག་པ་འཕགས་པ་སུ་ཡིས་སེམས་པར་བྱེད། །བཟོད་པའི་ཆུ་རྒྱུས་བསྟན་པའི་རྩ་བ་བརྟན་པ་སྟེ། །སྤྱོད་པའི་མེ་ཏོག་བློ་དང་དྲན་པའི་ཡལ་ག་ཅན། །ཡེ་ཤེས་ལྗོན་ཤིང་ཆོས་ཀྱི་འབྲས་བུ་སྟེར་བ་
པོ། །འཕེལ་བཞིན་པ་ནི་ཟློག་པར་འོས་པ་མ་ཡིན་ནོ། །གང་གི་སྙིང་ལ་རྨོངས་པའི་ཞགས་པ་སྲ་རྣམས་ཀྱིས། །བཅིངས་པའི་སྐྱེ་དགུ་རྣམས་ཀྱི་གྲོལ་ཕྱིར་བློ་མངའ་ཞིང་། །འགྲོ་བ་བཅིངས་པ་ཐར་པའི་ཆེད་དུ་འོ་བརྒྱལ་བ། །དེ་ལ་བརྡེགས་པ་ཁྱོད་ཀྱིས་འཐད་པ་མ་ཡིན་ནོ། །བྱང་ཆུབ་ཆེད་དུ་
ལས་གང་དག་ན་མཛད་པ་རྣམས། །དེ་རྣམས་ཀྱིས་ནི་ངེས་པར་དེ་རིང་དུས་ཡིན་ལ། །ཇི་ལྟར་ཐུབ་པ་སྔ་མ་རྣམས་ནི་དེ་བཞིན་དུ། །གནས་དེར་དེ་བཞིན་འདི་ནི་ཉེ་བར་བཞུགས་པའོ། །དབྱིག་འཛིན་ས་གཞི་ཡི་ནི་ལྟེ་བ་འདི་ཡིན་ཞིང་། །སྙིང་པོ་དམ་པ་མཐའ་དག་དང་ནི་ལྡན་པ་ཉིད། །གང་ཞིག་འདི་ཡིས་
ཏིང་ངེ་འཛིན་གྱི་ཤུགས་བཟོད་པའི། །ས་ཡི་ཕྱོགས་དེ་འདི་ལས་གཞན་པ་ཡོད་མ་ཡིན། །དེ་ཕྱིར་ཁྲོ་བར་མ་བྱེད་ཞི་བར་ཉེར་སོང་ལ། །བདུད་ནི་ཁྱོད་ཀྱི་དྲགས་པས་ང་རྒྱལ་མ་གྱུར་ཅིག །དཔལ་ནི་མི་བརྟན་བློ་གཏད་པར་ནི་ནུས་མིན་ཞིང་། །གོ་འཕང་གཡོ་ལ་རྒྱགས་པར་མངོན་པར་ཉེར་འགྲོ་
ཞིང་། །དེ་ནས་དེ་ཡི་ཚིག་དེ་ཡང་དག་ཐོས་ནས་དང་། །ཐུབ་པ་ཆེན་པོའི་གཡོ་བ་མེད་པ་ཉིད་མཐོང་ནས། །གང་གིས་མདའ་ཡིས་འགྲོ་བའི་སྙིང་ལ་རྡེག་བྱེད་པའི། །བདུད་ནི་འབད་པ་བཅོམ་ཞིང་ཡིད་མི་བདེ་བར་སོང་། །དགའ་བ་མེད་ཅིང་འབྲས་མེད་ངལ་བ་བྱས་པ་རྣམས། །ཕ་བོང་རྣམས་ནི་ཁྱུ་
เล่ม ๑๗๒ · หน้า 51a
མཆོག་ལྗོན་ཤིང་རྣམས་གཏོར་ཏེ། །དགྲར་གྱུར་དགྲ་བོའི་དཔུང་ནི་གཙོ་བོ་བསད་པ་ལྟར། །དེ་ནས་འདི་ཡི་དཔུང་ནི་ཕྱོགས་ཕྱོགས་བྲོས་པའོ། །མེ་ཏོག་ཏོག་ཅན་འཁོར་དང་བཅས་པ་བྲོས་ཤིང་ངེས་པར་འཕམ་པ་ནི། །དྲང་སྲོང་ཆེན་པོ་མུན་པ་འཕམ་ཞིང་རྡུལ་དང་
བྲལ་བ་རྒྱལ་བ་ན། །རྒོད་པ་དང་བཅས་ལང་ཚོ་མ་བཞིན་ཟླ་བ་དང་བཅས་མཁའ་གསལ་ཞིང་། །ཆུ་ཡི་སྙིང་པོ་ཅན་གྱི་དྲི་ཞིམ་མེ་ཏོག་ཆར་པ་བབ་པར་གྱུར་པའོ། །དེ་ལྟར་སྡིག་པ་ཅན་ནི་ངེས་པར་ཕམ་པ་ནི། །དེ་ཚེ་ཕྱོགས་ནི་རབ་སྣང་མཚན་མོར་བྱེད་པ་མཛེས། །མཁའ་ལས་མེ་ཏོག་ཆར་
རྣམས་ས་ལ་བབ་པ་སྟེ། །ལང་ཚོ་མ་བཞིན་ངལ་བ་མེད་པར་མཚན་མོ་གསལ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བདུད་ལས་རྣམ་པར་རྒྱལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བརྟན་དང་ཞི་བ་ཡིས། །བདུད་ཀྱི་སྟོབས་ནི་ཕམ་མཛད་ནས། །
དོན་དམ་རྣམ་པར་མཁྱེན་བཞེད་པ། །བསམ་གཏན་མཁས་དེ་བསམ་གཏན་མཛད། །བསམ་གཏན་ཆོ་ག་ཐམས་ཅད་ལ། །དབང་ཕྱུག་དམ་པ་རབ་བརྙེས་ནས། །སྔོན་གྱི་སྐྱེ་བ་རིམ་པ་ནི། །དང་པོའི་ཐུན་ལ་དྲན་པའོ། །ཆེ་གེ་མོ་བདག་མིང་འདི་ནི། །དེ་ནས་འཕོས་ཏེ་འདིར་འོངས་པའོ། །ཞེས་
ནི་སྐྱེ་བ་སྟོང་ཕྲག་རྣམས། །རྗེས་སུ་མྱོང་བ་བཞིན་དུ་དྲན། །འཐད་པ་དེ་དང་དེ་རྣམས་སུ། །སྐྱེ་བར་འཆི་བ་དྲན་ནས་ནི། །དེ་ནས་སེམས་ཅན་ལ་ཐུགས་རྗེས། །ཐུགས་རྗེའི་བདག་ཉིད་ཅན་གྱིས་མཛད། །རང་གི་སྐྱེ་བོ་བོར་ནས་ནི། །སླར་ཡང་གཞན་དུ་བྱ་བ་རྣམས། །ངེས་པར་འཇིག་རྟེན་
མགོན་མེད་འདི། །འཁོར་ལོ་བཞིན་དུ་ཡོངས་སུ་འཁོར། །དེ་ལྟར་ངེས་པའི་བདག་ཉིད་ནི། །དེ་ཡི་དྲན་པར་གྱུར་པ་སྟེ། །ཆུ་ཤིང་སྙིང་པོ་སྙིང་པོ་མེད། །འཁོར་བ་དེ་ལྟར་ངེས་པར་རོ། །ཐུན་ནི་གཉིས་པ་བྱུང་བ་ན། །གཉིས་མེད་ཕ་རོལ་གནོན་པ་དེ། །མིག་དང་ལྡན་པ་ཀུན་གྱི་མཆོག །ལྷ་
ཡི་སྤྱན་ནི་ཐོབ་པར་གྱུར། །དེ་ནས་དེས་ནི་ལྷ་ཡི་སྤྱན། །ཡོངས་སུ་དག་པ་དེ་ཡིས་ནི། །མེ་ལོང་དྲི་མ་མེད་པ་ལྟར། །འཇིག་རྟེན་མཐའ་དག་ལ་གཟིགས་སོ། །མཆོག་དང་མཆོག་མིན་ལས་རྣམས་ཀྱིས། །སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། །སྐྱེ་བ་གཟིགས་པ་དེ་ཡིས་ནི། །ཐུགས་རྗེའི་བདག་
เล่ม ๑๗๒ · หน้า 51b
ཉིད་འཕེལ་བར་གྱུར། །འདི་རྣམས་སྡིག་པའི་ལས་ཅན་རྣམས། །སྲོག་ཆགས་རྣམས་ནི་ངན་འགྲོར་འགྲོ། །འདི་གཞན་དགེ་བའི་ལས་ཅན་རྣམས། །མཐོ་རིས་སུ་ནི་རབ་གནས་སོ། །ཤིན་ཏུ་མི་བཟད་དམྱལ་བ་རུ། །རབ་ཏུ་འཇིགས་པར་གྱུར་པ་རྣམས། །འདི་རྣམས་སྡུག་བསྔལ་སྣ་ཚོགས་
ཀྱིས། །ཀྱེ་མ་བཀྲེན་པས་གཙེར་པར་བྱེད། །ཁ་ཅིག་མེ་ཡི་ཁ་དོག་གི །ལྕགས་ཁུ་ཁོལ་མ་འཐུང་བར་བྱེད། །ལྕགས་ཀྱི་ཀ་བ་ཚན་མོ་ལ། །གཞན་རྣམས་ཆོ་ངེས་འདེབས་ཤིང་འཛེག །ལྕགས་ཟངས་རྣམས་སུ་ཁས་བུབ་རྣམས། །ཁ་ཅིག་ཐུག་པ་བཞིན་དུ་འཚེད། །མེ་མདག་ཕུང་པོ་
འབར་རྣམས་སུ། །ཁ་ཅིག་སྙིང་རྗེ་བར་སྲེག་གོ། །ཁ་ཅིག་ལྕགས་ཀྱི་མཆེ་རྣོ་ཅན། །མི་བཟད་ཁྱི་རྣམས་ཀྱིས་ཟ་ཞིང་། །ཁ་ཅིག་མ་རུངས་ལྕགས་མཆུ་ཅན། །ལྕགས་འདྲའི་བྱ་རོག་རྣམས་ཀྱིས་ཟ། །ཁ་ཅིག་གདུང་བས་ཡོངས་ངལ་རྣམས། །བསིལ་བའི་གྲིབ་མ་མངོན་འདོད་པས། །རལ་གྲིའི་
ལོ་མའི་ནགས་སྔོན་པོར། །འདི་རྣམས་བཅིངས་པ་བཞིན་དུ་ཞུགས། །ཁ་ཅིག་སྟ་རེ་རྣམས་ཀྱིས་ནི། །ལག་པ་བཏེག་རྣམས་ཤིང་ལྟར་འགེམས། །ལས་རྣམས་ཀྱིས་བཟུང་སྲོག་རྣམས་ནི། །སྡུག་བསྔལ་ན་ཡང་རྣམ་མི་སྨིན། །སྡུག་བསྔལ་ཟློག་པའི་དོན་ཆེད་དུ། །བདེ་བ་ཡིན་
ཞེས་ལས་གང་བྱས། །དེ་ཡི་འབྲས་དེ་དབང་མེད་ཀྱིས། །སྡུག་བསྔལ་ཁོ་ན་ཉེར་ལོངས་སྤྱོད། །བདེ་དོན་མི་དགེ་བ་བྱས་ནས། །གང་དེ་ཤིན་ཏུ་སྡུག་བསྔལ་རྣམས། །དེ་དག་རྣམས་ཀྱི་རོ་མྱང་དེས། །བདེ་བ་ཕྲ་མོ་ཡང་བྱེད་དམ། །སྡིག་པའི་བདག་ཉིད་རྒོད་རྣམས་ཀྱིས། །སྡིག་པའི་
ལས་ནི་བྱས་པ་གང་། །དེ་ནི་མངོན་དུ་གྱུར་པའི་ཚེ། །ཆོ་ངེ་རྣམས་ཀྱིས་རྗེས་སུ་མྱོང་། །གལ་ཏེ་དེ་ལྟར་སྡིག་ལས་ཅན། །ལས་ཀྱི་འབྲས་བུ་མཐོང་བ་སྟེ། །དམིགས་སུ་མངོན་པར་བསྣུན་པ་བཞིན། །སྐྱེན་པར་ཁྲག་ནི་སྐྱུགས་པ་ཉིད། །ལུས་ཀྱི་སྡུག་བསྔལ་རྣམས་ལས་དང་། །
དམྱལ་བའི་རྣམས་ལས་སེམས་ལྡན་གྱི། །འཕགས་མིན་རྣམས་དང་ལྡན་ཅིག་འགྲོགས། །ངལ་བ་མཆོག་ནི་བདག་གི་ལུགས། །གཞན་འདི་སེམས་ཀྱིས་རྣམ་གཡོ་ལས། །བྱུང་བའི་ལས་རྣམས་སྣ་ཚོགས་ཀྱིས། །བྱོལ་སོང་སྐྱེ་གནས་སྣ་ཚོགས་སུ། །ཉེ་བར་སྐྱེས་རྣམས་གདུང་བ་
เล่ม ๑๗๒ · หน้า 52a
ཅན། །ཤ་ལྤགས་སྤུ་དང་སོ་ཡི་ཕྱིར། །ཆགས་པ་ལས་སམ་རྒྱགས་པ་ལས། །གཉེན་འདུན་རྣམས་ཀྱིས་མཐོང་ན་ཡང་། །གང་དུ་སྙིང་རྗེ་བར་གསོད་དོ། །ནུས་མེད་ལྡན་ཡང་དབང་མེད་རྣམས། །བཀྲེས་སྐོམ་ངལ་བས་གཙེར་བ་རྣམས། །ལྕགས་
ཀྱིས་བསྣུན་པའི་དབྱིག་ཅན་རྣམས། །རྟ་དང་བ་ལང་གྱུར་རྣམས་འཁོལ། །སྟོབས་ཅན་རྣམས་ཀྱང་སྟོབས་ཆུང་གི །གླང་པོར་གྱུར་པ་རྣམས་འཁོལ་ཏེ། །ལྕགས་ཀྱུས་ཉོན་མོངས་མགོ་བོ་རྣམས། །རྐང་པའི་རྟིང་པ་རྣམས་ཀྱིས་བཏགས། །ཕན་ཚུན་རྣམ་པར་རྩོད་ལས་དང་། །
གཞན་གྱི་དབང་དུ་གྱུར་ཉིད་ཀྱིས། །སྡུག་བསྔལ་གཞན་རྣམས་ལ་ཡོད་ཀྱང་། །གང་ལ་སྡུག་བསྔལ་ཁྱད་པར་ལྡན། །ཕན་ཚུན་དུ་ནི་རབ་ཕྲད་ནས། །མ་གནས་སྐམ་གནས་རྣམས་ཀྱིས་དང་། །ཆུར་གནས་ཆུར་གནས་རྣམས་ཀྱིས་དང་། །མཁར་གནས་མཁར་གནས་རྣམས་ཀྱིས་
འཇོམས། །སེར་སྣས་ནོན་པའི་སེམས་ལྡན་རྣམས། །ཡི་དགས་འཇིག་རྟེན་སྣང་མེད་དུ། །སྐྱེས་པ་འདི་རྣམས་དེ་བཞིན་དུ། །བཀྲེས་པ་འབྲས་བུ་ལ་ལོངས་སྤྱོད། །ཁབ་མིག་ལྟ་བུའི་ཁ་རྣམས་དང་། །རི་བོ་ལྟ་བུའི་ལྟོ་བ་རྣམས། །བཀྲེས་སྐོམ་གྱིས་བསྐྱེད་སྡུག་བསྔལ་གྱིས། །
སྡུག་བསྔལ་སྐལ་ཅན་རྣམས་གཙེར་ཏོ། །སེར་སྣའི་འབྲས་བུ་འདི་འདྲ་བ། །སྐྱེས་བུ་གལ་ཏེ་ཤེས་ན་ནི། །ལུས་ཀྱི་ཆ་ཤས་རྣམས་ཀྱང་ནི། །ཞི་བ་བཞིན་དུ་ཀུན་ནས་གཏོང་། །རང་གི་ལས་རྣམས་ཀྱིས་བཟུང་ཞིང་། །སྲེད་པས་ཤིན་ཏུ་ནོན་པ་རྣམས། །བོར་བའི་མི་གཙང་བ་རྣམས་
ཀྱང་། །ལོངས་སྤྱོད་པར་ནི་འདིས་མི་རྙེད། །འདི་གཞན་དམྱལ་བ་དང་མཚུངས་པའི། །མངལ་ཕྱིན་མི་གཙང་ཁུ་བ་རུ། །ཉེ་བར་སྐྱེས་རྣམས་མི་རྣམས་སུ། །འགྲོ་བ་རྣམས་ནི་སྡུག་བསྔལ་འཐོབ། །དེ་སྔོན་སྐྱེ་བ་ཙམ་ན་ཡང་། །ལག་པ་རྣོན་པོས་བཟུང་བ་རྣམས། །རལ་གྲི་རྣམས་
ཀྱིས་གཤེགས་པ་ལྟར། །གང་དུ་སྙིང་རྗེ་བར་ནི་ངུ་། །བྱམས་དང་བསྲུང་དང་སྐྱོང་རྣམས་ཀྱི། །གཉེན་འདུན་རྣམས་ཀྱིས་འབད་ནས་སོས། །སྡུག་བསྔལ་ལས་སླར་སྡུག་བསྔལ་དྲག །རང་རང་ལས་ཀྱིས་ཉོན་མོངས་སོ། །བྱ་བ་འདི་དང་བྱ་བ་འདི། །ཞེས་ནི་གང་དུ་ལྷག་པར་ལ། །
เล่ม ๑๗๒ · หน้า 52b
སྲེད་དང་ཡོངས་ལྡན་བྱིས་རྣམས་ཀྱིས། །རྒྱུན་ཆད་མེད་པར་རྗེས་སུ་མྱོང་། །འདི་གཞན་བསོད་ནམས་ལས་རྣམས་ཀྱིས། །མཐོ་རིས་སུ་ནི་སྐྱེས་པ་རྣམས། །འདོད་ཆགས་མེ་ཡིས་དྲག་ཏུ་ནི། །མེ་ལྟར་རབ་ཏུ་སྲེག་པར་བྱེད། །ཡུལ་རྣམས་ཀྱིས་ནི་ངོམས་མེད་རྣམས། །གང་
ལས་འདི་རྣམས་གཟི་བཅོམ་སྟེ། །ཕྲེང་བ་ཡོངས་རྙིངས་ཞགས་པ་རྣམས། །གྱེན་དུ་མིག་ཕྱོགས་རྣམས་ལྷུང་ངོ་། །གང་དུ་ལྷ་མོ་རྣམས་ཀྱིས་ནི། །སྡུག་པ་དབང་མེད་ལྷུང་བ་ལ། །སྙིང་ལ་བརྩེ་བ་ལྟོས་རྣམས་ཀྱིས། །ལག་པ་རྣམས་ཀྱིས་གོས་རྣམས་འཛིན། །གང་ཞིག་ས་
ལ་ལྷུང་བ་བཞིན། །ལུས་འདུད་དོ་ཤལ་གཡོ་རྣམས་ཀྱིས། །སྡུག་རྣམས་གཞལ་མེད་ཁང་རྣམས་ནས། །སྙིང་རྗེ་དང་བཅས་ལྟུང་བ་ལྟ། །རྣམ་པ་སྣ་ཚོགས་རྒྱན་ཕྲེང་ཅན། །གཞན་འདིས་སྡུག་བསྔལ་ལྷུང་རྣམས་ལ། །གདུང་རྣམས་བརྩེ་དང་གཡོ་བ་ཡི། །ལྟ་བྱེད་རྣམས་ཀྱི་རྗེས་
སུ་འགྲོ། །འདོད་པ་ཅན་རྣམས་ལྷུང་བ་ལ། །ལག་པ་རྣམས་ཀྱིས་བྲང་བརྡུང་ཞིང་། །འཁྲུགས་ཆེན་གྱི་ལྟར་ཉམ་ཐག་པ། །ལྷ་མོའི་ཚོགས་རྣམས་ཀྱིས་བསྟན་ཏོ། །ཀྱི་ཧུད་ཤིང་རྟ་སྣ་ཚོགས་རྫིང་། །ཀྱི་ཧུད་སྡུག་པ་གང་ན་ཞེས། །ཉམ་ཐག་པ་རྣམས་རྣམ་ཟློས་ཤིང་། །ལྷ་ལ་
གནས་རྣམས་ས་ལ་ལྷུང་། །ལས་མང་རྣམས་ཀྱིས་ཐོབ་པ་ཡིས། །མཐོ་རིས་མི་བརྟན་གཡོ་བ་ལ། །འབྲལ་བས་བྱས་པའི་སྡུག་བསྔལ་ནི། །གང་དུ་འདི་འདྲ་ཐོབ་པར་འགྱུར། །ཀྱེ་མ་དེད་ལས་ཁྱད་པར་དུ། །འཇིག་རྟེན་མཛད་པའི་ཆོས་ཉིད་དེ། །འདོད་ཆགས་བྲལ་བ་ཐོབ་ནས་
ཀྱང་། །གཞན་རྣམས་ལྷ་ནས་ངེས་པར་ལྷུང་། །འདི་ནི་རྟག་པར་གནས་པ་སྟེ། །ཞེས་ནི་ངེས་པའི་སེམས་ལྡན་རྣམས། །འཇིག་རྟེན་འདི་ཡི་རང་བཞིན་ནི། །འདི་ལྟ་བུར་ནི་མཐོང་མ་ཡིན། །དམྱལ་བ་རྣམས་སུ་སྡུག་བསྔལ་དྲག །དུད་འགྲོ་རྣམས་སུ་ཕན་ཚུན་ཟ། །བཀྲེས་
སྐོམ་སྡུག་བསྔལ་ཡི་དགས་སུ། །མི་ལ་ཚོལ་བའི་སྡུག་བསྔལ་ལོ། །ལྷ་ན་སྡུག་པ་དང་བྲལ་བས། །སྐྱེད་པའི་སྡུག་བསྔལ་ཕུལ་བྱུང་སྟེ། །བསྐོར་བ་གསོན་པའི་འཇིག་རྟེན་གྱིས། །གང་ན་ཞི་བ་ངེས་པར་བྱེད། །འཁོར་བའི་ཆུ་བོ་རྟེན་མེད་དུ། །འདི་ནི་འཆི་བས་བསྐོར་བ་
เล่ม ๑๗๒ · หน้า 53a
སྟེ། །ཙམ་ཙོམ་དུ་ནི་བསྐོར་བ་ཡི། །འགྲོ་བས་གནས་ནི་ཐོབ་མ་ཡིན། །དེ་ལྟར་དེས་ནི་འགྲོ་བ་ལྔ། །ལྷ་ཡི་སྤྱན་གྱིས་གཟིགས་པ་སྟེ། །ཆུ་ཤིང་གཤགས་པ་བཞིན་དུ་ནི། །སྲིད་པར་སྙིང་པོ་རྙེད་མ་ཡིན། །དེ་ནས་དེ་ཡི་མཚན་མོའི་ཐུན། །གསུམ་
པ་ཉེ་བར་གནས་པ་ན། །འཇིག་རྟེན་འདི་ཡི་རང་བཞིན་ནི། །བསམ་གཏན་རིག་པ་མཆོག་གིས་བསྒོམས། །ཀྱེ་མ་འཇིག་རྟེན་ངལ་ཐོབ་གང་། །ཡང་དང་ཡང་དུ་སྐྱེ་བ་དང་། །འཁོགས་པ་དང་ནི་འཆི་བ་དང་། །འཕོ་བ་དང་ནི་སྐྱེ་བ་ཉིད། །ཡང་ན་སྡུག་བསྔལ་ཆེ་འདི་
ལས། །ཆགས་ལས་ལོང་མིན་གྱིས་བསྒྲིབས་པ། །སྐྱེས་ལོང་ཤིན་ཏུ་དོག་ས་ནས། །ཕྱི་རོལ་འགྲོ་བ་ཤེས་མ་ཡིན། །དེ་ལྟར་བསམས་པ་དེ་ཡིས་ནི། །ཐུགས་ཀྱིས་རྣམ་དཔྱོད་གྱུར་པ་སྟེ། །གང་དུ་གྱུར་ན་ངེས་སམ་ཞེས། །རྒ་བས་འཆི་བ་མངོན་པར་སོང་། །སྐྱེ་གནས་ནས་
དེ་ཉིད་བསྒོམས་པ། །དེ་ཡིས་མངོན་པར་རྟོགས་པར་གྱུར། །རྒ་དང་འཆི་བ་དག་གིས་ནི། །སྐྱེ་བ་ཡོད་ན་རྫོགས་པའོ། །མགོ་བོ་ཡོད་ན་མགོ་བོ་ཡི། །ནད་འདི་འབྱུང་བ་མཐོང་བ་སྟེ། །ཤིང་གི་སྐྱེ་བ་ཡོད་གྱུར་ན། །འགྱེལ་བ་འབྱུང་བར་འགྱུར་བའོ། །དེ་ནས་དེ་ཡི་སླར་གྱུར་པ། །
སྐྱེ་བ་འདི་སླར་གང་ལ་ཞེས། །དེ་ནས་ལས་སྲིད་ལས་སྐྱེ་བར། །སྐྱེ་བ་ཡང་དག་མཁྱེན་པའོ། །དེས་ནི་ལྷ་ཡི་སྤྱན་གྱིས་ནི། །ལས་ལས་འཇུག་པར་མཁྱེན་པ་སྟེ། །དབང་ཕྱུག་ལས་མིན་རང་བཞིན་མིན། །བདག་ལས་མ་ཡིན་རྒྱུ་མེད་མིན། །ཇི་ལྟར་རིག་པ་ལས་གླིང་བུ། །དང་པོའི་ཚིགས་
ནི་བཅད་པ་ན། །ཆོ་ག་བཞིན་དུ་ཀུན་མྱུར་འགྲོ། །དེ་ལྟར་ཡེ་ཤེས་གོ་རིམས་སོམོ། །དེ་ནས་སྲིད་པའི་སྐྱེ་བ་ནི། །མཁྱེན་ཕྱིར་ཐུབ་པས་བློ་གྲོས་མཛད། །དེ་ནས་སྲིད་པའི་སྐྱེ་བ་དེས། །ཉེ་བར་ལེན་ལས་བྱུང་བར་མཁྱེན། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། །འདོད་བློ་
བདག་ཏུ་ལྟ་རྣམས་ཀྱིས། །བུད་ཤིང་རྣམས་ཀྱིས་མེ་བཞིན་དུ། །འདི་ཡིས་ལས་ནི་ཉེ་བར་ལེན། །གང་གི་རྒྱུ་ལས་ལེན་པ་ཞེས། །དེ་ནས་དེ་ཡི་གྱུར་པ་སྟེ། །དེ་ནས་ཉེ་བར་ལེན་པའི་རྐྱེན། །སྲེད་པར་དེས་ནི་མཁྱེན་པའོ། །ཆུང་ངུའི་མེ་ཡིས་ནགས་ཀྱི་མེ། །རླུང་གིས་བུད་དེ་བསྐྱེད་པ་
เล่ม ๑๗๒ · หน้า 53b
བཞིན། །འདོད་སོགས་ཉོན་མོངས་རྒྱ་ཆེན་རྣམས། །སྲེད་པ་ཡིས་ནི་སྐྱེད་པར་བྱེད། །དེ་ནས་དེ་ཡིས་བསམས་པ་ནི། །སྲེད་པ་གང་ལས་བྱུང་ཞེས་སོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས། །དེ་ནས་རྣམ་པར་ངེས་པ་མཛད། །ཚོར་བས་མངོན་བཅོམ་སྐྱེ་དགུ་རྣམས། །གཉེན་པོར་བྱེད་ལ་
སྲེད་པ་སྟེ། །སྐོམ་པ་མེད་ན་ཆུ་ལ་ནི། །ཁ་ཅིག་མངོན་པར་དགའ་བ་ཡིན། །དེ་ནས་སླར་ཡང་ཚོར་བ་ཡི། །སྐྱེ་བའི་གནས་ནི་གང་ཞེས་བསམས། །ཚོར་བ་ཚོར་བ་མཐར་བྱེད་ཀྱིས། །རེག་པའི་རྒྱུ་ཅན་ཉིད་དུ་མཁྱེན། །ཡུལ་དང་དབང་པོ་བློ་རྣམས་ཀྱིས། །འདུས་པ་རེག་པར་བརྗོད་
བྱ་སྟེ། །གཙུབ་ཤིང་ལས་ནི་མེ་བཞིན་དུ། །གང་ལས་ཚོར་བ་སྐྱེ་བའོ། །དེ་ནས་རེག་པ་རྒྱུ་ཡིན་ཞེས། །དེ་ཡིས་བསམས་པར་གྱུར་པའོ། །དེ་ནས་སྐྱེ་མཆེད་དྲུག་གི་ནི། །རྒྱུ་ཅན་ཉིད་དུ་དེས་མཁྱེན་ཏོ། །ལོང་བས་གཟུགས་ནི་མི་རིག་ཅིང་། །མིག་ནི་བློ་ཡིས་མི་སྦྱོར་ཕྱིར། །མིག་ཡོད་
གྱུར་ན་དེས་སྦྱོར་ཏེ། །དེ་ཕྱིར་དབང་པོ་ཡོད་ན་རེག །དེ་ནས་སྐྱེ་མཆེད་དྲུག་གིས་ནི། །སྐྱེ་བ་མཁྱེན་ཕྱིར་བློ་གྲོས་མཛད། །དེ་ནས་དེའི་རྒྱུ་མིད་དང་གཟུགས། །རྒྱུ་ལ་མཁས་པས་མཁྱེན་པའོ། །ཇི་ལྟར་མྱུ་གུ་ཡོད་པ་ལས། །ལོ་མ་སྡོང་བུ་འབྱུང་བར་དྲན། །དེ་ལྟར་མིང་དང་གཟུགས་
ཡོད་ན། །སྐྱེ་མཆེད་དྲུག་ནི་འབྱུང་བའོ། །མིང་དང་གཟུགས་ནི་རྒྱུ་གང་ཞེས། །དེ་ཡི་དེ་ནས་གྱུར་དེ་ནས། །དེ་ཡི་སྐྱེ་བ་རྣམ་ཤེས་སུ། །ཡེ་ཤེས་ཕ་རོལ་སོན་པས་མཁྱེན། །རྣམ་པར་ཤེས་པ་འདས་པ་ན། །མིང་དང་གཟུགས་ནི་རབ་གནས་ཏེ། །ས་བོན་བསྐྲུན་པ་རྫོགས་པ་ན། །མྱུ་གུ་
རྣམ་པར་འཛིན་པའོ། །དེ་ནས་རྣམ་པར་ཤེས་པ་ནི། །གང་ལས་ཡིན་ཞེས་བསམས་པར་གྱུར། །མིང་དང་གཟུགས་ལ་བརྟེན་ནས་དེ། །དེ་ནས་དེ་ཡི་སྐྱེ་བ་མཁྱེན། །དེ་ནས་རྒྱུ་ཡི་གོ་རིམས་ནི། །མཁྱེན་ནས་དེ་ཡི་བློར་གྱུར་ཏེ། །སེམས་ནི་ལུགས་འབྱུང་བསྐོར་བ་སྟེ། །གཞན་དུ་ལུགས་
ལས་ཟློག་པར་མིན། །རྣམ་པར་ཤེས་པའི་རྐྱེན་ལས་ནི། །མིང་དང་གཟུགས་ལ་བརྟེན་ནས་ནི། །སླར་ཡང་རྣམ་པར་ཤེས་པ་སྐྱེ། །ཇི་ལྟར་གྲུ་ཡིས་མི་འདྲེན་ཞིང་། །དེ་བཞིན་རྣམ་པར་ཤེས་པ་དང་། །མིང་གཟུགས་ཕན་ཚུན་གྱི་རྒྱུའོ། །ཇི་ལྟར་ལྕགས་ནི་འབར་བ་ཡིས། །རྩྭ་རྣམས་
เล่ม ๑๗๒ · หน้า 54a
འབར་བར་བྱེད་ན་ཡང་། །འབར་བ་དེ་ཡིས་དེ་གདུང་སྟེ། །དེ་བཞིན་ཕན་ཚུན་རྒྱུ་ཉིད་དོ། །དེ་ལྟར་རྣམ་པར་ཤེས་པ་ལས། །མིང་གཟུགས་འབྱུང་བ་མཁྱེན་གྱུར་པ། །དེ་ནས་དབང་པོ་འབྱུང་འགྱུར་ཞིང་། །དབང་པོ་ལས་བྱུང་རེག་པའོ། །རེག་པ་ལས་སྐྱེས་
ཚོར་བ་མཁྱེན། །ཚོར་བ་ལས་སྐྱེས་སྲེད་པའོ། །སྲེད་པ་ལས་སྐྱེས་ལེན་པའོ། །ལེན་པ་ལས་ནི་དེ་བཞིན་སྲིད། །སྲིད་པ་ལས་ནི་སྐྱེ་བ་དག །སྐྱེ་བས་རྒ་ཤི་འབྱུང་བར་མཁྱེན། །འགྲོ་བ་དག་ནི་རྐྱེན་རྣམས་ལས། །སྐྱེས་ཞེས་ཡང་དག་མཁྱེན་པའོ། །དེ་ནས་འདི་ཡི་
བློ་གྲོས་ངེས་པར་སོང་བ་ནི། །སྐྱེ་བ་ཟད་ལས་འཆི་དང་རྒ་བ་འགགས་པ་སྟེ། །སྲིད་པ་ཉམས་པ་ལས་ཀྱང་སྐྱེ་བ་ཉམས་པ་ཉིད། །ལེན་པ་འགགས་པ་ལས་ནི་སྲིད་པ་རྣམ་ལྡོག་ཅིང་། །དེ་ནས་སྲིད་འགགས་པ་ལས་དེ་ནི་འགག་པ་སྟེ། །ཚོར་བ་ཡོད་པ་མིན་ན་སྲེད་པ་ཡོད་མ་ཡིན། །
རེག་ལས་ཆུད་ཟོས་གྱུར་ན་ཚོར་བ་ཡོད་མིན་ཞིང་། །སྐྱེ་མཆེད་འཇུག་པ་མེད་ལས་རེག་པ་ཟད་པའོ། །དེ་བཞིན་མིང་དང་གཟུགས་ནི་ཡང་དག་འགགས་པ་ལས། །སྐྱེ་མཆེད་དྲུག་པོ་ཐམས་ཅད་རྣམ་པར་ཉམས་པར་བྱེད། །རྣམ་པར་ཤེས་པ་འགགས་ལས་དེ་དག་འགགས་
པ་སྟེ། །འདུ་བྱེད་འགགས་པ་ལས་ཀྱང་དེ་ནི་འགག་པའོ། །མ་རིག་པ་ནི་མཐའ་དག་མེད་ལས་དེ་བཞིན་དུ། །འདུ་བྱེད་འགག་པར་དྲང་སྲོང་ཆེན་པོས་མཁྱེན་པ་སྟེ། །འདི་ལས་མཁྱེན་བྱ་འདི་ནི་ཡང་དག་མཁྱེན་མཛད་ནས། །སངས་རྒྱས་ཞེས་ནི་འཇིག་རྟེན་ན་རབ་
གནས་པར་གྱུར། །ཡན་ལག་བརྒྱད་དང་ལྡན་པ་རབ་ཏུ་ཤར་བ་ཡི། །རྩེ་མོར་མྱུར་འགྲོ་དམ་པའི་ལྟ་བའི་ལམ་གྱིས་ནི། །སྲིད་རྩེའི་བར་ལས་མཆོག་གྱུར་བདག་མེད་རྣམ་གཟིགས་ནས། །བུད་ཤིང་ཚིག་པའི་མེ་བཞིན་ཞི་བར་གཤེགས་པར་གྱུར། །དེ་ནས་བདག་ཉིད་མཛད་པ་དེ་ཡི་
གྱུར་པ་ནི། །མཆོག་གི་དྲང་སྲོང་མཆོག་དང་མཆོག་མིན་མཁྱེན་པའི་ཚོགས། །གནའ་མ་རྣམས་ཀྱིས་དོན་དམ་རྒྱུ་ལས་གཤེགས་པ་ཡི། །སྙིང་པོའི་ལམ་འདི་བདག་གིས་ལྷག་པར་ཐོབ་པར་གྱུར། །ཐུན་ནི་བཞི་པའི་སྐྱ་རེངས་ཤར་བའི་ཡུད་ཙམ་ན། །རྒྱུ་དང་མི་རྒྱུའི་འབྱུང་པོ་རྣམས་ནི་ཞི་
เล่ม ๑๗๒ · หน้า 54b
བ་ན། །དྲང་སྲོང་མཆོག་གིས་འགྱུར་བ་མེད་པའི་གོ་འཕང་དང་། །ཀུན་གྱི་མགོན་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །དེ་ཉིད་འདི་ནི་སངས་རྒྱས་ཉིད་ཀྱིས་མཁྱེན་པ་ན། །བུད་མེད་ཆང་གིས་མྱོས་བཞིན་ས་ནི་གཡོས་གྱུར་ལ། །གྲུབ་པ་རྣམས་ཀྱིས་མངོན་གང་ཕྱོགས་ནི་རབ་
སྣང་སྟེ། །མཁའ་ལ་རྔ་བོ་ཆེ་རྣམས་རབ་ཏུ་གྲག་པར་གྱུར། །དགེ་བའི་རླུང་རྣམས་རབ་ཏུ་ཞི་བར་གཡོས་གྱུར་ཞིང་། །སྤྲིན་མེད་འོ་མ་རྣམས་ནི་ལྷ་ཡིས་ཆར་ཕབ་སྟེ། །ལྗོན་ཤིང་རྣམས་ལ་དུས་མིན་མེ་ཏོག་འབྲས་བུ་རྣམས། །མཆོད་པ་རབ་ཏུ་སྦྱོར་བའི་ཆེད་བཞིན་བྲུལ་བར་
གྱུར། །མན་དཱ་ར་བའི་མེ་ཏོག་རྣམས་དང་པདྨ་དང་། །གསེར་དང་བཻ་ཌཱུརྱ་ཡི་རང་བཞིན་པདྨ་ནི། །མཁའ་ལས་བབ་པ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་ས། །དེ་ཚེ་མཐོ་རིས་བཞིན་དུ་ཀུན་ནས་བཀྲམ་པར་གྱུར། །ཡུད་ཙམ་དེ་ནི་ཁ་ཅིག་ཁྲོ་བ་མེད་གྱུར་ལ། །ནད་མེད་གྱུར་ཞིང་མི་
དགའ་བར་ཡང་མ་སོང་སྟེ། །སྡིག་པ་བསྙེན་པ་མ་ཡིན་རྒྱགས་པར་མ་བྱས་ཤིང་། །གྲུབ་པ་བརྙེས་པ་བཞིན་དུ་འཇིག་རྟེན་ཞི་བར་གྱུར། །ཐར་པའི་འདོད་པའི་ལྷ་ཡི་ཚོགས་རྣམས་དགའ་བ་སྟེ། །སེམས་ཅན་འོག་ཏུ་སོང་བ་རྣམས་ཀྱང་དགའ་བར་གྱུར། །ཡོན་ཏན་ཕྱོགས་ཀྱིས་
འཕེལ་བས་ཆོས་ནི་རྒྱས་པ་སྟེ། །རྡུལ་དང་མུན་པ་དག་ལས་འགྲོ་བ་གྱེན་དུ་བྱུང་། །དེ་ཡི་ལས་ཀྱིས་ཡ་མཚན་དགའ་བས་གང་བ་ཡི། །བུ་རམ་ཤིང་པའི་རིགས་ཀྱི་མི་སྐྱོང་དྲང་སྲོང་རྣམས། །རྒྱལ་པོའི་དྲང་སྲོང་རྣམས་དང་དྲང་སྲོང་ཆེ་རྣམས་ཀྱིས། །ཡང་དག་མཆོད་རྣམས་
མཁའ་ལ་གཞལ་མེད་རྣམས་སུ་གནས། །མཐོང་མིན་འབྱུང་པོའི་ཚོགས་ཀྱིས་དྲང་སྲོང་ཆེན་པོ་ཡི། །སྟོན་པ་རྣམས་ནི་མཐོན་པོར་འཐོན་ཞིང་སྒྲོགས་པ་སྟེ། །གསོན་པའི་འཇིག་རྟེན་འཕེལ་བ་བཞིན་དུ་དགའ་གྱུར་ཞིང་། །ལྟུང་བ་མཆོག་ལ་བཞིན་དུ་བདུད་ནི་ཡི་མུག་ཅིང་། །དེ་ནས་
ནད་མི་མངའ་བ་ཞག་བདུན་བདག་ཉིད་ཀྱིས། །སེམས་ལ་གཟིགས་ཤིང་སྤྱན་མི་འཛུམས་པར་བཞུགས་པ་སྟེ། །ཁོ་བོས་འདིར་ནི་རྣམ་པར་ཐར་པ་བརྙེས་སོ་ཞེས། །ཐུབ་པས་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱུར། །དེ་ནས་རྐྱེན་ཉིད་ཐོབ་པ་འདི་ནི་ཐུབ་པ་ཉིད། །བདག་མེད་
เล่ม ๑๗๒ · หน้า 55a
ཆོ་གར་རྣམ་པར་གཞག་པས་གསན་ནས་ནི། །ཞི་ཕྱིར་འཇིག་རྟེན་དག་ལ་མཆོག་ཏུ་བརྩེ་བས་སོ། །སངས་རྒྱས་སྤྱན་གྱིས་རྣམ་པར་གཟིགས་པར་གྱུར་པའོ། །ལྟ་བ་ངན་པས་ཆུད་ཟོས་འབད་ལ་འཁྲུགས་པ་ཡི། །འགྲོ་བ་རྡུལ་ནི་རྒྱ་ཆེན་དང་ལྡན་
གཟིགས་ནས་དང་། །རྣམ་ཐར་ཆོས་ནི་མཆོག་ཏུ་ཕྲ་པ་ཉིད་གཟིགས་ནས། །གཡོ་བ་མེད་པ་ཉིད་ཕྱིར་ཐུགས་ནི་མཛད་པར་གྱུར། །དེ་ནས་སྔོན་གྱི་དམ་བཅའ་ཡང་དག་མཁྱེན་གྱུར་ནས། །ཞི་བའི་གདམས་པ་ལ་ནི་སོ་སོར་ངེས་པར་གཤེགས། །དེ་ནས་ཆེན་པོའི་རྡུལ་དང་
ཆུང་ངུའི་རྡུལ་ཉིད་དང་། །ལྡན་པའི་སྐྱེ་བོར་ཡིད་ནི་རྣམ་པར་དཔྱད་པའོ། །དེ་ནས་ཞི་བའི་དོན་དུ་གདམས་པའི་ཆེད་དུ་ངེས་པར་ནི། །གཟུང་བའི་བདེ་བར་གཤེགས་པའི་ཐུགས་ནི་ཤེས་གྱུར་ནས། །མངོན་པར་སྣང་ཞིང་འགྲོ་ལ་ཕན་པར་འདོད་པ་ཅན། །མཐོ་རིས་
གནས་པའི་གཙོ་བོ་ཉིད་ནི་ཉེ་བར་འོངས། །སྡིག་པ་སྤངས་ཤིང་དོན་མཛད་གདན་ལ་བཞུགས་པ་པོ། །མཆོག་གི་ཆོས་ནི་གཟིགས་པ་དེ་ལ་མཆོག་གཉིས་སོ། །མཆོག་ཏུ་ཞི་བས་རབ་ཏུ་བསྟོད་ནས་དེ་གཉིས་ཀྱིས། །འཇིག་རྟེན་ཕན་པའི་དོན་དུ་ཚིག་འདི་གསོལ་བའོ། །ཨེ་
མ་འགྲོ་བ་འདི་གང་ནོར་འོས་འདི་ལྟ་བུ། །སྐྱེ་དགུ་རྣམས་ལ་རྗེས་སུ་བརྩེ་མཛད་ཁྱེད་ཀྱི་ཐུགས། །འཇིག་རྟེན་ན་ཡོད་སྐྱེ་བོ་རྣམ་པར་བསྲེ་མའི་རྒྱུ། །ཆེན་པོའི་རྡུལ་དང་ཉུང་ངུའི་རྡུལ་ཉིད་ལྡན་པའོ། །ཐུབ་པ་སྲིད་པའི་མཚོ་ལས་རང་ཉིད་རབ་རྒལ་ནས། །འགྲོ་བ་སྡུག་བསྔལ་
བྱིང་བ་རབ་ཏུ་དྲོངས་མཛོད་ཅིག །ལེགས་པའི་དབང་ཕྱུག་གིས་ནི་ཕུན་སུམ་ཚོགས་པ་ཐོབ་ནས་བཞིན། །གཞན་རྣམས་ལ་ཡང་རང་གི་ཡོན་ཏན་གྱིས་སྦྱོར་མཛོད། །དོན་མཁྱེན་འདི་ནའི་དོན་དང་ཕ་རོལ་དུ་འམ་གང་། །སྐྱེ་བོ་ཁ་ཅིག་འདི་ན་བདག་གི་ཕན་པ་བྱེད། །གང་
ཞིག་འཇིག་རྟེན་དགེ་བའི་ཆེད་དུ་རབ་ཞུགས་དེ། །མི་ཡི་འཇིག་རྟེན་དང་ནི་མཐོ་རིས་སུ་རྙེད་དཀའ། །དེ་ལྟར་དྲང་སྲོང་ཆེ་ལ་ཚིག་འདི་གསོལ་ནས་ནི། །ལྷ་ན་གནས་པ་དེ་གཉིས་ཇི་ལྟར་འོངས་པར་གཤེགས། །ཐུབ་པ་ཡིས་ཀྱང་དེ་ཡི་ཚིག་དེ་རབ་མནོད་ནས། །འགྲོ་བ་རྣམ་པར་ཐར་
เล่ม ๑๗๒ · หน้า 55b
ཕྱིར་ངེས་པར་རྒྱས་པར་མཛད། །དེ་ནས་བསོད་སྙོམས་དུས་སུ་ཕྱོགས་བཞིར་དྲང་སྲོང་ལ། །ལྷ་ན་གནས་པས་ལྷུང་བཟེད་རྣམས་ནི་ཕུལ་བ་སྟེ། །གཽ་ཏ་མས་བཞི་པོ་དེ་རྣམས་རབ་བཞེས་ནས། །དེ་ཡི་ཆོས་ཀྱི་ཆེད་དུ་གཅིག་ཉིད་མཛད་པའོ། །དེ་ནས་དེ་ཚེ་དོན་བཅས་རབ་སོང་
ཚོང་དཔོན་གཉིས། །མཛའ་བཤེས་ཉིད་ཀྱིས་ལྷ་ཡིས་རབ་ཏུ་བསྐུལ་བ་དག །རྒྱ་ཆེན་ཐུགས་མངའ་དྲང་སྲོང་ཆེ་ལ་ཐོག་མ་རུ། །དགའ་བ་དང་ལྡན་ཕྱག་བྱས་ནས་ནི་བསོད་སྙོམས་ཕུལ། །རྩིབས་འཕུར་དང་ནི་རངས་བྱེད་བུ་སྟེ་དེ་གཉིས་ནི། །ཆོས་འཛིན་ནུས་པའི་བློ་གྲོས་
ཐུབ་པས་གཟིགས་པ་སྟེ། །དེ་གཉིས་ལྷ་ན་གཤེགས་པར་ཐུགས་ཀྱིས་མངོན་གཟིགས་ནས། །དགེ་སློང་ལྔ་པོ་རྣམས་ལ་ཐུགས་ཀྱིས་གཤེགས་པའོ། །དེ་ནས་ཞི་བའི་གདམས་པ་ལས་ནི་གཽ་ཏ་མས། །ཉི་མ་ཤར་བས་མུན་བཞིན་མུན་པ་རྣམ་འཇོམས་ཕྱིར། །བཱ་རཱ་ཎ་སཱིས་
བརྒྱན་པའི་སྣ་ཚོགས་ནགས་ཚལ་ཅན། །འཇིགས་བྱེད་ཤིང་རྟས་བསྙེན་པའི་གྲོང་ཁྱེར་དགེ་བར་གཤེགས། །དེ་ནས་ཁྱུ་མཆོག་འདྲ་བའི་སྤྱན་མངའ་གླང་ཆེན་མྱོས་པའི་འགྲོས་ལྡན་པ། །འགྲོ་བ་མངོན་པར་རྣམ་པར་འདུས་ཕྱིར་ཀཱ་ཤི་ས་ལ་གཤེགས་བཞེད་པ། །གླང་ཆེན་བཞིན་དུ་
རང་གི་སྐུ་ལུས་མ་ལུས་ཕྱིར་ལ་རབ་ལོག་ནས། །ཐུབ་པས་སྤྱན་མིག་མི་འཛུམས་པར་ནི་བྱང་ཆུབ་ཤིང་གི་རྩ་བར་གཟིགས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཞི་
ཞིང་མདངས་ལྡན་མཛད་པ་ཀུན་ནས་བརྙེས་པ་དེ། །གཅིག་པུར་རབ་གཤེགས་མང་པོ་དང་ནི་ཐབས་ཅིག་བཞིན། །ལམ་ན་དགེ་སློང་ཆོས་ལྡན་ཁ་ཅིག་གིས་མཐོང་ནས། །ཡ་མཚན་དང་བཅས་ཐལ་མོར་བཅས་པས་འདི་སྐད་གསོལ། །དབང་པོའི་རྟ་ནི་གཡོ་བར་དབང་པོའི་རྟ་ཐུལ་ཞིང་། །
སེམས་ཅན་ཆགས་རྣམས་ཇི་ལྟར་ཆགས་མ་གྱུར། །ཤིན་ཏུ་རོ་ལྡན་གསར་པའི་ཤེས་རབ་རོ་ཡིས་ནི། །རི་བོང་གིས་མཚོན་དང་མཚུངས་ཚིམ་པར་གྱུར་པ་རྣམས། །བརྟན་པ་ཁྱོད་ཀྱི་ཞལ་ནི་ཇི་ལྟར་རབ་རྒྱས་ཤིང་། །འདིར་ནི་དབང་པོ་རྣམས་ཀྱི་དབང་ཕྱུག་མཛད་པ་སྟེ། །ཁྱུ་མཆོག་ཆེན་
เล่ม ๑๗๒ · หน้า 56a
པོའི་སྤྱན་མངའ་ངེས་པར་དོན་མཛད་ཅིང་། །ཁྱོད་ཀྱི་བླ་མ་སུ་ལགས་གང་ལས་གྲུབ་པ་གསུངས། །དེ་རྣམས་ལ་དེས་སྨྲས་པ་བདག་ལ་སྟོན་པ་མེད། །བདག་ལ་མཆོད་བྱ་མེད་ཅིང་སྨད་བྱ་སུ་ཡང་མེད། །མྱ་ངན་འདས་པ་ཐོབ་ཅིང་གཞན་རྣམས་དང་མི་
མཉམ། །བདག་ནི་ཆོས་ལ་རང་བྱུང་དུ་ནི་ཤེས་པར་མཛོད། །གང་ཕྱིར་གཞན་རྣམས་ཀྱིས་མ་རྟོགས་པའི་རྟོགས་བྱ་ནི། །བདག་གིས་མཐའ་དག་རྟོགས་པ་དེ་ཕྱིར་སངས་རྒྱས་ཏེ། །གང་ཕྱིར་བདག་གི་ཉོན་མོངས་རྣམས་ནི་དགྲ་བཞིན་འཕམ། །དེ་ཕྱིར་ཞི་བ་དག་ནི་ཀུན་ནས་
ཤེས་བར་མཛོད། །སྡུག་བསྔལ་རྣམས་ཀྱིས་ཉམ་ཐག་གྲོགས་ལ་ཕན་དོན་དུ། །ཞི་བ་ཁོ་བོ་འདི་ཡང་བཱ་རཱ་ཎ་སཱིར་འགྲོ། །དེར་ནི་འཆི་མེད་ཆོས་ཀྱི་རྔ་དག་རྡུང་བ་སྟེ། །སྙན་གྲགས་བདེ་བའི་ཕྱིར་མིན་ང་རྒྱལ་ཕྱིར་མ་ཡིན། །རྒལ་བས་འགྲོ་བ་རྣམས་ནི་རྒལ་བར་འགྱུར་བགྱི་ཞིང་། །
གྲོལ་བས་སེམས་ཅན་རྣམས་ནི་ཡོངས་སུ་ཐར་བར་བགྱི། །དེ་ལྟར་གསོན་པའི་འཇིག་རྟེན་ཉམ་ཐག་པར་མཐོང་ནས། །སྔོན་དུ་བདག་གི་དམ་བཅའ་འདི་ནི་གྱུར་པའོ། །འདི་ན་ཁ་ཅིག་ནོར་ནི་ཐོབ་ནས་བདག་ཉིད་ནི། །གཅིག་ཏུ་ཉིད་ཀྱང་འཛིན་པར་བྱེད་པ་ངོ་མཚར་ཅིང་། །སྐྱེ་བོ་ཆེན་པོ་མ་
བཙུམས་མིག་ལ་གང་གིས་ཀྱང་། །ཁྱད་འཕགས་ཐོབ་ནས་རྣམ་པར་འཛིན་པ་དེ་དོན་ཡིན། །གང་ཞིག་སྐམ་ལ་གནས་པས་མི་ནི་ཆུས་ཁྱེར་བ། །འདྲེན་པར་འདོད་མིན་དེ་ནི་ལེགས་པའི་གཟུགས་མ་ཡིན། །གང་ཞིག་གཏེར་ནི་ཐོབ་ནས་སྐྱེ་བོ་དབུལ་པོ་ལ། །ནོར་གྱི་སྦྱོར་
བ་མེད་པ་དེ་ནི་སྤྱང་པོ་མིན། །རང་བཞིན་གནས་པས་ནད་ཀྱིས་མངོན་པར་བཅོམ་པ་ལ། །ལག་ཏུ་སོང་བའི་སྨན་གྱིས་གསོ་བར་རིགས་པ་སྟེ། །དེ་ལྟར་ལམ་ངན་སོང་བའི་ཆེད་དུ་ལམ་དག་ནི། །ངེས་པར་བྱང་བའི་ལམ་གྱིས་བཤད་པར་འཐད་པ་ཡིན། །ཇི་ལྟར་སྒྲོན་མ་རབ་ཏུ་གསལ་
བར་བྱེད་པ་སྟེ། །དེ་ཡི་རྒྱུ་ཅན་དམར་པོར་འགྲོ་བ་མ་ཡིན་ཉིད། །དེ་བཞིན་སངས་རྒྱས་ཉིད་ཀྱིས་ཡེ་ཤེས་རབ་གསལ་བར། །མཛད་དེ་དེ་ཕྱིར་ཆགས་པར་འགྲོ་བ་མ་ཡིན་ནོ། །ཇི་ལྟར་ཤིང་རྣམས་ལ་ནི་མེ་དག་ངེས་པ་དང་། །མཁའ་ལ་རླུང་དང་ས་ལ་ཆུ་ནི་ངེས་པ་སྟེ། །དེ་བཞིན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด