སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ
ชื่อสันสกฤต (อักษรทิเบต ตามตัวบท) བུདྡྷ་ཙ་རི་ཏ་མ་ཧཱ་ཀཱ་བྱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๒ · หน้า 56b
གང་ཡང་རྣམས་སུ་ཐུབ་པ་རྣམས་ཀྱིས་ནི། །བྱང་ཆུབ་ངེས་ཤིང་ཀཱ་ཤི་རྣམས་དང་ཆོས་སྨྲ་དེས། །དེ་ནས་ཉེ་བར་འོངས་ནས་ཨ་ལ་ལ་ཞེས་པ། །རྣམ་པར་བརྗོད་ནས་ཇི་ལྟར་འདོད་བཞིན་རབ་སྤངས་ནས། །ཡང་དང་ཡང་དུ་ཡ་མཚན་མིག་ནི་གཡོ་བ་ཡིས། །རེ་འདོད་སྐྱེས་ཤིང་
སངས་རྒྱས་ལ་ནི་ལྟ་བཞིན་སོང་། །དེ་ནས་ཐུབ་པས་རིམ་གྱིས་ཀཱ་སིའི་གྲོང་ཁྱེར་ནི། །ནོར་གནས་སྙིང་པོ་དང་ནི་རབ་མཚུངས་གཟིགས་པ་སྟེ། །གྲོགས་མོ་བཞིན་དུ་འཁྱུད་ནས་ཡང་དག་འདུས་པ་ནི། །སྐལ་ལྡན་ཤིང་རྟ་དང་ནི་བཱ་རཱ་ཎ་སཱི་ཉིད། །མཐུ་དང་གཟི་བརྗིད་དག་གིས་མངོན་པར་
མཛེས་པ་དེས། །ཁུ་བྱུག་རྣམས་ཀྱིས་སྒྲ་སྒྲོགས་ཤིང་གི་ཚོགས་ལྡན་ཞིང་། །དྲང་སྲོང་ཆེན་པོས་བསྙེན་པའི་རི་དགས་ནགས་ཉིད་དུ། །རྣམ་པར་མཛེས་པས་ཉི་མ་བཞིན་དུ་རབ་འཐོབ་པོ། །ཀཽཎྜི་ནྱའི་རིགས་དང་དེ་ནས་མིང་ཆེན་དང་། །རླངས་པ་དང་ནི་རྟ་ཐུལ་དེ་བཞིན་བཟང་རྒྱལ་ཏེ། །དགེ་
སློང་ལྔ་ཡིས་དེ་ནི་རྒྱང་རིང་ནས་གཟིགས་ནས། །ཕན་ཚུན་དུ་ནི་ཚིག་འདི་སྨྲས་པར་གྱུར་པའོ། །བདེ་བའི་བདག་ཉིད་དགེ་སློང་གཽ་ཏ་མ་འདི། །དཀའ་ཐུབ་དེ་ལས་ཕྱིར་ལོག་མངོན་པར་འོངས་པ་སྟེ། །མངོན་དུ་འགྲོ་བྱ་མ་ཡིན་ངེས་པར་ཕྱག་འོས་མིན། །དམ་བཅའ་བཅོམ་པ་མཆོད་པར་
འོས་པ་མ་ཡིན་ནོ། །དེ་ནི་བརྒྱ་ལ་གལ་ཏེ་སྡོད་པར་འདོད་གྱུར་ན། །དེ་ཉིད་ལ་ནི་གཏམ་འདི་རབ་ཏུ་གསོལ་མཛོད་དང་། །འགྲོན་པོ་ཉེ་བར་འོངས་པ་གང་དང་སུ་ལ་ནི། །འཕགས་པ་རྣམས་ཀྱིས་མི་བྱེད་པར་ནི་འོས་མ་ཡིན། །དེ་ལྟར་བྱ་བ་བྱས་ནས་དགེ་སློང་དེ་རྣམས་ནི། །ཉེ་བར་
གནས་པའི་ཉེ་བར་སངས་རྒྱས་གཤེགས་པ་སྟེ། །ཇི་ལྟ་ཇི་ལྟར་དེ་རྣམས་ལ་ནི་ཉེ་བར་གཤེགས། །དེ་ལྟ་དེ་ལྟར་དེ་རྣམས་དམ་བཅའ་ཉམས་པར་གྱུར། །དེ་ནས་ཁ་ཅིག་འདི་ཡི་ན་བཟའ་བླངས་པ་སྟེ། །དེ་བཞིན་གཞན་ནི་ཕྱག་འཚལ་ནས་ནི་ལྷུང་བཟེད་བཟུང་། །ཁ་ཅིག་འདི་ལ་འོས་
པའི་གདན་ནི་ཕུལ་བ་སྟེ། །དེ་བཞིན་གཞན་གཉིས་ཞབས་བསིལ་ཉེ་བར་ཕུལ་བའོ། །དེ་ལྟར་རབ་བྱེད་མཆོད་པ་མང་པོ་ལྡན་པ་རྣམས། །འདི་ལ་ཐམས་ཅད་ཀྱིས་ནི་བླ་མར་སྤྱོད་པ་བྱས། །རིགས་སུ་མངོན་བརྗོད་དེ་རྣམས་ཀྱིས་ཀྱང་མ་སྤངས་ཤིང་། །དེ་རྣམས་ལ་རྗེས་བརྩེ་བཅས་
เล่ม ๑๗๒ · หน้า 57a
བཅོམ་ལྡན་གྱིས་སྨྲས་པ། །མཆོད་འོས་དགྲ་བཅོམ་ལ་ནི་གུས་པ་མ་ཡིན་པས། །སྔར་གྱི་སྤྱོད་པས་དགེ་སློང་རྣམས་ཀྱེ་མ་སྨྲ་ཤིག །བསྟོད་དང་སྨད་པ་ངེས་པར་བདག་གིས་མཉམ་པ་སྟེ། །ཁྱེད་རྣམས་བསོད་ནམས་མིན་ལས་རྣམ་པར་བཟློག་པར་བགྱི། །སངས་
རྒྱས་འཇིག་རྟེན་ཕན་པའི་ཆེད་དུ་སངས་རྒྱས་ཤིང་། །འབྱུང་པོ་ཀུན་ལ་ཕན་པས་རབ་ཏུ་ཞུགས་པ་ལ། །བླ་མ་ཉེ་བར་འཇོམས་ལས་མིང་གིས་གང་སྨྲས་དེ། །མ་རུངས་པ་ཡི་ཕ་མ་བཞིན་དུ་ཆོས་འཆད་དོ། །དེ་ལྟར་དྲང་སྲོང་ཆེན་པོའི་ཐུགས་རྗེའི་བདག་ཉིད་ཅན། །སྨྲ་བ་རྣམས་ཀྱི་མཆོག་གིས་
དེ་སྐད་གསུངས་པ་སྟེ། །རྨོངས་ལས་སྙིང་པོ་མེད་པས་ཆུད་ཟོས་དེ་རྣམས་ཀྱིས། །གདོང་ནི་ཅུང་ཟད་བཞད་པ་དང་ལྡན་རྒོལ་བ་སྨྲས་པའོ། །གཽ་ཏ་མ་རེ་ཞིག་དཀའ་ཐུབ་མཆོག་དང་ནི། །དམ་པ་དེ་ཡིས་དེ་ཉིད་རྟོགས་པ་མ་ཡིན་ཏེ། །དོན་ནི་དགའ་བས་བསྒྲུབ་བྱ་བདེ་བས་གནས་པའོ། །
ཁྱེད་ཀྱིས་མཐོང་ཞེས་བྱ་བ་འདིར་ནི་གཏན་ཚིགས་གང་། །གང་ཚེ་དེ་ལྟར་དེ་བཞིན་གཤེགས་པའི་དེ་ཉིད་ལ། །དེ་ནས་དགེ་སློང་དེ་རྣམས་དད་པར་གྱུར་མིན་ཏེ། །བྱང་ཆུབ་པ་ཡི་ལམ་ནི་དེ་ལས་གཞན་དུ་ཤེས། །དེ་ནས་ལམ་མཁྱེན་པ་ཡིས་ལམ་ནི་བཀའ་སྩལ་པ། །བྱིས་པའི་སྐྱེ་བོ་
བདག་ཉིད་ངལ་བར་ལྡན་པ་དང་། །དབང་པོའི་སྤྱོད་ཡུལ་རྣམས་ལ་དེ་བཞིན་ཆགས་པ་སྟེ། །འཆི་བ་མེད་པའི་ལུང་གིས་ལམ་མ་ཡིན་པའི་ཕྱོགས། །སྐྱོན་དང་ལྡན་པ་གཉིས་པོ་དེ་ལ་ལྟོས་མཛོད་ཅིག །གདུང་བར་མངོན་པར་བརྗོད་པའི་ལུས་ཀྱི་ངལ་རྣམས་ཀྱིས། །ཡོངས་སུ་
འཁྲུགས་ཤིང་རྣམ་པར་གནོད་པའི་སེམས་ལ་ནི། །འཇིག་རྟེན་ཐ་སྙད་ཀྱང་ནི་བརྒྱ་ལ་ཤེས་མིན་ན། །དབང་པོ་ལས་འདས་དེ་ཉིད་ལམ་ནི་ཀྱེ་མ་ཅི། །ཇི་ལྟར་སྒྲོན་མས་མཚན་མོའི་མུན་པ་ཉམས་པ་རུ། །འདིར་ནི་མངོན་པར་ཉེར་འགྲོ་ཆུ་རྣམས་གཏོར་བས་མིན། །དེ་བཞིན་ཡེ་
ཤེས་མི་ཡིས་མི་ཤེས་མུན་པ་ནི། །ཉམས་པར་སྔོན་འགྲོ་ལུས་ཀྱི་ངལ་བ་རྣམས་ཀྱིས་མིན། །ཇི་ལྟར་མེ་ནི་འདོད་པས་ཤིང་ལ་འབིགས་པ་དང་། །རྣམ་པར་འགེམས་པས་མེ་ནི་ཐོབ་པ་མ་ཡིན་ལ། །དེ་ཉིད་མངོན་པའི་ཐབས་ལས་བསྲུབས་པས་ཐོབ་པ་སྟེ། །དེ་བཞིན་སྦྱོར་ལས་འཆི་
เล่ม ๑๗๒ · หน้า 57b
བ་མེད་ཐོབ་ངལ་བས་མིན། །དེ་ལྟར་དོན་མེད་འདོད་པ་རྣམས་ལ་ཆགས་པ་ནི། །རྡུལ་དང་མུན་པ་དག་གིས་ཟིལ་ནོན་སེམས་ལྡན་རྣམས། །བསྟན་བཅོས་དོན་ལ་ནུས་ཀྱང་གྲུབ་པ་ཐོབ་མིན་ན། །ཆགས་བྲལ་འགོག་པའི་ཆོ་ག་ལ་ནི་སྔོན་ཉིད་དོ། །ཇི་ལྟར་ནད་ཀྱིས་མངོན་པར་བཅོམ་པའི་
སྲོག་ཆགས་ཀྱིས། །མི་ཕན་བཟའ་བ་ཟ་བའི་གསོ་བ་འདིར་ཡོད་མིན། །དེ་བཞིན་མི་ཤེས་ནད་ཀྱིས་མངོན་པར་བཅོམ་པ་ཡི། །འདོད་པ་རྣམས་ལ་ཆགས་པའི་ཞི་བ་གང་ལས་སོ། །ཇི་ལྟར་སྐམ་པའི་རྟེན་ལ་གནས་པའི་རླུང་གིས་ནི། །བུས་པའི་མེ་ཡི་ཞི་བ་ཡོད་པ་མ་ཡིན་ནོ། །
དེ་བཞིན་འདོད་པའི་རྟེན་ལ་གནས་པའི་ཆགས་པ་ཡིས། །རྗེས་སུ་སོང་བའི་སེམས་ཀྱི་ཞི་བ་ཡོད་མ་ཡིན། །མཐའ་འདི་གཉིས་པོ་དག་ཀྱང་རྣམ་པར་དོར་བྱས་ནས། །བདག་གིས་ལམ་གཞན་དབུ་མས་ལྷག་པར་རྟོགས་པ་སྟེ། །ཤིན་ཏུ་སྡུག་བསྔལ་ཉེ་བར་ཞི་བའི་འདྲེན་པ་པོ། །བདེ་
བ་དང་ནི་དགེ་བ་ཉིད་དང་བྲལ་བའོ། །ཡང་དག་ལྟ་བའི་ཉི་མས་རབ་ཏུ་གསལ་བྱས་ཤིང་། །རྣམ་དག་ཡང་དག་རྟོགས་པའི་ཤིང་རྟས་དྲངས་པ་སྟེ། །ཡང་དག་བརྗོད་པའི་ཡང་དག་དག་ནི་གཙུག་ལག་ཁང་། །དགེ་བའི་བྱ་བའི་སྐྱེད་ཚལ་བརྒྱ་ཕྲག་མངོན་པར་དགའ། །སྨད་པ་མེད་པའི་
འཚོ་བ་ལོ་ལེགས་ཆེན་པོ་སྟེ། །ཡང་དག་རྩོལ་བས་སྟོབས་རབ་རྗེས་སུ་འགྲོ་བ་ཅན། །ཀུན་དུ་ཡང་དག་དྲན་པའི་སྦས་པས་སྦས་པ་སྟེ། །ཏིང་འཛིན་གཟིམས་མལ་དང་ནི་གདན་དང་ཁྱབ་པ་ཡིས། །དེ་ལྟར་མཆོག་གི་ཡན་ལག་བརྒྱད་འདིར་འདི་ལམ་སྟེ། །འཆི་དང་རྒ་དང་ན་བ་
རྣམས་ལས་འདྲེན་པ་པོ། །གང་ལ་དྲངས་ནས་བྱ་བ་ཐམས་ཅད་བྱས་པ་སྟེ། །འདི་དང་ཆེ་གེ་མོར་ནི་སླན་ཆད་འགྲོ་བ་མེད། །འདི་ནི་སྡུག་བསྔལ་མཐའ་དག་འདི་ནི་མཚན་མ་སྟེ། །འདི་ནི་འགོག་པ་འདི་ཡི་ལམ་ནི་འདི་ཡིན་ཏེ། །དེ་ལྟར་མ་ཐོས་ཆོས་ཀྱི་ཆོ་ག་སྔར་མེད་པའི། །རྣམ་པར་མཐར་ཕྱིན་
བདག་གི་སྤྱན་མིག་སྐྱེ་བའོ། །སྐྱེ་དང་རྒ་དང་ན་དང་དེ་ནས་རྒུད་པ་དང་། །སྡུག་པ་དང་བྲལ་མི་སྡུག་པ་ལ་སྦྱོར་བ་དང་། །འདོད་པའི་དོན་ནི་རབ་ཏུ་འཐོབ་པ་མེད་པ་སྟེ། །རྣམ་པ་སྣ་ཚོགས་སྡུག་བསྔལ་འདི་ནི་ཡོངས་སུ་འཐོབ། །འདོད་པའི་བདག་ཅན་གྱི་འམ་བདག་རྒྱལ་ཅན་གྱི་འམ། །ལུས་
เล่ม ๑๗๒ · หน้า 58a
ཅན་གྱི་འམ་ཡང་ན་ལུས་ཅན་མ་ཡིན་པའི། །གང་ཞིག་ཡོན་ཏན་མེད་པ་གང་ལ་རབ་ཞུགས་ཀྱང་། །མདོར་བསྡུས་ནས་དེ་སྡུག་བསྔལ་དུ་ནི་ཤེས་པར་མཛོད། །དེ་ལྟར་འབར་བ་ཞི་བའི་མེ་ནི་ཆུང་ན་ཡང་། །ལྷན་ཅིག་སྐྱེས་པ་དྲོ་བའི་ངོ་བོ་སྤོང་མིན་ཉིད། །དེ་བཞིན་བདག་ཏུ་
འདུ་ཤེས་ཞི་སོགས་ཀྱིས་ཕྲ་ཡང་། །སྡུག་བསྔལ་བདག་ཉིད་ཅན་ཞེས་བདག་གི་ཤིན་ཏུ་ངེས། །ཇི་ལྟར་ས་ཆུ་ས་བོན་དུས་རྣམས་མྱུ་གུའི་བཞིན། །འདོད་ཆགས་ལ་སོགས་རྣམ་པ་སྣ་ཚོགས་སྐྱོན་རྣམས་དང་། །སྐྱོན་ལས་རབ་ཏུ་སྐྱེས་པའི་ལས་རྣམས་ཉིད་དག་ནི། །སྡུག་བསྔལ་དག་གི་རྒྱུར་ནི་
ངེས་པར་ཤེས་པར་མཛོད། །མཐོ་རིས་སུ་འམ་འོག་ཏུ་སྲིད་པའི་རྒྱུན་ལས་ནི། །འདོད་ཆགས་ལ་སོགས་སྐྱོན་གྱི་ཚོགས་རྣམས་རྒྱུ་ཡིན་ཞིང་། །དམན་དང་འབྲིང་དང་མཆོག་སྟེ་སྣ་ཚོགས་ཉིད་ཀྱི་ནི། །དེ་དང་དེར་ནི་ལས་རྣམས་དག་ནི་རྩ་བའོ། །ཉེས་པ་ཟད་ལས་འཁོར་བའི་རྒྱུན་ནི་ཡོད་མིན་ཏེ། །ལས་
ཟད་པ་ལས་སྡུག་བསྔལ་དེ་ནི་ཡོད་མ་ཡིན། །གང་ཕྱིར་དོན་གང་ཡོད་པ་ལས་ནི་ཀུན་འབྱུང་སྟེ། །དེ་ཕྱིར་མེད་པ་ལས་ཏེ་སླར་ཡང་འབྱུང་བ་མེད། །གང་དུ་སྐྱེ་བ་མེད་ཅིང་རྒ་མེད་འཆི་བ་མེད། །མེ་མེད་ས་མེད་ཆུ་མེད་མཁའ་མེད་རླུང་མེད་ལ། །ཐོག་མ་བར་དང་མཐའ་མེད་འཕགས་པ་དབྲོག་བྱ་མིན། །
དགེ་ཞིང་འགྱུར་མེད་འགོག་པ་དེ་ནི་ཤེས་པར་མཛོད། །ཡན་ལག་བརྒྱད་ལྡན་གང་ཞིག་མངོན་བརྗོད་དེ་ལམ་སྟེ། །ལྷག་པར་རྟོགས་ཕྱིར་འདི་ཡི་ཐབས་དེའི་གཞན་མ་ཡིན། །ལམ་འདི་ཡིན་ན་མ་མཐོང་བ་ལས་འཇིག་རྟེན་རྣམས། །དེ་ཉིད་དང་ནི་ཉེ་དུ་རྣམས་ནི་ཡོངས་སུ་འཁོར། །སྡུག་བསྔལ་
ཡོངས་སུ་ཤེས་པར་བྱ་ཞིང་རྒྱུ་འདི་ནི། །སྤང་བྱ་འགོག་པ་ཡང་ནི་དབང་དུ་བྱ་བའོ། །དེ་བཞིན་ལམ་འདི་ཡང་ནི་བསྒོམ་པར་བྱ་བ་སྟེ། །དེ་ལྟར་འདི་ནི་བདག་གི་བློ་གྲོས་རབ་ཞུགས་སོ། །སྡུག་བསྔལ་འདི་ནི་ཡོངས་ཤེས་རྒྱུ་ནི་སྤངས་པ་སྟེ། །དེ་བཞིན་དུ་ནི་འགོག་པ་མངོན་དུ་བྱས་པའོ། །དེ་བཞིན་དུ་ནི་
འདི་ཡི་ལམ་འདི་བསྒོམས་པ་སྟེ། །དེ་ལྟར་འདིར་ནི་བདག་གི་སྤྱན་མིག་རབ་ཞུགས་སོ། །ཇི་སྲིད་དུ་ནི་ཡང་དག་འཕགས་པའི་བདེན་པ་ནི། །བཞི་བའི་རྐང་པ་འདི་རྣམས་མཐོང་བ་མ་ཡིན་པ། །དེ་སྲིད་བདག་འདིར་གྲོལ་བ་མེད་པ་ཞེས་བརྗོད་ཅིང་། །བདག་ཉིད་ལ་ནི་དོན་བྱས་ཉིད་དུ་ཡང་མ་
เล่ม ๑๗๒ · หน้า 58b
མཐོང་། །གང་ཚེ་འཕགས་པའི་བདེན་པ་རྣམས་ནི་རྟོགས་པ་སྟེ། །རྟོགས་བྱས་ཀྱང་ནི་དོར་བྱར་འོས་པ་བྱས་པའོ། །དེ་ཚེ་བདག་འདིར་རྣམ་པར་གྲོལ་ཞེས་བརྗོད་པ་སྟེ། །བདག་ཉིད་ལ་ནི་དོན་བྱས་ཉིད་དུ་ཡང་མཐོང་ངོ་། །དེ་ལྟར་དྲང་སྲོང་ཆེན་པོ་ཐུགས་རྗེ་མངའ་བ་ཡིས། །འདིར་
ནི་ཆོས་དག་དེ་སྐད་མངོན་པར་གསུངས་པ་ན། །ཀཽཎྜི་ནྱའི་རིགས་དང་ལྷ་ནི་བརྒྱ་ཕྲག་རྣམས། །གཙང་ཞིང་རྡུལ་དང་བྲལ་བའི་མིག་ནི་ཐོབ་པར་གྱུར། །བྱ་བ་ཐམས་ཅད་ངེས་པར་བྱས་ཤིང་ཞི་བ་དེ་ལ་ནི། །ཐམས་ཅད་མཁྱེན་པས་ཁྱུ་མཆོག་བཞིན་དུ་མཐོན་པོའི་དབྱངས་ཀྱིས་གསུངས། །
ཁྱོད་ཀྱིས་ཤེས་ཤེས་བདག་ཉིད་ཆེན་པོ་དེས་ནི་ཚིག་གསོལ་པ། །ལེགས་སོ་ཁྱོད་ཀྱི་བློ་གྲོས་མཆོག་ནི་བདག་གིས་ཤེས་པའོ། །ལེགས་སོ་བདག་གིས་ཤེས་ཤེས་དེ་ནས་དེས་ནི་འཇིག་རྟེན་ནི། །ཀཽཎྜི་ནྱས་དེ་ཡི་གོ་འཕང་རིགས་ནི་བཟུང་བ་སྟེ། །བླ་མ་དམ་པ་དེ་བཞིན་གཤེགས་
པའི་སློབ་མ་རྣམས་ཀྱིས་ནི། །གཙོ་བོ་ཉིད་དུ་ཆོས་ལ་ཡང་དག་ལྷག་པར་གཤེགས་པའོ། །སྒྲ་དེ་ས་ལ་རྒྱུ་བའི་གནོད་སྦྱིན་རྣམས་ཀྱིས་ཐོས་ནས་ནི། །རྣམ་པར་རྒྱས་པའི་དབྱངས་འདི་རབ་ཏུ་གསོལ་བར་གྱུར་པ་སྟེ། །འབྱུང་པོ་རྣམས་ཀྱི་འཆི་མེད་ཞི་བའི་ཆེད་དུ་ངེས་པར་ནི། །
དམ་པ་གཟིགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ལེགས་སོ། །ཚུལ་ཁྲིམས་རྩིབས་དང་ཞི་དང་དུལ་བའི་མུ་ཁྱུད་བློ་རྣམས་ཡངས། །དྲན་པས་བློ་གྲོས་བརྟན་པ་བརྩོན་འགྲུས་ལྟ་བ་ངོ་ཚའི་གཟེར། །ཟབ་པའི་ཕྱིར་དང་བརྫུན་མེད་ཕྱིར་དང་ལེགས་པར་བསྟན་ཉིད་ཕྱིར། །
འཇིག་རྟེན་གསུམ་ན་བརྟན་ཞིང་བསྟན་བཅོས་གཞན་རྣམས་ཀྱིས་མི་ལྡོག །ས་འཛིན་གནོད་སྦྱིན་རྣམས་ལས་སྒྲ་ནི་ཉེ་བར་ཐོབ་བྱས་ནས། །མཁའ་ལ་ལྷ་ཡི་ཚོགས་རྣམས་ཀྱིས་ནི་དབྱངས་བྱས་ཤིང་། །དེ་ལྟར་ཐོས་ནས་མཐོ་རིས་རིམ་དང་རིམ་རྣམས་ཀྱིས་མཐོན་པོར། །ཚངས་
པའི་འཇིག་རྟེན་བར་དུ་སྒྲ་ཡིས་ཉེ་བར་འཛེགས་པའོ། །མཐོ་རིས་དག་ན་གནས་པའི་བདག་ཉིད་ལྡན་པ་ཁ་ཅིག་གིས། །དྲང་སྲོང་ཆེ་ལས་འཇིག་རྟེན་གསུམ་ནི་གཡོ་ཞེས་ཐོས་ནས་ནི། །སྣ་ཚོགས་ཡུལ་རྣམས་ལ་ནི་ཆགས་པར་གཤེགས་པ་མ་ཡིན་ཞིང་། །ཡང་དག་སྐྱོ་ལས་
เล่ม ๑๗๒ · หน้า 59a
སྲིད་པ་གསུམ་ན་ཞི་བ་ཉིད་དུ་གཤེགས། །དེ་ལྟར་འཇིག་རྟེན་རྣམས་ཀྱི་མཆོག་ཏུ་ཞི་བའི་ཆེད་དུ་ནི། །མཐོ་རིས་དང་ནི་ས་ན་ཆོས་ཀྱི་འཁོར་ལོ་བསྐོར་ཙམ་ན། །སྤྲིན་བྲལ་མཁའ་ལས་མེ་ཏོག་དང་བཅས་ཆུ་ཡི་ཆར་བབ་ཅིང་། །སྲིད་གསུམ་གནས་པ་
རྣམས་ཀྱིས་རྔ་བོ་ཆེ་རྣམས་མངོན་པར་བརྡུངས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཐམས་ཅད་མཁྱེན་པ་ཡིས། །རྟ་ཐུལ་ལ་སོགས་དགེ་སློང་རྣམས། །
རབ་སྙོམས་སེམས་ལྡན་དེ་རྣམས་ཀུན། །ཐར་པའི་ཆོས་ལ་བཀོད་པའོ། །ཉི་མ་དང་ལྡན་སྐར་མ་ལྔས། །ནམ་མཁར་ཟླ་བ་ལྡན་པ་བཞིན། །ལྔ་སྡེ་ཕམ་པའི་ལྔ་སྡེ་ཡིས། །ཀུན་ནས་བསྐོར་བ་དེ་མཛེས་སོ། །དེ་ནས་དེ་ཚེ་ཁ་ཅིག་ནི། །མོ་རྣམས་གློས་ཕབ་ཉལ་མཐོང་
ནས། །གྲགས་པ་ཞེས་བྱ་ཆེན་པོའི་བུ། །ཡང་དག་སྐྱོ་བར་ཉེ་བར་སོང་། །འདི་ཀུན་ཉེ་བར་མཛེས་པ་སྟེ། །ཞེས་ནི་ཚིག་དང་བརྗོད་བཞིན་དུ། །དཔལ་ལྡན་མཆོག་གི་རྒྱན་ལྡན་པ། །སངས་རྒྱས་ག་ལ་བ་དེར་སོང་། །སེམས་དང་ཉོན་མོངས་མཁྱེན་པས་དེ། །གཟིགས་
ནས་དེ་བཞིན་གཤེགས་པས་གསུངས། །མྱ་ངན་འདས་ལ་ཉེར་འཚེ་མེད། །ཚུར་ཤོག་དགེ་བ་ཐོབ་པར་གྱིས། །དེ་ལྟར་རྣམ་རྒྱས་གྲགས་པའི་གསུང་། །འདི་ནི་ཐོས་ནས་ཚ་བ་ཡིས། །ཉམ་ཐག་ཆུ་ལ་འཛུལ་ནས་དང་། །མཆོག་ཏུ་ཚིམ་པ་ཉེ་བར་འོང་། །སྔོན་གྱི་
རྒྱུ་ཡི་སྟོབས་བརྟེན་ནས། །དེ་ནས་ལུས་དེ་ཉིད་བཟུང་སྟེ། །ལུས་ཀྱིས་དང་ནི་སེམས་ཀྱིས་ནི། །དགྲ་བཅོམ་ཉིད་ནི་ཉེ་བར་ཐོབ། །སྟོན་ཀའི་ཆུ་ཡིས་བཀྲུས་པ་ཡི། །གོས་ལ་ཚོན་ནི་བཀོད་པ་བཞིན། །དཀར་པོའི་བློ་ཡིས་དམ་པའི་ཆོས། །ཐོས་ནས་རབ་ཏུ་རྟོགས་པ་
ཉིད། །ཆ་ལུགས་དེ་ཡིས་ངོ་ཚ་བཞིན། །གནས་པ་དེ་ནི་གཟིགས་གྱུར་ན། །དོན་མཛད་དམ་པའི་དོན་མཁྱེན་པ། །སྨྲ་བ་རྣམས་ཀྱི་མཆོག་གིས་སྨྲས། །རྟགས་ནི་ཆོས་ཀྱི་རྒྱུ་མིན་ཞིང་། །འབྱུང་པོ་རྣམས་ལ་སྙོམས་པ་སྟེ། །ཞི་ཞིང་དུལ་ལ་དབང་པོ་དུལ། །བརྒྱན་པ་ཡིན་
เล่ม ๑๗๒ · หน้า 59b
ཡང་ཆོས་ལ་སྤྱོད། །གང་ཞིག་ལུས་ནི་འཐོན་པ་སྟེ། །སེམས་ཀྱིས་འཐོན་པ་མ་ཡིན་པ། །ནགས་ན་གནས་ཀྱང་ཆགས་པ་ཅན། །ཁྱིམ་ན་གནས་ཤེས་དེ་ཤེས་བྱ། །གང་ཞིག་སེམས་ནི་འཐོན་པ་སྟེ། །ལུས་ཀྱིས་འཐོན་པ་མ་ཡིན་པ། །ཁྱིམ་ན་གནས་ཀྱང་ང་མེད་
པ། །ནགས་ན་གནས་ཤེས་དེ་ཤེས་བྱ། །ཁྱིམ་ན་གནས་པར་གྱུར་པའི་ལམ། །རབ་ཏུ་བྱུང་བར་གྱུར་པའི་ཡང་། །གང་གིས་བསྒྲུབ་པ་ཡོད་ན་ནི། །དེ་ཡི་ཐར་པ་མངོན་པར་བརྗོད། །ཇི་ལྟར་རྒྱལ་འདོད་དགྲ་སྡེ་ལ། །རྒྱལ་ཕྱིར་གོ་ཆ་འཛིན་པ་སྟེ། །དེ་བཞིན་ཉོན་མོངས་དགྲ་
དེ་ལ། །རྒྱལ་ཕྱིར་རྟགས་ནི་འདྲེན་པའོ། །དེ་ནས་དགེ་སློང་ཚུར་ཤོག་ཅེས། །དེ་བཞིན་གཤེགས་པས་དེ་ལ་གསུངས། །དེས་ནི་དགེ་སློང་རྟགས་བཟུང་སྟེ། །སྐད་ཅིག་དེ་ཉིད་ཀྱིས་གྲོལ་ཏོ། །དེ་ནས་དེ་ཡི་རྗེས་ཆགས་པས། །དེ་ཡི་འཁོར་ནི་ལྔ་བཅུ་དང་། །གསུམ་རྣམས་
ཉིད་དང་གཅིག་ཉིད་དང་། །ཆོས་དེ་རབ་ཏུ་ཐོབ་པར་གྱུར། །འདག་ཆལ་གྱིས་བསྒོས་གོས་རྣམས་ནི། །ཆུ་ཡིས་ཡང་དག་རེག་པ་བཞིན། །སྔོན་ཚེ་བསྒོམས་པའི་ལས་ཅན་རྣམས། །དེ་རྣམས་མྱུར་དུ་དག་པར་གྱུར། །དེ་ནས་དེ་ཚེ་དགྲ་བཅོམ་སློབ་མ་ཡི། །དང་པོ་དོན་བྱས་
དྲུག་ཅུ་ཐམས་ཅད་ལ། །དགྲ་བཅོམ་རྣམས་ཀྱིས་མངོན་མཆོད་དགྲ་བཅོམ་པས། །ཇི་ལྟར་འོས་པར་ཡང་དག་བཀའ་སྩལ་ཏོ། །དགེ་སློང་རྣམས་ཀྱིས་སྡུག་བསྔལ་རྒལ། །རང་གི་བྱ་བ་ལེགས་ཆེན་བྱས། །ཕ་རོལ་སྡུག་བསྔལ་རྣམས་ལ་ཡང་། །རྗེས་སུ་འཛིན་པར་བྱེད་པའི་
རིགས། །དེ་ཕྱིར་རེ་རེ་ཐམས་ཅད་ཀྱིས། །ས་འདིར་ཡོངས་སུ་གཤེགས་མཛོད་ལ། །ཉམ་ཐག་འཇིག་རྟེན་ཆེད་དུ་ཆོས། །རྗེས་སུ་བརྩེ་བས་བསྟན་པར་བྱ། །གྲུབ་ཕྱིར་རྫུ་འཕྲུལ་ལྡན་པའི་སྤུན། །འོད་སྲུངས་དྲང་སྲོང་རྣམས་འདུལ་ཕྱིར། །རྒྱལ་པོའི་དྲང་སྲོང་གིས་བསྙེན་པའི། །ག་
ཡར་ཁོ་བོ་འདི་ཡང་འགྲོ། །དེ་ནས་དེ་ཉིད་མཐོང་དེ་རྣམས། །དེ་ཡི་བཀའ་ལས་ཕྱོགས་སུ་སོང་། །རྩོད་བྲལ་བདེ་བར་གཤེགས་པ་ནི། །དྲང་སྲོང་ཆེ་ཡང་ག་ཡར་གཤེགས། །དེ་ནས་དུས་སུ་དེར་གཤེགས་ནས། །ཆོས་ཀྱི་དགོན་པར་ཉེ་བར་གཤེགས། །དཀའ་ཐུབ་དངོས་སུ་གནས་
เล่ม ๑๗๒ · หน้า 60a
པ་བཞིན། །དེར་ནི་འོད་སྲུངས་གཟིགས་པའོ། །རི་རྣམས་དང་ནི་ནགས་རྣམས་སུ། །གནས་རྣམས་ཡོད་པ་ན་ཡང་དེ། །རྣམ་པར་འདུལ་བཞེད་སྟོབས་བཅུ་བས། །རབ་ཏུ་བརྟེན་ནས་བསླངས་པའོ། །དེ་ནས་གྲུབ་པ་ཉམས་ཚད་ཕྱིར། །མེ་ཁང་ལྟོ་འཕྱེ་ཆེས་
བསྙེན་པར། །མ་རུངས་གནས་དེས་འདི་ལ་བྱིན། །དེར་གཟིམས་མཚན་མོར་རང་གནས་ཤིང་། །ལྟོས་བྲལ་ཐུབ་བ་ཆེན་པོ་ལ། །མཐོང་བའི་དུག་ཅན་ཁྲོས་པ་ཡི། །སྤྲུལ་དེས་མཐོང་ནས་དབུགས་ཕྱུང་ངོ་། །དེ་ཡི་ཁྲོ་བས་འབར་བ་ཡི། །མེ་ཡི་ཁང་པར་གྱུར་པ་དེས། །དྲང་སྲོང་
ཆེན་པོའི་སྐུ་ལུས་ལ། །འཇིགས་པ་བཞིན་དུ་མེས་མ་རེག །དུས་མཐའི་མེ་ཉེར་ཞི་བ་ན། །ཚངས་པ་བཞུགས་པ་མཛེས་པ་ལྟར། །མེ་ཡི་ཁང་པར་བསྲེགས་ན་ཡང་། །གཽ་ཏ་མ་རྣམ་འགྱུར་མེད། །གང་ཚེ་སངས་རྒྱས་དེར་བཞུགས་ཚེ། །གནོད་མེད་གཡོ་བ་མེད་པ་སྟེ། །དེ་ཚེ་
ཀླུ་དེ་ཡ་མཚན་ཞིང་། །དྲང་སྲོང་མཆོག་ལ་ཕྱག་འཚལ་ལོ། །རི་དགས་ནགས་དེར་སྐྱེ་བོ་ཡིས། །ཐུབ་པ་དེར་བཞུགས་ཤེས་གྱུར་ནས། །སྲུགས་པ་འོ་བརྒྱལ་འདི་འདྲ་བའི། །དགེ་སློང་ཚིག་ཅེས་རྗེས་སུ་བརྩེ། །དེ་ནས་མཚན་མོ་འདས་པ་ན། །རྣམ་པར་འདྲེན་པས་འོད་སྲུངས་ལ། །སྦྲུལ་
ནི་ཞི་བས་ལྷུང་བཟེད་ཀྱིས། །བླངས་ནས་དེ་ལ་བསྟན་པའོ། །དེ་ནས་སངས་རྒྱས་ཆེ་བདག་ཉིད། །ཐོས་ནས་དེ་ནི་ཡ་མཚན་གྱུར། །དེ་ལྟ་ན་ཡང་བདག་ཉིད་ཀྱིས། །ཆེ་ཞིང་གོང་ན་མེད་པ་སྙམ། །དེ་ནས་དུས་སུ་རབ་སྦྱར་བའི། །སྣ་ཚོགས་རྫུ་འཕྲུལ་གཟུགས་རྣམས་ཀྱིས། །དེ་ཡི་སེམས་དེ་
མཁྱེན་ཉིད་ལས། །ཞི་ལྡན་ཐུབ་པས་ཐུགས་དགོངས་མཛད། །ཇི་ལྟར་བདག་ལས་རྫུ་འཕྲུལ་གྱིས། །སངས་རྒྱས་ཁྱད་པར་འཕགས་པ་སྙམ། །དེ་ཡི་ཆོས་ནི་རབ་སྒྲུབ་ཕྱིར། །དེ་ཚེ་ངེས་ནི་ངེས་པར་བྱས། །ཀུན་ནས་སླར་ལོག་གནས་པ་ཡིས། །ལྟེང་རྒྱས་འོད་སྲུངས་མཐོང་ནས་ནི། །སློབ་མ་རྣམས་
ཀྱི་ཚོགས་རྣམས་ཀྱང་། །ལྔ་བརྒྱས་དེ་ཡི་ཆོས་ལ་བསྙེན། །དེར་ནི་སྤུན་ཟླ་སློབ་མར་བཅས། །མཐར་ཕྱིན་ཤུན་ལྤགས་སྤངས་པ་ན། །ག་ཡ་ཆུ་ཀླུང་ཞེས་བྱས་ཀྱང་། །དེར་སོང་ལམ་ལ་བསྙེན་པའོ། །དེ་ནས་ཐུབ་པས་སློབ་མར་བཅས། །འོད་སྲུངས་གསུམ་པོ་དེ་རྣམས་ལ། །ས་འཛིན་ག་ཡའི་རྩེ་མོར་
เล่ม ๑๗๒ · หน้า 60b
ནི། །ངེས་པར་མཐར་ཕྱིན་གཏམ་མཛད་དོ། །རྣམ་པར་རྟོག་པའི་སྐྱེ་གནས་དང་། །གཏི་མུག་རྣམ་བཀྲམ་དུ་བ་ཅན། །ཆགས་སྡང་མེ་ཡིས་འགྲོ་བ་ནི། །ཐམས་ཅད་དབང་མེད་པར་བསྲེག་གོ། །དེ་ལྟར་ཉོན་མོངས་མེས་ཚིག་ཅིང་། །རབ་ཏུ་མ་ཞི་མགོན་མེད་ཅན། །རྒ་ན་འཆི་བའི་མེ་རྣམས་
ཀྱིས། །སླར་ཡང་རྒྱུན་མི་ཆད་པར་སྲེག །རྣམ་པ་སྣ་ཚོགས་མེས་ཚིག་པའི། །འགྲོ་བ་སྐྱབས་མེད་འདི་མཐོང་ནས། །ཡིད་བཅས་དབང་པོ་དང་བཅས་པའི། །གཟུགས་ལ་བློ་ལྡན་སྐྱོ་བ་སྟེ། །སྐྱོ་བ་ལས་ནི་ཆགས་བྲལ་རོ། །ཆགས་བྲལ་ལས་ནི་རྣམ་གྲོལ་ཞིང་། །རྣམ་གྲོལ་དེ་ནས་ཐམས་ཅད་
ན། །རྣམ་པར་གྲོལ་ཞེས་ཤེས་པའོ། །སྐྱེ་བའི་རྒྱུན་ནི་ཡོངས་འཛད་ཅིང་། །ཚངས་པའི་སྤྱོད་པ་འདིར་གནས་ལ། །བྱེད་པ་ཐམས་ཅད་བྱས་པ་སྟེ། །སྲེད་པ་གཞན་ནི་ཡོད་མ་ཡིན། །བཅོམ་ལྡན་གྱི་གསུང་འདི་ཐོས་ནས། །དགེ་སློང་སྟོང་ཕྲག་དག་གི་སེམས། །ལེན་པ་མེད་ནས་ཟག་པ་ལས། །
དེ་མ་ཐག་ཏུ་རྣམ་པར་གྲོལ། །སྦྱིན་པ་ཚུལ་ཁྲིམས་དུལ་རྣམས་ཀྱིས། །ཆོས་ནི་ཡོངས་སུ་ཡོངས་བསྐོར་བཞིན། །དེ་ནས་ཤེས་རབ་རྒྱ་ཆེ་བའི། །འོད་སྲུངས་གསུམ་གྱིས་སངས་རྒྱས་མཛེས། །ཆོས་དོན་འདོད་པ་དང་བྲལ་བའི། །སེམས་ཅན་ངན་པའི་སྲོག་བཞིན་དུ། །བགྲེས་མཆོག་དེ་རྣམས་ཀྱིས་
བོར་བའི། །དཀའ་ཐུབ་ནགས་དེ་མཛེས་མ་གྱུར། །དེ་ནས་དེ་རྣམས་ཀྱིས་ཡོངས་བསྐོར། །ཐུབ་པ་རྒྱལ་པོའི་ཁབ་ཏུ་གཤེགས། །མ་ག་དྷཱ་ཡི་མི་དབང་ཕྱིར། །སྔོན་གྱི་དམ་བཅའ་དྲན་པའོ། །དེ་ནས་འོད་མའི་ཚལ་ཡུལ་ནི། །དེ་བཞིན་གཤེགས་པས་རབ་ཏུ་ཐོབ། །བློན་པོ་རྣམས་ནི་རྗེས་འགྲོ་བས། །
ཐོས་ནས་རྒྱས་པོ་སྔོན་དུ་སོང་། །དེ་ནས་རང་གི་སྐལ་མཚུངས་པའི། །རྐང་པ་བཞོན་པས་སྐྱེ་བོ་ནི། །ཡ་མཚན་གྱིས་ནི་རྣམ་ཡངས་མིག །རི་ཡི་ལམ་ནས་ཕྱི་རོལ་བྱུང་། །མ་ག་དྷཱ་ཡི་མི་དབང་གིས། །ཐུབ་མཆོག་རྒྱང་མ་ནས་མཐོང་ནས། །སྐྱེན་པ་དང་བཅས་མཆོད་པའི་ཕྱིར། །ཤིང་རྟ་
ལས་ནི་ས་ལ་བབས། །དེས་ནི་རྔ་ཡབ་རླུང་ཡབ་དང་། །རྗེས་སུ་འབྲང་བ་རྣམ་སྤངས་ནས། །ཚངས་པ་ལ་ནི་དབང་པོས་བཞིན། །ཐུབ་པ་རྒྱལ་པོ་སྔོན་དུ་སོང་། །ཅོད་པན་རབ་གཡོ་མགོ་བོ་ཡིས། །དྲང་སྲོང་མཆོག་ལ་ཕྱག་འཚལ་ནས། །ས་ཡི་ལོགས་ལ་རྩྭ་འཇམ་ལ། །མངོན་པར་རྗེས་གནང་
เล่ม ๑๗๒ · หน้า 61a
བསྡད་པའོ། །དེར་མི་རྣམས་ཀྱིས་བསམས་པར་གྱུར། །ཨེ་མ་ཤཱཀྱ་ཐུབ་པའི་སྟོབས། །འོད་སྲུངས་བཅོམ་ལྡན་དྲང་སྲོང་ནི། །འདི་ཡི་སློབ་མ་ཉིད་དུ་སོང་། །དེ་ནས་དེའི་སེམས་སངས་རྒྱས་ཀྱིས། །མཁྱེན་ནས་འོད་སྲུངས་ལ་སྨྲས་པ། །འོད་སྲུངས་ཡོན་ཏན་གང་མཐོང་ནས། །
ཁྱེད་ཀྱིས་མེ་ནི་སྤངས་པའོ། །ཆུ་སྦྱིན་ཆེན་པོའི་དབྱངས་ཀྱིས་ནི། །བླ་མས་དེ་ལྟར་དེ་བསྐུལ་ཏེ། །མཐོན་པོས་སྐྱེ་བོ་ཀུན་ཁྱབ་པར། །ཐལ་མོ་སྦྱར་ཞིང་རྣམ་པར་གསོལ། །གང་ཕྱིར་མཆོད་དང་སྦྱིན་སྲེག་གི། །འབྲས་བུ་ཡོངས་སུ་འཁོར་བ་སྟེ། །སེམས་ནད་སྣ་ཚོགས་དང་ལྡན་ཏེ། །དེ་ཕྱིར་མེ་རྣམས་བདག་
གིས་སྤངས། །གང་ཕྱིར་ཡུལ་ལ་སྐོམ་པ་ཡིས། །བཟླས་དང་སྦྱིན་སྲེག་ལ་སོགས་འཇུག །ཡུལ་རྣམས་དག་གིས་སྐོམ་པ་མེད། །དེ་ཕྱིར་མེ་རྣམས་བདག་གིས་སྤངས། །གང་ཕྱིར་བཟླས་ནས་བསྲེགས་ནས་ཀྱང་། །སྐྱེ་བ་ལ་ནི་ཐར་མིན་ཞིང་། །སྐྱེ་བ་ཡི་ནི་སྡུག་བསྔལ་ཆེ། །དེ་ཕྱིར་མེ་རྣམས་བདག་གིས་
སྤངས། །གང་ཕྱིར་མཆོད་སྦྱིན་དཀའ་ཐུབ་ཀྱིས། །དགེ་ལེགས་ཡིན་ཞེས་ཡིད་གྱུར་པ། །དེ་ནི་བརྫུན་པ་ཉིད་ཡིན་ཏེ། །དེ་ཕྱིར་མེ་རྣམས་བདག་གིས་སྤངས། །གང་ཕྱིར་སྐྱེ་འཆི་ལས་གྲོལ་བ། །འགྱུར་མེད་གོ་འཕང་དགེ་བར་ནི། །བརྗོད་པ་བདག་གིས་ཤེས་པ་སྟེ། །དེ་ཕྱིར་མེ་རྣམས་བདག་གིས་སྤངས། །དེ་
ལྟར་དེའི་ཚིག་དང་སྐྱེད་ཅིང་། །དོན་དང་ལྡན་པས་གསན་གྱུར་ནས། །འདུལ་བའི་སློབ་དཔོན་གཽ་ཏ་མས། །དུལ་བའི་འོད་སྲུངས་ལ་གསུངས་སོ། །སྐལ་ཆེན་ཁྱོད་ནི་ལེགས་པར་འོངས། །འདི་ནི་ལེགས་བྱས་བྱས་མིན་མིན། །གང་ཁྱོད་ཐ་དད་ཆོས་རྣམས་སུ། །དགེ་ལེགས་གང་དེ་ཉེ་བར་ཐོབ། །དེ་ཕྱིར་
རེ་ཞིག་འཁོར་རྣམས་ནི། །རྣམ་རྒྱས་ཡང་དག་འཕེལ་བ་བཞིན། །སྣ་ཚོགས་སྡུག་བསྔལ་སྟོན་བཞིན་དུ། །ཡིད་ནི་ཡང་དག་སྐྱོ་བར་གྱིས། །དེ་ནས་མཆོག་ཅེས་སྨྲས་ནས་ནི། །བདག་ལ་བདག་ནི་ཡོངས་བསྡུས་ནས། །མཁའ་འགྲོའི་བྱ་ལྟར་འོད་སྲུངས་ནི། །རླུང་གི་ལམ་ལ་འཕུར་བའོ། །དེ་མཁར་སྡོང་
དུམ་བཞིན་གནས་ཤིང་། །ས་ལ་བཞིན་དུ་རྣམ་པར་རྒྱུ། །ཁྲི་ལ་བཞིན་དུ་བཞུགས་པ་དང་། །རྫུ་འཕྲུལ་མཁས་པ་གཟིམས་པའོ། །སླར་ཡང་མེ་བཞིན་འབར་བ་དང་། །སླར་ཡང་སྤྲིན་བཞིན་ཆར་འབབ་སྟེ། །སླར་ཡང་ཅིག་ཅར་ཤིན་ཏུ་ནི། །འབར་བ་དང་ནི་འབབ་པའོ། །གློག་གི་སྣང་བའི་འོད་ལྡན་པའི། །
เล่ม ๑๗๒ · หน้า 61b
རབ་འབབ་ཆུ་གཏེར་སྤྲིན་བཞིན་དུ། །འབར་བ་དང་ནི་འབབ་པ་ཡིས། །རྒྱ་ཆེར་རྣམ་པར་གནོན་ཏེ་མཛེས། །དེར་ནི་མིག་རྣམས་ཆགས་བྱས་ནས། །ཡ་མཚན་གྱེན་ཕྱོགས་སྐྱེ་བོ་རྣམས། །མཆོད་མང་པོ་ལས་ཕྱག་འཚལ་ཞིང་། །སེང་གེའི་སྒྲ་ནི་སྒྲོགས་པའོ། །དེ་ནས་རྫུ་འཕྲུལ་བསྡུས་ནས་དེས། །བྱ་བ་
བྱས་པའི་སློབ་མ་ནི། །བདག་གི་སྟོན་པ་བཅོམ་ལྡན་ཞེས། །ཐུབ་ལ་མགོ་བོས་ཕྱག་འཚལ་ལོ། །དྲང་སྲོང་མཆོག་ལ་དེ་བཞིན་དུ། །ཕྱག་འཚལ་འོད་སྲུངས་རབ་མཐོང་ནས། །བདེ་བར་གཤེགས་ལ་ཀུན་མཁྱེན་ཞེས། །མ་ག་དྷཱ་པ་རྣམ་ངེས་སོ། །དེ་ནས་ཞིང་བྱས་མཁྱེན་ནས་ནི། །དགེ་ཕྱིར་དགེ་
ལེགས་ལ་གནས་པས། །ཆོས་ཐོས་པར་ནི་འདོད་པ་ཡི། །བཟོ་སྦྱངས་ལ་ནི་བཀའ་སྩལ་པ། །གཟི་ཆེན་ལྡན་པ་ཡིད་བཅས་ཤིང་། །དབང་པོ་ཐུལ་བ་དབང་པོར་བཅས། །ས་ཡི་བདག་པོ་གཟུགས་ཉིད་ནི། །སྐྱེ་བ་དང་ནི་རྣམ་པར་ཉམས། །ཡོན་ཏན་འཕེལ་ཕྱིར་འདི་ཡི་ནི། །སྐྱེ་དང་འགག་པ་ཤེས་བྱ་
སྟེ། །ཤེས་ནས་དེ་གཉིས་ཡང་དག་པར། །ལུས་ནི་ཡང་དག་རིག་པར་མཛོད། །སྐྱེ་དང་འགག་པའི་ཆོས་ཅན་དུ། །དབང་པོ་དང་བཅས་ལུས་ཤེས་ནས། །བདག་ལྡན་བདག་ཅེས་ཅུང་ཞིག་ནི། །ཉེ་བར་ལེན་མིན་ཉེར་འགྲོ་མིན། །ལུས་དང་དབང་པོ་བློ་རྣམས་ལས། །གཞན་ནི་དམིགས་པ་མ་ཡིན་ཏེ། །
སྡུག་བསྔལ་འདི་ནི་སྐྱེ་བ་སྟེ། །སྡུག་བསྔལ་ཉིད་ནི་འགག་པའོ། །གང་ཚེ་འདི་ཀུན་མངོན་པར་འགྲོ། །བདག་མེད་བདག་གི་བ་ཡང་མེད། །དེ་ཚེ་མཆོག་ཏུ་མི་གཡོ་བའི། །མྱ་ངན་འདས་པ་ཐོབ་པའོ། །ངར་འཛིན་ལ་སོགས་ཉོན་མོངས་ཀྱིས། །བདག་ཏུ་འཛིན་ལས་འཆིང་བ་སྟེ། །འཇིག་རྟེན་བདག་མེད་
པར་མཐོང་ན། །ཆགས་པ་རྣམས་ལས་རྣམ་པར་གྲོལ། །མི་བདེན་པར་མཐོང་འཆིང་བ་སྟེ། །བདེན་པར་མཐོང་བ་རྣམ་པར་གྲོལ། །བདག་ཡོད་ཅེས་ནི་འཇིག་རྟེན་འདིར། །རབ་ཏུ་འཇུག་འདི་བདེན་མིན་འཛིན། །གལ་ཏེ་བདག་ཡོད་གྱུར་ན་དེ། །རྟག་གམ་ཡང་ན་མི་རྟག་ཉིད། །ཕྱོགས་ནི་
གཉིས་པོ་འདི་དག་ལ། །ཉེས་པ་ཆེན་པོ་རབ་ཏུ་ཆགས། །གལ་ཏེ་རེ་ཞིག་མི་རྟག་གྱུར། །ལས་ཀྱི་འབྲས་བུ་མེད་པར་འགྱུར། །ཡང་སྲིད་ཡོད་པ་མ་ཡིན་ཞིང་། །ཐར་པ་འབད་པ་མེད་པར་འགྱུར། །ཅི་སྟེ་རྟག་ཅིང་ཁྱབ་བདག་འགྱུར། །སྐྱེ་བ་མེད་དང་སྐྱེ་བ་མིན། །ནམ་མཁའ་ཁྱབ་ཅིང་རྟག་པ་
เล่ม ๑๗๒ · หน้า 62a
ནི། །འགོད་པ་མེད་ཅིང་སྐྱེ་བ་མེད། །གལ་ཏེ་བདག་འདི་ཁྱབ་བདག་འགྱུར། །གང་དུ་མི་གནས་པ་མ་ཡིན། །འདི་དང་སོང་ནས་དང་ཐར་པར། །ཐམས་ཅད་དུ་ནི་ཅིག་ཅར་འགྱུར། །ཁྱབ་བདག་ཉིད་ཕྱིར་བྱ་མེད་འདིའི། །ལས་ཀྱི་བྱ་བ་མེད་པར་འགྱུར། །ལས་རྣམས་མ་
བྱས་པ་ལས་ནི། །འབྲས་བུར་སྦྱོར་བར་གང་གིས་འགྱུར། །གལ་ཏེ་འདི་ཡི་བྱེད་པར་འགྱུར། །བདག་གི་སྡུག་བསྔལ་བྱེད་མ་ཡིན། །རང་དབང་གྱུར་ན་སྡུག་བསྔལ་ནི། །བདག་གིས་བདག་གི་བྱེད་པ་སུ། །བདག་ནི་རྟག་པ་ཉིད་ལས་ནི། །རྣམ་པར་འགྱུར་བ་སྐྱེ་མིན་ཞིང་། །བདེ་དང་སྡུག་བསྔལ་
ཐོབ་པ་ལས། །དེ་ཡིས་རྣམ་པར་འགྱུར་བ་མཐོང་། །ཡེ་ཤེས་ཐོབ་པས་དང་ཉོན་མོངས། །སྤངས་ལས་ཐར་པ་ཡོད་པ་སྟེ། །བྱ་བ་མེད་ཁྱབ་བདག་འདི་ཡིན། །དེ་ཕྱིར་ཐར་པ་ཡོད་མ་ཡིན། །ཡོད་མིན་གྱུར་ལས་དེ་ཉིད་ཀྱིས། །བདག་སྟེ་འདི་ནི་བརྗོད་མིན་ལ། །རྒྱུར་གྱུར་པས་ཀྱང་མ་ཡིན་ཞིང་། །
འདི་ནི་ཅུང་ཟད་བྱེད་མ་ཡིན། །བྱ་བ་ལས་ཀྱང་གསལ་མིན་ཞིང་། །གང་རྣམས་ཀྱིས་འདི་བྱས་མིན་ལ། །རྣམ་པ་དེ་ལྟར་གྱུར་མིན་སྨྲ། །དེ་ཕྱིར་བདག་གི་ཡོད་མ་ཡིན། །བྱེད་པ་པོ་མེད་འདིར་ནི་རིག་པ་པོ་ཡང་མེད། །བདག་པོ་མེད་པའི་ལུས་པོ་འདི་ནི་འདྲེན་པར་བྱེད། །ཇི་ལྟར་འཁོར་བའི་ཆུ་
བོ་རབ་ཏུ་བསྐོར་བ་སྟེ། །སྨྲ་བ་དེ་ནི་ཉོན་མཛོད་ཉན་པ་རྣམས་ཀྱི་མཆོག །དབང་པོ་དྲུག་དང་དབང་པོའི་སྤྱོད་ཡུལ་དྲུག་རྣམས་ལ། །བརྟེན་ནས་རྣམ་པར་ཤེས་པ་རྣམ་དྲུག་འཆར་བ་སྟེ། །གསུམ་པོ་སོ་སོར་རིག་པའི་ཆོ་ག་རབ་བསྐོར་ཞིང་། །གང་ལས་དྲན་དང་བློ་དང་ལས་ཀྱི་འཇུག་པར་ཡིན། །ནོར་བུ་བུད་
ཤིང་ཉི་མ་ཡང་དག་ཕྲད་པ་ལས། །ཇི་ལྟར་མེ་ནི་སྦྱར་བའི་དབང་གིས་སྐྱེ་བ་སྟེ། །དེ་བཞིན་བློ་དང་དབང་དོན་དབང་པོ་ལ་བརྟེན་ནས། །སྐྱེས་བུ་ལ་བརྟེན་བྱ་བ་རྣམས་ནི་ཐམས་ཅད་འགྱུར། །ཇི་ལྟར་ས་བོན་ལས་ནི་མྱུ་གུ་སྐྱེ་བ་སྟེ། །མྱུ་གུ་དེས་ན་ས་བོན་དེ་ནི་ཤེས་མིན་ཞིང་། །གཞན་ལས་གཞན་དུ་མ་ཡིན་དེ་
ལས་དེ་མ་ཡིན། །དེ་བཞིན་ལུས་དང་དབང་པོ་བློ་ཡི་རིམ་པའོ། །དེ་ལྟར་ཐུབ་པ་མཆོག་གི་གསུང་ནི་མཆོག་ཏུ་དགེ །དམ་པའི་དོན་དུ་བསྔགས་པ་ཡང་དག་ཐོས་ནས་ནི། །དྲི་མ་མེད་པའི་རྡུལ་མེད་གཞལ་དུ་མེད་པའོ། །མ་ག་དྷཱ་ཡི་བདག་པོ་ཆོས་མིག་སྐྱེས་པར་གྱུར། །འཁོར་དེར་མ་ག་དྷཱ་ཡི་གྲོང་ན་
เล่ม ๑๗๒ · หน้า 62b
གནས་པ་ཡི། །མི་ནི་དུ་མ་རྣམས་དང་ལྷ་ན་གནས་པ་རྣམས། །ཐུབ་པའི་གསུང་ཐོབ་པ་ལས་རྣམ་དག་བསམ་ལྡན་རྣམས། །འགྱུར་མེད་འཆི་བ་མེད་པའི་གོ་འཕང་ཐོབ་པར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། སློབ་མ་མང་པོ་དང་ལྡན་པའི་ལེའུ་སྟེ་
བཅུ་དྲུག་པའོ།། །།དེ་ནས་རྒྱལ་པོ་དེས་ནི་ཐུབ་ལ་རྣམ་གནས་ཕྱིར། །དཔལ་ལྡན་ནགས་ཚལ་འོད་མའི་ཚལ་ནི་རབ་ཕུལ་ནས། །དེ་ཉིད་ཁོང་དུ་ཆུད་ཕྱིར་ཀུན་ནས་དམིགས་པ་ནི། །མངོན་པར་རྗེས་གནང་བྱས་པ་གྲོང་ཁྱེར་ལ་ཞུགས་སོ། །དེ་ནས་གཙུག་ལག་ཁང་དེར་
འགྲོ་ལ་ཕན་པའི་ཕྱིར། །ཡེ་ཤེས་ལས་གྱུར་དགེ་བའི་སྒྲོན་མ་བསྣམས་པ་སྟེ། །ཚངས་དང་ལྷ་དང་དེ་བཞིན་འཕགས་པ་རྣམས་ཀྱི་ནི། །གནས་པ་དེ་དང་དེ་ཡིས་སངས་རྒྱས་རྣམ་པར་གནས། །དེ་ནས་རྟ་ཐུལ་དབང་པོའི་རྟ་ནི་ཀུན་བསྡམས་ཤིང་། །བསོད་སྙོམས་འདོད་པས་རྒྱལ་པོའི་ཁབ་
ནི་རབ་ཐོབ་སྟེ། །གཟུགས་ཀྱིས་དང་ནི་ཞི་བ་ཡིས་དང་རྣམ་འགྱུར་གྱིས། །སྐྱེ་བོ་ཆེན་པོ་རྣམས་ཀྱི་མིག་རྣམས་ཕྲོགས་པར་གྱུར། །སེར་སྐྱའི་རིགས་ཀྱི་དགེ་སློང་སློབ་མ་དུ་མ་ཅན། །ཤ་ར་དྭ་ཏིའི་བུ་ཞེས་རབ་ཏུ་གྲགས་པ་ཡིས། །དབང་པོ་ཞི་བར་འོངས་པ་དེ་ནི་མཐོང་བ་སྟེ། །ལམ་ན་རྗེས་སུ་གནས་
ནས་ཚིག་ནི་མངོན་པར་སྨྲས། །ཁྱོད་ཀྱི་གསར་པའི་རྟགས་མཚན་དང་ནི་ཞི་བ་ཉིད། །མཐོང་ནས་ཁོ་བོའི་བློ་གྲོས་ཡ་མཚན་མཆོག་གྱུར་ཏེ། །དེ་ཕྱིར་རེ་ཞིག་གལ་ཏེ་དེ་ཉིད་རིག་པ་དང་། །ཁྱོད་ཀྱི་སྟོན་པའི་མཚན་ཅི་སྨྲ་བ་གང་ཡིན་སྨྲོས། །དེ་ལྟར་མཆོད་མང་སྔོན་འགྲོ་བྲམ་ཟེ་དེ་ཡིས་ནི། །དེ་སྐད་
བརྗོད་ཅིང་རྟ་ཐུལ་གྱིས་ཀྱང་སྨྲས་པ་སྟེ། །བུ་རམ་ཤིང་པའི་རིགས་སུ་རབ་འཁྲུངས་ཐམས་ཅད་མཁྱེན། །བདག་གི་སྟོན་པ་བླ་ན་མེད་པ་ཤེས་པར་མཛོད། །བྱིས་པ་གསར་བུ་ཆོས་ལས་སྐྱེས་པར་གྱུར་པ་ཡིས། །ཁྱོད་ལ་སྟོན་པ་བརྗོད་པར་ནུས་པ་མ་ཡིན་ཏེ། །སྨྲས་པ་མཁྱེན་པའི་མཆོག་གྱུར་ཐུབ་པ་
ཆེན་པོའི་གསུང་། །ཉུང་ངུ་ཅུང་ཟད་ཙམ་ཞིག་ངེས་པར་རྟོགས་པར་མཛོད། །གང་ཞིག་ཆོས་རྣམས་མཚན་མ་ལས་ནི་བྱུང་བ་སྟེ། །དེ་དག་རྣམས་ཀྱི་མཚན་མ་བཅོམ་ལྡན་གྱིས་གསུངས་ཤིང་། །གང་ཞིག་དེ་དག་རྣམས་ཀྱིས་ངེས་པར་འགོག་པ་དང་། །ཡང་དག་འགོག་པ་དེ་ཡི་ཐབས་གང་གསུངས་
เล่ม ๑๗๒ · หน้า 63a
པའོ། །དེ་ལྟར་རྟ་ཐུལ་གྱི་ནི་ཚིག་འདི་ཐོས་ནས་ནི། །གཉིས་སྐྱེས་ཉེར་རྒྱལ་ཞེས་བྱའི་མིང་ཅན་དེ་ཡི་ནི། །སྐྱེན་པར་ཆོས་ལ་མིག་ནི་རྡུལ་དང་བྲལ་བ་ནི། །དགེ་ཞིང་རྣམ་པར་དག་པར་ངེས་པར་གྱུར་པའོ། །རྒྱུ་མེད་པ་དང་བྱ་བ་མེད་དང་དབང་ཕྱུག་སྟེ། །ཞིང་ཤེས་པ་ནི་
ངེས་པར་དེ་ཡིས་སྔོན་རིག་ཅིང་། །རྒྱུ་ལས་འདི་རྣམས་རབ་ཏུ་འཇུག་པར་ཐོས་ནས་ནི། །བདག་མེད་གྱུར་པ་མཐོང་ནས་དམ་པའི་བདེན་པ་གཟིགས། །སྦོམ་པོའི་ཉོན་མོངས་ཚོགས་ཀྱིས་རྣམ་པར་ཉམས་པ་ནི། །གྲངས་ཅན་ལུས་ལས་ཆ་ཤས་དང་བཅས་མཐོང་བ་སྟེ། །སྦོམ་པོ་དང་ནི་ཕྲ་མོ་དེ་ཡིས་ཉམས་
པ་ནི། །སངས་རྒྱས་པ་ཡི་བསྟན་ལས་འགྱུར་ཞེས་སྙམ་པར་གྱུར། །བདག་ཏུ་འདུ་ཤེས་སྐྱེས་པ་ཉེ་བར་མཁྱུད་ནས་ནི། །ངར་འཛིན་སྤོང་བ་མ་ཡིན་དེ་ནས་ང་ཡི་ཉིད། །སྒྲོན་མ་དང་ནི་ཉིན་མོར་བྱེད་པ་ཡོད་པ་ན། །འོད་ཀྱི་རྣམ་པར་ཉམས་པར་གཏན་ཚིགས་ཤེས་བྱ་ཅི། །ཇི་ལྟར་པདྨའི་ཆུ་བ་ཆེ་བར་གྱུར་པ་
ཡི། །སྣལ་མ་ཕྲ་མོ་ཉིད་ནི་བཞིན་དང་འབྲེལ་པ་སྟེ། །ཐར་པའི་ཆོ་ག་མཐར་ཐུག་མིན་པར་དེ་སྙམ་ཞིང་། །སངས་རྒྱས་པ་ཡིས་རྡོ་བ་ཕྱེ་དང་མཉམ་པར་རྟོགས། །དེ་ནས་བྲམ་ཟེས་རྟ་ཐུལ་དེ་ལ་མངོན་མཆོད་ནས། །ཚིམ་ཞིང་རང་ཉིད་ཀྱི་ནི་ཁང་པར་རྣམ་སོང་ཞིང་། །བསོད་སྙོམས་རིམ་བཞིན་རྟ་ཐུལ་གྱིས་ཀྱང་
རབ་ཐོབ་ནས། །རང་བཞིན་གནས་ཤིང་མཁས་པ་འོད་མའི་ཚལ་དུ་སོང་། །དེ་བཞིན་རབ་ཏུ་དང་བས་མཆོག་དང་ལྡན་པ་ཡི། །ཉེ་རྒྱལ་ཀྱང་ནི་མངོན་དུ་ཞུགས་པ་མཐོང་ནས་ནི། །ཐོས་པ་དང་ནི་བསམ་པས་བྱ་བ་མཉམ་པ་ཡི། །མཽད་གལ་རིགས་སུ་རབ་ཏུ་སྐྱེས་པས་སྨྲས་པའོ། །དགེ་སློང་དེ་ཉིད་གང་
གིས་གཞན་བཞིན་གྱུར་པ་སྟེ། །བརྟན་པ་ཡིན་ཡང་ཡང་དག་དགའ་བཞིན་ཉེ་བར་སོང་། །ཁྱེད་ཀྱིས་འཆི་མེད་ཅི་ཞིག་དེ་རིང་ཐོབ་པ་སྟེ། །བཞིན་ནི་རབ་ཏུ་དང་འདི་གཏན་ཚིགས་མེད་མ་ཡིན། །དེ་ནས་འདི་ལྟར་བགྱི་ཞེས་འདི་ལ་ངེས་བདེན་སྨྲས། །དེ་ནས་དེས་ནི་བདག་ལ་སྨོས་པ་ཤེས་དེས་སྨྲས། །དེ་
ནས་ཚིག་དེ་ཉིད་ནི་དེ་ཡིས་སྨྲས་པ་སྟེ། །ཐོས་ནས་ཉིད་ཀྱི་ཡང་དག་མིག་ནི་སྐྱེས་པར་གྱུར། །ལས་དང་བསམ་པ་རྣམ་དག་བློ་ལྡན་དེ་གཉིས་ནི། །ལག་ནས་སྒྲོན་མ་བཞིན་དུ་དེ་ཉིད་མཐོང་བ་སྟེ། །ཤེས་པས་སྟོན་ལ་རྣམ་པར་གཡོ་མིན་བསམ་ལྡན་དག །དེ་ནི་ལྟ་བའི་དོན་དུ་ད་ལྟ་ཉིད་དུ་གཤེགས། །སློབ་
เล่ม ๑๗๒ · หน้า 63b
མའི་སྡེར་བཅས་དེ་གཉིས་རྒྱང་མ་ནས་གཟིགས་ནས། །བཅོམ་ལྡན་དྲང་སྲོང་ཆེན་པོས་དགེ་སློང་རྣམས་ལ་གསུངས། །ཤེས་རབ་ཅན་དང་རྫུ་འཕྲུལ་ལྡན་པ་རྣམས་ཀྱི་གཙོ། །ཁོ་བོའི་མཆོག་གི་སློབ་མ་འདི་གཉིས་འདིར་འོངས་སོ། །དེ་ནས་ཟབ་དང་བརྟན་པའི་གསུང་ནི་ཞི་བ་ཡིས། །ཐུབ་པས་དེ་
གཉིས་ལ་ནི་གཏམ་དག་མཛད་པ་སྟེ། །དགེ་སློང་འདིར་ནི་མངོན་པར་ཉེར་འོངས་རབ་ཞིའི་ཕྱིར། །ཆོས་འདི་ཇི་ལྟ་བ་བཞིན་ཡང་དག་ཐོབ་པར་གྱིས། །དབྱུ་གུ་གསུམ་ལག་གཙུག་ཕུད་དང་ལྡན་གཉིས་སྐྱེས་ཏེ། །གཉིས་ལ་དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་ཏེ། །སངས་རྒྱས་མཐུ་
ཡིས་ངུར་སྨྲིག་གོས་དང་ལྡན་པ་ཡི། །དགེ་སློང་ཉིད་དུ་སྐད་ཅིག་གིས་ནི་གྱུར་པའོ། །སློབ་མའི་སྡེར་བཅས་ཆ་ལུགས་དེ་ཡིས་དེ་གཉིས་ཀྱིས། །མགོ་བོ་དག་གིས་ཐམས་ཅད་མཁྱེན་ལ་མཆོད་པ་སྟེ། །དེ་ནས་སངས་རྒྱས་ཀྱིས་ཆོས་དེ་གཉིས་ལ་གསུངས་ཤིང་། །དུས་ཀྱིས་དེ་གཉིས་ཀྱིས་ནི་ངེས་
ལེགས་ཐོབ་པར་གྱུར། །དེ་ནས་འོད་སྲུངས་རིགས་ཀྱི་སྒྲོན་མ་གཉིས་སྐྱེས་ཀྱིས། །ཁ་དོག་དང་ནི་གཟུགས་དང་ནོར་དང་ཉེར་ལྡན་ལས། །རྫུ་འཕྲུལ་དང་ནི་བདག་ལྡན་བཟང་མོ་རྣམས་སྤངས་ནས། །ཐར་པའི་ཆེད་དུ་ངུར་སྨྲིག་བཟུང་ཞིང་གཤེགས་པའོ། །མདོག་བཟངས་གསེར་གྱི་མཆོད་སྡོང་དང་
མཚུངས་འབར་བ་ནི། །བུ་མངས་མིང་བཅས་མཆོད་རྟེན་དུ་ནི་ངེས་མཐོང་ནས། །དངོས་པོ་ཐམས་ཅད་སྤངས་ཤིང་ཡ་མཚན་དང་བཅས་པས། །ཐམས་ཅད་མཁྱེན་ལ་ཐལ་མོ་རབ་སྦྱར་མངོན་པར་སོང་། །ཐུབ་པ་ལ་ནི་རྒྱང་ནས་མགོ་བོས་ཕྱག་འཚལ་ཞིང་། །ཕྱག་འཚལ་ནས་ནི་ཇི་ལྟ་བ་བཞིན་མཐོན་
པོར་གསོལ། །བདག་ནི་སློབ་མ་བཅོམ་ལྡན་བདག་གི་སྟོན་པ་ལགས། །མུན་པ་རྣམས་སུ་བསྟན་པ་བདག་གི་སྒྲོན་མར་གྱུར། །གཉིས་སྐྱེས་སྐོམ་པ་སྐྱེས་ཤིང་ཉེ་བར་འོངས་པར་ནི། །མཁྱེན་ནས་བསམ་པ་རྣམ་དག་ཐར་འདོད་དེ་ལ་ནི། །སེམས་ལ་གསུང་གི་ཆབ་ཀྱིས་རབ་ཏུ་ཚིམ་མཛད་པ། །དེ་བཞིན་
གཤེགས་པས་ལེགས་པར་འོངས་ཞེས་བཀའ་སྩལ་ཏོ། །གསུང་འདི་ཡིས་ནི་ངལ་བ་རྣམ་པར་སོས་བཞིན་ཏེ། །ངེས་པར་ལེགས་པར་རྟོགས་པའི་ཆེད་དུ་གནས་པ་སྟེ། །དེ་ནས་དག་པའི་བདག་ཉིད་འདི་ལ་ཐུགས་རྗེ་ཅན། །ཐུབ་པས་ཆོས་ནི་མདོར་བསྡུས་པ་ཡིས་གསུངས་པའོ། །གང་ཕྱིར་ཐུབ་
เล่ม ๑๗๒ · หน้า 64a
པས་ཆོས་ནི་ཕྲ་མོར་གསུངས་ཙམ་ན། །དེ་ཡིས་དོན་ནི་མཐའ་དག་ཡང་དག་ཐོབ་གྱུར་ཏེ། །དེ་ཕྱིར་ཡང་དག་རིག་དང་ན་ཚོད་ཆེ་གཉིས་ལས། །དགྲ་བཅོམ་འོད་སྲུངས་ཆེན་པོ་ཉིད་དུ་མཚན་གྱུར་ཏོ། །གང་གིས་ལུས་ལས་གཞན་དང་ཡང་ན་ལུས་སུ་ནི། །བདག་དང་བདག་གི་
བ་ཞེས་བདག་ཏུ་རྟོགས་པ་སྟེ། །དེ་ཡིས་བདག་ཏུ་ལྟ་བ་དེ་ནི་ངེས་སྤངས་ཤིང་། །ཉི་ཚེ་བ་མིན་སྡུག་བསྔལ་འདི་ནི་མཐོང་བར་གྱུར། །ཚུལ་ཁྲིམས་བརྟུལ་ཞུགས་དག་གིས་དག་པར་བྱེད་ཅེས་གང་། །རྒྱུ་མེད་པ་དང་རྒྱུ་ལས་དེ་ཡིས་རྟོགས་པ་སྟེ། །སྡུག་བསྔལ་ཉིད་དང་ལམ་ནི་ཡང་དག་ཐོབ་ནས་ཏེ། །ཚུལ་
ཁྲིམས་དང་ནི་བརྟུལ་ཞུགས་མཆོག་ཏུ་མ་བཟུང་ངོ་། །ཕྱིན་ཅི་ལོག་ཏུ་གྱུར་པར་སོང་བ་གང་གིས་ནི། །མངོན་དུ་བསྐོར་ཞིང་མཆོག་ནི་རབ་ཏུ་ཐོབ་མ་ཡིན། །བདེན་པ་བཞི་པོའི་གོ་འཕང་རྣམས་ནི་མཐོང་གྱུར་ནས། །ཐེ་ཚོམ་སོམ་ཉིར་གྱུར་ཏེ་ཡང་དག་མཆོད་པར་གྱུར། །འདོད་པ་གང་རྣམས་སུ་ནི་ཡང་དག་
རྒྱར་ཉིད་དང་། །བརྒྱལ་བར་གྱུར་དང་བརྒྱལ་བར་འགྱུར་ཉིད་འཇིག་རྟེན་པ། །མི་གཙང་བདེན་པ་མ་ཡིན་དེ་རྣམས་དེས་ཤེས་ནས། །འདོད་ཆགས་ཤེས་བྱའི་ཡུལ་དེ་སྤངས་པར་གྱུར་པའོ། །དེ་བཞིན་དུ་ནི་བྱམས་པར་གྱུར་བའི་སེམས་ཀྱིས་དེས། །བཤེས་དང་བཤེས་མིན་རྣམས་སུ་ཁྱད་པར་མེད་པ་སྟེ། །
འབྱུང་པོ་ཀུན་ལ་རྗེས་སུ་བརྩེ་བ་བྱས་པ་ཡིས། །ནད་དུ་སོང་བའི་གནོད་སེམས་སྤངས་པར་གྱུར་པའོ། །གཟུགས་ལ་བརྟེན་པ་རྣམས་དང་གྲོང་ཁྱེར་བརྟེན་པ་རྣམས། །སྣ་ཚོགས་ཉིད་དང་ལྡན་པའི་འདུ་ཤེས་རྣམས་སྤངས་ནས། །དེས་ནི་གཟུགས་ཀྱི་ཁམས་སུ་ཆགས་པ་རྣམ་བཅོམ་སྟེ། །གཟུགས་ལ་
འཇུག་པའི་ཉེས་པ་རྣམས་ནི་རྟོགས་ནས་སོ། །རྨོངས་ལས་སྙོམས་འཇུག་རྣམས་སུ་ཐར་པའི་འདུ་ཤེས་དང་། །གཟུགས་མེད་ལྷ་རྣམས་མཛད་པ་ཅན་དུ་རྟོགས་ནས་ནི། །ཞི་ཞིང་མཚན་མ་མེད་པའི་སེམས་ནི་གཟུང་ནས་སུ། །གཟུགས་མེད་སྲེད་པ་ལས་ནི་ཆགས་དང་བྲལ་བར་སོང་། །ཆུ་བོ་སིན་དྷུའི་ཤུགས་
ཆེན་རབ་ཏུ་འཇུག་པ་བཞིན། །སེམས་ཀྱིས་གཡོ་ཞིང་སྐྱོད་པར་བྱེད་པ་ཤེས་ནས་ནི། །བརྟན་པའི་བརྟེན་ལས་རྒོད་པ་རྣམ་པར་སྤངས་པ་སྟེ། །ཞི་ཞིང་རྫིང་བུ་གང་བ་བཞིན་དུ་གནས་པར་གྱུར། །སྙིང་པོ་མེད་པའི་ཕྱིར་དང་འགོད་བའི་ཆོས་ཉིད་ཕྱིར། །བདག་མེད་ཉིད་ཕྱིར་དངོས་རྣམས་ཡང་དག་རབ་མཐོང་ནས། །
เล่ม ๑๗๒ · หน้า 64b
ཁྱད་འཕགས་ཉིད་དང་མཉམ་དང་མཆོག་ཉིད་མཐོང་བ་སྟེ། །ང་རྒྱལ་རྣམ་པར་སྤངས་ནས་ཡོད་མ་ཡིན་ཞེས་རྟོགས། །ཡེ་ཤེས་མེ་ཡིས་མི་ཤེས་མུན་པ་རྣམས་བཅོམ་ནས། །ཟད་པ་ཅན་དང་ཟད་པ་མེད་པར་སྣ་ཚོགས་མཐོང་། །རྣལ་འབྱོར་གྱིས་ནི་རིག་པ་ཉིད་ནི་ཡོངས་བསྒོམས་ནས། །མ་རིག་པ་ནི་
མཐའ་དག་ཇི་ལྟ་བ་བཞིན་སྤངས། །མཐོང་དང་བསྒོམ་པ་དག་གིས་ཀུན་དུ་སྦྱོར་བ་ནི། །བཅུ་པོ་འདི་དག་མཐའ་དག་རྣམས་ཀྱིས་རྣམ་པར་གྲོལ་གྱུར་ཅིང་། །ཐལ་མོ་སྦྱར་བྱས་སངས་རྒྱས་ཉིད་ལ་ལྟ་བཞིན་དུ། །བྱ་བ་ཀུན་བྱས་རང་བཞིན་གནས་ཏེ་གནས་པར་གྱུར། །སྐར་མ་གསུམ་གྱིས་གནས་སྐབས་
གསུམ་སྐྱོང་རྗེས་སྐྱེས་ལྷ་དང་ནི། །ལྡན་པའི་ལྔ་གསུམ་ཚེས་ཀྱི་དུས་སུ་སྐར་མའི་རྒྱལ་པོ་བཞིན། །གསུམ་ནི་ཆུད་ཟོས་གྱུར་ཅིང་གསུམ་ནི་ལྷག་པར་ཐོབ་པ་ཡི། །གསུམ་རིག་སློབ་མ་གསུམ་གྱིས་བདེ་བར་གཤེགས་པ་རྣམ་པར་མཛེས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས།
ཉན་ཐོས་ཆེན་པོ་རབ་ཏུ་གཤེགས་པར་མཛད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འགའ་ཞིག་ཚེ་ན་ནོར་ལྡན་ཁྱིམ་བདག་ནི། །སྐལ་བ་མེད་པ་རྣམས་ལ་ནོར་ནི་རབ་སྦྱིན་པ། །བཟང་སྦྱིན་ཞེས་ནི་རབ་ཏུ་གྲགས་པའི་མིང་ལྡན་པ། །བྱང་ཕྱོགས་ཡུལ་ཀོ་ས་ལ་རྣམས་ནས་དེར་སོང་
གྱུར། །དེ་ཡིས་དེར་ནི་ཐུབ་པ་བཞུགས་པ་ཐོས་པ་སྟེ། །ཐོས་ནས་བལྟ་བར་འདོད་པས་མཚན་མོ་རབ་ཏུ་སོང་། །རྣམ་དག་སེམས་པ་དེས་ནི་རབ་སླེབ་རབ་མཁྱེན་ནས། །རབ་ཏུ་ཕྱག་བྱས་པ་ལ་བདེ་བར་གཤེགས་པས་བསྟན། །གང་ཕྱིར་ཆོས་ལ་བསྒོམས་པས་ཉིད་ནི་རྣམ་སྤངས་ནས། །བློ་ལྡན་
མཚན་མོར་བདག་ལ་ལྟ་འདོད་རབ་སླེབ་སྟེ། །ད་ལྟ་ཉིད་དུ་འོངས་པ་དེ་ཡི་དེ་མ་ཐག །ངེས་པར་ལེགས་པའི་མགྲོན་འདི་རབ་ཏུ་ལོང་མཛོད་ཅིག །གང་ཞིག་ཁྱོད་ཀྱིས་ལྷག་བསམ་གང་ཞིག་བསྟན་པ་དང་། །བདག་གིས་གྲགས་པ་ཉིད་ལས་གང་ཞིག་དང་བ་དང་། །གང་ཞིག་སྔོན་གྱི་རྒྱུ་ལས་བློ་གྲོས་རབ་
ཞུགས་ཏེ། །དེས་ནི་ཡོན་ཏན་ཆེན་པོ་རྣམས་ཀྱི་སྣོད་ཡིན་ནོ། །དེ་ཕྱིར་འཇིག་རྟེན་དག་ན་གྲགས་དང་གཞན་དུ་ནི། །འབྲས་བུ་སྦྱིན་པ་མཆོག་ལས་བྱུང་བར་རིག་ནས་ནི། །བཀུར་སྟི་བྱས་ནས་དུས་སུ་སྙོམས་པའི་བདག་ཉིད་ཀྱིས། །ཆོས་ལས་ཐོབ་པའི་ནོར་ནི་སྦྱིན་པར་བྱ་བའོ། །ཚུལ་ཁྲིམས་ཡང་དག་
เล่ม ๑๗๒ · หน้า 65a
བླངས་ནས་སྤྱད་པར་བྱ་བ་སྟེ། །ཚུལ་ཁྲིམས་ཉིད་ནི་བསྲུང་བ་དང་ནི་རྒྱན་ཡིན་ཞིང་། །འོག་ཏུ་སོང་བ་རྣམས་ཀྱི་རྣམ་པར་ལྡོག་བྱེད་དོ། །ནམ་མཁའི་སྟེང་གི་ངེས་པར་རྫོགས་པ་པོ་ཉིད་ཡིན། །འདོད་པ་རྣམས་སུ་གཅིག་མིན་ཞེས་པས་རྗེས་བཅིངས་པའི། །ཡོངས་སུ་ཚོལ་བ་ལ་
སོགས་སྐྱོན་རྣམས་ཐོས་ནས་ནི། །ངེས་པར་འབྱུང་བའི་ཆོ་གར་ཡོན་ཏན་རྣམ་ཤེས་ནས། །རྣམ་དབེན་ལས་སྐྱེས་ཤི་བའི་བདེན་པ་བསྙེན་པར་མཛོད། །འཆི་བས་ཉེ་བར་གཟིར་ཞིང་རྒ་བས་ཟིལ་ནོན་པའི། །འཇིག་རྟེན་རབ་ཏུ་བསྐོར་བ་ཡང་དག་ཡོངས་ཤེས་ནས། །ཞི་བ་སྐྱེ་བ་མེད་ཕྱིར་འབད་པ་མཛོད་ཅིག་དང་། །
སྐྱེ་བ་བདེན་པ་མེད་ན་རྒ་མེད་འཆི་བ་མེད། །ཇི་ལྟར་མི་རྣམས་ལ་ནི་མི་རྟག་བདག་ཉིད་ཀྱིས། །རབ་ཆགས་སྡུག་བསྔལ་མངོན་སུམ་དུ་ནི་རིག་མཛོད་ལ། །དེ་བཞིན་ལྷ་རྣམས་ལ་ཡང་སྡུག་བསྔལ་རིག་མཛོད་དང་། །འཇུག་པ་རྟག་པ་ཉིད་ནི་སུ་ཡང་ཡོད་མ་ཡིན། །གང་དུ་མི་རྟག་པ་ཉིད་དེར་ནི་སྡུག་བསྔལ་ཞིང་། །
གང་དུ་རང་ཉིད་མེད་པ་དེར་ཡང་སྡུག་བསྔལ་ཏེ། །གང་དུ་བདག་ཅེས་པ་དང་བདག་གི་བ་ཞེས་པ། །དེ་ཚེ་མི་རྟག་སྡུག་བསྔལ་བདག་མེད་གང་ལ་ཡིན། །དེ་ཕྱིར་སྡུག་བསྔལ་ལས་ནི་སྡུག་བསྔལ་འདི་དང་ནི། །མཚན་མ་ལས་ནི་འདི་ཡི་མཚན་མ་ལྟོས་མཛོད་ལ། །རྣམ་པར་ཉེ་བར་ཞི་ལས་སྡུག་བསྔལ་ཞི་བ་
དང་། །ལམ་ལས་ཁྱོད་ཀྱི་ལམ་ནི་དགེ་བ་ཤེས་པར་གྱིས། །འགྲོ་བ་གཡོ་བ་སྡུག་བསྔལ་འདི་ནི་ཤེས་ནས་སུ། །མེ་དང་རབ་མཚུངས་དུས་ཀྱི་མེ་ཡིས་འཇིག་རྟེན་འདི། །མཐའ་དག་རབ་ཏུ་ཚིག་པར་ཡོངས་སུ་རྟོགས་བཞིན་དུ། །སྲིད་དང་སྲིད་མིན་རྣམས་སུ་སྨོན་པ་མེད་པར་གྱིས། །སྟོང་པ་ཉིད་དང་བདག་
མེད་བདག་གི་བ་མེད་པ། །སྒྱུ་མ་དང་མཚངས་འཇིག་རྟེན་འདི་ནི་ཤེས་བྱས་ནས། །འདུ་བྱེད་ཙམ་ཞིག་རབ་ཏུ་ཡོངས་སུ་རྟོགས་བཞིན་དུ། །ལུས་འདི་ལ་ནི་ཁམས་ཀྱི་འདུ་ཤེས་ཉིད་དུ་གྱིས། །སེམས་ནི་སྲིད་པ་གཡོས་ལས་ཡང་དག་གཡོས་ནས་དང་། །འཁོར་བའི་འགྲོ་བ་རྣམ་པ་སྣ་ཚོགས་མཐོང་ནས་
ནི། །རྟོག་པ་མེད་ཅིང་ཞི་ལ་བདེན་ཞིང་ཆགས་མེད་པར། །སེམས་ནི་སྙོམས་ཤིང་མཚན་མ་མེད་པ་བསྙེན་པར་གྱིས། །དེ་ནས་དྲང་སྲོང་ཆེན་པོའི་ཆོས་དེ་ཐོས་པ་ལས། །ཆོས་ཀྱི་ཆོ་གའི་སྔོན་གྱི་འབྲས་བུ་ཐོབ་གྱུར་ཞིང་། །གང་ཞིག་ཐོབ་ནས་འདི་ཡི་སྡུག་བསྔལ་ལས་ལྷག་མ། །རྒྱ་མཚོ་ཆེན་པོ་ལས་ནི་ཐིགས་པ་
เล่ม ๑๗๒ · หน้า 65b
གཅིག་བཞིན་གྱུར། །ཆགས་བྲལ་རྣམས་ཀྱི་དགོན་པར་ཡང་དག་གནས་ཀྱང་ངམ། །ལུས་མེད་རྣམས་ཀྱིས་སྲིད་རྩེར་ཡང་དག་གནས་ན་ཡང་། །ནགས་སམ་ལྷ་ན་དེ་ཉིད་མཐོང་མིན་མ་ཡིན་ལ། །ཁྱིམ་ན་གནས་པ་ཡིན་ཡང་ལྟ་བས་དགེ་ལེགས་གྱུར། །རྣམ་པ་སྣ་ཚོགས་ལྟ་བའི་དྲ་བ་རྣམས་ཀྱིས་
དང་། །འཁོར་བའི་སྡུག་བསྔལ་རྣམས་ཀྱིས་དེ་རྣམས་རྣམ་མི་འགྲོལ། །དེ་ཕྱིར་རབ་ཏུ་ཉམས་ཤིང་དེ་ཉིད་མ་མཐོང་བར། །ཆགས་པ་རྣམ་པར་བསལ་ནས་ཁྱད་པར་འཕགས་པར་གཤེགས། །ལྟ་བ་ལེགས་སྐྱེས་དེས་ནི་ལྟ་བ་ངན་དེ་རྣམས། །སྟོན་ཀའི་སྤྲིན་གྱིས་རྡོ་ཡི་ཆར་བཞིན་སྤངས་པ་སྟེ། །དབང་ཕྱུག་ལ་
སོགས་མི་མཐུན་རྒྱུ་ལས་མ་ཡིན་ཞིང་། །དེས་ནི་འཇིག་རྟེན་རྒྱུ་མེད་པར་མིན་ཞེས་རྟོགས་སོ། །དེ་ཕྱིར་མི་མཉམ་རྒྱུར་ནི་འཐད་པ་མ་ཡིན་ཞིང་། །རྒྱུ་མེད་པར་ནི་འགལ་བ་ཆེན་པོ་ཡོད་པ་ཉིད། །འདིར་ཡང་རིགས་པ་ཤེས་པས་སོ་སོར་མཐོང་བ་སྟེ། །ཐེ་ཚོམ་མེད་པས་དེ་ཉིད་མཐོང་བ་ཀྱེ་མ་ཅི། །གལ་
ཏེ་དབང་ཕྱུག་གིས་ནི་འགྲོ་བ་སྐྱེད་གྱུར་ན། །འགྲོ་བ་རིམ་གྱིས་རབ་ཏུ་འཇུག་པ་མ་ཡིན་ལ། །སྐྱེ་དགུ་རྣམས་ཀྱི་འཁོར་བའི་འཁོར་ལོ་མ་ཡིན་ཞིང་། །གང་དུ་གང་ཞིག་བསྐྱེད་ནས་དེ་དང་དེ་ཉིད་འགྱུར། །ལུས་ཅན་རྣམས་ཀྱིས་མི་འདོད་ཐོབ་པ་མ་ཡིན་ཞིང་། །དེ་ཡི་བདག་ཉིད་རྣམས་ཀྱིས་འདོད་པའི་སྤྱོད་པ་
མེད། །གང་ཞིག་ལུས་ཅན་རྣམས་ཀྱི་དགེ་དང་མི་དགེར་གྱུར། །དེ་ནི་དབང་ཕྱུག་ཉིད་ཕྱིར་དབང་ཕྱུག་ལ་ཡིན་ནོ། །དེ་ཡི་དབང་ཕྱུག་ཉིད་ལ་ཐེ་ཚོམ་འགྱུར་མིན་ཞིང་། །དེར་ནི་མི་རྣམས་དག་གིས་བྱམས་པ་ཕ་བཞིན་འགྱུར། །དེ་ལ་ཉམ་ཐག་པས་ནི་སྨོད་པ་སྨྲ་མིན་ཞིང་། །ལྷ་རྣམས་དེ་དང་དེ་ལ་འཇིག་རྟེན་མཆོད་མ་ཡིན། །
གལ་ཏེ་འདི་མི་བསྐྱེད་ལ་དགོངས་པར་གྱུར་ན་ནི། །བྱ་ལྡན་ཉིད་ཕྱིར་དེང་འདིར་དབང་ཕྱུག་མ་ཡིན་ཞིང་། །གལ་ཏེ་འདི་ཡིས་འཇུག་ལ་འདོད་པར་གྱུར་ན་ནི། །དེ་ཉིད་དབང་ཕྱུག་ཡོད་པ་ཉིད་ལ་བྱེད་པར་འགྱུར། །ཅི་སྟེ་འདི་ཡི་སྐྱེ་ལ་ནུས་པ་ཅུང་ཞིག་མེད། །བྱིས་པ་བཞིན་དུ་འདི་ཡིས་སྤྱོད་རྣམས་རྒྱུ་མེད་དོ། །གལ་
ཏེ་དབང་ཕྱུག་གི་ནི་བདག་ལ་མངའ་ཉིད་མེད། །འཇིག་རྟེན་བསྐྱེད་ལ་འདི་ཡི་སྟོབས་དེ་ཅི་ཞིག་ཡོད། །ཇི་ལྟར་འདོད་ལ་གལ་ཏེ་བདེ་སྡུག་ལ་བསྙེན་ན། །འབྱུང་པོ་རྣམས་ནི་འཇིག་རྟེན་ན་དེས་བྱས་པ་ཉིད། །གང་ཕྱིར་འདོད་ལ་ཆགས་པ་ཁོང་ཁྲོ་ལ་འཇུག་སྟེ། །དེ་ཕྱིར་དེ་ཡི་དབང་ཉིད་ཡོད་པ་མ་ཡིན་ནོ། །
เล่ม ๑๗๒ · หน้า 66a
དེའི་རྟེན་ཉིད་ལ་སེམས་མེད་རྣམས་ཀྱིས་གནས་བྱ་སྟེ། །སྐྱེས་བུའི་འབད་རྩོལ་ཚད་མར་གྱུར་པ་ཉིད་ཡིན་ནོ། །ལས་འབྲས་མེད་པར་འགྱུར་ཞིང་ལུང་ནི་བྱས་མིན་ལ། །ལས་ཀྱི་སྦྱོར་བ་རྣམས་ནི་དེ་ཡི་རྟེན་ཡིན་ན། །གལ་ཏེ་དབང་ཕྱུག་རང་གི་ལས་ཀྱིས་འགྱུར་ན་ནི། །ཐུན་མོང་གྱུར་པའི་ལས་
ལ་དབང་ཕྱུག་གྱུར་མ་ཡིན། །ཅི་སྟེ་དེ་ཡི་ཁྱབ་བདག་རྒྱུ་མེད་གྱུར་ན་ནི། །འགྲོ་བ་ཀུན་གྱི་དབང་ཕྱུག་ཉིད་ནི་རབ་ཏུ་གྲུབ། །ཅི་སྟེ་དེ་ཡི་དབང་ཕྱུག་ཉིད་གཞན་ལས་ཡིན་ཞིང་། །དེ་ཉིད་ཀྱི་ཡང་བྱེད་པོའི་དབང་ཕྱུག་གཞན་ཡིན་ལ། །དེ་ཡིས་གཞན་ཞེས་དེ་ལྟར་འདིར་ནི་རྣམ་གཞག་མེད། །དེ་ཕྱིར་འགྲོ་བ་སྐྱེད་པ་ཡོད་
པ་མ་ཡིན་ཉིད། །དབང་ཕྱུག་སྐྱེད་པོར་གྱུར་ན་རིགས་པས་ཐ་དད་དུ། །རྣམ་པར་འགལ་བ་རྣམ་པ་དུ་མ་མཐོང་བ་སྟེ། །དེ་ཡི་ཕྱིར་ཡང་རང་བཞིན་ལ་ནི་ཉེས་པ་དེ། །སླར་ཡང་རབ་ཏུ་ཆགས་པར་འགྱུར་བ་ཉིད་ཡིན་ནོ། །རྒྱུ་ཤེས་རྣམས་ཀྱི་རྟེན་ནི་ཅུང་ཟད་རྣམ་ལོག་པའོ། །རྒྱུ་ནི་བྱ་བའི་ཆོ་གར་སྨྲ་བ་མ་ཡིན་ཞིང་། །བྱ་
བའི་ཆོ་གར་ས་བོན་ལ་སོགས་དེ་དང་དེ། །ལྟོས་པ་ཡིན་ཏེ་དེ་ཕྱིར་རང་བཞིན་རྒྱུ་མ་ཡིན། །འབྲས་མི་རྫོགས་པར་བྱེད་པ་པོ་ནི་གཅིག་པ་ཉིད། །འགའ་ཞིག་གི་ཡང་རྒྱུ་ནི་ཅུང་ཟད་ཡོད་མ་ཡིན། །གཅིག་གི་བདག་ཉིད་ཅན་གྱི་རང་བཞིན་རབ་བསྟན་ཏེ། །དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མ་ཡིན། །གང་གི་རང་
བཞིན་གྱིས་ནི་ཁྱབ་པ་ཉིད་འདོད་པ། །དེ་ཡི་བྱ་བ་མེད་པ་ཉིད་ཀྱང་རབ་ཆགས་ཤིང་། །བྱ་བ་མ་གཏོགས་འབྲས་བུའི་ཆོ་ག་མཐོང་མིན་ཏེ། །དེ་ཡི་ཕྱིར་ཡང་བསྐྱེད་ལ་རང་བཞིན་རྒྱུ་མ་ཡིན། །དེ་ཡི་ཁྱབ་པ་པོ་ཉིད་ལ་ནི་རྒྱུ་ཉིད་ཕྱིར། །ཐམས་ཅད་ལས་ནི་ཐམས་ཅད་རྒྱུན་མི་འཆད་པར་འགྱུར། །འབྲས་བུའི་རབ་ཏུ་
འཇུག་ལ་ངེས་པ་མཐོང་བ་སྟེ། །དེ་ཕྱིར་སྐྱེད་པ་ལ་ནི་རང་བཞིན་རྒྱུ་མ་ཡིན། །ཇི་ལྟར་འདི་ཡི་ཡོན་ཏན་མེད་ཉིད་གྲུབ་པ་སྟེ། །དེ་ལྟར་འབྲས་བུ་ལ་ནི་ཡོན་ཏན་མེད་ཉིད་འགྱུར། །རྣམ་འགྱུར་ཡོན་ཏན་ཅན་རྣམས་འཇིག་རྟེན་ན་མཐོང་སྟེ། །དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མ་ཡིན། །རྟག་པའི་རྒྱུ་ལས་
ཁྱད་པར་འགྱུར་བ་མ་ཡིན་ཕྱིར། །རྣམ་འགྱུར་ལ་ནི་ཐ་དད་ཡོན་ཏན་ཉིད་མ་ཡིན། །རྣམ་འགྱུར་ལ་ནི་ཐ་དད་ཡོན་ཏན་ཞུགས་པ་སྟེ། །དེ་ཕྱིར་རང་བཞིན་ལས་ནི་སྐྱེད་པ་རིགས་མ་ཡིན། །རང་བཞིན་གྱིས་ནི་བསྐྱེད་པའི་བདག་ཉིད་ཅན་ཉིད་ལ། །འབྲས་བུ་རྣམས་སུ་ཉམས་པའི་རྒྱུ་ནི་གྲུབ་མ་ཡིན། །གང་
เล่ม ๑๗๒ · หน้า 66b
ཕྱིར་རྣམ་འགྱུར་གྱི་ནི་ཉམས་པ་མཐོང་བ་སྟེ། །དེ་ཕྱིར་རྟོགས་པར་བྱ་བ་རྒྱུ་ནི་གཞན་ཉིད་དོ། །ནུས་པར་གྱུར་པའི་སྦྱོར་ལ་ཤིན་ཏུ་མཐར་ཐུག་པའི། །ཐར་པ་འདོད་པའི་སྡོམ་བརྩོན་རྣམས་ཀྱི་མ་ཡིན་ཞིང་། །སྐྱེ་དགུ་རྣམས་ཀྱི་རང་བཞིན་རབ་ཏུ་འཇུག་པའི་ཕྱིར། །གང་ལས་ཐར་པའི་ཆེད་དང་ཕ་རོལ་གནོན་
པར་གྱུར། །སྐྱེད་པའི་བདག་ཉིད་རང་བཞིན་གྱིས་ནི་ངེས་ཉིད་ཕྱིར། །དེ་ཡི་བདག་ཉིད་རྣམ་འགྱུར་ལ་ནི་ངེས་ཉིད་ཡིན། །འཇིག་རྟེན་དག་ན་རྣམ་འགྱུར་ལ་ནི་བརྟན་ཉིད་མེད། །དེ་ཕྱིར་རང་བཞིན་གྱིས་ནི་སྐྱེད་པར་རིགས་མ་ཡིན། །སེམས་ཀྱི་སྤྱོད་པ་མི་གསལ་རང་བཞིན་ཞེས་བྱ་ཞིང་། །རྣམ་འགྱུར་
གསལ་བ་འདི་ནི་དེ་ནས་གྲགས་པ་སྟེ། །དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མིན་ཞིང་། །གསལ་བའི་རྒྱུ་ལ་འདིར་ནི་འབྲས་བུ་གྲུབ་པ་ཉིད། །སེམས་མེད་རང་བཞིན་ལས་ནི་སེམས་དང་བཅས་པ་ཡི། །རྟ་གླང་བོང་བུ་ལ་སོགས་འབྲས་བུ་རིགས་པ་མ་ཡིན་ཞིང་། །སེམས་དང་རྣམ་པར་བྲལ་བའི་རྒྱུ་
རྣམས་དག་ལས་ནི། །སེམས་དང་ལྡན་པ་ཅུང་ཟད་ཞིག་ནི་འཇུག་མ་ཡིན། །གལ་ཏེ་འགྲོ་བ་སྐྱེད་ཕྱིར་དུས་ནི་ངེས་པ་སྟེ། །དེ་ཕྱིར་ཡོངས་སུ་རྟོག་བྱེད་རྣམས་ཀྱིས་ཐར་པ་མེད། །གང་ཕྱིར་སྐྱེ་དགུ་རྣམས་ཀྱི་མཐའ་ནི་བྱས་མིན་ཏེ། །དེ་ཕྱིར་འཇིག་རྟེན་རྒྱུན་ཆད་མེད་པར་སྐྱེ་བར་འགྱུར། །གང་ཞིག་
ཡོན་ཏན་རྣམས་ཀྱི་གཅིག་དང་དུ་མས་བྱས། །རྗེས་རྣམས་སུ་ནི་རང་ཉིད་ངེས་པ་མཐོང་བ་སྟེ། །གལ་ཏེ་རྒྱུ་གཅིག་ཉིད་དུ་གནས་པར་གྱུར་པ་ན། །དེ་ཡང་ཐ་དད་ཁྱད་པར་གྱུར་པ་མ་ཡིན་ནོ། །གང་ཞིག་སྨིན་པ་ལས་སྐྱེས་རྫས་ཀྱི་ཆོ་གར་སར། །ཡོན་ཏན་ཤེས་པས་ཡོན་ཏན་ཐ་དད་ཉིད་དུ་མཐོང་། །གང་
ཕྱིར་རྒྱུ་ནི་ཁྱད་པར་མིན་པ་འདོད་པ་སྟེ། །སྟོང་པའི་རྫས་རྣམས་སུ་ཡང་ངེས་པར་གྱུར་པ་ཉིད། །གང་གི་མི་གསལ་བ་ལས་རྫས་ནི་འཆར་བ་སྟེ། །དེ་ཡི་རྗེས་སུ་དཔག་པ་ངེས་པར་གྲུབ་མ་ཡིན། །འབྲས་བུ་གསལ་བ་ཡི་ནི་ཡང་དག་རབ་འཇུག་པ། །མི་གསལ་བ་ལས་གང་གིས་མངོན་དུ་མཐོང་མ་
ཡིན། །གསལ་བ་གཉིས་པ་དག་ལས་རབ་ཏུ་འཇུག་པ་བཞིན། །མི་གསལ་བ་ལས་གང་གི་འབྲས་བུ་དང་པོར་གྱུར། །དེ་ཡི་འདོད་པ་ལས་འདིར་མི་འདོད་ཆེན་པོའོ། །རང་བཞིན་ཉིད་ཀྱིས་ཉེས་པ་གཉིས་ནི་རབ་ཏུ་ཆགས། །ཇི་ལྟར་གསེར་གྱི་ཕྲེང་བ་ཁྱད་པར་འཕགས་པ་སྟེ། །དེ་ལྟར་རང་བཞིན་
เล่ม ๑๗๒ · หน้า 67a
གྱི་ནི་རྣམ་འགྱུར་ཁྱད་པར་འཕགས། །འབྲས་བུ་ཁྱད་པར་ཡིན་ཞིང་རྒྱུ་ཡི་མ་ཡིན་ཏེ། །དེ་ཕྱིར་སྐྱེད་ལ་རང་བཞིན་རིགས་པ་མ་ཡིན་ནོ། །གལ་ཏེ་བྱ་བར་སྐྱེས་བུ་དེ་ནི་རྒྱུ་ཡིན་ན། །གང་གིས་ངེས་པར་གང་འདོད་དེས་དེ་འཐོབ་པར་འགྱུར། །འདོད་ཀྱང་ཁ་ཅིག་དོན་ནི་
འཐོབ་པ་མ་ཡིན་ལ། །མི་འདོད་ན་ཡང་དབང་མེད་འདིར་ནི་འཐོབ་པར་འགྱུར། །གང་ཞིག་བ་གླང་རྟ་བོང་རྔ་མོའི་སྐྱེ་གནས་འགྲོ། །མངའ་བདག་ཉིད་དུ་གྱུར་ན་དེ་ནི་བསྙེན་མིན་ཞིང་། །དེ་རུ་འགྲོ་བའི་སྡིག་པའི་ལས་ནི་བྱེད་པ་དང་། །སྡུག་བསྔལ་མི་འདོད་སུ་ཡིས་སྡུག་བསྔལ་བྱེད་པར་འགྱུར། །གལ་ཏེ་འཇིག་རྟེན་
དག་ན་སྐྱེས་བུ་བྱེད་པར་གྱུར། །སྡུག་བསྔལ་བྱེད་པ་མ་ཡིན་བདེ་བ་ཁོ་ན་བྱེད། །འདོད་པ་བྱེད་པར་འདོད་ཀྱང་མི་འདོད་བྱེད་པ་སྟེ། །དབང་ཕྱུག་ཆེན་པོར་འགྱུར་ན་མི་འདོད་སུ་ཡིས་སྤྱོད། །གང་ཚེ་མི་ནི་ཆོས་མིན་པ་ལས་རྣམ་འཇིགས་ཤིང་། །འབད་པས་ཆོས་ནི་རབ་ཏུ་སོན་པར་བྱེད་པ་ཉིད། །སྣ་ཚོགས་
ཉོན་མོངས་རྣམས་ཀྱིས་དབང་མེད་འཕྲོག་པ་སྟེ། །དེ་ཕྱིར་འདི་ན་མི་ནི་ཕ་རོལ་རྒྱུད་དུ་གྱུར། །གྲང་དང་དྲོ་དང་ཆར་དང་ཐོག་དང་གློག་སོགས་ཀྱི། །བྱ་བ་རྣམས་ནི་མི་ལ་བཟློག་ནས་མཐོང་བ་སྟེ། །གང་ཕྱིར་རང་དབང་མ་ཡིན་མི་ནི་གཞན་ལྡན་ཏེ། །དེ་ཕྱིར་བྱ་བ་རྣམས་སུ་སྐྱེས་བུ་དབང་ཕྱུག་མིན། །གང་ཚེ་
ས་བོན་ལས་དང་ས་ཆུའི་རྟེན་ལས་ནི། །དུས་སྦྱོར་རབ་ཏུ་འཇུག་ལ་ལོ་ཐོག་ཕུན་ཚོགས་ཤིང་། །མར་མེ་དག་ལས་རབ་གསལ་ཤིང་ལས་མེ་ཡིན་ཏེ། །རྒྱུ་མེད་ལས་ཡིན་ཞེས་པ་རྒྱུ་མེད་མ་ཡིན་ནོ། །རྒྱུ་མེད་པ་ལས་གལ་ཏེ་འགྲོ་བའི་རབ་འཇུག་ན། །མི་ཡི་བྱེད་པ་ཡིས་ནི་མེད་པར་འགྱུར་བ་སྟེ། །
ཐམས་ཅད་ཀྱིས་ནི་ཐམས་ཅད་ངེས་པར་འཐོབ་བྱེད་ཅིང་། །རྟག་ན་འདི་ནི་ཐམས་ཅད་དུ་ནི་སོང་བར་གྲུབ། །བདེ་དང་སྡུག་བསྔལ་གལ་ཏེ་རྒྱུ་མེད་ལས་ཡིན་ན། །གང་ཆར་ཀུན་གྱི་བདེ་དང་སྡུག་བསྔལ་སྐལ་མིན་ཞིང་། །རྒྱུ་མེད་ལས་ཀྱང་བདེ་དང་སྡུག་བསྔལ་རྟོགས་མིན་ཏེ། །དེ་ཕྱིར་རྒྱུ་མེད་ལས་
ཤེས་འདི་ནི་རྒྱུ་མ་ཡིན། །དེ་སྐད་ཅེས་པ་ལ་སོགས་མི་མཉམ་རྒྱུ་རྣམས་དེས། །འཇིག་རྟེན་རབ་ཏུ་འཇུག་ལ་རྒྱུ་རྣམས་ཤེས་མ་ཡིན། །རྒྱུ་མེད་པར་ནི་འཇིག་རྟེན་མཐོང་བ་མ་ཡིན་ཞིང་། །ཉེས་པ་འདི་རྣམས་རྒྱུ་མེད་ལས་ནི་ཡང་དག་རྟོགས། །བརྟན་པ་དང་ནི་གཡོ་བའི་འབྱུང་པོ་རྣམས་སུ་ཡང་། །
เล่ม ๑๗๒ · หน้า 67b
དེ་དང་དེ་ལ་བརྟེན་ནས་དེ་དང་དེ་འབྱུང་སྟེ། །འཇིག་རྟེན་དག་ན་རྒྱུ་མེད་ཅི་ཡང་ཡོད་མིན་ཞིང་། །ཀུན་གྱི་རྒྱུ་ནི་འཇིག་རྟེན་པ་ཡིས་ཤེས་མ་ཡིན། །དེ་ནས་སྦྱིན་པ་བཟང་པོར་བྱིན་པའི་བཟང་བྱིན་དེས། །རྒྱ་ཆེའི་ཆོས་ཀྱིས་དམ་པའི་ཆོས་ནི་རྣམ་ཤེས་ནས། །གཡོ་བ་མེད་པའི་བློ་གྲོས་ངེས་པར་རབ་
དང་བས། །དྲང་སྲོང་ཆེན་པོ་ལ་ནི་ཚིག་འདི་གསལ་བའོ། །མཉན་ཡོད་རྟ་ལྗང་རྟ་རིད་ཀྱིས་བསྙེན་གྲོང་ཁྱེར་ནི། །བདག་གི་གནས་ཀྱི་ས་ནི་བསོད་ནམས་གྲགས་པ་ཅན། །དེར་ནི་བདག་གིས་ཁྱེད་ཀྱི་གནས་ནི་བྱེད་འདོད་དེ། །སྡིག་མེད་གནས་མཆོག་དམ་པ་དེ་ནི་བསྙེན་པར་མཛོད། །གང་ལྟ་ན་ཡང་
ཐུབ་པ་ཁྱེད་ཀྱི་གནས་སུ་སྙོམས་པ་ནི། །གཞལ་ཡས་ཁང་གི་ལོགས་སམ་རྣམ་དབེན་ནགས་སུ་སྟེ། །བདག་ལ་རྗེས་སུ་བརྩེ་ཕྱིར་གནས་ཀྱི་ཆེད་དུ་ནི། །དགྲ་བཅོམ་རབ་ཏུ་གཞེས་པར་མཛད་པར་འོས་པ་ལགས། །དེ་ནས་གཏོང་བར་ལྷག་པར་མོས་པ་འདི་ཡིས་ནི། །རྣམ་པར་གྲོལ་བའི་སེམས་ནི་
རྣམ་པར་མཁྱེན་ནས་ནི། །ཆགས་པ་མེད་པའི་བློ་མངའ་བློ་གྲོས་མཁྱེན་པ་ཡིས། །མཆོག་ཏུ་ཞི་བས་བློ་གྲོས་ཡང་དག་བཀའ་སྩལ་ཏོ། །སེམས་དཔའ་བརྟན་ཀྱེ་གང་ཞིག་རྫས་གློག་གཡོ་རྣམས་སུ། །ཁྱོད་ཀྱི་སེམས་དཔའ་གཏོང་ལ་ལྷག་པར་མོས་པ་སྟེ། །རང་བཞིན་གྱིས་ནི་སྦྱིན་ལ་དགའ་ཞིང་ཆོས་
ལ་དགྱེས། །དེ་ཉིད་མཐོང་བ་ཁྱེད་ལ་དེ་ནི་ངོ་མཚར་མིན། །གང་ཞིག་ཁྱིམ་ནི་ཚིག་ལས་ཕྱི་རོལ་འཐོན་བྱེད་པ། །དེ་ཡི་དོན་དེ་འཚིག་པར་བྱེད་པ་མ་ཡིན་ཏེ། །དེ་བཞིན་དུས་ཀྱི་མེ་ཡིས་འགྲོ་བ་ཚིག་པ་ན། །གང་གིས་གང་ཞིག་སྦྱིན་པ་དེ་ཡིས་དེ་ཉེར་འཐོབ། །དེ་ཕྱིར་རྣམ་སྤངས་སེམས་དཔའ་
རྣམས་ཀྱིས་སྦྱིན་པར་དང་། །ཡུལ་རྣམས་ཡང་དག་ལོངས་སྤྱོད་པར་ནི་ཤེས་པ་ཉིད། །བཀྲེན་པ་འཇིག་རྟེན་དག་ན་ཟད་པའི་སྐྱོན་མཐོང་བས། །ཉེ་བར་ལོངས་སྤྱོད་མ་ཡིན་འཇིགས་ལས་སྦྱིན་མ་ཡིན། །དུས་སུ་སྨོད་ལ་དོན་ནི་རྣམ་པར་གཏོང་བ་དང་། །དཔལ་དང་ང་རྒྱལ་ལས་ནི་དེ་བཞིན་གཡུལ་
འགྱེད་པར། །སེམས་དཔའ་ལྷག་པ་ཉིད་ཀྱིས་ཤེས་ཏེ་གཞན་གྱིས་མིན། །སེམས་དཔའ་ཡིས་ནི་སྦྱིན་པ་ཉིད་དང་གཡུལ་འགྱེད་དོ། །སྦྱིན་བྱེད་དགའ་བ་ཉིད་དུ་འགྲོ་ལ་འགྲོ་བ་སྟེ། །སྙན་པ་དང་ནི་དམ་པར་གྲགས་པ་རབ་ཏུ་འཐོབ། །སྦྱིན་པ་པོ་ཡོད་གང་ཞེས་དམ་པ་རྣམས་སྦྱིན་ནས། །ཡང་
เล่ม ๑๗๒ · หน้า 68a
དག་བཀུར་བ་དང་ནི་མངོན་དུ་འགྲོ་བར་བྱེད། །དེ་བཞིན་འཇིག་རྟེན་དག་ན་བློ་གཏད་ཉིད་འགྱུར་ཞིང་། །མི་བཟད་པ་རྣམས་ལས་ཀྱང་ཉེས་པ་འཐོབ་མ་ཡིན། །བསོད་ནམས་རྣམས་ནི་བདག་གིས་བྱས་ཞེས་ཚིམ་པ་སྟེ། །འཆི་བའི་དུས་སུ་སྐྲག་པར་མངོན་པར་འགྲོ་མ་ཡིན། །
སྦྱིན་པའི་འབྲས་བུ་འདིར་ནི་མེ་ཏོག་ཙམ་ཞིག་སྟེ། །སྦྱིན་པ་པོ་ཡི་འབྲས་བུ་གཞན་ཉིད་རབ་ཏུ་འཐོབ། །འཁོར་བའི་འཁོར་ལོ་ལ་ནི་འཁོར་བའི་སྐྱེ་བོ་ཡི། །གཏོང་བ་དང་མཉམ་གཉེན་ནི་ཡོད་པ་མ་ཡིན་ནོ། །མི་ཡི་འཇིག་རྟེན་ན་དང་ལྷ་ན་སྐྱེས་པ་རྣམས། །གཏོང་བ་ལས་དང་མཉམ་པ་རྣམས་ལས་ལྷག་
པར་འགྱུར། །རྟ་དང་གླང་པོའི་སྐྱེ་གནས་སུ་ཡང་གནས་པ་རྣམས། །འབྲས་བུ་དེ་ནི་གཙོ་བོ་ཐོབ་པར་འགྱུར་བའོ། །སྦྱིན་པས་ལོངས་སྤྱོད་རྣམས་ཀྱིས་ཡོངས་སུ་འཛིན་པ་སྟེ། །ཚུལ་ཁྲིམས་ཀྱིས་བསྲུངས་མཐོ་རིས་སུ་ནི་འགྲོ་བར་འགྱུར། །ཡེ་ཤེས་སྔོན་དུ་འགྲོ་བ་ཅན་གྱི་ཞི་བ་ཡིས་ཀྱང་ནི། །
རྟེན་དང་བྲལ་བ་གང་ན་གྲངས་སུ་འགྲོ་བ་འགྲོ་མ་ཡིན། །འཆི་མེད་བདུད་རྩི་དེ་ཡིས་འཐོབ་པའི་ཆེད་དུ་ཡང་། །སྡོམ་པར་གྱུར་པ་རབ་ཏུ་སྦྱིན་པ་ཡིན་པ་ཉིད། །སྦྱིན་པ་དྲན་ནས་རབ་ཏུ་དགའ་བར་གྱུར་པ་སྟེ། །ཡིད་ནི་རབ་ཏུ་དགའ་ལས་ངེས་པར་ཏིང་འཛིན་ཡིན། །མཉམ་པར་གཞག་ན་ཡང་
དག་མཐོ་བ་འདི་རུ་ནི། །སྐྱེ་དང་འགོད་པ་ཤེས་པར་རིམ་གྱིས་འགྱུར་བ་སྟེ། །གཞན་ལ་སྦྱིན་པ་སྦྱིན་པའི་སྦྱིན་པ་པོ་ཡིས་ནི། །སྙིང་ལ་གནས་པའི་ཉོན་མོངས་རྣམས་ནི་བསྲབས་པར་འགྱུར། །གང་ཞིག་སྦྱིན་པ་བྱིན་བྱེད་དེ་ཡི་དོན་རྣམས་སུ། །ཆགས་པར་གྲགས་པ་དེ་ནི་དང་པོར་ཆོད་པ་
ཉིད། །གང་ལ་རབ་ཏུ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྟེ། །དེ་ཕྱིར་ཞེ་སྡང་དང་ནི་ང་རྒྱལ་སྤངས་པར་གྱུར། །རབ་ཏུ་ལེན་པ་པོ་ནི་བདེ་ལྡན་རྣམས་མཐོང་ནས། །གང་ཞིག་འགའ་སྟེ་དེས་ན་སེར་སྣ་ཡོད་མ་ཡིན། །སྦྱིན་པ་པོས་ནི་སྦྱིན་པའི་འབྲས་བུ་མངོན་རྟོགས་ནས། །མེད་པ་ཉིད་དང་
མི་ཤེས་མུན་པ་འཇོམས་པ་པོ། །དེ་ཕྱིར་ཞི་བ་འཕགས་མིན་གྱིས་བསྙེན་སེར་སྣ་དང་། །སྲེད་པ་གང་ལས་སྦྱིན་པ་བྱེད་པས་བཅོམ་པ་སྟེ། །དེ་ནས་ཐར་པའི་ཡན་ལག་གྱུར་པ་སྦྱིན་པ་ནི། །ཡིན་ཞིང་ཉེས་པ་རབ་ཏུ་ཐོབ་ཕྱིར་ཐར་པའོ། །ཇི་ལྟར་གཞན་རྣམས་གྲིབ་མའི་དོན་དུ་ཤིང་འདོད་
เล่ม ๑๗๒ · หน้า 68b
ཅིང་། །ཁ་ཅིག་འབྲས་བུའི་དོན་དུ་གཞན་རྣམས་མེ་ཏོག་ཕྱིར། །དེ་ལྟར་སྦྱིན་པ་ཡོངས་སུ་སྦྱིན་པར་བྱེད་པ་སྟེ། །ཁ་ཅིག་ཞི་བའི་དོན་དུ་གཞན་རྣམས་ནོར་གྱི་ཕྱིར། །དེ་ཕྱིར་ཁྱད་པར་དུ་ནི་ཁྱིམ་ན་གནས་རྣམས་ཀྱིས། །སྦྱིན་པ་ཇི་ལྟར་ནུས་པ་མཆོག་ནི་གཏེར་ཡིན་ཞིང་། །སྦྱིན་པ་སྙིང་པོ་མེད་པའི་ནོར་
གྱི་སྙིང་པོ་སྟེ། །དམ་པ་རྣམས་ཀྱི་རྗེས་སུ་སོང་བ་ལམ་འདི་ཡིན། །བཟའ་བ་རབ་ཏུ་སྦྱིན་པར་སྟོབས་ནི་རབ་སྟེར་ཞིང་། །བགོ་བ་སྦྱིན་བྱེད་ལ་ཡང་ལུས་ནི་སྟེར་བའོ། །གང་གིས་དམ་པ་རྣམས་ལ་གནས་ནི་སྦྱིན་བྱེད་པ། །དེས་ཀྱང་འཇིག་རྟེན་དག་ན་ཐམས་ཅད་བྱིན་པ་ཡིན། །ཐེག་པ་སྦྱིན་བྱེད་
ལ་ཡང་བདེ་བ་བྱིན་པ་སྟེ། །མར་མེ་སྦྱིན་བྱེད་ལ་ནི་སྤྱན་མིག་སྦྱིན་པ་ཉིད། །དེ་ནས་དབྲོག་བྱ་མ་ཡིན་འཆི་མེད་རབ་སྦྱིན་ཞིང་། །གང་གིས་མཐར་ཐུག་གྱུར་པའི་ཆོས་ཀྱིས་སྟོན་པ་ཉིད། །ཁ་ཅིག་འདོད་པའི་ཆེད་དུ་སྦྱིན་པ་གཏོང་བ་སྟེ། །གཞན་ནི་དོན་གྱི་དོན་དུ་གཅིག་ནི་གྲགས་པའི་ཕྱིར། །
ཁ་ཅིག་མཐོ་རིས་དོན་དུ་གཞན་ནི་བརྩེ་བའི་ཕྱིར། །ཁྱོད་ཀྱི་སྦྱིན་པ་འདི་ནི་ཆགས་པ་མེད་པ་ཡིན། །དེ་ཕྱིར་ལེགས་སོ་ཁྱོད་ནི་སྲེད་པ་དེ་ལྟར་གྱུར། །གང་ཞིག་ཡང་དག་བསྒྲུབས་མཛོད་འདོད་པ་ཚིམ་པར་ཤོག །རྡུལ་བཅས་མུན་པ་དང་ལྡན་གང་ཁྱེད་འོངས་ནས་ནི། །ཡེ་ཤེས་རྣམ་དག་བློ་ནི་རབ་
ཏུ་འགྲོ་བར་འགྱུར། །དེ་ཉིད་དེ་བཞིན་གཤེགས་པས་ལམ་གྱི་ཡང་དག་པར། །དགའ་བ་བྱས་པ་དང་ཡང་གཞུག་པ་བྱས་པ་ནི། །གཙུག་ལག་ཁང་དེ་སྙིང་ལ་རྣམ་པར་བྱས་ནས་ནི། །ཉེ་རྒྱལ་དང་ནི་ལྷན་ཅིག་དུས་སུ་སོང་བར་གྱུར། །སོང་ནས་དེ་ན་ཀཽ་ཤཱམ་རྒྱལ་པོའི་ཁབ་དང་ནི། །གཙུག་
ལག་ཁང་གི་ས་ལ་སོ་སོར་ཡང་དག་རྒྱུས། །དཔལ་ལྡན་མཉམ་ཞིང་མཛེས་ལ་ཡིད་འོང་ཤིང་ལྡན་པ། །དེར་ནི་དེ་ཡིས་རྒྱལ་བྱེད་ཀྱི་ནི་ཚལ་མཐོང་ངོ་། །དེ་ནས་དེ་ཡི་དོན་དུ་རྒྱལ་བྱེད་ལ་ཞུས་ཏེ། །དེ་ཡིས་ཆགས་པ་ལས་ནི་དེ་ལ་མ་བྱིན་ནོ། །ཁྱོད་ཀྱིས་གལ་ཏེ་དོན་གྱིས་ཀུན་ནས་བཀྲམ་ན་ཡང་། །
ས་ནི་བདག་གིས་སྦྱིན་པ་མ་ཡིན་ཞེས་སྨྲས་སོ། །དེ་ནས་དེར་ནི་བཟང་སྦྱིན་གྱིས་དེ་ལ་སྨྲས་པ། །ཚལ་དེ་ལ་ནི་རིན་བྱས་ཤེས་ནི་མངོན་འདོད་དོ། །དེ་ནས་དེས་ནི་ནོར་གྱིས་ས་ནི་ཡོངས་གཡོགས་ནས། །ཆོས་ཀྱི་ཐ་སྙད་མཐོང་ཞིང་ཉོས་པར་གྱུར་པའོ། །དེ་ཡི་གཏོང་བ་དེ་ནི་མཐོང་ནས་རྒྱལ་བྱེད་ཀྱིས། །
เล่ม ๑๗๒ · หน้า 69a
སངས་རྒྱས་ལ་ནི་མཆོག་ཏུ་རབ་ཏུ་དང་བ་བྱས། །ནགས་ཚལ་དེ་ཡི་ལྷག་མ་དག་ནི་ཀུན་ནས་ནི། །དེ་བཞིན་གཤེགས་པ་ལ་ནི་ཕུལ་བར་གྱུར་པའོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་ནི་དྲང་སྲོང་ཆེན་པོ་ཡིས། །ཉེ་རྒྱལ་གྱིས་ནི་ངེས་པར་གཟིགས་པར་བྱ་བའི་དོན་
ལྡན་པར། །མྱུར་བའི་བློ་གྲོས་དང་ལྡན་མ་ཆགས་གྲོལ་བའི་སེམས་ཀྱིས་ནི། །མཛེས་ཤིང་དགེ་བ་མཆོག་གིས་གཙུག་ལག་ཁང་ནི་བྱེད་དུ་བཅུག །ནོར་གྱི་དབང་ཕྱུག་ཉིད་ཀྱི་གནས་ནི་འཕོས་པ་ལྟ་བུ་དང་། །བྱང་ཕྱོགས་ཀོ་ཤ་ལ་ཡི་ཁང་པའི་བདེ་བ་ལྟ་བུ་དང་། །དེ་བཞིན་གཤེགས་པ་
ཉིད་ཀྱི་གཞི་ནི་མཚུངས་པ་ལྟ་བུ་དང་། །རང་གི་ནོར་དང་སྟོབས་ཀྱི་དང་ནི་ལྟ་བ་ཡི་ཡང་ངོ་། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མགོན་མེད་ཟས་སྦྱིན་ལ་རྗེས་སུ་སྟོན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཐུབ་པ་སྣ་ཚོགས་ཐ་དད་བློ་ཅན་
གྱི། །སྟོན་པས་ཐམས་ཅད་ཡེ་ཤེས་ཀྱིས་ནི་ཟིལ་མནན་ནས། །བཅུ་ཕྱེད་ཕྲག་རི་ནས་དང་གྲོང་ཁྱེར་ནས་རིམ་གྱིས། །རྒྱལ་པོ་བུམ་པས་བསྙེན་པའི་གྲོང་ཁྱེར་དུ་གཤེགས་སོ། །དེ་ནས་སློབ་མ་སྟོང་ཕྲག་ཙམ་ནི་དུལ་བ་ན། །གཤེགས་སོ་དེས་ནི་ཡབ་ཀྱི་ཡུལ་ནི་རབ་ཏུ་ཐོབ། །དེ་
ནས་དེ་ལ་རྗེས་སུ་འཛིན་པ་མཛད་བཞེད་པ། །རང་གི་གྲོང་གི་གནས་ལ་མཐའ་རུ་བསྙེན་པའོ། །དེ་ནས་མདུན་ན་འདོན་དང་བློན་པོ་བློ་གྲོས་ཅན། །དགའ་བའི་གཏམ་ལ་དམ་པ་རྒྱུ་བ་དེ་རྣམས་ཀྱིས། །ཡོངས་སུ་རྫོགས་པའི་རབ་བརྙེས་འཕགས་པ་སྟེ། །ས་སྐྱོང་རྒྱལ་པོ་དེ་ལ་ཞུས་ཤིང་
གསོལ་བའོ། །དེ་ནས་དེ་ནི་འོངས་པ་ཐོས་ནས་ས་སྐྱོང་ནི། །དགའ་བ་ཡོངས་ལྡན་སེམས་ཀྱིས་བལྟ་བར་འདོད་པ་ཡིས། །གྲོང་ཁྱེར་བ་ནི་ཀུན་གྱིས་རྗེས་སུ་འགྲོ་བྱས་པ། །མྱུར་བས་བརྟན་པ་སྤངས་ཤིང་བསུ་བ་ལ་གཤེགས་སོ། །དྲང་སྲོང་དབུས་སུ་ཚངས་པ་བཞུགས་པ་བཞིན་དུ་
ནི། །སློབ་མས་བསྐོར་བ་དེ་ནི་རྒྱང་རིང་ནས་གཟིགས་ནས། །དྲང་སྲོང་ཆེན་པོའི་ཆོས་ལ་རྗེས་སུ་འགྲོ་བས་ནི། །ཤིང་རྟ་སྤངས་ནས་རྐང་པ་རྣམས་ཀྱིས་ཉེ་བར་གཤེགས། །མྱུར་བར་དེ་ཡི་ཉེ་ལོགས་སུ་ནི་ཡོངས་ཕྱིན་ནས། །ཐུབ་པ་མཐོང་བ་ཉིད་དེ་དེས་ནི་མ་སྨྲས་སོ། །དེ་ལ་བུ་ཞེས་སྨྲ་བར་
เล่ม ๑๗๒ · หน้า 69b
ནུས་པ་མ་ཡིན་ཞིང་། །དེ་བཞིན་དགེ་སློང་ཞེས་ནི་ནུས་པ་མ་ཡིན་ནོ། །དེ་ནས་དེ་ཡི་དགེ་སློང་ཆ་ལུགས་དེ་མཐོང་ཞིང་། །བདག་ཏུ་སོང་བའི་སྣ་ཚོགས་དཔལ་ལ་བརྟགས་ནས་ནི། །དབུགས་རིང་བརྒྱུས་ནས་མཆི་མ་རྣམ་པར་བཏོན་པ་དེ། །དྲག་ཏུ་མུན་པར་གྱུར་ཅིང་རྣམ་པར་ཟློས་པ་ཉིད། །
ལམ་འགྲོ་སྐོམ་པར་གྱུར་པ་མངོན་པར་སོང་བ་ཡིས། །རྒྱང་རིང་དག་ནས་རྫིང་བུ་སྐམ་པོ་མཐོང་ནས་ལྟར། །རང་གནས་རྣམ་པ་དང་བྲལ་ཉེ་བར་ཉེར་བཞུགས་པ། །མཐོང་ནས་བདག་གི་ཉམ་ཐག་སྟོབས་ལྡན་མཆོག་ཏུ་གྱུར། །འཇིག་རྟེན་མཐའ་རུ་གནས་པའི་སེམས་གྱུར་ཐིམ་པ་ན། །སྡུག་པའི་
རྣམ་འགྱུར་རི་མོར་སོང་བ་ཇི་ལྟ་བར། །གཟུགས་དེ་ཉིད་ནི་མཐོང་བ་ན་ནི་བདག་ལ་ནི། །དགའ་བ་ཡོད་པ་མ་ཡིན་འདི་ལ་དགའ་བ་ཐལ། །གང་གིས་མཐའ་དག་རི་ཡིས་ཟླུམས་པས་ས་གཞི་ནི། །དང་པོའི་དུས་སུ་ང་ལས་ནུ་ནི་གནས་པ་བཞིན། །གང་ཞིག་དབང་པོ་ལ་ཡང་སློང་བར་འོས་མིན་པ། །
བདག་གི་དེ་ནི་ཕ་རོལ་རྣམས་ལ་སློང་མོས་འཚོ། །གངས་འདི་སྙིང་པོ་ལྷུན་པོ་ལས་ནི་ཁྱད་འཕགས་ཤིང་། །གསལ་བས་ཉི་མ་ལ་དང་མཛེས་པས་ཟླ་བ་ལ། །འགྲོས་ཀྱིས་གླང་པོ་ཆེ་ལ་དབྱངས་ཀྱིས་ཁྱུ་མཆོག་ལ། །དེས་ནི་སློང་མོ་ཟ་ཞིང་ས་ནི་རྫོགས་ལ་མིན། །དེ་ནས་བུ་ཡི་འདུ་ཤེས་ཀྱིས་ནི་འཕྱོ་
བ་ཉིད། །རྒྱལ་པོའི་བསམ་པ་འདི་ནི་རྣམ་པར་མཁྱེན་ནས་དང་། །འཇིག་རྟེན་ལྷག་མ་ལ་ཡང་རྗས་སུ་བརྩེ་བ་སྟེ། །དེ་ཡི་དོན་དུ་སངས་རྒྱས་མཁའ་ལ་འཕུར་བར་གྱུར། །ཉི་མའི་ཤིང་རྟ་ཕྱག་གིས་རེག་པར་མཛད་ནས་ནི། །རླུང་གིས་བསྙེན་པའི་ལམ་ལ་ཞབས་དག་གིས་གཤེགས་ཤིང་། །སྐུ་ལ་
གཅིག་ཏུ་གྱུར་ཞིང་དུ་མར་གྱུར་པ་དང་། །མང་པོ་ཉིད་དུ་གྱུར་ནས་གཅིག་ཏུ་གྱུར་པའོ། །ས་ལ་ཆུ་བཞིན་དུ་ཡང་ཞུགས་ཤིང་ཐོགས་མེད་ལ། །ཆུ་ཡི་ལོགས་ལ་ས་ལ་བཞིན་དུ་སྤྱོད་པ་དང་། །ར་བ་དང་ནི་རི་ལ་ཐད་ཀར་མཛད་པ་དང་། །ཐོགས་པ་མེད་ཅིང་མཁའ་ལ་བཞིན་དུ་རབ་ཏུ་ཞུགས། །ལུས་ཀྱི་
ཕྱེད་ཀྱིས་ཆུ་ཡི་ཆར་པ་འབེབས་པ་དང་། །ཕྱེད་ཀྱིས་མེ་བཞིན་དུ་ནི་འབར་བར་གྱུར་པ་སྟེ། །རི་བོས་འབར་བའི་སྨན་དང་རབ་ཏུ་འབར་བ་བཞིན། །མཁའ་ལ་གང་ཞིག་འབར་དང་འབར་བས་མཛེས་པར་གྱུར། །དབང་ཕྱུག་མངོན་པར་འདོད་པའི་སྐྱེ་བོ་དེ་ཡི་ནི། །སེམས་ཀྱི་རབ་ཏུ་དགའ་བ་དེ་ལྟར་སྐྱེད་
เล่ม ๑๗๒ · หน้า 70a
ནས་ནི། །ཉི་མ་གཉིས་པ་བཞིན་དུ་མཁའ་ལ་བཞུགས་ནས་སུ། །མི་སྐྱོང་ལ་ནི་ཆོས་དག་བགྲོ་བར་མཛད་པའོ། །མི་སྐྱོང་ཁྱེད་ཀྱིས་བདག་ལ་གང་ཞིག་ལྟོས་པ་དང་། །མྱ་ངན་རྗེས་སུ་ཞུགས་པ་སྙིང་རྗེའི་བདག་ཉིད་ཤེས། །བུ་ལ་དགའ་བ་དེ་ནི་ཆོད་མཛོད་ཞི་བར་གཤེགས། །
བདག་ལས་བུ་ཡི་འབྲས་བུ་གསར་པ་སྣོམས་མཛོད་ཅིག །གང་ཞིག་སྔོན་ཆད་བུ་ཡིས་ཕ་ལ་མ་བྱིན་ཞིང་། །སྔོན་ནི་ཕ་ཡིས་བུ་ལས་རབ་ཏུ་མ་ཐོབ་པ། །རྒྱལ་སྲིད་ལས་ཁྱད་འཕགས་ཤིང་མཐོ་རིས་ལས་ཁྱད་འཕགས། །རྒྱལ་པོ་མཆོག་གི་བདུད་རྩི་དེ་ནི་བཞེས་མཛོད་ཅིག །ས་སྐྱོང་ལས་ཀྱིས་བདག་ཉིད་ལས་
ཀྱི་སྐྱེ་གནས་དང་། །ལས་ཀྱི་རྟེན་དང་ལས་ཀྱི་རྣམ་སྨིན་སྐལ་བ་དང་། །ལས་ཀྱི་དབང་གིས་གནས་པར་འགྲོ་བ་ཤེས་ནས་ནི། །ཕན་པའི་ཆེད་དུ་ལས་གང་གྱུར་པ་དེ་བསྙེན་མཛོད། །འཇིག་རྟེན་དེ་ཉིད་རྟོགས་ནས་དང་ནི་བཙལ་ནས་སུ། །དམ་པའི་ལས་ནི་མི་ཡི་བཤེས་མིན་གཞན་མ་ཡིན། །
ཐམས་ཅད་བོར་ནས་ལས་དང་ལྷན་ཅིག་ཁྱོད་ཀྱི་ནི། །རྟེན་དང་བྲལ་ཞིང་གཅིག་པུར་འགྲོ་བར་བྱ་བའོ། །ལྷ་འམ་དམྱལ་བ་དུད་འགྲོ་མི་ཡི་འཇིག་རྟེན་དུ། །ལས་ཀྱི་རྟེན་ལས་སོན་པའི་འཇིག་རྟེན་འགྲོ་བ་སྟེ། །སྲིད་པའི་རྒྱུ་ནི་རྣམ་པ་གསུམ་དང་སྐྱེ་གནས་གསུམ། །སྣ་ཚོགས་ལས་ནི་འཇིག་རྟེན་པ་
ཡིས་རབ་ཏུ་བྱེད། །དེ་ཕྱིར་སྡེ་ཚན་གཉིས་ནི་ཡང་དག་འཇུག་པར་ཡང་། །ལུས་དང་ངག་གི་ལས་འདི་རྣམ་པར་དག་པ་དང་། །ཡིད་ཀྱིས་རབ་ཏུ་ཞི་ལ་འབད་པར་བྱ་བ་སྟེ། །དེ་ནི་བདག་གི་དོན་ཡིན་གཞན་དོན་མ་ཡིན་ནོ། །འགྲོ་བ་ཆུ་ཡི་དབའ་རླབས་གཡོ་བར་ཤེས་ནས་ནི། །བརྟགས་ནས་ཁྱོད་ཀྱིས་
སྲིད་པ་རྣམས་སུ་དགའ་མི་བྱ། །ལས་ནི་ཡོངས་སུ་ཟད་ཕྱིར་དམ་པའི་ལས་གང་དེ། །མཆོག་ཏུ་བདེ་བའི་དོན་དུ་གང་གྱུར་བསྙེན་པར་བྱ། །རྒྱུ་སྐར་འཁོར་ལོ་མཁའ་ལ་བཞིན་དུ་རྟག་པར་ནི། །འཇིག་རྟེན་ཡོངས་སུ་འཁོར་བར་ཤེས་པར་བྱས་ནས་ནི། །རྩེ་མོ་འདས་ནས་ལྷ་ནས་ལྷ་ཡང་ལྷུང་བ་
སྟེ། །ཀྱེ་མ་མིར་གྱུར་སྨོས་ཅི་བློ་གཏད་བྱེད་པ་སུ། །བདེ་བ་རྣམས་ལས་མཆོག་ཏུ་ཐར་པའི་བདེ་བ་དང་། །དགའ་བ་རྣམས་ལས་བདག་ཏུ་དགའ་བ་གཙོར་ཤེས་ནས། །ལག་འགྲོ་རྣམས་ཀྱིས་བྲང་ལ་བཞིན་དུ་བདག་ལྡན་ནི། །སུ་ཞིག་འཇིགས་པ་དུ་མའི་དཔལ་གྱིས་བདེ་ལ་དགའ། །དེ་ཕྱིར་
เล่ม ๑๗๒ · หน้า 70b
བརྟེན་པ་ཁྱིམ་ལ་མེས་བཞིན་འཇིག་རྟེན་ནི། །འཇིགས་པ་ཆེན་པོ་དང་ནི་ཡོངས་ལྡན་མཐོང་ནས་ནི། །གང་ཞིག་སྐྱེ་འཆི་ངལ་བ་མྱ་ངན་དང་བྲལ་བ། །ཞི་ཞིང་བརྟན་པའི་གོ་འཕང་དེ་ནི་སློངས་མཛོད་ཅིག །དོན་གྱིས་མ་ཡིན་གཡུལ་གྱིས་མ་ཡིན་མཚོན་གྱིས་མིན། །གང་ལ་རྟ་དང་གླང་པོས་དོན་ནི་ཡོད་
མ་ཡིན། །སྐྱོན་ནི་དགྲ་བོ་རྣམས་ཀྱི་སྡེ་དེ་ཆོམས་མཛོད་དང་། །དེ་ལས་རྒྱལ་ན་རྣམ་པར་རྒྱལ་བ་གཞལ་དུ་མེད། །སྡུག་བསྔལ་དང་ནི་སྡུག་བསྔལ་གྱི་རྒྱུ་ཞི་བ་དང་། །ཞི་བ་ཡི་ཡང་མངོན་པའི་ཐབས་ནི་ཤེས་པར་མཛོད། །བཞི་པོ་འདི་ཡི་ཀུན་ནས་ཁོང་དུ་ཆུད་པ་ལས། །འཇིགས་པ་ཆེན་པོ་དང་
ནི་ངན་འགྲོ་རྣམས་འགོག་གོ། །དེ་ནས་བདེ་བར་གཤེགས་པས་རྫུ་འཕྲུལ་གྱི་སྔོན་དུ། །ཞིང་དུ་བྱས་པའི་སེམས་ལ་དགའ་བ་སྐྱེས་པ་སྟེ། །ཐོས་ནས་མི་སྐྱོང་དེ་ཡིས་ཆོས་ནི་རབ་ཐོབ་ཅིང་། །དགའ་བཞིན་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བློ་ལྡན་དང་བཅས་འབྲས་བུ་དང་བཅས་ཁྱེད་
དགྱེས་ཤིང་། །སྡུག་བསྔལ་ཆེན་པོ་ལས་ནི་རྣམ་གྲོལ་ཁྱེད་དགྱེས་སོ། །མྱ་ངན་ཆེད་དུ་དོན་མེད་ས་སྦྱིན་བདག་དགའ་ལ། །བུ་ཡི་འབྲས་བུ་དང་ལྡན་བདག་ནི་དགའ་བར་གྱུར། །ཕུན་ཚོགས་སྤངས་ནས་གཤེགས་པ་ཁྱེད་ནི་གནས་སུ་གྱུར། །ངལ་བ་ཆེན་པོས་དུབ་ལས་ཁྱེད་ནི་གནས་སུ་གྱུར། །
དགའ་བའི་གཉེན་འདུན་དགའ་བ་ཁྱོད་ཀྱིས་བོར་བ་རྣམས། །བདག་ཅག་རྣམས་ནི་སྙིང་རྗེ་བར་དུ་གནས་སུ་གྱུར། །ལྷ་ཡི་དྲང་སྲོང་རྣམས་སམ་རྒྱལ་པོའི་དྲང་སྲོང་རྣམས། །དེ་རྣམས་སྔོན་དུས་ན་ཡང་གང་ལ་མ་གཤེགས་པ། །ཉམ་ཐག་འཇིག་རྟེན་དག་གི་དགེ་བའི་ཆེད་དུ་ལམ། །ངེས་པར་
ལེགས་པ་འདི་དང་ཁྱེད་ཀྱིས་ལྷག་པར་ཐོབ། །ཁྱོད་ནི་འཁོར་ལོས་སྒྱུར་བར་གལ་ཏེ་གྱུར་ན་ནི། །བདག་གི་དགའ་བ་དེ་ལྟར་འགྱུར་བ་མ་ཡིན་ཞིང་། །རྣམ་པ་དེ་ལྟར་རྫུ་འཕྲུལ་འདི་དང་ཁྱོད་ཀྱི་ཆོས། །མཐོང་ནས་ཇི་ལྟར་བདག་གི་བསྟན་པ་དགའ་བར་འགྱུར། །འདིར་ནི་ཡང་སྲིད་ཉིད་དུ་སྦྱོར་
བའི་ཆོས་ལ་ནི། །འཁོར་ལོས་སྒྱུར་བས་སྐྱེ་དགུ་རྣམས་ནི་སྐྱོང་བ་སྟེ། །འཁོར་བའི་སྡུག་བསྔལ་ཆེན་པོ་རྣམས་ནི་འཇོམས་པ་ལ། །འཇིག་རྟེན་ཆེད་དུ་ཆོས་ཀྱང་ཐུབ་པ་ཁྱོད་ཀྱིས་གསུངས། །གང་གི་རྫུ་འཕྲུལ་འདི་དང་རྣམ་རྒྱས་བློ་གྲོས་དང་། །འཁོར་བའི་འཇིགས་པ་མཐའ་དག་ངེས་པར་
เล่ม ๑๗๒ · หน้า 71a
ལོག་པ་ནི། །དཔལ་དང་བྲལ་ཡང་འཇིག་རྟེན་ན་ཁྱོད་དབང་ཕྱུག་སྟེ། །དཔལ་ནི་འཕེལ་ཡང་དབང་མེད་སྲེད་བཅས་མ་ཡིན་ནོ། །བརྩེ་བའི་ཆོས་ཀྱིས་བསྟན་པའི་འོས་གྱུར་པ། །ཤཱཀྱའི་རྒྱལ་པོས་མང་པོ་དེ་དག་སྨྲས་ནས་ནི། །རྒྱལ་པོ་ཉིད་དང་ཡབ་ཉིད་དུ་ནི་གནས་ན་ཡང་། །
སྲས་ལ་དེ་ཉིད་ཁོང་དུ་ཆུད་ཕྱིར་ཕྱག་བྱས་སོ། །ཐུབ་པའི་མཐུ་ནི་ལྷག་པར་ཐོབ་པ་མཐོང་ནས་དང་། །དེ་ཉིད་རབ་ཏུ་འབིགས་པའི་བསྟན་བཅོས་མཐོང་ནས་དང་། །བླ་མ་རྒྱལ་པོས་སྦྱར་བའི་མཆོད་པ་མཐོང་ནས་ནི། །དུ་མ་རྣམས་ཀྱིས་རབ་ཏུ་འབྱུང་ཕྱིར་རེ་འདོད་བྱས། །དེ་ནས་གཞོན་ནུ་མང་པོ་འབྲས་བུ་ལ་གནས་རྣམས། །ཆོས་ཀྱི་
ཆོ་ག་དེ་ཉིད་རབ་ཏུ་ཐོབ་གྱུར་ཏེ། །སྔགས་དང་འདོད་པ་ཆེན་པོ་རྣམས་ལ་ལྟོས་མེད་ནས། །བྱམས་པའི་གཉེན་འདུན་ངུ་བ་རྣམས་ནི་སྤངས་ནས་སོ། །ཀུན་དགའ་མཛེས་དགའ་ཀྲ་མི་ལ་དང་མ་འགགས་པ། །དགའ་བོ་ཉེ་དགའ་དག་དང་དེ་ནས་འཁྱིལ་པ་འཛིན། །སློབ་མའི་ལྐོག་ཏུ་སྟོན་པ་ཡིས་ནི་ལྷ་སྦྱིན་ཏེ། །ཐུབ་པས་རྗེས་སུ་
བསླབས་པ་དེ་རྣམས་བྱུང་བར་གྱུར། །དེ་ནས་མདུན་ན་འདོན་གྱི་བུ་ནི་བདག་ཉིད་ཆེ། །འཆར་ཀས་ལམ་དེ་ཉིད་ལ་རབ་ཏུ་སོང་བ་སྟེ། །དེ་ཡིས་ངེས་པ་རབ་ཏུ་མཐོང་ནས་དེ་བཞིན་དུ། །ཉེ་བ་འཁོར་དང་རྒྱུན་ཤེས་བུ་ཡི་བློ་བྱས་སོ། །རྒྱལ་པོ་ཡིས་ཀྱང་སྲས་ཀྱི་མཐུ་ནི་མཐོང་ནས་དང་། །མཆོག་གི་བདུད་རྩི་རྒྱུན་ནི་
རབ་ཏུ་ཐོབ་བྱས་ནས། །ཆགས་པ་མེད་པར་རྒྱལ་སྲིད་སྤུན་ཟླ་ལ་བྱིན་ཞིང་། །རྒྱལ་པོའི་དྲང་སྲོང་སྤྱོད་པས་ཁྱིམ་རྣམས་ལ་བསྙེན་ཏོ། །དེ་སྐད་ཅེས་པ་ལ་སོགས་ལེགས་པའི་གཉེན་རྣམས་དང་། །འཁོར་དང་གཉེན་རྣམས་རྗེས་སུ་བརྟུལ་ནས་སངས་རྒྱས་ནི། །མཆི་མ་དང་བཅས་གྲོང་ཁྱེར་པ་ཡིས་མངོན་
དགའ་བ། །རང་གནས་གྲོང་ཁྱེར་ལ་ནི་དུས་སུ་རབ་ཞུགས་པ། །དོན་ཀུན་གྲུབ་པ་ཞེས་པ་རྒྱལ་པོའི་སྲས་པོ་ནི། །དོན་མཛད་གྲུབ་པ་གྲོང་ཁྱེར་དུ་ནི་རབ་ཞུགས་པ། །ཞེས་ནི་དོན་ཐོས་ཁང་པ་རྣམས་སུ་མི་མོ་རྣམས། །སྒོ་རྣམས་དང་ནི་སྐར་ཁུང་རྣམས་ལ་མཉམ་པར་བརྟེན། །མཚམས་ཀྱི་སྤྲིན་གྱིས་ཕྱེད་
བཀག་འོད་ཟེར་ལྡན་པ་བཞིན། །ངུར་སྨྲིག་བསྣམས་ཤིང་མཛེས་པ་དེ་ནི་རབ་མཐོང་ནས། །བུད་མེད་དེ་རྣམས་མིག་ནས་མཆི་མ་ཕྱུང་བ་སྟེ། །པདྨ་དང་མཚུངས་ཐལ་མོ་རྣམས་ཀྱིས་ཕྱག་འཚལ་ལོ། །ཆོས་ཀྱིས་དང་ནི་གཟུགས་ཀྱིས་གསལ་བར་གྱུར་པ་ནི། །འོག་ཏུ་ཞལ་གཟིགས་གཤེགས་པ་
เล่ม ๑๗๒ · หน้า 71b
དེ་ནི་མཐོང་གྱུར་ནས། །བརྩེ་བ་དང་ནི་གུས་པ་རྣམ་པར་སྟོན་པ་སྟེ། །མཆི་མས་རྙོགས་པའི་མིག་ཅན་རབ་མྱོས་མ་རྣམས་ཟློས། །ལེགས་སྐྱེས་དབུ་ནི་བཞར་བར་རྣམ་པར་མཛད་ནས་དང་། །ན་བཟའ་རྙིང་པ་ཡོངས་སུ་གསོལ་ནས་དང་། །སྐུ་ལ་གསེར་གྱི་ཁ་དོག་རབ་ཏུ་གཡོགས་ནས་
དང་། །དེས་ནི་སྤྱན་མིག་རབ་ཏུ་བཀོད་ནས་གཤེགས། །གང་ཞིག་གདུང་བ་སྐྱོབ་པའི་གདུགས་དཀར་བསྙེན་ཕྱིར་དང་། །སྲས་པོ་རྣམ་པར་དུལ་བ་བལྟ་བའི་ཕྱིར་འོངས་ཤིང་། །ཀུན་ནས་གནས་ཕྱིར་འོས་ཤིང་རྒྱལ་བའི་ཕྱིར་འོས་པ། །དེས་ནི་ལྷུང་བཟེད་ཡང་དག་ཡོངས་སུ་བཟུང་ནས་གཤེགས། །
འགྲམ་པར་ཏ་མ་ལ་ཡི་ལོ་མ་རྣམ་བཀོད་པའི། །མཛེས་མའི་གདོང་དང་གདུང་བ་སྐྱོབ་པའི་གདུགས་དཀར་ནི། །གང་གིས་བསྙེན་པར་འོས་ཤིང་མགྱོགས་འགྲོ་འོས་པ་སྟེ། །དེས་ནི་ལྷུང་བཟེད་ཡོངས་སུ་བཟུང་ནས་རྐང་པས་གཤེགས། །ས་སྐྱོང་བདག་སྐྱེས་རྣམས་ཀྱི་དགྲ་རྣམས་ཟད་པར་དང་། །དགའ་
བ་རྣམས་ཀྱི་ཆགས་དང་འགྲོ་བའི་རྗེས་ཆགས་པར། །བལྟ་བར་འོས་ཤིང་སྣ་ཚོགས་དབུ་རྒྱན་བསྣམས་པ་གང་། །དེས་ནི་ས་ཡི་གཉའ་ཤིང་གང་ཙམ་གཟིགས་ཤིང་གཤེགས། །འདི་ཡི་བལྟ་བ་ཅི་ཞིག་མཚན་ཉིད་དེ་ནི་ཅི། །དོན་གཉེར་ཅི་ཞིག་རོལ་པས་དགྲ་བོར་གྱུར་པ་ཅི། །གང་འདི་བརྟུལ་ཞུགས་
དང་ནི་ལྷན་ཅིག་རོལ་བ་སྟེ། །བུ་བྱིས་རྣམས་དང་མོ་བཙུན་མཛངས་མ་རྣམས་དང་ནི། །རྒྱལ་པོའི་མནའ་མ་ངེས་པར་མྱ་ངན་འཛིན་མའོ། །གྲགས་འཛིན་མ་དེ་ཤིན་ཏུ་དཀའ་ཐུབ་བྱེད་པ་སྟེ། །གང་གིས་ཇོ་བོའི་རབ་ཏུ་སྤྱོད་པ་འདི་ཐོས་ཤིང་། །ཐོས་ནས་ཀྱང་ནི་གནས་ཤིང་ཉམས་པར་འགྲོ་བ་མེད། །འདི་
ཡི་གཟུགས་ནི་ངེས་པར་རྗེས་སུ་མཐུན་པ་དང་། །ཁ་དོག་ངན་པའི་གཟུགས་འདི་སྣང་བ་མཐོང་ནས་ནི། །སྲས་འདོད་མི་དབང་རྒྱལ་པོ་ཇི་ལྟ་བུར་གྱུར་ཞིང་། །འཚེ་བའི་དགྲ་བོ་ལ་ཡང་ཇི་ལྟ་བུར་བྱེད་དམ། །མཆི་མས་གང་བའི་སྲས་པོ་སྒྲ་གཅན་འཛིན་མཐོང་ནས། །གལ་ཏེ་དེ་ལྟ་ཉིད་དུ་འདི་ནི་
ཆགས་མ་ཡིན། །བྱམས་པའི་གཉེན་རྣམས་ལས་ཀྱང་གཞན་དུ་ཁ་བལྟས་པ། །འདི་འདྲ་ངེས་པའི་བརྟུལ་ཞུགས་ལ་ནི་དགེ་ལེགས་ཤོག །གཟི་མདངས་དང་ནི་ལུས་ཀྱི་དབྱིབས་དང་འགྲོས་སམ་སྟེ། །བདེ་བའི་རབ་ཏུ་འཇུག་ལ་ངེས་པར་ཚད་མ་ཡིན། །ཡོན་ཏན་དེ་རྣམས་དག་གིས་
เล่ม ๑๗๒ · หน้า 72a
འདི་ནི་མཛེས་པ་སྟེ། །ཞི་བས་ལྡན་ཞིང་ཡུལ་རྣམས་ཀྱིས་ནི་རྣམ་པར་བྲལ། །སྣ་ཚོགས་སྟོན་ནི་རང་མཚུངས་བསམ་པ་ཡང་དག་ཡོངས་བཟུང་ནས། །དེ་སྐད་ཅེས་སོགས་རབ་མྱོས་མ་རྣམས་མང་པོ་རྣམ་པར་ལབས། །སངས་རྒྱས་མ་ཆགས་ཐུགས་ཀྱང་རང་གི་གྲོང་ཁྱེར་
ལ་གཤེགས་ནས། །བསོད་སྙོམས་བརྙེས་ཤིང་ནྱ་གྲོ་དྷ་ཡི་མཚན་མའི་ནགས་སུ་གཤེགས། །ཉུང་ངུ་ཉུང་ངུའི་བསོད་སྙོམས་སྦྱིན་པ་རྣམས་ཀྱིས་ནོར་རྫས་ཕྲ་ཞིང་དགེ་བ་མ་བྱས་སྐྱེ་བོ་སྒྲོལ་བར་མཛད་བཞེད་པ། །སྤྱོད་པ་འདི་ཡིས་ཡང་དག་ཚིམ་པ་མ་ཡིན་དགེ་སྦྱོང་སྐྱེ་བོ་བསམ་པ་མ་ཐུལ་བ་ལ་
བརྟེན་པར་མཛད་བཞེད་ལ། །འཇིག་རྟེན་དག་ན་སྐྱིད་དེ་བ་ཞེས་རྒོལ་བ་ནུབ་པར་མཛད་བཞེད་དེ་བཞིན་ཡོངས་སུ་བྲིས་ཉིད་སྟོན་པར་མཛད་བཞེད་པ། །བརྟག་པར་སྙམ་ལ་བསོད་སྙོམས་ཕྱིར་ནི་ཡབ་ཀྱི་གྲོང་ཁྱེར་ལ་ནི་སྲེད་མེད་ཐུགས་མངའ་དེ་བཞིན་གཤེགས་པ་ཞུགས་པར་གྱུར། །སངས་རྒྱས་ཀྱི་
སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཡབ་དང་སྲས་མཇལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།ང་རྒྱལ་ཉིད་ཀྱིས་སྐྱེ་བོ་དམ་པ་མ་སྨོད་ཅིག །བཤེས་གཉེན་འདུ་ཤེས་དཀའ་ཐུབ་རྣམས་ནི་མ་འཇོམས་ཤིག །ཉོན་མོངས་དབང་གིས་དམ་པའི་བརྟུལ་ཞུགས་མ་བྱེད་ཅིག །
དམ་པ་མིན་པའི་ལྟ་བ་ཅུང་ཟད་མ་བསྙེན་ཅིག །མཚར་ལ་མ་འགྲོ་མི་དགེའི་ལམ་ལ་མ་གནས་ཤིག །རྒྱགས་པར་མ་འགྲོ་དགའ་མིན་མི་བཟོད་མ་ཉན་ཅིག །སྙན་གྲགས་མི་བཟད་བརྫུན་ལ་བློ་གྲོས་མ་འཛིན་ཅིག །བསྟན་བཅོས་མཐོང་ལས་ལྷག་པར་གཏོར་མ་མ་འཕྲོག་ཅིག །བློ་ནི་མཉམ་
པར་ཞོག་ཅིང་ཆོས་ནི་གྱིས་མཛོད་ཅིག །དམ་པ་རྣམས་དང་སྦྲེལ་མཛོད་རི་མོ་ཁོད་མཛོད་ཅིག །ཇི་ལྟར་ཕུལ་བྱུང་འདི་ནི་ཐོབ་ནས་སླར་ཡང་ནི། །རྒྱ་ཆེར་མངོན་པར་འགྲོ་བ་དེ་ལྟར་གྱིས་མཛོད་ཅིག །བརྩོན་འགྲུས་བརྩམས་ནས་དང་ནི་བསྟན་པ་ཡོངས་བཟུང་ནས། །རིགས་པ་རྣམས་ནི་བསྐྱེད་
ནས་སྐྱོན་རྣམས་ཟིལ་མནན་ནས། །འཆི་བ་ཡང་དག་དྲན་ནས་འཕགས་པའི་བྱ་བ་གྱིས། །ཆེ་བའི་བདག་ཉིད་ཐོབ་ནས་ཞི་ལམ་ཐོབ་པར་གྱིས། །གང་གི་འབྲས་བུ་འདི་ནི་ཞི་བ་སྐྱོང་བ་ནི། །ལས་དེ་ཉིད་ནི་སླར་ཡང་བྱེད་པར་འོས་པ་སྟེ། །ཡིད་གཞུངས་ལྡན་པ་འདི་དང་བྱེད་པ་བྱས་པ་ཉིད། །འབྲས་བུ་
เล่ม ๑๗๒ · หน้า 72b
གང་ཞིག་མཐོང་བས་ས་བོན་བསྐྲུན་པར་བྱེད། །འདི་ན་མཆོག་གྱུར་གང་ཞིག་སྡིག་པ་བྱེད་པ་སྟེ། །སྣང་བ་དེ་ནི་མུན་པར་གནས་པ་བདག་གི་ལུགས། །ཆོས་ནི་གཙོ་བོ་སྐྱེས་བུ་གཙོ་བོ་མ་ཡིན་པ། །མུན་པ་སྣང་བ་ལ་ནི་གནས་པ་བདག་གི་ལུགས། །ཁྱད་འཕགས་གང་ཞིག་ཆོས་ཀྱི་ཆོ་གར་འཇུག་པ་སྟེ། །
དཀར་པོ་དཀར་པོར་མཆོག་ཏུ་འགྲོ་བ་བདག་གི་ལུགས། །དམན་པ་གང་ཞིག་སྡིག་པའི་ལས་ནི་བྱེད་པ་སྟེ། །དེ་ཡང་མུན་པ་མུན་པའི་མཐའ་རུ་འགྲོ་བ་ལུགས། །དེ་ཕྱིར་ཕུང་པོ་བཞི་པོ་དེ་རྣམས་ཤེས་བྱས་ནས། །རྒྱལ་པོ་འབད་པ་གྱིས་ཤིག་དེ་ལྟར་ཇི་ལྟར་འདིར། །བདེ་ནས་བདེ་བར་གལ་ཏེ་འགྲོ་བར་
འདོད་ན་ནི། །ཕྱོགས་ནི་གསུམ་པ་བསྙེན་ཞིང་སྔ་མ་མ་ཡིན་ནོ། །གཞན་གྱིས་གཞན་ལ་དགེ་བ་བྱེད་པ་མ་ཡིན་ཞིང་། །ཅི་སྟེ་བྱེད་ན་དེ་ལ་རྗེས་སུ་འགྲོ་མ་ཡིན། །བྱིས་པའི་ཉམས་པ་ཡོད་མིན་རང་ལ་འཐོབ་པ་སྟེ། །མ་བྱས་པ་ཡི་འོང་བ་འགྲུབ་པ་ཡོད་མ་ཡིན། །མ་བྱས་པ་ཡང་བརྒྱ་
ལ་བྱེད་པ་མ་ཡིན་ཞིང་། །མ་བྱས་པ་ནི་གཞན་དུ་དགེ་ལེགས་འགྱུར་མ་ཡིན། །དེར་ནི་འགྲོ་བ་ལ་ཡང་ནོར་ནི་ཡོད་མིན་ཏེ། །དེ་ཕྱིར་དགེ་བའི་ལས་ཀྱི་ཆོ་གར་འབད་པ་བགྱིས། །གང་ཞིག་སྡིག་པ་ལྷག་པར་སྤྱོད་པ་ལེགས་མིན་ཞིང་། །གསོན་པའི་འཇིག་རྟེན་ན་དེའི་བདག་ལ་དགའ་མ་ཡིན། །བདག་
གི་ཆེད་དུ་བདག་གིས་སྡིག་པ་བྱས་ནས་ནི། །གཞན་དུ་འབྲས་བུ་བདག་ཉིད་ཁོ་ནས་ལོངས་སྤྱོད་དོ། །རྒྱལ་པོ་ཆེན་པོ་རི་བོ་ཆེན་པོ་བཞི་རྣམས་ནི། །འོངས་པ་རྣམས་སུ་འགྲོ་བ་ཀུན་ནས་སྲུབ་པ་སྟེ། །ཆོས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་བསྟེན་ལས་ནི། །ཇི་ལྟར་འཐད་པས་གཞན་ན་བྱ་བ་ཅི་ཞིག་
ཡོད། །རྒ་དང་རྒུད་པ་ནད་དང་དེ་ནས་འཆི་བ་སྟེ། །བཞི་པོ་འདི་རྣམས་དེ་བཞིན་དུ་ནི་འོངས་པ་སྟེ། །རི་བོ་རྣམས་ཀྱིས་ཀུན་ནས་བསྐོར་བ་བཞིན་དུ་ནི། །འཇིག་རྟེན་མཐའ་དག་དབང་མེད་འཁོལ་བར་བྱེད་པའོ། །དེ་ནས་འོངས་པ་རྣམས་སུ་དབང་མེད་སྡུག་བསྔལ་ཏེ། །རྟེན་ནི་ཡོད་མིན་མངོན་དུ་
འཐབ་མིན་སྲུང་བ་མེད། །དེར་ནི་བྱེད་པའི་ཆེད་དུ་ནོར་མེད་ཆད་པ་མེད། །ཆོས་ལས་མ་གཏོགས་སྨན་གཞན་ཡོད་མིན་ན། །དེ་ལྟར་མི་རྟག་གྱུར་ན་གསོན་པའི་འཇིག་རྟེན་ན། །གློག་ནི་གཡོ་བའི་ཡུལ་ལ་རབ་ཏུ་ཞུགས་པ་ན། །འཆི་བའི་ལག་པའི་རྩེ་ལ་ཡོངས་སུ་གནས་པ་སྟེ། །ཆོས་མ་ཡིན་པས་
เล่ม ๑๗๒ · หน้า 73a
འབྲས་བུ་ལོངས་སྤྱོད་པར་འོས་མིན། །དབང་ཆེན་དང་མཚུངས་མི་དབང་དེ་དང་དེ་རྣམས་ནི། །གཡུལ་དུ་ལྷ་ཡི་མངོན་པར་འཐབ་ལ་ཕྱིན་ནས་ཀྱང་། །རབ་ཏུ་རྒྱས་པ་རྣམས་དང་ངེས་པར་ཟུམ་པ་རྣམས། །དུས་ཀྱི་དུས་སུ་བདེ་དང་སྡུག་བསྔལ་སྐལ་བའོ། །འབྱུང་པོ་འཛིན་
པའི་ས་ཡང་ཟད་པར་འགྲོ་བ་སྟེ། །འཇིག་པའི་མེས་ནི་ལྷུན་པོ་དེ་བཞིན་སྲེག་པར་བྱེད། །རྒྱ་མཚོ་ཆེན་པོ་ཡོངས་སུ་བསྐམས་པར་འགྲོ་བ་སྟེ། །དབུ་བ་དང་མཚུངས་མི་ཡི་འཇིག་རྟེན་ཀྱེ་མ་ཅི། །ཤུགས་བྱས་ནས་ཀྱང་རླུང་ནི་ཞི་བར་འགྲོ་བ་སྟེ། །འཇིག་རྟེན་གདུངས་ནས་ཀྱང་ནི་ཉི་མ་
ནུབ་པར་འགྲོ། །བསྲེགས་ནས་ཀྱང་ནི་མེ་ཉིད་འདའ་བར་ཉེར་འགྲོ་སྟེ། །གང་དེ་དེ་ལྟར་གནས་པར་འགྱུར་བ་ཡིན་སྙམ་མམ། །ལུས་པོ་འདི་ནི་ཡུན་རིངས་དུས་སུ་བསྲུངས་ཀྱང་ངམ། །སྣ་ཚོགས་ལོངས་སྤྱོད་རྣམས་ཀྱིས་ཉེ་བར་བསྐྱངས་ཀྱང་ནི། །དེ་ཡིས་འདིར་ནི་ཉིན་ཞག་འགའ་ཞིག་བཞུགས་
ནས་སུ། །སྐྱེ་བོ་ཆེན་པོའི་རྗེས་སུ་བརྩེ་བ་མཛད་ནས་ནི། །བདེ་བར་འཕམ་བྱེད་ཀྱིས་ནི་ཕྱག་གིས་མངོན་བསྲུངས་པའི། །གྲོང་ཁྱེར་ལ་ནི་ཆེན་པོའི་ཚོགས་ཀྱིས་རབ་ཏུ་དཔགས། །མེ་ཏོག་རབ་རྒྱས་མྱ་ངན་མེད་པས་གསལ་བྱས་ཤིང་། །ཡན་ལག་དམར་པོར་གྱུར་ཅིང་ཁུ་བྱུག་སྐད་སྒྲོགས་
པ། །ཏི་སེའི་གངས་ལྟར་མཐོ་བའི་ལྡིང་ཁང་ཕྲེང་བ་ཅན། །དཔལ་ལྡན་རྒྱལ་བྱེད་ཚལ་ནི་དེ་ནས་རབ་ཏུ་ཐོབ། །དེས་ནི་གཙང་མའི་ཆུས་གང་ཕྲེང་བ་དཀར་པོ་ཅན། །གསེར་གྱི་བུམ་པ་དང་བཅས་བུམ་པ་བླངས་ནས་ནི། །དེ་ནས་དུས་སུ་རྒྱལ་བྱེད་ཚལ་ནི་བཟང་སྦྱིན་གྱིས། །དེ་བཞིན་གཤེགས་པ་ལ་
ནི་རབ་ཏུ་ཕུལ་བར་གྱུར། །དེ་ནས་ཤཱཀྱ་ཐུབ་པ་ལྟ་འདོད་རྒྱལ་པོ་ནི། །སྡེ་རབ་འཕམ་བྱེད་རྒྱལ་བྱེད་ཚལ་དུ་སོང་བ་སྟེ། །སོང་ནས་དེ་ནས་བཀུར་སྟི་བྱས་ཏེ་ཐུབ་པ་ལ། །རབ་ཏུ་བཏུད་ཅིང་གདན་བྱས་ཚིག་འདི་གསོལ་བའོ། །ཐུབ་པ་གྲོང་ཁྱེར་འདིར་ནི་ཁྱེད་ཀྱི་གནས་བཞེད་པ། །ངེས་པར་རང་ནི་ཀོ་
ས་ལ་རྣམས་ཀྱི་དགེ་བའོ། །དེ་ཉིད་གཟིགས་པ་འདི་འདྲ་བརྟེན་པ་མེད་པ་ནི། །ཉེ་བར་འཚེ་བྱས་ཡུལ་ནི་སྐལ་བ་མེད་པའམ། །ཁྱེད་མཐོང་བ་འམ་ཡང་ན་མངོན་པར་ཕྱག་འཚལ་བ། །ཡང་དག་ཐོབ་པོ་བདག་ཅག་རྣམས་ཀྱི་རྗེས་བཟུང་ཕྱིར། །དམ་པ་རྣམས་ཀྱི་འདུས་པ་ཐོབ་ནས་འཇིག་རྟེན་ན། །ཚིམ་
เล่ม ๑๗๒ · หน้า 73b
པ་མེད་ཀྱང་ཇི་ལྟར་ཚིམ་པ་ཉིད་ཡིན་ནོ། །གང་གིས་རྟེན་ཅན་རླུང་ནི་རབ་ཏུ་གཡོས་པ་སྟེ། །དེ་ཡི་བདག་ཉིད་ལས་ནི་ཉེ་བ་ལས་འགྲོ་སྟེ། །མཁའ་འགྲོའི་བྱ་རྣམས་ལྷུན་པོའི་འདུས་པ་ཉེར་ཐོབ་ནས། །རང་བཞིན་རྣམ་པར་སྤངས་ནས་གསེར་དུ་འགྱུར་བའོ། །དེ་ཕྱིར་འདི་དང་ཆེ་གེ་མོར་ནི་མགོན་གྱུར་
ཞིང་། །སྐྱེ་བོ་ལེགས་པའི་རྟེན་ལས་གཞན་མིན་བདག་གི་ནགས། །ག་དྷའི་སྲས་པོ་ཐུབ་པ་ཆེན་པོ་རབ་ཐོབ་ནས། །ཕུར་བུ་གསུམ་པའི་ཁྱིམ་ལྟར་ལྟ་ན་མཛེས་པར་གྱུར། །འཇིག་རྟེན་དག་ན་རྙེད་པ་རབ་རྙེད་སྣ་ཚོགས་པ། །ཚད་དང་ལྡན་པ་དག་ནི་མཛད་པ་ཅན་ཡིན་ལ། །ཁྱོད་ཀྱི་ཉེ་བ་ལས་ནི་དོན་གང་
ཡིན་པ་རྣམས། །དེ་དག་རྣམས་ཀྱི་གྲངས་མེད་ཉམས་པ་ཡོད་མ་ཡིན། །ལེགས་པ་ཁྱོད་ཀྱི་ངེས་པའི་ལྟ་བའི་ལྟ་བ་ལས། །འདི་ལས་གཞན་དུ་རྙེད་པ་ཤེས་པ་མ་ཡིན་ཞིང་། །ཁྱབ་བདག་བདག་ནི་གནོད་པ་རྙེད་བླ་སྡུག་བསྔལ་བ། །ཆགས་པ་དང་ལྡན་རྒྱལ་པོའི་ཆོས་ལ་སྤྱོད་པར་འགྱུར། །དེ་ལྟར་དབང་
པོ་དང་མཚུངས་རྒྱལ་པོ་དེ་ཡིས་ནི། །རྣམ་པ་དེ་ལྟར་མངོན་དུ་གྱུར་ཏེ་གསན་ནས་ནི། །དོན་དང་འདོད་པ་དག་གི་ཆགས་པ་མཁྱེན་ནས་སུ། །དེ་ཡི་བསམ་པ་ཡང་དག་བསྐུལ་བ་ཐུབ་པས་གསུངས། །མི་དབང་ཁྱོད་ཀྱི་ཚིག་འདི་ངོ་མཚར་ཆེ་མ་ཡིན། །ཁྱོད་ཀྱི་སྤྱོད་པ་འདི་ནི་ལེགས་པ་རྣམས་ལ་མིན། །འོག་
ནས་འཕོས་པ་འགྲོ་བར་འདོད་པ་རྣམས་ཀྱིས་ནི། །ཕན་པ་འདོད་པའི་དམ་པའི་སྐྱེས་བུ་རྣམས་ལ་སྡང་། །གང་ཕྱིར་ས་སྐྱོང་ཁྱེད་ཀྱི་དགོངས་པ་དེ་ཉིད་ནི། །དེས་ན་ཁྱོད་ལ་འདིར་ནི་ཅུང་ཟད་སྨྲ་འདོད་དེ། །དེ་ནི་ཤེས་པར་གྱིས་ཤིག་བདག་གི་ལྟ་བ་ནི། །འབྲས་བཅས་ཇི་ལྟར་གྱུར་པ་ཁྱེད་ཀྱི་དེ་ལྟར་གྱིས། །མི་སྐྱོང་
རྒྱལ་བོའི་དུས་ཀྱིས་བཅིངས་ནས་བཀུག་པ་ན། །མཛའ་བཤེས་མ་ཡིན་གཉེན་མིན་ཕུན་ཚོགས་རྗེས་འགྲོ་མིན། །ཐམས་ཅད་ཀྱིས་ནི་དམན་ཞིང་དབང་མེད་འགྲོ་བ་ནི། །གྲིབ་མ་བཞིན་དུ་ལས་གཅིག་རྗེས་སུ་འགྲོ་བ་ཉིད། །དེ་ཕྱིར་མཐོ་རིས་དང་ནི་གྲགས་པ་དམ་པ་ནི། །མངོན་པར་འདོད་བཞིན་ཆོས་ཀྱི་རྒྱལ་
སྲིད་རྗེས་སུ་སྐྱོངས། །རྨོངས་པ་ལས་ནི་ཆོས་ལ་འཁྲུལ་པའི་རྒྱལ་པོ་ཡི། །རྒྱལ་སྲིད་དེ་ཉིད་མཐོ་རིས་ན་ཡང་མ་ཡིན་ནོ། །འདིར་ནི་རྒྱལ་སྲིད་ཡང་དག་ཡོངས་སུ་བསྐྱངས་ནས་ནི། །ཆོས་ལས་རིང་མིན་རྟ་རིད་མཐོ་རིས་རབ་འཐོབ་ནས། །འདིར་ནི་རྨོངས་ལས་མི་ཡི་བདག་པོ་ནི་ཀུམྦྷ། །ཆོས་ལས་
เล่ม ๑๗๒ · หน้า 74a
འཕོས་ཤིང་ཀ་ཤི་རྣམས་སུ་ས་ལ་ཞུགས། །འཕགས་པ་ཡི་དང་སྡིག་པ་ཡི་ནི་ལས་ཀྱི་ནི། །ཁྱོད་ལ་དཔེར་བསྟན་ཞི་བ་བདག་གིས་དེ་སྨྲས་ཏེ། །རང་གི་སྐྱེ་དགུ་རྣམས་ནི་རྟག་ཏུ་ལེགས་བསྲུངས་ཤིང་། །དཔྱད་ནས་དེ་ཕྱིར་བརྟན་པ་དགེ་ལ་འབད་པ་གྱིས། །ཇི་ལྟར་སྲོག་ཆགས་
རྣམས་ནི་གཙེ་བར་མ་བྱེད་ཅིག །རྟག་པར་དབང་པོ་རྣམས་ནི་རོལ་པར་མ་བྱེད་ཅིག །འཕགས་མིན་གྱིས་བསྙེན་ཁྲོ་བ་འཛིན་པར་མ་བྱེད་ཅིག །ཕྱོགས་མིན་བྱ་བར་སེམས་ནི་གཡོ་བར་མ་བྱེད་ཅིག །ང་རྒྱལ་དང་ནི་རྒྱགས་པ་ཁུར་ནས་དུས་སུ་ནི། །རབ་ཏུ་འཐོར་ཞིང་ཤིན་ཏུ་གྱུར་པ་གཉིད་ལོག་གྱུར། །
རྣམ་པ་དེ་ལྟར་འཇིག་རྟེན་འགྲོ་བ་ཤེས་ནས་སུ། །དེ་ལ་མ་ཉལ་དགེ་བ་ལ་ནི་གཉིད་མ་ལོག །འཁོར་བའི་ཕྱོགས་ནི་གཡོ་བར་འཛེགས་ནས་སུ། །ངེས་པར་ལྟུང་ན་ས་གཞི་བག་མེད་འགྱུར་བའོ། །གང་ཞིག་བདེ་བ་འབྲེལ་མིན་དེ་ནི་བསྙེན་བྱ་མིན། །གང་གིས་འབྲས་བུ་ལེགས་མིན་གང་དེ་བྱ་
བ་མིན། །གང་ཞིག་དགེ་ལ་སྦྱོར་མིན་དེ་ནི་བཤེས་མ་ཡིན། །སྡུག་བསྔལ་རྣམ་པར་འཇོམས་མིན་གང་དེ་ཡེ་ཤེས་མིན། །གལ་ཏེ་ཡེ་ཤེས་མིན་ན་ཡང་སྲིད་མ་ཡིན་ཞིང་། །སྲིད་པར་གྱུར་ན་ལུས་མེད་ཉིད་ལ་ཡིན་པ་སྟེ། །ལུས་སུ་གྱུར་ན་ཡུལ་ལས་ཐར་པ་མ་ཡིན་ཞིང་། །ཉི་ཚེ་མ་ཡིན་འདོད་
པའི་སྲིད་པ་དོན་མེད་དོ། །གང་ཕྱིར་ལྷ་ན་གནས་རྣམས་དུས་ཀྱི་དབང་གིས་ནི། །གཟུགས་མེད་རྣམས་ཀྱང་མཛད་པ་ཅན་ཕྱིར་མི་རྟག་སྟེ། །དེ་བཞིན་འཇུག་པ་མིན་ལ་བློ་གྲོས་ཞུགས་བྱ་ཞིང་། །གལ་ཏེ་འཇུག་པ་མེད་ན་སྡུག་བསྔལ་ཡོད་མ་ཡིན། །གང་ཕྱིར་ལུས་ནི་འགྲོ་དང་གནས་པ་ལ་སོགས་པའི། །
སྣ་ཚོགས་རྟེན་གྱི་སྡུག་བསྔལ་དག་གི་རྩ་བ་སྟེ། །དེ་ཕྱིར་ལུས་མེད་དུ་ནི་ཡེ་ཤེས་ནུས་པ་གང་། །དེ་ཡོད་ལུས་ཀྱི་བུ་ལོན་ཡོད་པ་མ་ཡིན་ནོ། །གང་ལས་འགྲོ་བས་འདོད་པའི་ཆེད་དུ་བསྐྱེད་པ་ཡིས། །སྡུག་བསྔལ་ཆེན་པོ་དུ་མ་རྣམས་ལ་ཉེར་འགྲོ་སྟེ། །འདི་ལས་འདོད་པའི་སྲིད་ལས་རྣམ་པར་
དབེན་ནུས་ཤིང་། །སྡུག་བསྔལ་རྣམས་ལས་ཆགས་མེད་ཉམ་ཐག་ཡོད་མ་ཡིན། །དེ་ཕྱིར་གཟུགས་དང་བྲལ་བའི་ལྷ་རྣམས་ན་ཡང་ངམ། །འདོད་པ་རྣམས་དང་ལྡན་པའི་གཟུགས་ལྡན་རྣམས་ན་ཡང་། །སྐོར་བ་ཉིད་ཕྱིར་འཇུག་པ་ཞི་བ་མ་ཡིན་ན། །འདོད་པ་སྤྱོད་པ་དྲུག་པོ་རྣམས་སུ་སྔོན་ཉིད་དོ། །
เล่ม ๑๗๒ · หน้า 74b
རྣམ་པ་དེ་ལྟར་མི་རྟག་སྡུག་བསྔལ་དེ་མེད་ཅིང་། །རྟག་པར་འབར་བའི་འཇིག་རྟེན་གསུམ་པོ་ཉིད་མཐོང་ནས། །བྱ་ཚང་ཤིང་ལ་སྒོང་སྐྱེས་རྣམས་ཀྱིས་གདུང་བ་ལྟར། །གང་དུ་འཇུག་ལ་སྨོན་ལམ་རིགས་པ་མ་ཡིན་ནོ། །མཆོག་དེ་རིག་པར་བྱ་ཞིང་གཞན་ནི་རིག་བྱ་མིན། །མཆོག་
དེ་བློ་གྲོས་ཡིན་ཞིང་གཞན་ནི་བློ་གྲོས་མིན། །མཆོག་དེ་བྱ་བ་ཡིན་ཞིང་གཞན་ནི་གྲུབ་པ་མིན། །ཆོས་འདི་ཁྱིམ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཏེ། །ཡོད་པ་མིན་ཞེས་དེ་ལྟར་ངེས་པར་རིག་བྱ་མིན། །ནགས་སམ་ཁྱིམ་ན་གནས་པ་དག་གི་ཞི་བ་ནི། །གང་གིས་སྒྲུབ་པ་ཡོད་པ་དེ་ཡིས་
ཡོད་པའོ། །ཚད་པས་མངོན་པར་གདུངས་པ་ཆུ་ལ་རྣམ་ཞུགས་ཏེ། །སྤྱི་ལས་ཐམས་ཅད་ཚིམ་པ་ཉེ་བར་འགྲོ་བ་ཉིད། །སྒྲོན་མ་དང་ལྡན་མུན་པ་རུ་ནི་མཐོང་བ་སྟེ། །རྣལ་འབྱོར་ཚད་མའོ་ན་ཚོད་མ་ཡིན་རིགས་མ་ཡིན། །ཁ་ཅིག་ནགས་ན་གནས་ཀྱང་ན་ཚོད་ལ་མི་སྦྱོར། །བརྟུལ་ཞུགས་ཟད་
ཅིང་ངན་འགྲོ་ལ་ནི་བསྙེན་པ་ཉིད། །ཁ་ཅིག་ཁྱིམ་ན་གནས་ཀྱང་རྣམ་དག་ལས་ཅན་ནི། །བག་དང་ལྡན་པ་ངེས་ལེགས་ལ་ནི་བསྙེན་པའོ། །མུན་པའི་རྒྱ་མཚོ་ལ་ནི་ལྟ་ངན་དབའ་རླབས་ཅན། །སྲེད་པའི་ཆུ་ལ་སྲོག་ཆགས་རྣམ་པར་འཕྱོ་རྣམས་སུ། །ཤེས་རབ་གྲུ་བོ་དྲན་དང་བརྩོན་འགྲུས་སྐྱེ་བ་
ནི། །གང་གིས་ཡོད་པ་དེ་ནི་དེ་ལ་སྒྲོལ་བ་ཡོད། །དེ་ལྟར་ཡུལ་ལ་མཆོག་ཏུ་སོང་བའི་རྒྱལ་པོ་དེ་ཡིས་ནི། །ཐམས་ཅད་མཁྱེན་ལས་ཆོས་ཀྱི་དེ་ཉིད་འདི་ནི་ཉེར་ཐོབ་ནས། །རྒྱལ་སྲིད་ངན་པ་མི་རྟག་གཡོ་ཞེས་ཉེར་སྐྱེས་བློ་ཅན་ནི། །མྱོས་པ་དང་བྲལ་གཉིས་འཐུང་བཞིན་དུ་མཉན་ཡོད་ཉིད་དུ་ཞུགས། །
ས་དབང་བཏུད་པ་དེ་ནི་ཤེས་ནས་མུ་སྟེགས་ཅན་གཞན་རྣམས། །དེར་ནི་སྟོབས་བཅུ་པ་ལ་རྫུ་འཕྲུལ་གྱིས་ནི་འགྲན་བཙུགས་གྱུར། །ས་སྐྱོང་ལས་ནི་རྣམ་པར་གསོལ་ནས་དེ་ནས་བདག་འཕམ་པའི། །དྲང་སྲོང་གིས་ནི་རྫུ་འཕྲུལ་ཆེད་དུ་སྡུག་པས་གནས་པ་བྱས། །དེ་ནས་གསལ་ཞིང་འོད་ཟེར་འཕྲོ་
བ་དང་བཅས་དཀྱིལ་འཁོར་ཅན། །སྐར་མ་རྣམས་ནི་འབར་བར་གྱུར་པའི་ཉི་མ་ཤར་བ་བཞིན། །ཡང་དག་དགའ་ཞིང་རྣམ་པ་སྣ་ཚོགས་བློ་ཅན་སྟོན་པ་རྣམས། །དེར་ནི་ཐུབ་པས་རྫུ་འཕྲུལ་རྣམ་པ་མང་པོས་ཕམ་པར་མཛད། །དེ་ནས་མཉན་ཡོད་ཀྱི་ནི་དེ་ལས་སྐྱེས་པའི་གྲགས་པ་དང་། །བཀུར་
เล่ม ๑๗๒ · หน้า 75a
སྟི་ངེས་པ་མཆོག་གི་དཔལ་གྱིས་ཡོངས་སུ་སྤངས་པར་གྱུར། །དེ་ཉིད་ཀྱིས་ནི་སྲིད་པ་གསུམ་ལས་གྱེན་དུ་འཛེགས་པ་སྟེ། །དེའི་ཕྱིར་ཆོས་དག་གསུང་བར་བཞེད་ཅིང་ཡུལ་ལ་ཕན་ཕྱིར་རོ། །དེ་ནས་ཐུབ་པ་མཐོ་རིས་གནས་པའི་ཡུལ་ནི་ཡེ་ཤེས་ཀྱིས། །རྣམ་པར་བཏུལ་ནས་
མཐོ་རིས་གཤེགས་པ་ལོ་ནི་རྣམ་ཕུལ་དེས། །མཁའ་ལ་ལྷ་ཡི་རྒྱལ་པོའི་བསོད་སྙོམས་ཆོ་ག་བཞིན་བཞེས་ནས། །ལྷ་ཡི་འཇིག་རྟེན་དག་ནས་སཱམ་ཀ་པར་ནི་ཡང་དག་བབས། །དེ་ལ་གཞལ་མེད་གནམ་སའི་ལོགས་ལ་བབས་པ་ཡི། །ཞི་བ་ཐོབ་ཅིང་ལྟོས་པ་དང་བཅས་ལྷ་རྣམས་རྗེས་སུ་འོངས། །སར་གནས་ནམ་
མཁའི་ལོགས་ལ་གྱེན་དུ་གདོང་ཕྱོགས་རྒྱལ་པོ་ནི། །དེ་དང་དེ་རྣམས་མགོ་བོ་རྣམས་ཀྱིས་བཏུད་ཅིང་རབ་ཏུ་བཟུང་། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། རྒྱལ་བྱེད་ཀྱི་ཚལ་རབ་ཏུ་བཞེས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ཐར་འདོད་ལྷ་ན་གནས་རྣམས་དང་། །སྐྱེད་མ་
མཐོ་རིས་སུ་བཏུལ་ནས། །ཐུབ་པས་གདུལ་བྱ་རྣམས་འདུལ་ཞིང་། །དེ་ནས་དེ་ནི་འཇིག་རྟེན་རྒྱུས། །རི་ལྔའི་དབུས་ཀྱི་གྲོང་ཁྱེར་དུ། །འོད་ལྡན་འཚོ་བྱེད་དབང་པོ་དང་། །གྲོ་བཞིན་སྐྱེས་དང་ཡན་ལག་སྦྱིན། །རྣམ་པར་འདྲེན་པས་དེ་ནས་བཏུལ། །རྒྱལ་པོའི་བུ་ནི་འཇིགས་མེད་དང་། །དཔལ་
སྦས་དང་ནི་ཉེ་བ་འཁོར། །ནྱ་གྲོ་དྷ་སོགས་མཐར་ལྡན་རྣམས། །སྔ་མའི་ལྟ་བ་ལས་ཟློག་གོ། །ཆོས་ཀྱི་ཐོས་པ་ཉིད་ལས་ནི། །མི་སྐྱོང་དཔལ་ནི་ཡངས་པ་ཅན། །སྤོས་འཛིན་གྱི་ནི་དབང་ཕྱུག་འདིར། །པདྨ་ཞེས་བྱ་རྣམ་པར་བཏུལ། །དེ་ནས་གནོད་སྦྱིན་གངས་ལྡན་དང་། །རྩེ་མོ་བརྒྱ་པ་དེ་ནས་ནི། །རྣམ་
རྒྱས་ཕ་རོལ་གནོན་པ་ཡིས། །རྣམ་རྒྱས་རི་བོར་བཏུལ་བའོ། །ཡོན་ཏན་གཟིགས་པས་མི་སྐྱོང་ནི། །ལྟ་བྱེད་བཙུན་མོའི་འཁོར་བཅས་ལ། །འཚོ་བྱེད་ཨ་མྲའི་ནགས་ཚལ་དུ། །མཚན་མོ་དད་པས་སྦྱར་བར་མཛད། །དེ་ནས་ཕ་རོལ་འགྲོ་བ་ཅན། །བྲམ་ཟེ་ཞི་བར་འགྲོ་རྣམས་དེས། །རྡོ་བའི་
རི་བོར་ཕྲ་མོ་ཡི། །ཚིགས་བཅད་དོན་རྣམས་ཀློག་ཏུ་བཅུག །དེ་ནས་དམ་པ་དྲན་མཛད་པས། །དངོས་སུ་ནོར་སྦྱིན་མཐོང་བ་མོ། །དགའ་བའི་སྐྱེད་མ་ལེགས་ལྡན་མ། །འོད་མའི་ཚེར་མ་ཅན་དུ་བཏུལ། །དེ་ནས་བརྟན་ལྡན་གྲོང་ཁྱེར་དུ། །བརྩེགས་སྦྱིན་གཉིས་སྐྱེས་དམ་པ་ནི། །མཆོད་
เล่ม ๑๗๒ · หน้า 75b
སྦྱིན་རྣམ་པ་སྣ་ཚོགས་ཀྱིས། །མཆོད་འདོད་ཐར་པའི་ཆོས་ལ་བཙུད། །དེ་ནས་ལུས་འཕགས་རི་བོ་རུ། །བཙུད་ཕྱེད་རྩེ་མོ་ཉིད་དང་ནི། །ལྷ་མིན་སྐྱེས་མ་དང་ལྷ་རྣམས། །ངེས་པར་འཛིན་དུ་བཙུད་པར་གྱུར། །དེ་ནས་ཨངྒའི་གྲོང་ཁྱེར་དུ། །གནོད་སྦྱིན་གང་བ་བཟང་པོ་དང་། །མཆོག་དང་དབྱུག་པ་
དཀར་དམར་དང་། །གཏུམ་པོ་ལྟོ་འཕྱོ་ཆེ་རྣམས་བཏུལ། །ཨ་པ་ཎ་ཡི་གྲོང་ཁྱེར་དུ། །བྲམ་ཟེ་ཀེ་བྱ་ཤེ་ལ་དག །དཀའ་ཐུབ་ཐོབ་པ་ཐར་པར་སྦྱར། །འཚོ་བྱེད་སོར་མོའི་ཕྲེང་བ་ཅན། །བྲན་བཟངས་དང་མཚུངས་གཉིས་སྐྱེས་ནི། །བཅོམ་ལྡན་རྫུ་འཕྲུལ་ཕུན་ཚོགས་ཀྱིས། །ཕྲ་མོ་རྣམས་སུ་
བཏུལ་བ་མཛད། །གང་བ་བཟང་པོ་དང་མཚུངས་རྫས། །ལུག་ཅེས་བྱ་བ་བཟང་པོས་འཚོ། །ནོར་སྦྱིན་བཟང་དང་བཟང་པོའི་བུ། །བཟང་པོར་ཡང་དག་རྟོགས་པར་མཛད། །དེ་ནས་ཚངས་པའི་ཚེ་ལྡན་མིང་། །རྣམ་རྒྱས་ཚངས་པའི་ཚེ་ལྡན་པ། །གང་གི་སྨྲ་བ་སྨྲ་མཆོག་གིས། །ལུས་འཕགས་པོ་
ཡི་གྲོང་དུ་ཕམ། །ཡངས་པ་ཅན་གྱི་རྫིང་བུ་རུ། །སྲིན་བུ་ཤ་ཟ་དང་སེང་གེ །ལ་སོགས་ལིཙྪ་བཱི་རྣམས་དང་། །མཆོག་དང་བདེན་བྱེད་ཉིད་བཏུལ་ཏོ། །དེ་ནས་ལས་བཟང་པོས་གནོད་སྦྱིན། །བཟང་པོ་བཟང་པོའི་སེམས་ལྡན་པ། །རྒྱན་བྱེད་དང་མཚུངས་གྲོང་ཁྱེར་དུ། །ཆོས་ཀྱི་ལམ་ལ་བཙུད་
པའོ། །དེ་ནས་བློ་དང་ལྡན་པ་ཡིས། །ཤིན་ཏུ་མི་བཟད་འབྲོག་ཏུ་ནི། །གནོད་སྦྱིན་འབྲོག་གནས་ཞེས་བྱ་དང་། །གཞོན་ནུ་ལེགས་འོངས་ལ་སྟོན་ཏོ། །དེ་ནས་གནོད་སྦྱིན་སྡིག་མེད་ལ། །གནོད་སྦྱིན་བདག་པོས་ཕྱག་བྱས་པས། །བདེ་དགའི་གྲོང་དུ་ཐར་པ་ནི། །ཐར་པ་གཟིགས་པས་གདམས་པ་
མཛད། །ཐུབ་པ་གྲགས་པ་ཡངས་རྣམས་དང་། །གནོད་སྦྱིན་དྲག་པོའི་ལས་ཅན་དང་། །ཁ་སྤུ་ལྡན་པ་གཉིས་ལ་ནི། །ག་ཡར་དྲང་སྲོང་གིས་བསྟན་ཏོ། །དེ་ནས་དྲང་སྲོང་དཀར་མིན་གྱི། །ཚ་བོ་ཀཱ་ཏྱཱ་ཡ་ན་ནི། །བཱ་རཱ་ཎ་སཱིའི་གྲོང་དུ་སྔོན། །གཉིས་སྐྱེས་སྟོབས་བཅུ་ལྡན་པས་བཏུལ། །མཚོ་འོབས་
བདེ་བར་ཕ་རོལ་འགྲོའི། །གྲོང་ལ་རྫུ་འཕྲུལ་གྱིས་གཤེགས་ནས། །དུས་སུ་ཚངས་པ་རྣ་བསྟོད་ལ། །དེ་ནས་དེས་ནི་རྗེས་སུ་བསྟན། །རྗེས་སུ་བསྟན་དེ་རབ་དང་བས། །དྲང་སྲོང་མཆོག་གི་གཙུག་ལག་ཁང་། །རྟག་པར་དྲི་ལྡན་ཁ་ལ་རེག །ཙནྡན་རང་བཞིན་བྱེད་དུ་བཅུག །དེ་ནས་གང་དུ་
เล่ม ๑๗๒ · หน้า 76a
ཐུབ་པའི་ཞབས། །རྡོ་ལས་འཁོར་ལོའི་མཚན་མཐོང་བས། །སེར་སྐྱ་དཀའ་ཐུབ་ལྡན་པ་ནི། །འོད་ཟེར་ལྡན་པ་དེས་བཏུལ་ལོ། །དེ་ནས་གནོད་སྦྱིན་གླང་པོ་ལ། །གླང་པོ་ལྡན་པར་བསྟན་པ་སྟེ། །དེ་བཞིན་དྲག་པོ་བོང་བུ་ནི། །བཅོམ་བརླག་ཏུ་ནི་བཏུལ་བའོ། །
ཡུལ་འཁོར་སྐྱོང་དང་རྫས་མཉམ་པ། །ཡུལ་འཁོར་སྐྱོང་ཞེས་དྲན་པ་ནི། །གྲོང་རྡལ་རགས་པའི་མཛོད་ལྡན་དུ། །སྟོན་པས་དེ་ནས་རྣམ་པར་བཏུལ། །ཚངས་པ་དང་འདྲ་སྐྱེ་བོ་མཆོག །དགྲ་ཅན་དུ་ནི་བཏུལ་བ་སྟེ། །མཁས་པ་རྒྱ་ཆེན་སྐྱེས་བུ་ཅན། །ཉོན་མོངས་དུལ་བར་དེ་
བཞིན་ནོ། །འཇིགས་བཅས་ཀྱི་དང་མཚམས་བཟངས་ཀྱི། །བུའི་བུ་མོས་འཇུག་བུ་དག་དང་། །མུ་སྟེགས་གཞན་རྣམས་ཀྱི་མུན་པ། །མཉན་ཡོད་ཉིད་དུ་ཐུབ་པས་བཅོམ། །འདིར་ནི་བྲམ་ཟེ་མཆོད་སྦྱིན་ཅན། །དགེ་སོགས་རྣམས་དང་རིགས་གཙང་དང་། །ཀོ་ས་ལ་ཡི་དབང་ཕྱུག་ནི། །
སངས་རྒྱས་ཉིད་ཀྱིས་དད་པས་སྦྱར། །དེ་ནས་བྲམ་ཟེ་མཁས་པ་ནི། །བྲམ་ཟེ་སུ་ཀ་སཱ་རི་དང་། །ཤེ་ཏ་བི་ཀའི་འབྲོག་ཞི་བར། །བསྟན་པ་མཆོག་གིས་བསྟན་པའོ། །དེ་ནས་འཐབ་པའི་གྲོང་ཁྱེར་དུ། །གྲོང་ཁྱེར་གཙོ་དང་དུས་བྱེད་དང་། །འཇིགས་པའི་ལས་ཅན་ཆུ་སྲིན་ཀླུ། །རབ་
ཏུ་མ་ཞི་ཞི་བར་མཛད། །དེ་ནས་བྷར་ག་རྣམས་སུ་དེས། །གནོད་སྦྱིན་འཇིགས་བྱེད་བཏུལ་མཛད་ཅིང་། །རིགས་མེད་ཀྱི་ནི་བླ་མ་གཉིས། །རྒན་པོ་དེ་བཞིན་རྗེས་སུ་བཟུང་། །ནོར་ལྡན་གྱི་མཆོག་དབྱངས་ལྡན་དང་། །བུད་མེད་སྒུར་མཆོག་སོགས་རྣམས་དང་། །སྐྱེས་ཆེན་དེ་རྣམས་དེ་རྣམས་
ནི། །ཀཽ་ཤཱམ་བཱིར་ནི་རྗེས་སུ་བཟུང་། །དེ་ནས་སྤོས་འཛིན་ཡུལ་ཉིད་དང་། །ཀླུ་ཆེན་སོག་མ་མེད་པ་ནི། །དུལ་བའི་བདག་ཉིད་དུལ་བ་ལ། །ནང་གི་ཕ་རོལ་སོན་པར་གཤེགས། །འབར་ཞིང་འཇིགས་པའི་ལས་ཅན་ནི། །མཐར་བྱེད་བཞིན་དུ་སྲེག་འདོད་པ། །རྣམ་པར་བཏུལ་ནས་མཁས་
པ་དེས། །དུས་སུ་དེ་ནས་གདམས་ངག་བསྟན། །དེ་ལ་སོགས་པའི་འབྱུང་པོ་རྣམས། །ས་པ་རྣམས་དང་མཁའ་འགྲོ་རྣམས། །བཏུལ་ནས་ཚིགས་སུ་རྒྱ་མཚོ་བཞིན། །སངས་རྒྱས་གྲགས་པ་འཕེལ་བར་གྱུར། །ཆེ་བའི་བདག་ཉིད་དེ་མཐོང་ནས། །ལྷ་སྦྱིན་རློམ་སེམས་བྱས་པ་སྟེ། །བསམ་
เล่ม ๑๗๒ · หน้า 76b
གཏན་རྣམས་ལས་འཁྲུལ་ཐོབ་ཅིང་། །འདྲ་བ་མིན་པ་མང་པོ་བྱས། །ཉེ་བར་བཅོམ་པའི་སེམས་ལྡན་དེས། །ཐུབ་པ་དགེ་འདུན་དབེན་བྱས་ཤིང་། །འཕྱེ་ལས་འདོད་པ་མ་བྱས་ཏེ། །དེ་ལ་གནོད་པའི་ཕྱིར་བརྩམས་སོ། །དེ་ནས་བྱ་རྒོད་ཕུང་པོའི་རིར། །རྡོ་བའི་འཁྲུལ་འཁོར་བྱས་པ་སྟེ། །
ཐུབ་པའི་སྟེང་དུ་གང་འཕངས་པ། །ལྟུང་བ་མ་ཡིན་གཉིས་སུ་གྱུར། །འཇིག་རྟེན་དུས་སུ་ཆུ་འཛིན་སྔོན་པོ་སྒྲ་སྒྲོགས་པ། །ཟླ་བ་འགོག་པ་ལ་ནི་མཁའ་ལ་རླུང་བཞིན་དུ། །དེ་བཞིན་གཤེགས་པ་ལ་ནི་མངོན་དུ་གདོང་ཕྱོགས་པར། །གླང་པོའི་དབང་པོ་རྒྱལ་པོའི་ལམ་ལ་གཏད་པའོ། །ལུས་ཀྱིས་སྣུན་
པས་ཡན་ལག་མཆོག་ནི་ཉེར་བླངས་ཤིང་། །མཆེ་བས་ཕུག་པས་རྒྱུ་མའི་དྲ་བ་རབ་བཀྲམ་པའི། །ལུས་པོ་རྣམས་ཀྱིས་རྒྱལ་པོའི་ཁབ་ཀྱི་ལམ་རྣམས་ནི། །རྒྱུ་བར་དཀའ་བར་བྱེད་ལ་མངོན་པར་རབ་ཏུ་ཞུགས། །ཤ་ནི་འདོད་པས་མི་ཡི་བརླ་ལ་རྨུགས་པ་སྟེ། །མཆེ་བའི་རྩེ་མོས་རེག་ཅིང་གཡོ་
བའི་རྒྱུ་མའི་ཕྲེང་། །ཁྲག་གིས་གཤེར་བའི་མགོ་བོ་སྣ་ལྗགས་དྲག་པོ་ཡིས། །འཕེན་པའི་དོན་དུ་རྡོ་རྣམས་བཞིན་དུ་གྱེན་དུ་འཕེན། །གསུམ་དུ་རབ་དགའི་ཆང་གིས་འཐོར་མའི་དྲི་ལྡན་ཞིང་། །རུལ་བའི་ཁྲག་དང་ཞག་གི་དྲི་ཡིས་བསྒོས་རྣམས་ཀྱིས། །དེ་ཚེ་བསྐོར་ཞིང་མཐའ་མེད་ཁྲོ་
བ་དང་ལྡན་པ། །གྲོང་ཁྱེར་སྐྱེ་བོ་དེ་ལ་སྐྱོ་བས་འཇིགས་པར་བྱེད། །གཉིས་འཐུང་མྱོས་པ་དུས་ཀྱི་དབྱུག་པ་འཇིགས་འདྲ་བ། །ཁེངས་ལས་གདོང་ནི་བཅོས་ཤིང་སྒྲ་སྐད་འཐོན་པ་སྟེ། །ཁྲོས་པས་རྣམ་པར་ལོག་པའི་མིག་ཅན་དེ་མཐོང་ནས། །ཧཱ་ཧཱ་བྱེད་པ་རྒྱལ་པོའི་ཁབ་ནས་བྱུང་བར་
གྱུར། །ཁ་ཅིག་ཡིད་མི་བདེ་བས་ཕྱོགས་སུ་བྲོས་པ་སྟེ། །གཞན་ནི་མཐོ་བ་མིན་པའི་ཡུལ་རྣམས་ལ་ཐིམ་ཞིང་། །དེ་བཞིན་འཇིགས་པ་ལས་གཞན་འཇིགས་པ་མ་བཟུང་ནས། །གཞན་རྣམས་གཞན་རྣམས་དག་གི་ཁྱིམ་རྣམས་ལ་ཞུགས་སོ། །ཁ་ཅིག་རྣམ་པར་འདུག་པའི་སེང་གེའི་
སྒྲ་རྣམས་ནི། །རང་གི་སྲོག་ལ་ཐེ་ཚོམ་ཡང་དག་མ་བསམས་ཤིང་། །སངས་རྒྱས་ལ་ནི་མངོན་པར་འཚེ་བ་མ་བྱེད་ཅེས། །རབ་ཏུ་བཟུང་ནས་གཉིས་འཐུང་དེ་ལ་རྒྱབ་ནས་འབོད། །དེ་བཞིན་གཞན་རྣམས་གླང་པོ་སྐྱོང་ལ་འབོད་པ་སྟེ། །གཞན་རྣམས་འདི་ལ་ཐལ་མོ་དག་གིས་ཕྱག་འཚལ་ལོ། །དེ་ནས་
เล่ม ๑๗๒ · หน้า 77a
དེ་ལ་གཞན་རྣམས་བསྡིགས་པར་བྱེད་པ་སྟེ། །ཁ་ཅིག་ནོར་གྱིས་སྲེད་ཅིང་འདོད་པར་བྱེད་པའོ། །རླུང་འགྲོ་སྐར་ཁུང་དག་ནས་རྣམ་པར་ལྟ་བཞིན་དུ། །ལང་ཚོ་མ་རྣམས་ལག་པ་གཡོ་ཞིང་ངུ་བ་སྟེ། །འཇིགས་མ་གཞན་རྣམས་གསེར་གྱི་གདུ་བུ་དག་དང་ལྡན་པ་ཡིས། །
ཟངས་མདོག་ལག་པ་རྣམས་ཀྱིས་མིག་རྣམས་འགེབས་པའོ། །ཡོངས་སུ་རོ་མྱང་གླང་པོས་འཇོམས་པར་འདོད་པ་ན། །གྱེན་དུ་ལག་བཏེག་སྐྱེ་བོ་ངུ་བར་གྱུར་ན་ཡང་། །གཤེགས་པ་འབྱེད་པ་མེད་ཅིང་གནོད་པ་མི་མངའ་བར། །བདེ་བར་གཤེགས་པ་རང་གནས་རྣམ་འགྱུར་མེད་པར་གཤེགས། །
བྱམས་པས་འབྱུང་པོ་རྣམས་ལ་རྗེས་སུ་བརྩེ་བ་ནི། །གུས་པས་ལྷ་རྣམས་ཀྱིས་ནི་རྗེས་སུ་འགྲོ་བ་སྟེ། །དེ་ལ་དབང་པོའི་གླང་པོ་ཆེས་ཀྱང་རེག་པ་རུ། །ནུས་པ་མ་ཡིན་གང་ཕྱིར་ཐུབ་པ་བརྟན་པར་གཤེགས། །གང་ཕྱིར་སངས་རྒྱས་ལ་ནི་རྗེས་འགྲོ་དགེ་སློང་སྟེ། །དེས་ནི་རྒྱང་ནས་གླང་ཆེན་མཐོང་ནས་
བྲོས་པ་སྟེ། །སྣ་ཚོགས་བདག་ཉིད་འཇིག་རྟེན་རང་བཞིན་གྱིས་བཞིན་དུ། །ཀུན་དགའ་བོ་གཅིག་སངས་རྒྱས་ལ་ནི་རྗེས་སུ་སོང་། །དེ་ནས་གླང་ཆེན་ཁྲོས་པ་དེ་ནི་ཉེར་འོངས་ནས། །ཐུབ་པའི་མཐུ་ལས་འདུ་ཤེས་ཉེ་བར་ཐོབ་པ་སྟེ། །མིག་སྨན་རི་བོ་རྡོ་རྗེས་ཕྱེ་མར་བཅོམ་པ་བཞིན། །ལུས་པོ་
རབ་ཏུ་ཟེགས་ཤིང་སྤྱི་བོས་འགྱེལ་བར་གྱུར། །དེ་ལ་ཤིན་ཏུ་མཛེས་ཤིང་འདམ་སྐྱེས་འཇམ་པོ་ཡིས། །ལེགས་སྐྱེས་སོར་མོའི་དྲ་བའི་ཕྱག་གིས་མགོ་བོ་ལ། །ཟླ་བ་ཆུ་འཛིན་ལ་ནི་འོད་ཟེར་གྱིས་བཞིན་དུ། །གཉིས་འཐུང་དབང་པོ་ལ་ནི་ཐུབ་པས་རེག་པར་གྱུར། །ཆུ་ཡི་ཤིན་ཏུ་ཁུར་ལས་
དུས་ཀྱི་སྤྲིན་བཞིན་དུ། །ཞབས་ཀྱི་རྩ་བར་གཉིས་འཐུང་དེ་ནི་བསྡད་པ་སྟེ། །ཐུབ་པས་རྣ་བའི་ཏ་ལ་གཡོ་མེད་ལ་གཟིགས་ཤིང་། །དེ་ལ་སེམས་ཅན་མ་འོས་ཞི་བས་བསྟན་པའོ། །སྡིག་མེད་དང་བཅས་རྣམ་པར་འཇོམས་པ་སྡུག་བསྔལ་ཏེ། །སྡིག་མེད་ཉིད་ལ་གླང་ཆེན་གནོད་པ་
མ་བྱེད་ཅིག །སྲིད་པ་སྲིད་པར་སྡིག་མེད་བཅོམ་པའི་སྲོག་ཆགས་ཀྱིས། །བདེ་འགྲོ་བརྒྱད་ལ་གླང་ཆེན་འགྱུར་བ་མ་ཡིན་ནོ། །འདོད་ཆགས་དང་ནི་ཞེ་སྡང་དེ་བཞིན་གཏི་མུག་སྟེ། །གླང་ཆེན་གསུམ་བོ་བཟོད་པར་དཀའ་བའི་ཆང་ཡིན་ལ། །ཆང་གསུམ་རྣམས་དང་ཐུབ་པ་རྣམས་ནི་བྲལ་བ་སྟེ། །
เล่ม ๑๗๒ · หน้า 77b
རིམས་ནད་མེད་ཅིང་མྱ་ངན་འདས་པ་མངོན་པར་བརྙེས། །དེ་ཕྱིར་མུན་པར་འདོད་པ་འདི་ནི་སྤོངས་འདོད་པ། །ཆང་ནི་སྤངས་ལ་རང་བཞན་འདུ་ཤེས་ཐོབ་པར་གྱིས། །འཁོར་བའི་རྒྱ་མཚོའི་འདམ་ནི་རྒྱས་པར་ཆགས་པ་སྟེ། །སླར་ཡང་དེ་ལྟར་གཉིས་འཐུང་དབང་པོ་མ་ལྟུང་ཅིག །དེ་ནས་
གླང་པོ་དེས་ནི་གསུང་འདི་ཐོས་ནས་སུ། །ཆང་ནི་སྤངས་ཤིང་ཡང་དག་རིག་པར་སོང་བ་སྟེ། །བདུད་རྩི་འཐུངས་ནས་ནད་རྣམས་དག་ལས་གྲོལ་བ་བཞིན། །ནང་དུ་སོང་བའི་བདེ་བ་དམ་པ་ཐོབ་པར་གྱུར། །སློབ་མ་བཞིན་དུ་ཐུབ་ལ་རབ་བཏུད་དེ་མ་ཐག །ཆང་ནི་ཡོངས་
སྤངས་གླང་པོའི་དབང་པོ་དེ་མཐོང་ནས། །ཁ་ཅིག་ཆོས་རྣམས་བསྐོར་ཞིང་གཡུག་པར་གྱུར་པ་སྟེ། །གཞན་རྣམས་ལག་པ་རྣམས་ནི་རྡེབས་ཤིང་སྐད་འདོན་ཏོ། །གཞན་རྣམས་ཀྱིས་ནི་མགོ་བོས་ཐུབ་ལ་ཕྱག་འཚལ་ཞིང་། །དེ་ནས་དེ་ལ་གཞན་རྣམས་བསྐོར་བ་བྱས་པ་སྟེ། །གཞན་
རྣམས་འཕགས་པ་ཉིད་ལས་གླང་ཆེན་ལ་བསྟོད་ཅིང་། །ཡ་མཚན་དང་བཅས་གཞན་རྣམས་རེག་པར་གྱུར་པའོ། །ལྡིང་ཁང་ལ་གནས་བུད་མེད་གཞན་རྣམས་དེ་ལ་ནི། །གཙང་ཞིང་རིན་ཐང་ཆེན་པོའི་གོས་རྣམས་ཀྱིས་མཆོད་ཅིང་། །གཞན་རྣམས་གསར་བའི་ཕྲེང་བ་
ཡོན་ཏན་ཡིད་འོང་དང་། །རྒྱན་ནི་དེ་དང་དེ་དག་རྣམས་ཀྱིས་མངོན་པར་འཐོར། །དུས་དང་མཚུངས་པའི་གླང་པོ་དུལ་བར་གནས་པ་ན། །སྐྱེ་བོ་དད་པ་མེད་པ་དབུས་ནས་སོང་བ་སྟེ། །དབུས་གནས་ཁྱད་པར་ལས་ནི་དང་བར་རབ་སོང་ཞིང་། །དད་པ་རྣམས་ཀྱང་གང་དེ་བསྟན་པར་ཉེ་བར་
སོང་། །དད་པ་ལ་གནས་མ་སྐྱེས་དགྲ་ནི་ཐུབ་པ་ཡིས། །གླང་ཆེན་དབང་པོ་དེ་ནི་བརྟུལ་བ་མཐོང་ནས་ནི། །ཡ་མཚན་གྱུར་ཞིང་དེ་ནས་དགའ་བ་སྐྱེས་པ་སྟེ། །སངས་རྒྱས་ལ་ནི་མཆོག་ཏུ་དད་པ་བྱས་པའོ། །ཉོན་མོངས་རྩོད་ལྡན་དུས་ནི་ངེས་པར་ལོག་པ་ན། །རྫོགས་ལྡན་
དུས་ནི་འོངས་ནས་སླར་ཡང་ཆོས་དོན་བཞིན། །དེ་ལྟར་རྫུ་འཕྲུལ་དང་ལྡན་སྙན་གྲགས་མཆོག་རྣམས་ཀྱིས། །རབ་ཏུ་གནས་པའི་དཀའ་ལྡན་ཐུབ་པ་མཆོག་འཕེལ་ཏོ། །མི་དགེ་བ་དང་ཡོངས་སུ་ལྡན་པའི་ལྷ་སྦྱིན་ནོ། །ཉོན་མོངས་སྡིག་པའི་ལས་ནི་མང་པོ་བྱས་ནས་ནི། །མི་སྐྱོང་
เล่ม ๑๗๒ · หน้า 78a
སྟེ་ན་རྒུ་བ་གཉིས་སྐྱེས་དྲང་སྲོང་གི །དམོད་པ་ལས་བཞིན་ས་ཡི་འོག་ཏུ་བྱིང་བར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ལས་ཀྱི་རྒྱུན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་འཇིག་རྟེན་རྗེས་བཟུང་ནས། །
དུས་ཀྱི་སྨྲ་བ་རྣམས་ཀྱི་མཆོག །ཆོས་ཀྱིས་ས་ནི་ཁྱབ་མཛད་ནས། །མྱ་ངན་འདའ་བ་དང་མཚུངས་དགོངས། །དེ་ནས་དུས་སུ་རྒྱལ་ཁབ་ན། །པ་ཊཱ་ལི་ཡི་གྲོང་དུ་གཤེགས། །མཆོད་རྟེན་པ་ཊཱ་ལི་མཚོན་པ། །དེར་ནི་འཕགས་པ་དེ་བཞུགས་སོ། །དུས་ནི་དེ་ཚེ་གྲོང་ཁྱེར་གྱི། །ལི་ཙྪ་
བཱི་ནི་ཞི་བའི་ཕྱིར། །མ་ག་དྷཱ་ཡི་རྒྱལ་པོ་ཡི། །བློན་པོ་ཆར་དབྱིབས་ཀྱིས་བྱས་སོ། །ལྷ་རྣམས་ཀྱིས་དེར་རང་གི་ནོར། །ཉེ་བར་ལེན་པ་རབ་གཟིགས་ནས། །གྲོང་དེ་འགྲོ་ན་ཕུལ་བྱུང་དུ། །དེ་བཞིན་གཤེགས་པས་རྣམ་པར་གསུངས། །དེ་ཚེ་ཆར་པའི་རྣམ་པ་ཡིས། །བཀུར་
བྱས་བྱེད་པ་རྣམས་ཀྱི་མཆོག །རྒྱ་མཚོའི་ཆུང་མ་གཙོ་བོ་ལ། །མངོན་ཕྱོགས་སློབ་མ་དང་བཅས་གཤེགས། །གངྒཱའི་འགྲམ་དུ་དེ་གཤེགས་ནས། །ཇི་ལྟར་རྙེད་གྲུ་དེ་དང་དེས། །སྐྱེ་བོ་རྣམས་ནི་སྒྲོལ་བ་གཟིགས། །དེ་རྣམས་གཟིགས་ནས་ཐུགས་མཛད་དོ། །འབད་པས་ཆུ་བོ་སྒྲོལ་
བ་ལ། །བདག་གི་དེ་ལྟར་འདྲ་བ་ཡིན། །དེ་ཕྱིར་རྫུ་འཕྲུལ་མཐུ་ཡིས་ནི། །བདག་གི་གྲུ་མེད་རབ་ཏུ་འགྲོ། །དེ་ལྟར་དེར་ནི་སློབ་མར་བཅས། །ལྷ་མི་རྣམས་ལ་མི་སྣང་ཞིང་། །རླུང་གིས་འགྲོས་ཀྱང་ཕན་མཛད་ནས། །སྐད་ཅིག་གིས་ནི་ཕ་རོལ་གྱུར། །སྡུག་བསྔལ་མཚོ་ཡི་ཕ་རོལ་
སྔོན། །ཡེ་ཤེས་གྲུ་བོས་དེ་མཁྱེན་ནས། །སླར་ཡང་གྲུ་འདི་མ་དམིགས་ནས། །ཐུབ་པས་གངྒཱ་བསྒྲལ་བའོ། །བཅོམ་ལྡན་ཉི་མ་མཛེས་པ་ནི། །གང་གི་སྒོ་ལས་ངེས་འབྱུང་བ། །དེ་ནི་དེ་ཚེ་གཽ་ཏམ་སྒོར། །དེ་ལ་མཆོད་དོན་ཉིད་དུ་བྱས། །འགྲམ་གང་དག་ལས་རྣམ་འདྲེན་པ། །གངྒཱའི་
ཕ་རོལ་དུ་གཤེགས་པ། །དེ་ནི་སྟེགས་སུ་འགྲོ་ལ་གྲགས། །དེ་ཡི་རིགས་ཀྱིས་མངོན་པར་བརྗོད། །དེ་ནས་སྒྲོལ་འདོད་མི་རྣམས་དང་། །རྒལ་བ་རྣམས་དང་སྒྲོལ་བ་རྣམས། །ཡ་མཚན་རྣམ་རྒྱས་གདོང་རྣམས་ཀྱི། །མིག་རྣམས་དེ་ལ་བཏུང་བར་གྱུར། །དེ་ནས་གངྒཱའི་འགྲམ་ནས་ནི། །
เล่ม ๑๗๒ · หน้า 78b
སངས་རྒྱས་ཀུ་ཌའི་གྲོང་དུ་གཤེགས། །དེར་ནི་ཆོས་ལྡན་གཏམ་མཛད་ནས། །ནཱ་དཱའི་ཀར་ནི་མངོན་པར་གཤེགས། །དུས་ནི་དེ་ཚེ་དེ་ན་ནི། །སྐྱེ་བོ་ཆེན་པོ་རྒུད་པ་སྟེ། །གང་གིས་གང་དུ་གང་འགྲོ་བ། །དེ་རྣམས་ལ་དེར་ཐུབ་པས་གསུངས། །དེར་ནི་མཚན་མོ་གཅིག་ཕུལ་ནས། །ཡངས་པ་
ཅན་གྱི་གྲོང་དུ་གཤེགས། །དེ་ནས་ཨ་མྲ་སྐྱོང་བའི་ས། །དཔལ་ལྡན་ཚལ་དུ་དཔལ་སྟུག་གཤེགས། །ཨ་མྲ་སྐྱོང་མ་རེས་མའི་གཙོ། །རྣམ་པར་འདྲེན་པ་དེར་ཐོས་ནས། །རྣམ་དུལ་ཐེག་པ་ལ་གནས་ནས། །མཆོག་ཏུ་དགའ་བས་རབ་ཏུ་སོང་། །ཕྲ་བའི་གོས་དཀར་འཛིན་
པ་མོ། །ཕྲེང་བ་མེད་ཅིང་དབྱུག་བྲལ་མ། །ལྷ་ཡི་བྱ་བའི་དུས་སུ་ནི། །ལེགས་མ་རིགས་ཀྱི་མནའ་མ་འདྲ། །རང་གི་གཟུགས་ཀྱིས་ཁེངས་པ་ཡི། །དམ་པ་ལིཙྪ་བཱི་རྣམས་ཀྱི། །སེམས་རྣམས་དང་ནི་ནོར་རྣམས་དང་། །ཡོན་ཏན་མཐའ་དག་རྣམས་ཀྱིས་ཕྲོགས། །དཔལ་
དང་མཛེས་པ་བརྟན་པ་ཡིས། །ནགས་ཀྱི་ལྷ་མོའི་གཟུགས་འདྲ་བ། །དེ་ནི་ཐེག་པ་ལ་བབས་ནས། །སྐྱེན་པར་ནགས་དེར་རབ་ཏུ་ཞུགས། །རིགས་ཀྱི་མོ་བཙུན་གདུང་བ་མོ། །མིག་རབ་གཡོ་བ་དེ་གཟིགས་ནས། །བདེ་བར་གཤེགས་པས་རྔ་དབྱངས་ཀྱིས། །དགེ་སློང་རྣམས་ལ་
བཀའ་སྩལ་པ། །སྟོབས་ཆུང་རྣམས་ཀྱི་ཡིད་ཀྱི་རིམ། །ཨ་མྲ་སྐྱོང་མ་འདི་མངོན་འོངས། །དྲན་ལྡན་བདུད་རྩིའི་སེམས་ལྡན་རྣམས། །ཡེ་ཤེས་ཀྱིས་ནི་ཁྱེད་རྣམས་གནས། །ཉེ་སར་སྦྲུལ་ནི་མཆོག་ཡིན་ཞིང་། །རལ་གྱི་གདེངས་པའི་དགྲ་བོ་མཆོག །དྲན་དང་ཡེ་ཤེས་རྣམས་
བྲལ་བའི། །ཉེ་སར་བུད་མེད་རྣམས་མ་ཡིན། །བསྡད་པ་འམ་ནི་ཉལ་བའམ། །འགྲོ་འམ་ཡང་ན་གནས་པ་འམ། །བུད་མེད་རི་མོར་བྲིས་པས་ཀྱང་། །མི་རྣམས་ཀྱི་ནི་ཡིད་འཕྲོག་གོ། །འདི་རྣམས་ཞེན་པས་ཉམ་ཐག་གམ། །གྱེན་དུ་ལག་བཏེག་ངུ་ན་ཡང་། །སྐྲ་བཀྲམ་རྣམས་
ཀྱིས་བསྲེག་པ་རུ། །ནུས་ན་མོ་བཙུན་རྣམས་སྔོན་ཉིད། །ཕ་རོལ་པོ་འབྲེལ་རྣམ་མང་པོའི། །དབྲོག་བྱ་ཡོན་ཏན་གྱིས་བསླུས་རྣམས། །དེ་ཡི་རང་བཞིན་མ་མཐོང་སྟེ། །བུད་མེད་རྣམས་ལ་བྱིས་རྣམས་རྨོངས། །མི་རྟག་སྡུག་བསྔལ་བདག་མེད་དང་། །མི་དགེ་བ་ཞེས་མཐོང་ནས་ནི། །
เล่ม ๑๗๒ · หน้า 79a
ལྟ་ཞིང་སྒོམ་པ་པོ་རྣམས་ཀྱི། །སེམས་ནི་ཟིལ་གྱིས་ནོན་མ་ཡིན། །གནས་དེ་རྣམས་སུ་ལེགས་གོམས་བློ། །སྤྱོད་ཡུལ་རྣམས་སུ་བ་ལང་བཞིན། །ལྷ་ཡི་ཡུལ་རྣམས་ཀྱིས་འཇོམས་པར། །ནུས་མིན་མི་རྣམས་ཀྱིས་ཅི་སྨྲོས། །དེ་ཕྱིར་ཤེས་རབ་མདའ་
འཛིན་ཞིང་། །བརྩོན་འགྲུས་གཞུ་ནི་ལག་པ་ན། །དྲན་པའི་གོ་ཆ་ཡོངས་བགོས་ཤིང་། །ཡུལ་གྱི་འདུ་ཤེས་ཅན་དུ་མནོས། །ལྕགས་ཀྱི་ཐུར་མ་ཚ་མོ་ཡིས། །མིག་ལ་རེག་པ་མཆོག་ཡིན་ཞིང་། །གཡོ་བའི་མིག་ཅན་བུད་མེད་ལ། །མ་རུངས་དྲན་པས་ལྟ་ཕྱིར་མིན། །གལ་
ཏེ་དུས་ནི་དེ་ཡི་ཚེ། །ཆགས་པའི་སེམས་ཀྱིས་དུས་བྱེད་ན། །དུད་འགྲོ་འམ་ནི་འོག་ཉིད་དུ། །དབང་མེད་བཅིངས་ནས་ཁྲིད་པར་བྱེད། །དེ་ཕྱིར་འཇིགས་པ་འདི་ཤེས་ནས། །མཚན་མར་སྤྲོས་པ་མི་བྱ་ཞིང་། །ལུས་པོ་ལ་ནི་གཟུགས་ཙམ་དུ། །གང་གིས་མཐོང་བ་དེ་མཐོང་ངོ་། །
དབང་པོས་འཇིག་རྟེན་ན་ཡུལ་རྣམས། །འཆི་མིན་དབང་པོ་རྣམས་དེས་མིན། །གང་ཞིག་དེ་རྣམས་ལ་ཆགས་གྱུར། །དེ་ནི་དེ་རྣམས་ལས་འཆིང་ངོ་། །བ་ལང་གཉིས་ཀྱི་སྦྱོར་བའི་ཕྱིར། །སྦྱོར་བ་ལ་གཅིག་ཇི་ལྟར་གྱུར། །ཡུལ་དང་དབང་པོ་དེ་དག་ནི། །ཆགས་པ་
ཕན་ཚུན་དེ་ལྟར་མིན། །མིག་གིས་གཟུགས་ནི་འཛིན་པ་སྟེ། །སེམས་ཀྱིས་རྣམ་པར་རྟོག་པར་བྱེད། །རྣམ་པར་རྟོག་ལས་དེར་སྐྱེ་ཞིང་། །ཆགས་དང་ཆགས་བྲལ་ཉིད་ཀྱང་ངོ་། །རྣམ་པར་མ་བརྟགས་དབང་པོའི་དོན། །གལ་ཏེ་དོན་མེད་ཆེད་གྱུར་ན། །དབང་པོའི་
སྤྱོད་ཡུལ་ལ་སྤྱོད་པ། །ཐམས་ཅད་དོན་མེད་ཀྱིས་སྦྱོར་ཏོ། །དེ་ཕྱིར་མ་དོར་དྲན་པས་དང་། །བག་ཡོད་མཆོག་ཏུ་འགྲོ་བས་དང་། །རང་དོན་རྗེས་སུ་མཐོང་བས་དང་། །གདུང་མེད་སེམས་ཀྱིས་བསྒོམ་པར་བྱ། །དེ་ལྟར་དོན་མཐར་མ་གྱུར་པའི། །དགེ་སློང་རྣམས་ལ་དེ་རྗེས་
བསྟན། །ལྟོས་བྱས་ཨ་མྲ་སྐྱོང་མ་ནི། །ཐལ་མོ་སྦྱར་བྱས་ཉེ་བར་འོངས། །དེས་ནི་ཐུགས་ཞི་དྲང་སྲོང་མ། །ཤིང་དྲུང་གནས་པ་མཐོང་ནས་ནི། །ནགས་ཀྱི་ཡོངས་སུ་ལོངས་སྤྱོད་ཀྱིས། །མཆོག་ཏུ་རྗེས་སུ་འཛིན་པ་སྙམ། །དེ་ནས་བཀུར་སྟི་མང་པོ་ལས། །གཡོ་ཡང་ལྟ་
เล่ม ๑๗๒ · หน้า 79b
བྱེད་རབ་བཀོད་ནས། །མེ་ཏོག་ཙམ་པ་ཀ་རྒྱས་ལྟར། །མགོ་བོས་ཐུབ་པ་ལ་ཕྱག་འཚལ། །ཀུན་མཁྱེན་གྱིས་ཀྱང་རྗེས་གནང་མ། །དེ་ནས་ས་ལ་བསྡད་པ་སྟེ། །དེ་ཡིས་བློ་ལ་བཟོད་གསུང་གིས། །ཐུབ་པས་དེ་ལ་བཀའ་སྩལ་ཏོ། །བསམ་པ་འདི་ནི་ཡོན་ཏན་ལྡན། །
རྣམ་དག་སེམས་དཔའ་ཉིད་བསྟན་ཏོ། །བུད་མེད་བྱིས་པ་ཕུལ་གནས་པ། །ཆོས་ལ་འདོད་པ་རྙེད་པར་དཀའ། །གལ་ཏེ་ཆོས་ཀྱི་བདག་ཉིད་གྱུར། །ཞེན་པས་བཅོམ་པའི་སེམས་ལྡན་པའི། །ན་རབ་མི་མོ་རྣམས་ཀྱིས་དང་། །བློ་ལྡན་མི་རྣམས་ཀྱིས་མཚར་ཅིང་། །རང་བཞིན་
གྱིས་ནི་བློ་ཆུང་ཞིང་། །གཡོ་བའི་སེམས་ལྡན་ལང་ཚོ་མ། །ཡུལ་གཅིག་རོ་ཡིས་འཇིག་རྟེན་ན། །ཆོས་ཤེས་ཤེས་པ་ཡ་མཚན་ནོ། །ཁྱོད་ཀྱི་ཆོས་ལ་ཡིད་གྱུར་པ། །དེ་ནི་ཁྱོད་ཀྱིས་བདག་ཉིད་དོན། །མི་རྟག་གསོན་པའི་འཇིག་རྟེན་ན། །ཆོས་ལས་གཞན་ན་ནོར་ཡོད་མིན། །ནད་ཀྱིས་
ནད་མེད་འཇོམས་པ་སྟེ། །རྒ་བས་ལང་ཚོ་གཅོད་པ་ཉིད། །འཆི་བས་སྲོག་ནི་ལེན་པ་སྟེ། །ཆོས་ཀྱིས་རྒུད་པ་ཡོད་མ་ཡིན། །གང་ཕྱིར་དགའ་བ་རྣམས་དང་བྲལ། །མི་དགའ་བ་རྣམས་དང་སྦྱོར་ཞིང་། །མངོན་པར་འདོད་པ་ཐོབ་པ་ན། །དེ་ཕྱིར་ཆོས་ནི་མཆོག་ཏུ་འགྲོ། །གཞན་དབང་
སྡུག་བསྔལ་ཆེན་པོ་སྟེ། །རང་དབང་མཆོག་ཏུ་བདེ་བ་ཉིད། །མ་ནུའི་རིགས་སུ་སྐྱེས་ན་ཡང་། །བུད་མེད་ཐམས་ཅད་གཞན་དབང་ངོ་། །གང་ཕྱིར་གཞན་དབང་ཉིད་ཕྱིར་དང་། །དེ་བཞིན་ཕྲུ་གུ་འཛིན་པའི་ཕྱིར། །བུད་མེད་རྣམས་ཀྱི་སྡུག་བསྔལ་ལྷག །དེ་ཕྱིར་ཡང་དག་ངེས་པར་འོས། །དེ་
ལྟར་ཐུབ་པ་ཆེན་པོའི་གསུང་། །རང་བཞིན་གྱིས་དང་མཁས་ལས་དང་། །བརྟན་ལས་བྱིས་ཀྱང་བྱིས་མིན་བཞིན། །ཐོས་ཤིང་མངོན་པར་དགའ་བའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྨྲ་བ་ཡིས། །འདོད་པའི་བདག་ཉིད་ཅན་གྱིས་སེམས་ལ་བྲབས་པ་ནི། །བུད་མེད་ཉིད་ནི་སྨད་
ཅིང་ཡུལ་ལས་ལོག་པ་སྟེ། །གང་གི་སྐྱེ་བོའི་རྟེན་ལ་བཙོག་པར་བྱས་པའོ། །དེ་ནས་མེ་ཏོག་ཁུར་ལས་ཙུ་ཏའི་མཆོད་སྡོང་བཞིན། །ཡང་དག་ཀུན་ནས་དུད་པའི་ལུས་ཀྱི་མཆོད་སྡོང་ཅན། །ཐུབ་པ་ཆེན་པོ་ལ་ནི་གུས་པས་མིག་ཞུགས་ཤིང་། །ཡང་ཡང་ཆོས་ནི་རྣམ་པར་དག་པའི་ལྟ་བས་
เล่ม ๑๗๒ · หน้า 80a
གནས། །རང་བཞིན་གྱིས་ནི་ངོ་ཚ་དང་ལྡན་བུད་མེད་དེ། །ཆོས་ནི་མངོན་པར་འདོད་པས་ཡང་ཡང་བསྐུལ་བ་ནི། །འདམ་སྐྱེས་མཛོད་དང་འདྲ་བས་ཐལ་མོ་སྦྱར་ནས་ནི། །དལ་བུས་སྨྲ་བའི་སྐད་ཀྱི་གདངས་ཀྱིས་གསོལ་བའོ། །བཅོམ་ལྡན་དོན་མཛད་བདག་ལ་
གསུང་དོན་དུ། །ནང་པར་བསོད་སྙོམས་དུས་སུ་དགེ་སློང་སྡེར་བཅས་པ། །སྡུག་བསྔལ་ཉེ་བར་ཞི་བའི་མཛད་པོ་འཇིག་རྟེན་ན། །འབྲས་བུར་གྱུར་པའི་བདག་ལ་འབྲས་བུར་མཛད་དུ་གསོལ། །དེ་ནས་དེ་ཡི་གུས་པ་དེ་ལྟར་གཟིགས་ནས་དང་། །སེམས་ཅན་རྣམས་ནི་བཟའ་བའི་དབང་
ཉིད་མཁྱེན་ནས་ནི། །གསུང་མ་ཕྱེ་ནས་བདེ་བར་གཤེགས་པས་དེ་ལྟར་ཞེས། །དེ་ལ་ངེས་པར་རྣམ་འགྱུར་བརྡ་ཡིས་མཛད་པའོ། །སྐད་ཅིག་མཛད་པ་དང་ལྡན་སྤྱན་ཡངས་མཆོག་གི་ཆོས་མངའ་ཞིང་། །ཆོས་ཀྱི་སྣོད་ལ་དེས་ནི་དགའ་ཞིང་མགུ་ལ་རུངས་པ་སྟེ། །གུས་པས་རྙེད་པ་
མཆོག་ནི་རྣམ་པར་ངེས་ཤིང་བསྟོད་པར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཨ་མྲ་སྐྱོང་མའི་ནགས་གཟིགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཐུབ་པའི་ཐུགས་རིག་ནས། །ཕྱག་འཚལ་ནས་ཀྱང་གྲོང་དུ་སོང་། །དེ་
ནི་ལིཙྪ་བཱིས་ཐོས་ནས། །ལྟ་འདོད་སངས་རྒྱས་ལ་སོང་ངོ་། །དཀར་པོའི་རྟ་དང་ཤིང་རྟ་གདུགས། །ཕྲེང་བ་རྒྱན་དང་བགོ་བ་རྣམས། །ཁ་ཅིག་ཁ་ཅིག་དེ་རྣམས་དང་། །དམར་སེར་རྣམས་དང་དེ་བཞིན་གཞན། །ཁ་ཅིག་བཻ་ཌཱུརྱ་ལྗང་དང་། །གཞན་རྣམས་རྨ་བྱའི་མཇུག་མ་སྟེ། །དེ་ལྟར་ཆ་
ལུགས་རྒྱ་ཆེན་པོ། །བདག་གིས་དགའ་བྱེད་རྣམས་དང་སོང་། །རི་བོ་རྣམ་རྒྱས་རོ་སྟོད་ཅན། །གསེར་གྱི་གཉའ་ཤིང་ལག་པ་རྣམས། །དཔལ་ལྡན་བོང་རིང་དངོས་སུ་ནི། །དེ་རྣམས་མཐོ་རིས་བཞིན་དུ་མཛེས། །མཚམས་སྤྲིན་རྐང་ལ་སྣ་ཚོགས་རྣམས། །གློག་ནི་རབ་ཏུ་
སྣང་བ་བཞིན། །ཤིང་རྟ་རྣམས་ལས་བབས་འདོད་པས། །དེ་རྣམས་གནས་པ་རྣམ་པར་མཛེས། །དབུ་རྒྱན་རྣམ་གཡོ་རྣམ་བཏུད་པའི། །བརྟན་རྣམས་ཐུབ་ལ་ཕྱག་འཚལ་ནས། །ང་རྒྱལ་ལྡན་རྣམས་རྒྱགས་མེད་བཞིན། །ཆོས་ལ་དགའ་བས་དེ་རྣམས་གནས། །ཉི་མ་སྤྲིན་
เล่ม ๑๗๒ · หน้า 80b
དང་བྲལ་བ་ཡི། །ལོགས་སུ་ཁྱེར་འཇིགས་གཞུ་བཞིན་དུ། །ཐུབ་པའི་དྲུང་དེར་དེ་རྣམས་ཀྱི། །ཆགས་བྲལ་དཀྱིལ་འཁོར་མཛེས་པའོ། །ས་ལ་སེང་གེ་གནས་པ་རྣམས། །གསེར་གྱིས་སྤྲས་པའི་སེང་གེའི་གདན། །སེང་གེ་ལ་སོགས་དེ་རྣམས་ལ། །མི་ཡི་སེང་གེས་དེ་
ནས་གསུངས། །གཟུགས་དང་དཔལ་དང་སྟོབས་ལ་སོགས། །བཀུར་མང་རྣམས་དང་ལྡན་པ་ནི། །ཁྱེད་ཀྱི་ཆོས་ལ་གུས་འདི་གང་། །དེ་ལས་ལྷག་པར་མཛེས་པ་ཉིད། །ཚུལ་ཁྲིམས་ལ་སོགས་ཡོན་ཏན་གྱིས། །ཇི་ལྟར་འཇིག་རྟེན་མཛེས་དེ་ལྟར། །ལུས་ནི་སྣ་ཚོགས་གོས་
སམ་རྒྱན། །ཕྲེང་བ་རྣམས་ཀྱིས་མ་ཡིན་ནོ། །གང་དུ་ཁྱེད་ཅག་བདག་པོ་རྣམས། །ཆོས་ཤེས་འདུལ་བ་འདོད་པ་རྣམས། །སྤོང་བྱེད་པ་རྣམས་རྗེས་བཟུང་ཞིང་། །སྐལ་བ་བཅས་རྣམས་བདག་གི་ལུགས། །འཕགས་སྐྱེས་རྙེད་པར་དཀའ་དུས་སུ། །ཆོས་ལ་གནས་རྣམས་སྲུང་
བྱེད་གྱུར། །ཕྱིས་འབྱུང་མ་ཡིན་ཡུལ་རྣམས་ཀྱི། །སྐལ་བས་དམན་པ་རྣམས་ཀྱིས་མིན། །དཔལ་ལྡན་སྐལ་བ་ཆེན་པོ་རྣམས། །ཆོས་ཤེས་སྲུང་བར་བྱེད་རྣམས་ཀྱིས། །བསྲུང་བ་ཉིད་ཀྱིས་ཡུལ་འདི་ནི། །ཆོས་ཀྱིས་ཀྱང་ནི་རྗེས་སུ་འཛིན། །རླུང་རྣམས་རྒལ་འདོད་པ་ལ་རྣམས། །
ཁྱུ་མཆོག་རྒལ་བ་རྣམས་ཀྱི་བཞིན། །རྒྱལ་པོ་རྣམས་ཀྱིས་གང་བཟུང་བའི། །ཡུལ་ལ་དེ་ནས་སྐྱེ་དགུ་འགྲོ། །ཁྱེད་ཅག་རྣམས་ལ་ཚུལ་ཁྲིམས་དེ། །རྟག་པར་འགྱུར་བར་འོས་པ་སྟེ། །བདག་གི་དོན་ནི་འདོད་རྣམས་ཀྱི། །འདིར་དང་སོང་ནས་དབྲོག་བྱ་མིན། །ཡིད་ནི་ཚིམ་ཞིང་
བཀུར་མང་དང་། །རྙེད་དང་གྲགས་དང་ཡིད་ཆེས་ཉིད། །དགའ་བ་ཉིད་དང་སོང་ནས་བདེ། །ཚུལ་ཁྲིམས་ཀྱི་ནི་འབྲས་བུ་ཆེ། །འབྱུང་པོ་རྒྱུ་དང་མི་རྒྱུ་ཡི། །རྟེན་ནི་ཇི་ལྟར་ས་ཡིན་པ། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི། །རྟེན་ནི་ཚུལ་ཁྲིམས་དམ་པའོ། །འཕུར་འདོད་གཤོགས་
པ་མེད་པ་དང་། །རྒལ་འདོད་གྲུ་མེད་ཇི་ལྟ་བར། །མི་ནི་ཚུལ་ཁྲིམས་རྣམ་སྤངས་པར། །དགེ་ལེགས་འདོད་པ་དེ་ལྟར་ཤེས། །མེ་ཏོག་འབྲས་བུས་ཁྱབ་པའི་ཤིང་། །ཚེར་མ་ཅན་གྱུར་ཇི་ལྟ་བར། །ཐོས་དང་གཟུགས་དོན་ཕུན་ཚོགས་པ། །ཚུལ་ཁྲིམས་འཆལ་པ་དེ་ལྟར་རོ། །
เล่ม ๑๗๒ · หน้า 81a
སྣ་ཚོགས་གོས་དང་རྒྱན་ལྡན་ཞིང་། །ཁང་བཟངས་རྣམས་སུ་གནས་ན་ཡང་། །ཚུལ་ཁྲིམས་དང་ལྡན་སྐྱེ་བོ་གང་། །དེ་ཡི་དྲང་སྲོང་དང་མཉམ་འགྲོས། །ངུར་སྨྲིག་ཤིང་ཤུན་ཟུར་ཕུད་དང་། །གཙུག་ཕུད་སྤྱི་བོ་རལ་པ་རྣམས། །ཚུལ་ཁྲིམས་ཉམས་པ་ཀུན་རྣམས་
ཀྱི། །བཅོས་མ་ཉིད་དུ་ཤེས་པར་བྱ། །སྟེགས་ལས་དུས་གསུམ་ཁྲུས་བྱས་ནས། །མེ་ལ་ལན་གཉིས་བསྲེགས་ནས་དང་། །གདུང་བ་དྲག་པོར་གདུངས་ནས་ཀྱང་། །ཚུལ་ཁྲིམས་མེད་ན་བདག་མ་ཡིན། །ཤ་ཟ་རྣམས་ལ་ལུས་བྱིན་ནས། །རི་ཡི་ལོགས་ནས་བོར་ནས་སམ། །མེ་འམ་
ཆུར་ནི་བདག་མཆོངས་ན། །ཚུལ་ཁྲིམས་མེད་ན་བདག་མ་ཡིན། །འབྲས་བུ་རྩ་བ་ཆུ་ཟ་ཞིང་། །རི་དགས་བཞིན་དུ་རྩྭ་ཟའམ། །རླུང་གི་བཟའ་བ་འདོད་པ་ཡང་། །ཚུལ་ཁྲིམས་མེད་ན་བདག་མི་འགྱུར། །མི་གང་ཚུལ་ཁྲིམས་ཀྱིས་དམན་པ། །དེ་ནི་བྱ་དང་རི་དྭགས་མཚུངས། །རྡོལ་
བའི་སྣོད་ནི་ཆུ་ཡིས་བཞིན། །དེ་ནི་ཆོས་ཀྱི་སྣོད་མ་ཡིན། །འཇིགས་པ་དང་ནི་གཏམ་ངན་དང་། །ཡིད་མི་ཆེས་དང་མི་དགའ་ཉིད། །མངོན་སུམ་འདིར་ནི་ཐོབ་པ་སྟེ། །སོང་ནས་དོན་མེད་ཟ་བར་འགྱུར། །དེ་ཕྱིར་ཚུལ་ཁྲིམས་གཞོམ་མི་བྱ། །འབྲོག་དགོན་དག་ན་ལམ་མཁན་བཞིན། །རང་
དབང་དག་ནི་རྙེད་དཀའ་བའི། །ཚུལ་ཁྲིམས་མཐོ་རིས་དག་ན་གྲུ། །སྐྱོན་རྣམས་ཀྱིས་བཅོམ་སེམས་ཀྱིས་ནི། །ཐམས་ཅད་བཅོམ་ནས་འཇུག་པ་སྟེ། །ཚུལ་ཁྲིམས་རབ་ཏུ་གནས་བྱས་ནས། །ཉོན་མོངས་འཇོམས་ལ་འབད་པ་གྱིས། །དེ་ཕྱིར་དང་པོར་ང་སྙམ་པ། །བརྒྱན་པར་འདོད་
པས་སྤང་བར་བྱ། །བསྲེག་བྱ་ཟ་བའི་དུ་བ་བཞིན། །ཡོན་ཏན་རྣམས་ཀྱིས་ང་སྙམ་ཉིད། །སྐར་མ་ཉི་མ་ཟླ་བ་རྣམས། །སྤྲིན་གྱི་དྲ་བ་ཆེན་པོས་བཞིན། །ང་རྒྱལ་གྱིས་བཅོམ་ཡོན་ཏན་རྣམས། །ཡོད་པར་གྱུར་ཀྱང་མཛེས་མ་ཡིན། །དྲེགས་པ་ངོ་ཚ་འཇོམས་པ་སྟེ། །མྱ་ངན་གྱིས་
གཏན་དགའ་བས་ལུས། །ཡོན་ཏན་རྣམས་ཀྱི་རྩ་བ་ནས། །འཇོམས་ཕྱིར་ངའོ་སྙམ་པ་སྐྱེ། །འགྲན་པ་དང་ལྡན་ང་རྒྱལ་ལས། །ལྷ་མིན་ལྷ་རྣམས་ཀྱིས་བཅོམ་ཞིང་། །མི་སྐྱོང་ཏ་ལའི་བྱིན་པ་དང་། །དོང་གསུམ་པ་རྣམས་ཟད་པར་གྱུར། །གང་ཞིག་མི་རྟག་དངོས་རྣམས་སུ། །མཆོག་
เล่ม ๑๗๒ · หน้า 81b
ནི་ང་ཡིན་སྙམ་པ་དང་། །མི་དམན་པ་ནི་ང་ཞེས་སྙམ། །དེ་ནི་མཁས་པ་མིན་པར་རྟོགས། །གཟུགས་ནི་བརྟན་པ་མ་ཡིན་ཞིང་། །འཇིག་པའི་ཆོས་ཅན་གཡོ་བ་ཡིས། །ང་ཞེས་གང་ཞིག་ང་རྒྱལ་ཏེ། །ཡོངས་སུ་རྟོག་པ་མིན་གཞན་ཅི། །འདོད་པའི་འདོད་ཆགས་སྟོབས་ལྡན་
པ། །རབ་གབ་ལྷན་སྐྱེས་དགྲ་བོ་སྟེ། །བཤེས་མིན་ནང་ན་སྤྱོད་པ་བཞིན། །གང་ཞིག་བཤེས་ཀྱི་སྒོ་ནས་འཇོམས། །འདོད་ཆགས་མེ་དང་མེ་ཉིད་ནི། །སྲེག་པའི་བདག་ཉིད་ཀྱིས་མཉམ་སྟེ། །འདོད་ཆགས་མེ་ནི་འབར་བ་ན། །མཚན་མོ་དེ་ཉིད་རིང་བར་འགྱུར། །འདོད་ཆགས་མེའི་
སྟོབས་ཇི་འདྲ་བ། །མེ་ཡི་སྟོབས་ནི་དེ་འདྲར་སྨིན། །མེ་ནི་ཆུ་རྣམས་ཀྱིས་ཤེས་ཏེ། །འདོད་ཆགས་མེ་ནི་མཚོས་ཀྱང་མིན། །དུས་སུ་ནགས་སུ་མེས་ཚིག་རྣམས། །ནགས་ཀྱི་ཤིང་རྣམས་སྐྱེ་བ་སྟེ། །འདོད་ཆགས་མེས་ཚིག་བློ་མེད་རྣམས། །ཆོས་ལ་སྐྱེ་བ་མ་ཡིན་ནོ། །ཆགས་ལས་
བདེ་བ་ཚོལ་བ་སྟེ། །བདེ་ཕྱིར་མི་དགེ་བ་བྱེད་ཅིང་། །མི་དགེ་བ་ལས་དམྱལ་བར་འགྲོ། །ཆགས་པ་དང་མཉམ་དགྲ་བོ་མེད། །ཆགས་ལས་སྲེད་པ་སྐྱེ་བ་སྟེ། །སྲེད་ལས་འདོད་པ་རྣམས་ལ་ཆགས། །འདོད་པ་རྣམས་ལས་སྡུག་བསྔལ་འཐོབ། །ཆགས་པ་དང་མཉམ་ཡུལ་མེད་དོ། །ཆགས་པ་ཞེས་བྱའི་
ནད་ཆེན་པོ། །དེ་ནི་བྱིས་པས་རྟོགས་མ་ཡིན། །མི་རྟག་ཉིད་ལས་མི་གཙང་ལས། །སྡུག་བསྔལ་ཉིད་ལས་བདག་མེད་ལས། །གལ་ཏེ་མཐོང་ན་མི་ཆགས་ཏེ། །ལོག་པའི་བློ་ཡིས་ཆགས་པའོ། །དེ་ཕྱིར་དངོས་པོ་ལ་ཆགས་པ། །གང་དུ་ཉེ་བར་སྐྱེ་བ་ན། །དེར་ནི་ཇི་ལྟར་འགྱུར་བརྟག་
སྟེ། །གྱུར་པ་མཐོང་བ་ཞེས་བརྗོད་དོ། །ཡོན་ཏན་ཡོངས་སུ་རྟོགས་པ་ན། །ཇི་ལྟར་ཆགས་པར་ཉེ་བར་འགྲོ། །ཡོན་ཏན་མེད་ན་ཡོངས་རྟོགས་ན། །དེ་བཞིན་ཁྲོ་བ་འགུགས་པར་བྱེད། །དེ་ཕྱིར་ཁྲོ་བ་སྤོང་འདོད་པས། །ཞེ་སྡང་ཡོངས་སུ་བརྟག་མི་བྱ། །དཀར་མིན་འགྲོས་
ལས་ངུ་བ་བཞིན། །ཁྲོ་བ་ལས་ནི་ཞེ་སྡང་འཛག །ཁྲོ་བ་གཟུགས་ལྡན་རྣམས་ཀྱི་དགའ། །མིག་ལྡན་རྣམས་ཀྱི་མུན་པ་ཡང་། །ཆོས་དོན་འདོད་པ་རྣམས་ཀྱི་གཤེད། །མོས་པའི་མི་མཐུན་པ་ཉིད་དོ། །ཁྲོ་བ་བློ་ཡི་མུན་པ་མཆོག །མཛའ་བཤེས་གྱུར་པའི་དགྲ་བོ་མཆོག །
เล่ม ๑๗๒ · หน้า 82a
བཀུར་སྟི་མང་པོའི་གཅོད་པ་པོ། །ཟིལ་གྱིས་ནོན་པའི་བྱེད་པ་པོ། །དེ་བཞིན་ཁྲོ་བ་མི་བྱ་ཞིང་། །བྱས་ནས་ཀྱང་ནི་དོར་བར་བྱ། །དམུག་པའི་རང་བཞིན་ལྟོ་འཕྱེ་བཞིན། །ཁྲོ་བའི་རྗེས་སུ་འཇུག་མི་བྱ། །སྐོར་བའི་ཤིང་རྟ་བཞིན་གང་གིས། །ཁྲོ་བ་བརྟན་པས་ཐག་
པས་བཟུང་། །དེ་བདག་ཁ་ལོ་སྒྱུར་སྙམ་སྟེ། །ཅིག་ཤོས་སྐྱེ་བོ་ཐག་པ་འཛིན། །གང་ཞིག་ཁྲོ་བ་འདོད་པ་སྟེ། །སྐྱེ་བ་འགོག་པ་འདོད་མ་ཡིན། །ཕྱིས་དེ་ཁྲོ་བ་མེད་པ་ན། །མེ་ལ་རེག་པ་བཞིན་དུ་བསྲེག །ཁྲོ་བ་སྐྱེས་པས་སྔོན་རོལ་དུ། །བདག་ཉིད་ཀྱིས་ནི་སེམས་བསྲེག་སྟེ། །རྣམ་པར་
འཕེལ་ཞིང་ཕྱིན་པ་ནི། །གཞན་ནི་སྲེག་གམ་མི་སྲེག་གམ། །ནད་སོགས་ཉེ་བར་འཚེ་རྣམས་ཀྱི། །གང་ཚེ་འཇིག་རྟེན་བརྩེ་བ་རྣམས། །ལུས་ཅན་བཤེས་མ་ཡིན་རྣམས་ལ། །གནོད་སེམས་བྱས་ནས་ཡོན་ཏན་ཅི། །དེ་ཕྱིར་འཇིག་རྟེན་སྡུག་བསྔལ་བ། །ཤེས་ནས་ཁྲོ་བ་ཟློག་
པའི་ཕྱིར། །འབྱུང་པོ་ཀུན་ལ་བྱམས་པ་དང་། །སྙིང་རྗེ་ཉིད་ནི་བསྒོམ་པར་བྱ། །དེ་ལྟར་ཉོན་མོངས་ལྷག་པ་གང་། །དེ་ཡི་དེ་ཚེ་གཟིགས་པ་སྟེ། །དེ་ལ་བརྩེ་བས་སངས་རྒྱས་ཀྱིས། །དེ་རྣམས་ལ་གསུངས་སྨད་པའོ། །སེམས་ཅན་ཉམ་ཐག་རྣམས་ལ་ནི། །ཇི་ལྟར་རང་བཞིན་གྱིས་
མཁས་པའི། །སྨན་པས་སྨན་ནི་གསུངས་པ་སྟེ། །ནད་རྣམས་ཉེ་པར་ཞི་ཕྱིར་རོ། །དེ་བཞིན་ཆགས་དང་རྒ་སོགས་ཀྱི། །ནད་ཀྱིས་འབྱུང་པོ་ཉམ་ཐག་ལ། །ཐུབ་པས་བསམ་པ་མཁྱེན་ནས་ནི། །དེ་ཉིད་ཤེས་པའི་སྨན་བྱིན་ཏོ། །དེ་ལྟར་ཐུབ་པའི་གསུང་ལ་ནི། །ལིཙྪ་བཱི་རྣམས་
མངོན་དགའ་སྟེ། །རབ་འཕྱང་གཙུག་གི་ནོར་བུ་ཅན། །མགོ་བོ་རྣམས་ཀྱིས་ཕྱག་འཚལ་ལོ། །དེ་ནས་ཐལ་མོ་རྣམ་སྦྱར་ནས། །ཅུང་ཞིག་དུད་པའི་ལུས་རྣམས་ཀྱིས། །ཕུར་བུ་ལ་ནི་ལྷ་རྣམས་བཞིན། །སངས་རྒྱས་ལ་ནི་བྱོན་པར་ཞུས། །དང་པོ་ཨ་མྲ་སྐྱོང་མའི་རིགས། །ཐུབ་པས་
དེ་རྣམས་ལ་གསུངས་ཤིང་། །དམ་པ་རྣམས་ཀྱིས་ཐོག་མར་ནི། །སྙན་མནན་འདོར་བྱ་མིན་པར་གསུངས། །དེ་རྣམས་བུད་མེད་དེ་ཡིས་ནི། །བདག་ལ་བསླུས་པར་ཤེས་པ་སྟེ། །དེ་བཞིན་གཤེགས་ལ་མཆོད་མང་པོ། །ཉིས་འགྱུར་ཉིད་དུ་བྱས་པའོ། །ལེགས་བརྗོད་དྲང་སྲོང་སྔགས་
เล่ม ๑๗๒ · หน้า 82b
རྣམས་ཀྱིས། །སྦྲུལ་རྣམས་ཀྱི་ནི་དུག་བཞིན་དུ། །ཀུན་མཁྱེན་གྱིས་བསྟན་དེ་རྣམས་ནི། །རབ་ཏུ་ཞི་བའི་ཡིད་རྣམས་སོང་། །དེ་ཡི་མཚན་མོ་འདས་ནས་ནི། །ཨ་མྲ་སྐྱོང་མས་བཀུར་བྱས་ཏེ། །འོད་མ་ལྡན་པའི་གྲོང་དུ་ནི། །དབྱར་རྣམས་རྣམ་པར་འདས་པ་ན། །ཡངས་པ་ཅན་ཉིད་
དུ་གཤེགས་ཤིང་། །སྤྲེའུ་རྫིང་གི་འགྲམ་དུ་ནི། །ཐུབ་པ་ཆེན་པོ་བཞུགས་པའོ། །ཤིང་གི་རྩ་བར་དེ་བཞུགས་སོ། །དེ་བཞིན་དུ་ནི་འབར་བ་ལ། །ནགས་ཚལ་དེ་ནི་སྣང་བྱས་ཤིང་། །ཉེ་བར་འོངས་ནས་བདུད་ཀྱིས་སྨྲས། །ནཻ་རཉྫ་ནའི་འགྲམ་དུ་སྔོན། །ཐུབ་པ་ཁྱོད་ལ་བདག་གིས་
སྨྲས། །བྱ་བ་བྱས་པ་མྱ་ངན་ཟློས། །ཞེས་འདིར་ཁྱོད་ཀྱིས་ལན་སྨྲས་སོ། །ཉམ་ཐག་པ་རྣམས་འཇིགས་མེད་ཅིང་། །ཉན་ཐོས་རྣམས་ནི་དོན་བྱས་པར། །བདག་གི་ཇི་སྲིད་མ་གྱུར་པ། །དེ་སྲིད་མྱ་ངན་མི་འདའ་ཞེས། །དེ་འདི་མང་པོ་རྣམས་གྲོལ་ཞིང་། །དེ་བཞིན་གྲོལ་བར་
འདོད་རྣམས་དང་། །གྲོལ་བར་གྱུར་པ་རྣམས་ཉིད་དེ། །དེ་ཕྱིར་མྱ་ངན་འདའ་བར་འོས། །དེ་ནས་ཚིག་འདི་གསན་གྱུར་ནས། །ཟླ་བ་གསུམ་ན་མྱ་ངན་འདའ། །མི་བརྟན་པ་ནི་དོར་ཅིག་ཅེས། །དགྲ་བཅོམ་རྣམས་ཀྱི་མཆོག་གིས་གསུངས། །དེ་ནས་དམ་བཅའ་འདི་ཤེས་ནས། །ཡིད་ལ་རེ་
བ་གང་བ་སྟེ། །རབ་ཏུ་དགའ་ཞིང་མགུ་བ་ནི། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་དྲང་སྲོང་ཆེན་པོའི་ཐུགས་ཀྱི་ཏིང་ངེ་འཛིན། །རྣམ་པ་དེ་ལྟར་རྣལ་འབྱོར་སྟོབས་ལས་མཛད་པ་ཉིད། །སྐུ་ཚེ་ཇི་ལྟར་གྱུར་པ་སྔོན་དུ་བཏང་བ་སྟེ། །རྫུ་འཕྲུལ་མཐུ་ལས་མཚུངས་པ་མེད་པ་འཚོ་བར་གྱུར། །
དེས་ནི་སྐུ་ཚེ་བཏང་བའི་ཡུད་ཙམ་དེ་ལ་ནི། །བུད་མེད་མྱོས་མ་བཞིན་དུ་ས་ནི་གཡོས་གྱུར་ལ། །མ་ཡིས་ཚོས་པའི་ལྷུན་པོའི་རྡོ་བ་རིམ་བཞིན་དུ། །ཕྱོགས་རྣམས་དག་ལས་སྒྲོན་མ་ཆེན་པོ་རྣམས་ལྷུ་དང་། །དེ་བཞིན་ཀུན་ནས་དབང་པོའི་རྡོ་རྗེ་མི་བཟད་རྣམས། །གློག་དང་བཅས་ཤིང་མེ་ཡི་སྙིང་པོ་
ཅན་གཡོས་ཤིང་། །བསྐལ་པ་འཇིག་ཆེ་འཇིག་རྟེན་བསྲེག་པར་འདོད་པ་བཞིན། །ཕྱོགས་རྣམས་ཐམས་ཅད་རྣམས་སུ་མེ་དག་འབར་བར་གྱུར། །ཤིང་རྣམས་ཀྱིས་ནི་ཕུང་པོ་འཁོགས་པ་རྣམས་བོར་ཞིང་། །རི་རྣམས་ཀྱིས་ནི་རྩེ་མོ་རྣམས་ནི་དོར་བ་སྟེ། །རླུང་གིས་མངོན་པར་གང་བའི་རྡོ་བའི་ཕུག་
เล่ม ๑๗๒ · หน้า 83a
བཞིན་དུ། །མཁའ་ལ་རྔ་རྣམས་ཀྱི་ནི་མ་རུངས་སྒྲ་རྣམས་བསྒྲགས། །དེ་ནས་དེ་ལྟར་ཀུན་དུ་བསྐྱོད་ཚེ་ཡུད་ཙམ་ལ། །མི་ཡི་འཇིག་རྟེན་ན་དང་ལྷ་དང་ནམ་མཁའ་ལ། །ཏིང་འཛིན་ཆེན་པོ་དེ་ལས་རྣམ་པར་བཞེངས་མཛད་ནས། །ཐུབ་པ་ཆེན་པོས་གསུང་ནི་འདི་ཉིད་
གསུངས་པའོ། །ཤིང་རྟ་སྲོག་ཤིང་རྣམ་པར་ཉམས་པ་དང་འདྲ་བའི། །ཚེ་བཏང་ལུས་པོ་ནང་གི་སྟོབས་ལས་འདྲེན་བགྱི་ཞིང་། །སྒོ་ངའི་སྐྱེ་གནས་པ་རྣམས་སྒོ་ང་ཕྱེ་ནས་བཞིན། །སྲིད་པའི་འཆིང་ལས་ཚེ་དང་ལྷན་ཅིག་འགྲོལ་བར་བགྱི། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་
ཆེན་པོ་ལས། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་བསྐྱོད་པ་དེ་མཐོང་ནས། །ཀུན་དགའ་བོ་ནི་སྤུ་ལངས་ཤིང་། །ཅི་ཞིག་གྱུར་ཞེས་ཤུགས་འོངས་ཏེ། །འདར་བར་གྱུར་ཅིང་དགའ་མ་གྱུར། །ཀུན་མཁྱེན་གཏན་ཚིགས་
མཁས་པ་ལ། །དེས་དེར་གཏན་ཚིགས་དྲིས་པ་སྟེ། །དེ་ནས་དེ་ལ་ཐུབ་པས་ནི། །ཁྱུ་མཆོག་མྱོས་པའི་དབྱངས་ཀྱིས་གསུངས། །རྒྱུ་མཚན་གང་གིས་གཡོས་པ་འདི། །བདག་གི་ཚེ་འདི་བཏང་བ་ལ། །ཟླ་བ་གསུམ་ནི་ཡོངས་བགྲངས་པར། །བྱིན་གྱིས་བརླབས་ནས་དེ་ནི་འཚོ། །དེ་
ལྟར་ཐོས་ནས་ཀུན་དགའ་བོ། །ཙནྡན་ལྗོན་པའི་ཐང་ཆུ་ནི། །གླང་པོ་ཆེ་ཡིས་བྲབས་པ་བཞིན། །མཆི་མ་ཕྱུང་ཞིང་གཡོས་པར་གྱུར། །དེས་གཉེན་ཉིད་ཕྱིར་བླ་མའི་ཕྱིར། །ཆགས་བྲལ་མིན་ཕྱིར་སྡུག་བསྔལ་ཞིང་། །སྙིང་རྗེ་བར་ནི་རྣམ་ཟློས་ཏེ། །ཡོངས་སུ་དགའ་བ་མེད་པར་
ངུས། །མགོན་གྱི་ངེས་པ་ཐོས་གྱུར་ནས། །བདག་གི་ལུས་ནི་ལྷུང་བ་བཞིན། །བདག་གི་ཕྱོགས་རྣམས་སྤོབས་པ་མེད། །བདག་གིས་ཆོས་རྣམས་ཐོས་པ་རྨོངས། །གངས་ཀྱིས་གཙེར་རྣམས་ལ་མེ་བཞིན། །རྒ་བ་རྙིངས་པའི་ཆོས་རྣམས་སུ། །ཀྱི་ཧུད་མིས་བསྔགས་སྐྱེན་པར་ནི། །
དེ་བཞིན་གཤེགས་པ་མྱ་ངན་འདའ། །ཉོན་མོངས་འབྲོག་དགོན་ཆེན་པོ་རུ། །ཆུད་ཟོས་ལུས་དང་ལྡན་རྣམས་ལ། །ལམ་མཁྱེན་ཤིན་ཏུ་སྐྱེན་པ་རུ། །ལམ་མཁན་ངེས་པར་ཉམས་པར་འགྱུར། །ཐག་རིང་ལམ་ལ་རབ་ཞུགས་པའི། །སྲེད་པ་ཡོངས་ལྡན་བདག་རྣམས་ཀྱི། །ལམ་
เล่ม ๑๗๒ · หน้า 83b
ན་རྫིང་བུ་བསིལ་བའི་ཆུ། །ཤིན་ཏུ་མྱུར་བར་བསྐམ་པར་གྱུར། །བློ་ནི་རྫི་མ་ཞི་བ་སྨིན། །འདས་དང་མ་འོངས་ད་ལྟར་གཟིགས། །ཡེ་ཤེས་རྣམ་སྤངས་འཇིག་རྟེན་གྱི། །མིག་ནི་ངེས་པར་ཟུམ་པར་འགྱུར། །ངེས་པར་ལོ་ཐོག་སྐྱེད་རྣམས་སུ། །ཆུ་ནི་དོན་གཉེར་ངལ་རྣམས་ལ། །ཆར་
བབ་གྱུར་ནས་སྐྱེན་པ་རུ། །ཆུ་སྦྱིན་སྤྲིན་ནི་ནུབ་པར་འགྱུར། །མི་ཤེས་མུན་པས་ཕྲོགས་རྣམས་སུ། །སེམས་ཅན་ལམ་གོལ་བ་རྣམས་ལ། །རབ་ཏུ་གསལ་བའི་སྒྲོན་མ་ནི། །ཤིན་ཏུ་སྐྱེན་པར་ཞི་བར་འགྱུར། །དེ་ནས་དེ་ལྟར་མྱ་ངན་གྱིས། །སེམས་གཟིར་ཀུན་དགའ་བོ་གཟིགས་ནས། །
ཞི་བྱེད་མགོན་པོས་དེ་ཉིད་ནི། །དེ་ཉིད་རིག་པའི་མཆོག་གིས་གསུངས། །འགྲོ་བའི་རང་བཞིན་ཤེས་ནས་ནི། །མྱ་ངན་མ་བྱེད་ཀུན་དགའ་བོ། །འདུས་བྱས་ངོ་བོ་མི་རྟག་ཅིང་། །འགྲོ་བ་འདི་ཀུན་འཛད་པ་ཉིད། །ལུས་ཅན་རྩོད་པའི་སྐྱེད་ཚལ་དུ། །སྡུག་པ་ཀུན་དང་བྲལ་བ་སྟེ། །བརྩེ་
བ་ཀུན་ནས་ཐང་ཅིག་ཅེས། །སྔོན་དུ་བདག་གིས་སྨྲས་པ་ཉིད། །འདུས་བྱས་གཡོ་བ་སྐྱེས་པ་གང་། །རྟེན་ནས་འབྱུང་བ་དབང་མེད་དེ། །བདག་གིས་རྟག་པར་གྱུར་ཅིག་ཅེས། །འདི་ནི་རྙེད་པར་མི་ནུས་སོ། །ས་སྟེངས་འབྱུང་པོ་རྟག་གྱུར་ན། །འཇུག་པ་གཡོ་བ་མ་ཡིན་ཞིང་། །ཐར་
པས་བྱ་བ་སུ་ཡིས་འགྱུར། །དེ་ཕྱིར་མཐར་ཐུག་འདོད་པའོ། །ཅི་སྟེ་ཁྱོད་དམ་སྐྱེ་བོ་གཞན། །བདག་ལ་ཁྱོད་ཀྱི་སྲེད་པ་ཅི། །གང་ཕྱིར་ངལ་བ་སྐྱེས་པ་འདི། །ཁྱོད་ཀྱིས་བདག་དང་བྲལ་བས་བྱས། །ལམ་ནི་མཐའ་དག་ཁྱེད་ཅག་ལ། །བདག་གིས་བསྟན་ཅིང་བཤད་པ་སྟེ། །སངས་
རྒྱས་རྣམས་དང་སློབ་དཔོན་གྱི། །དཔེ་མཁྱུད་མེད་ཅེས་གཟུང་མཛོད་ཅིག །བདག་གི་གནས་སམ་ཉེར་ཞི་ན། །དོན་ནི་དེ་ཙམ་ཉིད་ཡིན་ཏེ། །དེ་བཞིན་གཤེགས་རྣམས་ཆོས་ཀྱི་སྐུ། །ལུས་ཀྱིས་ཁྱེད་ཅག་ལ་དོན་ཅི། །དེ་ཕྱིར་དང་ངམ་བདག་འདས་ཚེ། །སྐྱོ་བ་ཡིས་དང་བག་ཡོད་
དང་། །བདག་གི་སྒྲོན་མས་གསལ་བྱས་ཏེ། །ཆོས་ཀྱི་སྒྲོན་མ་རྟག་པར་རོ། །དེར་ཞུགས་བརྩོན་འགྲུས་བརྟན་པ་དང་། །རྩོད་མེད་བདག་གི་དོན་ལ་མཁས། །བློ་ནི་གཞན་དབང་མ་ཡིན་པ། །བདག་གི་སྒྲོན་མ་ཞེས་ཤེས་བྱ། །རིག་པ་དང་ལྡན་མཁས་པ་ནི། །གང་གི་སྒྲོན་མས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด