ตัวบทไม่มีชื่อ — ประโยคแรก: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๕ · หน้า 1a

༄༅། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ།། །།

เล่ม ๑๗๕ · หน้า 1b

༄༅༅། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་གཉིས་པ། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་དཔག་པ་རྣམ་པར་བཞག་ནས། སྐབས་

སུ་བབ་པ་ཚད་མ་ཞེས་བྱ་བ་ལ་སོགས་པས་ཕྱག་འཚལ་བའི་ཚིགས་སུ་བཅད་པའི་བཤད་པ་མཛད་པར་རྩོམ་པའོ། །ཚད་མར་གྱུར་པ་ཞེས་བྱ་བ་ནི་ཚད་མར་འཁྲུངས་པའོ། །ཚད་མ་དང་འདྲ་བས་ན་

ཚད་མ་སྟེ་བཅོམ་ལྡན་འདས་སོ། །ཚད་མའི་ངོ་བོ་དེ་ཅི་ཞིག་ཡིན་ན། གང་གིས་དེ་དང་འདྲ་བར་དམ་བཅའ་བར་བྱེད་ཅེ་ན། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བྱ་བ་སྨོས་ཏེ། སླུ་བར་བྱེད་པས་ན་སླུ་

བའོ། །ཤེས་པ་གང་ལ་དེ་ཡོད་པ་དེ་ནི་སླུ་བ་ཅན་ནོ། །སླུ་བ་ཡོད་པ་མ་ཡིན་པ་ཅན་ནི་སླུ་བ་མེད་པ་ཅན་ཏེ། གང་ལ་སླུ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མི་སླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་

པ་ན་དོན་གྱི་རང་གི་ནུས་པ་གྲུབ་པས། ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོའི་མི་སླུ་བ་ནི་ཡུལ་གྱི་ཆོས་དང་། དེའི་དེ་ལྟ་བུར་གྱུར་པ་རྟོགས་པ་ན་ཤེས་པའི་མི་སླུ་བ་ནི་ཡུལ་ཅན་གྱི་ཆོས་ཡིན་ནོ། །དེ་གང་

เล่ม ๑๗๕ · หน้า 2a

ལ་ཡོད་པ་དེ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པའོ། །རྗེས་སུ་དཔག་པས་དོན་གྱི་རང་གི་ངོ་བོ་ཡོངས་སུ་མ་བཅད་པའི་ཕྱིར་ཁྱབ་པ་མེད་པས་ན་དེ་ནི་མི་རིགས་སོ་ཞེ་ན། སྐྱེས་བུ་མ་བསླུས་པས་ན་མི་སླུ་བ་ནི་མངོན་པར་འདོད་

པའི་དོན་དང་ཕྲད་པར་བྱེད་པའི་མཚན་ཉིད་ཅན་གྱི་མངོན་སུམ་དང་། རྗེས་སུ་དཔག་པའི་ཁྱད་པར་བྱེད་པ་ཡིན་ནོ། །དེ་ཉིད་རྣམ་པར་འགྲེལ་པའི་ཕྱིར། །དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཚད་མས་

ཡོངས་སུ་ངེས་པའི་དོན་གྱིས་བསྒྲུབ་པར་བྱ་བའི་དོན་བྱེད་པར་རྟོགས་པའོ། །ཇི་ལྟར་མངོན་སུམ་གྱིས་ཤེས་ནས་མེས་སྲེག་པ་དང་། འཚེད་པ་ལ་སོགས་པའི་ནུས་པ་ལ་འཇུག་པ་དེའི་དྲོ་བའི་རེག་པ་ལ་སོགས་པའི་ཡུལ་ཅན་གྱི་མངོན་

སུམ་དང་ཇི་ལྟར་འགའ་ཞིག་གི་ཚེ་མེ་ཉིད་ལ་རྣམ་པ་མཚུངས་པ་ལ་སོགས་པ་འགའ་ཞིག་གིས་འཁྲུལ་པ་དུ་བ་ལས་མེ་ངེས་པར་བྱས་པའི་རྗེས་སུ་དཔག་པའི་འཇུག་པ་མི་སླུ་བ་ཡིན་ནོ། །མངོན་སུམ་ཉིད་ལ་འཁྲུལ་པའི་རྒྱུ་སྣ་ཚོགས་པ་ཉིད་

ཀྱིས་སླུ་བ་སྲིད་པའི་ཕྱིར་དེའི་དོན་གྱི་དོན་བྱེད་པའི་ཡུལ་ཅན་གྱི་ཚད་མ་ཕྱི་མ་འཇུག་པས་ཚད་མ་ཉིད་དུ་རྟོགས་པར་བྱའི། རྗེས་སུ་དཔག་པ་ལ་ནི་མ་ཡིན་ནོ། །དེ་ལྟར་དེའི་རང་བཞིན་ཅན་ནམ། འབྲས་བུའི་རྟགས་དངོས་པོའི་རང་བཞིན་ཉིད་

เล่ม ๑๗๕ · หน้า 2b

དང་། དངོས་པོའི་འབྲས་བུ་ཉིད་དུ་ངེས་པ་ནི་རྟགས་ཅན་གྱི་ཤེས་པའི་རྒྱུ་ཡིན་པས་ན། དེ་ལྟ་བུར་གྱུར་པའི་དངོས་པོ་མེད་པར་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པའི་ཕྱིར། ཕྱིས་ཀྱི་ཚད་མའི་འཇུག་པ་ལ་ལྟོས་པ་མ་ཡིན་ནོ། །གཞན་དག་ཏུ་ནི་མངོན་སུམ་དང་དེར་སྣང་བ་དག་སྐྱེ་བའི་ཚེ་ཁྱད་

པར་ངེས་པ་མེད་ན་དེ་ནི་ཕྱིས་ཀྱི་ཚད་མ་འཇུག་པས་མི་སླུ་བར་རིག་པར་བྱའོ། །གལ་ཏེ་ཕྱིས་ཀྱི་མངོན་སུམ་ཡང་མངོན་སུམ་སྔ་མ་དང་ཁྱད་པར་མེད་པའི་ཕྱིར། དངོས་པོ་ལ་འཇུག་པ་མ་ཡིན་པར་ཐེ་ཚོམ་ཟ་བས་མི་འཁྲུལ་བར་ངེས་པར་ནུས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གཉིས་ཀ་དངོས་པོ་

མེད་པར་མི་འཇུག་པའི་ཕྱིར་རོ། །མེ་མེད་པ་ལ་མེ་འཛིན་པ་ཅན་གྱི་འཇུག་པར་བྱེད་པ་ལས། འཇུག་པའི་སྲེག་པ་དང་འཚེད་པ་ལ་སོགས་པའི་ཡུལ་ཅན་གྱི་ཕྱིས་ཀྱི་ཤེས་པ་སྐྱེ་བ་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་རྟེན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་ན་ཡང་མི་སླུ་བ་ཁོ་ན་ཡིན་ཏེ།

ཇི་ལྟར་མངོན་པར་འདོད་པ་བཞིན་དུ་དོན་བྱེད་པ་ཐོབ་པའི་ཕྱིར་དང་། དངོས་པོ་ནི་དེ་ཙམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་མ་དངོས་པོའི་ཡུལ་ཅན་ཉིད་ཡིན་ན། སྔ་མ་དེ་ལ་མི་སླུ་བ་ཅན་ཡིན་ནོ། །གལ་ཏེ་སྔར་བཟུང་བའི་དོན་ཕྱིས་ཀྱི་ཚད་མས་རྟོགས་པ་མ་ཡིན་ན། དེ་ཇི་ལྟར་ན་

དེས་ཡོངས་སུ་བཅད་པའི་དོན་བྱེད་པའི་ཡུལ་ཅན་གང་གིས་ན། དེའི་དོན་བྱེད་པ་དེ་ལས་མི་སླུ་བའི་ཕྱིར་དེ་ལ་ཚད་མ་ཡིན་ཞེ་ན། མ་ཡིན་ཏེ་ཐ་སྙད་འདོགས་པ་པོ་དག་ཐ་དད་པ་མེད་པར་འཇུག་པའི་ཕྱིར་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས། དུས་སྔ་ཕྱིར་འབྱུང་བ་ཅན་ལ་གཅིག་ཏུ་འཇུག་པར་

བརྗོད་དོ། །དངོས་སུ་ནི་ཐ་དད་པ་ཉིད་ཡིན་ནོ། །དེ་ལྟར་ན་ཕྱིས་ཀྱི་ཚད་མའི་ཡུལ་གྱི་དངོས་པོ་ནི། ཚད་མ་སྔ་མའི་ཡུལ་མེད་ན་མེད་པའི་ཕྱིར་དེ་ཡང་དེའི་ཡུལ་ཅན་ཉིད་ཡིན་ནོ་ཞེས་ཉེ་བར་བརྟགས་པ་ཡིན་ནོ། །དེ་བས་ན་སྔར་དངོས་པོ་གྲུབ་པའི་ཕྱིར་དང་པོ་ཉིད་ཚད་མ་ཡིན་ཏེ། དེ་ལས་དོན་བྱེད་

པ་ལ་འཇུག་པའི་ཕྱིར་རོ། །གང་གིས་ཕྱི་རོལ་གྱི་དོན་མེད་པ་དེའི་ཚད་མས་ཡོངས་སུ་བཅད་པའི་དོན་གྱི་ཡུལ་ནི་ཚད་མ་ཕྱི་མ་དེའི་རྒྱུ་ཉིད་ཡིན་པར་མི་སླུ་བ་མ་ཡིན་གྱི། འོན་ཀྱང་ཇི་ལྟར་འདོད་པའི་དོན་བྱེད་པར་སྣང་བ་ཅན་གྱི་ཤེས་པ་རྒྱུ་ཉིད་ཡིན་ནོ། །གང་ལ་དེ་མེད་པ་དེ་ནི་ཚད་མ་

เล่ม ๑๗๕ · หน้า 3a

མ་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ན་ཡང་དེ་ལྟར་སྣང་བ་ཅན་གྱི་ཤེས་པ་སྐྱེ་བ་ཅན་ཉིད་ནི་སྐྱེས་བུའི་དོན་ཡིན་པ་དེ་ལྟར་ན། ཕྱི་རོལ་གྱི་དོན་ཡོད་པ་དང་། ཅིག་ཤོས་སྨྲ་བ་དག་གི་དོན་དམ་པར་མི་སླུ་བ་ལ་བྱེ་བྲག་ཅི་ཡང་མེད་དོ། །མི་སླུ་

བ་དེ་དང་དེ་ངེས་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་པའི་ཕྱིར། ཐེ་ཚོམ་ཟ་བའི་ཤེས་པ་ལ་སོགས་པ་ནི་ཚད་མ་མ་ཡིན་ནོ། །གལ་ཏེ་སྐྱེས་བུའི་འཇུག་པ་ལ་ཡང་གགས་ཡོད་པས། ཚད་མ་ཡང་སླུ་བ་སྲིད་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། དེ་ནི་ཚད་མས་ངེས་པར་འདོད་པའི་དོན་དང་ཕྲད་པ་ནི་མ་

ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེ་ལས་མངོན་པར་འདོད་པ་ཉིད་དང་ཕྲད་པ་ཡིན་ནོ། །འཇུག་པ་ཡོད་ན་ཚད་མ་ཕྲད་པར་བྱེད་པ་ཉིད་ཡིན་པ་དེ་ལྟར་ན་ཕྲད་པར་ནུས་པ་ཚད་མ་ཉིད་ཡིན་གྱི་ཕྲད་པ་ཉིད་ནི་མ་ཡིན་ནོ། །ནུས་པ་དེ་ཉིད་འདིའི་མི་སླུ་བ་ཡིན་པར་བརྗོད་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ། །

གལ་ཏེ་འདི་ལྟར་མི་སླུ་བ་ཚད་མ་ཉིད་ཡིན་ན། དེ་དང་དེ་སྒྲ་ལས་བྱུང་བ་ལ་མེད་པའི་ཕྱིར་ཚད་མར་མི་འགྱུར་ན་ཡང་འདོད་པ་དེས་ན་ཁྱབ་པ་མེད་པའི་མཚན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེ་ན། ཁྱབ་པ་མེད་པ་དེ་ནི་མ་ཡིན་ནོ། །དེ་ལྟར་ན་གང་ལ་འདིའི་འཁྲུལ་པ་རབ་ཏུ་སྟོན་པ་དེ་ལ་ཚད་མར་འདོད་

པ་མ་ཡིན་གྱི་འོན་ཀྱང་སྒྲ་འབྱུང་ཡང་བསམ་པ་དག་ནི་སྟོན་ཕྱིར་རོ། །མི་སླུ་བ་ཡིན་ཏེ་ཞེས་བྱ་བ་རྗེས་སུ་འཇུག་གོ། །སྐྱེས་བུའི་བསམ་པ་སྟོན་པར་བྱེད་པ་དེ་ལྟར་ན་དེ་སྟོན་པའི་ཕྱིར། འདི་ནི་ཚད་མ་ཉིད་ཡིན་ནོ། །འཆད་པ་པོའི་བྱེད་པ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དེ།

འཆད་པ་པོའི་བྱེད་པ་སྟེ། ཡང་དག་པར་འདོད་པ་དང་བརྗོད་པར་འདོད་པ་ཞེས་བྱ་བའི་བར་དུའོ། །དེའི་ཡུལ་གྱི་དོན་གང་ཡིན་པ་རབ་ཏུ་གསལ་ཞིང་སོ་སོར་སྣང་བའོ། །གང་ལ་ཞེ་ན། རྣམ་པར་རྟོག་པའི་བློ་ལའོ། །བརྗོད་པར་འདོད་པའི་ཡུལ་གྱི་དོན་དེ་ལ་སྒྲ་འདི་ནི་ཚད་མ་ཉིད་

ཡིན་ནོ། །འཆད་པ་པོ་དོན་དེར་སྣང་བ་ཅན་གྱི་རྣམ་པར་རྟོག་པ་སྒྲ་ལས་རྟོགས་པར་འགྱུར་ཏེ། དོན་དེ་ཤེས་པ་ན་འདི་ནི་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གྱི་དེ་ཉིད་རྒྱུ་ཅན་མིན་ཚད་མ་ཉིད་ཀྱང་མ་ཡིན་ན་གང་གིས་ན་ཁྱབ་པ་མེད་པའི་མཚན་ཉིད་དུ་འགྱུར་གལ་ཏེ་གང་གིས་

เล่ม ๑๗๕ · หน้า 3b

ཤེས་ནས་འཇུག་པར་འགྱུར་བའི་དོན་བྱེད་པར་མི་སླུ་བ་དེ་ནི་དེ་ལ་ཚད་མ་ཉིད་ཡིན་པ་དེའི་ཚེ། བུམ་པའི་རྣམ་པར་རྟོག་པའི་ཤེས་པ་ལས། །བུམ་པ་ལ་འཇུག་པ་དེའི་དོན་བྱེད་པར་མི་སླུ་བར་འགྱུར་བ་དེ་ལྟར་ན། དེ་ཡང་ཚད་མར་གྱུར་ན་མི་འདོད་པ་དེ་བས་ན་མཚན་ཉིད་ཞུགས་པ་ཡིན་ནོ་

ཞེ་ན་སྐྱོན་དེ་ཡོད་པ་མ་ཡིན་ཏེ། བཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་འདི་ལྟར་བུམ་པ་དང་ཡོད་པ་ཉིད་དང་། གྲངས་དང་འདེགས་པ་ལ་སོགས་པའི་ཡུལ་ཅན་གྱི་ཀུན་རྫོབ་ཀྱི་ཤེས་པ་ནི་ཚད་མ་ཉིད་དུ་མི་འདོད་དེ། ཅིའི་ཕྱིར་ཞེ་ན། གཟུང་བ་འཛིན་པའི་རྒྱུའི་ཕྱིར་རོ། །དེ་ལ་

དང་པོར་མཐོང་བ་ཉིད་ཚད་མ་ཉིད་དེ་འཇུག་པར་བྱེད་པ་ཡིན་ནོ། །དེའི་མཐུ་ལས་འབྱུང་བ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཟུང་བའི་དོན་གྱི་ཡུལ་ཅན། དྲན་བཞིན་དུ་སྐྱེ་བ་དེ་ལྟར་ན་དེས་དོན་བྱེད་པ་སྒྲུབ་པར་བྱེད་པའི་དངོས་པོ་ཅུང་ཟད་ཀྱང་ཤེས་པ་མེད་

པ་དེ་བས་ན་གང་ལས་ཤེས་ནས་འཇུག་པར་བྱེད་པར་འགྱུར། གལ་ཏེ་ཅིའི་ཕྱིར་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ཉིད་ཚད་མར་འདོད་ཀྱི། དབང་པོ་ལ་སོགས་པ་མ་ཡིན་ཞེ་ན། མི་རུང་བའི་ཕྱིར་རོ། །འདི་ལྟར་ཚད་མའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། སྐྱེས་བུའི་དོན་ཞེས་བྱ་བ་ཆོད་པ་དང་ཁྱད་

པར་ཅན་ཆོད་པ་མེད་པའོ། །ཤེས་པས་བླང་བར་བྱའི་དོན་ཤེས་ནས་དེ་སྒྲུབ་པར་བྱེད་པ་ནན་ཏན་དུ་བྱེད་པས་མངོན་སུམ་དུ་བྱེད་པའི་མཚན་ཉིད་ཅན་གྱི་འཇུག་པ་སྐྱེས་བུས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དོར་བར་བྱ་བ་ཤེས་ནས་དེ་སྒྲུབ་པར་བྱེད་པ་ནན་ཏན་དུ་མི་བྱེད་པས། དེ་མངོན་སུམ་

དུ་མི་བྱེད་པའི་མཚན་ཉིད་ཅན་གྱི་འཇུག་པ་ཐོབ་པར་འགྱུར་ཏེ། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཉིད་ཕྱིར་དང་། །བླང་བར་བྱ་བ་དང་དོར་བར་བྱ་བའི་དངོས་པོའི་ཡུལ་ཅན་དང་། སྐྱེས་བུའི་དོན་ཞེས་བྱ་བ་ཅན་གྱི་འཇུག་པ་དེ་ལ། དེ་གཙོ་བོ་ཉིད་ཀྱི་

ཕྱིར་ཏེ་ཤེས་པ་གཙོ་བོ་ཉིད་ཡིན་པའི་རྒྱུའི་ཕྱིར། བློ་ནི་ཚད་མ་ཉིད་ཡིན་ནོ། །བློ་ཚད་མ་ཉིད་དུ་འདོད་པ་ནི་དབང་པོ་ལ་སོགས་པ་ཡང་འཇུག་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་རྟོག་པ་དགག་པའི་ཕྱིར་རོ། །དེ་ལྟར་ན་དབང་པོ་ལ་སོགས་པ་ཡོད་པའི་སྐྱེས་བུ་ལ་འཇུག་པའི་ཡོད་པ་མ་ཡིན་ནོ། །དེ་

เล่ม ๑๗๕ · หน้า 4a

ལྟ་མ་ཡིན་ན་དེ་ཡོད་པ་ཙམ་གྱིས་འཇུག་པར་ཐལ་བའི་ཕྱིར་རོ། །འདི་ལྟར་བླང་བར་བྱ་བ་དང་དོར་བར་བྱ་བ་ཤེས་ནས་རྟོགས་པ་པོ་འདིས་ཇི་ལྟར་རིགས་པ་བཞིན་དུ་བསྟན་པར་འགྱུར་རོ། །གང་ལས་བརྩམས་ནས་བསམ་པ་སྔོན་དུ་གཏོང་བ་ཅན་གྱི་འཇུག་པར་བྱེད་པ་དང་པོ་

དེ་ནི་འདོད་པའི་དོན་ལ་འཇུག་པའི་རྒྱུ་ཡིན་ནོ། །དེ་ལས་གཞན་དུ་གྱུར་པ་དེའི་སྟོབས་ལས་བྱུང་བ་ཅན་དང་དེའི་ཡུལ་ཅན་དག་ཡིན་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ནོ། །ཚད་མའི་འབྲས་བུ་མ་ཆོད་པ་ཡང་དོན་རྟོགས་པ་ཡིན་ནོ། །དེ་ཡང་རྒྱུ་ཐམས་ཅད་ཉེ་བ་ན་ཡང་གང་ལས་ཆོད་པ་མེད་པར་རྟོགས་པའི་ཐ་སྙད་

ཐོབ་པ་ན་དེ་ཚད་མ་ཡིན་ནོ། །མཆོད་པ་དེ་ཡང་ཡུལ་དང་འདྲ་བ་ལས་གཞན་ལ་ཡོད་པ་མ་ཡིན་ནོ། །དེས་ན་བློ་ནི་ཉམས་སུ་མྱོང་བའི་བདག་ཉིད་དུ་ཐ་དད་པ་མེད་དུ་ཟིན་ཀྱང་དེ་དོན་སོ་སོ་ལ་ཐ་དད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་ཡུལ་རྣམས་ཅན་ནི་ཐ་དད་ཕྱིར་ཏེ་ཞེས་པའི་ཆོས་ཡིན་པའི་ཕྱིར། བློ་

རྟོགས་པ་ཐ་དད་པ་ཡིན་པས་ཏེ་རྒྱུ་དེའི་ཕྱིར་རོ། །དེ་ཡོད་ན་སྟེ་ལམ་གྱི་རྣམ་པ་ཅན་ཡོད་ན་འབྲས་བུ་འདི་ཡོད་ཕྱིར། བློ་ནི་ཚད་མ་ཉིད་ཡིན་ནོ། །གང་ཡོད་པ་ཉིད་ཡིན་ན་གང་འགྱུར་བ་དེ་ནི་དེའི་ཤིན་ཏུ་སྒྲུབ་པར་བྱེད་པ་ཡིན་པར་རིགས་སོ། །དེ་ཡོད་ན་ཡང་འགའ་ཞིག་གི་ཚེ་འབྲས་བུ་མེད་པ་

ཡིན་ན་ནི། ལྟོས་པར་བྱ་བ་གཞན་འདི་ལ་ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །དེའི་ཚེ་སྔ་མ་དེ་ཉིད་ལྟོས་པར་བྱ་བ་གཞན་དེས་ཆོད་པའི་ཕྱིར་ཕུལ་དུ་བྱུང་བ་ཅན་གྱི་བྱེད་པ་ཉིད་དུ་མི་འགྱུར་རོ། །དེ་བས་ན་བྱེད་པ་ཉིད་དུ་མ་ཡིན་ནོ། །དབང་པོ་ལ་སོགས་པ་ཡོད་པ་ལ་ཡང་བྱ་བ་མེད་པ་ཡིན་ཏེ། ཡུལ་

དང་འདྲ་བས་ཆོད་པའི་ཕྱིར་རོ། །འདྲ་བ་ཉིད་ཡོད་ན་ནི་གདོན་མི་ཟ་བར་དེ་རྟོགས་ཏེ། དེའི་དེ་ནི་འགའ་ཞིག་གིས་ཀྱང་ཆོད་པ་མ་ཡིན་ནོ། །ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཞན་ལ་ལྟོས་པ་མེད་པ་ཅན་གྱི་འབྲས་བུ་རྣམ་པར་གཞག་པའི་རྟེན་ཡིན་པ་དེ་ལྟར་ན་འབྲས་བུ་རྣམ་པ་གཉི་གའི་ཡང་

ཡུལ་དང་འདྲ་བ་ཉིད་རྒྱུ་ཡིན་ནོ། །དེ་ཡང་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་པའི་ཕྱིར། ཤེས་པ་ཉིད་ཚད་མ་ཡིན་ནོ། །བརྗོད་པའི་ཡུལ་ལ་ཚད་མ་གཞན་མི་འཇུག་པས་བརྗོད་པ་ཚད་མ་ཉིད་མ་ཡིན་པར་མ་གྱུར་ཅིག་སྙམ་པས། ཚད་མ་རྣམས་རང་ཉིད་ཀྱིས་ཚད་མ་ཉིད་ཡིན་གྱི།

เล่ม ๑๗๕ · หน้า 4b

ཚད་མ་གཞན་གྱི་དབང་གིས་ནི་མ་ཡིན་ནོ་ཞེས་གཞན་སྨྲ་སྟེ། དེ་དང་དེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྐད་དུ་བརྗོད་པ་འདིའི་དོན་འགའ་ཞིག་ཀྱང་མི་རུང་ངོ་། །དེ་ལྟར་ན་ཚད་མ་རྣམས་རང་ཉིད་ཀྱིས་ཚད་མ་ཉིད་གྲུབ་པ་ཡིན་ནོ་ཞེས་བྱ་བ་མངོན་པར་གསལ་བའམ། སྐྱེ་བ་ཚད་

མ་ཉིད་ཡིན་པར་བརྗོད་གྲང་ན། གྲུབ་པ་ནི་རྣམ་པ་གཉིས་ལ་མཐོང་སྟེ། དཔེར་ན་སྒྲ་གྲུབ་པ་དང་འབྲས་བུ་ཅན་གྲུབ་པ་ཞེས་བྱ་བ་ལྟ་བུའོ། །རེ་ཞིག་སྐྱེ་བ་མ་ཡིན་ཏེ། །སྐྱེས་པ་དང་། མ་སྐྱེས་པའི་གནས་སྐབས་དག་ལ་ཤེས་པ་ནི་ཚད་མ་ཉིད་ལ་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །མ་

སྐྱེས་པ་ནི་མེད་པ་ཡིན་ཏེ། མེད་པའི་བྱ་བ་མི་རུང་བའི་ཕྱིར་རོ། །སྐྱེས་པ་ཡིན་ན་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར་ཚད་མ་ཉིད་ཀྱང་དེའི་ཚེ་སྐྱེས་པ་ཉིད་ཡིན་ནོ། །དེ་ལྟར་ན་འབྲས་བུ་མེད་པའི་ཕྱིར། གང་གང་ལས་འགྱུར་ཞིང་གང་གིས་ན་ཚད་མ་ཉིད་རང་ལས་སྐྱེ་བར་འགྱུར། དབང་པོ་ལ་

སོགས་པ་དོན་གཞན་དུ་གྱུར་པ་དག་ལས་ཤེས་པ་ཚད་མའི་ངོ་བོ་ཅན་སྐྱེས་པ་དེ་ལྟར་ན། རང་ལས་སྐྱེ་བ་མ་ཡིན་ནོ། །ཅི་སྟེ་འདི་ནི་ཚད་མ་ཡིན་ནོ་ཞེས་ངེས་པའི་མཚན་ཉིད་ཅན་གྱི་ཚད་མའི་མངོན་པར་གསལ་བ་རང་ལས་འགྱུར་བ་དེ་ལྟར་ན། རང་ལས་གྲུབ་པ་ཡིན་པ་དེ་ནི་རིགས་པ་ཉིད་

མ་ཡིན་ནོ། །འདི་ལྟར་ཚད་མ་དང་དེར་སྣང་བ་དག་སྐྱེ་བའི་དུས་ན་ཁྱད་པར་ངེས་པར་བཟུང་བ་མེད་དེ། འཇིག་རྟེན་ན་ཚད་མ་དང་ཅིག་ཤོས་དག་ལ་ཐེ་ཚོམ་ཟ་བ་མཐོང་བའི་ཕྱིར་རོ། །གལ་ཏེ་ཚད་མ་རང་ཉིད་ལས་གྲུབ་པ་ཡིན་པར་འགྱུར་ན་བསྟན་བཅོས་བྱེད་པ་དག་གིས་ཕན་ཚུན་འགལ་

བ་ཅན་གྱི་ཚད་མའི་མཚན་ཉིད་བྱེད་པར་མི་འགྱུར་རོ། །ཚད་མ་སྐྱེས་པ་ཉིད་ན་ཚད་མ་དང་། ཚད་མ་མ་ཡིན་པའི་ངོ་བོའི་རྣམ་པར་དབྱེ་བ་གྲུབ་པའི་ཕྱིར་མཚན་ཉིད་གཅིག་པ་ཅན་ཉིད་བྱེད་པར་འགྱུར་རོ། །གཞན་ཡང་བདག་ཉིད་ཚད་མ་དང་དེར་སྣང་བའི་ངོ་བོ་ཡོངས་སུ་གཅོད་པའི་ཕྱིར།

འགའ་ཞིག་འགའ་ཞིག་ལ་འཁྲུལ་པ་ཡིན་ནོ། །དེ་སྐད་དུ་བརྗོད་པ་དེས་ཀྱང་མཚན་ཉིད་དེ་ལྟར་བྱ་བ་མ་ཡིན་ནོ། །བྱེད་ན་རང་ཉིད་ཀྱི་བརྗོད་པ་ལ་གནོད་པར་བྱེད་དོ། །ངོ་བོ་དེས་གཞན་གྱིས་ཚད་མ་རིག་པར་བྱ་བའི་ཕྱིར་མཚན་ཉིད་བྱེད་པ་ཡིན་ན། དེ་ཡང་རིགས་པ་མ་ཡིན་ནོ། །འདིའི་

เล่ม ๑๗๕ · หน้า 5a

རང་གི་རྟོགས་པ་དང་འགལ་བ་ཡང་ཡིན་ནོ། །ཇི་ལྟར་བརྗོད་པའི་ལོག་པའི་དོན་ཅན་ཉིད་ཀྱི་རྒྱུ་མེད་པ་ཀུན་ནས་བསྟན་པས་སྐྱེས་བུས་མ་བྱས་པ་ཉིད་ཚད་མ་ཉིད་དུ་གྲུབ་པར་སྟོན་པ་དེ་ལྟར་ན་རང་ལས་གྲུབ་པ་མ་ཡིན་ནོ། །གཞན་ཡང་ཤེས་པ་ཡོད་པ་ཉིད་ཀྱིས་ཚད་མ་

ཉིད་ཀྱི་ངེས་པ་འདོད་པ་དེས་ཤེས་པས་རང་གི་ངོ་བོ་རིག་པའི་ཕྱིར་རང་རིག་པ་འདོད་པར་འགྱུར་རོ། །སྐྱོན་དེ་བསལ་བར་འདོད་པས་ཤེས་པ་གཞན་ལས་གྲུབ་པར་འདོད་པ་ན་རང་ལས་གྲུབ་པ་མ་ཡིན་ནོ། །ཅི་སྟེ་དེའི་མཚན་ཉིད་གཞན་གྱིས་བྱས་པ་མ་ཡིན་ནོ་ཞེས་སེམས་ན་ཡང་། དེ་ནི་འདོད་པ་ཉིད་

ཡིན་ནོ། །དེ་ལྟར་ན་རང་གི་རྒྱུ་ལས་དེ་ལྟ་བུར་གྱུར་པ་ཉིད་དུ་སྐྱེས་པ་དེ་ནི་ཚད་མ་གཞན་ནམ་གཞན་གྱིས་ཀྱང་འདིའི་ཚད་མ་ཉིད་ཀྱི་རང་བཞིན་བྱས་པ་མ་ཡིན་ནོ། །འོ་ན་གལ་ཏེ་ཁྱོད་ཅག་གི་ཚད་མ་ཉིད་ཇི་ལྟར་གྲུབ་པ་ཡིན་ཞེ་ན། ཁོ་བོ་ཅག་གི་ནི་རང་ལས་རང་གི་ངོ་བོར་རྟོགས། རང་

རིག་པ་ལས་ཚད་མ་ཞེས་བྱ་བའི་ཤེས་པ་དེའི་ཤེས་པ་ཡོད་པ་ཉིད་གྲུབ་པ་ཡིན་གྱི། ཚད་མ་ཉིད་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པ་མེད་པའི་ཕྱིར་ཚད་མ་ཉིད་ཀྱང་བཟུང་བ་ཉིད་ཡིན་ནོ་ཞེ་ན་བདེན་ཏེ། མངོན་སུམ་དེ་ནི་ཆར་སྐྱེ་བ་མ་ཡིན་པའི་ཕྱིར། དེ་

ཡང་བཟུང་བ་ཉིད་ནི་ཡིན་མོད་ཀྱི། འོན་ཀྱང་བཟུང་བའི་རྣམ་པ་གང་ཡིན་པ་དག་ལ་ཡང་ངེས་པ་སྐྱེད་པར་བྱེད་པ་དེ་ལ། འཇུག་པར་བྱེད་པའི་ཕྱིར་ཚད་མ་ཉིད་དུ་འདོད་ཀྱི། གཞན་དུ་ནི་མ་ཡིན་ནོ། །མཐོང་བ་ལས་ཁྱད་པར་མེད་ན་ཡང་། རྣམ་པ་གང་དོན་དུ་གཉེར་བ་དང་། གོམས་པ་དང་

སྐབས་ལ་སོགས་པ་ངེས་པའི་རྒྱུ་ཡོད་ན་དེ་ངེས་པ་ཡིན་གྱི། གཞན་ཆོད་པ་ནི་མ་ཡིན་ནོ། །དེས་ན་ཤེས་པ་ཡོད་པ་ཉིད་དམིགས་པ་ན་ཚད་མ་ཉིད་བཟུང་དུ་ཟིན་ཀྱང་མ་བཟུང་བ་དང་འདྲ་བ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཚད་མ་ཉིད་ངེས་པར་བྱ་ཞེ་ན། ཐ་སྙད་

ཀྱིས་ནི་ཚད་མ་ཉིད་དུས་ཕྱིས་འབྱུང་བ་ཅན་གྱི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པས་སོ། །གལ་ཏེ་ཐ་སྙད་ཀྱིས་ཚད་མ་ཉིད་རྟོགས་པ་ཡིན་པ་དེའི་ཚེ་བསྟན་བཅོས་དོན་མེད་པ་ཅན་ཡིན་པའི་ཕྱིར། བརྩམ་པར་བྱ་བ་མ་ཡིན་པར་འགྱུར་རོ། །དོན་མེད་པ་ཅན་མ་ཡིན་ཏེ། གང་གི་ཕྱིར། བསྟན་

เล่ม ๑๗๕ · หน้า 5b

བཅོས་རྨོངས་པ་ཟློག་བྱེད་ཡིན། །འཇུག་པར་བྱེད་པའི་ཚད་མའི་མཚན་ཉིད་མི་ཤེས་པར་འཇུག་པ་ན་སླུ་བ་སྲིད་པའི་ཕྱིར་རོ། །འཇུག་པར་འདོད་པས་འཇུག་པ་ལས་སྔར་ཚད་མ་དང་དེར་སྣང་བ་དག་གི་མཚན་ཉིད་རྟོགས་པར་བྱ་བ་ཡིན་ནོ། །དེ་ཡང་བདག་ཉིད་ཀྱིས་མི་རིག་པ་གང་ཡིན་པ་དེ་ཡང་

དག་པའི་ཤེས་པ་ཉེ་བར་མཚོན་པར་གྱུར་པའི་ཆོས་སྟོན་པའི་མཚན་ཉིད་ཅན་གྱི་བསྟན་བཅོས་ལས། ཇི་སྐད་དུ་བསྟན་པའི་མཚན་ཉིད་ཀྱིས་མི་སླུ་བ་རིག་པར་བྱས་ནས་རྣམ་པ་འགའ་ཞིག་གིས་འཇུག་པར་འགྱུར་བའི་ཕྱིར། བསྟན་བཅོས་བྱེད་པ་ཡིན་ཏེ། རྟོགས་པ་པོའི་ཚད་མ་

དང་། ཅིག་ཤོས་མི་ཤེས་པ་ལྡོག་པར་བྱེད་པ་ཡིན་པ་དེ་ལྟར་ན་དོན་མེད་པ་མ་ཡིན་ནོ། །ཚད་མ་རབ་ཏུ་གྲགས་པ་ཉིད་དང་ཐ་སྙད་ཀྱང་ཡིན་པ་དེ་ལྟར་ན། བསྟན་བཅོས་ནི་ཅི་ཡང་མི་རུང་ངོ་ཞེས་སྨྲ་བ་གང་ཡིན་པ་དེའི་ཡང་། དེ་སྐད་དུ་བརྗོད་པ་ཉིད་རིགས་པ་ཉིད་མ་ཡིན་ནོ། །

དེ་ལྟར་ན་ཚད་མ་དག་ནི་རབ་ཏུ་གྲགས་པ་ཉིད་མ་ཡིན་ཏེ། ཕན་ཚུན་འགལ་བའི་མཚན་ཉིད་བྱེད་པས་མཁས་པ་སྙམ་སེམས་པ་དག་གི་ཡང་ལོག་པར་རྟོགས་པ་མཐོང་བའི་ཕྱིར། འཇིག་རྟེན་ནི་སྨོས་ཀྱང་ཅི་དགོས་སོ། །དེ་ཉིད་ཀྱི་ཕྱིར་ཚད་མ་མེད་པ་སྔོན་དུ་སོང་བ་ཅན་གྱི་

འཇུག་པ་ན་འདི་སླུ་བར་འགྱུར་རོ། །འགའ་ཞིག་གི་ཚེ་མི་སླུ་བར་འགྱུར་བ་གང་ཡིན་པ་དེ་ཡང་བྱ་རོག་དང་། ཏ་ལའི་ཚུལ་གྱིས་ཡིན་པ་དེ་ལྟར་ན་དེ་ནི་ཅིར་ཡང་མི་རུང་ངོ་། །དེ་བས་ན་དེ་ལྟར་ཚད་མའི་མཚན་ཉིད་མི་སླུ་བ་གཅིག་ཅིག་བཤད་དོ། །མི་ཤེས་དོན་གྱི་གསལ་བྱེད་ཀྱང་། །

གཞན་མཚན་ཉིད་གཉིས་པ་ཡིན་ནོ། །རྟོགས་པ་པོའི་མི་ཤེས་པའི་དོན་གྱི་དངོས་པོའི་དེ་ཁོ་ན་ཉིད་ཀྱི་གསལ་བར་བྱེད་པ་སྟེ། མངོན་པར་གསལ་བར་བྱེད་པའི་ཤེས་པ་ཡང་ཚད་མ་ཡིན་ནོ། །དོན་བྱེད་པར་མི་སླུ་བ་ཉིད་ཀྱི་ཕྱིར་དེ་དང་དེ་རྟོགས་པར་བྱའོ། །དོན་སྨོས་པས་ནི་ཟླ་བ་

གཉིས་ལ་སོགས་པར་སྣང་བ་ཚད་མ་ཉིད་མ་ཡིན་པར་བཤད་དེ། མི་ཤེས་པ་དེ་བཟུང་དུ་ཟིན་ཀྱང་དེའི་དོན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འོ་ན་ཇི་ལྟར་ན་ལྡོག་པའི་ཡུལ་ཅན་གྱིས་མི་དམིགས་པ་ཚད་མ་ཉིད་ཡིན་ཞེ་ན་མ་ཡིན་ཏེ། འདིར་ཡང་རང་གི་མཚན་ཉིད་མེད་པ་ཉིད་དུ་གསལ་

เล่ม ๑๗๕ · หน้า 6a

བར་བྱེད་པའི་ཕྱིར་རོ། །དོན་སྨོས་པས་ཀྱང་དངོས་པོ་ཡོད་པ་དང་མེད་པ་ཉིད་ཀྱི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཡིན་པར་བཞེད་དོ། །གལ་ཏེ་དོན་མ་རྟོགས་པ་གསལ་བར་བྱེད་པ་ཚད་མ་ཡིན་པ་དེའི་ཚེ། རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །རང་

གི་མཚན་ཉིད་ཁོང་དུ་ཆུད་པ་ལས་དུས་ཕྱིས་སྤྱིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་མངོན་སུམ་གྱིས་མ་བཟུང་བ་ཉིད་ཀྱི་སྤྱི་ཡུལ་ཉིད་དུ་བདག་གིར་བྱེད་པའི་ཕྱིར། དེ་ཡང་ཚད་མ་ཉིད་ཐོབ་ན་མི་འདོད་དོ། །དེ་བས་ན་མཚན་ཉིད་འཁྲུལ་པ་ཡིན་ནོ་ཞེ་ན། སྐྱོན་དེ་ནི་མེད་དེ་འདི་ལྟར་

མངོན་སུམ་གྱི་ཤེས་པས་དེ་དང་དེ་ལས་ལོག་པའི་ངོ་བོ་ཅན་གྱི་སྔོན་པོ་ལ་སོགས་པའི་ཡུལ་ལ་འཛིན་པ་ན། ཇི་ལྟར་ཡོངས་སུ་མཐོང་བའི་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་དྲན་པའི་ཤེས་པ་སྐྱེ་བར་འགྱུར་བའི་ཕྱིར། དོན་མ་རྟོགས་པ་རྟོགས་པར་བྱེད་པ་པོ་མ་ཡིན་ན། གང་གིས་ན་

འདི་ཚད་མ་ཉིད་ཡིན་པའི་ཕྱིར་མཚན་ཉིད་འཁྲུལ་པར་འགྱུར། མ་རྟོགས་པ་སྤྱི་ཤེས་པའི་ཤེས་པས་རྟོགས་པ་ཡང་བླ་སྟེ། དེ་ལྟར་ན་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །འཁྲུལ་པ་མེད་པ་ཁོ་ན་ཡིན་ནོ། །རང་གི་མཚན་

ཉིད་མ་རྟོགས་པ་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་པ་དེ་ལྟར་ན། ཁྱད་པར་དང་བཅས་པའི་མཚན་ཉིད་བཤད་པས་སྤྱི་ཤེས་པ་ནི་ཚད་མ་མ་ཡིན་ནོ། །གལ་ཏེ་འོ་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་ཐོབ་སྟེ། སྒྲའི་རང་བཞིན་གྱི་མི་རྟག་པ་ཉིད་མཐོང་

བ་ཤེས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་ཐམས་ཅད་ལས་ལྡོག་པའི་སྒྲའི་བདག་ཉིད་ཐུན་མོང་མ་ཡིན་པ་བཟུང་དུ་ཟིན་ཀྱང་། རྣམ་པར་གང་ལ་མངོན་སུམ་དེས་ངེས་པ་ལ་སོགས་པ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་དེ་ཉིད་ཐ་སྙད་དུ་རུང་བ་བཟུང་བ་ཡིན་གྱི་གཞན་མ་ཡིན་པ་དེ་ལྟར་ན་མ་བཟུང་

བ་ཉིད་ལ་འཇུག་པའི་ཕྱིར་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ནོ་ཞེས་དེ་སྔར་བསྟན་ཟིན་ཏོ། །ཅིའི་ཕྱིར་རང་གི་མཚན་ཉིད་རྟོགས་པའི་ཤེས་པ་གང་ཡིན་པ་དེ་ཚད་མར་འདོད་ཀྱི་གཞན་མ་ཡིན་ཞེ་ན། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །རང་གི་མཚན་ཉིད་ཁོ་ན་དོན་གྱི་བྱ་བ་བྱེད་

เล่ม ๑๗๕ · หน้า 6b

པ་དེ་ལྟར་ན་དེའི་དོན་དུ་སྐྱེས་བུ་རང་གི་མཚན་ཉིད་དོན་བྱེད་པའི་རྟེན་འདོད་པ་ཡུལ་དེ་ཉིད་ལ་ཚད་མ་ཚོལ་བར་བྱེད་ཀྱི། དོན་བྱེད་པ་མ་ཡིན་པའི་ཡུལ་གཞན་ལ་ནི་མ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་གྲུབ་པས་དོན་བྱེད་པ་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་དོན་བྱེད་པར་མི་ནུས་པ་མེད་པའི་

ཡུལ་ཅན་གྱི་རྗེས་སུ་དཔག་པ་ནི་ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། འདི་ལ་ཡང་རང་གི་མཚན་ཉིད་མ་རྟོགས་པ་ལ་མི་ཤེས་པའི་དོན་གྱི་ཡུལ་ཅན་ཉིད་ཡོད་པའི་ཕྱིར་རོ། །རང་གི་མཚན་ཉིད་ཁོ་ན་མེད་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་དོན་གྱི་བྱ་བ་

བྱེད་པ་དགག་པར་བྱ་བ་མེད་པ་ཉིད་དུ་རྟོགས་པའི་ཕྱིར་རམ། ཕྱོགས་ལ་སོགས་པ་དེས་དབེན་པའི་ཡུལ་དེ་ལྟར་དེས་དབེན་པའི་ངོ་བོར་ཤེས་པའི་ཕྱིར། དོན་དམ་པར་མི་དམིགས་པ་ཡང་རང་གི་མཚན་ཉིད་ཀྱི་རྟེན་ཅན་ཉིད་ཡིན་ནོ། །གང་དུ་ནམ་མཁའ་ལ་སོགས་པ་རྣམ་པར་གཅོད་

པ་ན་ཕྱི་རོལ་གྱི་དངོས་པོའི་རྟེན་མེད་པ་དེ་ལ་ཡང་ནམ་མཁའི་རྒྱུས་སྟོང་པ་དེའི་རྣམ་པར་རྟོག་པའི་བློ་ཉིད་རྟེན་ཡིན་པ་དེ་ལྟར་ན། ཐམས་ཅད་དུ་དངོས་པོ་ལ་རེག་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་མཚན་ཉིད་རྣམ་པ་གཉིས་བརྟེན་པའི་ངོ་བོ་ཅན་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །

དེ་བཞིན་བཅོམ་ལྡན་ཚད་མ་ཉིད། །འདི་ཚད་མ་དང་ཡང་ཅི་ཞིག་མཚུངས་ན། གང་གིས་ན་ཚད་མ་དང་འདྲ་བས་ཚད་མ་ཉིད་ཡིན་ཚད་མའི་མཚན་ཉིད་རྣམ་པ་གཉིས་ཉིད་དང་མཚུངས་པ་ཡིན་ནོ། །ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་ལ་མི་སླུ་བའི་ཕྱིར་དང་།

མི་ཤེས་པའི་དོན་གསལ་བར་བྱེད་པའི་ཕྱིར་ཚད་མ་ཉིད་ཡིན་ནོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱང་ངེས་པར་ལེགས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྐྱེས་བུའི་དོན་ལ་མི་སླུ་བར་མཛད་པ་དང་། རྟོགས་པ་པོས་སྐྱེས་བུའི་དོན་བསྒྲུབ་པར་བྱ་བ་མི་ཤེས་པ་སྟོན་པར་མཛད་པའི་ཕྱིར་

ཚད་མ་ཉིད་ཡིན་ནོ། །ཚད་མ་ཉིད་ཀྱི་ཆོས་མཐུན་པ་ཉིད་ཅན་འཆད་པར་འགྱུར་བར་བྱས་ནས་དཔེར་བྱས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཚད་མ་ཉིད་ལ་ཞེས་བྱས་པས་ཆོག་མོད་ཀྱི་ཅིའི་ཕྱིར་གྱུར་པ་བརྗོད་ཅེ་ན་མ་སྐྱེས་པ་ནི་བཟློག་པའི་ཕྱིར་གྱུར་བརྗོད། མ་སྐྱེས་པ་རྟག་པའི་

เล่ม ๑๗๕ · หน้า 7a

མཚན་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེས་མ་སྐྱེས་པ་བཟློག་པའི་དོན་དུ་གྱུར་པ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་གང་ཡིན་པ་དེ་དང་དེ་ནི་སྐྱེས་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །གང་གི་ཚེ་དེ་སྐྱེ་བ་ཡིན་པ་དེའི་ཚེ་ཡུལ་དང་དུས་དང་རང་

བཞིན་གྱི་ངེས་པར་མི་རུང་བའི་ཕྱིར་དེ་ནི་གློ་བུར་བར་རིགས་པ་ཡིན་ནོ་ཞེས་དོན་གྱི་རང་གི་རྒྱུ་སྟོན་པར་བྱེད་དོ། །ཚད་མ་དེ་ནི་བཅོམ་ལྡན་འདས་ཀྱིས་སྒྲུབ་བྱེད་ལ་ལྟོས་པ། གང་གི་ཕྱིར་བཅོམ་ལྡན་འདས་ཚད་མ་ཉིད་དུ་བཞུགས་པ་དང་། དེའི་སྒྲུབ་པར་བྱེད་པ་དག་འཆད་པར་འགྱུར་རོ། །

དེའི་སྒྲུབ་པར་བྱེད་པ་ནན་ཏན་དུ་བྱེད་པ་ལས་ཀྱང་ཚད་མ་ཉིད་ཡོད་པར་གྱུར་པ་དེའི་ཕྱིར། བཅོམ་ལྡན་འདས་ནི་ཚད་མ་ཉིད་ཡིན་པར་རིགས་སོ། །སྦྱོར་བ་ནི་གང་གིས་སྒྲུབ་པར་བྱེད་པ་གང་ཕྱིན་ཅི་མ་ལོག་པར་ནན་ཏན་དུ་བྱས་པ་དེ་ནི་དེ་ཐོབ་པར་འགྱུར་ཏེ། དཔེར་ན་ནད་པས་ནད་མེད་

པ་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་ནན་ཏན་དུ་བྱས་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱང་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་ནན་ཏན་མཛད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་སྐྱེས་པ་རྟག་པའི་ཚད་མ་ཉིད་ཡོད་པ་མ་ཡིན་ནོ་ཞེས་

བྱ་བ་དེ་གང་ལས་ཡིན། དེ་ལྟར་ན་ནམ་མཁའ་ལ་སོགས་པ་ཁྱད་པར་བྱེད་པ་ཉིད་ཡིན་པ་བཞིན་དུ་དབང་ཕྱུག་ཉིད་དུ་མངོན་པར་འདོད་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཤེས་པ་རྟག་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར། ཚད་མ་རྟག་པ་ཉིད་ཡོད་མིན། །ཅིའི་

ཕྱིར་ཞེ་ན། དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །དངོས་པོ་ཡང་དེ་ཡིན་ལ་ཡོད་པ་ཡང་ཡིན་པས་ན་དངོས་པོ་ཡོད་པའོ། །དངོས་པོ་ཡོད་པ་དེ་རྟོགས་པ་ནི་ཤེས་པའོ། །དེ་ཉིད་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །ཚད་མའི་ཡུལ་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་

ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེ་ལྟར་ན་དེའི་ཡུལ་གྱི་རྟོགས་པ་ཡང་ཐམས་ཅད་དུ་འགྱུར་བ་མ་ཡིན་ནོ། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །ཚད་མའི་ཡུལ་གྱི་དོན་མི་རྟག་པ་ཉིད་ཀྱི་རྒྱུས་དེའི་ཡུལ་ཅན་གྱི་དངོས་པོ་ཡོད་པ་རྟོགས་པ། དེ་ནི་མི་བརྟན་ཉིད་ཕྱིར་རོ། །

เล่ม ๑๗๕ · หน้า 7b

ཚད་མ་ཉིད་རྟག་པ་མ་ཡིན་ནོ། །སྦྱོར་བ་ནི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པའི་ཡུལ་ཡོད་པ་མ་ཡིན་ན། དེའི་བདག་ཉིད་ཀྱང་ཡོད་པར་མི་འགྱུར་ཏེ། དཔེར་ན་རི་བོང་གི་རྭ་མཐོང་བ་ཡུལ་མེད་པ་ཅན་ཡིན་པ་ལྟ་བུའོ། །དངོས་པོའི་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་གནས་སྐབས་

ཀྱི་མཐོང་བའི་ཡུལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །ཤེས་པ་གང་མི་རྟག་པའི་ཡུལ་ཅན་ཡིན་པ་དེ་ནི་བདག་ཉིད་ཀྱང་མི་རྟག་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱིས་མེ་མཐོང་བ་ལྟ་བུའོ། །མངོན་པར་འདོད་པ་སྐྱེས་བུའི་དངོས་པོ་མི་རྟག་པ་མཐོང་བ་ཡང་མི་རྟག་པའི་

ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་ན། མི་རྟག་པའི་ཡུལ་ཅན་གྱི་ཤེས་པ་མི་རྟག་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་ཤེས་པ་དེ་གང་གིས་ཡིན་པའི་ཤེས་པ་པོ་དེ་རྟག་པ་ཡིན་ནོ་ཞེ་ན། དེའི་ཤེས་པ་ཡང་། རིམ་བཞིན་སྐྱེ་བ་ཅན་དག་ནི། །

ཤེས་པ་པོ་ཉིད་དུ་མངོན་པར་འདོད་པའོ། །རྟག་ལས་སྐྱེ་མི་རུང་ཕྱིར་རོ། །སྐྱེ་བ་མི་རུང་བའི་ཕྱིར་དེ་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ལྟར་ན། དེ་དང་འབྲེལ་པ་ཅན་མ་ཡིན་ནོ། །ཅིའི་ཕྱིར་རྟག་པ་ལས་ཀྱང་རིམ་བཞིན་དུ་ཤེས་པ་མི་སྐྱེ་ཞེ་ན། འདི་ལྟར་རང་བཞིན་གང་གིས་རྒྱུ་ཡིན་པ་

དེ་ནི་གཅིག་ལ་ལྟོས་པ་ཡོད་པའི་ཕྱིར་དེ་ཙམ་གྱིས་འབྱུང་བའི་ངང་ཚུལ་ཅན་ནི་རིམ་བཞིན་དུ་འགྱུར་བ་མ་ཡིན་ནོ། །ཅི་སྟེ་ནུས་ན་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་ནས་ཤོལ་བར་བྱེད་པར་འགྱུར་བ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན་ལྟོས་པ་མི་རུང་བའི་ཕྱིར་རོ། །དེ་གང་གི་ཕྱིར་ཞེ་ན། རྣམ་

འགས་ཕན་འདོགས་མོད་ཕྱིར་རོ། །རྟག་པ་ཉིད་ཀྱི་ཕྱིར་གཞན་དག་གིས་ཁྱད་པར་དུ་བྱ་བ་མེད་པ་ལ་ལྟོས་པ་ཅི་ཞིག་ཡོད་ཅེས་མང་དུ་བཤད་ཟིན་ཏོ། །དེ་བས་ན་ཤེས་པ་དང་ཤེས་པ་པོ་དག་ལས་ཕན་གདགས་པར་བྱ་བ་ཕན་འདོགས་པར་བྱེད་པའི་ངོ་བོ་ཅུང་ཟད་ཀྱང་མེད་པ་དེས་ན། ཤེས་

པ་དང་ལྡན་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དང་ལྷན་ཅིག་ཕན་གདོགས་པར་བྱ་བར་དང་ཕན་འདོགས་པར་བྱེད་པའི་ངོ་བོ་མེད་པ་དེ་ནི་དེ་དང་ལྡན་པ་ཉིད་དུ་ཐ་སྙད་བྱ་བར་རིགས་པ་མ་ཡིན་ཏེ། དཔེར་ན་གཞན་འགའ་ཞིག་དང་འབྲེལ་པ་མེད་པ་ལྟ་བུའོ། །དངོས་པོའི་དེ་ཁོ་ན་

เล่ม ๑๗๕ · หน้า 8a

ཉིད་ཤེས་པ་ཡང་རྟག་པར་མངོན་པར་འདོད་པའི་དངོས་པོ་དང་ལྷན་ཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་ངོ་བོར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ནི་འགྱུར་ན་རྟག་པ་ཉིད་ནི་མ་ཡིན་མོད་ཀྱི་འོན་ཀྱང་མི་

རྟག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཉིད་ཚད་མ་ཉིད་དང་དུས་ཐམས་ཅད་དུ་ཡོད་པ་ཅན་དུ་འགྱུར་རོ་ཞེ་ན། མི་རྟག་ན་ཡང་འདོད་ན་ཚད་མེད་ཅན་སྙམ་དུ་སེམས་པའི་རྗེས་སུ་དཔག་པའི་ཚད་མ་ཉིད་མེད་པའི་ཕྱིར། ཡོད་པའི་ཐ་སྙད་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་ཞིག་གང་

ཡོད་པར་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་པ་དེ་ནི་དེའི་དོན་ཡོད་པ་རྟོག་པ་དང་ལྡན་པས་ངེས་པ་མ་ཡིན་ཏེ། དཔེར་ན་ཚད་མ་མེད་པ་ཅན་གྱི་དོན་ཅན་འགའ་ཞིག་གི་ལྟ་བུའོ། །མངོན་པར་འདོད་པའི་སྐྱེས་བུ་མི་རྟག་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་ཚད་མ་ཉིད་ཅན་ལ་ཡང་དེ་ཡོད་པའི་སྒྲུབ་པར་

བྱེད་པ་མེད་དོ་ཞེས་བྱ་བ་ནི། ཡོད་པའི་ཐ་སྙད་འགོག་པའི་མི་དམིགས་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་མངོན་པར་འདོད་པའི་ཚད་མར་གྱུར་པའི་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡང་གང་ཡིན་ཞེ་ན། དེའི་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ནན་ཏན་དུ་མཛད་པ། དེའི་ཕྱིར་ཚད་མ་ཉིད་ཡིན་

རིགས་ཞེས་བྱ་བ་བཤད་ཟིན་ཏོ། །འོ་ན་འདི་ལ་ཡང་སྒྲུབ་པར་བྱེད་པ་ཡོད་པ་ཉིད་ཡིན་ཏེ་སྡོད་ནས་འཇུག་པའི་ཕྱིར་དང་། དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། དོན་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་ལུས་དང་གནས་དང་། བྱེད་པ་དག་ནི་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུ་

སྔོན་དུ་སོང་བ་ཅན་ཡིན་ནོ། །དེས་ན་གང་ཞིག་གང་ཡོད་པའི་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་གྲུབ་པ་མ་ཡིན་ནོ། །གང་དང་གང་སྡོད་ནས་འཇུག་པ་དེ་དང་དེ་ནི་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་ཡིན་

ཏེ། དཔེར་ན་སྟེའུ་ལ་སོགས་པ་ལྟ་བུའོ། །འཇིག་རྟེན་གྱི་ལུས་དང་གནས་དང་བྱེད་པ་དག་ཀྱང་འདུག་ནས་འཇུག་པའི་ཕྱིར། གང་ལ་ལོག་པར་རྟོགས་པ་ཡོད་པ་དག་ལ་ཡིན་ནོ། །གང་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་དེ་ནི་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུ་སྔོན་དུ་སོང་བ་ཅན་ཡིན་ཏེ།

เล่ม ๑๗๕ · หน้า 8b

དཔེར་ན་གཞལ་ཡས་ཁང་ལ་སོགས་པ་ལྟ་བུའོ། །ལུས་དང་གནས་ལ་སོགས་པ་ཡང་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །གང་དོན་བྱེད་པར་ནུས་པ་དེ་ནི་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་དོན་བྱེད་པའི་བདག་ཉིད་ལ་འཇུག་པ་ཡིན་ཏེ། དཔེར་

ན་དགྲ་སྟ་ལ་སོགས་པ་ལྟ་བུའོ། །ལུས་དང་གནས་དང་བྱེད་པ་དག་ལ་ཡང་ལ་ལར་དོན་བྱེད་པར་ནུས་པ་ཡོད་དོ་ཞེས་བྱ་བ་ནི་སྦྱོར་བ་ཡིན་ནོ། །དེ་ནི་སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། དོན་བྱེད་པ་ལ་སོགས་པ་དག །འབྲས་བུའི་གཏན་ཚིགས་ཉིད་དུ་མངོན་པར་འདོད་པའི་སྒྲུབ་པར་བྱེད་པ་དེ་དག་

ལའོ། །སོགས་པ་སྨོས་པས་དེ་དག་སྒྲུབ་པར་བྱེད་པ་གཞན་དག་ཀྱང་ངོ་། །འདོད་པ་སྒྲུབ་པའམ་དངོས་སམ་བརྒྱུད་པས་ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་གནས་དང་བྱེད་པ་ལ་སོགས་པ་དག་གི་བློའི་མཚན་ཉིད་ཅན་

གྱི་སེམས་པའི་ཁྱད་པར་ལས་མངོན་པར་གྲུབ་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་དེ་ལས་གཞན་པའི་ཕན་འདོགས་པར་བྱེད་པ་ལ་ལྟོས་པ་མེད་པའི་སྐྱེས་བུ་གཅིག་གི་ཁྱད་པར་གྱི་བློས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་ཉིད་སྒྲུབ་པ་དེའི་ཚེ་དཔེ་མ་གྲུབ་པ་ཡིན་ཏེ། དཔེ་བསྒྲུབ་

པར་བྱ་བས་སྟོང་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་སྐྱེས་བུ་བྱིན་གྱིས་བརླབས་པའི་དབང་གིས་སྟེའུ་ལ་སོགས་པའི་འཇུག་པ་འམ། དེ་བཞིན་དུ་གཞལ་ཡས་ཁང་ལ་སོགས་པ་གྲུབ་པའམ། དེ་ལྟ་བུར་གྱུར་པའི་སྐྱེས་བུས་བྱིན་གྱིས་བརླབས་པའི་དགྲ་སྟ་ལ་སོགས་པ་

དག་གིས་རང་གི་དོན་བྱེད་པ་མ་མཐོང་ངོ་། །ཐམས་ཅད་དུ་དངོས་སམ་བརྒྱུད་པས་སེམས་ཅན་དུ་མ་ཉེ་བར་སྦྱོར་བའི་ཕྱིར་རོ། །ཉེ་བར་སྦྱོར་བདག་ལ་ཡང་ཐམས་ཅད་དེ་ལ་ཉེ་བར་སྦྱོར་བ་ན་གཅིག་མེད་པ་ན་ཡང་འབྲས་བུ་མེད་པས། ཡོན་ཏན་གཙོ་བོར་གྱུར་པ་ཉིད་ཀྱི་ངེས་པ་མེད་པའི་ཕྱིར།

ཡོན་ཏན་གཙོ་བོར་གྱུར་པའི་ཁྱད་པར་མེད་དོ། །སྡོད་ནས་འཇུག་པའི་ཕྱིར་དང་། དོན་བྱེད་པར་ནུས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་དག་ནི། ཡང་ན་ཐེ་ཚོམ་ཟ་བ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུ་དེ་ཉིད་ཀྱིས་མ་ངེས་པ་ཡང་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུ་

เล่ม ๑๗๕ · หน้า 9a

གཞན་གྱིས་བྱིན་གྱིས་བརླབས་པ་དེ་ནི་སྡོད་ཅིང་། སྡོད་ནས་ལུས་ལ་སོགས་པ་དག་ལ་འཇུག་པར་བྱེད་ན། ཐུག་པ་མེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པས་དོན་གྱིས་བྱ་བ་བྱེད་པ་ནི་མ་ཡིན་ནོ། །

དེ་ནི་སྡོད་ནས་འཇུག་པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་རིགས་པ་མ་ཡིན་ཏེ། དེའི་འབྲས་བུ་ཅན་ཐམས་ཅད་ལ་ཅིག་ཅར་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་བྱེད་པ་ཡང་མ་ཡིན་ཏེ། རང་བཞིན་ཉམས་པའི་ཕྱིར་རོ། །གཞན་ཡང་མ་གྲུབ་པ་དང་ཁྱབ་པ་མེད་པའི་ཕྱིར་གཏན་

ཚིགས་མ་ངེས་པ་ཉིད་ཀྱང་ཡིན་ནོ། །དེ་ལྟར་ན་ཁང་བཟངས་དང་། སྟེང་ཁང་དང་སྒོ་ཁང་ལ་སོགས་པའི་ཁྱད་པར་དག་གི་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་ཅི་འདྲ་བ་བློ་སྔོན་དུ་སོང་བ་ཅན་གྱིས་མཐོང་ཞིང་། གང་མཐོང་བ་ལས་དེའི་བྱེད་པ་མ་མཐོང་དུ་ཟིན་ཀྱང་བྱས་པའི་བློ་འགྱུར་བ་དེ་དང་འདྲ་བར་

གལ་ཏེ་རི་བོ་ལ་སོགས་པ་དག་ལ་འགྱུར་ན། དེར་འགྱུར་ཏེ། གང་ལས་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་སྡོད་ནས་འཇུག་པ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །བྱིན་རློབ་ཡོད་མེད་རྗེས་འཇུག་ཅན། །བཀོད་སོགས་ཅི་འདྲ་བ་གྲུབ་པ། བྱིན་གྱིས་རློབ་པ་པོ་ཡོད་ན་ཡོད་པ་དང་མེད་ན་

མེད་པ་གང་ལ་ཡོད་པ་དེ་ནི་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་བཀོད་པ་ལ་སོགས་པའོ། །སོགས་པའི་སྒྲ་སྨོས་པས་ནི་སྡོད་ནས་འཇུག་པ་བཟུང་ངོ་། །བཀོད་པ་དེ་ལས་བྱིན་གྱིས་རློབ་པ་པོའི་ཁྱད་པར་གྱི་བློ་སྔོན་དུ་སོང་བ་ཅན་ཉིད་རྗེས་སུ་དཔོག་པ་གང་ཡིན། དེ་ནི་རིགས་པ་ཉིད་ཡིན་ནོ། །དངོས་

ཐ་དད་ལ་དབྱིབས་ཀྱི་ཁྱད་པར་ལ་སོགས་པ་ཐ་དད་པ་ལ། སྐྱེས་བུ་སྐྱེད་པ་པོ་ཉིད་དུ་རབ་ཏུ་གྲུབ་པ་དབྱིབས་ཀྱི་ཁྱད་པར་མེད་པ་ནི་ཐ་དད་མེད་པའི་ཕྱིར་རོ། །ཇི་ལྟར་ཐ་དད་པ་མེད་པ་ཡིན་ཞེ་ན། འདི་ལྟར་འདི་ཡང་དབྱིབས་ཀྱི་སྒྲའི་བརྗོད་པར་བྱ་བ་ཡིན་ནོ་ཞེས་སྒྲ་མཚུངས་པས་སོ། །དེ་བཞིན་དུ་སྡོད་ནས་

འཇུག་པ་ཉིད་ལ་སོགས་པའི་སྒྲ་ལ་ཡང་བརྗོད་པར་བྱའོ། །དེ་འདྲ་བའི་སྒྲ་ཙམ་དུ་ཐ་དད་པ་མེད་པའི་ཕྱིར། ཁྱད་པར་ཅན་གྱི་བློ་དང་ལྡན་པ་སྔོན་དུ་སོང་བ་ཅན་ཉིད་ཀྱི། རྗེས་དཔོག་རིགས་པ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། རྫས་སྔོན་པོ་ལས་མེ་བཞིན་ནོ། །ཇི་ལྟར་མེ་ལས་སྐྱེ་བའི་ཆོས་ཅན་རྫས་

เล่ม ๑๗๕ · หน้า 9b

སྔོན་པོའི་ཁྱད་པར་ལ་ཁྱད་པར་ཡོངས་སུ་བོར་ནས། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོའི་འབྲེལ་པ་ཅན་མ་མཐོང་བ། སྔོན་པོའི་རྫས་སྤྱི་ལས་མེ་རྟོགས་པ་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་དབྱིབས་ཀྱི་ཁྱད་པར་ནི་སྐྱེས་བུའི་འབྲས་བུ་ཉིད་དུ་མཐོང་བ་དེ་བོར་ནས། སྤྱིས་རྗེས་སུ་

དཔོག་པ་རིགས་པ་མ་ཡིན་ནོ། །དེ་བས་ན་སྤྱི་དེ་འདྲ་བ་སྐྱེས་བུའི་བྱེད་པས་མ་ཁྱབ་པ་དེ་ལྟར་ན་མ་ངེས་པ་ཡིན་ནོ། །ཅི་སྟེ་ཡང་དབྱིབས་ཀྱི་ཁྱད་པར་དེ་ཉིད་རི་བོ་ལ་སོགས་པ་དག་ལ་གཏན་ཚིགས་ཉེ་བར་སྦྱར་ནས་སྨྲས་པ། དེ་མ་གྲུབ་པ་ཡིན་ཏེ། སྐྱེས་བུ་བློ་སྔོན་དུ་སོང་བ་ཅན་གྱི་ཉེ་བར་སྦྱར་

བ་དེའི་འབྲས་བུ་ཉིད་དུ་གྲུབ་པ་དེ་ནི་རི་ལ་སོགས་པ་དག་ལ་མེད་པའི་ཕྱིར་རོ། ཁང་བཟངས་ལ་སོགས་པའི་ཁྱད་པར་དག་གི་རང་གི་བྱེ་བྲག་དག་ལ་རྗེས་སུ་འཇུག་པ་རྟེན་ཅིང་དེ་ལས་གཞན་པ་དག་ལས་ལྡོག་པ་གང་མཐོང་བའི་ཕྱིར་བྱེད་པ་མ་མཐོང་བའི་འཇིག་རྟེན་ཡང་བྱས་པའི་བློར་འགྱུར་བ་

གང་ཡིན་པ་དེ་ནི་རི་བོ་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྡོད་ནས་འཇུག་པ་ལ་སོགས་པའི་ཁྱད་པར་སྟེའུ་ལ་སོགས་པ་ཡང་ཡིན་ལ་དེ་ལྟར་ན་གཏན་ཚིགས་རྣམས་མ་གྲུབ་པ་ཡིན་ནོ། །དེ་ལྟར་མིན་ན་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོ་བའི་དབྱིབས་ལ་སོགས་པ་ཅི་འདྲ་བ་དེ་

བོར་ནས། ཅུང་ཟད་ཙམ་ཆོས་མཐུན་པ་ཉིད་ཅན་གྱིས་དེ་ཉིད་དུ་སྒྲོ་བཏགས་པས། སྤྱི་འབྲེལ་པ་མེད་པ་ལས་གང་གི་ཚེ་རྗེས་སུ་དཔོག་པ་བྱེད་པ་དེའི་ཚེ་རྫ་མཁན་གྱིས། བུམ་པ་ལ་སོགས་འཇིམ་པ་ཡི། འགྱུར་བ་འགའ་ཞིག་བྱེད་པའི་རྒྱུའི་ཕྱིར་གྲོག་མཁར་ཡང་དེས་བྱས་ཏེ་རྫ་མཁན་གྱིས་

བྱས་པར་གྲུབ་པར་འགྱུར་རོ། །དཔེར་ན་གྲོག་མཁར་ཡང་འཇིམ་པའི་འགྱུར་བ་ཉིད་ཡིན་པའི་ཕྱིར་རྫ་མཁན་གྱིས་བྱས་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །དེ་ཡང་འདོད་པ་མ་ཡིན་ནོ། །དེ་བས་ན་གཞན་ལ་ཡང་གྲུབ་པར་མི་འགྱུར་རོ། །གལ་ཏེ་སྤྱི་གཏན་ཚིགས་ལ་ཁྱད་

པར་ཀུན་དུ་བརྟགས་པའི་ཕྱིར། དེ་ནི་འབྲས་བུ་དང་མཚུངས་པ་མ་ཡིན་ནམ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་བྱས་པ་ཉིད་ཀྱི་སྤྱི་མི་རྟག་པ་ཉིད་ཀྱི་སྤྱིས་ཁྱབ་པ་ཉིད་ལ་འབྲས་བུ་དང་མཚུངས་པར་བརྟགས་པ་ཡིན་ནོ། །བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ་བྱས་པ་ཉིད་དུ་སྤྱིས་ཀྱང་གྲུབ་པར་བྱེད་པ་

เล่ม ๑๗๕ · หน้า 10a

ཡིན་ནའོ། །ཅི་བྱས་པ་ཉིད་ཀྱི་གཏན་ཚིགས་འདི་སྨྲ་བའི་ངོ་བོ་ཅན་ནམ་འོན་ཏེ་བུམ་པའི་ངོ་བོ་ཅན་དུ་འགྱུར་གྲང་ན། གལ་ཏེ་བུམ་པའི་ཡིན་ན་དེ་ནི་སྒྲ་ལ་ཡོད་པ་མ་ཡིན་པའི་ཕྱིར་མ་གྲུབ་པ་ཡིན་ལ་སྒྲའི་བྱས་པ་ཉིད་གཏན་ཚིགས་ཡིན་ན། དཔེ་སྒྲུབ་པར་བྱེད་པས་སྟོང་པ་ཉིད་

ཡིན་པ་དེ་ལྟར་ན། འབྲེལ་པ་ཅན་ནི་ཐ་དད་ཕྱིར། །དེ་ལྟར་འབྲེལ་པ་ཅན་ནི་ཐ་དད་པས་ཐ་སྙད་བརྗོད་པ་སྐྱོན་གང་ཡིན་པ་དེ་ནི་འབྲས་བུ་མཚུངས་འདོད་དོ། །དེ་ལྟར་ན་འདིར་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོ་བ་ཁྱད་པར་ཅན་མ་ཡིན་པ་དབྱིབས་ལ་སོགས་པའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་ལྟག་

ཆོད་མ་ཡིན་ནོ་དེས་ན་སྤྱི་གཏན་ཚིགས་ཡིན་ན་ཁྱབ་པ་མེད་པའི་ཕྱིར། ཐེ་ཚོམ་ཟ་བ་དང་ཁྱད་པར་ཡིན་ན་ནི་མ་གྲུབ་པ་ཡིན་ནོ། །རིགས་ཀྱི་ཁྱད་པར་ནི་རིགས་ཀྱི་བྱེ་བྲག་གོ། །དེ་ལ་ཇི་ལྟར་ཁང་བཟངས་ལ་སོགས་པའི་བྱེ་བྲག་གི་རྗེས་སུ་འགྲོ་བ་ཉིད་ཀྱི་དབྱིབས་ལ། བློ་སྔོན་དུ་སོང་བ་ཅན་ཉིད་མཐོང་

ཞིང་། རི་བོ་ལ་སོགས་པའི་དབྱིབས་ལ་ནི་མ་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་བསྒྲུབ་པར་བྱ་བར། རབ་གྲགས་པ་དེ་ནི་སྒྲའི་སྤྱི་ནི་མཐོང་བའི་ཕྱིར་རོ། །རིགས་ཀྱི་ཁྱད་པར་དེ་ཡོངས་སུ་བཏང་ནས། རིགས་ཀྱི་སྤྱི་བཟུང་བའི་ཕྱིར་ཇི་ལྟར་དེ་ཡང་དབྱིབས་ཀྱི་སྒྲའི་བརྗོད་པར་བྱ་བ་ཡིན་

པ་དེ་བཞིན་དུ་དེ་ཡང་ཡིན་པ་དེ་ལྟར་ན་སྒྲུབ་བྱེད་མི་རིགས་སོ། །ཅི་དང་འདྲ་བ་ཞེ་ན། ངག་ལ་སོགས་གོ་ཉིད་ཕྱིར་རྭ་ཅན་བཞིན། གོ་ཞེས་བྱ་བའི་སྒྲ་འདི་ནི་ངག་ལ་སོགས་པ་དག་ཏུ་གྲགས་པ་དང་འབྲེལ་པ་ཅན་ཡིན་པ་དེ་ཙམ་གྱིས་ནི་ངག་ལ་སོགས་པ་ལ་བ་ལང་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་

གཏན་ཚིགས་ཀྱིས་རྭ་ཡོད་པ་ཉིད་སྒྲུབ་པ་མ་ཡིན་པ་ལྟ་བུའོ། །དེ་ལྟར་ན་རྭ་ཅན་ཉིད་ཀྱིས་ནི་ཁྲ་མོ་ལ་སོགས་པའི་རྗེས་སུ་འགྲོ་བ་ཁྱད་པར་ཅན་གྱི་བ་ལང་ཉིད་ལ་ཁྱབ་པ་ཡིན་ནོ། །ཁྲ་མོ་ལ་སོགས་པ་དག་ལ་རྭ་ཅན་ཉིད་རིགས་ཀྱི། ངག་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་ལྟར་ན། བརྗོད་པར་འདོད་

པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །ཐམས་ཅད་ལ་ཡོད་པ་ཉིད་ཡིན་ནོ། །དེ་ཡོད་པས་ནི་སྒྲ་ཡོད་པ་ཙམ་གྱིས་དོན་གྲུབ་ན་ནིའོ། །ཐམས་ཅད་ནི་ཇི་ལྟར་མངོན་པར་འདོད་པའོ་དངོས་པོའམ་སྐྱེས་བུ་ཐམས་ཅད་ཀྱི་གྲུབ་འགྱུར་རོ། །གལ་ཏེ་སྒྲ་མི་འཇུག་པ་དེ་ལྟར་ན་

เล่ม ๑๗๕ · หน้า 10b

ཡང་གང་གི་ཚེ་འཇུག་པར་འགྱུར་བ་དེ་ཉིད་ཀྱི་ཚེ་འགྱུར་བ་དེ་ལྟར་ན་སྒྲ་ཡོད་པའི་ཕྱིར་དོན་གྲུབ་ན་ཇི་ལྟར་མངོན་པར་འདོད་པའི་དོན་གྲུབ་པར་འགྱུར་རོ། །དེ་ཐམས་ཅད་ཀྱིས་ནི་གཞན་གྱིས་རབ་ཏུ་སྦྱར་བའི་སྒྲུབ་པར་བྱེད་པ་དག་ནི་མ་གྲུབ་པ་ཉིད་དང་མ་ངེས་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །མ་གྲུབ་པ་

སྒྲུབ་པའི་དོན་དུ་སྒྲའི་སྤྱིས་རྗེས་སུ་དཔག་པ་ཉིད་མ་ཡིན་པར་བསྟན་མ་ཐག་པ་དེས་མི་རྟག་ལ་སོགས་ཕྱིར་ཡང་། སེར་སྐྱ་ལ་སོགས་ཀྱི་བློ་དང་བདེ་བ་ལ་སོགས་པ་ནི། སེམས་མེད་སོགས་ཏེ་སེམས་མེད་པར་བསྒྲུབ་པར་བྱ་བ། ཇི་ལྟར་གཏན་ཚིགས་མ་གྲུབ་པ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་མ་

ཡིན་ནོ་ཞེས་དཔྱད་པ་ཡིན་ནོ། །སོགས་པའི་སྒྲས་ནི་སྐྱེ་བ་བཟུང་ངོ་། །ཡང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་རོ། །ཤུན་ལྤགས་བཤུས་པས་འཆི་བའི་ཕྱིར་ཤུན་ལྤགས་ཐམས་ཅད་བཤུས་ན་འཆི་བའི་གཏན་ཚིགས་ཀྱི་ཕྱིར། ཤིང་རྣམས་སེམས་དང་ལྡན་པ་ཡང་ངོ་མངོན་པར་འདོད་པའི་དོན་གྲུབ་པ་

མ་ཡིན་ཏེ། གཏན་ཚིགས་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་མི་རྟག་པ་ཉིད་ཀྱང་མ་གྲུབ་པ་ཡིན་ཞེ་ན། འདི་ལྟར་སངས་རྒྱས་པ་ལ་སོགས་པ་རང་གི་རང་བཞིན་ལས་འཕོ་བ་མེད་པའི་རང་བཞིན་ཅན་གྱི་ནུས་པའི་མི་རྟག་པ་ཉིད་མི་འདོད་པའི་ཕྱིར་རོ། །རང་དང་གཞན་གྱིས་མངོན་པར་འདོད་པའི་མི་

རྟག་པའི་དོན་གཏན་ཚིགས་ཉིད་དུ་བརྗོད་པ་ན་ཅི་རིགས་པར་བདག་དང་གཞན་ལ་མ་གྲུབ་པ་ཡིན་ནོ། །འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཀྱང་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་སྒྲའི་བརྗོད་པར་བྱ་བའི་དོན་གྱི་སྤྱི་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་གྲུབ་ན་ནི་འགྱུར་ཏེ། དཔེར་ན་བྱས་པ་ཉིད་ལ་

སོགས་པ་ལྟ་བུའོ། །ཇི་ལྟར་གྲུབ་པ་མ་ཡིན་པ་དེ་ལྟར་ཡང་། ཚད་མ་རྣམ་པར་ངེས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཤིང་རྣམས་ལ་རྣམ་པར་ཤེས་པ་དང་། དབང་པོ་དང་། ཚེ་འགག་པའི་མཚན་ཉིད་ཅན་གྱི་འཆི་བ་ཡང་གྲུབ་པ་མ་ཡིན་ནོ། །འཆི་བའི་སྒྲ་འཇུག་པ་ཙམ་

གྱིས་སེམས་དང་ལྡན་པ་ཡང་མ་ཡིན་ཏེ། མར་དང་འབྲུ་མར་དང་ཤིང་ཀུན་ལ་སོགས་པ་དག་ལ་ཡང་འཆི་བའི་སྒྲ་འཇུག་ཏུ་ཟིན་ཀྱང་སེམས་མེད་པའི་ཕྱིར་རོ། །ཤིང་དག་ལ་སྐམས་པའི་དོན་ཅན་གྱི་འཆི་བའི་སྒྲ་བརྗོད་དུ་ཟིན་ཀྱང་ཤ་སྐམ་ལ་སོགས་པ་ལ་འཇུག་པའི་ཕྱིར། སྐམས་པ་ནི་མ་ངེས་

เล่ม ๑๗๕ · หน้า 11a

པ་ཉིད་ཡིན་ནོ། །མི་འཇུག་ན་ཡང་ཁྱབ་པ་མེད་པའི་ཕྱིར་ཐེ་ཚོམ་ཟ་བར་བྱེད་པ་ཉིད་ཡིན་ནོ། །དངོས་རང་བཞིན། གཏན་ཚིགས་སུ་གྲུབ་མིན་ལ། ཇི་སྐད་དུ་བཤད་པའི་མ་གྲུབ་པ་བརྗོད་པའི་མཚན་ཉིད་ཅན་གྱི་རིགས་པ་འདི་ཡིན་ནོ་སྦྱོར་དངོས་པོའི་རང་གི་ངོ་བོ་

གཏན་ཚིགས་སུ་གྲུབ་ན། ཇི་ལྟར་བྱས་པའི་འབྲེལ་པ་ཅན་ཐ་དད་པའི་རྟེན་གྱིས་ཁྱད་པར་དུ་གྱུར་པ་གང་ཡིན་པ་དེ་ནི་གནོད་པ་ཅན་ཡིན་ཏེ། ཉེས་པར་བྱེད་པ་མ་ཡིན་ནོ། །གང་གི་ཚེ་ཞེ་ན། ཁྱད་པར་མ་གྲུབ་ན་ཡང་ངོ་། །དེ་ལྟར་ན་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་རང་གི་ངོ་བོ་གྲུབ་ན་ཡང་ཁྱད་

པར་གནོད་པ་ཅན་མ་ཡིན་ནོ། །སྒྲ་ཡི་ནམ་མཁའ་རྟེན་ཡིན་བཞིན། །དཔེར་ན་གནག་རྫི་མོའི་བར་ལ་རབ་ཏུ་གྲགས་པའི་ཆོས་ཅན་སྒྲ་ལ། ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་མ་གྲུབ་ཏུ་ཟིན་ཀྱང་གཏན་ཚིགས་བྱས་པ་ཉིད་ལ་སོགས་པ་ཆོས་ཅན་སྒྲ་ལ་མ་གྲུབ་པར་འདྲེན་པར་བྱེད་པ་

མ་ཡིན་ནོ། །དེ་བས་ན་འདི་ལྟར་གང་ལ་སྒྲ་ཙམ་གྲུབ་པ་ཡིན་མོད་ཀྱི། བསྒྲུབ་པར་བྱ་བའི་ཆོས་རྗེས་སུ་འགྲོ་བའི་དོན་ནི་མ་ཡིན་ནོ། །དེ་ནི་སྒྲ་ལ་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གང་ལ་དོན་ནི་གྲུབ་ལ། སྒྲ་མ་ཡིན་པ་དེ་ལ་ཡང་ཇི་ལྟར་འགྱུར་ཞེ་ན། དེ་ལ་སྒྲ་མ་གྲུབ་ཀྱང་དངོས་པོ་

ནི་གྲུབ་ན། དངོས་པོར་གྱུར་པའི་རྟགས་གྲུབ་པ་ཡིན་ན། ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པ་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན། འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །དཔེར་ན་བྱེ་བྲག་པ་ལ་སངས་རྒྱས་པས་རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་

པའི་ཕྱིར་མི་རྟག་སྟེ་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱས་པ་ལྟ་བུའོ། །དེ་ལ་ཡུལ་ཅན་གྱི་སྒྲ་སངས་རྒྱས་པ་ལ་རེག་བྱ་དང་ལྡན་པར་གྲགས་ཀྱི། བྱེ་བྲག་པ་ལ་ནི་མ་ཡིན་ནོ། །འདིའི་ཡང་རྫས་ཐམས་ཅད་དུ་འགྲོ་བ་མ་ཡིན་པའི་ཚད་ནི་ལུས་ཅན་ཡིན་ལ། དེ་ཡང་སངས་རྒྱས་པ་ལ་མ་གྲུབ་

པ་ཡིན་ཏེ། སངས་རྒྱས་པ་ནི་ཚད་ཅེས་བྱ་བ་ཅུང་ཟད་ཀྱང་མི་འདོད་ན། གང་གིས་ན་དེ་ལ་ཡང་ལུས་ཅན་གྱི་སྒྲ་ཁས་ལེན་པར་འགྱུར། དེ་བས་ན་འདི་ལྟར་གཉི་ག་དག་གི་ཡང་ཕན་ཚུན་མངོན་པར་འདོད་པའི་ཡུལ་ལ་སྒྲ་མ་གྲུབ་པ་ཡིན་གྱི་དོན་ནི་མ་ཡིན་ཏེ། གཉི་གས་རྡུལ་ཕྲ་རབ་དང་བུམ་པ་

เล่ม ๑๗๕ · หน้า 11b

དག་ལ་རེག་བྱ་ཁས་བླངས་པའི་ཕྱིར། གྲུབ་པར་བྱེད་པ་ཉིད་ཡིན་ནོ། །དེ་བས་ནི་དངོས་པོ་དེ་ཉིད་འཁྲུལ་པ་ལ་སོགས་པ་ཡིན་ནོ། །སོགས་པ་སྨོས་པས་ནི་མ་གྲུབ་པ་དང་འགལ་བ་བཟུང་ངོ་། །སྒྲ་ནི་འཁྲུལ་པ་མེད་ན་ཡང་། །སྒྲ་འཁྲུལ་པ་མེད་དུ་ཟིན་ཀྱང་། །སྒྲུབ་བྱེད་སྐྱོན་ལྡན་

ཤེས་བྱ་སྟེ། །སྒྲ་འཁྲུལ་པ་མེད་པ་ཙམ་གྱིས་གྲུབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །དངོས་པོ་ཉིད་ནི་རག་ལུས་པ་ཡོད་པའི་ཕྱིར་དངོས་པོའི་གོ་བར་བྱེད་པ་ཡིན་གྱི་སྒྲ་ནི་མ་ཡིན་ནོ། །དཔེར་ན་ཁྲ་མོའམ། གླང་པོ་ཆེའི་ཕྲུ་གུའི་ཁྱད་པར།

གླང་ཕྲུག་རྭ་ཅན་བ་ལང་ཉིད། །ལག་ཅན་ཉིད་ཕྱིར་ཞེས་གྲུབ་བྱེད། འགྲོ་བའི་ཕྱིར་རམ་ལག་པ་དང་འབྲེལ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །བ་ལང་གི་སྒྲ་ལ་སོགས་པའི་བརྗོད་པར་བྱ་བ་ཉིད་གྲགས་པ་བརྗོད་པར་འདོད་པ་མ་ཡིན་པའམ་བ་ལང་གི་རིགས་སམ། གླང་

པོ་ཆེའི་རིགས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ཡང་གྲགས་པས་ངེས་པ་ཉིད་ཀྱི་ཕྱིར་བ་ལང་དང་གླང་པོའི་སྒྲ་ནི་དེའི་རིགས་ལ་འཁྲུལ་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་ཡང་འཁྲུལ་པར་བྱེད་དོ། །དེ་བརྗོད་པར་འདོད་པས་སྒྲ་སྦྱོར་བར་བྱེད་པའི་འཁྲུལ་པ་མེད་པ་ཅན་ཡིན་ནའང་དེ་

ལ་སྒྲ་ནི་གཏན་ཚིགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་ཉིད་དོ། །དེ་ཡང་འཁྲུལ་པ་ཡིན་པའི་ཕྱིར་དེ་འདྲ་བའི་རྣམ་པ་ནི་དེ་འདྲ་བའི་བརྗོད་པར་འདོད་པ་ལ་གཏན་ཚིགས་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་ཡང་ཡོད་པ་ཡིན་ན། དེ་ལྟར་ན་ཡང་བ་ལང་གི་སྒྲ་དང་། གླང་པོའི་སྒྲ་

ནི་སྐྱེས་བུ་ལ་ཡོད་པ་མ་ཡིན་ཞིང་འདི་འདོད་པ་ཡང་མ་ཡིན་ནོ། །དེ་ནི་ཚིག་ལ་མཁས་པ་མེད་པའི་ཕྱིར་དེ་སྐད་དུ་བརྗོད་ན་ཡང་། དེ་ནི་དེའི་རྗོད་པར་བྱེད་པར་གྲགས་པ་མ་ཡིན་པའི་ཕྱིར་སྒྲ་ནི་འཁྲུལ་པ་མེད་པ་ཉིད་ཡིན་ནོ། །དེ་བས་ན་འདི་ལྟར་བརྗོད་པར་འདོད་པའི་སྐྱེས་བུའི་བློ་སྔོན་དུ་

སོང་བ་ཅན་ཉིད་ཀྱི་སྒྲུབ་པར་བྱེད་པ་དག་ནི་སྐྱོན་དང་ལྡན་པ་ཡིན་ནོ། །གང་ཞིག་གང་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གྲུབ་པ་ཡིན་ནོ། །གཞན་ཡང་དབང་ཕྱུག་ནི་རིལ་གྱིས་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་ནི་དད་པས་གོ་བར་བྱ་བ་ཡིན་ནོ། །

เล่ม ๑๗๕ · หน้า 12a

དེ་ལྟར་ནི་ཇི་ལྟར་རང་བཞིན་གང་གིས་འབྲས་བུའི་རྒྱུ་ཡིན་པའི་དུས་ན། དབང་ཕྱུག་ཅེས་བྱ་བའི་དངོས་དེ་རྒྱུ་ཡིན་པར་འདོད་པའོ་རང་བཞིན་དེ་ཉིད་ཀྱིས་དེ་ལྟར་དེ་ཉིད་གང་གི་ཚེ། རྒྱུ་མིན་བྱེད་པ་པོའི་གནས་སྐབས་མ་ཡིན་པ་དེའི་ཚེ་བྱེད་པ་པོའི་རང་བཞིན་ལས་

འཕོས་པ་མེད་པའི་ཕྱིར། དེ་ནི་ཁྱད་པར་གང་གིས་རྒྱུར་འདོད་ལ། རྒྱུ་མ་ཡིན་པར་མི་འདོད། བྱེད་པ་པོར་མངོན་པར་འདོད་པའི་གནས་སྐབས་ཀྱང་བྱེད་པ་པོ་ཉིད་མ་ཡིན་ཏེ། བྱེད་པ་པོ་མ་ཡིན་པའི་རང་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་

གང་དང་གང་བྱེད་པ་པོ་མ་ཡིན་པའི་གནས་སྐབས་ལས་ཁྱད་པར་དུ་བྱར་མེད་པ་དེ་ནི་བྱེད་པ་པོ་མ་ཡིན་ཏེ། དཔེར་ན་དེ་ཉིད་བྱེད་པ་པོའི་གནས་སྐབས་མ་ཡིན་པ་ལྟ་བུའོ། །དབང་ཕྱུག་གི་བྱེད་པ་པོ་ཉིད་དུ་མངོན་པར་འདོད་པའི་སྐབས་ཀྱང་བྱེད་པ་པོ་མ་ཡིན་པའི་གནས་སྐབས་ལས་ཁྱད་པར་དུ་

བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །ཅི་སྟེ་ཡང་བྱེད་པ་པོ་མ་ཡིན་པའི་རང་བཞིན་ལས་ཁྱད་པར་ཅན་གྱི་རང་བཞིན་དུ་གྱུར་པའི་བྱ་བའི་ཕུལ་དུ་བྱུང་བ་མེད་པར་འབྲས་བུ་འགའ་ཞིག་གི་དབང་ཕྱུག་བྱེད་པ་པོ་ཉིད་ཡིན་པར་རྟོགས་པ་དེའི་ཚེ། མཚོན་ཆ་དང་འབྲེལ་པ་ལས་

ནག་པའི་རྨ་དང་། རྨ་དེ་སྨན་དང་འབྲེལ་པ་ལས་འདྲུབ་པ་ཡིན་ནའོ། །རྨ་མི་བྱེད་པའི་ཕྱིར་དང་མི་འདྲུབ་པའི་ཕྱིར་བྱེད་པ་ཉིད་དུ། འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོག་མི་བྱེད། །ཇི་ལྟར་སྡོང་དུམ་རྨ་བྱེད་པ་དང་འདྲུབ་པའི་བྱེད་པ་པོ་ཡིན་ནོ་ཞེས་མི་རྟོག་པ་དེ་ལྟར་དབང་ཕྱུག་ཀྱང་མི་

འགྱུར་རོ། །སྦྱོར་བ་ནི་གང་ཞིག་འབྲས་བུ་དག་གི་ཁྱད་པར་སྐྱེད་པ་ན། དེ་མི་སྐྱེད་པའི་གནས་སྐབས་ལས་ཁྱད་པར་ཅན་གྱི་རང་བཞིན་དུ་གྱུར་པའི་བྱ་བའི་ཕུལ་དུ་བྱུང་བ་ཡོད་པ་མ་ཡིན་པ་དེ་ནི་དེའི་བྱེད་པ་པོ་མ་ཡིན་ཏེ། དཔེར་ན་མཚོན་ཆ་དང་སྨན་གྱི་འབྲེལ་པས་ནག་པའི་རྨ་དང་འདྲུབ་

པའི་གནས་སྐབས་ལས་རང་བཞིན་དུ་གྱུར་པའི་བྱ་བའི་ཕུལ་དུ་བྱུང་བ་ཅན་མ་ཐོབ་པའི་སྡོང་དུམ་ནི་དེ་དག་གི་བྱེད་པ་པོ་མ་ཡིན་པ་ལྟ་བུའོ། །དབང་ཕྱུག་ཀྱང་དངོས་པོ་རྣམས་ཀྱི་འབྲས་བུའི་བྱེ་བྲག་སྐྱེད་པ་ན་མི་སྐྱེད་པའི་གནས་སྐབས་ལས་ཁྱད་པར་ཅན་གྱི་རང་བཞིན་གྱིས་བྱ་བའི་ཕུལ་དུ་བྱུང་

เล่ม ๑๗๕ · หน้า 12b

བ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། །གང་གི་ཕྱིར་རང་བཞིན་ཁྱད་པར་མེད་པར་ནི། བྱེད་པར་ཡང་ནི་མི་རུང་ངོ་སྔ་མའི་རང་བཞིན་ལས་རང་བཞིན་གཞན་སྐྱེད་པ་མེད་པ་གང་ཡིན་པ་དེ་ནི་བྱ་བ་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་ཀྱང་

ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར་གང་ལས་མ་གྲུབ་པ་ཡིན། གཞན་ཡང་དབང་ཕྱུག །རྟག་ལ་ལྡོག་པ་ཉིད་མེད་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །རིལ་བྱེད་པ་ནི་ཁོང་དུ་ཆུད་པར་དཀའ་བ་ཡིན་ནོ། །དངོས་པོ་ལ་ཡོད་

པ་ཙམ་གྱི་རྒྱུ་ཉིད་མ་ཡིན་གྱི་འོན་ཀྱང་། དཔེར་ན་འདི་ནི་འདི་ཡོད་ན་འགྱུར་ལ། དེ་ལས་གཞན་པའི་ནུས་པ་དེའི་རྒྱུ་དག་ཡོད་དུ་ཟིན་ཀྱང་དེ་མེད་ན་མེད་པར་འགྱུར་བའི་ཕྱིར། དེ་ལྟར་ན་ཐེ་ཚོམ་མེད་པར་དེའི་འབྲས་བུ་ཉིད་དུ་བསྟན་པར་འགྱུར་བ་དེའི་ཚེ། དེའི་རྒྱུར་གྲུབ་པར་

འགྱུར་རོ། །འདི་འདྲ་བའི་ལྡོག་པ་ནི་རྟག་པ་ཉིད་ཀྱི་ཕྱིར་དབང་ཕྱུག་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་དངོས་པོ་རྣམས་ལ་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་གྲུབ་པ་མེད་པའི་ཕྱིར་ཇི་ལྟར་ན་རྒྱུ་ཡིན། སྦྱོར་བ་ནི་གང་ཞིག་གང་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོའི་

སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་གྲུབ་པ་མེད་པ་དེ་ནི་དེའི་འབྲས་བུ་མ་ཡིན་ཏེ། དཔེར་ན་འབིགས་བྱེད་དང་གངས་ཅན་ལྟ་བུའོ། །དབང་ཕྱུག་ལ་ཡང་རིལ་དང་རྒྱུ་དང་འབྲས་བུ་ངོ་བོའི་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་གྲུབ་

པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། །རྟག་པ་ཉིད་ཀྱི་ཕྱིར་དབང་ཕྱུག་གི་ལྡོག་པ་མ་གྲུབ་པའི་ཕྱིར་དང་། འབྲས་བུ་ཡང་དེ་ལོག་པ་ན་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཡོངས་སུ་མཐོང་བའི་རྒྱུ་ས་བོན་ལ་སོགས་པ་

དག་ཡོད་པ་ན། གདོན་མི་ཟ་བར་མྱུ་གུ་ལ་སོགས་པ་དེ་ཙམ་གྱི་རྒྱུ་ཅན་འབྱུང་བ་མཐོང་བས་དེ་ལས་བཟློག་པ་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་ལྟོས་པ་ཅན་ལས་ཁས་བླང་བར་མི་བྱའོ། །དེ་ལྟ་མ་ཡིན་ན་རྒྱུར་མངོན་པར་འདོད་པ་གང་དག་ཡོད་ན། འབྲས་བུ་གང་ཡིན་པ་ཡོད་པ་

เล่ม ๑๗๕ · หน้า 13a

ཉིད་དུ་འགྱུར་ན་ནུས་པ་མཐོང་བ་ཅན་གྱི་རྒྱུ་དེ་དག་ལས་གཞན་ནུས་པ་མཐོང་བ་མེད་པ་ཅན་རྟོགས་པར་བྱེད་པ་ནི་དེ་རྒྱུ་དེ་ཉིད་དུ་སྟེ་ཅི་ལྟར་ཡོངས་སུ་མཐོང་བ་བཞིན་དུ་བྱུང་བའི་ངང་ཚུལ་ཅན་གྱི་འབྲས་བུ་དེའི་རྒྱུ་ཉིད་དུ་འབྲས་བུ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར།

ནུས་པ་མ་མཐོང་བ་ཅན་གཅིག་པོ་དེ་རྟག་པར་བྱ་བ་མ་ཡིན་གྱི། གཞན་དང་གཞན་ཡང་མ་ཡིན་པ་དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ས་ལ་སོགས་པ་དག་ལྗང་བུ་མི་སྐྱེད་པའི་གནས་སྐབས་ལས་ཁྱད་པར་ཅན་གྱི་རང་བཞིན་སྐྱེད་པ་མེད་པ་དེ་ལྟ་ན་ཡང་མྱུ་གུའི་རྒྱུ་དག་ཡིན་

ནོ། །དེས་ན་གང་ཞིག་འབྲས་བུ་གང་གི་ཁྱད་པར་སྐྱེད་པ་ན་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་ངེས་པ་ཡིན་ནོ་ཞེ་ན་དེ་ནི་མ་ངེས་པ་མ་ཡིན་ཏེ། འདི་ལྟར་ས་ལ་སོགས་པ་ཐམས་ཅད་ནི་མྱུ་གུ་ཐམས་ཅད་ཀྱི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འགའ་ཞིག་འགའ་ཞིག་ཁོ་ནའི་ཡིན་ནོ། །

མྱུ་གུ་སྐྱེད་ལ་སོགས་པ་དེ། །རང་བཞིན་ཡོངས་སུ་གྱུར་ནས་ནི། །སྔར་སྐྱེད་པར་བྱེད་པ་པོ་མ་ཡིན་པའི་རང་བཞིན་ལས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རང་བཞིན་སྐྱེད་པ་ཉིད་ནི་རྒྱུ་ཡིན་ནོ། །གང་ལ་ཞེ་ན། མྱུ་གུ་སྐྱེད་ལའོ། །གལ་ཏེ་ས་ལ་སོགས་པ་ཕུལ་དུ་བྱུང་བ་སྐྱེས་ན་མཐོང་

བར་འགྱུར་ན། མ་མཐོང་བ་ཇི་ལྟར་ཡིད་ཆེས་པར་བྱ་བ་ཡིན་ཞེ་ན། ས་ལ་སོགས་པ་དེ་ལེགས་པར་བྱས་པ་ན། དེའི་ཁྱད་པར་མཐོང་ཕྱིར་རོ། །དེའི་བསྐྱེད་པར་བྱ་བའི་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར་རོ། །ཞིང་གཉིས་སྨོས་པ་དག་གི་ནང་ནས་གཅིག་ཐོང་ལྕགས་ལྷག་

པས་མངོན་པར་འདུས་བྱས་པས་འབྲས་བུ་མང་དུ་མཐོང་ངོ་། །དེ་ལྟ་མ་ཡིན་ན་རྒྱུ་ཁྱད་པར་ཅན་མ་ཡིན་པ་ལས་འབྲས་བུ་ཡང་མཚུངས་པ་མཐོང་བར་འགྱུར་ན་ཁྱད་པར་ཡང་སྣང་ངོ་། །དེ་ཡང་གློ་བུར་བ་རིགས་པ་མ་ཡིན་པའི་ཕྱིར། རང་བཞིན་ཕུལ་དུ་བྱུང་བ་སྐྱེད་པ་ཡོད་པ་ཉིད་

ཡིན་པ་དེ་ལྟར་ན་མ་ངེས་པ་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་གསུམ་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཡང་མ་ངེས་པའི་དོགས་པ་བསུ་བ་ཡིན་ཏེ། གལ་ཏེ་ཇི་ལྟར་ཡུལ་དབང་པོའི། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །ཇི་ལྟར་དབང་

เล่ม ๑๗๕ · หน้า 13b

པོ་དང་ཡུལ་དག་སོ་སོར་ཁྱད་པར་མེད་པར་ལྷན་ཅིག་པ་ན་ཡང་དེ་དག་གཟུགས་ཉིད་ཡིན་པ་དེ་ལྟར་ན་ཡང་རྣམ་པར་ཤེས་པའི་རྒྱུར་འགྱུར་རོ། །དེ་ལྟར་དབང་ཕྱུག་ལ་སོགས་པ་འདི་ཡང་རྒྱུར་འགྱུར་རོ་ཞེ་ན། དེ་ལྟར་མིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་དང་ཡུལ་ཚོགས་པ། དེ་ལའང་ཁྱད་

པར་ཡོད་ཕྱིར་རོ། །དབང་པོ་ལ་སོགས་པ་གང་ཞིག་བྱེད་པ་པོ་མ་ཡིན་པ་དེ་ལས་གཞན་ཉིད་བྱེད་པ་པོའི་ཐ་མར་གྱུར་པ་གཞན་གང་ཡིན་པ་རྣམ་པར་ཤེས་པའི་རྒྱུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སོ་སོ་སོ་སོར་ནུས་མེད་རྣམས། །རྒྱུར་མངོན་པར་འདོད་པའི་དངོས་པོ་རྣམས་འབྲས་བུའི་

དུས་སུ། རང་བཞིན་ཕུལ་བྱུང་མེད་པ་ན། །སྔར་བྱེད་པ་པོ་མ་ཡིན་པའི་རང་བཞིན་ལས་ཐ་དད་པའི་ཕུལ་དུ་བྱུང་བ་མ་སྐྱེས་ནའོ། །དེ་དག་གི་ཚོགས་པ་ཡོད་ན་ཡང་ནུས་མེད་འགྱུར། འབྲས་བུ་སྐྱེད་པའོ། །དེ་ལྟར་ན་ཕྱིས་ཀྱང་དེ་དང་དེ་དག་ནུས་པ་མེད་པའི་ཕྱིར། དེ་དག་ལས་

འབྲས་བུར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་འོན་ཀྱང་ཕུལ་དུ་བྱུང་བ་སྐྱེད་པས་ནུས་པ་རྣམས་མི་སྐྱེད་པ་དེ་ནི་དེ་ལྟར་ཡིན་ཏེ། འོན་ཀྱང་ལྷན་ཅིག་པ་དག་གིས་ལྡན་པ་སྐྱེད་པར་བྱེད་ཅིང་ལྡན་པ་ལས་འབྲས་བུ་འབྱུང་བ་ཡིན་ནོ་ཞེ་ན། དེ་དང་དེ་ནི་རིགས་པ་མ་ཡིན་ཏེ། །ཇི་ལྟར་དེ་དག་

གིས་འབྲས་བུ་སྐྱེད་པར་མི་ནུས་པ་དེ་ལྟར་ལྡན་པ་སྐྱེད་པར་ཡང་ངོ་། །སོ་སོར་ནུས་པ་མེད་པ་རྣམས་ནི་ལྷན་ཅིག་པ་ན་ཡང་ནུས་པ་མེད་པ་ཉིད་ཡིན་ནོ། །ནུས་པ་ཡོད་ན་ཡང་སྔར་ཅིའི་ཕྱིར་སྐྱེད་པར་མི་བྱེད། གལ་ཏེ་དེ་སྐྱེད་པའི་ལས་མེད་པའི་ཕྱིར་རོ་ཞེ་ན། ལྡན་པ་སྐྱེད་པར་

བྱེད་པའི་ལས་དེ་ཉིད་ཅིའི་ཕྱིར་མི་བྱེད། དེའི་རྒྱུ་འཕེན་པ་ལ་སོགས་པ་ཡང་བརྒལ་ཅིང་བརྟག་པ་མཚུངས་པ་ཡིན་པ་དེ་ལྟར་ན། ཚོགས་སུ་ཟིན་ཀྱང་ནུས་པ་མེད་པར་འགྱུར་ན། ཚོགས་པ་རྣམས་ལ་ནུས་པ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ཕུལ་བྱུང་གྲུབ་པ་ཡིན། །ཡུལ་དང་

དབང་པོ་དག་གིའོ། །སྦྱོར་བ་ནི་གང་ཞིག་བྱེད་པ་དང་གང་ཞིག་མི་བྱེད་པ་དེ་ཉིད་ནི་ཐ་དད་པའི་རང་བཞིན་ཅན་ཡིན་ཏེ། དཔེར་ན་ནས་ཀྱི་མྱུ་གུའི་བྱེད་པ་པོ་དང་། བྱེད་པ་པོ་མ་ཡིན་པ་ནས་དང་སཱ་ལུ་ལྟ་བུའོ། །རྣམ་པར་ཤེས་པ་སྐྱེད་པ་དང་མི་སྐྱེད་པ་དག་གི་དབང་པོ་དང་ཡུལ་གྱི་

เล่ม ๑๗๕ · หน้า 14a

གནས་སྐབས་དག་དང་། བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ། །དེ་ཕྱིར་སོ་སོར་གང་ནུས་མེད། །འབྲས་བུ་འགའ་ཞིག་ལའོ། །ཕྱིས་ཚོགས་པ་ལ་

ཡོན་ཏན་སྲིད་འགྱུར་བའི། །འབྲས་བུ་མི་སྐྱེད་པའི་གནས་སྐབས་ལ་ཁྱད་པར་ཅན་གྱི་རང་བཞིན་དུ་གྱུར་པའི་བྱ་བའི་མཚན་ཉིད་ཅན་གྱིའོ། །མངོན་པར་འདོད་པའི་འབྲས་བུ་དེའི། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ། །བཤད་པ་ལས་བཟློག་པའི་

མཚན་ཉིད་ཅན་གྱིའོ། །སོགས་པ་སྨོས་པ་ཇི་ཙམ་བརྟན་པའི་བདག་ཉིད་ཅན་རྒྱུ་ཉིད་དུ་འདོད་པ་དེ་དག་ནི་རྒྱུ་མ་ཡིན་ནོ་ཞེས་སྤྱིར་བསྟན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དེ་བས་ན་རྟག་པ་ཉིད་ཚད་མ་མ་ཡིན་ཞིང་། མི་རྟག་པ་ཉིད་ཡིན་ན་ཡང་དེ་དང་ལྡན་པ་ཡོད་པ་མ་ཡིན་ནོ་ཞེས་

བྱ་བ་དེ་ལྟར་གནས་སོ། །ཚད་མ་ཞེས་བྱ་བ་ལ་སོགས་པས་གང་ཞིག་གང་གིས་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པར་ནན་ཏན་དུ་བྱེད་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་གྲུབ་པར་དོགས་པ་བསུ་བ་ཡིན་ཏེ། ཚད་མ་ཞེས་བྱ་བ་ཡང་ཅི་ལ་བརྗོད་ཅེ་ན། ལྐོག་གྱུར་དོན་ཤེས་ཡིན་

ཏེ། དབང་པོ་ལས་འདས་པའི་དོན་མཐོང་བའོ། །གལ་ཏེ་ཚད་མ་དེ་འདྲ་བ་དེ་སྒྲུབ་བྱེད་ཅུང་ཟད་ཡོད་པར་འགྱུར་བ་དེའི་ཚེ། དེ་ནན་ཏན་དུ་བྱས་པ་ལས་སྐྱེས་བུ་འགའ་ཞིག་གིས་ཚད་མ་ཉིད་ཀྱང་ཐོབ་པར་གྱུར་ན། འདི་ལྟར་ཚད་མ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །མེད་

པའི་ཕྱིར་ཚད་མ་ཉིད་ཀྱིས་སྒྲུབ་པར་བྱེད་དེ་འགའ་ཞིག་གིས་ཀྱང་ནན་ཏན་བྱེད་པ་ཡོད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚད་མ་ཉིད་ཀྱི་ཕྱིན་ཅི་མ་ལོག་པ་ཅན་གྱི་སྒྲུབ་པར་བྱེད་པ་ནན་ཏན་དུ་མཛད་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་རྒྱལ་དཔོག་པ་ལ་སོགས་པ་རབ་ཏུ་

བརྗོད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །སྦྱོར་བར་ཡང་སྐྱེས་བུ་གང་ཞིག་གང་གི་སྒྲུབ་པར་བྱེད་པ་མེད་པ་དེ་ནི་དེ་ཐོབ་པའི་ཕྱིར་དེ་སྒྲུབ་པར་བྱེད་པ་ནན་ཏན་དུ་བྱེད་ནུས་པ་མ་ཡིན་ཏེ། དཔེར་ན་རི་རབ་ཐོབ་པར་བྱེད་པའི་སྒྲུབ་པར་བྱེད་པ་མེད་པ་ཅན་གྱི་རྐང་ཞ་ལ་དེའི་སྒྲུབ་པར་བྱེད་པ་ནན་ཏན་དུ་

เล่ม ๑๗๕ · หน้า 14b

བྱེད་པ་མེད་པ་ལྟ་བུའོ། །སྐྱེས་བུ་ཐམས་ཅད་ལ་ཡང་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དེས་བཤད་ཅེས་བྱ་བ་ལ་སོགས་པ་ནི་འགོག་པར་བྱེད་དོ། །ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་

པ་ནི་ཚད་མ་ཉིད་དུ་མི་འདོད་ཀྱི། འོན་ཀྱང་རྟོགས་པ་པོས་སྐྱེས་བུའི་དོན་ནན་ཏན་དུ་བྱ་བའི་ཡུལ་ཅན་གྱི་ཡེ་ཤེས་དང་། ནན་ཏན་དུ་བྱ་བའི་ཡུལ་ཉིད་ལ་དེ་མཁྱེན་པ་ཅན་སྟོན་པར་མཛད་པ་དང་འཇུག་པར་མཛད་པ་ན་ཚད་མར་གྱུར་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དངོས་སམ་བརྒྱུད་པས་ཉེ་བར་མཁོ་བ་

མ་ཡིན་པ་སྟོན་པ་ན་སླུ་བ་ཉིད་དུ་འགྱུར་བའི་ཕྱིར་ནན་ཏན་དུ་བྱ་བའི་ཡུལ་ཅན་ཚད་མ་ཉིད་མ་ཡིན་ནོ། །སྒྲུབ་པ་པོ་རྟོག་པ་དང་ལྡན་པས་སྟོན་པའི་ཡེ་ཤེས་གཞན་དུ་དཔྱོད་པར་མི་བྱེད་དོ། །དེ་ལྟར་ན་དེས་བཤད་ནན་ཏན་བྱ་བའི་ཕྱིར། སྐྱེས་བུ་ཤེས་ལྡན་ལ་ལ་ཚོལ་བར་བྱེད། ཤེས་ལྡན་དེ་

ཉིད་ཀྱིས་བརྟན་པ་དེ་ཐོབ་ནས་ནན་ཏན་དུ་བྱ་བའི་ཕྱིར། ཡུལ་དེ་ལ་ཡེ་ཤེས་ཅན་ཚོལ་བར་བྱེད་ཀྱི། དགོས་པ་མེད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །རྟོག་པ་དང་ལྡན་པ་གང་ཞིག་གང་གིས་བཤད་པ་ནན་ཏན་དུ་བྱེད་པར་མི་འདོད་པ་དེ་ནི། དེའི་ཡུལ་ཅན་གྱི་ཤེས་པ་ཚོལ་བར་མི་བྱེད་པའམ་

ཚོལ་བར་བྱེད་ན་རྟོག་པ་དང་ལྡན་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གིས་བཤད་པ་ནན་ཏན་དུ་བྱ་བའི་ཕྱིར། མི་འདོད་པ་རྟོག་པ་སྔོན་དུ་གཏོང་བ་ཅན་དེས་དེའི་ཡུལ་ཅན་གྱི་ཤེས་པ་ཚོལ་བར་མི་བྱེད་དེ། དཔེར་ན་བདག་ཉིད་ནད་ཡོད་པ་ཅན་མ་ཡིན་པ་ནད་མེད་པས་སྨན་པའི་ཤེས་པ་ཚོལ་

བར་མི་བྱེད་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་འཆད་པ་པོས་བཤད་པ་ནན་ཏན་དུ་བྱ་བའི་ཕྱིར་མི་འདོད་དོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །དེ་བས་ན་ནན་ཏན་དུ་བྱེད་པར་འདོད་པ་དག་གིས་འགའ་ཞིག་གི་ཡེ་ཤེས་བཙལ་བར་བྱ་བ་ཡིན་ནོ། །དེས་བཤད་པ་ནན་ཏན་དུ་བྱེད་པ་དག་གིས་ཀྱང་ཅིའི་

ཕྱིར་ཡེ་ཤེས་བཙལ་བར་བྱ་ཞེ་ན། མི་ཤེས་སྟོན་པར་བྱེད་པ་ལས། །འཁྲུལ་པར་འདོགས་པ་ཅན་རྣམས་ཀྱིས། །སྡུག་བསྔལ་གང་ཞི་བར་བྱ་བའི་ཕྱིར། དེ་དང་རྗེས་སུ་མཐུན་པ་སྟོན་པ་པོ་གང་ལས་བསྟན་པ་འདོད་པ་གང་ཡིན་པ་དེ་དག་ནི་དེའི་ཡུལ་ཅན་གྱི་ཡེ་ཤེས་དེ་ཡོད་དམ་མེད་

เล่ม ๑๗๕ · หน้า 15a

ཅེས་ཚོལ་བར་འགྱུར་རོ། །མི་ཤེས་པ་ཉིད་སྟོན་པར་མ་བྱེད་ཅིག་སྙམ་པས་མི་ཤེས་པ་སྟོན་པར་བྱེད་པ་ཡོད་ན། འཁྲུལ་པར་དོགས་པས་ན་འདིས་ནི་ནན་ཏན་དུ་བྱ་བ་མ་ཡིན་པ་ཉིད་བསྟན་པར་འགྱུར་རོ་ཞེས་བྱ་བར། འཁྲུལ་པར་དོགས་པ་དང་ལྡན་པའི་སྒྲུབ་པ་

པོ་རྣམས་ཀྱིས་སོ། །གང་གི་ཕྱིར་རང་གི་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་སྟོན་པར་མཛད་པའི་ཡེ་ཤེས་བཙལ་བར་བྱ་བ་ཡིན་པ། དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །ཁོ་བོ་ཅག་གིས་ཚད་མ་ཉིད་དུ་བཤད་པའི་བཅོམ་ལྡན་འདས་འདི་འཁོར་བའི་

སྡུག་བསྔལ་ཞི་བར་བྱེད་པའི་ཐབས་སུ་གྱུར་པའི་ཡེ་ཤེས་དཔྱད་པར་བྱ་བ་ཡིན་གྱི། བསྒྲུབ་པར་བྱ་བའི་ཡུལ་ཅན་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བའོ། །དེ་ལྟར་ན་སྐྱེས་བུའི་དོན་གྱི་ཡུལ་ཅན་གྱི་ཚད་མ་ཉིད་འདོད་དོ་ཞེས་བསྟན་ཏོ། །ཉེ་བར་མཁོ་བ་མ་ཡིན་པའི་དོན་ལ་ཡང་ཚད་མ་

ཉིད་དུ་འགྱུར་བའམ། མི་འགྱུར་ཡང་བླ་སྟེ། དེ་ལ་ཁོ་བོས་དཔྱད་པ་ཉིད་མ་བྱས་ལ་བྱས་ན་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་ན་དེ་རེ་ཞིག་གང་གིས་ཁོ་བོ་དོན་དུ་གཉེར་བ་དེ་ལ་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཡིན་མོད་ཀྱི། འོན་ཀྱང་མངོན་པར་འདོད་པའི་ཡུལ་ལ་ཁས་བླང་བར་བྱ་བའི་ཚད་

མ་ཉིད་སྟོན་པར་མཛད་པ་པོ། །དེའི་སྲིན་གྲངས་ནི་ཡོངས་མཁྱེན་པ། བདག་ཅག་གི་སྟེ། ཁོ་བོའི་གང་ལ་ཉེར་མཁོ་མིན། །སྐྱེས་བུའི་དོན་འགའ་ཞིག་ལ་ཉེ་བར་མཁོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བ་གཉིས་པའོ། །སྦྱོར་བ་ཡང་གང་ཞིག་སྡུག་བསྔལ་གང་གིས་གདུངས་པ་

ན་རྟོག་པ་སྔོན་དུ་གཏོང་བ་ཅན་དེས་སྡུག་བསྔལ་དེ་རབ་ཏུ་ཞི་བའི་ཐབས་མཁྱེན་པ་གཞན་གྱི་ཡེ་ཤེས་བཙལ་བར་བྱ་བ་ཡིན་གྱི་དེ་ལ་ཉེ་བར་མཁོ་བ་ཅན་མ་ཡིན་པའི་ཡེ་ཤེས་ནི་མ་ཡིན་ཏེ། དཔེར་ན་ཚ་བས་རབ་ཏུ་གདུངས་པའི་ནད་པས་ཚ་བ་རབ་ཏུ་ཞི་བའི་ཐབས་ཤེས་པའི་ཤེས་པ་

བཙལ་བར་བྱ་བ་ཡིན་གྱི། གཞན་མ་ཡིན་པ་ལྟ་བུའོ། །སྐྱེས་བུ་འདི་ཡང་འཁོར་བའི་སྡུག་བསྔལ་གྱིས་གཟིར་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡུལ་གང་ལ་

เล่ม ๑๗๕ · หน้า 15b

ཚད་མ་ཉིད་གང་ཡིན་པ་དེ་ནི། བླང་དང་དོར་བྱའི་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །དོར་བྱའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་རིག་མཛད་པ་ཞེས་བྱ་བས་ནི། སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དང་བླང་བྱའི་དེ་ཁོ་ན་ཉིད་ཀྱི་ཐབས་དང་བཅས་པ་རིག་མཛད་པ་ཞེས་བྱ་བ་

འདིས་ནི་འགོག་པ་དང་ལམ་གྱི་ཤེས་པ་བསྟན་ཏོ། །དེ་ལྟར་ན་ཡང་དག་པའི་སྐྱེས་བུ་དོན་སྒྲུབ་པར་བྱེད་པ་བདེན་པ་བཞི་རིག་པ་གང་དེ། དེ་འདྲ་བའི་ཚད་མ་ཉིད་དུ་འདོད་ཀྱི་ཉེ་བར་མཁོ་བ་མ་ཡིན་པ་ཐམས་ཅད་རིག་པར་མཛད་པ་ཡང་ཚད་མར་འདོད་པ་མ་ཡིན་ནོ། །དེ་བས་ན་གལ་ཏེ་དེ་

འདྲ་བའི་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་མེད་པ་བསྒྲུབ་པར་བྱ་བ་དེའི་ཚེ། འཆད་པར་འགྱུར་བའི་ཚུལ་གྱིས་དེ་འདྲ་བའི་སྒྲུབ་པར་བྱེད་པ་ཡོད་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །ཅི་སྟེ་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཡིན་པ་དེའི་ཚེ། ཐེ་ཚོམ་ཟ་བའི་མ་གྲུབ་པ་

ཡིན་ཏེ། དེའི་སྒྲུབ་པར་བྱེད་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བའི་དབང་དུ་བྱ་བའི་ཕྱིར་རོ། །ཡོད་པ་ལ་ཡང་གནོད་པ་ཅན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། གང་གིས་ན་མེད་དོ་ཞེས་བྱ་བའི་ངེས་པར་བྱ་བས་འདོད་པ་འགྲུབ་པར་འགྱུར། ཁོ་བོ་ནི་དེ་འདྲ་བའི་རྣམ་པ་ཅན་གྱི་ཚད་མ་མི་འདོད་ཀྱི། འོན་

ཀྱང་སྐྱེས་བུའི་དོན་ཤེས་པ་ཡིན་ཏེ། དེ་ཙམ་ཉིད་ཀྱིས་མངོན་པར་འདོད་པའི་དོན་གྲུབ་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུའི་དོན་ཤེས་པ་འདིས་རིང་པོར་མཐོང་བའམ། མཐོང་བ་མེད་ཀྱང་རུང་སྟེ། ནན་ཏན་དུ་བྱ་བའི་དེ་ཉིད་འདོད་པ་མཐོང་བ་དེ་ཙམ་ནི་གཟུང་བར་བྱ་བའི་ཚིག་དང་བ་བརྟེན་

པར་བྱ་བ་ཡིན་ཏེ། ཉེ་བར་མཁོ་བ་མ་ཡིན་པར་དབང་པོ་ལས་འདས་པའི་དོན་མཐོང་བ་ལ་སོགས་པ་དང་ལྡན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་སྐྱེས་བུའི་དོན་ཤེས་པ་ཚད་མ་ཉིད་དུ་འདོད་པ་མ་ཡིན་གྱི་འོན་ཀྱང་ཐག་རིང་པོར་མཐོང་བ་ཅན་ཚད་མ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེས་བུའི་དོན་

ཤེས་པའི་མཁས་པ་ཐག་རིང་པོར་མཐོང་བ་མ་ཡིན་པ་ཅན་དག་དོར་ལ་གྲོལ་བར་འདོད་པ་ཚུར་ཤོག །ཐག་རིང་པོར་མཐོང་བ་ཅན་གྱི་བྱ་རྒོད་སྟེན་པར་གྱིས། གལ་ཏེ་ཐག་རིང་པོར་མཐོང་བ་ཅན་གྱིས་ཚད་མ་ཉིད་ཐོབ་པ་དེ་ལྟར་ན་ཐག་རིང་པོར་མཐོང་བ་ཅན་གྱི་ཕག་དང་། དུད་འགྲོའི་

เล่ม ๑๗๕ · หน้า 16a

རིགས་མཁའ་ལ་རྒྱུ་བ་དང་། གཞན་གྱི་སེམས་ཀྱི་རྗེས་སུ་འབྲང་བ་མཁའ་འགྲོ་མ་ལ་སོགས་པ་བསྟེན་པར་བྱའོ། །དེ་བས་ན་ལ་ལར་དབང་པོ་ལས་འདས་པའི་དོན་མཐོང་བ་ལ་སོགས་པ་དང་ལྡན་པ་ཡོད་པ་ནི། སྐྱེས་བུའི་དོན་ཤེས་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་ལ་མེད་པ་

ཡང་གནོད་པ་ཅན་མ་ཡིན་ནོ། །དེ་བས་ན་དབང་པོ་ལས་འདས་པའི་དོན་མཐོང་བ་ལ་སོགས་པ་མེད་དུ་ཟིན་ཀྱང་། སྐྱེས་བུའི་དོན་ཤེས་པ་ཉིད་ཀྱི་སྒོ་ནས་ཚད་མ་ཉིད་དུ་འདོད་ཀྱི་དོན་ཐམས་ཅད་ཤེས་པས་ནི་མ་ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་འཁོར་ལོ་ལ་སོགས་པ་

དག་ལ་བདེན་པ་ཐུགས་སུ་ཆུད་པ་ཉིད་ཀྱི་ཕྱིར། བདག་ཉིད་ཐམས་ཅད་མཁྱེན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཚད་མ་དེ་འདྲ་བ་ཉིད་འདོད་མོད་ཀྱི། དེའི་སྒྲུབ་པར་བྱེད་པ་ཡང་ཅི་ཞིག་ཡིན། གང་གིས་འདི་འགྲུབ་པར་བརྗོད་ཅེ་ན་ཚད་མ་དེའི་སྒྲུབ་བྱེད་ཐུགས་རྗེས་ཕན་བཏགས་པའི་ལན་

ལ་སོགས་པ་ལ་ལྟོས་པ་མེད་པ་ཅན། སེམས་ཅན་ཐམས་ཅད་ལ་སྙོམས་པ་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ཞེ་སྡང་མེད་པ་ནི་ཐུགས་རྗེ་ཡིན་ཏེ་དེ་ནི་སྒྲུབ་པར་བྱེད་པའོ། །ཐུགས་རྗེ་དེ་འདྲ་བ་དེ་ཉིད་གང་ལས་སྐྱེས་ཤིང་གང་གིས་ན་དེ་འདྲ་བའི་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་

གཞན་མེད་པར་འགྱུར་ཞེ་ན། གོམས་ལས་ཐུགས་རྗེ་ཞེས་བྱ་བ་དེ་ཡིན་ནོ། །ཡོན་ཏན་ལ་ཆགས་པ་ལས་སམ། སེམས་ཅན་གྱི་ཁྱད་པར་ལས་སམ། གཞན་གྱི་དོན་ལ་འཇུག་པ་གཞན་དག་གི་བྱེད་པ་ལས་སམ། དེ་བསྙེན་པ་ལས་སམ། བདག་ཉིད་འདོད་པ་ལས་གོམས་

པར་བྱས་ནས། ཤི་ནས་ཀྱང་སྔོན་གོམས་པར་བྱས་པའི་དབང་གིས་འཇུག་པར་འདོད་པ་དང་། དེའི་བསམ་པ་དང་ལྷན་ཅིག་ལྡན་པར་འགྱུར་ཏེ། ངན་སོང་ལ་སོགས་པར་འགྲོ་བར་གགས་བྱེད་པ་མེད་པ་དེའི་ཚེ་གོམས་པར་བྱས་ཤིང་དེ་ལྟར་ཡང་དང་ཡང་གོམས་པར་བྱས་པ་དེའི་

བདག་ཉིད་དུ་གྱུར་པའི་ཐུགས་རྗེ་གང་ཡིན་པ་དེ་འདྲ་བ་མཐར་ཕྱིན་པ་ལྡོག་པ་མེད་པར་འགྱུར་རོ། །ལྡོག་པ་མེད་པ་ཡང་། རྣམ་པར་འཚེ་མེད་ཡང་དག་དོན། །རང་བཞིན་ཉིད་ནི་བཟློག་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ལྟར་མི་འགྱུར་ན། གལ་ཏེ་བློ་ནི་ལུས་བརྟེན་ཕྱིར། །

เล่ม ๑๗๕ · หน้า 16b

གོམས་པ་གྲུབ་པ་མེད་ཅེ་ན། །དོན་གཞན་ཉིད་ཡིན་ན་བློ་ནི་ལུས་ཀྱི་ཡོན་ཏན་ཡིན་པ་དེ་ལྟར་ན་ལུས་ལ་བརྟེན་པ་ཡིན་ཏེ། དཔེར་ན་རས་ཀྱི་དཀར་པོ་དང་བུ་རམ་གྱི་མངར་བ་ལྟ་བུའོ། །ཡང་ན་ལུས་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་ལུས་ལ་བརྟེན་པ་ཡིན་ཏེ། དཔེར་ན་སྒྲོན་མ་ལ་འོད་ལྟ་བུའོ། །

དོན་གཞན་ཉིད་མ་ཡིན་ན་ཡང་ལུས་ཀྱི་བདག་ཉིད་དུ་གྱུར་པའི་ནུས་པ་ཡིན་པ་དེ་ལྟར་ན་བློ་ནི་ལུས་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཡོན་ཏན་ཅན་གྱི་ལུས་སམ། འབྲས་བུ་ཉིད་ནུས་པར་འདོད་པ་ཞིག་པ་ན་བློའི་མཚན་ཉིད་ཅན་གྱི་ཆོས་སམ། འབྲས་བུའམ་ནུས་པ་མེད་པས་སྐྱེ་བ་དང་འཆི་བའི་རྒྱུན་མེད་

པའི་ཕྱིར། སྐྱེ་བའི་རྒྱུན་མང་པོ་དག་ཏུ་གང་ལས་གོམས་པ་ཡིན་ཞེ་ན། སྐྱེ་བ་དང་འཆི་བའི་རྒྱུན་མེད་པའི་ཕྱིར། གོམས་པ་མེད་དོ་ཞེས་དེ་སྐད་དུ་བརྗོད་པ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་ན་དེ་སྐད་དུ་བརྗོད་པ་འདི་ནི་འབྱུང་བ་དག་རྒྱུན་འཆད་པ་ཉིད་མི་འདོད་ན་གང་གིས་ན་དེ་ལྟར་

འགྱུར། འོན་ཀྱང་ས་དང་ཆུ་དང་མེ་དང་རླུང་གི་མཚན་ཉིད་ཅན་གྱི་འབྱུང་བ་ཆེན་པོ་ཞེས་བྱ་བའི་སེམས་ཅན་ཉིད་ཡོངས་སུ་གྱུར་པ་དག་ནི་སེམས་ཅན་གྱི་ཐ་སྙད་ལ་བརྟེན་པ་ཡིན་ནོ། །འགལ་བའི་རྐྱེན་ལས་མངོན་པར་གསལ་བ་མ་ཡིན་པའི་སེམས་ཅན་དེ་དག་ཀྱང་གཉིད་ལོག་པ་དང་མྱོས་

པ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་བཞིན་དུ་རྣམ་པ་གཞན་དུ་གྱུར་ཅིང་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་བྱ་བའི་སེམས་ཅན་དག་སད་པའི་གནས་སྐབས་བཞིན་དུ་ཡོངས་སུ་གྱུར་པར་འགྱུར་བ་དང་། ཡོངས་སུ་གྱུར་པ་འཐོབ་པོ། །ཇི་ལྟར་གོམས་པ་ཉིད་ཀྱིས་ཡོངས་སུ་གྱུར་པ་དག་

ཀྱང་གཉིད་ཀྱིས་ལོག་པ་དང་སད་པ་བཞིན་དུ་འདུས་བྱས་པའི་ཁྱད་པར་དང་ལྡན་པར་འགྱུར་བ་དེ་ལྟར་ན་འཁོར་བའི་རྒྱུན་དང་གོམས་པ་ཁྱད་པར་དུ་བསྒྲུབ་པ་ཡིན་ནོ། །ཅི་སྟེ་བར་དུ་སེམས་ཆད་པ་ལས་དེ་ལྟར་རྟོག་པ་དེ་བཞིན་དུ་གཞན་ལ་ཡང་དེ་ལྟ་བུའི་རྣམ་པ་ཅན་གྱི་རྒྱུན་ཆད་པ་ཡོད་པ་ཁོ་ན་ཡིན་

ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཞུགས་པའམ། ལེགས་པར་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ལྟ་བུའོ། །དུས་དེ་སྲིད་དུ་བློ་མེད་པ་ཡིན་གྱི་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པ་ནི་མ་ཡིན་ནོ། །ཡང་རྐྱེན་ཇི་ལྟ་བ་བཞིན་དུ་བློ་སྐྱེ་བ་ཉིད་ཡིན་པ་དེ་ལྟར་ན་

เล่ม ๑๗๕ · หน้า 17a

མཚུངས་པ་ཡིན་ནོ། །དེ་ལྟར་མ་ཡིན་པ་ནི་བླ་སྟེ་དེ་ལྟ་ན་ཡང་ཁས་བླངས་ནས་བརྗོད་པར་བྱ་སྟེ། གོམས་པ་མ་གྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་ནི་བཀག་ཕྱིར་རོ། །དོན་གཞན་ཉིད་མ་ཡིན་པའི་ཕྱོགས་ལ་ནི་འབྱུང་བ་དག་ཉིད་ཡིན་པ་དེ་ལྟ་ན། སེམས་ལ་དེ་མེད་

པའི་ཕྱིར་ཕྱིས་འགོག་པར་འགྱུར་རོ། །ལྷག་མ་ཡོན་ཏན་གྱི་ཕྱོགས་སམ། འབྲས་བུའི་ཕྱོགས་ལ་ཡང་བློའི་རྟེན་ལུས་མ་ཡིན་ན་གང་ལས་དེ་ཞིག་པ་ན། བློ་མེད་པའི་ཕྱིར་གོམས་པ་མེད་པར་འགྱུར། གང་གི་ཚེ་བྱ་བའི་སེམས་ཅན་དུ་བགྲང་བ་དེ་དག་རྣམ་པ་གཞན་དུ་གྱུར་པ་དག་ལ་འཆི་

བའི་ཐ་སྙད་དུ་བྱེད་པ་དེའི་ཚེ། དབུགས་འབྱུང་བ་དང་རྔུབ་པ་དང་། དབང་པོ་དང་བློ་རྣམས་གཏན་ནས་རྒྱུན་ཆད་པ་དག་ལ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་སྐྱེ་བ་ཡིན་ནམ། འོན་ཏེ་འཇུག་པ་མི་གསལ་བ་ཅན་ཡིན་པས་གཉིད་མཐུག་པོས་བརྒྱལ་བའི་གནས་སྐབས་ལས་སད་པ་བཞིན་དུ་མཚམས་

སྦྱོར་བ་ཡིན་པར་འགྱུར་གྲང་ན། གལ་ཏེ་ཤིན་ཏུ་རྒྱུན་འཆད་པ་དེའི་ཚེ་ལུས་འབྱུང་བའི་བདག་ཉིད་ཅན་དུ་གནས་པ་ན་ཡང་བློ་ལ་སོགས་པ་ལྡོག་པ་དང་ཕྱིས་འཇུག་པའི་ཕྱིར་འབྱུང་བའི་བདག་ཉིད་ཅན་གྱི་ལུས་ལས་ཐ་དད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གནས་པ་ན་ལྡོག་པ་དེ་ནི་དེ་

ལས་ཐ་དད་པ་ཡིན་ཏེ། དཔེར་ན་ཆུ་གནས་པ་ན་མེ་ལྡོག་པ་ལྟ་བུའོ། །ལུས་ཞེས་བྱ་བའི་འབྱུང་བའི་བདག་ཉིད་ཅན་གནས་པ་ན་ཡང་། དབུགས་འབྱུང་བ་དང་། རྔུབ་པ་དང་དབང་པོ་དང་བློ་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་སྔར་གནས་པ་

ན་སྔར་དེ་ན་མེད་ལ་ཕྱིས་འགྱུར་བ་དེ་ལས་ཤིན་ཏུ་ཐ་དད་པ་ཡིན་ཏེ། དཔེར་ན་སྔར་སྒྲོན་མ་མེད་པ་ཕྱིས་བྱས་པ་ཡིན་པ་ལྟ་བུའོ། །འབྱུང་བའི་བདག་ཉིད་ཅན་སྔོན་ཡོད་པ་ན་ཡང་། དེ་ལ་དབུགས་འབྱུང་བ་དང་རྔུབ་པ་མེད་ཅིང་ཕྱིས་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་

ཡིན་ནོ། །ཅི་སྟེ་འཇུག་པ་མི་གསལ་བ་དེའི་ཚེ་སེམས་ཅན་རྒྱུན་འཆད་པ་ཉིད་མ་ཡིན་ཏེ། དཔེར་ན་གསོན་པའི་གནས་སྐབས་ན་གཉིད་མཐུག་པོ་ལ་སོགས་པའི་གནས་སྐབས་ཀྱི་འཇུག་པ་མི་གསལ་བ་ལྟ་བུའོ། །ཡང་རྐྱེན་ཇི་ལྟ་བ་བཞིན་དུ་བྱ་བ་འཇུག་པ་ཅན་དུ་འགྱུར་རོ། །དེ་ཙམ་གྱིས་ནི་ཤིན་

เล่ม ๑๗๕ · หน้า 17b

ཏུ་རྒྱུན་འཆད་པ་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འགྱུར་བའི་ཕྱིར་འགལ་བ་མེད་པ་ཉིད་དོ། །ཅི་སྟེ་སེམས་ལ་སོགས་པ་ཤིན་ཏུ་རྒྱུན་འཆད་པའམ། འཇུག་པ་མི་གསལ་བ་ཉིད་མ་ཡིན་མོད་ཀྱི། འོན་ཀྱང་ནུས་པའི་ངོ་བོར་གནས་པ་ཡིན་པ་དེའི་ཚེ། ནུས་པ་གང་ཡིན་པ་དེ་ཅི་

སེམས་ལས་གཞན་ཉིད་དམ། འོན་ཏེ་སེམས་ཉིད་ཡིན་གྲང་ན་གཞན་ཉིད་ཡིན་ན་ནི་ནུས་པ་ཉིད་ཡོད་པ་ཡིན་གྱི། སེམས་ཉིད་ནི་མ་ཡིན་ཏེ་གཞན་ཡོད་པ་ན་གཞན་ཡོད་པ་མ་ཡིན་ནོ། །གཞན་ཡང་ནུས་ཞེས་བྱ་བ་ནི་དངོས་པོ་རྒྱུར་གྱུར་པ་དག་གི་འབྲས་བུ་འགྲུབ་པར་བྱེད་པའི་རང་བཞིན་

ཉིད་ནི་དེའི་ངོ་བོ་ཙམ་ཤེས་པར་འདོད་པ་ལ། དེ་ལྟར་བརྡར་བྱས་པའི་སྒྲས་འདི་ནི་འདིའི་ནུས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། མྱོས་པར་བྱེད་པའི་མྱོས་པའི་ནུས་པ་བཞིན་ནོ། །དེ་བས་ན་ནུས་པ་ནི། རྒྱུ་ལས་གཞན་དུ་ཅུང་ཟད་ཀྱང་མེད་ཀྱི་རྒྱུ་ཉིད་ཡོད་པ་དེ་ལྟར་ན། སེམས་ཉིད་ཀྱི་རྒྱུ་ཡོད་

པ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་དཔྱད་པར་བྱའོ། །གལ་ཏེ་དེ་ལྟར་ནི་ཡིན་ན་ཇི་ལྟར་ན་ས་བོན་གྱི་ནུས་པ་ཞེས་ཐ་སྙད་དུ་བྱེད་ཅེ་ན། དེ་ལ་ཡང་ནུས་པ་ཞེས་བྱ་བ་ནི་ས་བོན་གྱི་མྱུ་གུ་སྐྱེད་པར་རུང་བ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་བརྗོད་པ་ཡིན་ནོ། །འདིའི་

ནུས་པ་ཞེས་བྱ་བ་ཐ་དད་པ་འབྲེལ་བའི་ངང་ཚུལ་ཅན་གྱི་ཐ་སྙད་པ་གང་ཡིན་པ་དེ་ནི་མྱུ་གུ་སྐྱེད་པའི་རང་བཞིན་གསལ་བར་བྱ་བའི་ཕྱིར། ཇི་ལྟར་འདིའི་ནུས་པ་འདི་ཡིན་ནོ་ཞེས་བྱ་བར་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་ལྟར་ནུས་པ་ནི་རྒྱུ་ཉིད་ཡིན་ཞིང་སེམས་ཉིད་ནི་འབྲས་བུར་འགྱུར་རོ། །ཅི་

སྟེ་གཞན་ཉིད་མ་ཡིན་པ་དེའི་ཚེ་སེམས་ཉིད་ཡོད་པ་ཉིད་ཡིན་པ་དེ་ལྟར་ན། རྒྱུན་ཆད་པ་ཉིད་མ་ཡིན་པ་དེ་ཡང་མི་འདོད་དོ། །དེ་བས་ན་འདིས་དབུགས་འབྱུང་བ་ལ་སོགས་པ་ཤིན་ཏུ་རྒྱུན་ཆད་པ་ཞེས་བྱ་བ་དང་། ཕྱིས་འབྱུང་བའི་བདག་ཉིད་ཡན་གར་བ་གྱུར་པ་ལས་ཡང་དབུགས་

འབྱུང་བ་ལ་སོགས་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེའི་ཚེ་ཡང་སྐྱེ་བ་ཡོངས་སུ་ལེན་པ་ན། སྐྱེ་བའི་དུས་ནའོ། །རང་གི་རིགས་ལ་ལྟོས་པ་མེད་པ་ཅན། རིས་མཐུན་པའི་རྒྱུན་ལ་ལྟོས་པ་མེད་ཅན་དག་གི། །འབྱུང་རྔུབ་དབང་པོ་བློ་དག་ནི། །ཡན་གར་བའི་ལུས་ཉིད་

เล่ม ๑๗๕ · หน้า 18a

ལས་ནི་སྐྱེ་བ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཐལ་འགྱུར་ཕྱིར་རྡོ་དང་ཆུ་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འབྱུང་བ་ཙམ་ཡན་གར་བ་ལས་སེམས་ཉིད་མངོན་པར་གསལ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། རྡོ་ལ་སོགས་

པ་དག་ལ་ཡང་དབུགས་འབྱུང་བ་དང་རྔུབ་པ་དང་སེམས་དང་ལྡན་པར་འགྱུར་བ་དང་། རྟོག་དཔྱོད་དང་ལྡན་པར་འགྱུར་རོ། །དེ་བས་ན་ལུས་ཡན་གར་བ་ལས་ནི་མ་ཡིན་གྱི། དེ་ལས་ཐ་དད་པའི་རིས་མཐུན་པའི་རྒྱུ་ལས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་ད་ལྟར་བའི་ལྟ་བུའོ། །

ཉིང་མཚམས་སྦྱོར་བའི་ནུས་པར་ལྡན། །དབང་པོ་ལ་སོགས་པ་རང་གི་རིགས་ལ་ལྟོས་པ་དང་བཅས་པ། མཐོང་བ་གང་ཡིན་པ་དེ་ལས་ཉིང་མཚམས་སྦྱོར་བའི་རྒྱུ་གཞན་ལྷག་པ་ཅི་ཞིག་ཡོད་པར་འགྱུར། མ་འོངས་པའི་སྐྱེ་བ་ཡོངས་སུ་ལེན་པ་ན། གང་མེད་པ་ཡིན་རྒྱུ་གང་གིས་ན་ཡང་དབང་

པོ་ལ་སོགས་པ་མཚམས་སྦྱོར་ལྡན་མེད་ཡིན་ཏེ། ཕྱིས་ཀྱང་དབུགས་དབྱུང་བ་དང་རྔུབ་པ་ལ་སོགས་པ་དག་གིས་མཚམས་སྦྱོར་བ་ཁོ་ན་ཡིན་ནོ། །ཚོགས་པ་གེགས་བྱེད་པ་མེད་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྦྱོར་བ་ཡང་གང་ཞིག་གང་ཡོད་ན་རྒྱུ་དང་བྲལ་བ་མ་ཡིན་པ་དེ་

ནི་མི་འགྱུར་བ་ཉིད་མ་ཡིན་ཏེ། དཔེར་ན་མྱུ་གུ་རང་གི་བདག་ཉིད་ཐོབ་པར་བྱ་བ་ལ་རྒྱུ་དང་མ་བྲལ་བ་རྐྱེན་ཡིན་པ་ལྟ་བུའོ། །འཆི་བ་ལས་དུས་ཕྱིས་དབང་པོ་ལ་སོགས་པའི་བདག་ཉིད་ཀྱི་ངོ་བོ་ལ་ཡང་། རྒྱུ་དང་བྲལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་

དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། །ལུས་ཡན་གར་བ་ལས་སྐྱེ་ན་ཐལ་བར་འགྱུར་བའི་ཕྱིར་དང་། རིས་མཐུན་པའི་རྒྱུ་ཅན་ཉིད་ཡོད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ལུས་ཡན་གར་བ་ལས་དབང་པོ་ལ་སོགས་པ་སྐྱེ་ན་ཐལ་བར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ་ནི་

ཡོད་པ་མ་ཡིན་ནོ། །དེ་ལྟར་ན་འབྱུང་བ་འགའ་ཞིག་རྣམ་པ་འགའ་ཞིག་ལྟར་གྱུར་པས་སེམས་ཉིད་རྩོམ་པ་ཡིན་གྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་པ་དེ་ལྟར་ན། རྡོ་དང་ཆུ་ལ་སོགས་པའི་བདག་ཉིད་ཅན་གྱི་འབྱུང་བ་དག་སེམས་ཙམ་པ་དང་འགལ་བའི་རང་བཞིན་དུ་གྱུར་པར་གནས་པ་དག་ཡིན་པས་ན་རྒྱུ་

เล่ม ๑๗๕ · หน้า 18b

མེད་པ་ཉིད་ཀྱི་ཕྱིར་སེམས་ཉིད་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་གང་གི་ས་བོན་ཡོད་པ་མ་ཡིན་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། དཔེར་ན་ཆུ་ལ་གཟུང་བར་བྱ་བ་ལྟ་བུའོ། །རྡོ་དང་ཆུ་ལ་སོགས་པ་དག་ལ་ཡང་སེམས་ཉིད་ལ་སོགས་པ་གཞན་དུ་གྱུར་པའི་ས་བོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་

ཁྱད་པར་བྱེད་པ་མི་དམིགས་པའོ། །གང་ལ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་རྗོད་པར་བྱེད་དེ་ཡན་ལག །གང་ལ་དྲོད་གཤེར་ལས་སྐྱེས་པའི། །སྐྱེ་བོ་སྐྱེད་པར་མི་འགྱུར་བའི། །ས་སོགས་ཆ་སྟེ་ཡན་ལག་དེ་འགའ་ཞིག་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཉིད་ལས་

འགྱུར་རོ། །དེ་ཕྱིར་ཀུན་ས་བོན་དག་ཡིན། །དེ་ལྟར་ན་མ་གྲུབ་པ་ཡིན་ནོ། །དགོངས་པ་ནི་གང་གི་ཚེ་ས་ལ་སོགས་པའི་ཆ་ཐམས་ཅད་ལས་སྐྱེ་བོ་སྐྱེ་བ་དེའི་ཚེ། ས་ལ་སོགས་པ་དེ་དག་ཇི་ལྟར་ཡོངས་སུ་མཐོང་བ་བཞིན་དུ། མཚུངས་པའི་རྒྱུ་ཅན་ཡིན་པ་དང་མཚུངས་པར་གྱུར་པ་

ཅན་ཡིན་པའི་ཕྱིར། ཇི་ལྟར་ཡན་ལག་གཅིག་སྲོག་ཆགས་ཉིད་དུ་གྱུར་པ་དེ་ལྟར་ཐམས་ཅད་ལ་ཡང་ཁྱད་པར་མེད་པས་སྲོག་ཆགས་ཉིད་དུ་འགྱུར་བ་དེ་ལྟར་ན། འགྲོ་བ་ཐམས་ཅད་ཅིག་ཅར་སྲོག་ཆགས་ཀྱི་རང་བཞིན་དུ་འགྱུར་ཏེ། མངོན་པར་གསལ་བ་མ་ཡིན་པའི་སེམས་

པ་ཅན་གྱི་འབྱུང་བ་གཞན་འགའ་ཞིག་ཏུ་མི་འགྱུར་རོ། །གལ་ཏེ་མ་ཡིན་ན་གཅིག་ཀྱང་མི་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་ཁྱེད་ཅག་ལ་ཡང་སྐྱོན་དེ་མཚུངས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁོ་བོས་ལ་སོགས་པ་ཡན་གར་བ་ལས་སྲོག་ཆགས་རྣམས་འབྱུང་བར་མི་འདོད་ཀྱི། འོན་

ཀྱང་རྒྱུ་མ་མཐོང་དུ་ཟིན་ཀྱང་དབུགས་འབྱུང་རྔུབ་ལ་སོགས་པ་ཡོད་པ་དེ་ལྟར་ན་གང་ལ་དེ་ཡོད་པ་དེ་ལ་སྐྱེ་བོ་སྐྱེ་བའི་གཞན་ལ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་ན་ཇི་ལྟར་སའི་ཁམས་ཁྱད་པར་ཅན་མ་ཡིན་པ་བཞུས་པ་ལས་ཅུང་ཟད་གསེར་དུ་འགྱུར་ཞིང་ཅུང་ཟད་དྲི་མར་འགྱུར་བ་

དེ་བཞིན་དུ་ས་ལ་སོགས་པ་ཁྱད་པར་ཅན་མ་ཡིན་པ་ལས་ཅུང་ཟད་སྲོག་ཆགས་དང་། གཞན་ནི་འབྱུང་བ་ཡན་གར་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་འདིར་ཡང་མཚུངས་པ་ཡིན་ནོ། །དེ་ལྟར་ན་སའི་ཁམས་ཁྱད་པར་མེད་པ་ཅན་ཅིའི་ཕྱིར་ཐམས་ཅད་གསེར་དུ་མི་འགྱུར་ལ། གང་གིས་

เล่ม ๑๗๕ · หน้า 19a

ན་གཞན་དྲི་མར་འགྱུར་དེ་ལ་དེ་ལྟར་འགྱུར་རོ། །དེ་ལ་མངོན་པར་མི་གསལ་བའི་ངོ་བོ་ཅན་རྡུལ་ཕྲ་མོ་འགའ་ཞིག་གསེར་གྱི་བདག་ཉིད་ཅན་གང་ཡིན་པ་བཞུས་པ་ན། གསེར་གྱི་མདོག་གསལ་བར་བྱེད་པར་འགྱུར་བ་དང་། དེའི་ཐ་སྙད་ཀྱང་ཐོབ་པར་

འགྱུར་ལ། དེ་ལས་གཞན་བདག་གི་དེ་ལས་བཟློག་པ་ཉིད་དུ་འགྱུར་བ་དེ་ལྟར་ན་རིགས་པ་མཐོང་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཡང་སྲོག་ཆགས་དང་། སྲོག་ཆགས་མ་ཡིན་པའི་ངོ་བོ་ནི། སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་བདག་ཉིད་ཅན་གྱི་འབྱུང་བའི་ངོ་བོ་ཐ་དད་པ་ཉིད་

ཡིན་པ་དེ་ལྟར་ན། འཁོར་བར་འཁོར་བའི་སེམས་ཅན་གྲུབ་པ་ཡིན་ནོ། །ཅི་སྟེ་ཇི་ལྟར་ཚོགས་པ་མཚུངས་པ་ཅན་ལྕགས་སུ་གྱུར་པའི་རང་བཞིན་ཅན་དུ་ཁྱད་པར་མེད་པའི་ལྷང་ཚེར་བཞུས་པ་ན་རིམ་གྱིས་ལྕགས་སུ་འགྱུར་གྱི། ཅིག་ཅར་མ་ཡིན་པ་དེ་ལྟར་ས་ལ་སོགས་པ་

ཉེ་བར་ལེན་པའི་རྒྱུ་ཅན་དུ་མཚུངས་པ་དང་གྱུར་པའི་རྒྱུ་ཅན་དུ་མཚུངས་པ་དག་རིམ་བཞིན་དུ་སྲོག་ཆགས་ཉིད་ཐོབ་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། འདི་ལྟར་ལྷང་ཚེར་བཞུས་པ་དེ་ལ་ཡང་ཡན་ལག་གང་དག་ལ་མེ་ཤིན་ཏུ་མང་པོ་ཞུགས་པ་དེ་དག་ཉིད་ལྕགས་སུ་འགྱུར་རོ། །

མེ་ཤིན་ཏུ་མང་པོ་ཡང་རླུང་དང་རྗེས་སུ་འབྲེལ་པ་ཅན་ཡིན་པའི་ཕྱིར་རིམ་བཞིན་དུ་ལྕགས་སུ་འགྱུར་རོ། །དེ་ལྟ་མ་ཡིན་ན་རླུང་མཚུངས་པས་སྦྱར་བའི་མེའི་ཁྱད་པར་དང་འདྲེས་པས་རིམ་བཞིན་མ་ཡིན་པར་ཡང་ངོ་། །ཁྱད་པར་ཅན་མ་ཡིན་པའི་རང་བཞིན་མཐོང་བ་ཙམ་གྱུར་པའི་

རྐྱེན་གྱི་ས་ལ་སོགས་པ་ལ་དེ་རིགས་པ་མ་ཡིན་ནོ། །ཇི་སྟེ་ཇི་ལྟར་ཆུ་དེའི་ཡན་ལག་རྒྱུ་མཚུངས་པ་ཅན་གང་ཡིན་པ་འགའ་ཞིག་ནི་སྲོག་ཆགས་ཀྱི་འབྲས་བུ་བྱེད་ལ། གཞན་དག་ནི་མ་ཡིན་ནོ་ཞེས་དེ་ལྟར་རྟོགས་ན། དེ་ནི་མ་ཡིན་ཏེ་རང་བཞིན་ལ་སོགས་པ་ཁྱད་པར་མེད་པའི་ཕྱིར།

ཆུ་ཡོངས་སུ་བཙགས་ནས་གཞག་པར་འགྱུར་བ། ཇི་ལྟར་ཡོངས་སུ་མཐོང་བའི་རྟེན་ལ་སོགས་པ་རྒྱུ་མཚུངས་པ་ཅན་གང་ཡིན་པ་དེ་ནི་ཐམས་ཅད་སྲོག་ཆགས་ཀྱི་རང་བཞིན་དུ་འགྱུར་བའམ། ཅུང་ཟད་ཀྱང་མ་ཡིན་ནོ། །གཞན་མ་མཐོང་བའི་རྒྱུ་འགའ་ཞིག་ཀྱང་མི་འདོད་

เล่ม ๑๗๕ · หน้า 19b

ན་གང་གིས་ན་ཐམས་ཅད་མི་འགྱུར། དེ་ལྟར་ན་གང་དེ་ནི་ཅི་ཡང་མི་རུང་ངོ་། །གང་ཡང་ཅི་ལྟར་དར་བ་ལ་སོགས་པའི་རྟེན་ལ་སོགས་པ་མཚུངས་པ་ལ་སྟེང་ཉིད་ན་བྲིས་མ་སྲིད་པ་ཡིན་གྱི་ཐམས་ཅད་ལ་མ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཡན་ལག་འགའ་ཞིག་ལ་ཡང་སྐྱེ་བོ་འགྱུར་གྱི།

ཐམས་ཅད་དག་ལ་མ་ཡིན་ནོ་ཞེས་རྟོག་ན་དེ་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་བྲིས་མ་ནི་རིགས་མཐུན་པའི་དར་བའི་ཡན་ལག་ལ་བརྟེན་པ་དང་རིགས་མཐུན་པ་ལ་བརྟེན་པའི་རླུང་དང་དྲོད་ལ་སོགས་པ་རྒྱུ་འོག་ན་མེད་པའི་ཕྱིར། མི་འགྱུར་བ་དེ་ལྟར་ཆུ་ལ་སོགས་པ་མ་ཡིན་ཏེ། སྟེང་དང་

བར་དང་འོག་གི་ཆ་དག་ལ་སྲོག་ཆགས་གང་དག་ཡོད་པའི་ཕྱིར་རོ། །ཆུར་ཁྱད་པར་མེད་ན་ཡང་ལྷག་མ་སྲོག་ཆགས་དང་ལྡན་པ་སྲོག་ཆགས་ཀྱི་རང་བཞིན་དུ་གྱུར་པ་དེ་ལྟར་ན། ཉེ་བར་བཀོད་པ་མཚུངས་པ་མ་ཡིན་ནོ། །དེ་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་མེད་རྣམས་ནི་

སོགས་པའི་སྒྲས་དབུགས་འབྱུང་རྔུབ་དང་བློ་དག་བཟུང་ངོ་། །ས་དང་ཆུ་དང་མེ་དང་རླུང་ཡན་གར་བ་དག་ལས་འབྱུང་བ་ཡིན་ན་ཁས་ལེན་ནའོ། །ཇི་ལྟར་གཅིག་ནི་གྱུར་པ་ཡིན། ས་ལ་སོགས་པའི་ཡན་ལག་སྲོག་ཆགས་ཉིད་དུ་གྱུར་པ་དེ་ལྟར་དེ་ལས་ལྷག་མ་ཀུན་གྱུར་པར་འགྱུར་རོ། །ཅིའི་ཕྱིར་ཞེ་

ན་ཁྱད་པར་མེད་པའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུ་ཅན་ཉིད་དུ་མཚུངས་པའི་ཕྱིར་དང་གྱུར་པའི་རྒྱུ་ཅན་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འགྱུར་བ་ཡང་མ་ཡིན་ནོ། །དེ་བས་ན་གང་ལ་མ་མཐོང་བའི་རྒྱུ་ཡོད་པ་དེ་ཉིད་ལ་སྲོག་ཆགས་ཡོད་ཀྱི། ཐམས་ཅད་ལ་མ་ཡིན་པའི་ཕྱིར།

འབྱུང་བ་འགའ་ཞིག་ནི་སེམས་ཅན་དུ་བགྲང་བ་ཡིན་ལ། གཞན་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་དེ་ལྟར་འཐད་དོ། །དེ་བས་ན་དེ་ལྟར་ཞར་ལ་འོངས་པ་རྫོགས་པར་བྱས་ནས་དབང་པོ་ཞེས་བྱ་བ་ལ་སོགས་པས་རྟེན་འགོག་པའི་སྐབས་དང་སྦྱར་བ་ཡིན་ཏེ། དེ་ལ་ཕྱོགས་གསུམ་

པོའི་ནང་ནས་ནུས་པའི་ཕྱོགས་ལ་བློའི་རྟེན་ལུས་མ་ཡིན་པ། དེ་ལྟར་ན་ནུས་པ་ཞེས་བྱ་བ་གཞན་ཅུང་ཟད་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འགྲུབ་པར་ནུས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་དེ་བསྟན་ཟིན་ཏོ་དེས་ན་འབྱུང་བ་དག་

เล่ม ๑๗๕ · หน้า 20a

ཉིད་ནུས་པ་ཡིན་པ་དེ་ལྟར་ན། གང་གང་གི་རྟེན་ཡིན། །གཞན་ཡང་མྱོས་པའི་ནུས་པ་དང་། །སེམས་ཉིད་ཀྱི་ནུས་པ་ཅི་ཞིག་མཚུངས་ན། གང་གིས་ན་དེ་དཔེ་དེ་ཉིད་དུ་བཟུང་བ་ཉིད་ཡིན། དེ་ལ་མྱོས་པ་ཞེས་བྱ་བའི་འབྲས་བུ་དོན་གཞན་དུ་གྱུར་པ་

སྐྱེས་བུའི་ཆོས་ཡིན་ཞིང་དེའི་ནུས་པ་ནི་འབྲས་བུ་དེ་བྱེད་པའི་ངང་ཚུལ་ཅན་གྱི་ཆང་ཉིད་ཡིན་གྱི། སེམས་ཉིད་ཀྱི་འབྲས་བུ་ཅུང་ཟད་ཀྱང་མ་ཡིན་ན། གང་ལ་ལྟོས་ནས་དེ་ནུས་པ་ཞེས་བྱ་བར་བརྗོད་དེ། ཅི་སྟེ་སེམས་ཉིད་ཀྱི་རྒྱུར་གྱུར་པའི་ནུས་པ་ཡོད་པ་དེའི་ཚེ། མྱོས་པ་

དང་འདྲ་བར་སེམས་ཉིད་འབྱུང་བ་ལས་དོན་གཞན་ཉིད་དུ་གྱུར་པ་ཉིད་ཀྱིས་ཡོན་ཏན་གྱི་ཕྱོགས་སམ། འབྲས་བུའི་ཕྱོགས་ཡིན་པ་དེ་ལྟར་ན་ནུས་པའི་ཕྱོགས་མ་ཡིན་ནོ། །ཅི་སྟེ་འབྱུང་བ་རྣམས་ཀྱི་སེམས་ཉིད་ཀྱི་བདག་ཉིད་ཅན་ནུས་པ་ཡིན་པ་དེའི་ཚེ། འབྱུང་བ་དག་

ལ་དེ་རག་ལུས་པ་ཅི་ཞིག་ཡོད་ན། གང་གིས་ན་འབྱུང་བ་རྣམས་ཀྱི་སེམས་ཉིད་ནུས་པ་ཡིན་ཞེས་ཐ་སྙད་དུ་བྱེད། དེ་ལྟར་ནི་འགྱུར་ན། ཇི་ལྟར་སྒྲ་བྱས་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་ཐ་སྙད་དུ་བྱེད་པ་དེ་ལྟར་འབྱུང་བ་རྣམས་ཉིད་དེ་ལྟར་ནུས་པ་ཡིན་པར་ཐ་སྙད་དུ་བྱེད་པ་ཡིན་

ནོ་ཞེ་ན་མ་ཡིན་ཏེ། བྱས་པ་ཉིད་ཀྱི་སྒྲ་ཉིད་ཀྱིས་ནི་ཆོས་གཞན་སྤོང་བའི་སྒོ་ནས་དེ་ཙམ་ཤེས་པར་འདོད་པ་ལ། དེའི་རང་བཞིན་བརྗོད་པའི་ཕྱིར་རོ། །དེ་ལྟར་འབྱུང་བ་རྣམས་ལ་སེམས་ཉིད་ཅེས་བྱ་བའི་རང་བཞིན་དུ་བརྗོད་པ་མ་ཡིན་ཏེ། དེ་ནི་བློ་ཐ་དད་པས་གཟུང་བར་བྱ་བ་ཉིད་ཡིན་

པའི་ཕྱིར་རོ། །དེ་ལྟར་ན་ནུས་པ་དང་ལྡན་པའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་འོག་ནས་དགག་པར་བྱ་བའོ་ཞེས་བྱ་བ་བཤད་ཟིན་ཏོ། །དོན་གཞན་གྱི་ཕྱོགས་ཀྱི་ཡོན་ཏན་ལ་སོགས་པའི་ངོ་བོ་ཡིན་ན། བློའི་ཅི་ལུས་རྟེན་དུ་འགྱུར་ན་དབང་པོ་དང་བཅས་པར་འགྱུར་

བའམ། སྐྲ་དང་སེན་མོ་ལ་སོགས་པའི་མཚན་ཉིད་ཅན་དབང་པོ་མེད་པ་ཅན་དུ་འགྱུར་གྲང་ན། རེ་ཞིག་དབང་པོ་མེད་པ་ཅན་ནི་འདོད་པ་མ་ཡིན་ཏེ། ཤི་བའི་ལུས་ཀྱི་སྐྲ་དང་སེན་མོ་ལ་སོགས་པ་དག་ལ་ཡང་སེམས་ཉིད་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་

เล่ม ๑๗๕ · หน้า 20b

དབང་པོ་དང་བཅས་པ་ཅན་ཁོ་ན་ཡིན་ནོ། །ད་ནི་མིག་ལ་སོགས་པའི་དབང་པོའི་བདག་ཉིད་ཅན་ཉིད་ཀྱིས་ལྔ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ལྔ་ལུས་ཀྱི་མིང་ཅན་དེ་དག་ནི་ཡིད་ཀྱི་བློའི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་དབང་རྣམས་རེ་རེ་ལ། རྐྱེན་ཇི་

ལྟ་བ་བཞིན་དུ་གནོད་ན་ཡང་། མིག་ལ་སོགས་པའི་རྣམ་པར་རིག་པ་དེ་དག་ལ་གནོད་པ་ཡོད་པ་ཅི་འདྲ་བ་ཡིད་བློའི་གནོད་པ་ཡོད་མ་ཡིན། གསལ་བ་དང་མི་གསལ་བ་ལ་སོགས་པ་ལྡོག་པའི་མཚན་ཉིད་ཅན་ནོ། །མིག་ལ་གནོད་པ་ན་ཡིད་གདུང་བ་ལ་སོགས་པའི་མཚན་ཉིད་

ཅན་གང་ཡིན་པ་དེ་ཡང་བུ་ལ་སོགས་དང་། འབྲེལ་པ་ཅན་གྱི་དབང་པོ་ལ་གནོད་པ་ན་ཡང་། ཡིད་ཀྱི་བློ་ཡོད་པ་དེ་ལྟར་ན་རྣམ་པར་རྟོག་པའི་ཤེས་པ་ནི་མིག་ལ་སོགས་པ་འགྱུར་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་མ་ཡིན་པའི་ཕྱིར། དེ་ལ་བརྟེན་པ་མ་ཡིན་ནོ། །སྦྱོར་

བ་ནི་གང་མིག་འགྱུར་བའི་རྗེས་སུ་མི་བྱེད་པ་དེ་ནི་མིག་ལ་རྟེན་པར་བྱེད་པ་མ་ཡིན་ཏེ། དཔེར་ན་རྣ་བའི་རྣམ་པར་ཤེས་པ་ལྟ་བུའོ། །ངེས་པར་རྟོགས་པའི་ཤེས་པ་ཡང་མིག་གི་འགྱུར་བའི་རྗེས་སུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །དེ་བཞིན་དུ་

ལུས་ཀྱི་དབང་པོ་ལ་གནོད་ན་ཡང་ཡིད་ཀྱི་བློའི་གནོད་པ་ཡོད་པ་མ་ཡིན་ནོ་ཞེས་བྱའི་བར་དུ། ཕྱོགས་ཀྱི་ཆོས་སྤོང་བ་བྱས་ནས་རྣ་བའི་དབང་པོ་ལ་སོགས་པ་རྟེན་ཡིན་པ་བཀག་པ་ཡང་བརྗོད་པར་བྱའོ། །འདིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྟེན་ཅན་མ་

ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་དང་འདྲ་བར་དེའི་དོན་རྟོགས་པ་མེད་པའི་ཕྱིར་རོ། །ཡིད་ལས་བྱུང་བའི་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་གཟུགས་གསལ་པོར་སྣང་བ་ཅན་གྱི་རྟོགས་པ་མ་ཡིན་པའི་ཕྱིར་མིག་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་

རྣམས་ལ་ཡང་བརྗོད་པར་བྱའོ། །གཞན་ཡང་རྣམ་པར་རྟོག་པའི་ཤེས་པ་དེ་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར། དབང་པོ་དང་བཅས་པ་ཅན་གྱི་ཡུལ་གྱི་ཆོས་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ལུས་དབང་པོ་དང་བཅས་པ་ཅན་ཉིད་ཀྱི་ཡིད་ཀྱི་ཤེས་པ་

เล่ม ๑๗๕ · หน้า 21a

རྟེན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཡིད་ཀྱི་བློ་འདི་འཇིག་ན་ནི་རྣམ་པར་འགྱུར་བའམ། རྣམ་པར་འཇིག་པ་ན་མིག་ལ་སོགས་པ་དེ་དག་གིས་འཇིགས་པ་དག་ཀྱང་རྣམ་པར་འགྱུར་བའམ་ཞིག་པ་དག་ཀྱང་མཐོང་བར་འགྱུར་རོ། །འདོད་པ་དང་མྱ་ངན་དང་

འཇིགས་པ་ལ་སོགས་པས་ཡིད་ལ་གནོད་པ་ན་མིག་ལ་སོགས་པ་ལ་གནོད་པ་མཐོང་བ་དང་། དགའ་བ་ལ་སོགས་པས་ཡིད་བདེ་བ་ཅན་གྱི་སེམས་དང་ལྡན་པ་ཅན་གྱི་ཡོངས་སུ་རྒྱས་པ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དབང་པོ་རྣམས་ནི་ཡིད་ཀྱི་ཕན་པ་དང་གནོད་པའི་རྗེས་སུ་བྱེད་པ་ཅན་

ཡིན་པའི་ཕྱིར། དེ་ལ་བརྟེན་པ་ཉིད་དུ་རིགས་པ་ཡིན་ནོ། །ཇི་ལྟར་དབང་པོ་ཡོད་ན་ཡོད་པའི་ངང་ཚུལ་ཅན་ཉིད་ནི། ཡིད་ཀྱི་བློའི་རྟེན་ཡིན་པ་དེ་ལྟར་ཡིད་ཡོད་ན་ཡོད་པའི་ངང་ཚུལ་ཉིད་ཀྱང་དབང་པོ་རྣམས་ལ་ཡོད་པ་ཡིན་པའི་ཕྱིར། དེ་ཅིའི་ཕྱིར་རྟེན་མ་ཡིན་གཞན་ཡང་ཚོར་བ་མེད་པ་ལ་

སོགས་པའི་དུས་ན་ལུས་ཀྱི་དབང་པོ་ལ་སོགས་པ་མེད་ན་ཡང་བློ་ཡོད་པ་ཉིད་ཡིན་ལ། དེ་མེད་པ་ན་ཡང་དབང་པོ་རྣམས་མི་མཐོང་བ་དེ་ལྟར་ན་ལུས་ཀྱི་རྒྱུ་ནི་ཡིད་ཁོ་ན་ཡིན་པའི་ཕྱིར་བློའི་རྟེན་ལུས་མ་ཡིན་ན་གང་གིས་ན་ལུས་ཞིག་པའི་ཕྱིར་གོམས་པ་མེད་པར་འགྱུར། གང་གི་ཕྱིར་

ཡིད་ཀྱི་རྒྱུ་ལུས་མ་ཡིན་གྱི་དེའི་རྒྱུ་ཡིན། དེའི་ཕྱིར་བློ་གནས་པའི་རྟེན་འགའ་ཞིག་རིགས་མཐུན་པའོ། །དེ་ཡང་བློ་ཉིད་ལ་བརྟེན་པ་ཡིན་གྱི་ལུས་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་དབང་པོ་རྣམས་ནི་རྒྱུ་མཚན་ཡིན་རྒྱུ་དེའི་ཕྱིར་ཡིད་ཀྱི་བློ་ལས་དབང་པོ་ཡིན་གྱི། དེ་དག་ལས་ཡིད་ཀྱི་བློ་ནི་

མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གང་གི་ཕྱིར་དབང་པོ་མ་ལུས་པ་དང་རེ་རེ་ལ་གནོད་ན་ཡང་ཡིད་ཀྱི་བློ་ལ་གནོད་པ་མེད་པ་དེའི་ཕྱིར་དབང་པོ་རྣམས་རྟེན་མ་ཡིན་ནོ། །དབང་པོ་ཐམས་ཅད་ལོག་པས་ཡིད་ཀྱི་ཤེས་པ་ལྡོག་ཏུ་ཟིན་ཀྱང་དེའི་རྟེན་དུ་རྟོགས་པ་ནི་མི་རུང་ངོ་། །

དེ་ལྟར་ན་འཇིག་རྟེན་ལ་གནོད་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་རྟེན་པའི་ཆོས་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི། དེ་ལོག་ཏུ་ཟིན་ཀྱང་ལྡོག་པ་ཉིད་དུ་མི་འགྱུར་བ་དེ་ལྟར་ན་གང་ལས་རྟེན་གྱི་ངོ་བོ་ཡིན། དབང་པོ་རྣམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་བྱེད་པའི་ཕྱིར་དེ་ནི་

เล่ม ๑๗๕ · หน้า 21b

རྟེན་ཡིན་ནོ། །ཡིད་ཀྱི་བློ་དེའི་ཡིད་དབང་པོ་དང་བཅས་པ་ཅན་གྱི་ལུས་ལས་གཞན་རྟེན་མ་ཡིན་ཞིང་གློ་བུར་བ་ཡང་མ་ཡིན་པའི་ཕྱིར། ཕྱིས་ཀྱི་བློ་དེ་འགྲུབ་པར་ནུས་པའི་མཚན་ཉིད་ཅན་བག་ཆགས་ཀྱི་ངོ་བོ་ཅན་ལས་ཀྱི་མིང་ཅན་གྱི་བློ་སྔ་མ་ནི་རྟེན་ཡིན་ནོ་ཞེས་བྱ་བར་གནས་སོ། །དེའི་ཕྱིར་

བདག་ཏུ་འཛིན་པ་ལ་སོགས་པ་དང་ལྡན་པ་ཅན་གྱི་སྐྱེ་བ་ཡོངས་སུ་ལེན་པའི་དུས་ན་དབང་པོ་ལ་སོགས་པའི། ཅི་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་འཆི་བའི་གནས་སྐབས་ན་ཡང་དེ་དང་འདྲ་བར་འགྱུར། རྒྱུ་ཐམས་ཅད་མ་ཚང་བ་མེད་པའི་ཕྱིར་དེ་འདྲ་ལ་འཕེན་པར་བྱེད་པ་ཉིད་དུ་

འགྱུར་རོ། །དེ་ལྟར་ན་གེགས་བྱེད་པ་མེད་པ་ཅན་གྱི་རྒྱུའི་ངོ་བོ་ཚོགས་པ་ཅན་གྱི་ཡང་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བ་གང་གིས་བཟློག་པ་ཉིད་དུ་ནུས། སྦྱོར་བ་ནི་གང་ཞིག་གང་གི་རྒྱུའི་ངོ་བོའི་གནས་སྐབས་མ་ཚང་བ་མེད་པ་དེ་ནི་དེའི་བྱེད་པ་ཉིད་ཡིན་ཏེ། དཔེར་ན་དབང་

པོ་རྣམས་ཀྱི་སྔར་གྱི་གནས་སྐབས་ཀྱི་བློ་དེ་ཉིད་ལྟ་བུའོ། །ཕྱིས་ཀྱང་བློ་ནི་དབང་པོ་རྒྱུའི་ངོ་བོའི་གནས་སྐབས་མ་ཚང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གནས་སྐབས་གང་ལ་སྐྱེད་པའི་རྒྱུ་ཡོད་པ་དེ་ནི་སྐྱེད་པའི་རྒྱུན་ཆད་པ་མ་ཡིན་ཏེ། བློ་དེ་

ཉིད་ཀྱི་སྔ་མའི་གནས་སྐབས་ལྟ་བུའོ། །ཐ་མའི་གནས་སྐབས་ཀྱི་བློ་ལ་ཡང་སྐྱེད་པའི་རྒྱུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། བློ་སྔོན་དུ་བྱུང་བ་ལས་ཀྱིས་མངོན་པར་འདུ་བྱས་པ་ནི་ཇི་སྲིད་བདག་དང་བདག་གིར་འཛིན་པའི་

ཆོས་རྣམས་ཡོད་པར་གྱུར་པ། གནོད་པ་མེད་པར་འཇུག་པ་ཅན་དེ་དག་ཐམས་ཅད་ཕྱིས་འབྱུང་བ་ཅན་ལ་ཡོད་པའི་ཕྱིས་མ་གྲུབ་པ་ཅི་ཞིག་ཡོད། གལ་ཏེ་དབང་པོ་རྣམས་ནི་རྣམ་པར་ཤེས་པ་ལ་བརྟེན་པ་ཉིད་ཡིན་གྱི་དེ་ཡང་དེ་ལ་བརྟེན་པ་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པས་

ལུས་དང་སེམས་དག་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ཉིད་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐས་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དགོངས་པ་མི་ཤེས་པའི་ཕྱིར་རོ། །ལུས་ཀྱིས་དངོས་སུ་ཡིད་ཀྱི་འགྱུར་བ་ཅུང་ཞིག་བྱེད་པ་དེ་ལྟར་ན་རྟེན་དུ་བཤད་པ་མ་ཡིན་

เล่ม ๑๗๕ · หน้า 22a

ནོ་འོ་ན་ཅི་ཡིན་ཞེ་ན། ལུས་ལ་བརྟེན་པའི་ཡུལ་དག་གིས་ཕན་འདོགས་པར་བྱེད་པའམ། གཞན་དག་གིས་ལུས་ཀྱི་རྣམ་པར་ཤེས་པ་ལ་གནོད་པའམ་ཕན་བཏགས་པ་དག་ནི། དེ་མ་ཐག་པའི་རྐྱེན་གྱི་སྒོ་ནས་ཡིད་ཀྱི་ཤེས་པ་ལ་གནོད་པའམ། ཕན་འདོགས་

པར་བྱེད་པར་འགྱུར་རོ། །དེ་ཤེས་པ་ཡིས་ཉེར་བྱེད་ཕྱིར། །ལུས་ཀྱི་རྣམ་པར་ཤེས་པས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕན་གདགས་པར་བྱ་བ་ཡིན་པའི་རྒྱུའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཡིད་ནི་ལུས་ལ་བརྟེན་པར་བཤད། དེ་ཙམ་གྱིས་ནི་དེའི་རྣམ་པར་ཤེས་པ་ལུས་ཉིད་ལ་བརྟེན་

པ་མ་ཡིན་ནོ། །དེ་ལྟར་ན་ཡུལ་གྱི་སྒོ་ནས་ཀྱང་དབང་པོའི་ཤེས་པ་འགྱུར་བ་ན། ཡིད་རྣམ་པར་འགྱུར་མོད་ཀྱི་དེ་ཡང་དེ་རྟེན་མ་ཡིན་ནོ། །གང་ཡང་དེ་ལ་བརྟེན་ནས་འཇུག་པ་དེ་ནི་དེ་ལ་ཕན་འདོགས་པ་དང་གནོད་པ་དངོས་སུ་རྗེས་སུ་བྱེད་དེ། དཔེར་ན་དབང་པོའི་ཤེས་པ་བཞིན་ནོ། །དེ་

ལྟར་ན་ཡིད་ཀྱི་བློའི་ལུས་རྟེན་མ་ཡིན་ནོ། །ཅི་སྟེ་དབང་པོ་མེད་པར་བློ་མེད་པའི་ཕྱིར་དེ་དག་ནི་རྟེན་ཉིད་དུ་འགྱུར་རོ་ཞེས་ངེས་པར་འཛིན་པ་དེའི་ཚེ། ཇི་ལྟར་དབང་པོ་མེད་བློ་མིན། །དེ་ལྟར་བློ་དེ་མེད་པར་ནི། དབང་པོ་དེ་རྣམས་ཀྱང་མ་མཐོང་བའི་ཕྱིར། དབང་པོ་རྣམས་འབའ་ཞིག་བློའི་

རྒྱུར་མི་འགྱུར་ཏེ། བློ་ཡང་དེ་དག་གི་རྒྱུར་འགྱུར་རོ། །ཁྱོད་ཀྱིས་རྟེན་སྒྲུབ་པར་བྱེད་པའི་རྣམ་པར་ཉེ་བར་དགོད་པ། དེ་ལྟར་ན་ཡང་ཕན་ཚུན་རྒྱུ་ཉིད་ཡིན་པར་སྔར་སྐྱེ་བ་ཡོངས་སུ་ལེན་པ་ན་གྲུབ་པ་ཡིན་ནོ། །གལ་ཏེ་མ་ཡིན་ནོ་ཞེ་ན། བློ་དང་དབང་པོ་དག་ལས་ཅིག་ཀྱང་རྒྱུ་མཚན་མེད་པར་

འཇུག་པར་མི་རུང་སྟེ། གློ་བུར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཇི་ལྟར་སྔར་ཕན་ཚུན་རྒྱུ་ཉིད་ཡིན་པ་དེའི་ཕྱིར། ཕན་ཚུན་རྒྱུ་ཉིད་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་དེ་བཞིན་དུ་ཕྱིས་ཀྱང་ཤི་བའི་འོག་ཏུ་དབང་པོ་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་ཅན་དུ་འགྱུར་རོ། །དབང་པོ་

ལས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པས་ཡང་དབང་པོ་ཞེས་བྱ་བ་མ་ཚང་བ་མེད་ན་རྒྱུན་མི་འཆད་པ་ཉིད་ཡིན་ནོ། །གཞན་ཡང་གང་གི་ཚེ་ལུས་ཡིད་ཀྱི་བློ་དང་དབང་པོ་རྣམས་དང་། དབུགས་འབྱུང་རྔུབ་དག་གི་རྟེན་ཡིན་པ་དེའི་ཚེ། སྐད་ཅིག་མ་རེ་རེར་འཇིག་པའི་ངང་ཚུལ་ཅན་མ་

เล่ม ๑๗๕ · หน้า 22b

ཡིན་པའི་ལུས་ལས། ཐམས་ཅད་དུ་དབང་པོ་དང་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རིམ་ཅན་མིན་ལས། ཇི་སྐད་དུ་བཤད་པའི་ལུས་ལས་རིམ་ཅན་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་གྱི་འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པ་མེད་

པ་ཡིན་ནོ། །དེ་ལྟར་ན་རྟེན་གྱི་རིམ་པའམ། ཡུལ་གྱི་རིམ་པ་ལས་རིམ་པ་དང་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་འགྱུར་གྲང་ན། རེ་ཞིག་ཡུལ་གྱི་རིམ་པ་ལས་ནི་མ་ཡིན་ཏེ། ཡུལ་མེད་དུ་ཟིན་ཀྱང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཡུལ་ཐག་ཉེ་བ་ཉིད་ལ་ལྟོས་པ་མེད་པ་ཅན་གྱི་རྣམ་པར་

རྟོག་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །ལུས་དབང་པོ་དང་བཅས་པ་ཅན་ཉེ་བར་ལེན་པའི་རྒྱུ་ལྷག་པར་འགྱུར་བ་ཡིན་ཏེ། གཞན་མི་འདོད་པའི་ཕྱིར་དང་མ་མཐོང་བའི་ཕྱིར་རོ། །དེ་ཡང་གོ་རིམས་ཅན་མ་ཡིན་པ་དེ་ལྟར་ན། དེ་ཡོད་ན་འགྱུར་བའི་ངང་ཚུལ་ཅན་ཡིད་ཀྱི་བློ་ཐམས་

ཅད་ཅིག་ཅར་འཇུག་པར་འགྱུར་བའི་ཕྱིར་གོ་རིམས་ཅན་མ་ཡིན་པ་ལས་ཤེས་པ་གོ་རིམས་དང་ལྡན་པ་ཡོད་པ་མ་ཡིན་ཏེ། གོ་རིམས་དང་ལྡན་པའི་འབྲས་བུའི་ངོ་བོ་ནི་རྒྱུའི་གོ་རིམས་ཀྱིས་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བའི་ཕྱིར་དང་། གཞན་ལ་ཡང་

ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་རྟག་པ་གོ་རིམས་བཞིན་དུ་བྱེད་པའི་ངང་ཚུལ་ཅན་དུ་འདོད་པ་དེའི་ཡང་ལྷན་ཅིག་བྱེད་པ་ཅུང་ཞིག་ལ་ལྟོས་ནས། གོ་རིམས་བཞིན་དུ་འགྱུར་བའི་ངང་ཚུལ་ཅན་བྱེད་པ་དེ་ལྟར་ན། འབྲས་བུའི་གོ་རིམས་བཞིན་དུ་འབྱུང་བར་

འགྱུར་ན་ཡང་། རྒོལ་བ་འདི་ཉིད་ཀྱི་ཡང་མ་ཡིན་ཏེ་ལྟོས་པར་བྱ་བ་གཞན་མི་འདོད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཁྱད་པར་ཅན་མིན། ལུས་འདི་ཉིད་ལ་ལྟོས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་གོ་རིམས་དང་ལྡན་པའི་འབྲས་བུ་ཡིན། ཅི་སྟེ་སྐྱོན་འདིས་མ་གྱུར་

ཅིག་སྙམ་ནས་བློ་གོ་རིམས་དང་ལྡན་པ་ལ་ལྟོས་ནས་བྱེད་པ་དེ་ལྟར་ན་གོ་རིམས་བྱེད་པ་དེ་ཉིད་ཡིན་ན་དེའི་ཚེ། གོ་རིམས་དང་ལྡན་པའི་བློས་རྗེས་སུ་བཟུང་བའི་གོ་རིམས་མེད་པའི་བདག་ཉིད་ཅན་གྱི་ལུས་ལས་བློ་འགྱུར་བར་འདོད་ན། བློ་ཡང་ངེས་པར་བློའི་རྒྱུ་ཡིན་པ་དེ་ལྟར་ན། བློ་ཐམས་

เล่ม ๑๗๕ · หน้า 23a

ཅད་བློའི་རྒྱུ་ཡིན་པའི་ཕྱིར་བློའི་རྒྱུ་ཐོག་མ་མེད་པ་ཅན་དུ་འགྱུར་རོ། །དེ་ཡང་འདི་ལྟར་ལུས་ལས་རིམ་བཞིན་བློ་འགྱུར་ན། ལུས་དེའང་རིམ་པ་གསལ་བར་བྱེད། །རྗེས་སུ་དཔོག་པར་བྱེད་དོ། །ཇི་ལྟར་ཞེ་ན་བློ་སྐད་ཅིག་མས་སྐད་ཅིག་མ་རེ་རེ་ལ་ཕན་འདོགས་པར་

བྱེད་པ་ནི་རྣམ་པ་གཞན་དུ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་ལུས་དང་དབང་པོ་དང་བློའི་ཚོགས་ནི་སྐད་ཅིག་རེ་རེ་ལ་གཞན་ཡིན་པ་དེ་ལྟར་ན། སྐད་ཅིག་སྔ་མ་སྔ་མ་ནི། འགོག་པ་ཐོབ་པ་སྐད་ཅིག་རེ་རེ་ལ་སྔར་མེད་དེའི། སྐྱེ་བར་འདོད་པ་ཚོགས་ཀྱི་རྒྱུར་འགྱུར་རོ། །གང་གི་ཕྱིར་ཚོགས་པའི་

གནས་སྐབས་གཅིག་གི་ཚེ་སྔ་མ་ཕྱི་མའི་རྒྱུར་མཐོང་བའི་གཏན་ཚིགས་དེའི་ཕྱིར་ན་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་ཡིན་པར། ཐམས་ཅད་དུ་ནི་མཐོང་བར་འགྱུར། །ཕྱིས་ཀྱང་འཆི་བའི་འོག་ཏུ་ཉིང་མཚམས་སྦྱོར་བར་ཡང་ནུས་པ་ཡིན་ཏེ། ཕྱིས་ཀྱང་མ་ཚང་བ་མེད་པའི་ཕྱིར་རོ། །རྒྱུ་

མཚན་ཅིས་ཀྱང་སྲིད་པར་ཉིང་མཚམས་སྦྱོར་བ་མེད་ཅིང་གང་གིས་ན་ཆད་པར་འགྱུར། རྒྱུ་མཚན་གནོད་པ་ཅན་གྱི་ཚད་མ་ཡོད་དོ། །དེ་ཡང་གང་ཞེ་ན་སྨྲས་པ། ལམ་པོ་ཆེའི་སྐྱེས་བུ་ལ་སོགས་པའི་སེམས་ནི་འཆི་བའི་སེམས་ཉིད་ཡིན་པའི་ཕྱིར་སེམས་གཞན་དང་མཚམས་སྦྱོར་བ་མ་ཡིན་

ཏེ། སྐྱེས་བུ་དགྲ་བཅོམ་པར་འདོད་པའི་འཆི་བའི་སེམས་བཞིན་ནོ། །མི་དམིགས་པ་ནི་དགག་པའི་དབང་དུ་བྱེད་པའི་ཕྱིར་དེ་ནི་འགལ་བ་དམིགས་པ་ལྟར་བཅོས་པ་ཡིན་ནོ། །ཐ་མའི་སེམས་ཞེས་བྱ་བ་ལ་སོགས་པས་མ་ངེས་པ་ཡིན་པར་སྟོན་ཏེ། ཐ་མའི་སེམས་ཏེ། འཆི་བའི་

སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་འགལ་བ་རྣམ་པ་གཉི་ག་ཡང་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ན་འཆི་བའི་སེམས་ཉིད་ཡིན་པ་དང་། མཚམས་སྦྱོར་བར་ནུས་པར་འགྱུར་བའི་ཕྱིར་སྤང་

བར་བྱ་བ་མ་ཡིན་ནོ། །དགྲ་བཅོམ་སེམས་གང་ཡིན་དེ་ལ། །དཔེ་ཉིད་དུ་བརྗོད་པ་ནི། གང་ལས་མཚམས་སྦྱོར་མེད་པར་འདོད། །ཚད་མ་ཅིས་གྲུབ་ན་གང་གིས་ན་དཔེར་འགྱུར་ཏེ། དཔེ་ནི་བསྒྲུབ་པར་བྱ་བའི་ཆོས་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་

เล่ม ๑๗๕ · หน้า 23b

འགྱུར་ན་དེ་ནི་ཁྱོད་ཀྱི་གྲུབ་པའི་མཐའ་ཡིན་པ་དེ་ལྟར་ན། གྲུབ་པའི་མཐའ་ལས་གྲགས་པ་དེའི་ཕྱིར་དེ་དཔེ་དེ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་རྟོགས་སམ་ཅི་འཛིན་ཏམ་མི་འཛིན་ཏོ། །གྲུབ་

པའི་མཐའ་གློ་བུར་དུ་བཟུང་བ་ལས་ཀྱང་དངོས་པོ་རྣམས་དེ་བཞིན་གྱི་ངོ་བོ་མ་ཡིན་ན། གང་གིས་ན་དེས་གྲུབ་མཐའ་དཔེའི་སྒྲུབ་པར་བྱེད་པར་འགྱུར། གལ་ཏེ་བསྟན་པར་བྱ་བའི་གྲུབ་པའི་མཐས་དཔེ་ཉིད་དུ་བརྗོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་བསྟན་པར་བྱ་བ་མི་ཤེས་པ་ལ་ཡང་ཚད་མས་མ་

མཐོང་བ་མ་གྲུབ་པ་ཉིད་ཡིན་ནོ། །དེས་རྟོགས་པའི་ངོར་བྱས་ནས་གཞན་གྱིས་ཁས་བླངས་པ་སེམས་གཞན་ཉིང་མཚམས་སྦྱོར་བ་ཡང་། ཅིའི་ཕྱིར་རྗེས་སུ་མི་འཛིན་ཏེ། གལ་ཏེ་དེ་རྒྱུ་བྲལ་ཡིན་ན་དེ་ལྟར་ནི་འགྱུར་ན། སྐྱེས་བུ་དགྲ་བཅོམ་པར་འདོད་པའི་འཆི་བའི་སེམས་དང་

གཞན་གྱི་རྒྱུར་གྱུར་པ་དབུགས་འབྱུང་བ་དང་རྔུབ་པ་དག་འཆི་བའི་དུས་ན་མེད་ཅིང་རྟེན་དུ་འགྱུར་བའི་དབང་པོ་རྣམས་ཀྱང་ལྡོག་པ་དེ་ལྟ་ན། དེ་རྒྱུ་དང་བྲལ་བའི་ཕྱིར་ཉིང་མཚམས་སྦྱོར་བར་མི་འདོད་དོ་ཞེའོ། །སྦྱོར་བ་ནི་གང་ཞིག་གང་གི་འབྲས་བུ་ཡིན་པ་དེ་ནི་དེ་མེད་ན་མི་འགྱུར་ཏེ། དཔེར་

ན་ས་བོན་ལ་སོགས་པ་མེད་པའི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དབུགས་འབྱུང་བ་དང་། རྔུབ་པ་དང་། དབང་པོ་རྣམས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡང་ན་རྒྱུ་དང་བྲལ་བ་ཅན་གང་ཡིན་པ་དེ་ནི་ཡོད་

པར་མི་འགྱུར་ཏེ། དཔེར་ན་རྒྱུ་དང་བྲལ་བ་ཅན་གྱི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཐ་བའི་གནས་སྐབས་ཀྱང་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་དེ་ནི་དགྲ་བཅོམ་པའི་སེམས་དཔེ་ཉིད་དུ་བརྗོད་པ་ཉིད་

མཚམས་སྦྱོར་བ་མེད་པ་ལ་སྒྲུབ་པར་བྱེད་པར་སྨྲས་པ། དེ་ཉིད་འདིར་ལམ་པོ་ཆེའི་སྐྱེས་བུའི་འཆི་བའི་སེམས་ཉིང་མཚམས་སྦྱོར་བ་མེད་པ་ལ་ཅིས་མི་བརྗོད། གང་གིས་ན་འཆི་བའི་སེམས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་གོ་བར་བྱེད་པ་མ་ཡིན་པའི་རྟགས་བརྗོད། གལ་ཏེ་ཐམས་

เล่ม ๑๗๕ · หน้า 24a

ཅད་ལ་ཁྱད་པར་མེད་པར་སྒྲུབ་པར་བྱེད་པ་ཡིན་པར་འགྱུར་ཞེ་ན། ཡིན་ན་ནི་བླ་སྟེ་དེ་ལྟར་ན་ཡང་གཏན་ཚིགས་འདི་ནི་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་དབུགས་འབྱུང་བ་དང་རྔུབ་པ་དག་ལས་ཡིད་ཀྱི་བློ་མ་ཡིན་ཞེས་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཡིད་ཀྱི་

རྣམ་པར་ཤེས་པ་ལུས་ལས་འགྱུར་ན་དབང་པོ་དང་བཅས་པའམ། དབང་པོ་མེད་པ་ཅན་ལས་འགྱུར་གྲང་ན་རེ་ཞིག་དབང་པོ་བཅས་ལས་ཡིད་ཤེས་མིན་ནོ། །ཅིའི་ཕྱིར་ཞེ་ན། དེ་བློ་བཞིན་འཛིན་ཐོབ་ཕྱིར་རོ། །གལ་ཏེ་ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ། མིག་གི་

དབང་བོ་ལ་སོགས་པའི་རྟེན་གྱིས་སྐྱེད་པ་ན། གཟུགས་ལ་སོགས་པ་ལ་གསལ་པོར་སྣང་བ་ཅན་ཡིན་པ་དེ་ལྟར་ན་ཡིད་ཀྱི་ཤེས་པ་ཡང་དེའི་འབྲས་བུ་ཡིན་ན་འགྱུར་ཏེ། གང་གི་ཕྱིར་སྣང་བ་མི་གསལ་བ་ཡིན་ནོ། །དབང་པོ་རེ་རེའི་འགྱུར་བ་དང་ཉམས་པ་དག་ལ་ཡང་ཡོད་

པའི་ཕྱིར་དབང་པོ་རེ་རེ་ལས་མ་ཡིན་ནོ། །ཚོགས་པ་ཀུན་ལས་འགྱུར་གྲང་ན། །ཀུན་ལས་ཀྱང་ནི་མ་ཡིན་ཏེ། །དབང་པོ་ཀུན་ལས་སོ། །ཀྱང་གི་སྒྲས་ནི་དབང་པོ་གཅིག་མེད་ན་ཡང་འདི་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ལྷན་ཅིག་བྱེད་པ་གཅིག་མེད་ན་མྱུ་གུ་ལ་སོགས་པ་

མི་འབྱུང་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་སྐྱེད་ནུས་པ་ཐ་དད་ཕྱིར་རོ། །དེ་སྐད་དུ་གལ་ཏེ་དབང་པོའི་འབྲས་བུར་ཡིད་ཀྱི་རྣམ་པར་ཤེས་པར་འགྱུར་བ་དེའི་ཚེ། དེ་ནི་དོན་ཐམས་ཅད་འཛིན་པ་དེ་ལྟར་ན། རྟེན་དབང་པོ་གཅིག་གིས་བསྐྱེད་པས་ཡུལ་ཐམས་ཅད་ཀྱི་ཐ་སྙད་ཡོངས་སུ་

རྫོགས་པའི་ཕྱིར། དབང་པོ་གཞན་རྣམས་དོན་མེད་པར་འགྱུར་རོ། །དེ་དག་ཀྱང་དོན་ཐམས་ཅད་འཛིན་པ་ཅན་གྱི་ཤེས་པ་གཅིག་སྐྱེད་པ་མ་ཡིན་པ་དེ་ལྟར་ན་དབང་པོ་དུ་མ་ཡིན་ཏེ། དབང་པོ་དེ་དག་གི་རང་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་ཐ་དད་པ་ཡང་མཐོང་ངོ་ཞེས་

བསྟན་པར་འགྱུར་རོ། །ཅི་སྟེ་འགྱུར་ན་ཡང་རྣམ་པར་རྟོག་པའི་ཤེས་པ་དེ་གཅིག་ཉིད་ཡིན་པ་ནི་བླ་སྟེ་གཞན་རྣམས་ནི་མེད་པ་ཡིན་ནོ་ཞེ་ན་དེའི་ཚེ། དེ་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། དེའི་བློ་དང་འདྲ་བར་འཛིན་པ་ཐོབ་པར་འགྱུར་རོ། །གཞན་ཡང་དབང་པོ་མ་

เล่ม ๑๗๕ · หน้า 24b

ཆོད་པ་ལ་སོགས་པ་ལ་ལྟོས་པ་དང་བཅས་པས་རང་གི་རྣམ་པར་ཤེས་པས་སྐྱེད་པར་བྱེད་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ལྟོས་པ་མེད་པ་སྲོག་ཆགས་ཐམས་ཅད་ཀྱི་རང་རིག་པ་ཡང་སྐྱེ་བར་འགྱུར་བས་ན། ཇི་ལྟར་ན་དེའི་འབྲས་བུ་ཡིན་ཏེ་མ་ཡིན་ནོ། །དེ་ལྟར་ན་དེ་དབང་པོ་དང་བཅས་པ་ཅན་

ལས་མ་ཡིན་ནོ། །དབང་པོ་མེད་པ་ཅན་གཞན་ལས་ཀྱང་མིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཉིད་མེད་ཕྱིར་སྐྲ་དང་། སེན་མོའི་རྩེ་མོ་ལ་སོགས་པ་ནི་སེམས་མེད་པ་ཡིན་ན། གང་གིས་ན་དེ་དག་ལ་བློར་འགྱུར། དེ་རྒྱུ་ཉིད་ཡིན་ན་ཡང་ལུས་ལས་འཕོས་པ་རྣམས་ཀྱང་བློའི་རྒྱུ་ཉིད་དུ་

འགྱུར་བ་དང་འཆི་བའི་ལུས་ཀྱང་ངོ་། །སྦྱོར་བ་ནི་གང་སེམས་མེད་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་མ་ཡིན་ཏེ། དཔེར་ན་དྲི་ལ་སོགས་པ་ལྟ་བུའོ། །དབང་པོ་མེད་པ་ཅན་གྱི་ལུས་ཀྱི་ཡན་ལག་ཀྱང་སེམས་མེད་པ་ཡིན་ནོ་ཞེས་བྱ་བ་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་

ནི་འགྱུར་ན་གལ་ཏེ་ཡིད་ཀྱི་བློའི་ལུས་རྟེན་དུ་མི་འགྱུར་བ་དེའི་ཚེ། འབྲེལ་པ་མེད་པའི་ཕྱིར་བ་ལང་དང་རྟ་བཞིན་དུ་སོ་སོར་འགྱུར་ཞིང་ལྷན་ཅིག་གནས་པར་མི་འགྱུར་རོ། །ལྷན་ཅིག་གནས་པའི་ཕྱིར་ཡང་རྟེན་ཞེས་བྱའོ། །སྦྱོར་བ་ནི་གང་ཞིག་གང་དང་ལྷན་ཅིག་གནས་པར་ངེས་པ་དེ་

དག་ནི་ཕན་ཚུན་རྟེན་དང་བརྟེན་པའི་ངོ་བོ་ཡིན་ཏེ། དཔེར་ན་སྒྲོན་མ་དང་འོད་དམ་རས་དང་དཀར་པོ་ཉིད་ལྟ་བུའོ། །དབང་པོ་དང་བཅས་པ་ཅན་གྱི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་ལ་ཡང་ལྷན་ཅིག་གནས་པའི་ངེས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །

རྒྱུ་ཐ་དད་པ་མེད་པ་ཞེས་བྱ་བ་ལ་སོགས་པས་མ་ངེས་པ་ཉིད་སྟོན་པར་བྱེད་དོ། །རྟེན་དང་བརྟེན་པའི་དངོས་པོ་ཡིན་པའི་ཕྱིར་ལྷན་ཅིག་གནས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རྒྱུ་ཐ་དད་པ་མེད་པ་དབང་པོ་དང་བཅས་པ་ཅན་གྱི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་དག་གི་རྒྱུ་མིང་

དང་གཟུགས་ཀྱི་འཕེན་པར་བྱེད་པའི་སྔོན་གྱི་ལས་ནི་ཐ་མི་དད་པ་ཡིན་ཏེ། དེ་ལས་ལྷན་ཅིག་གནས་པ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན་དབང་བཞིན་ཏེ་དཔེར་ན་དབང་པོ་རྣམས་ལྷན་ཅིག་གནས་པར་མི་འགྱུར་གྱི། རྟེན་དང་བརྟེན་པའི་དངོས་པོར་ནི་མེད་པ་ལྟ་བུའོ། །གཟུགས་དང་རོ་བཞིན་

เล่ม ๑๗๕ · หน้า 25a

ཏེ། གཟུགས་དང་རོ་ཚོགས་པ་གཅིག་ལ་རག་ལུས་པ་དག་ནི་ལྷན་ཅིག་གནས་པ་ཡིན་ན་ཡང་། །ཕན་ཚུན་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ། །གཅིག་འགྱུར་བ་ན་ཡང་གཞན་འགྱུར་བ་མེད་པའི་ཕྱིར། མངལ་ན་ལྷན་ཅིག་གནས་པ་ཅན་གྱི་ཚེ། མ་དག་དང་རྟེན་དང་

བརྟེན་པའི་དངོས་པོ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་དབང་པོ་ལ་སོགས་པ་དག་ལ་ལྷན་ཅིག་གནས་པ་ངེས་པ་ཅན་མ་ཡིན་པ་དེ་ལྟར་ན། རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ་ཞེ་ན། དེ་ནི་གཞན་ལ་ཡང་མཚུངས་ཏེ། དབང་པོ་དང་བཅས་པ་ཅན་གྱི་ལུས་མེད་པར་ཡང་གཟུགས་མེད་པའི་ཁམས་ན་

ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་འདི་ལ་ཡང་དབང་པོའི་འགྱུར་བ་དང་། མ་ཚང་བ་དག་ཡོད་དུ་ཟིན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ། །ཅི་སྟེ་ཡང་གང་ཞིག་གང་འགྱུར་བ་ན་རྣམ་པར་འགྱུར་བ་དེ་ནི་དེ་ལ་བརྟེན་པ་

ཡིན་ཏེ། དཔེར་ན་མིག་འགྱུར་བ་ན་མིག་གི་རྣམ་པར་ཤེས་པ་རྣམ་པར་འགྱུར་བ་ལྟ་བུའོ། །དབང་པོ་དང་བཅས་པ་ཅན་གྱི་ཡུལ་འགྱུར་བ་ན་ཡང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སུ་བརྗོད་དོ། །དེ་ཡང་གཏན་ཚིགས་

མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁོ་བོ་ཅག་གིས་དངོས་སུ་འདི་ཕན་གདགས་པར་བྱ་བ་ཉིད་མ་ཡིན་ཞེས་བཤད་ཟིན་ཏོ། །ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ཉིད་ཀྱིས་ནི་རྟེན་མ་ཡིན་པ་དེ་ལྟར་ན་མ་ངེས་པ་ཡང་ཡིན་ནོ། །དེ་ལྟར་ན་དོན་གྱི་སྒོ་ནས་ཀྱང་ཤེས་པར་

འགྱུར་བ་མཐོང་བ་ཡིན་ཏེ། དཔེར་ན་གཞན་གྱི་ཁྲག་མཐོང་བ་ལས་ཀྱང་བརྒྱལ་བ་ལྟ་བུ་ཡིན་ན་གཞན་གྱི་ཁྲག་ཀྱང་རྟེན་མ་ཡིན་ནོ། །སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་མེ་ལས་བྱུང་བའི་ཚོས་པ་ལས་སྐྱེས་པའི་ཡོན་ཏན་ལྟ་བུ་ཡིན་པས་ན་དེ་ཡང་བརྟེན་པ་མ་ཡིན་པ་དེ་ལྟར་ན་མ་ངེས་

པ་ཉིད་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་བཞི་པ། དེ་ལྟར་ན་དངོས་སུ་དབང་པོ་དང་བཅས་པ་ཅན་གྱི་ལུས་ཀྱིས་བློ་ཕན་གདགས་པར་བྱ་བ་མ་ཡིན་པ་གྲུབ་པའི་ཕྱིར་རྟེན་མ་ཡིན་ནོ། །གཞན་ཡང་རྣམ་པ་འགའ་ཞིག་གིས་ཕན་གདགས་པར་བྱ་བ་དེ་

เล่ม ๑๗๕ · หน้า 25b

ཙམ་གྱིས་ཕན་འདོགས་པར་བྱེད་པ་པོ་ཕན་གདགས་པར་བྱ་བ་འགྲུབ་པར་བྱེད་པ་མ་ཡིན་ན་གང་གིས་ན་ལུས་ལྡོག་པས་བློ་ལྡོག་པར་འགྱུར་ཏེ་མི་འགྱུར་རོ། །དེ་ལྟར་ན་རེ་ཞིག་རྒྱུ་དེ་ནི་འབྲས་བུ་དེའི། གང་ཞིག་ཡོད་ཉིད་ཕན་འདོགས་བྱེད། །ཅེས་བྱ་བ་འདིས་རྒྱུ་ལས་སྔར་གྲུབ་པའམ།

དེ་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་ནི་འབྲས་བུ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རྒྱུ་ཡོད་པ་ཉིད་ཉེ་བ་ལས་སྔར་ཡོད་པ་ཉིད་མ་གྲུབ་པ་ཅན་གྱི་ཡོད་པ་ཉིད་ཉེ་བར་འཇོག་པ་ནི་འབྲས་བུ་ཉིད་ཡིན་གྱི་དུས་སྔ་མ་ཅན་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་གྱི་ཡོད་པ་ཉིད་ནི་མ་ཡིན་ཏེ། གྲུབ་

པ་ན་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཐ་དད་པ་དང་ཐ་དད་པ་མེད་པའི་རྒྱུ་ཅན་དག་ནི་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་སྤྱི་ཡིན་ནོ། །དེས་ན་ཕན་འདོགས་པར་བྱེད་པ་ཉིད་ཡིན་ན་ཡང་ཐ་དད་པའི་རྒྱུན་ལྡོག་པས་རྒྱུན་གཞན་ཕན་གདགས་པར་བྱ་བ་རང་གི་ཉེ་བར་ལེན་པ་ལ་ལྟོས་པས་

འཇུག་པ་ཅན་ཡང་རྒྱུན་ཆད་པ་ཉིད་མ་ཡིན་ཏེ། དཔེར་ན་མཁན་པོས་ཕན་བཏགས་པ་བྱས་པའི་སློབ་མ་མཁན་པོ་མེད་པ་ན་མེད་པ་མ་ཡིན་པ་ལྟ་བུའོ། །འོན་ཀྱང་། གང་ཞིག་ཡོད་ཉིད་ཕན་འདོགས་བྱེད། །རྟག་ཏུ་དེ་ནི་རྗེས་འཇུག་ཕྱིར། །ཕན་འདོགས་པར་བྱེད་པ་གང་ཞིག་བདག་ཉིད་ཐག་

ཉེ་བ་ན་ཡོད་ན། འབྲས་བུ་ཉེ་བར་འཇོག་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་ཉེ་བར་ལེན་པའི་རྒྱུར་གྱུར་པའི་ཁྱད་པར་བསྟན་ཏོ། །དེ་འདྲ་བ་དེ་རྒྱུ་ཡིན་ཡང་བདག་ཉིད་ལྡོག་པས་འབྲས་བུ་ལྡོག་པར་བྱེད་པ་ཡིན་གྱི་རྒྱུ་ཙམ་ནི་མ་ཡིན་ནོ། །གང་གིས་རྒྱུའི་སྔར་དང་ལྷན་ཅིག་འབྱུང་བའི་

ངང་ཚུལ་ཅན་ནི་འབྲས་བུ་ཉིད་མ་ཡིན་གྱི་ཕྱིས་འབྱུང་བའི་ངང་ཚུལ་ཅན་ཡིན་པ་དེ་བས་ན། དེ་ཉིད་ཀྱིས་དོན་འདི་གསལ་བར་བྱེད་པའི་རྒྱུ་མཚན་གྱི་བདུན་པ་བརྗོད་པ་ཡིན་ཏེ། དཔེར་ན་ཅིའི་ཕྱིར་འདིའི་ཡང་རྒྱུ་འདི་ཡིན་ཞེས་དྲིས་པ་ན། འདི་ལྟར་འདི་ཡོད་པ་ན་འདི་འབྱུང་ངོ་ཞེས་བྱ་བ་

ལྟ་བུའོ། །དེ་དེ་ལྟར་ན་བདུན་པ་འདིས་རྒྱུ་སྔ་ན་ཡོད་པ་དང་། འདི་འབྱུང་ངོ་ཞེས་བྱ་བའི་དང་པོ་པས་འབྲས་བུ་ཕྱིས་ཡོད་པ་བསྟན་པ་ཡིན་ནོ། །དེ་ལས་སྐྱེས་པས་ཞེས་བྱ་བ་རྒྱུའི་ལྔ་པས་སྔ་ན་ཡོད་པ་ཉིད་དང་། འདི་སྐྱེ་ཞེས་བྱ་བའི་དང་པོ་པས་ཕྱིས་ཡོད་པར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་

เล่ม ๑๗๕ · หน้า 26a

ན་ལྷན་ཅིག་འབྱུང་བ་ཅན་དག་གི་ནང་ནས། ཅིའི་ཕྱིར་གཅིག་ནི་རྒྱུ་ཡིན་ལ། གཞན་ནི་འབྲས་བུ་ཡིན་ཞེས་དྲིས་པ་ན་འདི་ལྟར་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བའི་རྒྱུ་དང་འབྲས་བུའི་ཐ་སྙད་ཀྱི་རྒྱུ་མཚན་བསྟན་པས། ཕུལ་དུ་བྱུང་བ་ཅི་ཞིག་བསྟན་པར་འགྱུར་ཞིང་གང་གིས་

ན་རྟོགས་པ་པོས་རྒྱུ་དང་འབྲས་བུ་དག་གི་མཚན་ཉིད་འཆོལ་པ་མེད་པར་རྟོགས་པར་འགྱུར། དེ་བས་ན་འདི་སྐད་དུ་གང་དག་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བའི་ངེས་པ་མེད་དོ། །གང་ལ་ཕན་ཚུན་རྒྱུ་ཉིད་དུ་ལྷན་ཅིག་འབྱུང་

བ་དག་ཏུ་ངེས་པ་མེད་པ་དེ་ལ་ཡང་གང་ཁོ་ནས་གཅིག་རྒྱུ་ཉིད་ཡིན་པ་དེ་ཉིད་ཀྱི་འབྲས་བུ་ཉིད་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེ་བས་ན་རྣམ་གྲངས་གང་གིས་རྒྱུ་དང་། ཐ་སྙད་དུ་བྱེད་པ་དེ་སྟོན་པས་ཇི་ལྟར་དེ་དག་གིས་མཚན་ཉིད་ཕན་ཚུན་འཆོལ་པ་མེད་པ་དེ་ལྟར་བརྗོད་པ་ན། དེ་ཡོད་ན་

ཡོད་པ་ཅན་ཉིད་འཆད་པ་ཁོ་ན་རྟེན་ཡིན་ནོ། །དེས་ཀྱང་ལྷན་ཅིག་ཡོད་པ་ཙམ་ལས་ལྷག་པ་ཅུང་ཟད་ཀྱང་བསྟན་པ་མེད་པ་དེ་ལྟར་ན་དེ་ལྟ་བུའི་ཐ་སྙད་ནི་དོན་ཅུང་ཟད་ཀྱང་རྣམ་པར་འབྱེད་པ་མ་ཡིན་ནོ། །དེ་སྐད་དུ་སྟོན་པ་ན་ཁོ་བོས་ནི་དོན་གྱི་ཁྱད་པར་བསྟན་པ་ཉིད་ཡིན་ཏེ། དཔེར་ན་འབྲས་བུ་

འབྱུང་བའི་ཆོས་ཅན་ཡོད་ན། དེ་སྐྱེས་པར་ནུས་པའི་རྒྱུ་ཉིད་སྔ་ན་ཡོད་པ་ནི་བདུན་པ་དང་། ལྔ་པས་བསྟན་པ་དང་། དེ་ཡོད་ན་ཕྱིས་ཡོད་པའི་འབྲས་བུ་ཉིད་ནི་དང་པོ་ནས་བསྟན་ཏོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་ཉིད་མ་འཆོལ་བ་ཡིན་ནོ། །རྗེས་སུ་འགྲོ་བའི་ངེས་པ་དེ་འདྲ་བ་དག་ནི་

མངལ་ལ་སོགས་པ་དག་ཏུ་ལུས་དང་སེམས་ལ་ཡོད་པ་མ་ཡིན་ཏེ། འདི་ལ་སྔར་ལུས་དམིགས་པ་ཡོད་ན་ཕྱིས་སེམས་དམིགས་པ་མེད་པའི་ཕྱིར་རོ། །ལྡོག་པ་ངེས་པ་ཡོད་པ་ཡང་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་བདག་ཉིད་ཀྱི་ལུས་ལོག་པས་རང་གི་བློ་ལོག་པར་ཤེས་པར་ནུས་པ་མ་ཡིན་ཏེ།

ཐམས་ཅད་དུ་བདག་ཉིད་མེད་པའི་ཕྱིར་རོ། །གཞན་གྱི་ལུས་ལོག་པས་ཀྱང་དེ་དང་འབྲེལ་པ་ཅན་གྱི་བློ་ལོག་པར་ཤེས་པར་འགྱུར་བ་ཡང་བླ་སྟེ། དེ་ཡང་ཡོད་པ་མ་ཡིན་ཏེ་དེའི་བློ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མེད་པ་ཉིད་ཀྱིས་ལུས་ལོག་ཏུ་ཟིན་ཀྱང་བློ་ལོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་

เล่ม ๑๗๕ · หน้า 26b

ལྟར་ནི་འགྱུར་ན་གལ་ཏེ་བློ་འགྱུར་ན་ཅིའི་ཕྱིར་ལུས་དེ་ལ་རང་གི་འབྲས་བུ་རྩོམ་པར་མི་བྱེད། །རྩོམ་པ་མེད་ན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་དེ་དང་འབྲེལ་པ་ཅན་དུས་དེར་གྲུབ་པར་འགྱུར་བ་དེའི་ཚེ་དེ་ལ་རྩོམ་པར་འགྱུར་ན། འདི་ལྟར་དེའི་རྗེས་སུ་འགྲོ་བ་

དང་ལྡོག་པ་ངེས་པ་མེད་པས་ལུས་རྟེན་མ་ཡིན་པའི་ཕྱིར་ཏེ། དེ་མེད་པ་ན་དེ་གཞན་ལ་འཇུག་པ་བཀག་པ་ཉིད་མེད་པ་དེ་ལྟར་ན། ཇི་ལྟར་འཆི་བའི་ལུས་ལ་དེ་འབྲས་བུ་རྩོམ་པ་ཡིན། ལུས་དང་འབྲེལ་པ་ཅན་ཉིད་ཡིན་ན་ཡང་བློ་ཙམ་ཉིད་ཀྱིས་ནི་སྨྲ་བ་དང་། བྱེད་པ་ལ་

སོགས་པའི་འབྲས་བུ་མ་ཡིན་ནོ། །འབྲས་བུ་མེད་པའི་ཕྱིར་རྒྱུ་མེད་པར་ངེས་པ་ཉིད་མེད་པ་དེ་ལྟར་ན་ལྡོག་པ་ངེས་པ་མ་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །བློ་ནི་ལུས་ལ་བརྟེན་པ་ཅན་མ་ཡིན་པའི་ཕྱིར། གང་ཞིག་གང་གི་འབྲས་བུ་ཡིན་པ་ཞེས་བྱ་བ་ལ་

སོགས་པའི་སྦྱོར་བ་ལ་མ་གྲུབ་པ་ཉིད་ཡིན་ནོ། །ལུས་ལ་བརྟེན་པའི་སྒོ་ནས། འགའ་ཞིག་ཚེ་ན་སེམས་རྒྱུན་གྱི། །ལུས་ཕན་འདོགས་པར་བྱེད་པའང་ཡིན་བླ་སྟེ། དེ་ལྟར་ན་ཡང་དེའི་ཉེ་བར་ལེན་པའི་རྒྱུ་ཉིད་དུ་མ་གྲུབ་པའི་ལུས་ལྡོག་པས་སེམས་ཀྱི་རྒྱུན་ཆད་པ་མ་ཡིན་ནོ། །ཅི་དང་འདྲ་

པར་ཞེ་ན། བུམ་སོགས་ལས་ནི་མེ་སོགས་བཞིན། ཞེས་བྱ་བ་སྨོས་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལ་མེ་ལ་སོགས་པ་འགའ་ཞིག་གི་ཚེ་ཕན་འདོགས་པར་བྱེད་པ་ན། འགའ་ཞིག་གི་ཚེ། ཕན་འདོགས་པར་བྱེད་པ་ཙམ་གྱིས། མེ་ལ་སོགས་པ་ལོག་པ་ན་བུམ་པ་ལ་སོགས་

ལྡོག་པ་མ་ཡིན་པ་ལྟ་བུའོ། །གཏན་ཚིགས་དེ་ལྟར་ན་མ་ངེས་པ་ཉིད་ཀྱང་ཡིན་ནོ། །གཞན་ཡང་གལ་ཏེ་བློའི་རྒྱུ་ལུས་ཡིན་པ་དེའི་ཚེ་ཤི་བའི་གནས་ཀྱི་རྒྱུར་གྱུར་པའི་ལུས་ལ་གནས་པ་ཡིན་ན་སེམས་དེའི་འབྲས་བུ་ལྡོག་མེད་ཐལ་བར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུ་ཅན་ཡིན་

པ་དེ་ནི་དེ་མ་ལུས་པ་ཡོད་པར་འགྱུར་བའམ། མ་ལུས་པར་གནས་པ་ན་ལྡོག་པར་མི་འགྱུར་ཏེ། དཔེར་ན་རང་གི་རྒྱུ་མ་ལུས་པ་ཡོད་པའམ་གནས་པ་ན་སྒྲོན་མ་ཡོད་པའམ་ལྡོག་པ་མེད་པ་ལྟ་བུའོ། །སེམས་ཀྱང་ལུས་ཀྱི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་

เล่ม ๑๗๕ · หน้า 27a

བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པར་འགལ་བ་དམིགས་པའོ། །ཡང་ན་གང་ཞིག་གང་གི་ཚེ་རྒྱུ་ཚོགས་པ་ཅན་ཡིན་པ་དེ་ནི་དེའི་ཚེ་ཡོད་པར་འགྱུར་ཏེ། དཔེར་ན་འགའ་ཞིག་གི་ཚེ་རྒྱུ་ཚོགས་པ་ཅན་གྱི་མྱུ་གུ་ཡོད་པ་ལྟ་བུའོ། །ཤི་བའི་གནས་སྐབས་ཀྱི་ལུས་གནས་པ་

ཡོད་པ་ན་ཡང་རྒྱུ་ཚོགས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་སྔ་མ་ནི་གསོན་པོའི་ལུས་སེམས་ཀྱི་རྒྱུ་ཡིན་ཞིང་། དེ་ཡོད་ན་འགྱུར་རོ་ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ཤི་བའི་ལུས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་རང་བཞིན་གྱི་གཏན་

ཚིགས་ཀྱི་དོན་ཡིན་པ་དེའི་ཚེ་ཡང་དེའི་རྒྱུ་མ་ཡིན་པ་དེ་ལྟར་ན་དེ་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དབུགས་འབྱུང་བ་དང་རྔུབ་པ་དག་ནི་སེམས་ཀྱི་མངོན་པར་གསལ་བར་བྱེད་པ་དག་ཡིན་ནོ། །དེ་དག་ནི་ཤི་བའི་ལུས་ལ་ཡོད་པ་མ་ཡིན་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་གཉིས་པ་ཡང་མ་གྲུབ་པ་ཡིན་

ནོ་ཞེས་གཞན་དག་སེམས་སོ། །གལ་ཏེ་སེམས་ཉིད་དབུགས་འབྱུང་རྔུབ་ཀྱི་འབྲས་བུ་གྲུབ་ན། འདི་ལྟར་ནི་འགྱུར་མོད་ཀྱི། འདི་ལྟར་ཇི་ལྟར་སེམས་ནི་ལུས་ཀྱི་འབྲས་བུ་ཉིད་དུ་མ་གྲུབ་པ་དེ་ལྟར་དབུགས་འབྱུང་རྔུབ་དག་གི་འབྲས་བུ་ཉིད་ཀྱང་ངོ་། །གཞན་ཡང་བདག་

ཉིད་ཀྱི་མངོན་པར་འདོད་པའི་འཐད་པས་སེམས་ཉིད་ཀྱི་དབུགས་འབྱུང་རྔུབ་དག་གི་འབྲས་བུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་དང་ཞེས་བྱ་བ་སེམས་ཉིད་ཡོད་ན་དབུགས་འབྱུང་རྔུབ་དག་ཡོད་པའི་ཕྱིར་དང་། སེམས་ལ་རག་ལས་པས་དེ་དག་འཇུག་པ་དེ་ལྟར་ན། དབང་འགྱུར་ཕྱིར། དེ་

ལས་འབྱུང་རྔུབ་དེ་མ་ཡིན། སེམས་དེ་ལས་འབྱུང་རྔུབ་དག་ཡིན་གྱི་དེ་དག་ལས་སེམས་དེ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སེམས་ཀྱི་དབང་གིས་རང་གི་ངོ་བོར་འཇུག་པ་དང་། ལྡོག་པ་དེ་ནི་སེམས་ཉིད་ལས་འགྱུར་ཏེ། དཔེར་ན་འདོད་པ་སྔོན་དུ་སོང་བ་ཅན་གྱི་ལག་པའི་བརྐྱང་བསྐུམ་

ལྟ་བུའོ། །དབུགས་འབྱུང་རྔུབ་དག་ཀྱང་སེམས་ཀྱི་འདོད་པའི་དབང་གིས་འཇུག་པ་དང་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་པ་ཡང་མ་ཡིན་ཏེ། །འདི་ལྟར་རླུང་འབྱིན་པ་དང་འདྲེན་པ་ནི་འབད་རྩོལ་མེད་པར་གང་ལས་ཡིན། རླུང་འབྱིན་པ་དང་

เล่ม ๑๗๕ · หน้า 27b

འདྲེན་པ་དག་ལས་གཞན་དུ་དབུགས་འབྱུང་བ་དང་། རྔུབ་པ་ཉིད་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ནང་དུ་འཇུག་པའི་རླུང་སྐྱེས་བུའི་བྱེད་པས་ཕྱི་རོལ་དུ་འབྱིན་པ་ནི་འབྱུང་བའོ། །ཕྱི་རོལ་དུ་འཇུག་པ་ནང་དུ་འདྲེན་པ་ནི་རྔུབ་པའོ། །དེ་དག་ཀྱང་བློའི་མཚན་ཉིད་ཅན་གྱི་འབད་རྩོལ་མེད་པར་

མི་འགྱུར་བ་དང་དེ་ཡོད་ན་འགྱུར་བ་དེ་ལྟར་ན་བློ་སྔོན་དུ་སོང་བ་ཅན་ཡིན་ནོ། །སྦྱོར་བ་ནི་རླུང་འབྱིན་པ་དང་འདྲེན་པ་གང་ཡིན་པ་དེ་ནི་སྐྱེས་བུའི་འབད་རྩོལ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་སྐྱེས་བུའི་བྱེད་པས་སྡུད་པའི་རླུང་འབྱིན་པ་དང་འདྲེན་པ་ལྟ་བུའོ། །དབུགས་འབྱུང་བ་དང་རྔུབ་པ་

ཡང་རླུང་འབྱིན་པ་དང་འདྲེན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་ན་འབད་རྩོལ་གྱི་དབང་གིས་བུམ་པ་ལ་སོགས་པ་གནས་ནས་གནས་གཞན་དུ་བཀྱེ་བ་དང་ལེན་པར་བྱེད་པ་ཡིན་པར་འགྱུར་གྱི། དེ་སྔོན་དུ་སོང་བ་ཅན་གྱི་བུམ་པ་མ་ཡིན་པ་དེ་ལྟར་ན། གང་

ཞིག་སེམས་ཉིད་ཀྱི་དབང་གིས་ཤེས་བྱའི་སྦྱོར་བ་ལ་མ་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་བཀྱེ་བ་དང་ལེན་པར་བྱེད་པ་འབད་རྩོལ་ཉིད་ལས་འགྱུར་རོ། །རང་གི་ངོ་བོ་ནི་རང་གི་ཉེ་བར་ལེན་པའི་རྐྱེན་ལས་འགྱུར་བ་ཡིན་པ་དེ་ལྟར་ན། སྐྱེས་བུའི་འབད་རྩོལ་ལས་བུམ་པ་ལ་

སོགས་པའི་ངོ་བོ་གྲུབ་པ་མ་ཡིན་ནོ། །དབུགས་འབྱུང་བ་དང་རྔུབ་པ་དག་གི་རང་གི་ངོ་བོ་ཉིད་ཀྱང་འབད་རྩོལ་ལས་འབྱུང་བ་ཡིན་ནོ། །འགའ་ཞིག་གི་ཚེ་འདོད་པ་མེད་པ་ན་སྐྱེས་བུས་དེའི་ངོ་བོ་ཉིད་བཟློག་པ་མེད་པ་དེའི་ཕྱིར་ངེས་པ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཞེས་བྱ་བ་སྨོས་སོ། །

གཞན་ཡང་དབུགས་འབྱུང་བ་དང་རྔུབ་པ་འདི་ཅི་ཡོད་པར་རབ་ཏུ་གྲགས་པ་ཅན་གྱི་སེམས་ཉིད་དམིགས་པའི་རྒྱུ་ལ་གསལ་བར་བྱེད་པ་ཞེས་བརྗོད་དེ་དཔེར་ན་བུམ་པའི་མར་མེ་ལྟ་བུའམ། ཡང་ན་འཇུག་པར་བྱེད་པའི་ཕྱིར་ཡིན་གྲང་ན། དེ་ལ་ཡོད་པར་གྲགས་པ་ཅན་གྱི་སེམས་ཉིད་དམིགས་

པའི་རྒྱུ་ནི་མ་ཡིན་ཏེ། སྔར་འཇུག་པ་ཁས་ལེན་ན་ཡོད་པ་ཉིད་དུ་ཁས་བླང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་དག་གིས་སེམས་འཇུག་པ་ཐོབ་པའི་མཚན་ཉིད་ཅན་གྱི་མངོན་པར་གསལ་བ་ཡིན་པ་དེའི་ཚེ། དབུགས་འབྱུང་བ་དང་རྔུབ་པ་དག་གི་འཕེལ་བ་དང་། འགྲིབ་པ་

เล่ม ๑๗๕ · หน้า 28a

དག་གིས་སེམས་ཀྱང་འཕེལ་བ་དང་འགྲིབ་པ་དག་ཏུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་དེ་དག་ཕུལ་བྱུང་འགྲིབ་པ་ལས། ཕུལ་བྱུང་འགྲིབ་པ་འཐོབ་པར་འགྱུར། འདི་ལྟར་དབུགས་འབྱུང་བ་དང་རྔུབ་པ་དེ་དག་འཕེལ་བ་དང་འགྲིབ་པ་ལས་སེམས་ཉིད་འཕེལ་

བ་དང་འགྲིབ་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གིས་ཕུལ་དུ་བྱུང་བ་དང་འགྲིབ་པ་དག་ཏུ་མི་འགྱུར་བ་དེ་ནི་འཇུག་པ་ཐོབ་པའི་མཚན་ཉིད་ཅན་གྱི་གསལ་བྱ་དེའི་གསལ་བྱེད་མ་ཡིན་ཏེ། དཔེར་ན་ཤིང་ཕུལ་དུ་བྱུང་བ་དང་འགྲིབ་པ་དག་གིས་རྒྱ་མཚོ་ཆེན་པོ་ཕུལ་དུ་བྱུང་བ་དང་འགྲིབ་པ་རྗེས་སུ་

བསྒྲུབ་པ་མེད་པར་ཤིང་གིས་གསལ་བར་བྱ་བ་མ་ཡིན་པ་ལྟ་བུའོ། །སེམས་ཀྱི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡང་དབུགས་འབྱུང་བ་དང་རྔུབ་པ་དག་གི་ཕུལ་དུ་བྱུང་བ་དང་འགྲིབ་པ་དག་གིས་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་དེ་དག་ཐལ་

བར་མཚུངས་ན་ཡང་ཇི་ལྟར་ཤི་བའི་གནས་སྐབས་ཀྱི་ལུས་གནས་པ་ལས་སེམས་དེ་ཅིའི་ཕྱིར་མི་འགྱུར་ཞེས་རྒོལ་བ་དེ་ལྟར་དབུགས་འབྱུང་རྔུབ་དག་ཀྱང་ཅིའི་ཕྱིར་ལྡོག་པར་འགྱུར། གང་གིས་ན་དེ་མེད་པའི་ཕྱིར་སེམས་མེད་པ་ཡིན། སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། དེ་ལྟར་ནི་འགྱུར་

ན་གང་གིས་ཡང་ལུས་ནི་སེམས་ཀྱི་རྒྱུ་མ་ཡིན་མོད་ཀྱི་འོན་ཀྱང་སེམས་ཉིད་ཡིན་པ་དེ་ལྟར་ན། སེམས་ཀྱི་རྒྱུ་སེམས་ཉིད་ཡིན་པར་ཁས་ལེན་པར་ན། བློ་རྒྱུན་མི་འཆད་པ་ཉིད་ཡིན་པས་ན་ཅིའི་ཕྱིར་ལུས་གནས་པ་དེ་མེད་པར་འགྱུར་ཞེ་ན། རྗེས་སུ་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་མ་ཡིན་ན་གང་གིས་

ན་རྟེན་དེ་ཉིད་ལ་འགྱུར། འོ་ན་ཅི་ཡིན་ཞེ་ན། རྗེས་སུ་འཇུག་པར་བྱེད་པ་དེ་དང་ལས་ཞེས་བྱ་བ་མ་མཐོང་བ་གཞན་ནས་འཕེལ་བར་བྱེད་པ་ནི། གང་ཕྱིར་རྒྱུ་ནི་ཡིན་པར་འདོད། །དེས་ན་འཕེན་པར་བྱེད་པའི་དབང་གིས་གནས་པའི་དུས་ངེས་པ་ཡིན་པ་དེ་ལྟར་ན། དེ་ཕན་ཆད་རབ་ཏུ་འཇུག་

པ་མ་ཡིན་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །གལ་ཏེ་སྡོང་བུ་ལ་སོགས་བཞིན། །གང་གི་ཚེ་སྒྲོན་མ་ལ་སོགས་པའི་རྒྱུ་སྡོང་བུ་ལ་སོགས་པ་མི་མཐུན་པར་བྱས་པར་འགྱུར་བ་དེའི་ཚེ། སྒྲོན་མ་ལ་སོགས་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་རླུང་དང་མཁྲིས་པ་ལ་སོགས་པའི། ཉེས་པ་ནུས་མེད་ལུས་

เล่ม ๑๗๕ · หน้า 28b

རྒྱུ་མིན། །དབུགས་འབྱུང་རྔུབ་དང་སེམས་དག་གིས་མ་ཡིན་ནོ། །དེས་ན་གང་ཞིག་གང་རྒྱུ་ཚོགས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་གྲུབ་པ་ཡིན་པར་འདོད་པ་དེའི་ཚེ། ཤི་བའི་ལུས་ལ་ཉེས་པ་ཉམས་འགྱུར་ཚེ། རིམས་དང་དུག་ལ་སོགས་པའི་ཉེས་པ་ལོག་

པ་ན་ཡང་ལུས་མ་ཚང་བ་མེད་པ་ཅན་ཉིད་ཡིན་པ་དེ་ལྟར་ན། སེམས་ཡོད་པས། ཕྱིར་ཡང་སྐྱེ་བ་དག་ཏུ་འགྱུར། །ན་མི་འགྱུར་རོ། །དེ་བས་ན་ཉེས་པ་མེད་པའི་ཕྱིར་ཉེས་པ་ཐག་ཉེ་བ་ཙམ་གྱིས་སེམས་ཀྱི་འཇུག་པ་གགས་བྱེད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཞིག་པ་ན་

ཡང་མི་འགྱུར་བ་དེ་ནི་དེ་ཐག་ཉེ་བ་ཙམ་ལ་རག་ལས་པས་འཇུག་པ་ཅན་དུ་མི་འགྱུར་ཏེ། དཔེར་ན་བུམ་པ་མེད་ན་ཡང་མེ་ལྡོག་པ་མེད་པ་ལྟ་བུའོ། །རིམས་དང་དུག་ལ་སོགས་པས་འཆི་བའི་སེམས་ཀྱང་ཉེས་པ་འཁྲུགས་པའི་ངོ་བོ་ཅན་གྱི་ནད་མེད་པ་ན་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་

པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་ཤིང་འགྱུར་བའི་རྒྱུ་མེ་ནི་ལྡོག་ན་ཡང་མེས་བྱས་པའི་ཤིང་གི་འགྱུར་བ་སོལ་བ་ལ་སོགས་པའི་མཚན་ཉིད་ཅན་ཡང་ཤིང་གི་ངོ་བོ་ཐོབ་པ་མ་ཡིན་པ་དེ་ལྟར་ན། ཤིང་གི་འགྱུར་བ་མི་ལྡོག་ཅིང་། །སེམས་འགྱུར་བའི་རྒྱུར་རིམས་ལ་སོགས་

པ་ལོག་ན་ཡང་། ཤི་བའི་ལུས་ཀྱི་གནས་སྐབས་ན་སེམས་ལྡོག་པ་ནི་མེད་ཅེ་ན། དེ་ལྟར་ན་འདིས་ནི་འདས་མ་ཐག་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་དོགས་པ་ཡིན་ནོ། །མ་ཡིན་གསོ་སྦྱོང་ཡོད་ཕྱིར་རོ། །ཞེས་བྱ་བས་ནི་ལན་འདེབས་པར་བྱེད་དོ། །སྐྱོན་དེ་ཡོད་པ་མ་ཡིན་ཏེ་གསོ་བའི་

སྦྱོར་བ་ཡོད་པའི་ཕྱིར་རོ། །དགོས་པ་ནི་གལ་ཏེ་ཤིང་གི་འགྱུར་བ་དང་འདྲ་བར་རིམས་ལ་སོགས་པས་བྱས་པའི་ལུས་ཀྱི་འགྱུར་བ་ཤིན་ཏུ་ལྡོག་པ་མེད་པར་འགྱུར་བ་དེའི་ཚེ། ཇི་ལྟར་མེས་ཤིང་གི་འགྱུར་བ་ཉུང་ཟད་བྱས་སུ་ཟིན་ཀྱང་ལྡོག་པ་མེད་པ་དེ་ལྟར་རིམས་ལ་སོགས་པ་དག་གིས་

ཉུང་ཟད་བྱས་པ་ཡང་ལྡོག་པར་མི་འགྱུར་བ་དེ་ལྟར་ན་ནི་རིམས་ལ་སོགས་པའི་གསོ་བ་བྱེད་པར་མི་འགྱུར་ན། གསོ་བ་ཡང་བྱེད་པ་དེའི་ཕྱིར་རིམས་ལ་སོགས་པ་ནི་ཡང་མི་འགྱུར་བ་ཅན་གྱི་འགྱུར་བ་རྩོམ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དོན་འདི་ཉིད་ནི་ཡང་མི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด