ตัวบทไม่มีชื่อ — ประโยคแรก: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๕ · หน้า 29a

འབྱུང་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། ཡང་མི་འབྱུང་ཕྱིར་ལ་ལ་ལ། །རྣམ་པར་འགྱུར་བ་བྱ་བ་ལ། །འགྱུར་བ་ཅུང་ཟད་སྐྱེད་པ་བྱེད། །ཅུང་ཞིག་བཟློག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་ལྟ་བུའོ། །དཔེར་ན་ཤིང་འགྱུར་བར་བྱས་པ་ལ་

འགྱུར་བའི་རྒྱུ་མེ་ཡིན་པ་ལྟ་བུའོ། །འགྱུར་བ་ཅུང་ཟད་སྐྱེད་པ་ཟློག་པ་སྟེ། ཡང་འབྱུང་བ་ཡིན་པའི་ཕྱིར་གསེར་གྱི་འགྱུར་བའི་རྒྱུ་མེ་ཉིད་ཡིན་པ་ལྟ་བུའོ། །དེ་ལྟར་ན་གསེར་ཞུ་བར་གྱུར་ཀྱང་ཡང་སྲ་བར་འགྱུར་རོ། །དང་པོའི་ཆུང་ཡང་ལྡོག་པ་མིན། །ཕྱིར་ལྡོག་རུང་བ་འགྱུར་བྱས་གང་། །དེ་

ནི་ཡང་འགྱུར་བ་མ་ཡིན་ཏེ། མེས་བྱས་པའི་ཤིང་གི་འགྱུར་བ་དང་པོའི་ཚིག་པ་ཙམ་གྱི་མཚན་ཉིད་ཅན་གྱི་འགྱུར་བ་ཆུང་ཡང་ཕྱིར་མི་འགྱུར་བ་ཡིན་ནོ། །ཕྱིར་ལྡོག་ཏུ་རུང་བར་བྱས་པ་གང་ཡིན་པའི་ཆུང་ན་ཡང་འགྱུར་བ་དེ་ནི་ཡང་འབྱུང་བ་ཡིན་ཏེ། སྔ་མའི་རང་བཞིན་དུ་འགྱུར་རོ། །ཅི་དང་འདྲ་

བར་ཞེ་ན། གསེར་གྱི་སྲ་བ་ཉིད་བཞིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་འགྱུར་བ་བྱས་པ་གསོ་བར་བྱེད་པ་དེ་ནི་དེ་ལ་ཡང་མི་འབྱུང་བ་འགྱུར་བ་རྩོམ་པར་གྱུར་པ་མ་ཡིན་ཏེ། དཔེར་ན་གསེར་ལ་མེ་ལྟ་བུའོ། །ལུས་ལ་རིམས་ལ་སོགས་པས་བྱས་པའི་འགྱུར་བ་ཡང་གསོ་བར་བྱེད་དོ་ཞེས་བྱ་བ་ནི་

ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ཞིག་གང་ལ་ཡང་འབྱུང་བ་ཅན་གྱི་འགྱུར་བ་རྩོམ་པ་གང་ཡིན་པ་དེ་ནི་དེ་ལ་རང་དང་བྲེལ་བའི་དུས་ཙམ་དུ་འབྱུང་བ་ཙམ་གྱིས་འགྱུར་བ་རྩོམ་པ་ཡིན་ཏེ། དཔེར་ན་གསེར་ལ་མེ་ཉིད་ལྟ་བུའོ། །ལུས་ལ་ནད་ཀྱང་ཡང་འབྱུང་བ་ཅན་གྱི་འགྱུར་བ་རྩོམ་པ་

ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་ཡང་མི་འགྱུར་བ་རྩོམ་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། གཞན་དུ་གྱུར་པ་ན་ཡང་འབྱུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འབྱུང་བའི་རང་བཞིན་ཙམ་ལས་ཡང་འབྱུང་

བའི་ངང་ཚུལ་ཅན་དེ་ཉིད་ཀྱི་ཚེ་ཡོད་པའམ། འགའ་ཞིག་གི་ཚེ་ཡང་མ་ཡིན་ནོ། །འབྱུང་བའི་བདག་ཉིད་ཀྱི་རང་བཞིན་ལས་མ་འཕོས་པའི་གྱུར་པའི་ཁྱད་པར་ནི་མི་རུང་བའི་ཕྱིར་རོ། །གལ་ཏེ་འདི་ལྟར་དེས་བྱས་པའི་འགྱུར་བ་ཆུང་བའི་ཕྱིར་ལོག་ཏུ་རུང་བ་དེ་ཡིན་པ་ལྟར་ན། ཡང་

เล่ม ๑๗๕ · หน้า 29b

འབྱུང་བའི་འགྱུར་བ་རྩོམ་པར་བྱེད་པས་ཐམས་ཅད་ཕྱིར་ལྡོག་ཏུ་རུང་བ་དེའི་ཚེ། ནད་འགའ་ཞིག་གསོ་བར་བྱ་བ་མ་ཡིན་པ་ཉིད་མེད་པ་འཐོབ་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་ཅུང་ཟད་གསོ་བ་མིན་པའི་ཉེས་པའི་རིགས་བརྗོད་ཅིང་བསྟན་པ་གང་ཡིན་པ་དེ་ཡང་དག་བྱེད་ཉིད་

དཀའ་ཕྱིར་རམ། ཉེས་པ་དེ་སྤོང་བའི་རྒྱུ་བཅུད་ཀྱིས་ལེན་ལ་སོགས་པ་རྙེད་དཀའ་བ་ཉིད་ཀྱི་རྒྱུའི་ཕྱིར་རོ། །ཚེ་ཟད་ཕྱིར་ཏེ། སྔོན་བྱ་བའི་ལས་ཀྱི་ནུས་པ་ཡོངས་སུ་ཟད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་གསོ་བར་བྱ་བ་མ་ཡིན་པར་བརྗོད་དོ། །དེ་ལྟར་ན་ལས་ཀྱི་ནུས་པ་ལས་སྐད་ཅིག་མ་

ཕྱི་མ་ཕྱི་མ་མཚམས་སྦྱོར་བའི་མཚན་ཉིད་ཅན་དུ་གནས་པ་ཡིན་ནོ། །དེའི་ནུས་པ་ཟད་པས་རྒྱུ་མེད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་མཚམས་སྦྱོར་བ་མེད་པའི་མཚན་ཉིད་ཅན་འཇིག་པ་དེ་ལྟར་ན་གསོ་བ་ཡོད་ན་ཡང་གསོ་བར་བྱ་བ་ཉིད་མ་ཡིན་པར་བརྗོད་དོ། །གང་གིས་ཡང་ལྷན་ཅིག་བྱེད་པའི་རྒྱུ་

ཅུང་ཞིག་ཀྱང་མ་མཐོང་བ་མེད་ཅིང་གང་གི་ནུས་པ་ཡོངས་སུ་ཟད་པ་ལས་སེམས་མི་གནས་པར་འགྱུར་བ་དེའི་རླུང་དང་མཁྲིས་པའི་མཚན་ཉིད་ཅན་གྱིས་ཉེས་པ་འབའ་ཞིག་འགྱུར་བའི་རྒྱུ་ཡིན་པས་ཉེས་པ་ནི་འབའ་ཞིག་འགྱུར་བའི་རྒྱུ་ཡིན་ན་དེའི་གཉེན་པོ་བསྟན་པ་ན་གསོ་བྱ་ནད་མེད་མ་ཡིན་ནོ། །

དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཉེས་པ་མཚུངས་པ་གཉེན་པོ་བསྟེན་པ་ཅན་དག་ལས། གཅིག་ནི་ཡུན་རིང་པོ་གཞན་དུ་ཡུན་མི་རིང་བ་ནས་ནད་མེད་པ་ཐོབ་པར་འགྱུར་བ་དེ་ལྟར་ན། དེ་ལྟ་བུ་ལ་སོགས་པས་ནི་ཁྱད་པར་དུ་མི་འགྱུར་རོ། །རྒྱུ་མ་མཐོང་བ་ནི་བདག་ལས་གཅིག་ལ་དེ་

འདྲ་བའི་རྣམ་པ་ཅན་གྱི་ལས་ཡོད་པ་གང་གིས་སྡུག་བསྔལ་ཉམས་སུ་མྱོང་ནས་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་བ་དེ་ལྟར་ན་ཁ་ན་མ་ཐོ་བ་མེད་དོ། །དེ་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་སེམས་ཅན་རྣམས་ལ་ཕན་པ་དང་། གནོད་པ་སྒྲུབ་པར་བྱེད་པའི་ལས་ཀྱི་བདག་པོ་ཉིད་ལས།

འཕེལ་བ་དང་འགྲིབ་པ་དང་། དེ་བཞིན་དུ་འཇིག་པ་ལ་སོགས་པའི་རྒྱུ་མཚུངས་པ་དག་ལ་ཡང་རྒྱུན་ཡུན་རིང་ཐུང་དུ་གནས་པ་དང་། འཇིག་པ་དང་མི་འཇིག་པ་ལ་སོགས་པ་ལ་ཡང་ཁོང་དུ་ཆུད་པར་བྱའོ། །གང་ཡང་རྒྱུ་མཐོང་བ་དེའི་ཚེ། ཤི་བའི་ལུས་ལ་ཡང་དུག་སོགས་ལྡོག་

เล่ม ๑๗๕ · หน้า 30a

ཕྱིར་རམ། སོགས་པའི་སྒྲ་སྨོས་པས་རིགས་ལ་སོགས་པ་ལྡོག་པའོ། །དེའི་སོས་ཟིན་བཅད་པ་ལས་ཀྱང་ལུས་ལ་ཁྱབ་པར་བྱེད་པའི་དུག་སྐྱེས་བུ་ཤི་བ་ན་སོས་ཟིན་པའི་གནས་གང་ཡིན་པར་ཡང་འདུས་པར་འགྱུར་བ་དེ་བཅད་པ་ན་སྐྱེས་བུ་འཚོ་བར་འགྱུར་རོ། །

སྐྱེས་བུ་གཉི་ག་ཡང་སྦྲུལ་གཅིག་བཟུང་བ་དག་གི་སོས་ཟིན་པ་མཚུངས་པར་བཅད་པ་ལས་ཀྱང་ཇི་ལྟར་གཅིག་འཆི་བ་དེ་ལྟར་གཞན་ཡང་འགྱུར་རོ། །ཀྱང་གི་སྒྲས་ནི་གཉེན་པོ་ལ་སོགས་པའི་སྦྱོར་བ་ལས་ཀྱང་ངོ་། །འགྱུར་བའི་རྒྱུ་དང་བྲལ་བས་ན། དེ་ཅི་སླར་ཡང་འཚོ་མི་འགྱུར།

དེ་ཡང་འཚོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁོ་བོའི་ནི་འགྱུར་བའི་རྒྱུ་མཚུངས་པ་དང་དེའི་གཉེན་པོ་མཚུངས་ཀྱང་ལས་ཟད་པའི་ཕྱིར་བཟུང་བ་གཅིག་ཉིད་འཆི་བར་འགྱུར་ཏེ། དེ་ཉིད་ལ་དེ་ཤེས་པས་དུས་སུ་བཟུང་བ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ནི་འགྱུར་ན་གལ་ཏེ་དུས་གཞན་

དུ་འཚོ་བའི་ཕྱིར་མི་འདོད་པ་མ་ཡིན་ནོ་ཞེ་ན། འདི་ལ་ཇི་ལྟར་ཡོངས་སུ་མཐོང་བའི་རྒྱུ་ཚོགས་པས་དེ་ལས་གཞན་ལ་ལྟོས་པ་མེད་པའི་ཕྱིར། དེ་ཉིད་ཀྱི་ཚེ་ཅིའི་ཕྱིར་མི་འཚོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་འཚོ་བ་ནི་གྱུར་པ་ལ་ལྟོས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ཉིད་ནི་གྱུར་པ་མི་རུང་བའི་

ཕྱིར་རོ་ཞེས་བཤད་ཟིན་ཏོ། །ཆོས་ཅན་ལས་ཆོས་ཐ་དད་པའི་ཕྱིར་རམ། ཐ་དད་ན་ཡང་གྱུར་པ་མ་ཡིན་ནོ། །གཞན་ཡང་གྱུར་པ་ཡང་ལྟོས་པ་མེད་པའི་ཕྱིར། ཅིའི་ཕྱིར་ཐམས་ཅད་ཉིད་དུ་མི་འགྱུར་རྟག་པའི་ངོ་བོ་ནི་འགའ་ཞིག་གི་ཚེ་ཡང་ལྟོས་པ་མེད་པ་ཡིན་ནོ་ཞེས་བཤད་ཟིན་

ཏོ། །རང་བཞིན་ཡོད་པ་ཙམ་དུ་གྱུར་པ་ནི་དུས་གཞན་ལ་ལྟོས་པ་མེད་པ་ཡིན་ནོ། །ཅི་སྟེ་ནད་ལ་སོགས་པ་དག་གིས་མ་ཚང་བར་བྱས་པ་ཅན་གྱི་ལུས་ལས་མངོན་པར་གསལ་བ་མ་ཡིན་པ་དེའི་ཚེ། རྟག་ཏུ་མངོན་པར་མི་གསལ་བའམ། དེ་ཉིད་ཀྱི་ཚེ་ཁྱད་པར་མེད་པའི་ཕྱིར་གྱུར་

པ་དང་གསལ་བ་ཡིན་ནོ། །གཞན་ཡང་གང་དེ་གྱུར་པ་དེ་སྔ་མ་དེ་ཉིད་ཡིན་ནམ་འོན་ཏེ་གཞན་ཡིན་གཞན་ཉིད་ཡིན་ན་ནི་སྔ་མའི་རང་བཞིན་བཏང་བས་འབྱུང་བ་རྣམས་རྒྱུན་འཆད་པར་འགྱུར་རོ། །གཞན་ཉིད་མ་ཡིན་ན་ནི་དེ་ཉིད་དུ་གནས་པ་འབྱུང་བ་རྣམས་ཅུང་ཞིག་ཀྱང་སྐྱེས་པ་

เล่ม ๑๗๕ · หน้า 30b

མེད་པ་དེ་ལྟར་ན་ཁྱད་པར་མེད་པ་ཡིན་ནོ། །གཞན་ཉིད་ཡིན་ན་དེ་ཁོ་ན་ཉིད་གཞན་དུ་ཡང་འགྱུར་ལ་ཆོས་ནི་དེ་དང་འབྲེལ་བར་ཡང་འཐད་པར་དཀའ་བ་ཡིན་ཏེ་ཞར་ལ་འོངས་པས་ཆོག་གོ། །དེ་བས་ན་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྒྱུ་མ་ཚང་བའི་ཕྱིར་རོ། །འབྱུང་བ་རྣམས་རྒྱུ་

ཉིད་ཡིན་པ་དང་སེམས་དང་ལྷན་ཅིག་གནས་པའི་ཕྱིར་དང་། དེ་ཡོད་ན་ཡོད་པ་ཅན་ཉིད་ཡིན་པའི་ཕྱིར་མི་རིགས་སོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་ཕན་འདོགས་པར་བྱེད་པ་ཞེས་བྱ་བ་དེ་ལོག་པས་ཕན་གདགས་པར་བྱ་བ་རྒྱུན་ཆད་པ་ཉིད་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཉེ་བར་ལེན་པར་

གྱུར་པ་ཉིད་ལོག་པས་ལྡོག་པ་ཡིན་ནོ། །དེ་ལ་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ཅན་དག་གི་ཆོས་ནི། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་གྱི་འགྱུར་བ་དག །བྱེད་པར་མི་ནུས་པ་གང་ཡིན་པ་འདི་ཡིན་མོད་ཀྱི་འོན་ཀྱང་ཉེ་བར་ལེན་པ་ཅན་འགྱུར་བར་བྱ་བའི་ཕྱིར་འདོད་པ་གང་

ཡིན་པ་དེས། དེའི་ཉེ་བར་ལེན་པའི་འགྱུར་བ་ཐོབ་པ་ཉིད་ཀྱིས་དེ་འགྱུར་བར་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། དཔེར་འཇི་བ། འགྱུར་བ་མེད་པར་བུམ་སོགས་བཞིན། །བུམ་པ་ལ་སོགས་པའི་དབྱིབས་སུ་བཀོད་པ་ཅན་འཇི་བའི་བདག་ཉིད་ཅན་གྱི་བུམ་

པ་ལ་སོགས་པའི་ཉེ་བར་ལེན་པར་གྱུར་པ་འགྱུར་བ་མེད་པར་བུམ་པ་ལ་སོགས་པའི་འགྱུར་བ་བྱེད་པར་མི་ནུས་པ་ལྟ་བུའམ། དཔེར་ན་འོད་ཀྱི་ཉེ་བར་ལེན་པར་གྱུར་པ་སྒྲོན་མ་ནུས་པ་མེད་པར་མ་བྱས་པར་འོད་རྣམ་པ་གཞན་དུ་བྱེད་པར་མི་ནུས་པ་ལྟ་བུའོ། །སྦྱོར་བ་ནི་གང་ཞིག་གང་

གིས་ཉེ་བར་ལེན་པ་ཡིན་པ་དེ། འགྱུར་བ་མེད་པར་དེའི་འགྱུར་བ་བྱེད་པར་མི་ནུས་ཏེ། དཔེར་ན་འཇི་བ་འགྱུར་བ་མེད་པར་བུམ་པའམ། སྒྲོན་མ་འགྱུར་བ་མེད་པར་འོད་ལྟ་བུའོ། །ལུས་ཀྱང་སེམས་ཀྱི་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་

པའོ། །སྦྲུལ་ལ་སོགས་པས་ཀྱང་མར་མེ་ནུས་པ་མེད་པར་བྱས་པ་ཉིད་ཀྱིས་འོད་མི་གསལ་བར་བྱེད་པ་དེ་ལྟར་ན། དེ་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ཆུ་ལ་སོགས་པའི་འགྱུར་བ་ལས་སཱ་ལུ་ལ་སོགས་པ་འགྱུར་བ་འབྱུང་མོད་ཀྱི། ཆུ་ལ་སོགས་པ་ཉེ་བར་ལེན་

เล่ม ๑๗๕ · หน้า 31a

པ་མ་ཡིན་པ་དེ་ལྟར་ན་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལ་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པ་ཕན་འདོགས་པར་བྱེད་པ་འབྱུང་བའམ། ཡོངས་སུ་ཉམས་པ་ལས་དེའི་བྱ་བ་ཁ་དོག་ལ་སོགས་པའི་ཁྱད་པར་འབྱུང་བའམ་ལྡོག་པར་འགྱུར་ན་རྒྱུན་ཉིད་སྐྱེ་བའམ་འཆད་

པ་མ་ཡིན་ནོ། །མེ་ལ་སོགས་པ་དག་གིས་ནི་ཉེ་བར་ལེན་པ་འཇོམས་པར་བྱེད་པ་དེ་ལྟར་ན་རྒྱུན་ཆད་པ་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དེ་བས་ན། དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དངོས་པོ་དེ་རྣམ་པར་འགྱུར་བ་དེའི་ཉེར་ལེན་མི་རིགས་

སོ། །ཅི་དང་འདྲ་བར་ཞེ་ན། བ་ལང་བ་མེན་ལ་སོགས་བཞིན། །བ་ལང་ཉིད་འགྱུར་བ་མེད་པར་བ་མེན་ལ་སོགས་པ་འགྱུར་བ་དེ་ལྟར་ན་བ་མེན་ལ་སོགས་པ་དག་གིས་བ་ལང་ཉེ་བར་ལེན་པ་མ་ཡིན་པ་ལྟ་བུའོ། །སོགས་པ་སྨོས་པས་ནི་གང་ཞིག་གང་འགྱུར་བ་མེད་པར་འགྱུར་བར་བྱས་པ་དེ་ནི་

དེའི་ཉེ་བར་ལེན་པ་མ་ཡིན་ཏེ། དཔེར་ན་ཆུ་ལ་སོགས་པ་འགྱུར་བ་མེད་པར་མེ་འགྱུར་བར་བྱས་པ་ཅན་གྱི་ཆུ་ཉེ་བར་ལེན་པ་མ་ཡིན་པ་ལྟ་བུའོ། །སེམས་དང་ལུས་ཀྱང་དེ་བཞིན་ནོ། །འདོད་པར་བྱ་བ་མ་ཡིན་པ་སྤྱོད་པ་ལ་སོགས་པས་ཡིད་མི་བདེ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་

འགྱུར་བ་སྐྱེད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་འགྱུར་བ་མེད་པར་འགྱུར་བ་ཐོབ་པར་ནུས་པ་ཅན་དེ་ནི་དེའི་ཚེ་ཉེ་བར་ལེན་པའི་རྒྱུ་ཅན་མ་ཡིན་ཏེ། དཔེར་ན་ཆུ་ལ་སོགས་པ་འགྱུར་བ་མེད་པར་མེ་འགྱུར་བ་སྐྱེ་བ་ཅན་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་འགྱུར་བ་མེད་པར་འགྱུར་བ་

སྐྱེད་པར་ནུས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་གང་དག་ལྷན་ཅིག་གནས་པར་ངེས་པ་དེ་དག་ནི་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ཅན་ཡིན་ཏེ། དཔེར་ན་སྒྲོན་མ་དང་འོད་ལྟ་བུའོ། །ལུས་དང་སེམས་དག་ལ་ཡང་ལྷན་

ཅིག་གནས་པའི་ངེས་པ་ཡོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ལྟར་འཆོས་པ་སྟེ། ཚད་མའི་ལན་ཡིན་པར་སེམས་སོ། །དེ་ནི་རྒྱུ་ཐ་དད་མེད་ལྷན་ཅིག་གནས་ཞེས་བྱ་བ་དེར། དབང་པོ་བཞིན་དང་གཟུགས་དང་རོ་བཞིན་ནོ། །འབྱུང་བ་བཞིན་དང་ཚེ་བཞིན་དུ་མ་ངེས་པ་ཡང་

เล่ม ๑๗๕ · หน้า 31b

བཤད་ཟིན་ཏོ། །འདིར་ཡང་མ་ངེས་པ་ཉིད་ཡིན་ཏེ། དེ་རྒྱུ་ཅན་འབྲས་སྐྱེད་པ་ནི་ལུས་ཀྱི་རྒྱུ་ཅན་ནུར་ནུར་པོ་ལ་སོགས་པའི་མིང་ཅན་ཕྱི་མ་ཕྱི་མའི་ལུས་ཀྱི་གནས་སྐབས་ཀྱི་མཚན་ཉིད་ཅན་གྱི་འབྲས་བུ་སྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་བྱེད་པ་ཡིན་ནོ། །དེ་མེད་པར་ལུས་སྔ་མ་སྔ་མ་

དབང་པོ་དང་བཅས་པ་ཕྱི་མ་ཕྱི་མ་དེ་འདྲ་བའི་མཚམས་སྦྱོར་བ་མི་ནུས་པ་དེ་ལྟར་ན། ལྷན་ཅིག་བྱེད་ཕྱིར་ལུས་དང་ཡིད་ཀྱི་རྣམ་པ་ཤེས་པ་དག་ལྷན་ཅིག་གནས་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ལུས་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་རོ། །ཅི་དང་འདྲ་བར་ཞེ་ན། མེ་དང་ཟངས་མའི་ཞུ་ཉིད་

བཞིན། །དཔེར་ན་ཟངས་མ་ཞུ་བ་ཉིད་ཀྱི་ཟངས་མ་ཉིད་ཉེ་བར་ལེན་པ་ཡིན་པ་དེ་ལྟ་ན་ཡང་ཞུ་བའི་གནས་སྐབས་ན་མེ་ལྷན་ཅིག་བྱེད་པ་ཉིད་ཡིན་པས་ན་མ་ངེས་པ་ཡིན་ནོ། །གལ་ཏེ་ལྷན་ཅིག་གནས་པའི་ངེས་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་མེ་ནི་ཉེ་བར་ལེན་པ་ཉིད་མ་ཡིན་ནོ་ཞེ་ན། ལུས་དང་སེམས་

དག་ལ་ཡང་དེ་སྐད་དུ་སྔར་བཤད་ཟིན་ཏོ། །དེ་དེ་ལྟར་ན་ལུས་དང་སེམས་དག་ལ་རྟེན་དང་བརྟེན་པ་ཅན་གྱི་ངོ་བོ་ཡོད་པ་མ་ཡིན་ནོ། །འདིས་ཀྱང་སེམས་ཉིད་དམ་ཡོན་ཏན་དང་སྤྱི་ལ་སོགས་པ་གཞན་གྱི་རྟེན་ཉིད་ཡོད་པ་མ་ཡིན་ཏེ། ཡོད་མེད་དག་རྟེན་མེད་ཕྱིར་རོ། །ཡོད་པའམ་མེད་པ་འགའ་

ཞིག་རྟེན་དུ་འགྱུར་གྲང་ན། རེ་ཞིག་ཡོད་པའི་རྟེན་དུ་འགྱུར་བ་མ་ཡིན་ཏེ། རང་གི་ངོ་བོ་གྲུབ་པའི་ཕྱིར་འགའ་ཞིག་གི་རང་བཞིན་དེ་ནི་རྟེན་དུ་མངོན་པར་འདོད་པས་བྱ་བ་ཉིད་མ་ཡིན་པས་ན་ཅུང་ཟད་ཀྱང་མི་བྱེད་པ་ནི་རྟེན་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་ཅུང་ཟད་ཀྱང་མི་བྱེད་པ་དེ་ནི་དེའི་རྟེན་

མ་ཡིན་ཏེ། འབིགས་བྱེད་ཀྱིས་གངས་ཅན་ལྟ་བུའོ། །རྟེན་དུ་མངོན་པར་འདོད་པའི་དངོས་པོ་ཡང་། བདག་ཉིད་ཐམས་ཅད་གྲུབ་པའི་ངོ་བོ་ལ་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མེད་པའི་ཡང་རྟེན་མ་ཡིན་ཏེ་དེ་ཡང་རང་གི་རྒྱུ་ལས་སྐྱེ་བ་ཡིན་

གྱི་གཞན་ཞིག་རྟེན་དུ་འགྱུར་བ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་མེད་པ་དེ་ལ་བརྟེན་པའི་སྒོ་ནས་གང་ཞིག་རྟེན་དུ་འགྱུར་བ་མ་ཡིན་ཏེ་དཔེར་ན་རི་བོང་གི་རྭ་ལྟ་བུའོ། །ངོ་བོ་མ་གྲུབ་པ་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་མ་ཡིན་རྟེན་ཡོད་པ། །

เล่ม ๑๗๕ · หน้า 32a

གནས་པའི་རྒྱུ་ནི་ཡིན་ཞེ་ན། །རྟེན་དུ་མངོན་པར་འདོད་པ་ཅུང་ཟད་མི་བྱེད་པ་ནི་མ་ཡིན་ཏེ། །ཡོད་པ་ཉིད་དུ་གྲུབ་པ་ཅན་གྱི་དངོས་པོ་ཡོད་ན་ཡང་དེ་ནི་གནས་པ་བྱེད་པའི་ཕྱིར་རོ། །དེ་ནས་སྔ་མ་མ་གྲུབ་པ་ཡིན་ཞིང་གཞན་ནི་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ཏེ། ཁས་མ་བླངས་

པའི་ཕྱིར་རོ། །དེ་ནི་རྟེན་མ་ཡིན་ཏེ། གནས་པ་བྱེད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གནས་པར་བྱེད་པས་གནས་པར་བྱ་བའི་ངོ་བོ་བྱས་པ་མ་ཡིན་ཏེ། གྲུབ་པའི་ཕྱིར་རོ། །གནས་པ་བྱེད་ན་དེ་ཡང་དེ་ལས་དོན་གཞན་ནམ། དོན་གཞན་མ་ཡིན་པ་ཞེས་བྱ་བའི་རྟོག་པ་གང་དུ་འགྱུར་གྲང་

ན། དོན་གཞན་ཉིད་མ་ཡིན་ན་ནི་གནས་པ་འདིའི། གནས་པ་པོ་ལས་ཐ་དད་མེད་པ་ཡི། །རྒྱུའི་ཕྱིར་གནས་པ་པོའི་བདག་ཉིད་གནས་པ་ཡིན་ནོ། །དེ་ཡང་བྱས་པ་མ་ཡིན་པ་དེ་ལྟར་ན་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རྟེན་མ་ཡིན་ནོ། །ཐ་དད་ན་ཡང་གནས་པ་ལས་གནས་པ་དོན་ཐ་དད་པའི་ངོ་

བོ་ཡིན་ན། དེ་རྒྱུ་མིན་གནས་པ་དེའི་གནས་པར་བྱེད་པ་མངོན་པར་འདོད་པ་སྐྱེད་པར་བྱེད་པ་ཡིན་པ་དེ་ལྟར་ན། གནས་པར་བྱེད་པ་དེས་གནས་པ་པོ་ཉིད་དུ་མངོན་པར་འདོད་པའི་དངོས་པོ་ཅི་ཞིག་བྱས་ཏེ། ཅུང་ཟད་ཀྱང་བྱས་པ་མེད་པའི་ཕྱིར། རྣམ་པ་གཉི་གས་ཀྱང་ཅུང་ཟད་ཀྱང་མི་བྱེད་

པ་ཉིད་ཡིན་ནོ། །དེའི་འབྲེལ་པ་ཅན་གྱི་གནས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་། དེས་ཕན་འདོགས་པར་བྱེད་པ་ཉིད་དུ་རྟོགས་པ་ཡང་རིགས་པ་མ་ཡིན་ཏེ། གནས་པར་བྱེད་པ་དང་འདྲ་བར་གནས་པའི་རྟེན་ཉིད་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གནས་པར་བྱེད་པ་ལས་

དངོས་པོའི་གནས་པ་ཡིན་པ་དེའི་ཚེ་གནས་པ་པོ་རྟག་པ་ཡིན་ཏེ། འཇིག་པ་མེད་པར་ཐལ་བར་འགྱུར། གནས་པར་བྱེད་པ་འབྱུང་བ་རྣམས་ཡོད་པས་སེམས་ཉིད་ལྡོག་པ་མེད་པའི་ཕྱིར་རོ། །བློ་གཞན་དང་གཞན་འཇུག་པ་དང་ལྡོག་པའི་ཕྱིར་འབྱུང་བ་རྣམས་གནས་པར་བྱེད་པ་

མ་ཡིན་ནོ། །བྱེ་བྲག་པའི་བུམ་པ་ལ་སོགས་པའི་རྫས་ཀྱི་ཡང་གནས་པར་བྱེད་པ་ཡོད་པའི་ཕྱིར་རོ། །སྔོ་བསངས་ལ་སོགས་པའི་མཚན་ཉིད་ཅན་སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་ཕྱི་མ་ཕྱི་མ་ལྡོག་པ་མེད་པར་འགྱུར་རོ། །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །དེ་ལྟར་ནི་གྱུར་

เล่ม ๑๗๕ · หน้า 32b

ན་གནས་པར་བྱེད་པས་གནས་པར་བྱ་བ་གནས་པར་བྱེད་མོད་ཀྱི། འོན་ཀྱང་འཇིག་པའི་རྒྱུ་དང་ཕྲད་ནས་འཇིག་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ལའང་ཐལ་བ་མཚུངས་པ་ཡིན། དེ་ནི་འཇིག་པའི་རྒྱུ་ལ་ཡང་མཚུངས་པ་ཡིན་ཏེ། ཅི་དངོས་པོ་ལས་འཇིག་པ་དོན་གཞན་དུ་གྱུར་པ་འཇིག་པའི་རྒྱུས་

བྱེད་དམ། འོན་ཏེ་དངོས་པོ་ཉིད་ཡིན་དངོས་པོ་བྱེད་པ་ནི་མ་ཡིན་ཏེ་གྲུབ་ཟིན་པའི་ཕྱིར་རོ། །གཞན་ལ་བྱེད་ན་དངོས་པོ་ལ་ཅུང་ཟད་ཀྱང་མ་ཡིན་པ་དེ་ལྟར་ན། དེའི་གནས་སྐབས་ཅན་ཉིད་ཡིན་པའི་ཕྱིར་གང་ལས་འཇིག་པ་ཡིན་ཏེ། འཇིག་པའི་རྒྱུ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཡིན་ནོ། །

གཞན་ཡང་གལ་ཏེ་འཇིག་པའི་རྒྱུས་ཡོད་པ་ན་དངོས་པོ་འཇིག་པར་འགྱུར་གྱི། གཞན་གྱི་ཚེ་མ་ཡིན་པ་དེའི་ཚེ། གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ། གནས་པའི་རྒྱུར་རྟོགས་པ་ཅིར་ཡང་མི་རུང་ངོ་། །དེ་ལྟར་འདི་ལྟར་གལ་ཏེ་འཇིག་པའི་རྒྱུའི་ནུས་པ་འཇོམས་པར་བྱེད་པ་ལས་འདིའི་

གནས་པར་བྱེད་པའི་ནུས་པར་འགྱུར་རོ། །དེ་ལྟར་མ་ཡིན་ན་འཇིག་པའི་རྒྱུ་མེད་པ་ན། དེ་ལས་འཇིག་པའི་ཆོས་ཅན་དེ་བདག་ཉིད་འཇིག་པར་མི་འགྱུར་བ་དེ་ལྟར་ན་གནས་པའི་རྒྱུས་ཅི་ཞིག་བྱ། དེ་ལྟར་ནི་འགྱུར་ན། ཇི་སྲིད་འཇིག་རྒྱུ་མ་ཕྲད་པར་གནས་ཡིན་ནོ། །ཇི་སྲིད་འཇིག་པའི་

རྒྱུ་དང་མ་ཕྲད་པ་དེ་སྲིད་དུ་ངོ་བོ་ཉིད་ཀྱིས་འཇིག་པའི་རང་བཞིན་འདི་གནས་པར་བྱེད་པ་མེད་པར་མི་གནས་པ་དེ་ལྟར་ན། དུས་དེ་སྲིད་དུ་གནས་པར་བྱེད་པས་ཡོངས་སུ་བཟུང་བས་གནས་པ་པོ་གནས་པ་ཡིན་ནོ་ཞེ་ན། འཇིག་པ་དངོས་ཆོས་ཉིད་འགྱུར་ན། །ངོ་བོ་ཉིད་ཀྱིས་འཇིག་པའི་བདག་ཉིད་

ཅན་དེ་ནི་འཇིག་པར་བྱེད་པ་མེད་པར་གནས་པ་མ་ཡིན་ནོ། །དེའི་ཚེ་འཇིག་པ་ནི་དངོས་པོའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་ན་འཇིག་པ་འདི་ལ་གནོད་མེད་ཅན། འདི་ལ་གནོད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དངོས་པོའི་རང་བཞིན་རྣམ་པར་གཞན་དུ་བྱ་བར་

མི་ནུས་པ་དེ་ལྟར་ན། རང་བཞིན་ཉིད་ཀྱིས་འཇིག་པར་འགྱུར་རོ། །རྣམ་པ་གཞན་བྱེད་པ་ན་ཡང་གནས་པར་བྱེད་པས་བདག་ཉིད་འཇིག་པའི་ཆོས་ཅན་དེ་འཇིག་པར་འགྱུར་ཞིང་། གཞན་སྐྱེད་པ་དེ་ལྟར་ན་དེ་དེའི་ཇི་ལྟར་ན་གནས་པར་བྱེད་པ་ཡིན། རང་བཞིན་ལས་གཞན་ཉིད་མ་ཡིན་ན་ཡང་།

เล่ม ๑๗๕ · หน้า 33a

དེ་ནི་འཇིག་པའི་བདག་ཉིད་ཅན་དེའི་རང་བཞིན་ཡིན་ན་གནས་པ་མེད་པའི་ཕྱིར་ན་གནས་རྒྱུས་ཅི་ཞིག་བྱ། ནུས་པ་མེད་པ་བརྟགས་པས་སོ། །གལ་ཏེ་དཔེར་ན་ཆུ་སོགས་ཀྱི་རྟེན་བཞིན་ཞེ་ན། དེ་ལྟར་ནི་འགྱུར་ན་ཡོད་པ་ཉིད་དུ་གྲུབ་པ་ཅན་གྱི་ཆུ་ལ་སོགས་པ་ནི་བརྟེན་པ་དང་།

སྣོད་ལ་སོགས་པ་ནི་རྟེན་གྱི་མིང་ཅན་ཡིན་ཏེ། དཔེར་ན་འདིའི་རྟེན་དང་བརྟེན་པའི་དངོས་པོ་ཡིན་པ་དེ་བཞིན་དུ་འདིར་རྟེན་གྱི་དངོས་པོར་འགྱུར་རོ་ཞེ་ན། འདི་ལའང་མཚུངས་པ་འདི་ལའང་སྣོད་ལ་སོགས་པ་རྟེན་དུ་མངོན་པར་འདོད་པ་ཅི་ཞིག་བྱེད་པ་རྟེན་ཡིན་ནོ་ཞེས་བྱ་བ་སྔ་མ་དེ་ཐམས་ཅད་འདིར་ཡང་བཟླ་

བར་བྱ་བ་ཡིན་ནོ། །གལ་ཏེ་རྟེན་དང་བརྟེན་པའི་ཐ་སྙད་མཐོང་བ་ཇི་ལྟར་ན་སྟོན་པར་ནུས་ཤེ་ན། གནས་པ་བྱེད་པའི་ཕྱིར་སྣོད་ལ་སོགས་པའི་རྟེན་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་དངོས་པོ་རྣམས་སྐད་ཅིག་རེ་རེ་ལ་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་རོ། །ཡུལ་གཞན་དང་གཞན་དུ་འབྱུང་བའི་

ཆོས་ཅན་གྱི་དངོས་རྣམས་སྐད་ཅིག་རེ་རེར་འཇིག་པ་ཡིན་ན་ནི་དངོས་རྒྱུན་དེ་ལྟར་སྐྱེ་བའི་རྟེན་དང་མཚུངས་པའི་ཡུལ་དུ་སྐྱེས་པའི་སྣོད་ལ་སོགས་པ་རྒྱུ་ཉིད་ཡིན་པའི་གཏན་ཚིགས་ཀྱི་ཕྱིར། སྣོད་ལ་སོགས་པ་དེ་རྟེན་ཡིན། །དེ་ལྟ་མིན་ན་རིགས་མ་ཡིན། །གལ་ཏེ་དེ་ལྟ་བུར་འགྱུར་

བའི་རྒྱུན་སྐྱེས་པའི་རྒྱུ་ཉིད་དུ་རྟེན་མི་འདོད་དོ། །འོ་ན་ཅི་ཡིན་ཞེ་ན། གནས་པའི་རྒྱུ་ཉིད་དུ་འདོད་པ་དེའི་ཚེ། རྟེན་ཉིད་ཡིན་པ་མི་རུང་ངོ་གཞན་ཡང་ངོ་བོ་ཉིད་ཀྱིས་འགྲོ་བའི་ཆོས་ཅན། འབོ་བ་ཡི་ནི་གགས་བྱེད་ཕྱིར། །སྣོད་ལ་སོགས་པ་ཆུ་སོགས་ཀྱི་ནི་རྟེན་གྱུར་ན་ཡང་། འཕོ་

བ་མེད་པའི་ཆོས་ཅན། འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་རྟེན་གྱིས་ཅི་ཞིག་དགོས། །གང་གིས་ན་དེ་དག་བརྟེན་པ་ཉིད་དུ་རྟོག་པར་འགྱུར། རྟེན་དང་བརྟེན་པའི་དངོས་པོ་དགག་པ་བཤད་མ་ཐག་པ་དེས་ནི་ཐ་མི་དད་པ་གྲུབ་པ་དག་གི་རྟེན་དང་བརྟེན་པའི་དངོས་པོའི་

མཚན་ཉིད་ཅན་འཕྲོད་པ་འདུ་བ་དང་། བདག་ལ་སོགས་པ་འཕྲོད་པ་འདུ་བ་ཅན་རྒྱུ་དང་། འདི་ནི་འདི་ལ་ཡོད་ཀྱི་གཞན་ལ་མ་ཡིན་ནོ་ཞེས། རིགས་ལ་སོགས་པ་རྣམ་གཞག་ཉིད། །སོགས་པ་སྨོས་པ་ནི་ཆོས་ཅན་འདི་ལ་ཆོས་འདི་གནས་པ་དང་། འབྱུང་བ་རྣམས་ལ་བརྟེན་ནས་

เล่ม ๑๗๕ · หน้า 33b

སེམས་ཉིད་གནས་པའམ། འབྱུང་བ་ལས་གྱུར་པའི་གཟུགས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཅུང་ཟད་རྟེན་གྱི་སྒོ་ནས་གནས་པ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་བཙལ་བ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། རྟེན་མེད་ཕྱིར་ན་སྟེ། འགའ་ཞིག་གི་

འགའ་ཞིག་རྟེན་ཡིན་པ་མི་རུང་བའི་ཕྱིར་རོ། །ཐ་སྙད་འདི་དག་ནི་རྟེན་གྱི་སྒོ་ནས་ཡིན་པའི་ཕྱིར། འགའ་ཞིག་ཀྱང་འགའ་ཞིག་ལ་བརྟེན་ནས་གནས་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་པའི་དོན་བསྡུས་ནས་སྟོན་པ་ཡིན་ནོ། །གལ་ཏེ་གཞན་ལས་དངོས་

འཇིག་ན། །དེའི་ཚེ་ཇི་སྲིད་འཇིག་པའི་རྒྱུ་ཉེ་བར་མི་གནས་པ་དེ་སྲིད་དུ་དངོས་པོ་དེ་བདག་ཉིད་རྗེས་སུ་འཇུག་པ་དེ་ལྟར་ན། དེའི་ཅུང་ཟད་ཀྱང་མི་བྱེད་པའི་གནས་རྒྱུས་ཅི་ཞིག་བྱ། དངོས་པོ་དེ་གཞན་མེད་པར་འཇིག་ན་ཡང་། འཇིག་པའི་རྒྱུ་ཐག་ཉེ་བ་མེད་པར་དངོས་པོ་རང་ཉིད་

འཇིག་པའི་བདག་ཉིད་ཅན་ཡིན་པ་དེ་ལྟར་ན། གནས་པའི་རྒྱུ་རྣམས་ནུས་མེད་ཡིན། །དེ་གནས་པར་བྱ་བའི་ཕྱིར་གནས་པར་བྱེད་པ་འདོད་པ་དེའི་ཚེ། རང་བཞིན་ལྡོག་པ་མེད་པ་ཉིད་ཀྱི་ཕྱིར་གནས་པར་བྱེད་པ་ཡོད་ན་ཡང་། དེ་ཉིད་ཀྱི་འཇིག་པར་འགྱུར་བ་ཡིན་པ་དེ་ལྟར་ན།

གནས་པའི་རྒྱུ་རྣམས་ནུས་པ་མེད་པ་ཡིན་པའི་ཕྱིར་གནས་པའི་རྒྱུས་ཅི་ཞིག་བྱ། གཞན་ཡང་དངོས་པོ་འགའ་ཞིག་རྟེན་བཅས་ཞེས་བྱ་བ་སྟེ། ཐམས་ཅད་གནས་ལྡན་དང་སྐྱེ་བ་ཅན་ཞེས་བྱ་བ་དངོས་པོ་འགའ་ཞིག་སྐྱེ་བ་དང་ལྡན་པ་གང་ཡིན་པ་དེ་ནི་ཀུན་རྟེན་བཅས་ཡིན་པར་འདོད་པ་དེས་ན། རེ་ཞིག་

བདག་ལ་བརྟེན་པའི་བདེ་བ་ལ་སོགས་པ་གང་དག་ཡིན་པའི་རྟེན་རྟག་པ་དེ་དག་ནི་རྟག་ཏུ་གནས་པར་བྱེད་པ་དང་མ་བྲལ་བའི་ཕྱིར་འཇིག་པ་མེད་པ་ཉིད་ཡིན་ནོ། །གང་དག་གི་ཡང་མི་རྟག་པ་ཉིད་རྟེན་ཡིན་ན་དེའི་ཡང་གཞན་དང་དེའི་ཡང་གཞན་མ་ཡིན་པ་དེ་ལྟར་ན། རྡུལ་ཕྲ་རབ་རྟག་པའི་བར་དུ་

རྟེན་ཡིན་པའི་ཕྱིར་རྟག་ཏུ་གནས་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་སེམས་ལ་སོགས་པ་འབྱུང་བའི་ཆོས་རྣམས་ཀྱང་འབྱུང་བ་རྣམས་ཀྱི་རང་བཞིན་འཇིག་པ་མེད་པའི་ཕྱིར་གནས་པ་དེ་ལྟར་ན་འཇིག་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར་དངོས་པོ་ཐམས་ཅད་ནི་འགའ་ཞིག་གི་ཚེ་ནའང་འཇིག་པ་མིན།

เล่ม ๑๗๕ · หน้า 34a

དངོས་པོ་འགའ་ཞིག་གང་ཡིན་པ་དེའི་ངོ་བོ་ཉིད་ཀྱིས་འཇིག་པའི་ངང་ཚུལ་ཅན་གྱི་རང་བཞིན་ནམ། མ་ཡིན་པ་ཡིན་གྲང་། གལ་ཏེ་རང་འཇིག་ངང་ཚུལ་བདག་ཡིན་ན། དེའི་ཚེ་རང་བཞིན་བཟློག་པ་མེད་པ་ཉིད་ཀྱི་ཕྱིར། དེ་ཉིད་ཀྱིས་འཇིག་པར་བྱ་བ་ཉིད་ཡིན་

པ་དེ་ལྟར་ན། དེའི་གནས་བྱེད་གཞན་གང་ཡིན། །དངོས་པོ་དེ་གལ་ཏེ་རང་འཇིག་ངང་ཚུལ་བདག་མིན་ན་དེའི་ཚེ་བདག་ཉིད་གནས་པ་ཡིན་པ་དེ་ལྟར་ན། དེའི་གནས་བྱེད་གཞན་གང་ཡིན། །དེ་ལྟར་ན་རྣམ་པ་གཉི་ག་ལྟར་ན་ཡང་རྟེན་གྲུབ་པ་མ་ཡིན་ནོ། །འདིས་ཀྱང་ལུས་དང་

སེམས་དག་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་ཅན་གྱི་དངོས་པོ་མ་ཡིན་ཏེ། འདི་ལྟར་ལུས་ཀྱི་ཕུལ་བྱུང་འགྲིབ་པ་སྟེ། ལུས་ཀྱི་ཡོན་ཏན་འཕེལ་བ་དང་འགྲིབ་པ་མེད་པར་ཡང་བློའི་བྱེད་པའི་ཁྱད་པར་གྱིས། ཡིད་ཀྱི་རྣམ་པར་ཤེས་པའི་བྱེད་པའི་ཁྱད་པར་གྱིས་དེའི་ཡོན་ཏན་

འཕེལ་བ་དང་འགྲིབ་པ་དག་གིས། ཤེས་རབ་ལ་སོགས་ཕུལ་བྱུང་དང་། །འགྲིབ་པ་དག་ཏུ་འང་འགྱུར་བ་ཡིན། །སོགས་པ་སྨོས་པས་ནི་བྱམས་པ་དང་སྙིང་རྗེ་དང་། འདོད་ཆགས་དང་བྲལ་བ་དང་། སྐྱོ་བ་དང་སྐྱོ་བ་མེད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་

མུག་དང་། དྲན་པ་དང་། ཡིད་གཞུངས་པ་ལ་སོགས་པ་དག་ཀྱང་ངོ་། །ལུས་ཀྱི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་ལ་ལྟོས་པ་མེད་པར་བློའི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པའི་སྒོ་ནས་ཤེས་རབ་ལ་སོགས་པའི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་

བའི་ཆོས་གང་ཡིན་པ། འདི་ནི་མར་མེའི་འོད་ལ་སོགས། །བརྟེན་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྒྲོན་མ་ལ་སོགས་པའི་བྱེད་པ་འཕེལ་བ་དང་འགྲིབ་པ་དག་ཉིད་ཀྱིས་སྒྲོན་མ་ལ་སོགས་པ་དེ་དག་གི་ཉེ་བར་ལེན་པ་ཅན་འོད་ལ་སོགས་པ་དག་གི་ཕུལ་དུ་བྱུང་

བ་དང་ཕུལ་དུ་བྱུང་བ་མ་ཡིན་པ་ཉམས་སུ་མྱོང་བར་འགྱུར་གྱི། དེ་ལ་ལྟོས་པ་མེད་པའི་དོན་བྱེད་པས་འཕེལ་བ་དང་འགྲིབ་པའི་རྗེས་སུ་འབྲང་བ་ཅན་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་དག་གིས་ལྟོས་པ་མེད་པའི་བྱེད་པའི་ཁྱད་པར་གྱི་

เล่ม ๑๗๕ · หน้า 34b

འཕེལ་བ་དང་། འགྲིབ་པ་ཅན་དེ་ལ་ལྟོས་པ་མེད་པར་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་དེའི་ཉེ་བར་ལེན་པའི་རྒྱུ་ཅན་དང་། དེ་ལས་གཞན་པའི་ཉེ་བར་ལེན་པའི་རྒྱུ་ཅན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྒྲོན་མའི་བྱེད་པའི་ཁྱད་པར་གྱི་འཕེལ་བ་དང་འགྲིབ་

པ་དག་གིས་ལྟོས་པ་མེད་པའི་མྱུ་གུ་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་དེ་ལ་ལྟོས་པ་མེད་པར་སྒྲོན་མའི་འོད་ཀྱིས་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བ་ལྟ་བུའོ། །བློའི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་དག་གི་ལྟོས་པ་མེད་པའི་ལུས་ཀྱིས་བྱེད་པའི་ཁྱད་

པར་གྱིས་འཕེལ་བ་དང་འགྲིབ་པ་དེ་ལ་ལྟོས་པ་མེད་པར་ཤེས་རབ་ལ་སོགས་པའི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ། །ལུས་དེ་ལས་

ཀྱང་བརྒྱུད་པས་ཤེས་རབ་ལ་སོགས་པ་འདིའི་ཕུལ་དུ་བྱུང་བའི་ཁྱད་པར་འབྱུང་བར་འགྱུར་གྱི་སེམས་ཕན་འདོགས་བྱེད་མིན་ལ་མིན། སེམས་ལ་ཕན་འདོགས་པར་བྱེད་པ་ཉིད་ཀྱི་སྒོ་ནས་ཤེས་རབ་ལ་སོགས་པ་ལ་ལུས་ཕན་འདོགས་པར་བྱེད་པར་འགྱུར་རོ། །འདིས་ནི་བློའི་བྱེད་

པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པའི་ཕྱིར་རོ། །ལྟོས་པ་མེད་པའི་ལུས་ཀྱི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་དེ་ལ་ལྟོས་པ་མེད་པ་ཉིད་ནི་ཤེས་རབ་ལ་སོགས་པའི་གཏན་ཚིགས་ཀྱི་དོན་དུ་བསྒྲུབ་པ་ཡིན་ནོ། །གལ་ཏེ་བློའི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་

དང་འགྲིབ་པ་མེད་པར་ལུས་ཡན་གར་ལས་ཀྱང་འདོད་ཆགས་ལ་སོགས་པ་འཕེལ་བའི་རྒྱུ་མཚན་མཐོང་སྟེ། འདི་ལྟར་ལུས་རྒྱས་པར་འགྱུར་བ་དེའི་ཚེ་འདོད་ཆགས་འཕེལ་བར་འགྱུར་ཞིང་གདུང་བ་ལས་ཞེ་སྡང་འགྱུར་བ་དེ་ལྟར་ན་གཏན་ཚིགས་མ་ངེས་པ་ཁོ་ན་བཞིན་ནོ་ཞེ་ན། དེ་

ནི་མ་ཡིན་ཏེ། འདི་ལྟར་རྒྱས་སོགས་འདོད་ཆགས་ལ་སོགས་འཕེལ། སོགས་པ་དང་པོ་སྨོས་པས་ནི་གདུང་བ་ལས་སོ། །ཅི་རིགས་པར་དེ་ནི་འགའ་ཞིག་ཚེ་ན་བདེ་སྡུག་སྐྱེ། འདོད་ཆགས་འཕེལ་བ་ནི་བདེ་བ་ལས་སྐྱེ་བའོ། །ཞེ་སྡང་འཕེལ་བ་ནི་སྡུག་བསྔལ་ལས་སྐྱེ་

เล่ม ๑๗๕ · หน้า 35a

བའོ། །འགའ་ཞིག་ཚེ་ཞེས་བྱ་བ་སྨོས་པས་ལུས་ལ་སོགས་པ་རྒྱས་པ་ལས་གདོན་མི་ཟ་བར་འདོད་ཆགས་ལ་སོགས་པ་མ་ཡིན་ཏེ། འདི་ལྟར་དེ་ཡོད་དུ་ཟིན་ཀྱང་སྐྱེས་བུའི་ངོ་བོ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་ཆུང་བའམ། སོ་སོར་རྟོགས་པ་ལ་སོགས་

པའི་ངང་ཚུལ་ཅན་གྱིས་འདོད་ཆགས་ལ་སོགས་པ་ཕུལ་དུ་བྱུང་བ་མེད་པ་དེ་ཤེས་པར་བྱེད་དོ། །གང་གི་ཚེ་རྒྱས་པ་ལ་སོགས་པ་ཡོད་ན་ཞེས་བྱ་བའི་ཐ་སྙད་དུ་བྱེད་པ་དེའི་ཚེ་ཡང་དངོས་སུ་མ་ཡིན་ཏེ། འདི་ལྟར་ལུས་རྒྱས་སུ་ཟིན་ཀྱང་ཇི་སྲིད་སྐྱེས་བུ་ཡིད་བདེ་བར་མི་འགྱུར་བ་དེ་སྲིད་དུ། འདོད་

ཆགས་དེ་དང་རྗེས་སུ་འབྲེལ་བར་མི་འགྱུར་ཞིང་། དེ་བཞིན་དུ་ཞེ་སྡང་ཡང་ཇི་སྲིད་ཡིད་མི་བདེ་བ་མེད་པར་ཡང་ངོ་། །ཡིད་བདེ་བ་དང་ཡིད་མི་བདེ་བ་དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་སྒོ་ནས་ཡིན་ནོ། །བདེ་བ་དང་སྡུག་བསྔལ་དེ་དག་ཀྱང་ཁམས་ནི་སྙོམས་པ་ལས་བྱུང་བ་ཡིན་ནོ། །

སོགས་པ་སྨོས་པས་ནི་ཁམས་མི་སྙོམས་པ་ལ་སོགས་པ་ལས་སོ། །ནང་གི་དོན་རེག་བྱའི་ཁྱད་པར་གང་ཡིན་པ་ཉེ་བ་དེའི་ཕྱིར་ཅི་རིགས་པར་བདེ་བ་དང་སྡུག་བསྔལ་གྱི་ཁྱད་པར་ཡིན་ནོ། །འདི་སྐད་དུ་ཁམས་སྙོམས་པ་དང་མི་སྙོམས་པ་ལས་ནང་གི་རེག་བྱའི་ཁྱད་པར་རྟོགས་པར་བྱེད་པ་

པོས་ཅི་རིགས་པར་རང་གི་ཡུལ་གྱིས་རེག་བྱའི་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་པ་དང་གནོད་པར་བྱེད་པ་གང་ཡིན་པ་དེས་དེ་མ་ཐག་པའི་རྐྱེན་གྱིས་ངོ་བོ་ཕྱིས་ཀྱི་རྣམ་པར་རྟོག་པའི་བློ་ལ་ཕན་འདོགས་པར་བྱེད་པ་དང་གནོད་པ་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལས་འདོད་

ཆགས་དང་ཞེ་སྡང་ཉིད་ཡིན་པ་དེ་ལྟར་ན་བརྒྱུད་པས་ལུས་ལས་འདོད་ཆགས་ལ་སོགས་པ་འཕེལ་བ་ཡིན་ནོ། །དེ་བཞིན་དུ་བཅུད་ཀྱིས་ལེན་པ་དང་ཡིད་གཞུངས་པར་བྱེད་པ་ལ་སོགས་པའི་ཉེ་བར་སྦྱོར་བ་ལ་སོགས་པ་ལས་དྲན་པ་དང་ཡིད་གཞུངས་པ་ལ་སོགས་པའི་ཡོན་ཏན་ཡིན་

པར་རྟོགས་པར་བྱའོ། །དེས་ན་ཡུལ་ལམ་དབང་པོ་ཤེས་པའི་རྟེན་གྱི་དབང་པོ་ལས་དེའི་ཤེས་པ་ཕན་འདོགས་པ་དང་གནོད་པ་བྱེད་པའི་སྒོ་ནས་ཀྱང་དེ་འདྲ་བའི་འདོད་ཆགས་ལ་སོགས་པའི་གནས་པ་ཐོབ་པ་དེ་ལྟར་ན། དེ་ཙམ་གྱིས་དེ་དག་གི་ཡུལ་ཉེ་བར་ལེན་པ་མ་ཡིན་ཞིང་། དེ་

เล่ม ๑๗๕ · หน้า 35b

བཞིན་དུ་དབང་པོ་དང་ལུས་མ་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །བཤད་མ་ཐག་པ་དེས་ནི་འདུས་པ་ལ་སོགས་པ་སྨོས་པས་ནི་སྦྱར་བའི་དུག་ལ་སོགས་པའི་ཉེ་བར་སྦྱོར་བ་ལས་སོ། །དྲན་པ་ཉམས་པ་སོགས་བཤད་པ་ཡིན། དཔེར་ན་དེ་དག་གིས་ལུས་དངོས་སུ་འགྱུར་བའི་རྒྱུ་མ་

ཡིན་པ་ལྟ་བུའོ། །སོགས་པ་སྨོས་པས་ནི་རྨོངས་པ་དང་དྲན་པ་རྣམ་པར་གཡེང་བ་ལ་སོགས་པ་བཟུང་ངོ་། །ཅིའི་ཕྱིར་ཞེ་ན། ཡིད་ཀྱི་བློས་ནི་འགྱུར་བར་བྱེད་ཕྱིར་རོ། །ནི་ནི་གང་གི་ཕྱིར་རོ། །ཅི་འདྲ་བ་ཞིག་ཅེ་ན། ནང་དོན་ཁྱད་པར་ལས་སྐྱེས་པའི། །ནང་གི་དོན་རེག་བྱའི་

ཁྱད་པར་ལས་སྐྱེས་པའི་བློ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། དབང་པོ་ཡང་དེའི་རྣམ་པར་ཤེས་པའི་རྟེན་ཡིན་པར་བཟུང་ངོ་། །རྟེན་དེས་ཀྱང་རེག་བྱའི་རྣམ་པར་ཤེས་པ་འགྱུར་བར་བྱེད་དེ། དེའི་སྒོ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འགྱུར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ངེས་

པར་འདུས་པ་ལ་སོགས་པ་ལས་གདོན་མི་ཟ་བར་འབྱུང་བ་ཡང་མ་ཡིན་ནོ། །བརྒྱུད་པས་ཀྱང་ཕན་འདོགས་པར་བྱེད་པ་དེ་ཙམ་གྱིས་ཕན་གདགས་པར་བྱ་བ་དེའི་ཉེ་བར་ལེན་པ་མ་ཡིན་ཏེ། དོན་གྱི་སྒོ་ནས་ཀྱང་དེ་ལྟར་ཡིད་རྣམ་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དཔེར་རྒྱུད་

ལ་ལའི་ཕུལ་བྱུང་ལས། བསམ་པ་མེད་པ་ཅན་གྱི་སེམས་ཀྱི་རྒྱུད་ལ། སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །སྟག་ཐོས་པ་ཡི་རྒྱུ་ལས་སོ། །སོགས་པ་སྨོས་པས་ནི་བུ་ལ་སོགས་པ་ཤི་བ་ཐོས་པ་ལས་སོ། །རྨོངས་པ་ལ་སོགས་འབྱུང་འགྱུར་

བཞིན། །སོགས་པའི་སྒྲ་སྨོས་པས་ནི་རྣམ་པར་གཡེང་བ་དང་ཤི་བ་ལ་སོགས་པ་བཟུང་ངོ་། །དེ་ལྟར་ན་རྒྱུད་ཀྱི་བྱེ་བྲག་འགའ་ཞིག་ལ་ཁྲག་ལ་སོགས་པ་མཐོང་བ་ལས་ཀྱང་ངོ་། །སོགས་པ་སྨོས་པས་ནི་གཞན་ཡང་འཇིགས་སུ་རུང་བའི་གནས་ལ་སོགས་པ་མཐོང་བ་ལས་

འཇིགས་པ་དང་བརྒྱལ་བ་དང་། སྤུ་ཟིང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་བཞིན་ནོ། །དེ་ཙམ་གྱིས་ནི་ཕྱི་རོལ་གྱི་དོན་ངེས་པར་བློའི་ཉེ་བར་ལེན་པ་མ་ཡིན་ཏེ། དོན་གྱི་འབྱུང་བ་དེ་ལྟ་བུར་འགྱུར་བའི་རྗེས་སུ་མི་འཇུག་པས་བློ་ནི་དེའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་བློ་སྔ་

เล่ม ๑๗๕ · หน้า 36a

མ་སྔ་མ་ལ་བློ་ཕྱི་མ་ཕྱི་མ་ངེས་པར་རྗེས་སུ་འཇུག་པ་དེ་ལྟར་ལུས་འདུས་བྱས་པ་ལ་མ་ཡིན་ནོ། །དེ་ཕྱིར་རིགས་མཐུན་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གང་ཞིག་འདུས་བྱས་པར་ངེས་པར་རྗེས་སུ་འཇུག་པ་ཡིན། སེམས་ནི་དེ་མེད་མིན་འབྱུང་ཡིན། །

དེ་མེད་ན་མི་འབྱུང་བ་ཉིད་ཡིན་པ་དེའི་ཕྱིར་སེམས་དེ་ནི་སེམས་ལ་བརྟེན་པའོ། །རིགས་མཐུན་པའི་སེམས་ཉིད་འདིའི་ཉེ་བར་ལེན་པ་ཡིན་གྱི། ལུས་ཉེ་བར་ལེན་པའམ་དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ནོ། །ངེས་པར་དེ་འདུས་བྱས་པའི་ཡང་རྗེས་སུ་འཇུག་པ་མ་ཡིན་ཏེ།

དཔེར་ན་དབང་པོའི་ཤེས་པ་དེ་ཉིད་ཀྱི་ཡུལ་གྱི་རྗེས་སུ་འཇུག་པ་ལྟ་བུའོ། །སྦྱོར་བ་ནི་གང་ཞིག་གང་འདུས་བྱས་པའི་རྗེས་སུ་ངེས་པར་འཇུག་པ་དེ་ནི་དེ་མེད་ན་མི་འབྱུང་བའམ། དེ་ལ་བརྟེན་པ་ཡིན་ཏེ། དཔེར་ན་འོད་ནི་སྒྲོན་མ་ལེགས་པར་བྱས་པའི་རྗེས་སུ་ངེས་པར་འཇུག་པ་

ལྟ་བུའོ། །དེ་མ་ཐག་པའི་སེམས་ཀྱང་སེམས་སྔ་མ་ལེགས་པར་བྱས་པའི་རྗེས་སུ་ངེས་པར་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་འདུས་བྱས་པའི་རྗེས་སུ་གང་ངེས་པར་མི་འཇུག་པ་དེ་ནི་དེའི་དངོས་སུ་ཉེ་བར་ལེན་པའི་རྒྱུའམ་ལྷན་ཅིག་བྱེད་

པའི་རྒྱུ་མ་ཡིན་ཏེ། དཔེར་ན་གངས་ཅན་འབིགས་བྱེད་ལེགས་པར་བྱས་པའི་རྗེས་སུ་ངེས་པར་མི་འཇུག་པ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་འདུས་བྱས་པའི་རྗེས་སུ་ངེས་པར་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཀྱང་འགལ་བས་

ཁྱབ་པར་དམིགས་པ་ཡིན་ནོ། །གང་གི་ཕྱིར་དངོས་སུ་ལུས་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཞིང་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་དེ་ལོག་པས་བློའི་རྒྱུད་རྒྱུན་ཆད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་རྒྱུད་གནས་པའི་ཕྱིར་དངོས་སུ་ཉེ་བའི་རྒྱུའམ། ལྷན་ཅིག་བྱེད་པའི་རྒྱུ་

མ་ཡིན་པ་དེ་ནི་དེ་ལོག་པ་ན་ངེས་པར་དེ་ལོག་པ་མ་ཡིན་ཏེ། དཔེར་ན་བ་ལང་དང་བ་མེན་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་ཀྱི་ཡང་ལུས་ནི་དངོས་སུ་ཉེ་བར་ལེན་པའི་རྒྱུའམ། ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་

เล่ม ๑๗๕ · หน้า 36b

ཡང་ཅི་སེམས་ཉིད་ནུས་པའམ། ཡོན་ཏན་ནམ་འབྲས་བུ་གང་ཡིན་པ་དེ་ལུས་ལས་དོན་གཞན་དུ་གྱུར་པའམ། འོན་ཏེ་ལུས་ཉིད་ཡིན་གྲང་ན། དོན་གཞན་ཉིད་ཡིན་ན་ནི་ལུས་ལ་བརྟེན་པ་མ་ཡིན་ནོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །ཐ་དད་པ་ཉིད་མ་ཡིན་ན་ལུས་ཉིད་ཡིན་པ་དེའི་ཚེ། ཇི་ལྟར་ཐོས་

སོགས་འདུས་བྱས་པ། །སོགས་པའི་སྒྲ་སྨོས་པས་ནི་བཟོའི་ལས་ཀྱི་མན་ངག་ནན་ཏན་དུ་བྱེད་པ་འདུས་བྱས་པ་ལ་སོགས་པ་བཟུང་ངོ་། །བྱས་པས་སེམས་ཏེ་དུས་གཅིག་གི་ཚེ་སེམས་ལ་ངེས་པར་མ་བཟུང་བ་ཡང་སེམས་དེ་ཉིད་ལ་དུས་སུ་འདུས་བྱས་པ་རྐྱེན་ཇི་ལྟ་བ་བཞིན་དུ་མངོན་

པར་གསལ་བར་འགྱུར་རོ། །ཐོས་པ་ལ་སོགས་པ་འདུས་བྱས་པ་ལས་བློའི་ཕུལ་དུ་འབྱུང་བ་དང་། འདུས་བྱས་པ་དེ་ཉིད་ལས་དུས་གཞན་དུ་ཡོན་ཏན་མངོན་པར་གསལ་བ་དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། ཅིའི་ཕྱིར་ཞེ་ན། ཐ་དད་པ་མེད་པའི་རྒྱུའི་ཕྱིར་རོ། །སྦྱོར་བ་ནི་གང་

ཞིག་གང་གི་རང་བཞིན་དུ་འགྱུར་བ་དེ་འདུས་བྱས་པས་ན། དེ་འདུས་བྱས་པར་འགྱུར་ཏེ། དཔེར་ན་སེམས་འདུས་བྱས་ན་སེམས་དེ་ཉིད་འདུས་བྱས་པ་ལྟ་བུའོ། །ལུས་སེམས་ཀྱི་རང་བཞིན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འགྱུར་བ་ཡང་མ་ཡིན་

པ་དེ་བས་ན་འདུས་བྱས་པ་ན་ཡང་འདུས་བྱས་པ་སྐྱེ་བ་མེད་པའི་ཕྱིར་དེ་ནི་དེའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །བཟློག་པ་ནི་གང་ཞིག་འདུས་བྱས་པ་ན་ཡང་གང་འདུས་བྱས་པར་འགྱུར་བ་མ་ཡིན་པ་དེ་ནི་དེའི་རང་བཞིན་དུ་གྱུར་པ་མ་ཡིན་ཏེ། དཔེར་ན་སྣམ་བུ་འདུས་བྱས་པས་བུམ་པ་འདུས་

བྱས་པ་མ་ཡིན་པ་ནི་སྣམ་བུའི་བདག་ཉིད་མ་ཡིན་པ་ལྟ་བུའོ། །ཐོས་པ་ལ་སོགས་པའི་འདུས་བྱས་པས་ཡིད་ཀྱི་རྣམ་པར་ཤེས་པ་འདུས་བྱས་པ་ན་ཡང་ལུས་ཀྱི་འདུས་བྱས་པའི་ཡོན་ཏན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ་ལུས་ཀྱི་

ཡོན་ཏན་སྣང་བ་ཉིད་ལས་འདུས་པ་བྱེད་པ་དང་མངོན་པར་གསལ་བའི་དུས་དག་གི་ཐོས་པ་ལ་སོགས་པ་འདུས་བྱས་པ་ལུས་ཀྱི་ཡོན་ཏན་ཉེ་བར་མཚོན་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར། སེམས་ཅན་གཞན་གྱིས་བཀྲི་མིན་པ། དབང་ཕྱུག་ལ་སོགས་པ་ལ་

เล่ม ๑๗๕ · หน้า 37a

རག་ལས་པ་མེད་པའི་སྲོག་ཆགས་གང་ཡིན་པ་འདི་ནི། དམན་པའི་གནས་ནི་ཡོངས་སུ་ལེན། །མངལ་གྱི་གནས་ཡོངས་སུ་ལེན་པ་སྟེ། མངོན་པར་ཆགས་པ་སྔོན་དུ་སོང་བའི་ཞེན་པས་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡོངས་སུ་ལེན་པ་དང་བཅས་པའི་རྒྱུ་བསྟན་ཏོ། །

བདག་ལ་ཆགས་པ་དང་ལྡན་པའི་སྲོག་ཆགས་རྣམས་ཀྱི་བདེ་བ་ཐོབ་པར་འདོད་པ་དང་། སྡུག་བསྔལ་དོར་བར་འདོད་པ་ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་ལྔ་པ། སྦྱོར་བ་ཡང་གང་ཞིག་སེམས་ཅན་གཞན་གྱིས་བཀྲི་བར་བྱ་

བ་མ་ཡིན་པ་དམན་པའི་གནས་ཡོངས་སུ་ལེན་པ་དེ་ནི་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་དང་བདེ་བ་དོར་བ་ཐོབ་པར་འདོད་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་སྦྲང་བུ་དག་མི་གཙང་བའི་གནས་ཡོངས་སུ་ལེན་པའམ། འདོད་ཆགས་ཅན་དག་བུད་མེད་ཀྱི་རོའི་ལུས་ལ་སོགས་

པ་ཡོངས་སུ་ལེན་པ་ལྟ་བུའོ། །སེམས་ཅན་གཞན་གྱིས་བཀྲི་བ་མ་ཡིན་པ་ཡང་དམན་པའི་གནས་ཡོངས་སུ་ལེན་པ་སྟེ། སྲོག་ཆགས་རྣམས་མངལ་ལ་སོགས་པའི་གནས་ཡོངས་སུ་ལན་ཏོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །སྐྱེས་བུ་གཉིད་ལོག་པ་ལས་ལྟུང་བའམ། བག་

མེད་པ་མི་གཙང་བ་དང་གཡང་ས་ལ་སོགས་པའི་གནས་སུ་ལྟུང་བ་དེ་བདག་ཉིད་འདོད་པ་དང་གནས་དེ་ལེན་པ་དང་མངོན་པར་དགའ་བས་མ་ཡིན་པ་དེ་ལྟར་ན་འདིས་མ་ངེས་པ་ཡིན་པར་དགོས་པར་མ་གྱུར་ཅིག་སྙམ་པ་དེ་ཉིད་ཀྱི་ཕྱིར། ཡོངས་སུ་ལེན་པའི་སྒྲས་མངོན་པར་ཆགས་པ་

བསྟན་པ་ཡིན་ནོ། །མ་གྲུབ་པ་ཡང་མ་ཡིན་ཏེ། སྔར་དབང་ཕྱུག་གསལ་བའི་ཕྱིར། ཅིའི་ཕྱིར་གཞན་གྱིས་བཀྲི་བ་ཉིད་ཡིན། གང་གི་ཕྱིར་སྨན་པའི་གནས་ལ་མངོན་པར་ཆགས་པ་ནི་སྡུག་བསྔལ་ལ་བདེ་བ་བློའི་མཚན་ཉིད་ཅན་ཡིན་པ་དེ་ལྟར་ན། སྡུག་བསྔལ་དེས་མངལ་ལ་

སོགས་པའི་གནས་ལ། ཕྱིན་ཅི་ལྡོག་བློ་དང་། དེའི་བདེ་བ་ཡིན་ནོ་ཞེས་བྱ་བ་དེའི་རྒྱུན་ཅན་ཏེ། སྡུག་བསྔལ་དང་བདེ་བ་དོར་བ་དང་ཐོབ་པའི་མཚན་ཉིད་ཅན་ནོ། །སྲེད་པ་ནི་སྐྱེ་བའི་ཀུན་ནས་འཆི་བའི་རྒྱུ་སྲིད་པའི་སྒོ་ནས་བདག་ཏུ་ཆགས་པ་ཡང་ཕངས་པ་ཉིད་ཡིན་ནོ། །དེ་ནི་ལུང་

เล่ม ๑๗๕ · หน้า 37b

གི་དོན་སྟོན་པར་བྱེད་པ་ཡིན་ཏེ། སྲོག་ཆགས་གིས་ཡང་ཡང་སྲེད་པ་དང་ཕྱིན་ཅི་ལོག་པ་བློ་མེད་པ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །རྒྱུ་མེད་པའི་ཕྱིར་དེའི་སྐྱེ་བ་མི་འཐོབ་པོ། །དེའི་ཚེ་འཁོར་བ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་

འགྲོ་འོང་མ་མཐོང་ན། སེམས་ཅན་སྐྱེ་བ་ཡོངས་སུ་ལེན་པར་བྱེད་པའི་ངང་ཚུལ་ཅན་དུ་མངོན་པར་འདོད་པ་འདིའི་འདི་ནས་མ་འོངས་པར་འགྲོ་བ་མི་མཐོང་བ་དང་། སྔ་མའི་གནས་ལས་མངལ་གྱི་གནས་སུ་འགྲོ་བ་མི་མཐོང་བ་དེ་ལྟར་ན། ཇི་ལྟར་ན་འདི་འགའ་ཞིག་ལས་འོངས་

ནས་མངལ་གྱི་གནས་ཡོངས་སུ་ལེན་པ་ཡིན་ཏེ། སྦྱོར་བ་ནི་འགའ་ཞིག་གི་འགྲོ་བ་དང་འོང་བ་མི་མཐོང་བ་དེ་ནི་འགའ་ཞིག་ལས་འོངས་ནས་འགའ་ཞིག་དུ་གནས་པ་མ་ཡིན་ཏེ། དཔེར་ན་འགྲོ་བ་དང་འོང་བ་མ་མཐོང་བ་ཅན་གྱི་མོ་གཤམ་གྱི་བུ་ལྟ་བུའོ། །སྲོག་ཆགས་འདིའི་

མངལ་ལ་སོགས་པར་འགྲོ་བ་དང་འོང་བ་མ་མཐོང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་པར་སེམས་སོ། །ཁྱོད་ཀྱིས་དབང་པོ་མི་གསལ་བའི་རྒྱུའི་ཕྱིར་མ་མཐོང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་མིག་མི་གསལ་བ་ཅན་གྱི་སྐྱེས་བུས་དུ་བ་ཆུང་ངུ་མི་

དམིགས་བཞིན། དཔེར་ན་མིག་ཉམས་པ་ཅན་གྱིས་དུ་བ་ཆ་ཕྲ་བ་ངེས་པར་མི་འཛིན་པ་དེ་དང་འདྲ་བ་དེ་ལྟར་ན་འདིས་ནི་སྤང་བར་བྱ་བ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་ཡིན་པ་མ་མཐོང་དུ་ཟིན་ཀྱང་། མེད་པར་མ་གྲུབ་པའི་ཕྱིར་མ་ངེས་པར་བསྟན་པ་ཡིན་ནོ། །ཅི་སྟེ་

གཞན་དག་གིས་ཀྱང་མ་མཐོང་བ་དེ་ལྟར་ན་གཏན་ཚིགས་ཀྱི་དོན་དེ་ནི་མ་གྲུབ་པ་ཡིན་ཏེ། དེ་ལྟར་ན་འགའ་ཞིག་གིས་མཐོང་བ་ཉིད་དུ་འགྱུར་རོ། །འགའ་ཞིག་གིས་ཕྲ་བ་དང་དྲི་ལ་སོགས་པ་ཉེ་བར་མཚོན་པ་མེད་པ་རྣམས་གྲོག་སྦུར་ལ་སོགས་པ་སྣའི་དབང་པོ་གསལ་བ་ཅན་རྣམས་

ཀྱིས་དམིགས་པ་དེ་ལྟར་ན་རང་གི་མཐོང་བ་ལྡོག་པ་ཙམ་གནོད་པ་ཅན་མ་ཡིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ། །ཡོད་པའི་ཐ་སྙད་ལ་རྗེས་སུ་དཔག་པ་ཡང་བཤད་ཟིན་ཏོ། །དེ་ལྟར་ནི་འགྱུར་ན། སྲོག་ཆགས་ལུས་དང་ལྡན་པར་འཇུག་པ་ལ་ལུས་ཀྱི་རྣམ་པ་དང་ལྡན་པ་

เล่ม ๑๗๕ · หน้า 38a

ཇི་ལྟར་ན་སྒྲིབ་པར་བྱེད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་ལུས་དང་ལྡན་པ་ཉིད་དུ་ཁས་ལེན་པ་དེ་ནི་ལུས་གཞན་ལ་སྒྲིབ་པར་བྱེད་པ་ཉིད་དུ་འདོད་པར་བྱ་སྟེ། དཔེར་ན་སྣམ་བུ་དང་བུམ་པ་ལྟ་བུའོ། །ཁྱོད་ཀྱིས་སྔར་གྱི་ལུས་ཀྱང་ལུས་ཅན་ཉིད་དུ་འདོད་པ་ཡིན་ནོ་ཞེས་བྱ་

བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །འདིར་གཏན་ཚིགས་འདིས་ནི་མ་ངེས་པ་ཡིན་ནོ། །དེ་ལྟར་ན་རྫས་འགའ་ལུས་ཅན་དག་ཡིན་ཡང་། སྲབ་པ་ཉིད་དེ་དང་བ་ཉིད་ཀྱི་རྒྱུའི་ཕྱིར། གཟུགས་ཅན་གཞན་ལ་ལར་ཐོགས་ཅན་མིན་པར་མཐོང་ངོ་། །ཅི་དང་འདྲ་བར་

ཞེ་ན། ཆུ་བཞིན་ཏེ་བུམ་པ་ལ་སོགས་པ་ལུས་ཅན་ལ་ཆུ་ལུས་ཅན་ཡིན་དུ་ཟིན་ཀྱང་འཛག་པ་ཉིད་ཡིན་ནོ། །གསེར་དང་དངུལ་ཆུ་བཞིན། དངུལ་ཆུ་ལུས་ཅན་ཡིན་དུ་ཟིན་ཀྱང་གསེར་གྱི་རྗེས་སུ་འཇུག་པ་ལྟ་བུའོ། །ཉི་མའི་ཟེར་གྱིས་ཀྱང་ཤེལ་ཕིགས་ནས་ཤིང་ལ་འཇུག་པར་བྱེད་པ་དེ་ལྟར་ན་

མ་ངེས་པ་ཡིན་ནོ། །མ་མཐོང་ཕྱིར་ཡང་མེད་ཉིད་མིན། །དེ་ལྟར་མ་མཐོང་བ་ཞེས་བྱ་བ་མི་སྣང་བ་ཙམ་ལས་ཀྱང་མེད་པ་ཉིད་དུ་འགྱུར་བ་མ་ཡིན་པ་དེ་ལྟར་ན་སྤང་བར་བྱ་བ་མ་ཡིན་ནོ། །གཞན་ཡང་ལུས་སེམས་ཀྱི་ཉེ་བར་ལེན་པར་འདོད་པ་གང་ཡིན་པ་དེ་ནི་གཅིག་གམ་དུ་མར་འགྱུར་གྲང་ན།

རེ་ཞིག་གཅིག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལག་སོགས་གཡོ་ན་ཐམས་ཅད་དག །ལུས་ཀྱང་གཡོ་བ་ཐོབ་ཕྱིར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །དེའི་གཅིག་གཡོ་བ་དང་མི་གཡོ་བ་མི་རིགས་ཏེ། གཅིག་པ་ཉིད་ཉམས་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་

དད་པ་མེད་པ་དེ་ནི་གཡོ་བ་ན་གཡོ་བ་ཡིན་ཏེ་དཔེར་ན་རང་གི་ངོ་བོ་ཉིད་ལྟ་བུའོ། །རྐང་པ་ལ་སོགས་པ་ཡང་ལག་པ་དང་ཐ་དད་པ་མེད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ཡང་མ་ཡིན་ཏེ། དེ་ལས་བཟློག་པ་ནི་གང་ཞིག་གང་གཡོ་བ་ན་

མི་གཡོ་བ་དེ་ནི་དེ་ལས་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་འགྲོ་བ་ན་མཆོད་སྦྱིན་འདུག་པ་ལྟ་བུའོ། །རྐང་པ་ལ་སོགས་པ་ཡང་ལག་པ་གཡོ་བ་ན་མི་གཡོ་བ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །འགལ་བ་ཅན་གྱི་ལས་ནི་གཅིག་ལ་མི་རུང་ཕྱིར་གཅིག་ལ་

เล่ม ๑๗๕ · หน้า 38b

འགལ་བའི་ལས་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་གཡས་དང་གཡོན་གྱི་ལག་པ་གཉིས་པོ་དག་ནི་ཡུལ་ཐ་དད་པར་འགྲོ་བར་རུང་བ་མ་ཡིན་པ་ལྟ་བུ་སྟེ། །ལག་པ་གཡས་པ་ལྷོ་ཕྱོགས་སུ་འགྲོ་བ་ན། གཡོན་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་

ཡང་མ་ཡིན་ཏེ་གང་གི་ཕྱིར་ཐ་དད་པར་འགྲོ་བ་དེའི་ཕྱིར་གཅིག་ཉིད་ཡིན་པར་མི་རིགས་སོ། །དེ་ལྟར་ནི་འགྱུར་ན། ཡན་ལག་གཡོ་བ་ཡིན་གྱི་ཡན་ལག་ཅན་མ་ཡིན་པ་དེ་ལྟར་ན། ཐལ་བའི་གཏན་ཚིགས་མ་གྲུབ་ཅིང་བཟློག་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེ་ན། གཞན་དུ་ཐ་དད་

གྲུབ་པར་འགྱུར། དེ་ལྟར་ན་ཡན་ལག་དང་ཡན་ལག་ཅན་ཐ་དད་པ་ཉིད་དུ་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གཡོ་བ་ནི་བདག་ཉིད་མི་གཡོ་བ་དེ་ནི་དེ་ལས་ཐ་དད་པར་འགྱུར་ཏེ། དཔེར་ན་ཆུ་གཡོ་བ་ན་སྣོད་མི་གཡོ་བ་ལྟ་བུའོ། །ཡན་ལག་ཅན་ཡང་ཡན་ལག་རྣམས་གཡོ་བ་ན་མི་གཡོ་

བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ཉིད་བཟློག་པ་ནི་གང་ཞིག་གང་ལས་ལྡན་པ་ཅན་གྱི་ཡུལ་ཐ་དད་པ་ཅན་མ་ཡིན་པ་དེ་ནི་དེ་གཡོ་བ་ན་ཡང་མི་གཡོ་བ་ཡོད་པ་མ་ཡིན་ཏེ། དཔེར་ན་ལག་པ་དེ་ཉིད་ཀྱི་རང་གི་ངོ་བོ་ལྟ་བུའོ། །ལུས་ཀྱང་ལག་པ་ལས་ལྡན་པ་ཅན་གྱི་

ཡུལ་ཐ་དད་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ་གཅིག་བསྒྲིབས་པ་ན་སྟེ་ཕྱོགས་གཅིག་བསྒྲིབས་པ་ན། ལྷག་མ་ཐམས་ཅད་དག་བསྒྲིབས་པར་འགྱུར་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ཁོ་ན་ཡིན་པ་དེ་ནི་དེ་བསྒྲིབས་པས་ན་བསྒྲིབས་

པ་སྟེ། དཔེར་ན་དེ་ཉིད་ཀྱི་རང་གི་ངོ་བོ་ལྟ་བུའོ། །མ་བསྒྲིབས་པ་ཡང་བསྒྲིབས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲིབས་པ་ཡང་མ་ཡིན་པ་དེ་བས་ན་ཐ་དད་པ་ཡིན་ནོ། །བཟློག་པ་ནི་གང་ཞིག་གང་བསྒྲིབས་པ་ན་མ་བསྒྲིབས་པ་དེ་ནི་དེ་ཉིད་མ་ཡིན་ཏེ། དཔེར་ན་བ་ལང་

བསྒྲིབས་པ་ན་རྟ་མ་བསྒྲིབས་པ་ལྟ་བུའོ། །རྐང་པ་ཡང་ལག་པ་བསྒྲིབས་པ་ན་མ་བསྒྲིབས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ་དེ་ལྟར་ནི་འགྱུར་མོད་ཀྱི་ཡན་ལག་བསྒྲིབས་པ་ན་ཡན་ལག་ཅན་མ་ཡིན་ནོ་ཞེ་ན། དེའི་ཚེ་མ་བསྒྲིབས་ན་ཇི་ལྟར་སྔར་དེ་མཐོང་བ་དེ་ལྟར་ཕྱོགས་

เล่ม ๑๗๕ · หน้า 39a

གཅིག་བསྒྲིབས་སུ་ཟིན་ཀྱང་མཐོང་བར་འགྱུར་རོ། །སྦྱོར་བ་ནི་གང་དང་གང་རྒྱུ་ཚོགས་པ་གགས་བྱེད་པ་མེད་པ་ཅན་ཡིན་པ་དེའི་སྐྱེ་བ་ཡོད་པ་ཡིན་ཏེ། དཔེར་ན་རྒྱུ་ཚོགས་པ་གགས་བྱེད་པ་མེད་པ་ཅན་གྱི་མྱུ་གུ་ལ་སོགས་པ་ལྟ་བུའོ། །ཡན་ལག་ཅན་གྱི་ཡུལ་ཅན་གྱི་

མཐོང་བ་ལ་ཡང་རྒྱུ་ཚོགས་པ་གགས་བྱེད་པ་མེད་པ་ཅན་ཡོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་རང་གི་ཡན་ལག་འཛིན་པའི་ཐབས་མཐོང་བ་ཅན་དེ་ལ་བསྒྲིབས་པ་ན་མཐོང་བ་མེད་པའི་ཕྱིར་མ་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཡན་ལག་ཐམས་ཅན་མཐོང་བ་མི་སྲིད་

པས་ན། འཕྲོད་པ་འདུ་བ་མཐོང་བ་མེད་པ་ཅན་དེ་ཉིད་མཐོང་བར་ཁས་ལེན་པའི་ཕྱིར་རོ། །གཞན་ཡང་ཕྱོགས་གཅིག་ཚོན་གྱིས་བསྒྱུར་བ་ན་ཕྱོགས་ཐམས་ཅད་བསྒྱུར་བ་ཐོབ་པར་འགྱུར་རོ། །དེ་ལ་ཐ་དད་པ་ཡོད་པ་ནི་མ་ཡིན་ན། གང་གིས་ན་ཅུང་ཞིག་བསྒྱུར་བ་དང་ཅུང་ཞིག་མ་ཡིན། སྦྱོར་བ་

ནི་གང་ཞིག་གང་ཁོ་ན་ཡིན་པས་དེ་ནི་དེ་བསྒྱུར་བ་ན་བསྒྱུར་བ་ཉིད་ཡིན་ཏེ། དཔེར་ན་མཚོན་གྱིས་བསྒྱུར་བའི་རང་གི་ངོ་བོ་ལྟ་བུའོ། །མ་བསྒྱུར་བ་ཡང་བསྒྱུར་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྱུར་བ་ཡང་མ་ཡིན་པ་དེ་བས་ན་བཟློག་པ་ནི་གང་ཞིག་གང་བསྒྱུར་

བ་ན་མ་བསྒྱུར་བ་དེ་ནི་དེ་ལས་ཐ་དད་པ་ཡིན་ཏེ་དཔེར་ན་ལ་བ་བསྒྱུར་བ་ན་སྣམ་བུ་མ་བསྒྱུར་བ་ལྟ་བུའོ། །ཕྱོགས་གཉིས་པ་ཡང་ཕྱོགས་གཅིག་བསྒྱུར་བ་ན་བསྒྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཞན་ཡང་བསྒྱུར་བ་མི་རྟོགས་འགྱུར། བསྒྱུར་བའི་ཕྱོགས་དང་

མ་བསྒྱུར་བའི་ཕྱོགས་དང་འདྲ་བར་མཐོང་བར་འགྱུར་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ཁོ་ན་ཡིན་པ་དེ་ནི་དེ་མ་བསྒྱུར་བ་ན་མ་བསྒྱུར་བ་ཡིན་ཏེ། དཔེར་ན་མ་བསྒྱུར་བའི་རང་གི་ངོ་བོ་ལྟ་བུའོ། །བསྒྱུར་བར་མངོན་པར་འདོད་པ་ཡང་མ་བསྒྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རང་

བཞིན་གྱི་གཏན་ཚིགས་སོ། །ལུས་དང་བུམ་པ་ལ་སོགས་པའི། །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །བཤད་མ་ཐག་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གལ་ཏེ་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་བརྩམས་པའི་ཡན་ལག་ཅན་གཅིག་ཡོད་པ་མ་ཡིན་

เล่ม ๑๗๕ · หน้า 39b

པ་དེའི་ཚེ། དུ་མ་ཉིད་ཡིན་ན་ཁས་ལེན་ན་ཡང་ཇི་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་གནས་སྐབས་དེ་སྔར་དབང་པོ་ལ་སོགས་པ་ཡིན་ན། ཕྱིས་ཀྱང་དེ་ཉིད་ཡིན་པ་དེ་ལྟར་ན། སྔར་བཞིན་ཁྱད་པར་མེད་པའི་ཕྱིར། །དབང་པོ་ལས་འདས་པ་ཉིད་དུ་འགྱུར་རོ། །ཕྲ་ཕྱིར་དེ་རྡུལ་ཕྲ་མོ་གང་ཡིན་པ་དེ་དང་

དེ་དག་ཇི་ལྟར་སྔར་ཡིན་པ་དེ་ལྟར་ཚོགས་སུ་ཟིན་ཀྱང་། དབང་པོ་ལས་འདས་པ་ཉིད་ཡིན་ནོ། །དེ་ལྟར་ན་མི་རྟོགས་པ་སྟེ་འགའ་ཞིག་ཤེས་ཀྱང་མཐོང་བ་ཐོབ་པར་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་དབང་པོ་ལས་འདས་པའི་ངོ་བོར་ཁྱད་པར་མེད་པ་དེ་ནི་དབང་པོ་ལས་འདས་པ་ཡིན་ཏེ།

དཔེར་ན་རྡུལ་ཕྲན་རྣམས་ཀྱིས་སྔར་གྱི་གནས་སྐབས་ལྟ་བུའོ། །ཕྱིས་འབྱུང་བའི་གནས་སྐབས་མཐོང་བར་མངོན་པར་འདོད་པ་ཡང་དབང་པོ་ལས་འདས་པའི་ངོ་བོར་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྡུལ་ཕྲན་གང་ཡིན་པ་དེ་དག་ནི་དབང་པོ་ལས་འདས་པ་ཡིན་

ཏེ་གནས་སྐབས་སྔ་མ་རྡུལ་ཕྲན་དག་ལྟ་བུའོ། །ཕྱིས་ཀྱང་རྡུལ་ཕྲན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །གང་དང་གང་དབྱེར་མི་ནུས་ཤིང་སྔ་མའི་ངོ་བོ་ལས་འཕོ་བ་མེད་པ་ཅན་ཡིན་པ་དེ་ནི་ལྷན་ཅིག་པ་ཡིན་དུ་ཟིན་ཀྱང་མི་ནུས་པ་ཉིད་ཡིན་ཏེ། དཔེར་ན་ལོང་བས་ཉི་མ་

མཐོང་བ་ལ་དབྱེར་མི་ནུས་ཤིང་ལྷན་ཅིག་ཏུ་ཟིན་ཀྱང་མི་ནུས་པ་ཡིན་པ་ལྟ་བུའོ། །ཕྱིས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱང་དབང་པོའི་རྣམ་པར་ཤེས་པ་ཐ་དད་པ་སྐྱེད་པར་མི་ནུས་ཤིང་། སྔར་གྱི་ངོ་བོ་ལས་འཕོས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཁྱད་མེད་མི་

འགྲུབ་ཅེས་བྱ་བ་འདིས་ནི་གཏན་ཚིགས་སྔ་མ་དང་ཕྱི་མ་མ་གྲུབ་པ་སྟོན་པར་བྱེད་དོ། །དེ་ལྟར་ན་དེའི་གནས་སྐབས་དེ་ནི་སྣང་བ་དང་ནུས་པ་སྐྱེ་བ་གཞན་ཉིད་ཡིན་ཏེ། གང་ལ་འཇིག་རྟེན་བུམ་པ་ལ་སོགས་པའི་ཐ་སྙད་འཇུག་པར་འགྱུར་བའོ། །རྡུལ་ཕྲ་རབ་དབང་པོ་ལས་འདས་པ་གང་ཡིན་པ་དེ་

དག་ཉིད་ཀྱང་ཕྱིས་མ་ཡིན་གྱི། འོན་ཀྱང་དེ་དག་ལ་བརྟེན་ནས་ཁྱད་པར་ཅན་གཞན་ཉིད་སྐྱེ་བར་འགྱུར་རོ། །ཁྱད་པར་ཅན་དེ་རྣམས། དབང་པོས་གཟུང་ཡིན་དེ་ཕྱིར་ཏེ། །དབང་པོས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར། རྡུལ་ཕྲན་མིན་ཏེ་གཏན་ཚིགས་གཉིས་པ་ཡང་མ་གྲུབ་པ་ཡིན་ནོ། །

เล่ม ๑๗๕ · หน้า 40a

དེའི་ཚེ་རྡུལ་ཕྲན་དེ་དག་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལུས་ལ་སོགས་པའི་ཐ་སྙད་དུ་བྱ་བ་དེ་དག་ཡིན་ཏེ་ཇི་ལྟར་སྣམ་བུའི་གནས་སྐབས་ཅན་གྱི་སྣལ་མ་རྣམས་ལ་སྣལ་མ་ཞེས་མི་བརྗོད་ཀྱི། འོན་ཀྱང་སྣམ་བུ་ཞེས་བྱ་བ་ཡིན་པ་དེ་ལྟར་ན། ལུས་ལ་སོགས་པའི་

གནས་སྐབས་ཅན་གྱི་རྡུལ་ཕྲན་རྣམས་ལ་ཡང་རྡུལ་ཕྲན་གྱི་ཐ་སྙད་དུ་མི་བྱེད་པ་ཡིན་ནོ། །བཤད་མ་ཐག་པ་མི་སྣང་བ་ཉིད་སྤོང་བ། དེས་ནི་སྒྲིབ་བྱེད་ལ་སོགས་རྣམས། །སོགས་པས་ནི་ཐོགས་པ་ལ་སོགས་པ་བཟུང་ངོ་། །མེད་པ་རྣམས་ཀྱང་འདི་ལྟར་གལ་ཏེ་རྫས་གཅིག་མི་འདོད་པ་དེའི་ཚེ་ཇི་ལྟར་དེ་

དག་གི་སྔ་མའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ་སྒྲིབ་པར་བྱེད་པ་དང་ཐོབ་པར་མི་བྱེད་པ་དེ་ལྟར་ཕྱིས་ཀྱི་ཡང་ཁྱད་པར་མེད་པའི་ཕྱིར་སྒྲིབ་པར་བྱེད་པ་མ་ཡིན་པ་དང་། ཐོགས་པར་བྱེད་པར་མི་འགྱུར་བ་དེ་ལྟར་ན་བསལ་བ་ཡིན་ནོ། །དེ་ལྟར་ན་སྔ་མ་ལས་མཚན་ཉིད་མི་འདྲ་བར་སྐྱེས་པ་གཞན་གང་

ཡིན་པ་དེ་ཉིད་ནི་དེ་ལྟར་བྱེད་པའི་ཕྱིར། རྫས་སུ་རྟོགས་པ་རིགས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྫས་མེད་པར་མ་མཐོང་བ་དེ་ལྟ་ན་ནི། གསེར་དང་དངུལ་ཆུ་ལ་སོགས་འདྲེས་པར་གྱུར་པ་ན་རྡུལ་ཕྲ་རབ་ཀྱིས་ཆོད་པའི་ཕྱིར་ཇི་ལྟར་སྣང་བར་འགྱུར། དེ་ལ་རིགས་མི་མཐུན་པའི་རྡུལ་ཕྲ་རབ་

ཕྲད་པ་ཉིད་ཡིན་པ་དེ་ལྟར་ན། རྫས་རྩོམ་པ་ཉིད་མ་ཡིན་ཏེ། རིགས་མཐུན་པ་ཕྲད་དེ་ཚོགས་པའི་རྡུལ་ཕྲ་རབ་རྣམས་ཀྱི་རྫས་རྩོམ་པའི་ཕྱིར་རོ། །དེ་མེད་པའི་ཕྱིར་འདྲེས་པ་དེ་ཇི་ལྟར་སྣང་བར་འགྱུར་རྫས་མེད་པར་ཡང་སྣང་བ་དེ་ལྟར་ན་རྟོགས་པ་དེ་དོན་མེད་པ་ཅན་ཡིན་ནོ། །སོགས་པ་སྨོས་

པས་ནི་འོ་མ་དང་ཆུ་ལ་སོགས་པ་གཞན་འདྲེས་པ་ཡང་གཟུང་ངོ་། །རྡོ་ཚན་ལ་སོགས་ཇི་ལྟར་སྣང་། །ཇི་ལྟར་མེའི་རྡུལ་ཕྲ་རབ་རྣམས་དང་། ཤིང་དང་རྡོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འདྲེས་པར་གྱུར་པ་དེ་ལྟར་ན་རིགས་མི་མཐུན་པ་ལ་རྫས་རྩོམ་པ་མེད་པའི་ཕྱིར་རྫས་

མེད་པས་མ་མཐོང་བ་ཉིད་དུ་འགྱུར་རོ། །གང་དབྱེར་མི་ནུས་པ་ཞེས་བྱ་བའི་སྦྱོར་བ་ལ་ཡང་། ཁྱེད་ཀྱི་འདོད་པས་མ་ངེས་པ་ཡིན་ཏེ། གང་དབྱེར་མི་ནུས་ཤིང་ངོ་བོ་ལས་འཕོ་བ་མེད་པ་ཅན་ཡིན་པ་དེ་ནི་ལྷན་ཅིག་པ་ཡིན་དུ་ཟིན་ཀྱང་། ནུས་པ་མེད་པར་འདོད་པ་དེའི་ཚེ། །དབང་པོ་ལ་སོགས་

เล่ม ๑๗๕ · หน้า 40b

སོ་སོར་ནུས་མེད་རྣམས། །མིག་དང་གཟུགས་དང་སྣང་བ་དང་། ཡིད་ལ་བྱེད་པ་བདག་ཉིད་ཀྱི་ངོ་བོ་ལས་འཕོ་བ་མེད་པ་དེ་དག་རྣམས་ཀྱི་ཕྱིས་ཀྱང་རྟོགས་པ་དེ་དག་སྟེ། ཤེས་པ་བསྐྱེད་པ་འཇིག་རྟེན་ལྟར་ཡིན་ནོ། །དེ་ལྟར་གྲུབ་པ་ཡང་མ་ཡིན་ན་འདོད་དོ། །བདེན་ཏེ་ལྷན་ཅིག་པ་ཡིན་དུ་ཟིན་ཀྱང་དེ་

དག་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་དག་གིས་ལྡན་པ་སྐྱེད་པར་བྱེད་དོ། །དེ་བས་ན་གལ་ཏེ་དེ་དག་ལྷན་ཅིག་ལས་ཤེས་པ་དེ་ཡིན་གྱི་དེ་དག་ལས་མ་ཡིན་ནོ་ཞེ་ན་རེ་ཞིག་ལྡན་པ་ལ་ཡིན་པ་ཡང་བླ་སྟེ། དེ་ལྟར་ན་ཡང་དབང་པོ་ལ་སོགས་པ་ཡང་དེའི་ཚེ་བྱེད་པ་པོ་ཉིད་དུ་འདོད་པ་ཡིན་ནོ། །དེ་རྣམས་

ཀྱི་བྱེད་པ་པོ་ཉིད་སྔར་ཡོད་པ་མ་ཡིན་པ་ཉིད་ཡིན་ན་དེ་གང་ལས་ཡིན་པར་འདོད་ན་ཡང་མ་ངེས་པ་ཉིད་ཡིན་ནོ། །གཞན་ཡང་འདིར་ཐལ་མཚུངས། ཇི་ལྟར་དེ་དག་ཤེས་པ་སྐྱེད་པའི་ཕྱིར་སྔར་ནུས་པ་མེད་པ་དེ་ལྟར་ཕྱིས་ཀྱང་མ་ཡིན་པ་དེ་ལྟར་ན། ལྡན་པ་སྐྱེད་ན་ཡང་དེ་དག་ཇི་ལྟར་ན་བྱེད་པ་པོ་

ཡིན་འདོད་པས་ཡང་ཡིན་པ་དེ་ལྟར་ན་ལེན་ཉིད་མ་ཡིན་ནོ། །ཁོ་བོ་ཡི་ནི་ཚོགས་པ་མཆོད་པ་ལ་སོགས་པ་དང་ལྡན་པ་ཅན་གཞན་ཉིད་ཡིན་པ་གང་ཡིན་པ་དེ་ནི་ནུས་པ་ཡིན་པ་དེ་ལྟར་ན་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་གསེར་དང་དངུལ་ཆུ་ཡི། །ལྡན་པ་སྣང་བ་ཡིན་ཞེ་ན། གསེར་དང་དངུལ་ཆུ་ལ་སོགས་

པ་འདྲེས་པར་སྣང་བ་ཡིན་པའི་རྫས་ནི་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་རིགས་མི་མཐུན་པའི་རྡུལ་ཕྲན་ལ་བརྟེན་པའི་ལྡན་པ་སྣང་བ་འདི་ལྟར་ན་མི་སྣང་བ་མ་ཡིན་ནོ་ཞེ་ན། གང་ལས་མ་མཐོང་ཅན་རྟེན་རྟོགས། རྡུལ་ཕྲ་རབ་དེ་དག་རང་གི་ངོ་བོར་མི་སྣང་བ་ཡིན་ན། མ་མཐོང་བ་དེ་དག་ལ་

བརྟེན་པའི་ལྡན་པ་གང་ཡིན་པ་དེ་ནི་རྟེན་མ་མཐོང་བ་ཅན་དབང་པོ་ལས་འདས་པ་ཉིད་ཀྱང་ཡིན་པ་དེ་ལྟར་ན། ཇི་ལྟར་དེ་མཐོང་བ་ཡིན་ཇི་ལྟར་ན། རོ་གཟུགས་ལ་སོགས་ལྡན་པ་འགལ། །ཇི་ལྟར་བཏུང་བ་ལ་སོགས་པ་རྫས་སྣ་ཚོགས་དང་ལྡན་པའི་མཚན་ཉིད་ཅན་གྱི་ལྡན་པ་ནི་བཏུང་བ་ལ་

སོགས་པའི་མིང་ཅན་གྱི་ཡོན་ཏན་ཡིན་ན། ཡོན་ཏན་རྣམས་ཀྱང་ཡོན་ཏན་ལ་མེད་པ་ཡིན་པའི་ཕྱིར་ཇི་ལྟར་ན་དེའི་རོ་དང་གཟུགས་ལ་སོགས་པ་ལྡན་པ་ཡིན། སོགས་པའི་སྒྲ་སྨོས་པས་ནི་དྲི་དང་རེག་བྱ་ལ་སོགས་པ་གཟུང་ངོ་། །རྡུལ་ཕྲན་རྣམས་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་རྣམས་

เล่ม ๑๗๕ · หน้า 41a

རིགས་མི་འདྲ་བས་ཆོད་པའི་ཕྱིར། འབྲས་བུ་རྩོམ་པ་ཅན་མ་ཡིན་པའི་ཕྱིར་བདག་ཉིད་ཀྱང་དབང་པོ་ལས་འདས་པ་ཡིན་པ་དེ་ལྟར་ན། གཟུགས་ལ་སོགས་པ་འཛིན་པ་མ་ཡིན་ན། འཇིག་རྟེན་ན་བཏུང་བ་གཟུགས་བཟང་བ་དང་བཏུང་བ་ཞིམ་པོ་ཞེས་བྱ་བའི་ཐ་སྙད་ཀྱང་མཐོང་ངོ་། །དེ་

ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཉེར་བཏགས་ལས་འདོད་ན། །རྡུལ་ཕྲན་རྣམས་ཚོགས་པ་འདུས་པ་གང་ཡིན་པ་དེ་དག་ཉིད་ལ་ལྡན་པ་ཡང་འདུ་བ་ཡིན་པ་དེ་ལྟར་ན་དོན་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར་ལྡན་པ་ཉེ་བར་བཏགས་ནས་རོ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་ཆོས་རྣམས་བསྟན་པ་ཡིན་ཏེ།

དཔེར་ན་བཏུང་བ་རྣམས་བཟང་པོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་དངོས་སུ་གཟུགས་ལ་སོགས་པའི་ལྡན་པ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་དེའི་ཚེ། བློ་ཡི་ཐ་དད་ཡོད་བློ་སྟེ། །ཇི་ལྟར་འོ་མ་ལ་སོགས་པ་ལ་རིགས་མི་མཐུན་པ་དང་འདྲེས་པ་མེད་པར་དངོས་ཀྱིས་རོ་ལ་སོགས་

པ་རྟོགས་པ་དེ་ལྟར་བཏུང་བ་ལ་སོགས་པ་ཞིམ་པོ་ལ་སོགས་པའི་བློར་མི་འགྱུར་ཏེ། ཉེ་བར་བཏགས་པ་ཙམ་ལས་དངོས་པོ་དེ་ལྟ་བུའི་ངོ་བོ་ཅན་དུ་མི་འགྱུར་རོ། །སྦྱོར་བ་ནི་གང་དག་དངོས་དང་ཉེ་བར་བཏགས་པ་དེའི་ཆོས་ཅན་ཡིན་པ་དེ་དག་ནི་དེའི་རྒྱུ་མཚན་ཅན་གྱི་ཤེས་པ་མཚུངས་པའི་

ཡུལ་དག་མ་ཡིན་ཏེ། ཁྲ་མོ་དང་ཡུར་བུ་བ་དག་ནི་བ་ལང་གི་ཤེས་པ་མཚུངས་པའི་ཡུལ་དག་མ་ཡིན་པ་ལྟ་བུའོ། །འོ་མ་དང་བཏུང་བ་ལ་ཡང་དངོས་པོ་དང་ཉེ་བར་བཏགས་པ་རོ་ལ་སོགས་པ་དང་ལྡན་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ཡང་མ་

ཡིན་ཏེ། སྲོག་ཆགས་ཐམས་ཅད་ལ་རོ་ལ་སོགས་པའི་ངོ་བོ་ཡང་དག་པར་རིག་པའི་ངོ་བོ་ཅན་གྱི་རྟོགས་པ་ཡོད་པར་འགྱུར་བ་དེ་ལྟར་ན། འདིར་བཤད་པ་འདིས་ཅི་ཞིག་བྱ་སྟེ། གང་དེ་ནི་ཅིར་ཡང་མི་རུང་ངོ་། །གཞན་ཡང་གལ་ཏེ་དོན་གཅིག་ལ་འཕྲོད་པ་འདུ་བ་ལས་དེའི་ཆོས་ཉེ་བར་

བཏགས་ནས། ཐ་སྙད་བྱེད་པ་ཡིན་ནོ། ཇི་ལྟར་མངར་བའི་རིང་ཞེས་བྱ་བའི་ཐ་སྙད་ཇི་ལྟར་ཡིན་ཁྱེད་ལ་རིང་བ་ཉིད་མ་ཡིན་ཏེ། འདི་ལྟར་བྱ་རྣམས་ལ་བརྒྱུས་པ་ལྡན་པའི་མཚན་ཉིད་ཅན་ནམ། གྲངས་ཀྱི་མཚན་ཉིད་ཅན་གྱི་འདུ་བ་གང་ཡིན་པ་དེ་ནི་བདག་ཉིད་ཡོན་ཏན་ཉིད་ཡིན་པའི་ཕྱིར་

เล่ม ๑๗๕ · หน้า 41b

རིང་པོའི་ཚད་ཀྱི་མིང་ཅན་གྱི་ཡོན་ཏན་ཡོད་པ་མ་ཡིན་ཞིང་། གང་ལ་འདུ་བ་དང་ལྡན་པ་ཉིད་བྱ་རྣམས་ལ་ཡང་མ་ཡིན། ཇི་ལྟར་ན་མངར་བའི་རིང་པོ་ཞེས་བྱ་བས་ཉེ་བར་བཏགས་པས་ཀྱང་སྟོན་པར་འགྱུར། དེ་བས་ན་དོན་གཅིག་ལ་འཕྲོད་པ་འདུ་བ་ལ་དེའི་ཆོས་ཉེ་བར་བཏགས་པས་ཀྱང་ཐ་སྙད་

དུ་བྱ་བའི་རྟོགས་པ་ལེགས་པ་མ་ཡིན་ནོ། །གང་ལ་རྫས་མེད་པ་དེ་ལ་ཡང་གལ་ཏེ་ལྡན་པ་ལས་སྣང་བ་ལ་སོགས་པར་རྟོགས་པ་དེའི་ཚེ། དེ་ཉིད་གཞན་ལ་ཡང་ཡོད་པ་དེ་ལྟར་ན། གཞན་ཡན་ལག་ཅན་རྟོགས་པས་ཅི་ཞིག་བྱ། གཞན་ཡང་། དེ་ལྡན་རང་གི་ངོ་བོ་ཉིད། །རྫས་ཀྱི་ངོ་བོ་ཐ་

དད་པ་དང་། བརྗོད་པ་དག་ལས་ཐ་དད་པ་གྲངས་ལྡན་ལས་ལ་སོགས་པ་པའི་སྣང་བར་གྱུར་པའི་ངོ་བོ་དང་བློ་ལ་སྣང་ངོ་། །སོགས་པ་སྨོས་པས་ནི་རྣམ་པར་ཕྱེ་བ་དང་། གཞན་ཉིད་དང་གཞན་མ་ཡིན་པ་དང་སྤྱི་ལ་སོགས་པ་གཟུང་ངོ་། །དེ་ལྟར་གྲངས་དང་ལྡན་པ་རྫས་དང་སྒྲ་ལས་ཐ་དད་པ་མ་

ཡིན་ནོ། །རྫས་ཉིད་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་རེ་ཞིག་ཁས་བླངས་ནས་དེ་སྐད་དུ་བཤད་དོ་དེ་བས་ན་གཟུགས་ལ་སོགས་པ་ཉིད་དང་སྒྲ་འབའ་ཞིག་ཡིན་གྱི་གྲངས་ལ་སོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་མེད་པར་རང་གི་ངོ་བོའི་བློ་ལ་མི་སྣང་བ་

དེ་ནི་དེ་ལས་ཐ་དད་པ་མེད་པའམ། དོན་གཞན་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་གཟུགས་མེད་པར་མོ་གཤམ་གྱི་བུའི་ངོ་བོའི་གཟུགས་སམ། གཟུགས་དེ་ཉིད་ཀྱི་བདག་ཉིད་མི་སྣང་བ་ལྟ་བུའོ། །གྲངས་དང་ལྡན་པ་དང་རྣམ་པར་ཕྱེ་བ་དང་། གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དང་། སྤྱི་དང་ལས་

དང་རྫས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་མེད་པར་བློ་ལ་མི་སྣང་ངོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་དེ་ལྟར་ན་གཟུགས་ལ་སོགས་པ་མེད་པར་བརྗོད་པ་ལས་གཞན་དུ་

གྲངས་ལ་སོགས་པ་ཡོད་པ་མ་ཡིན་པ་དེའི་ཚེ། བུམ་པ་དང་གཅིག་དང་ཡང་དག་པར་ལྡན་པ་དང་། ཆེན་པོ་དང་འགྲོ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཐ་སྙད་རྣམ་གྲངས་སུ་འགྱུར་ཞིང་ཤེས་པ་ཡང་གཅིག་གི་ཡུལ་ཅན་དུ་གྱུར་པ་ཡིན་པ་དེ་ཡང་མི་འགྱུར་རོ། །དེའི་ཕྱིར་ཤེས་པ་ལ་སོགས་པ་དེ་

เล่ม ๑๗๕ · หน้า 42a

དག་ནི་དོན་ཐ་དད་པའི་ཡུལ་ཅན་ཡིན་པ་དེ་དག་ལྟར་ན་བུམ་པ་ལ་སོགས་པ་དག་ལས་གྲངས་ལ་སོགས་པ་དོན་གཞན་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་ཤེས་པ་ཁྱད་པར་ཅན་གྱི་ཡུལ་དུ་གྱུར་པ་དེ་ནི་དེ་ལས་དོན་གཞན་ཡིན་ཏེ། དཔེར་ན་བ་ལང་དང་རྟ་ལྟ་བུའོ། །གྲངས་

དང་ལྡན་པ་ལ་སོགས་པ་ཡང་རྫས་ལས་ཤེས་པ་ཁྱད་པར་ཅན་གྱི་ཡུལ་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །དངོས་པོ་ཐ་དད་ཅེས་བྱ་བ་ལ་སོགས་པས་མ་ངེས་པར་སྟོན་པར་བྱེད་དོ། །གྲངས་ལ་སོགས་པའི་ཡུལ་ཅན་གྱི་སྒྲ་དང་ཤེས་པ་བརྟགས་དོན་ཅན་

ཏེ། སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་བརྟགས་པའི་དོན་ཅན་ཡིན་ཞེ་ན། རྣམ་པར་རྟོག་པས་ཏེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པས་སོ། །ཅི་འདྲ་བས་ཤེ་ན། དངོས་པོ་ཐ་དད་རྗེས་འབྲང་བའི་སྡུད་པ་ལ་སོགས་པའི་ཡུལ་ཅན་གྱིས་སོ། །དེས་

ནི་དེ་ལྟར་ཀུན་དུ་རྟོག་པའི་རྒྱུ་མཚན་བསྟན་ཏོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་ཡོན་ཏན་ལ་སོགས་བཞིན་ཏེ། དཔེར་ན་གཟུགས་ལ་སོགས་པ་དག་ལ་གཅིག་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་དང་སྒྲ་འཇུག་པ་ལྟ་བུའོ། །དེ་ལ་ཡོན་ཏན་དུ་བགྲང་བའི་གྲངས་

ལ་སོགས་པ་མ་ཡིན་ཏེ། ཡོན་ཏན་རྣམས་ལས་ཡོན་ཏན་ཉིད་མེད་པའི་ཕྱིར་རོ། །འཇིག་དང་མ་སྐྱེས་བཞིན། དཔེར་ན་འཇིག་པ་གཅིག་དང་གཉིས་དང་མང་པོ་དག་ཅེས་སྐབས་འགར་བརྗོད་པ་ལྟ་བུའོ། །མ་སྐྱེས་པ་རྣམས་ལ་ཡང་དཔེར་ན་གཅིག་དང་གཉིས་དང་དུ་མ་དག་ཏུ་འགྱུར་རོ་ཞེས་

བྱ་བ་ལྟ་བུའོ། །དེ་ལྟར་ན་འཇིག་པ་དང་མ་སྐྱེས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་མ་ངེས་པ་ཡིན་ནོ། །གལ་ཏེ་ཉེར་བཏགས་འདིར་འདོད་ན། གལ་ཏེ་ཡོན་ཏན་དག་ལ་གཅིག་ལ་སོགས་པའི་ཐ་སྙད་ཉེ་བར་བཏགས་པ་ལས་འཇུག་པ་ཡིན་ནོ་ཞེ་ན། དེའི་ཚེ་ཡོན་ཏན་རྣམས་ལ་ཉེ་བར་

བཏགས་པ། དེ་རྒྱུ་ཅན་འདོད་གང་ཡིན་པ། ཉེ་བར་བཏགས་པ་ཡང་རྒྱུ་མེད་པ་ཅན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ཉེ་བར་བཏགས་པའི་རྒྱུ་ནི་ཤེས་པ་དང་བརྗོད་པ་དག་གི་འཇུག་པའི་རྟེན་ཡིན་པར་འདོད་པ་གང་ཡིན་པའི་ཉེ་བར་བཏགས་པའི་རྟེན་དེ་ཉིད་དངོས་རྣམས་ཐམས་ཅད་ལ། སྒྲ་

เล่ม ๑๗๕ · หน้า 42b

དང་ཤེས་པ་དེ་དག་གི་རྒྱུ་ཅིས་མི་འདོད། གང་གིས་ན་གྲངས་ལ་སོགས་པ་རྟོགས་པར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཀུན་ལ་ཉེར་བཏགས་མིན། །གཙོ་བོ་ཡོད་ན་ཉེ་བར་བཏགས་པར་འགྱུར་གྱི། ཐམས་ཅད་ལ་ཉེ་བར་བཏགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཙོ་བོ་མེད་

པའི་ཕྱིར་ཉེ་བར་བཏགས་པ་ཡང་མི་འགྱུར་རོ། །སྦྱོར་བ་ནི་ཉེ་བར་བཏགས་པ་གང་ཡིན་པ་དེ་ནི་གཙོ་བོ་ལ་བརྟེན་པ་ཡིན་ཏེ། དཔེར་ན་ཁུར་བུ་བ་ལ་བ་ལང་ཉིད་ཉེ་བར་བཏགས་པ་ལྟ་བུའོ། །ཡོན་ཏན་རྣམས་ལ་ཡང་གྲངས་ལ་སོགས་པའི་ཐ་སྙད་འཇུག་པ་ཡང་ཉེ་བར་བཏགས་པ་

ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་དང་ཆོས་མཐུན་པ་ཉིད་ཅན་ལ་སོགས་པས་ཡོན་ཏན་རྣམས་ལ་ཉེ་བར་བཏགས་པ་ལས་གྲངས་ལ་སོགས་པའི་ཐ་སྙད་འཇུག་པའི་གཙོ་བོ་མཚན་ཉིད་ཅི་ཞིག་ཡིན་ཞེས་དྲིས་པ་ལ་ཡང་ཉེ་བར་སྨྲས་པ་གཙོ་བོ་ཐ་དད་ཁྱད་པར་ཅན།

དངོས་པོ་གང་ལ་ཐ་དད་པའི་ཆོས་གྲངས་ལ་སོགས་པ་ཡོད་པ་དེ་ནི་ཐ་དད་པའི་ཁྱད་པར་ཅན་ཏེ། གཙོ་བོ་ཡིན་ན་གཞན་ནི་གཙོ་བོ་མ་ཡིན་ནོ། །གལ་ཏེ་དེ་འདྲ་བ་གཙོ་བོའི་མཚན་ཉིད་ཡིན་པ་དེའི་ཚེ་ཐ་དད་པའི་ཁྱད་པར་ཅན་གཙོ་བོ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱང་གང་ལས་ཡིན་དེ་འདྲ་བའི་གཙོ་བོ་རང་

གི་རྣམ་པར་རྟོགས་པས་སྦྱར་བ་འདོད་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དཔེར་ན་འཇིག་རྟེན་ལ་གྲགས་པའི་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་བ་ལང་ཉིད་ཀྱི་རིལ་པོ་ལ་འཇུག་པ་ཅན་གྱི་ཤེས་པའི་ཡུལ་འདི་ནི་གཙོ་བོ་ཡིན་ལ། ཅུང་ཟད་ཆོས་མཐུན་པ་ལས་ཁུར་བུ་བ་ལ་ཉེ་བར་

བཏགས་པ་ཡིན་ནོ། །ཡོན་ཏན་རྣམས་ལ་གྲངས་ལ་སོགས་པའི་ཐ་སྙད་འཇུག་པ་ནི་དེ་འདྲ་བའི་ཉེ་བར་བཏགས་པ་མ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །གཟུགས་གཅིག་དང་བུམ་པ་གཅིག་ཅེས་བྱ་བ་ཤེས་པ་ལ་འཇིག་རྟེན་གྱི་རྟོགས་པ་ཐ་དད་པ་ཡོད་པ་མ་ཡིན་ནོ། །

དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཐ་དད་མེད་པ་ལ་ཐ་དད་མེད་དོན་ཅན་ཞེ་ན། གལ་ཏེ་གྲངས་ལ་སོགས་པ་ཐ་དད་པའི་ཆོས་དང་ལྡན་པ་ཅན་གྱི་སྒྲ་ལ་སོགས་པ་མི་འདོད་ཀྱི་འོན་ཀྱང་ཐ་དད་པ་མེད་པ་དེའི་ཚེ་ཐ་དད་པ་མེད་པ་དེ་ལ་གྲངས་ལ་སོགས་པ་བརྗོད་པའི་སྒྲ་འཇུག་པ་གང་ཡིན་པ་དེ་

เล่ม ๑๗๕ · หน้า 43a

རྣམས་དོན་ཐ་དད་པ་མེད་པ་ཅན་ཏེ། རྣམ་གྲངས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་ན་ཇི་ལྟར་བ་ལང་ཞེས་བརྗོད་པ་ན་ཤེས་པ་འགྱུར་བ་དེ་ལྟར་གཅིག་དང་ཆེན་པོ་དང་འགྲོ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་ཡང་ཤེས་པར་འགྱུར་བ་ཡིན་ན་དེ་ཡང་མི་

འགྱུར་རོ། །དེ་བས་ན་དོན་ཐ་དད་པའི་རྒྱུ་ཅན་ཡིན་ནོ། །སྦྱོར་བ་ནི་སྒྲ་གང་དག་དོན་གཅིག་གི་ཡུལ་ཅན་ཡིན་པའམ། དོན་ཐ་དད་པའི་རྒྱུ་མཚན་ཅན་དུ་མི་འགྱུར་བ་དེ་དག་ནི་རྣམ་གྲངས་ཡིན་པའམ། དོན་ཐ་དད་པའི་ཡུལ་ཅན་མ་ཡིན་ཏེ། དཔེར་ན་དབང་པོ་དང་བརྒྱ་བྱིན་དང་སུ་རན་དྷ་ར་ཞེས་བྱ་

བ་ལྟ་བུའོ། །གཅིག་དང་ཆེན་པོ་དང་ཡང་དག་པར་ལྡན་པ་དང་འགྲོ་བ་དང་། བ་ལང་ཞེས་བྱ་བའི་སྒྲ་ཡང་དོན་གཅིག་པ་ཅན་ཡིན་པའམ། དོན་ཐ་དད་པའི་རྒྱུ་མཚན་ཅན་དུ་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དང་། བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱད་པར་བྱེད་པ་མི་

དམིགས་པ་ཡིན་པར་སེམས་སོ། །རྣམ་གྲངས་ཀྱང་མ་ཡིན་པ་དེ་བས་ན། རྣམ་གྲངས་ཉིད་མ་ཡིན་པའི་ཕྱིར་སྒྲ་དེ་དག་ནི་དོན་ཐ་དད་པའི་ཡུལ་ཅན་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན་ནོ་ཞེས་བྱ་བ་ནི་ཐལ་བ་བཟློག་པར་འགྱུར་བ་ཡིན་ནོ། །གཏན་ཚིགས་མ་ངེས་པ་

ཡིན་ཏེ། དེ་ལྟར་ན་དོན་གཞན་མིན་རྒྱུ་ཅན་ཡིན་ཡང་ཡོན་ཏན་དཀར་ལ་སོགས་ལ་གྲངས་ལ་སོགས། ལྡན་པ་ཅན་སྒྲ་རྣམ་གྲངས་མིན། །དཔེར་ན་གཅིག་དང་དཀར་པོ་དང་ཡང་དག་པར་ལྡན་པ་དང་། རྣམ་པར་ཕྱེ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་རྣམ་གྲངས་མ་ཡིན་པར་འདོད་པ་ལྟ་

བུའོ། །ཡོན་ཏན་དག་ལ་ཡང་བརྗོད་པར་བྱ་བ་གྲངས་ལ་སོགས་པ་ཡོན་ཏན་དེ་ཐ་དད་པ་ཡོད་པ་མ་ཡིན་ཏེ་དེ་ལྟར་ན་ཐལ་བ་དང་ཐལ་བ་བཟློག་པ་ལ་མ་ངེས་པ་ཡིན་ནོ། །གལ་ཏེ་དེ་ལའང་དོན་གཞན་ན། དེ་ལྟར་ནི་འགྱུར་ན། ཡོན་ཏན་དག་ལ་ཡང་གྲངས་ལ་སོགས་པ་དང་ལྡན་པ་ཅན་གྱི་སྒྲ་

རྣམས་ཀྱི་གྲངས་ལ་སོགས་པའི་དོན་གཞན་གྱི་རྒྱུ་མཚན་ཡོད་པ་དེ་ལྟར་ན། མ་ངེས་པ་མ་ཡིན་ནོ་ཞེ་ན། དེའི་ཚེ་ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། ལས་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཞེས་བྱ་བའི་རྫས་ཀྱི་མཚན་ཉིད་འཆོལ་བར་འགྱུར་རོ། །

เล่ม ๑๗๕ · หน้า 43b

གང་གི་ཚེ་ཡོན་ཏན་དག་ལ་ཡང་ལྡན་པ་ལ་སོགས་པའི་ཡོན་ཏན་དང་ལས་ཡོད་ཅིང་ཡོན་ཏན་དག་ལ་ཡོན་ཏན་དང་ལས་འཕྲོད་པ་འདུ་བའི་ཕྱིར། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་ཡོད་པ་དེ་ལྟར་ན་རྫས་དང་ཡོན་ཏན་དག་གི་མཚན་ཉིད་འཆོལ་བར་འགྱུར་ན་དེ་ནི་མི་འདོད་དོ། །གཞན་

ཡང་བ་ལང་ལ་སོགས་པ་གྲངས་ལ་སོགས་པ་བརྗོད་པའི་སྒྲ་ཐ་དད་པ་ནི། ཐ་དད་པའི་ཡུལ་ཅན་ཉིད་དོ། །ཅིའི་ཕྱིར་ཞེ་ན། ལྡོག་པའི་ཁྱད་པར་ཕྱིར་ཏེ། སྡུད་པ་ལ་སོགས་པ་རྣམ་པར་གཅོད་པའི་ཁྱད་པར་གྱི་ཕྱིར་རོ། །དེ་ལྟར་ན་ཐལ་བར་བསྒྲུབ་པ་ཡང་མ་གྲུབ་པ་ཉིད་དང་།

བཟློག་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གྲངས་ལ་སོགས་པ་ཡང་ལྡན་པ་ཅན་གྱི་སྒྲ་རྣམ་གྲངས་མ་ཡིན་པ་ཉིད་ཡིན་པར་འགྱུར་ཏེ། དོན་གཞན་མིན་དོན་ཅན། ཡིན་ཡང་ལས་རྫས་མིན་སྒྲ་བཞིན། དཔེར་ན་ལས་མ་ཡིན་པའི་སྒྲ་དང་རྫས་མ་ཡིན་པའི་སྒྲ་ལྡོག་པའི་སྒོ་

ནས་འདི་ལས་ཉིད་མ་ཡིན་ཞིང་། རྫས་ཉིད་མ་ཡིན་ནོ་ཞེས་ཐ་དད་དུ་བྱེད་མོད་ཀྱི། དེ་དག་དོན་གཞན་དུ་འགྱུར་བ་མ་ཡིན་པ་དེ་ལྟར་གཞན་དག་ལ་ཡང་ཡིན་པ་ལྟ་བུའོ། །འདིས་ནི་ལྡོག་པ་ཐ་དད་པའི་ཕྱིར་ཐ་དད་པའི་དོན་ཅན་ཉིད་ཀྱིས་མ་གྲུབ་པ་ལ་སོགས་པ་དང་མ་ངེས་པ་ཉིད་ཀྱི་

གཞུང་བཙུགས་པ་ཡིན་ནོ། །གལ་ཏེ་ལྡན་པ་ལ་སོགས་པ་དོན་གཞན་མ་ཡིན་པ་དེའི་ཚེ། ཐ་དད་པར་རྗོད་པར་བྱེད་པའི་དྲུག་པས་ཐ་སྙད་དུ་བྱེད་པར་མི་འགྱུར་ཏེ། དཔེར་ན་འདིའི་གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ན་ཡང་འགྱུར་བ་དེའི་ཕྱིར་དོན་གཞན་ཡིན་ནོ། །སྦྱོར་བ་

ནི་གང་ཞིག་གང་ལས་ཐ་དད་པར་བསྟན་པ་དེ་ནི་དེ་ལས་དོན་གཞན་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་སྤྱི་བླུགས་ལྟ་བུའོ། །ལྡན་པ་ལ་སོགས་པ་ཡང་བུམ་པ་ལ་སོགས་ལས་ཐ་དད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །ཁྱད་པར་མེད་པའི་ཕྱིར་

གཏན་ཚིགས་འདི་ནི་མ་ངེས་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཁྱབ་པ་ཉིད་ཡིན་ཏེ། འབྲས་བུ་ཐ་དད་པ་མཐོང་བའི་ཕྱིར་རོ། །སྦྱོར་བ་ནི་གང་ལ་འབྲས་བུ་ཐ་དད་པ་ཡོད་པ་དེ་ལ་རྒྱུ་ཐ་དད་པས་འགྱུར་བ་ཡང་ཡིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་འབྲས་བུ་

เล่ม ๑๗๕ · หน้า 44a

ཐ་དད་པ་ནི་རྒྱུ་ཐ་དད་པ་ཡིན་པ་ལྟ་བུའོ། །བུམ་པ་དང་ཡང་དག་པར་ལྡན་པ་དང་། བུམ་པའི་ལྡན་པ་ཞེས་བྱ་བ་སྒྲ་ཐ་དད་པའི་མཚན་ཉིད་ཅན་གྱི་འབྲས་བུ་ཐ་དད་པ་ཡང་མཐོང་ངོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །གཅིག་ཀྱང་འབྲས་བུ་དུ་མ་ཅན་ཉིད་

ཡིན་པའི་ཕྱིར། འབྲས་བུ་ཐ་དད་ལས་རྒྱུ་ཐ་དད་པ་ཞེས་བྱ་བ་ཡང་མ་ངེས་པ་ཡིན་ནོ། །གཞན་ཡང་དེ་ལྡན་ནི་བུམ་པ་ལ་སོགས་པའི་རྫས་སོ། །གྲངས་སོགས་ནི་ཆོས་སོ། །དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས་ཆོས་རྗོད་པར་བྱེད་པའི་སྒྲ་རྣམས་ཀྱིས། ཐ་དད་བཞིན། བརྗོད་པ་གང་ཡིན་དེ་

དག་ཀྱང་། །ཆོས་གཞན་ཁྱད་པར་བྱེད་པ་ཡིན། །ཆོས་གཞན་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ། །དེ་བས་ན་དེ་ཙམ་ཤེས་པར་འདོད་པ་ལ། ཆོས་ཙམ་ཞིག་ཤེས་པར་འདོད་པ་ལས། གཞན་མ་ལུས་སྤོང་བ་ཅན་ཐོས་པ། སྒྲ་གང་ལ་ཆོས་གཞན་གྱི་ཁྱད་པར་སྤོང་བ་ཡོད་པ་ཞེས་

བྱ་བར་ཚིག་རྣམ་པར་སྦྱར་རོ། །ཁྱད་པར་གཞན་སྤོང་བ་ཅན་ཞེས་བྱ་བའི་དོན་ཏོ། །ཆོས་རྗོད་པར་བྱེད་པའི་ཐོས་པ་དེ། ཐ་དད་ཆོས་བཞིན་རྗོད་བྱེད་དེ། དེ་ཙམ་གྱིས་ཀྱང་དངོས་སུ་ཐ་དད་པ་ཉིད་ནི་མ་ཡིན་ནོ། །དཔེར་ན་ལ་ལར་སོར་མོའི་ལྡན་བཞིན་ཏེ། སར་མོའི་ལྡན་པ་ཞེས་བྱ་བའི་ཆོས་

ལ་ལར་དེ་ཙམ་ཞེས་པར་འདོད་པ་ལ་ཁྱད་པར་གཞན་སྤོང་བའི་སྒྲའི་སྒོ་ནས་སྟོན་པར་བྱེད་པ་ལྟ་བུའོ། །སྒྲ་ནི་ཆོས་ཅན་བརྗོད་པར་གྲགས་པ་ཡིན། དཔེར་ན་སོར་མོ་ལྡན་བཞིན་ནོ། །ཁྱད་པར་ཐམས་ཅད་ནི་སྤོང་མིན་ཕྱིར། སོར་མོའི་ཁྱད་པར་མི་སྤོང་བ་ཅན་སྟོན་པར་བྱེད་དོ། །དེ་ལྟར་ན་རྟོགས་

པ་པོའི་རྗེས་སུ་བྱེད་པས་ཆོས་གཞན་སྤོང་བ་དང་མི་སྤོང་པའི་རྒྱུ་མཚན་འབའ་ཞིག་ཡིན་པ་དེ་ལྟར་ན། དོན་གཅིག་བརྗོད་ཀྱང་དོན་དམ་པར་རྣམ་པ་གཉི་ག་དག་གིས་ཐ་དད་པར་རྟོགས་པའི་ཕྱིར། །སྒྲ་འདི་ལ་དོན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །དོན་གྱི་ཁྱད་པར་མེད་ན་ཡང་ཅིའི་ཕྱིར་ཐ་

དད་པ་བཞིན་དུ་སྟོན་པར་བྱེད་ཅེ་ན། འདི་ལྟར་དེ་ལྟར་བརྡ་ནི་བྱས་ཅན་ཡིན། དེ་ལྟར་བརྡ་བྱས་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བརྡའི་རྒྱུ་མཚན་ཅན་ཆོས་གཞན་སྤོང་བ་དང་མི་སྤོང་བ་དག་ཡིན་ནོ་ཞེས་བྱ་བ་ནི་སྔར་དཔྱད་པ་ཟིན་པ་ཉིད་ཀྱི་ཕྱིར་རྒྱས་པར་མ་བཤད་དོ། །དེ་ལྟར་རེ་

เล่ม ๑๗๕ · หน้า 44b

ཞིག་ཆོས་ཙམ་ཤེས་པར་འདོད་པ་ལས་གནས་སྐབས་ཀྱི་ཁྱད་པར་བྱེད་པ་ཆོས་གཞན་སྤོང་བ་ཅན་གྱི་སྒྲ་འཇུག་པར་འགྱུར་རོ། །ཚོགས་བརྗོད་པར་བྱེད་པ་ཡང་། གཟུགས་སོགས་ནུས་པའི་ཁྱད་པར་རྣམས། སྤོང་བའི་སྒོ་ནས་འཇུག་པར་འགྱུར་རོ། །གཟུགས་ལ་སོགས་པའི་ནུས་པ་ནི་རྣམ་

པ་གཉིས་ཏེ། སྤྱིའི་ནི་དཔེར་ན་བུམ་པའི་དབྱིབས་ཅན་དག་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའི་འབྲས་བུ་བྱེད་པའི་ནུས་པ་ལྟ་བུའོ། །སོ་སོར་ངེས་པའི་ནི་དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་བྱེད་པའི་ནུས་པ་ལྟ་བུའོ། །བུམ་པ་ལ་སོགས་པའི་དབྱིབས་ཅན་རྣམས་ལ་སོ་

སོར་ངེས་པ་དེའི་ནུས་པ་སྤངས་ན། བུམ་པའི་སྒྲ་ནི་འཇུག་པར་འགྱུར་རོ། །གང་དུ་ཞེ་ན། དེ་འབྲས་མཚུངས་པའི། རྒྱུ་མིན་པ་ནི་རྣམ་གཅོད་ལ། །རྫས་དུ་མ་ཡོད་ན་ཡང་གཟུགས་ལ་སོགས་དེ་དག་གིས་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་གང་ཡིན་པ་དེའི་རྒྱུ་

མ་ཡིན་པ་ཤིང་ལ་སོགས་པ་གང་ཡིན་པ་དེ་བཟློག་པའི་ཕྱིར་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་གཅིག་བྱེད་པར་ནུས་པར་བསྟན་པའི་ཕྱིར། དེ་ལྟར་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པ་མང་པོ་དག་ལ་ཡང་། ནུས་པ་གཅིག་ཡོད་པ་དེ་

བརྗོད་པར་འདོད་པ་ལ། བརྡའི་རྗེས་སུ་བྱེད་པས་བུམ་པ་ཞེས་བྱ་བའི་ཚིག་གཅིག་ལ་འགལ་བ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཚོགས་པ་རྗོད་པར་བྱེད་པར་གཟུགས་ལ་སོགས་པ་སོ་སོར་ངེས་པའི་ནུས་པའི་ཁྱད་པར་ཅན་སྤོང་བ་ཅན་འདི་ཡིན་པའི་རྒྱུ་དེའི་ཕྱིར་བུམ་པ་གཟུགས་

ཤེས་པ། གཞི་གཅིག་པ་ཅན་སྒྲ་མ་ཡིན། །དོན་སྤོང་བ་བརྗོད་པ་ཅན་དང་གཞི་མཐུན་པ་མེད་པའི་ཕྱིར་རོ། །ཤིང་ཞེས་བྱ་བའི་རིགས་བརྗོད་པའི་སྒྲ་ཡང་དེའི་ཁྱད་པར་མི་སྤོང་བའི་སྒོ་ནས་འཇུག་པར་འགྱུར་བ་དེ་ལྟར་ན་ཤིང་ཤ་པ་ཤིང་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །རིགས་

དང་ཚོགས་པ་རྗོད་བྱེད་པའི། །ཁྱད་པར་འདི་ཡང་འདོད་པ་ཡིན། །སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཅན་གྱི་ཁྱད་པར་འདི་ཡང་འདོད་པ་ཡིན་ན། །རིགས་དང་ཚོགས་པ་རྗོད་བྱེད་པའི། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཚོགས་པ་ཅན་ལ་ལྟོས་ནས་བུམ་པ་ཞེས་བྱ་བ་ལ་ཚོགས་

เล่ม ๑๗๕ · หน้า 45a

པ་རྗོད་པར་བྱེད་པ་ཡིན་ནོ། །དེས་གཟུགས་ལ་སོགས་པའི་སོ་སོར་ངེས་པའི་ནུས་པ་སྤོང་བའི་ཕྱིར་དེ་རྗོད་པར་བྱེད་པའི་སྒྲ་རྣམས་དང་ལྷན་ཅིག་གཞི་མཐུན་པ་མེད་དོ། །བུམ་པ་བརྗོད་པ་དེ་ཡང་ཚོགས་པའི་ཁྱད་པར་ལ་ལྟོས་ནས་རིགས་བརྗོད་པ་ཡིན་ནོ། །དེས་

ཚོགས་པའི་ཁྱད་པར་རྣམས་མི་སྤོང་བས་དེ་དག་དང་ལྷན་ཅིག་མཐུན་པ་ཉིད་དུ་འགྱུར་ཏེ། གསེར་རམ་དངུལ་གྱི་བུམ་པ་ལྟ་བུའོ། །ཚོགས་པའི་སྒྲ་ནི་རྣམས་པ་གཉིས་ཏེ། ཚོགས་པ་དུ་མ་ལ་འཇུག་པ་ཅན་དང་། གཅིག་ལ་འཇུག་པ་ཅན་ནོ། །དུ་མ་ལ་འཇུག་པ་ཅན་ནི་བུམ་པ་དང་ཤིང་ལ་

སོགས་པའི་སྒྲའོ། །གཅིག་ལ་འཇུག་པ་ཅན་ནི་འབིགས་བྱེད་ལ་སོགས་པའི་སྒྲའོ། །རང་གི་ཚོགས་པ་ཅན་ལ་ལྟོས་ནས་ཚོགས་པའི་སྒྲ་དེས་ནི་སྤོང་བ་ཡིན་ནོ། །ཚོགས་པའི་ཁྱད་པར་དེ་ཉིད་ལ་ལྟོས་ནས་རིགས་ཀྱི་སྒྲ་ཡིན་པ་དེས་ནི་ཚོགས་པའི་ཁྱད་པར་དེས་སྤོང་བར་མི་བྱེད་པ་དེ་ལྟར་ན།

དེ་རྗོད་པར་བྱེད་པ་རྣམས་དང་། ལྷན་ཅིག་གཞི་མཐུན་པ་ཉིད་ཡིན་ནོ། །རིགས་དང་ཚོགས་པའི་སྒྲ་ཉིད་ནི་རྣམ་པ་དེ་ལྟ་བུ་དག་ཡིན་ནོ། །འགའ་ཞིག་ནི་རིགས་ཀྱི་སྒྲ་ཁོ་ན་ཡིན་ཏེ། དཔེར་ན་ཚོགས་པའི་བདག་ཉིད་ཅན་མ་ཡིན་པའི་རྫས་ལ་འཇུག་པ་ཅན་གཟུགས་དང་བདེ་བ་ལ་སོགས་པའི་སྒྲ་

དག་ལྟ་བུའོ། །དེ་བཞིན་དུ་གྲངས་ལ་སོགས་པའི་སྒྲ་ནི་གཟུགས་ལ་སོགས་པའི་ཚོགས་པ་ལ་འཇུག་པ་ཅན་དག་ཡིན་ནོ། །འགའ་ཞིག་ནི་ཡུལ་གྱི་ཁྱད་པར་ལ་ལྟོས་ནས་གཉི་གའི་ངོ་བོའི་ཁྱད་པར་ཡིན་ནོ། །གལ་ཏེ་འདི་ལྟར་བུམ་པ་ལ་སོགས་པའི་སྒྲས་རྗོད་པར་བྱེད་པ་

གཟུགས་ལ་སོགས་པ་འབའ་ཞིག་ཡིན་པ་དེའི་ཚེ་རྫས་མེད་པའི་ཕྱིར་བུམ་པའམ་སྣམ་བུའི་གཟུགས་ལ་སོགས་པའི་ཞེས་བྱ་བར་ཐ་དད་པས་བརྗོད་པའི་ཐ་སྙད་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟར་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྒྲ་ངེས་པར་སྦྱོར་

བ་གང་ཡིན་པ་དེ་དག་དེ་ལྟར་རྗོད་པར་བྱེད་པ་ཡིན་པ་དེ་ལྟར་ན། ཐ་དད་པ་མེད་དུ་ཟིན་ཀྱང་དེ་བཞིན་དུ་ཐ་སྙད་དུ་བྱེད་པར་འགྱུར་རོ། །འོན་ཀྱང་དགོས་པ་ལ་ལྟོས་པ་མེད་པར་མི་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་ཉིད་ཡིན་ཏེ། བུམ་པ་ཡི་ནི་གཟུགས་སོགས་ཤེས། །ཐ་སྙད་བྱེད་

เล่ม ๑๗๕ · หน้า 45b

པ་ན། དེའི་སྤྱི་ཉེ་བར་བྱས་པ་ཅན་ཡིན། བུམ་པའི་སྤྱི་ཉེ་བར་བྱས་པའི་བྱེ་བྲག་དེའི་ནུས་པའི་ཁྱད་པར་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེའི་ནུས་པའི་ཁྱད་པར་ཏེ། གཟུགས་ལ་སོགས་པ་དེ་དག་གི་སོ་སོར་ངེས་པའི་ནུས་པའི་ཁྱད་པར་ཅི་འདྲ་བ་དེ་འདྲ་བ་སྟོན་པར་བྱེད་དོ། །

བུམ་པ་ལ་སོགས་པ་གསལ་བའི་ཁྱད་པར་ལ་ཡོད་པ་ཅན་གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་སོ་སོར་ངེས་པ་ཅན་གྱི་བདག་ཉིད་བུམ་པའི་ཁྱད་པར་གྱི་སྒྲས་རྣམས་པར་གཅོད་པར་བྱེད་དེ། ཆུ་འཛིན་པ་ལ་སོགས་པའི་ཁྱད་པར་ཅན་གྱི་རང་བཞིན་སྟོན་

པར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། །དཔེར་ན་ཙནྡན་གྱི་དྲི་ཞེས་བྱ་བ་འདི་ལ་ཡང་། ཙནྡན་ཞེས་བྱ་བའི་རྫས་ཅུང་ཟད་ཀྱང་དྲི་ལ་སོགས་པ་ལས་ཐ་དད་པ་མ་ཡིན་པ་ལྟ་བུའོ། །འོ་ན་ཅི་ཡིན་ཞེ་ན། དྲི་དུ་མའི་བདག་ཉིད་ཅན་ལས་ཙནྡན་གྱི་རང་བཞིན་

གྱི་དྲི་གང་ཡིན་པ་དེས་དེ་ལྟར་སྟོན་པར་འགྱུར་རོ། །དེ་དག་ནི་རྒྱས་པར་སྔར་སྤྱི་དཔྱོད་པའི་སྐབས་སུ་དཔྱད་ཟིན་པ་དེ་ལྟར་ན་འདིར་མ་བརྗོད་དོ། །ཞར་ལ་འོངས་པ་རྫོགས་སོ།། །།དེ་ལྟར་ན་ལུས་གཅིག་ཡོད་པ་ནི་མ་ཡིན་ཞེས་བྱ་བ་འདིར་གནས་སོ། །རྡུལ་ཕྲ་མོས་དུ་མར་འགྱུར་ན། འདི་

ལ་ཡང་རྡུལ་ཕྲན་རྣམས་ཚོགས་པ་རྣམས་སེམས་ཉིད་ལ་ནུས་པ་ཉིད་ཡིན་ནམ། གང་ཡང་རེ་རེ་ཡིན་པར་འགྱུར་གྲང་ན། གལ་ཏེ་རེ་ཞིག་ལུས་ཀྱི་ཡན་ལག་མ་ལུས་པ་རྣམས་རྒྱུ་ཉིད་ཡིན་པ་དེའི་ཚེ། མ་ལུས་རྒྱུ་ཉིད་ཡིན་ན་ཡང་། ལུས་ཡན་ལག་གཅིག་དང་བྲལ་བ་ན་ཡང་། སྣ་

བཅད་པ་ལ་སོགས་པས་སེམས་ཉིད་མིན་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །སྦྱོར་བ་ནི་གང་ཞིག་མ་ལུས་པ་གང་དག་གི་འབྲས་བུ་ཡིན་པ་དེ་ནི། དེ་དག་ལས་གཅིག་མེད་པས་མི་འགྱུར་ཏེ་དཔེར་ན་གཟུགས་དང་མིག་གི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་། ས་བོན་དང་

ས་ལ་སོགས་པའི་འབྲས་བུ་མྱུ་གུའི་རྫས་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་ཀྱི་རྡུལ་ཕྲ་རབ་རྣམས་ཚོགས་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་དག་ལས་གཅིག་མེད་ན་ཡང་དེ་འགྱུར་བས་ན་དེའི་ཕྱིར་མ་ལུས་པ་དེ་དག་གི་

เล่ม ๑๗๕ · หน้า 46a

འབྲས་བུ་མ་ཡིན་ནོ། །ཐལ་བ་བཟློག་པ་ནི་གང་དང་དུ་མ་དག་ལས་གཅིག་མེད་ན་ཡང་འགྱུར་བ་དེ་ནི་དེ་དག་མ་ལུས་པའི་འབྲས་བུ་མ་ཡིན་ཏེ། དཔེར་ན་འཁོར་ལོ་ལ་སོགས་པ་མེད་ན་ཡང་སྣམ་བུ་འགྱུར་བ་ནི་འཁོར་ལོ་དང་རྫ་མཁན་ལ་སོགས་པ་མ་ལུས་པའི་འབྲས་

བུ་མ་ཡིན་པ་དེ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་ཀྱི་རྡུལ་ཕྲ་རབ་དག་གི་ནང་ནས་གཅིག་མེད་ན་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཅི་སྟེ་རྡུལ་ཕྲ་རབ་རེ་རེ་ནུས་པ་ཉིད་ཡིན་ན་དེའི་ཚེ། རེ་རེའང་ནུས་པ་ཉིད་ཡིན་ན། །ཅིག་ཅར་མང་པོ་འབྱུང་

བར་འགྱུར། །དུས་གཅིག་ལ་རྡུལ་ཕྲ་རབ་རེ་རེས་རྣམ་པར་ཤེས་པ་མང་པོ་དག་བསྐྱེད་པར་འགྱུར་རོ། །སྦྱོར་བ་ནི་གང་དག་འབྲས་བུ་གང་ལ་རེ་རེ་ནུས་པ་ཡོད་པ་དེ་དག་ནི་འབྲས་བུ་དེ་བྱེད་པར་འགྱུར་ཏེ། དཔེར་ན་ས་བོན་མང་པོ་དག་སོ་སོར་ལྗང་བུ་ལ་ནུས་པ་ཡོད་པ་ལྟ་བུའོ། །ལུས་ཀྱི་

རྡུལ་ཕྲ་རབ་རེ་རེ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ནི་མི་འགྱུར་ཏེ་གལ་ཏེ་ཡང་རྡུལ་ཕྲ་རབ་རེ་རེ་ནུས་པ་ཉིད་ཡིན་པ་དེ་ལྟར་ན་ཡང་རྣམ་པར་ཤེས་པ་གཅིག་ཉིད་ལ་ནུས་པ་ཡོད་པ་ཡིན་གྱི་མང་པོ་དག་ལ་ཡང་མ་

ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་མང་པོ་དག་ལ་ཡང་རིམ་གྱིས་ནུས་པ་ཉིད་ཁས་ལེན་པའི་ཕྱིར་རོ། །རིམ་གྱིས་མ་ཡིན་པར་དེ་བྱེད་པའམ། ཕྱིས་ཀྱང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་གོ་རིམས་བཞིན་དུ་འགྱུར་བ་ཅན་གནས་སྐབས་གཞན་དག་ཀྱང་ངོ་། །དེ་ལྟར་ནི་

འགྱུར་མོད་ཀྱི་དབུགས་འབྱུང་བ་དང་རྔུབ་པ་དག་ངེས་པར་བྱེད་པ་ཡིན་ཏེ། དབུགས་འབྱུང་བའམ་རྔུབ་པ་གཅིག་གིས་སེམས་གཅིག་ཉིད་མངོན་པར་གསལ་བར་བྱེད་པ་དེ་ལྟར་ན། ཅིག་ཅར་རྣམ་པར་ཤེས་པ་མང་པོ་འགྱུར་བ་མ་ཡིན་ནོ་ཞེ་ན། དེ་ནི་འབྱུང་རྔུབ་དག་ནི་ངེས་བྱེད་

མིན། །ཅིའི་ཕྱིར་ཞེ་ན། དབུགས་འབྱུང་བ་དང་རྔུབ་པ་དག་ཀྱང་། དུ་མ་ཉིད་དུ་མཚུངས་ཉིད་ཕྱིར། །ཇི་ལྟར་ལུས་ཡན་ལག་དུ་མ་ཅན་ཉིད་ཡིན་པས་རྣམ་པར་ཤེས་པ་མང་པོ་ཅིག་ཅར་སྐྱེད་པར་འགྱུར་བ་དེ་ལྟར་དབུགས་འབྱུང་བ་དང་རྔུབ་པ་དག་ཀྱང་ཐ་དད་པར་འགྱུར་བའི་ཕྱིར་ངེས་

เล่ม ๑๗๕ · หน้า 46b

པ་ཉིད་མེད་དོ། །ཅི་སྟེ་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་དབུགས་འབྱུང་བ་ལ་སོགས་པ་རྫས་གཅིག་ཡིན་པར་རྟོགས་པར་བྱེད་ན། དེ་ཡང་ཡོད་པ་མ་ཡིན་ཏེ། །ལུས་ཀྱི་རྣམ་པར་ཤེས་པས་ཆ་འཛིན་པ་ལ་སོགས་པའི་ཕྱིར་རོ། །དེ་ལྟར་དབུགས་འབྱུང་རྔུབ་དག་གམ། །ལུས་ཀྱང་གཅིག་

ཉིད་ཡིན་པར་ཁས་ལེན་ན་ཡང་མང་གསལ་འགྱུར། ཅིག་ཅར་དེ་ལས་འབྱུང་བ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་རྒྱུ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུས་ལུས་དང་དབུགས་འབྱུང་བ་ལ་སོགས་པ་རྟག་ཏུ་ཉེ་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཐག་ཉེ་བ་ཅན་

གང་ཡིན་པ་དེ་ནི་འགྱུར་བ་ཉིད་ཡིན་པ་དེ་ལྟར་ན། ལུས་དང་དབུགས་འབྱུང་རྔུབ་ཀྱི་འབྲས་བུ་ཉིད་ཀྱིས་ཡིད་ཀྱི་རྣམ་པ་ནི་རྒྱུ་མ་ཚང་བ་མེད་པ་ཉེ་བ་ཅན་ཡིན་པའི་ཕྱིར། ཅིག་ཅར་སྐྱེ་བར་འགྱུར་བས་ན། དེའི་གནས་སྐབས་ཅན་གྱི་ཉེས་པ་མ་ཡིན་ནོ། །གལ་ཏེ་དུ་མ་རྒྱུ་མིན་ཞེས་དེ་ལྟར་ནི་

མི་འགྱུར་མོད་ཀྱི། དབུགས་འབྱུང་བ་དང་རྔུབ་པ་དང་ལུས་ནི་དུ་མ་ཉིད་ན་ཡང་ཤེས་པ་གཅིག་ཉིད་ལ་ནུས་པ་ཉིད་ཡིན་གྱི་མང་པོ་དག་ལ་མ་ཡིན་ནོ་ཞེ་ན། དེ་ནི་ཁྱད་མེད་ཕྱིར་རིམ་ལས་ཀྱང་མིན། དགོས་པ་ནི་དབུགས་འབྱུང་བ་དང་རྔུབ་པ་དེ་དག་དང་། ལུས་ཀྱི་བདག་ཉིད་ཕྱིས་རྣམ་

པར་ཤེས་པའི་རྒྱུ་གང་ཡིན་པ་སྔར་ཡང་དེ་ཉིད་ཡིན་པ་དེ་ལྟར་ན་ཁྱད་པར་མེད་པའི་ཕྱིར་རྒྱུ་རིམ་གྱིས་བདག་ཉིད་ཅན་མ་ཡིན་པ་ལས་འབྲས་བུ་རྣམ་པར་ཤེས་པ་རིམ་པ་ཅན་མ་ཡིན་ཏེ། སྔར་ཉིད་ཅིག་ཅར་རྣམ་པར་ཤེས་པ་ཐམས་ཅད་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །སྦྱོར་

བ་ནི་གང་ཞིག་གང་སྐྱེད་པར་བྱེད་པའི་རང་བཞིན་ལས་ཁྱད་པར་མེད་པའི་ངོ་བོ་ཅན་ཡིན་པ་དེ་ནི་དེའི་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་གནས་སྐབས་ཕྱི་མའི་ཁྱད་པར་ནི། མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ལས་ཁྱད་པར་མེད་པའི་ངོ་བོ་ཅན་ཡིན་པ་དེའི་

འབྲས་བུ་སྐྱེད་པར་བྱེད་པ་ལྟ་བུའོ། །སྔ་མའི་གནས་སྐབས་ཀྱི་ཁྱད་པར་ཡང་དེའི་འབྲས་བུའི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་དུ་མངོན་པར་འདོད་པའི་གནས་སྐབས་ཕྱི་མའི་ཁྱད་པར་གྱི་དངོས་པོ་ལས་ཁྱད་པར་མེད་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །

เล่ม ๑๗๕ · หน้า 47a

རྒྱུ་གོ་རིམས་མེད་པ་ལས་ཀྱང་གོ་རིམས་དང་ལྡན་པར་གྱུར་པ་ལ་ལྟོས་ནས་འབྲས་བུ་གོ་རིམས་དང་ལྡན་པ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་ན་འབྱུང་བ་རྣམས་ཀྱིས་གྱུར་པའི་རྒྱུ་མཚན་གྱི་བདག་ཉིད་གོ་རིམས་མེད་པ་ཅན་ཉིད་ཡིན་པ་དེ་ལྟར་ན། གྱུར་པ་དག་

ཀྱང་གོ་རིམས་དང་ལྡན་པར་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་གོ་རིམས་མེད་པ་ཅན་གྱི་རྒྱུ་ཡིན་པ་དེ་ནི་རིམ་བཞིན་དུ་འབྱུང་བ་མ་ཡིན་ཏེ། །དཔེར་ན་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་གཅིག་གི་འབྲས་བུའོ། །དེ་ལས་གཞན་པའི་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་

རྣམས་ཀྱི་ཡང་གོ་རིམས་མེད་པ་ཅན་གྱི་རྒྱུ་འབྱུང་བ་རྣམས་ཀྱི་རང་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྒྱུའི་ཆོས་ཐམས་ཅད་ལ་འབྲས་བུའི་ཆོས་རྗེས་སུ་བྱེད་པ་མ་ཡིན་པ་དེ་ལྟར་ན། རྒྱུ་གོ་རིམས་མེད་པ་ཅན་ལས་འབྲས་བུ་གོ་རིམས་དང་ལྡན་པ་ཞེས་

བྱ་བ་ཡང་གཏམ་ལས་འབྱུང་བ་ཡིན་ནོ། །དེ་ལྟར་ན་འབྲས་བུ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པར་ནི་མི་སྨྲའི། འོན་ཀྱང་རེ་ཞིག་འབྲས་བུ་ཐམས་ཅད་རྒྱུ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ནི་བྱ་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་འབྲས་བུའི་ཆོས་ལས་འདས་པའི་ཕྱིར་ཏེ། འབྲས་བུ་ཉིད་

དུ་མི་འགྱུར་རོ། །དེ་ལྟར་ཡང་མ་ཡིན་པ་དེ་བས་ན་གལ་ཏེ་སེམས་ཀྱི་རྒྱུ་ལུས་ལ་སོགས་པ་སྔར་ཡང་ནུས་པ་ཉིད་ཡིན་ན་དེའི་ཚེ་རྒྱུ་ལ་སོགས་པ་གགས་བྱེད་པ་མེད་པ་ཅན་དེ་ལས་འབྱུང་བའི་ངང་ཚུལ་ཅན་དག་ཏུ་རྣམ་པར་ཤེས་པར་འགྱུར་བ་ཅན་ཉིད་ཡིན་ཏེ། སྦྱོར་བ་ནི་གང་ཞིག་གང་གི་

ཚེ། རྒྱུ་མ་ལུས་པའི་ནུས་པ་ཐག་ཉེ་བ་ཅན་ཡིན་པ་དེ་ནི་དེའི་ཚེ་འགྱུར་ཏེ། དཔེར་ན་མྱུ་གུ་རྒྱུ་མ་ལུས་པའི་ནུས་པ་ཐག་ཉེ་བ་ཅན་ཡིན་པ་ལྟ་བུའོ། །རིམ་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་དུ་འདོད་པས་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་

པ་ཡང་། སྔར་ཡང་རྒྱུ་མ་ལུས་པའི་ནུས་པ་ཉེ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཅི་སྟེ་དེ་ལ་ནུས་པ་མ་ཡིན་པ་ཡོད་ན་ཡང་འབྲས་བུ་དེ་མི་འགྱུར་བ་དེའི་ཚེ། དེ་ནི་དེའི་འབྲས་བུ་ཉིད་དུ་འགྱུར་བ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་ནུས་པ་མ་ལུས་པ་ཡོད་ན་

เล่ม ๑๗๕ · หน้า 47b

ཡང་མི་འགྱུར་བ་དེ་ནི། དེའི་འབྲས་བུ་མ་ཡིན་ཏེ། །དཔེར་ན་བ་ལང་ནི་རྟའི་ལྟ་བུའོ། །ཕྱིས་སྐྱེད་པར་བྱེད་པར་ཁྱད་པར་མེད་པ་འབྱུང་བའི་བདག་ཉིད་ཀྱི་རྒྱུའི་ནུས་པ་མ་ལུས་པ་སྔར་ཡོད་ན་ཡང་། ཕྱིས་འབྱུང་བ་ཅན་གྱི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་

བྱེད་པ་མི་དམིགས་པའོ། །དབུགས་འབྱུང་བའམ། རྔུབ་པ་གཅིག་གིས་སེམས་གཅིག་ཉིད་མངོན་པར་གསལ་བར་བྱེད་པར་སྨྲས་པ་གང་ཡིན་པ་དེ་ཡང་ཡོད་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་དབུགས་འབྱུང་བ་གཅིག་གི་དུས་ནའང་། དོན་དུ་མ་འཛིན་ཕྱིར་བློ་དུ་མ་འབྱུང་བ་དང་ལྡོག་པར་

འགྱུར་རོ། །དབུགས་འབྱུང་བ་དང་རྔུབ་པ་དང་དེ་ལས་ངེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་དེའི་ཚེ་བློ་གོ་རིམས་དང་ལྡན་པ་མང་པོ་ནི་མེད་ཀྱི། འོན་ཀྱང་དེ་ལྟར་གོ་རིམས་དང་ལྡན་པའི་བྱེད་པ་ཅན་གཅིག་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་བློ་གཅིག་གིས་དོན་དུ་མ་ཤེས་པ་ཁས་ལེན་པ་

ཡིན་ན་ཡང་། བློའི་བྱེད་པ་ཐམས་ཅད་ཅིག་ཅར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་འགལ་བ་མེད་ཕྱིར་ཏེ། ཇི་ལྟར་གཅིག་གི་རྒྱུ་མཚན་བློ་ཡིན་པ་དེ་ལྟར་དེ་ལས་ཕྱིས་ཀྱི་ཡང་དེ་ཉིད་ཡིན་པའི་ཕྱིར། ཅིག་ཅར་བྱེད་པར་འགྱུར་རོ། །གལ་ཏེ་མ་ཡིན་ནོ་ཞེ་ན། རིམ་

གྱིས་ཀྱང་བྱེད་པར་མི་འགྱུར། དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྔ་མའི་རང་བཞིན་ལ་ཁྱད་པར་མེད་པའི་ཕྱིར་ངེས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་སྐྱོན་གྱིས་དབུགས་འབྱུང་བ་གཅིག་ནི་རྣམ་པར་ཤེས་པ་དུ་མའི་རྒྱུ་མ་ཡིན་གྱི། འོན་ཀྱང་། གལ་ཏེ་འབྱུང་བ་མང་སྐད་ཅིག་རང་

རིགས་མུན་པའི་དུས་ཅན་དག །གང་གི་ཚེ་དབུགས་འབྱུང་བ་གཅིག་ཡིན་པ་དེའི་ཚེ་གཞན་མ་ཡིན་ནོ། །དེ་འདྲ་བ་དེ་རྣམས་ཀྱིས་རིམ་བཞིན་དུ་འབྱུང་བ་ཅན་མང་པོ་སྐད་ཅིག་མ། སེམས་དེ་འདྲ་བ་བདག་ཉིད་ཀྱི། །རྒྱུ་ཉིད་ཡིན་པར་རྟོགས་པ་ན། དེའི་ཚེ་གོ་རིམས་ལྡན་པའི་རྒྱུ་མེད་པ་

དབུགས་འབྱུང་བ་དང་། དེ་དག་རིམ་ལྡན་ཇི་ལྟར་འགྱུར། །དབུགས་འབྱུང་བ་དེ་དག་གི་ལུས་གོ་རིམས་མེད་པ་ཅན་རྒྱུར་འདོད་དོ། །དེ་བས་ན་གོ་རིམས་མེད་པ་ཅན་ལས་དབུགས་འབྱུང་བ་གོ་རིམས་དང་ལྡན་པ་མ་ཡིན་ན། ཅིའི་ཕྱིར་དེ་དག་ལས་ཀྱང་རྣམ་པར་ཤེས་པ་གོ་རིམས་

เล่ม ๑๗๕ · หน้า 48a

དང་ལྡན་པ་འབྱུང་བར་འགྱུར། དེ་ལྟར་ན་འདི་རྟོག་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཉེས་པ་དེ་འཆབ་པའི་ཕྱིར་དབུགས་འབྱུང་བ་ལ་སོགས་པ་ནི་ལུས་ཀྱི་རྒྱུ་ཅན་དུ་མི་འདོད་དོ། །འོ་ན་ཅི་ཡིན་ཞེ་ན། དབུགས་འབྱུང་བ་སྔ་མ་སྔ་མའི་རྒྱུ་ཅན་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཚེ་

ཡང་། རང་རིགས་སྔ་མའི་རྒྱུ་ཅན་ཡིན། དབུགས་འབྱུང་བ་ལ་སོགས་པ་དག་ཡིན་པར་རྟོག་ན། མངལ་ལ་སོགས་པར་དབུགས་འབྱུང་བ་གང་ཡིན་པ་དེ། དང་པོ་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དང་པོ་གང་ཡིན་པ་དེའི་

རྒྱུར་གྱུར་པ་དབུགས་འབྱུང་བ་རིགས་མཐུན་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ་དེའི་རྒྱུ་ཡོད་ན་ཡང་དབུགས་འབྱུང་བ་རིགས་མཐུན་པ། དུ་མ་ཉིད་དུ་དེས་སྐད་ཅིག་མ་གཅིག་ལ་གདོན་མི་ཟ་བར་མང་པོ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་

ཞེ་ན། ཐ་དད་ཡུལ་ཅན་ཕྱིར་ཏེ། ཡུལ་ཐ་དད་པ་གཞན་དང་ལྡན་པའི་ཕྱིར་རོ། །དབུགས་འབྱུང་བ་ནི་ཡན་ལག་དུ་མའི་བདག་ཉིད་ཅན་ཡིན་ཏེ། ཁྱུ་ལ་སོགས་པ་དང་འདྲའོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ཡུལ་སྣ་ཚོགས་པ་དང་ལྡན་པ་ཅན་ཉིད་ནི་ཐ་དད་པ་ཡིན་ནོ། །གང་དང་གང་

ཡུལ་སྣ་ཚོགས་པ་དང་ལྡན་པ་ཅན་དེ་ནི་སྣ་ཚོགས་པ་མ་ཡིན་ཏེ་དཔེར་ན་ཏིལ་མང་པོ་ལྟ་བུའོ། །དབུགས་འབྱུང་བ་སྐད་ཅིག་མ་ཡང་ཡུལ་སྣ་ཚོགས་པ་དང་ལྡན་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་དབུགས་འབྱུང་བ་ཡན་ལག་རེ་རེ་ནུས་པ་སྣ་ཚོགས་པ་

ཉིད་ཡིན་ན། དེ་དག་ལས། དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། །གསལ་བར་བྱེད་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དབུགས་འབྱུང་བ་དུ་མའང་གཅིག་དུས་ཅན། ཡིན་ལ་སེམས་གཅིག་རྒྱུ་ཡིན་ནོ། །ཅིག་ཅར་མང་པོར་འབྱུང་བར་འགྱུར་བ་མ་ཡིན་ནོ། །དེའི་ཚེ་མ་ལུས་པ་ཤེས་པ་

གཅིག་ལ་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །དབུགས་འབྱུང་བའི་ཡན་ལག་གཅིག་མ་ཚང་ནའང་། རྣམ་པར་ཤེས་པ་མི་འགྱུར་རོ། །གང་ལ་ཞེ་ན་དལ་བར་ནི། འབྱུང་བ་ཅན་སོགས་ལའོ། །སོགས་པ་སྨོས་པས་ནི་དབུགས་འབྱུང་བ་ཆད་པ་ཅན་དང་། དབུགས་མི་འབྱུང་བ་

เล่ม ๑๗๕ · หน้า 48b

ཅན་གཟུང་ངོ་། །དབུགས་འབྱུང་བའི་ཡན་ལག་དང་། ལུས་ཀྱི་རྡུལ་ཕྲ་རབ་དེ་དང་དེ་དག་ནི་འབྲས་བུ་རྣམ་པར་ཤེས་པ་གཅིག་ལ་ཉེ་བར་སྦྱོར་བ་ཐ་དད་པར་བརྗོད་པར་བྱ་སྟེ། དཔེར་ན་མིག་ལ་སོགས་པ་དུ་མའི་འབྲས་བུ་གཅིག་ཉིད་ཡིན་དུ་ཟིན་ཀྱང་། རྣམ་པར་ཤེས་པའི་ཡིད་ལ་བྱེད་པ་

ལས་ཉམས་སུ་མྱོང་བའི་བདག་ཉིད་དང་ཡུལ་ལས་དེར་སྣང་བ་དང་དབང་པོ་ལས་ཡུལ་སོ་སོར་ངེས་པར་ཐོབ་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་གཅིག་ཁོ་ན་ཉེ་བར་སྦྱོར་བར་བྱེད་ན་ནི་གཞན་དོན་མེད་པར་འགྱུར་རོ། །ཉེ་བར་སྦྱོར་བ་ཉིད་ཡོད་དུ་ཟིན་ཀྱང་ཕན་གདགས་པར་བྱ་བའི་རང་བཞིན་གྱི་ཁྱད་

པར་བསྟན་པར་བྱ་བ་ཡིན་ཏེ། དཔེར་ན་ཁོ་བོས་བསྟན་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པར་མི་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་དྲུག་པ། ཅི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །དེ་ལྟར་ནི་འགྱུར་མོད་ཀྱི། དབུགས་འབྱུང་བ་རིང་བ་

ཅན་ལ་སོགས་པ་དག་ལ་དབུགས་འབྱུང་བ་ཇི་སྲིད་འགྱུར་བ་གང་ཡིན་པ་དེ་དག་རྒྱུ་ཡིན་པ་དེའི་ཚེ། ཤེས་པ་ལ་ཡང་ཁྱད་པར་འགྱུར། །གང་གི་ཚེ་སྐྱེས་བུའི་དབུགས་ལྷག་པར་འབྱུང་བ་དེའི་ཚེ། རྣམ་པར་ཤེས་པ་གསལ་བར་འགྱུར་ཞིང་དབུགས་མི་འབྱུང་བ་ཅན་གྱིར་མི་འགྱུར་རོ། །

དེ་ལྟར་མ་ཡིན་ན། གང་ཞིག་གང་གི་ཐ་དད་ལས། །ཐ་དད་མིན་ཏེ་དེ་འབྲས་མིན། །གལ་ཏེ་དབུགས་འབྱུང་བའི་འབྲས་བུ་སེམས་ཉིད་ཡིན་པ་དེའི་ཚེ་འདི་དབུགས་འབྱུང་བ་གསལ་བ་དང་མི་གསལ་བའི་རྗེས་སུ་བྱེད་པར་འགྱུར་ན། རྗེས་སུ་མི་བྱེད་པ་དེ་བས་ན་དེ་ནི་འབྲས་བུ་མ་ཡིན་ནོ། །

སྦྱོར་བ་ནི་གང་གིས་གསལ་བ་དང་མི་གསལ་བ་ལ་སོགས་པའི་ཁྱད་པར་གྱིས། གང་ཞིག་གསལ་བ་དང་མི་གསལ་བ་ལ་སོགས་པའི་ཁྱད་པར་དུ་མི་འགྱུར་བ་དེ་ནི་དེའི་འབྲས་བུ་མ་ཡིན་ཏེ་དཔེར་ན་མེ་གསལ་བ་དང་མི་གསལ་བ་ལ་སོགས་པའི་ཁྱད་པར་དག་གིས་ཁྱད་པར་ཉམས་

སུ་མྱོང་བ་ཅན་གྱི་མོ་གཤམ་གྱི་བུ་ནི་མེའི་འབྲས་བུ་མ་ཡིན་པ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དབུགས་འབྱུང་བ་དང་རྔུབ་པ་དག་གསལ་བ་དང་མི་གསལ་བའི་ཁྱད་པར་གྱིས་གསལ་བ་དང་མི་གསལ་བ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་

เล่ม ๑๗๕ · หน้า 49a

པའོ། །དེ་ལྟར་ནི་འགྱུར་ན་རྣམ་པར་ཤེས་པ་སྔ་མ་མི་གསལ་དུ་ཟིན་ཀྱང་ཡུལ་གསལ་བ་ལས་ཕྱིས་ཀྱི་ཤེས་པ་གསལ་བར་འགྱུར་བ་དེས་ན་སྔར་གྱི་རྣམ་པར་ཤེས་པའི་རྗེས་སུ་བྱེད་པ་མེད་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་སྔར་གྱི་ཤེས་པ་དང་ཡུལ་གསལ་

བར་འགྱུར་བ་ཅི་འདྲ་བ་དེ་འདྲ་བ་མེད་པའི་ཕྱིར་ཆ་དེ་ཙམ་ཉིད་ཀྱིས་རྗེས་སུ་བྱེད་པར་བྱས་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་གི་ཡང་ཅིའི་ཕྱིར་ཅིག་ཅར་ཤེས་པ་མི་འབྱུང་ཞེ་ན། དེ་ནི་མ་ཡིན་ཏེ། ཁོ་བོའི་ལུས་སམ་དབུགས་འབྱུང་བ་དག་ནི་ཡིད་ཀྱི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ན་གང་གིས་ན་དེ་ལྟར་འགྱུར།

འོན་ཀྱང་རིགས་མཐུན་པའི་སེམས་སྔ་མ་སྔ་མ་ཡིན་ནོ། །དེས་ན་རྣམ་ཤེས་ནུས་པ་ངེས་པའི་ཕྱིར། སེམས་གཅིག་ནི་སེམས་གཅིག་གི་རྒྱུ་ཡིན་པ་དེ་ལྟར་ན་རིགས་མཚུངས་པའི་རྣམ་པར་ཤེས་པ་ཅིག་ཅར་མ་ཡིན་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །སེམས་སྔ་མ་སྔ་མ་རྒྱུ་ཡིན་པ་དེ་ཉིད་ཀྱང་གང་

ལས་ཤེ་ན། དོན་གཞན་ཆགས་བྲལ་སེམས་ཡོད་ན། །ཞེས་བྱ་བ་སྨོས་ཏེ། སྔོན་པོ་ལ་སོགས་པའི་དོན་གང་ཡིན་པ་དང་མི་མཐུན་པའི་ཕྱིར་བཟུང་བ་མ་ཡིན་ནོ་ཞེས་འདོད་པ་དེ་ལས་དོན་གཞན་བཟུང་བར་གྱུར་པ་ནི་སེར་པོ་ལ་སོགས་པའི་ཡུལ་ཡིན་ནོ། །དེ་ལ་ཆགས་པ་ནི་ཡུལ་དེ་ཉིད་

ལ་ཡང་དང་ཡང་སྐྱེ་བའོ། །དེ་དང་བྲལ་བ་ནི་ཡུལ་གཞན་ལ་ཤེས་པ་སྐྱེ་བའི་རྒྱུའི་ངོ་བོ་དང་བྲལ་བའི་གནས་སྐབས་སོ། །ཡིད་ལ་བྱེད་པའི་མིང་ཅན་སྔ་མ་དེ་འདྲ་བའི་རྣམ་པར་ཤེས་པ་དེ་ཡོད་ན་དེ་ལས་ཕྱིས་འབྱུང་ནས། དོན་གཞན་འཛིན་པ་མེད་ཕྱིར་རོ། །ཡུལ་གཞན་རྟོགས་པ་མེད་

ཕྱིར་རོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སེམས་སྔ་མ་སྔ་མ་རྙོག་པ་དང་དང་བ་ལ་སོགས་པ་དང་ལྡན་པ་དག་ཡིན་ན། ཕྱིས་ཀྱི་ཡང་རྗེས་སུ་མཐུན་པས་དེ་བཞིན་དུ་འགྱུར་བ་དེ་ལྟར་ན། བློ་ནི་གཞན་སྔོན་དུ་སོང་བ་ཅན་ཉིད་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དང་རྗེས་སུ་མི་མཐུན་པ་ཡོད་ན་མི་

འབྱུང་བ་དང་། ཡང་རྗེས་སུ་མཐུན་པ་ཡོད་ན་འབྱུང་བ་དེ་ནི་དེའི་རྒྱུ་དང་འབྲས་བུ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་མི་མཐུན་པ་དང་མཐུན་པ་ཉིད་ཡོད་ན་སྐྱེ་བ་དང་མི་སྐྱེ་བའི་མྱུ་གུ་དག་ནི་ས་བོན་ལ་སོགས་པའི་འབྲས་བུ་ཡིན་པ་ལྟ་བུའོ། །ཕྱིས་ཀྱི་ཤེས་པ་ཡང་སྔ་མའི་ཤེས་པ་མི་

เล่ม ๑๗๕ · หน้า 49b

མཐུན་པ་དང་མཐུན་པ་དག་ལས་སྐྱེ་བ་དང་མི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མངལ་ལ་སོགས་པར་གལ་ཏེ་ལུས་ལས་ལན་ཅིག་བློ་སྐྱེ་ཞིང་སྟེ། བློ་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །ཕྱིས་ནི་སྟེ་དེ་ལས་འོག་ཏུ་རང་རིགས་ལས་ངེས་པར་འགྱུར་ནའོ། །གལ་ཏེ་བློ་

སྔ་མ་སྔ་མ་རེ་རེས་བློ་ཕྱི་མ་ཕྱི་མ་ཉིད་སྐྱེད་པར་བྱེད་པར་དེ་ལྟར་ན་ལུས་ལས་ཅིག་ཅར་སེམས་མང་པོ་ཉིད་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་ལུས་ཀྱིས་ནུས་པ་ནི་བློ་སྐྱེད་པར་བྱེད་པ་ལས་ཅིའི་ཕྱིར་ན་ལྡོག་པ་ཡིན་རང་བཞིན་གང་གིས་ལུས་ནི་བློ་སྔ་མ་གཅིག་གིས་སྐྱེད་པར་བྱེད་པའི་རང་བཞིན་དེ་

དང་། དེ་ནི་ཕྱིས་ཀྱང་མ་བྲལ་བ་ཉིད་ཡིན་པ་དེ་ལྟར་ན་བློ་གཞན་དང་གཞན་སྐྱེད་པར་འགྱུར་བའི་ཕྱིར་ཅིའི་ཕྱིར་བློ་སྐྱེད་པ་དེའི་བྱེད་པ་ལྡོག་པ་ཅན་ཡིན། སྦྱོར་བ་ནི་གང་ཞིག་གང་སྐྱེད་པར་བྱེད་པའི་རང་བཞིན་དང་མ་བྲལ་བར་གནས་པ་དེ་ནི་དེ་སྐྱེད་པར་བྱེད་པ་ཉིད་ཡིན་ཏེ། དཔེར་ན་མྱུ་གུའི་རྒྱུ་

ཚོགས་པའི་གནས་སྐབས་ཐ་མ་ནི་མྱུ་གུའི་སྐྱེད་པར་བྱེད་པ་ཉིད་ཡིན་པ་ལྟ་བུའོ། །ལུས་བདག་ཉིད་གཅིག་པ་ཅན་ཕྱིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱིས་ཀྱང་སྐྱེད་པར་བྱེད་པ་མ་ཡིན་པ་དེའི་ཕྱིར་

ཕྱི་མ་བཞིན་དུ་བདག་ཉིད་དེས་སྔར་ཡང་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་དང་གང་སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་ཀྱི་རང་བཞིན་དུ་ཁྱད་པར་མེད་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་ཕྱིས་སྐྱེད་པར་བྱེད་པ་མ་ཡིན་པའི་ལུས་དེ་ཉིད་ནི་ཡིད་

ཀྱི་རྣམ་པར་ཤེས་པའི་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ལྟ་བུའོ། །སྐྱེད་པར་བྱེད་པར་མངོན་པར་འདོད་པའི་གནས་སྐབས་ཀྱི་ལུས་ཀྱང་སྐྱེད་པར་མི་བྱེད་པའི་ཐ་མའི་གནས་སྐབས་ཀྱི་རང་བཞིན་ལས་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །གལ་ཏེ་ལུས་

ནི་སེམས་ཀྱི་རྟེན་མ་ཡིན་ཏེ། དབང་པོ་དང་བཅས་པའི་ལུས་ནི་ཤི་བའི་གནས་སྐབས་སུ་ལྡོག་པ་ན། རྟེན་མེད་ཕྱིར་ན་ཕྱིས་ཀྱང་སེམས་འབའ་ཞིག །ལུས་ལ་ལྟོས་པ་མེད་པ་གནས་འགྱུར་ཞེ་ན། གལ་ཏེ་དེའི་རྒྱུ་འཇུག་ཐོབ་ཕྱིར་ལུས་ཐ་མའི་ཉིང་མཚམས་སྦྱོར་བའི་ལུས་སྐྱེད་པའི་ཕྱིར་རོ། །

เล่ม ๑๗๕ · หน้า 50a

སེམས་རྒྱུད་གནས་པའི་རྒྱུ་གང་ཡིན་པ་དེ་ནི་བློ་ཕྱི་མ་ཕྱི་མ་ཉིང་མཚམས་སྦྱོར་བར་ནུས་པ་བློ་སྔ་མ་སྔ་མའི་ངོ་བོའི་ལས་ཡིན་ནོ། །ཡན་ལག་སྟེ་ལྷན་ཅིག་བྱེད་པའི་རྒྱུར་མི་འགྱུར་ན། དེའི་ཚེ་སེམས་འབའ་ཞིག་གནས་པར་འགྱུར་ཏེ། དཔེར་ན་གཟུགས་མེད་པའི་ཁམས་

སུ་སྐྱེད་པའི་སྲོག་ཆགས་ལྟ་བུའོ། །གང་གི་ཚེ་ལུས་ཐ་མ་ལུས་ཕྱི་མ་དང་ཉིང་མཚམས་སྦྱོར་བའི་ཕྱིར་བློ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་ཡང་འགྱུར་བ་དེའི་ཚེ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ལྷན་ཅིག་གནས་པ་དེ་ལྟར་ན་འགལ་བ་མེད་དོ། །ཡང་འཇིག་རྟེན་ཕ་རོལ་གྱི་ལུས་ཀྱི་རྒྱུ་

གང་གང་ཡིན། གང་གི་འཇུག་པ་ཐོབ་པའི་ཕྱིར། སེམས་གནས་པའི་རྒྱུ་ལྷན་ཅིག་བྱེད་པའི་རྐྱེན་ཉིད་དུ་བསྟན་ཅེ་ན། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་ཚེ་འདི་ཉིད་ཀྱི་དབང་པོ་ལྔའི་ངོ་བོ་ཅན་ཏེ་ལུས་ཀྱི་ཐ་མ་ནི་ལུས་གཞན་སྐྱེ་བའི་རྒྱུ་ཡིན་ནོ། །ཅི་སྟེ་ཡང་དེའི་ཡན་ལག་དང་ལུས་

ཀྱི་རྒྱུ་ཉིད་ནི་བཀག་པ་ལ་ནི་སེམས་གནས་པའི་རྒྱུ་ལས་དེའི་ལུས་ཀྱི་འཇུག་པ་ཐོབ་པའི་ཕྱིར། ལྷན་ཅིག་བྱེད་པའི་རྒྱུའི་ངོ་བོ་བཀག་པ་དང་། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་ལུས་ཕྱི་མའི་རྒྱུ་ཉིད་ཡིན་པ་བཀག་པ་ལ་དེ་མ་མཐོང་ངོ་ཞེས་བྱ་བའི་མི་དམིགས་པ་གཏན་ཚིགས་ཉིད་དུ་བརྗོད་པ་དེ་

དང་དེའི་ཡན་ལག་གི་ངོ་བོ་དང་དེའི་རྒྱུ་ཉིད་དམིགས་པའི་མཚན་ཉིད་ཀྱིར་མ་གྱུར་པ་ཉིད་ཀྱི་ཕྱིར་མ་མཐོང་བ་ཙམ་གྱི་མི་དམིགས་པ་ནི་ངེས་བྱེད་མིན་པར་རབ་ཏུ་བཤད། །མཚན་ཉིད་དཔྱད་པའི་སྐབས་སུ་མ་ངེས་པར་བརྗོད་པ་དེ་ལྟ་ན་གོ་བར་བྱེད་པ་མ་ཡིན་ནོ། །དབང་སོགས་ཀྱང་ནི་

ལྷག་ལྡན་ཡིན། །དེའི་ཡན་ལག་དང་རྒྱུའི་ངོ་བོ་བཀག་པ་ཉིད་ནི་མིག་གི་དབང་པོ་ཉིད་ཡིན་པའི་ཕྱིར་མིག་གི་དབང་པོ་ཐ་མ་དབང་པོ་ཕྱི་མའི་ཉིང་མཚམས་སྦྱོར་བ་མ་ཡིན་ཏེ། མིག་གི་དབང་པོ་སྔ་མ་སྔ་མ་བཞིན་ནོ། །དེ་བཞིན་དུ་སེམས་ཉིད་ཡིན་པའི་ཕྱིར་ཐ་མའི་སེམས་ནི་ལུས་

ཕྱི་མ་སྐྱེད་པ་ལ་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ཏེ་སེམས་སྔ་མ་བཞིན་ནོ། །སོགས་པ་སྨོས་པས་ནི་དེ་ལྟ་བུའི་རིགས་ཅན་ལག་པ་དང་ལྡན་པ་ཉིད་ལ་སོགས་པ་གཟུང་ངོ་། །མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ཁྱབ་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་ལྷག་མ་དང་ལྡན་པ་ནི་མ་

เล่ม ๑๗๕ · หน้า 50b

ངེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་རེ་ཞིག་ཡོད་པ་འགལ་བ་མེད་དོ། །འདི་ལས་ཐ་མའི་སྐྱེ་མཆེད་ལྔ་རྒྱུ་འབའ་ཞིག་ཉིད་དུ་ལུས་གཞན་སྐྱེད་པ་ཡོད་པས་བཤད་པ་མ་ཡིན་གྱི་འདི་ལྟར་འདི་ཉིད་ཀྱི་དབང་པོ་སྔ་མའི་རང་རིགས་ལ། དབང་པོ་ཕྱི་མ་དག་ལ་ཡང་ནུས་པ་དག་ནི་

མཐོང་བ་ཡིན་ནོ། །སྦྱོར་བ་ནི་གང་སྐྱེ་མཆེད་ལྔ་ཡིན་པ་དེ་ནི་ཕྱིས་ཀྱི་སྐྱེ་མཆེད་ལྔ་ཉིང་མཚམས་སྦྱོར་བ་ཅན་དུ་ཡོད་པ་ཡིན་ཏེ། དཔེར་ན་སྔ་མའི་སྐྱེ་མཆེད་ལྔའི་སྐད་ཅིག་མ་ལྟ་བུའོ། །ཐ་མའི་སྐྱེད་མཆེད་ལྔ་ཡིན་ནོ་ཞེས་བྱ་བའི་རང་བཞིན་གྱི་གཏན་ཚིགས་སོ། །འབའ་ཞིག་གི་ཚེ་ཉིང་

མཚམས་སྦྱོར་བ་ཡོད་པ་དེ་ལྟར་ན། སྒྲུབ་པར་བྱེད་པ་ལ་མ་ཁྱབ་པ་མ་ཡིན་ཏེ། གཅིག་ཏུ་ཉིང་མཚམས་སྦྱོར་བ་མེད་པ་སྤངས་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་ན་སྐྱེ་མཆེད་ལྔའི་རང་བཞིན་ཐ་དད་པ་མེད་པས་ན་དབང་པོ་སྔ་མ་དག་ནི་དབང་པོ་ཕྱི་མ་དག་གི་རྒྱུ་ཉིད་མ་ཡིན་པ་དེ་ལྟར་ན་དཔེ་

ལ་ཆོས་ཅན་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་གཞན་གཞན་གྱི་སྐྱེ་བ་དག་ཀྱང་གྲུབ་པ་ཡིན། དབང་པོ་རྣམས་ཀྱི་དང་བ་དང་རྙོག་པ་ལ་སོགས་པའི་འགྱུར་བ་མཐོང་བའི་ཕྱིར་རོ། །སྐད་ཅིག་མ་རེ་རེར་འཇིག་པ་སྒྲུབ་པར་བྱེད་པའི་འཐད་པ་གནས་གཞན་དུ་

བཤད་པ་དག་གིས་ཀྱང་གཞན་དང་གཞན་གྱི་སྐྱེ་བ་སྟེ། དབང་པོ་གཞན་དང་གཞན་གྱི་སྐྱེ་བ་གྲུབ་པ་ཡིན་ནོ། །དེ་ལས་གཞན་པའི་དངོས་པོ་ཡང་ཡིན་པ་དེ་ལྟར་ན། རང་བཞིན་རྣམ་པ་གཞན་ཉིད་ལ་རྒྱུ་བསྟན་པ་ནི་མ་སྤྲོས་སོ། །སྦྱོར་བ་ཡང་གང་རང་བཞིན་དུ་གྱུར་པ་ཐ་དད་པའི་གནས་

སྐབས་ཀྱི་ཁྱད་པར་ཅན་ཡིན་པ་དེ་ནི་དངོས་སུ་ཕན་ཚུན་ཤིན་ཏུ་ཐ་དད་པ་ཡིན་ཏེ་ས་དང་ཆུ་ལ་སོགས་པའི་འབྱུང་བ་དག་ལྟ་བུའོ། །གྱུར་པ་རེ་རེ་ལ་སྔ་ཕྱིར་གྱུར་པའི་གནས་སྐབས་ཐ་དད་པ་ཅན་གྱི་སྐྱེ་མཆེད་ལྔ་ཡང་རང་བཞིན་དུ་གྱུར་པའི་ཐ་དད་པའི་གནས་སྐབས་ཀྱི་ཁྱད་པར་ཡིན་ནོ་ཞེས་

བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་དཔེ་ལ་ཆོས་ཅན་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ལུས་ལས་དེ་སྐྱེ་ན། རིགས་མཐུན་པའི་དབང་པོ་དག་ལས་ཕྱིས་ཀྱི་དབང་པོ་རྣམས་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལུས་ལས་དབང་པོ་དེ་དག་སྐྱེ་བར་འདོད་དོ། །དབང་

เล่ม ๑๗๕ · หน้า 51a

པོ་དག་གི་རྒྱུ་མཚན་དབང་པོ་ལས་ཐ་དད་པའི་ལུས་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་གྱི། འོན་ཀྱང་དབང་པོ་ཅན་མ་ཡིན་པར་འགྱུར་གྲང་ན། དེ་ལྟར་ན་ཡང་ཤི་བའི་ལུས་ལས་ཀྱང་དབང་པོ་སྐྱེ་བ་བཟློག་པ་མེད་པ་ཉིད་དུ་འགྱུར་རོ། །སྔ་མ་བཞིན་དུ་ཐལ་བར་འགྱུར། །

དབང་པོ་དུ་མ་ཅིག་ཅར་ཐལ་བར་འགྱུར་ཞིང་། སྔ་མ་བཞིན་ཏེ་ལུས་སེམས་སྐྱེད་པར་བྱེད་པ་ཡིན་ན། མང་གསལ་འགྱུར། རྟག་ཏུ་དེ་རྒྱུ་ཉེ་ཕྱིར་རོ། །ཞེས་བཤད་པའི་སྐྱོན་གང་ཡིན་པ་དེ་དབང་པོ་སྐྱེད་པ་ལ་ཡང་འགྱུར་རོ། །གཞན་དག་ལ་ཡང་ཅི་རིགས་པར་སྐྱོན་བརྗོད་པར་བྱའོ། །གལ་

ཏེ་སེམས་ལས་ཀྱང་ལུས་ཉིད་དུ་རྒྱུ་མི་རུང་བའི་ཕྱིར་ལྷག་མར་གྱུར་པ་སེམས་ལས་དབང་པོ་སྐྱེ་བ་ཡིན་ནོ་ཞེས་འདོད་པ་དེའི་ཚེ། སེམས་དེ་ལས་སྐྱེ་མཆེད་ལྔའི་བདག་ཉིད་ཅན་གྱི་ལུས་གཞན་དག་ཀྱང་སྐྱེ་བར་འགྱུར། ཇི་ལྟར་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་རྒྱུ་ཡིན་ནོ་ཞེས་བྱ་བའི་ཁོ་བོ་ཅག་

གི་འཆིང་བས་ཅི་ཞིག་བྱ། གང་གི་ཕྱིར་ལུས་སེམས་ཀྱི་ཉེ་བར་ལེན་པར་གྱུར་པ་མ་ཡིན་པར་བསྒྲུབས་པ། དེའི་ཕྱིར་ལུས་ཀྱི་འབྱུང་བའི་རྒྱུ་དང་བྲལ་བའི་ཕྱིར། སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པར་འདོད་པའི་སྐྱེས་བུ་དང་འབྲེལ་པ་ཅན་གྱི། སེམས་ཐ་མ་ཉིད་ཐམས་ཅད་ཀྱི། མཚམས་

མི་སྦྱོར་མིན་ཞེས་བྱ་བ་ལ། རྒྱུ་དང་བྲལ་ཕྱིར་བྱ་བ་འདིས་གཏན་ཚིགས་མ་གྲུབ་པ་བསྟན་ཏོ། །དེས་དེ་དང་འདྲ་བའི་འཆི་བའི་སེམས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྷག་མར་གྱུར་པ། སྒྲུབ་བྱེད་ལྷག་ལྡན་ཡིན་པར་འདོད། །སེམས་གཞན་ཉིང་མཚམས་སྦྱོར་བ་ལ་གནོད་

པ་ཅན་ཉིད་ཡོད་པ་མ་ཡིན་ནོ། །ཇི་ལྟར་ལུས་ཐ་དད་པ་ལ་གནས་པ་ཉིད་ཀྱི་ཕྱིར། འཇིག་རྟེན་གཞན་དུ་མངོན་པར་འདོད་པའི་ལུས་ལ་གནས་པ་ཅན་གྱི་སེམས་ནི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མ་ཡིན་ཏེ། སྐྱེས་བུ་གཞན་གྱི་སེམས་བཞིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་

ཡང་དེ་འདྲ་བའི་ཉིང་མཚམས་སྦྱོར་བ་དང་། ལུས་ཐ་དད་པ་ལ་གནས་པ་འགལ་བ་མེད་པའི་ཕྱིར་ལྷག་མ་དང་ལྡན་པ་ཡིན་པར་འདོད་དོ། །ལུས་དག་ནི་རང་བཞིན་ཐ་དད་པ་ཙམ་གྱིས་ཉིང་མཚམས་མི་སྦྱོར་བ་མ་ཡིན་ཏེ། ས་བོན་དང་མྱུ་གུ་དག་རང་བཞིན་ཐ་དད་ཀྱང་མཚམས་སྦྱོར་བའི་

เล่ม ๑๗๕ · หน้า 51b

ཕྱིར་རོ། །དེ་བས་ན་རྒྱུད་ཐ་དད་པའི་ལུས་ལ་གནས་པ་ཅན་ཉིང་མཚམས་སྦྱོར་བར་མི་འགྱུར་བ་དེ་ཡང་གྲུབ་པ་མ་ཡིན་ཏེ། སྐྱེ་བ་ཐམས་ཅད་ལ་སྐྱེ་མཆེད་ལྔའི་ཁྱད་པར་རྣམས་ནི་སེམས་ཅན་དུ་བཏགས་པ་གཅིག་གི་རྟེན་ཉིད་ཡིན་པས་དུ་མ་ལ་མི་འཇུག་པའི་ཕྱིར་རོ། །གནས་སྐབས་སོ་སོ་

ཐ་དད་པས་ཐ་དད་པའི་ལུས་ལ་གནས་པ་ཉིང་མཚམས་སྦྱོར་བའི་ཕྱིར་མ་ངེས་པ་མ་ཡིན་ནོ། །ལུས་ལ་གནས་པ་བཀག་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་དེའི་རྟེན་གྱིས་བསྐྱེད་པ་ཡང་སྐྱོན་ཡོད་པ་མ་ཡིན་ནོ། །འདི་ལྟར་དེ་དག་ནི་རྟེན་པའི་ངོ་བོ་མ་ཡིན་ཏེ། སེམས་དང་སེམས་ལས་

འབྱུང་བ་དག་ནི་ཡུལ་ལ་མི་གནས་པའི་ཕྱིར་རོ། །དེ་ལས་སྐྱེ་བ་ཡང་གནས་པ་ཡིན་ན་སྐྱེས་བུ་གཞན་གྱི་ལུས་ཡུལ་དུ་འགྱུར་བ་ལས་ཀྱང་སྐྱེ་བའི་ཕྱིར། དེ་ལ་གནས་པའི་སེམས་ནི་གཞན་ལ་མཚམས་སྦྱོར་བའི་ཕྱིར་མ་ངེས་པ་ཡིན་ནོ། །གལ་ཏེ་དབང་པོ་འགྱུར་བ་ན་འགྱུར་བའི་ཕྱིར་དབང་པོ་དང་འདྲ་བར་ལུས་ལ་

གནས་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཡུལ་གྱི་འགྱུར་བས་ཀྱང་སྣང་བ་ཐ་དད་པའི་ཕྱིར་འདི་གཏན་ཚིགས་མ་ཡིན་ནོ་སྒྲུབ་པར་བྱེད་པ་ཡང་ལུས་རྟེན་ཡིན་པ་ལ་གསལ་བ་ལ་སོགས་པས་བཤད་ཟིན་པ་དེ་ལྟར་ན། སྐྱེ་བ་དང་འཆི་བའི་རྒྱུན་གྲུབ་པ་དེ་ལྟར་ན་སྙིང་རྗེ་ལ་སོགས་པའི་ཡིད་ཀྱི་ཡོན་

ཏན་རྣམས་གོམས་པ་ཡོད་པ་དང་། ཤིན་ཏུ་གོམས་པ་ཡོད་པ་ན་དེའི་བདག་ཉིད་དུ་གྱུར་པ་འགལ་བ་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་ཡིད་ཀྱི་ཡོན་ཏན་གང་ཡིན་པ་དེ་དག་ནི་ཤིན་ཏུ་གོམས་པ་ཡོད་ན། སྐྱེས་བུ་ཤིན་ཏུ་དེའི་བདག་ཉིད་དུ་གྱུར་པ་ཐོབ་པར་འགྱུར་ཏེ། དཔེར་ན་གཙང་སྦྲ་ཅན་ཐོད་

པ་ཅན་དུ་གྱུར་པ་ན་ཡིད་འབྱུང་བ་མེད་པ་ལྟ་བུའོ། །སྙིང་རྗེ་ཆེན་པོས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ཡང་ཡིད་ཀྱི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་དང་གང་ཡིད་ཀྱི་ཡོན་ཏན་གོམས་པ་ལས་ཁྱད་པར་ཅན་དུ་འགྱུར་བ་དེ་ནི་རིམ་བཞིན་དུ་ཤིན་ཏུ་གོམས་པ་

ལས་སྐྱེས་བུ་དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་གཙང་སྦྲས་སྤྱོད་པ་ཐོད་པ་ཅན་དེ་ཉིད་ཡིད་འབྱུང་བ་མེད་པ་ལྟ་བུའོ། །སྐྱེས་བུ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡང་གོམས་པ་ལས་ཁྱད་པར་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་གོམས་པས་ཞེས་བྱ་བ་ལ་སོགས་

เล่ม ๑๗๕ · หน้า 52a

པས་མ་ངེས་པའི་དོགས་པ་བསུ་བ་ཡིན་ཏེ། གོམས་པས་ཁྱད་པར་ཡོད་པ་ཡིན་ན་ཡང་རང་བཞིན་ལས་འདས་ཏེ། རིགས་མི་མཐུན་ལས་འདས་པ་རང་གི་ངང་གིས་འཇུག་པའི་མཚན་ཉིད་ཅན་སྙིང་རྗེ་ལ་སོགས་པའི་བདག་ཉིད་དུ་འགྱུར་བ་མིན་ནོ། །ཅི་དང་འདྲ་བར་

ཞེ་ན་མཆོངས་བཞིན་ཏེ། དཔེར་ན་ཤིན་ཏུ་ལེགས་པར་གོམས་པར་བྱས་པ་ཅན་གྱི་སྐྱེས་བུ་མཆོངས་པ་ན། ཡུལ་ཅུང་ཟད་ཅིག་གནོན་པར་བྱེད་ཀྱི། དཔག་ཚད་དམ་རྒྱང་གྲགས་ཕྱེད་དམ། རྒྱང་གྲགས་སམ་ལྷག་པ་མ་ཡིན་པ་ལྟ་བུའོ། །ཆུའི་དྲོ་བཞིན་དུ་སྟེ་ཆུའི་དྲོ་བ་ཆེས་ཤིན་ཏུ་གྱུར་

པ་ན་ཡང་དུས་ཡུན་རིང་པོ་ནས་ཀྱང་འབར་བ་ཉིད་དུ་མི་འགྱུར་བ་ལྟ་བུའོ། །དེ་ལྟར་ན་རང་བཞིན་ལས་མ་འདས་པའི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། གལ་ཏེ་དེས་བྱས་པ་ན་ཡང་ཞེས་བྱ་བ་ལ་སོགས་པས་ཁྱད་པར་དང་བཅས་པའི་གཏན་ཚིགས་བསྟན་པའི་སྒོ་ནས་མ་ངེས་པའི་ལན་འདེབས་

པར་བྱེད་དོ། །གལ་ཏེ་གོམས་པ་གང་ཡིན་པ་འགའ་ཞིག་གིས་གང་འགའ་ཞིག་ལ་ཁྱད་པར་གང་ཡིན་པ་དེ་བྱས་པ་ན་ཡང་ཡང་བྱ་བའི་ཕྱིར། འབད་རྩོལ་ལ་ཡང་ལྟོས་ཡིན་ཏེ། །དཔེར་ན་མཆོངས་པ་ཉིད་སྔར་འབད་རྩོལ་ལས་ཐོབ་པ་ཡང་འབད་རྩོལ་ལ་ལྟོས་པ་མེད་པར་སྐྱེས་བུ་

རང་གི་ངང་གིས་མི་འགྱུར་བ་ལྟ་བུའོ། །དཔེར་ན་ཆུའི་དྲོ་བ་ཉིད་མེས་སྐྱེད་པར་བྱེད་པ་དེ་ལ་ལྟོས་པ་མེད་པ་མ་ཡིན་པ་ལྟ་བུའོ། །གལ་ཏེ་ཁྱད་པར་ཏེ་བརྟན་མིན་རྟེན་ཅན་འགྱུར་དཔེར་ན་ཆུའི་དྲོ་བ་ཉིད་ཐོབ་པར་གྱུར་པའི་རང་བཞིན་ཟད་པ་ཉིད་ལྟ་བུའོ། །དེའི་ཚེ་ཕྱི་མའི་ཁྱད་པར་ཉིད་ནི་མི་

འཕེལ་ན། རྣམ་པར་གནས་པ་ཉིད་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དག་ནི་དེ་འདྲ་མིན། །གང་རང་གི་ངང་གིས་འཇུག་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ལ་སོགས་པ་ལྟ་བུའོ། །གང་ཞིག་ཡང་བྱ་བའི་ཕྱིར་འབད་རྩོལ་ལ་ལྟོས་པ་ཇི་ལྟར་དུ་བཤད་པའི་

ཕུལ་དུ་འབྱུང་བ་རྣམ་པར་གནས་པ་འཕེལ་བ་ཅན། དེ་སྦྱོར་ནུས་ཅན་ཏེ། སྔར་བྱས་པའི་ཕུལ་དུ་བྱུང་བ་སྐྱེད་པ་ཉིད་ལ་ནུས་པ་ཟད་པ་ཅན་གྱི། སྒྲུབ་བྱེད་རྣམས་ནུས་པ་མེད་པ་ཉིད་ཕྱིར་རོ། །གང་ལ་ཞེ་ན། ཁྱད་པར་ཕྱི་མ་དག་ལ་ནི་སྟེ་ཁྱད་པར་ཕྱི་མ་ཕུལ་དུ་བྱུང་བ་བྱེད་པ་ལ་ནུས་པ་མེད་པ་ཉིད་

เล่ม ๑๗๕ · หน้า 52b

ཀྱི་ཕྱིར་རོ། །རྟག་ཏུ་རྟེན་རྣམས་མེད་ཕྱིར་རོ། །མི་བརྟན་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །སྔར་འབྱུང་བ་དེའི་ཁྱད་པར་འཕེལ་བ་ཡིན་ནའང་ཅུང་ཞིག་ཙམ་འཕེལ་བ་ཡིན་ན་ཡང་རང་བཞིན་མིན་ཕྱིར་ཏེ་དེ་ཉིད་རང་གི་ངང་གིས་འཇུག་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཡང་འབད་རྩོལ་གྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་

ན་མཆོངས་པ་དང་ཆུ་དྲོ་བ་ཉིད་ཅེས་བྱ་བ་དེ་འདྲ་བའི་ཕུལ་དུ་བྱུང་བ་ཤིན་ཏུ་འཕེལ་བ་མེད་པ་ལྟ་བུའོ། །གང་གི་ཚེ། འགའ་ཞིག་བྱས་པ་ཡིན་ན་སྟེ། །ཕུལ་དུ་བྱུང་བ་བྱས་པ་ཡིན་ན་འཇུག་པའི་ཕྱིར་ཡང་འབད་རྩོལ་ལ་ལྟོས་མི་འགྱུར། དེའི་ཚེ་ཡང་ཕུལ་དུ་བྱུང་བ་བསྒྲུབས་པ་དེ་ལས་ཕྱིས་ཀྱི་གང་

ཡིན་པ་དེ་ནི། རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། །ཕྱི་མ་ལ་ནུས་པ་མི་བྱེད་པ་ཅན་དུ་འགྱུར་རོ། །རྟེན་བརྟན་པ་ཉིད་དུ་གྱུར་པ་ན་ཁྱད་པར་ཕྱི་མ་བྱེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་འཕགས་པ་ཉན་ཐོས་རྒྱུད་རྒྱུན་ཆད་པར་ཅན་རྣམས་དེའི་བདག་ཉིད་དུ་གྱུར་པ་གང་ཡིན། འཇིག་རྟེན་ལ་

ཕན་པར་བཤད་པ་རྣམས་ནི་རྒྱུད་རྒྱུན་བཅད་པས་ཀྱང་རྟེན་མི་བརྟན་པ་ཉིད་མ་ཡིན་ནོ། །དུས་གཅིག་གི་ཚེ་འགའ་ཞིག་བརྩེ་བ་ལ་སོགས་པའི་ཁྱད་པར་གྱི་སྦྱོར་བ་ཐོབ་ནས་ཡང་སྦྱོར་བ་ལ་ལྟོས་པ་དང་བཅས་པས་འཇུག་པ་མ་ཡིན་གྱི། འོན་ཀྱང་ཁྱད་པར་ཐོབ་པ་གང་ཡིན་པ་དེ་ནི་འབད་རྩོལ་མེད་

པར་འཇུག་པ་ཡིན་ནོ། །དཔེར་ན། སེམས་ལ་བརྩེ་སོགས་གོམས་སྐྱེས་པ། །རང་གི་ངང་གིས་འཇུག་འགྱུར་རོ། །སོགས་པ་སྨོས་པས་ནི་དགའ་བ་དང་བཏང་སྙོམས་ལ་སོགས་པ་བཟུང་ངོ་། །ཅི་དང་འདྲ་བར་ཞེ་ན། མེ་ལ་སོགས་པ་ཤིང་དག་དང་། །དངུལ་ཆུ་དང་ནི་གསེར་སོགས་

བཞིན། །དཔེར་ན་མེས་ཤིང་ལ་བྱས་པའི་ཚོས་པ་ལས་བྱུང་བའི་ཡོན་ཏན་ཇི་ཙམ་པ་ཅན་གང་ཡིན་པ་དེ་དང་དེ་ཡང་དེའི་ངོ་བོའི་ཕྱིར་མེ་ལ་ལྟོས་པ་མེད་པ་དེ་ལྟ་བུ་དེ་ནི་གགས་བྱེད་པ་མེད་ན། ཐམས་ཅད་ཐལ་བར་གྱུར་གྱི་བར་དུ་ཕྱི་མ་ཕྱི་མ་ལྷག་པར་བྱེད་པ་ཡིན་ནོ། །ཡང་དཔེར་ན་ཁ་སྦྱར་

དུ་བཞུ་བ་ལ་སོགས་པས་གསེར་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་བྱང་བའི་ཡོན་ཏན་དེ་ནི་ཁ་སྦྱར་གཉིས་པ་བཞུ་བ་ལ་ལྟོས་པ་མེད་པ་ལྟ་བུའོ། །དཔེར་ན་ཁ་སྦྱར་དུ་བཞུ་བ་ཕྱི་མ་ཕྱི་མ་ནི་གཞན་དང་གཞན་གྱི་བྱེད་པ་ཡིན་པས་ན། རིམ་བཞིན་དུ་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་སྦྱང་བའི་

เล่ม ๑๗๕ · หน้า 53a

མཐར་ཕྱིན་པའོ། །དེ་བཞིན་དུ་དངུལ་ཆུའི་ཡང་སྦྱོར་བ་དང་སྤྱོད་པ་ལ་སོགས་པའི་བར་དུ་འཛིན་པ་ཞེས་བྱ་བ་ནི་མཐར་ཕྱིན་པའོ། །སོགས་པ་སྨོས་པས་ནི་དེ་ལྟ་བུའི་རིགས་ཅན་ཟངས་མ་ལ་སོགས་པ་གཞན་དག་ལ་ཡང་རྟོགས་པར་བྱའོ། །འདིས་ནི་དཔེ་བསྟན་པ་ཡིན་

ནོ། །གང་གི་ཕྱིར་བརྩེ་བ་ལ་སོགས་པ་གོམས་པ་ལས་སྐྱེས་ཤིང་འབྱུང་བ་ཡོན་ཏན་ཡང་སྦྱོར་བ་ལ་ལྟོས་པ་ཅན་མ་ཡིན་པ་དང་། རྟེན་བརྟན་པ་ཅན་ཡིན་པ་དེའི་ཕྱིར་དེའི་རྣམས་སྐྱེས་ཡོན་ཏན་དེ་ནི་རང་བཞིན་ཉིད་དུ་འགྱུར་ཏེ། འབད་རྩོལ་ལ་ལྟོས་པ་མེད་པར་རང་གི་ངང་གིས་འཇུག་

པ་དེའི་ཚེ་ཡང་། དེ་ལས་འབད་རྩོལ་ཕྱི་མ་དང་། །ཕྱི་མ་ཁྱད་པར་བྱེད་པ་ཡིན། །འབད་རྩོལ་སྔ་མ་སྔ་མ་ལས་འབད་རྩོལ་ཕྱི་མ་ཕྱི་མའི་སྦྱོར་བ་གང་ཡིན་པ་དེ་ནི། ཁྱད་པར་ཕྱི་མ་ཕྱི་མ་མཐར་ཕྱིན་པའི་བར་དུ་བྱེད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་བརྟན་པའི་རྟེན་ཅན་གྱི་ཆོས་ཡིན་པ་

དང་། གང་ལ་ཇི་ལྟ་བ་བཞིན་དུ་སྐྱེས་པ་ཡང་འབད་རྩོལ་ལ་ལྟོས་པ་མེད་པ་ནི་གོམས་པ་ལས་ཤིན་ཏུ་མཐར་ཐུག་པར་འགྲོ་བ་ཡིན་ཏེ། དཔེར་ན་ཤིང་ལ་སོགས་པ་ལ་ཚོས་པ་ལས་སྐྱེས་པའི་གཟུགས་ལ་སོགས་པ་ལྟ་བུའོ། །སྐྱེས་བུ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཤིན་ཏུ་གོམས་པ་ཡོད་པ་

ཅན་ཡང་བརྟན་པའི་རྟེན་ཅན་ཡིན་པ་དང་། ཁྱད་པར་སྐྱེས་པ་ལ་ཡང་འབད་རྩོལ་ལ་ལྟོས་པ་མེད་པར་ཡོད་པ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ཁྱད་པར་དང་བཅས་པ་ཉིད་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ཕྱིར་བརྩེ་བ་ལ་སོགས་བློ། །རིགས་

མཚུངས་ས་བོན་སྔ་མ་ལས་འཕེལ་བ་ཅན་ཏེ། བརྩེ་བ་ལ་སོགས་པ་གང་ལ་རིགས་མཚུངས་པའི་རྒྱུ་ལས་འཕེལ་ཞིང་ཁྱད་པར་དུ་གྱུར་པ་ཡོད་པ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གང་གི་ཕྱིར་རིགས་མཚུངས་པའི་ས་བོན་སྔ་མ་སྔ་མ་གོམས་པའི་ཉེ་བར་ལེན་པའི་རྒྱུ་ལ་ལྟོས་

ནས་བརྩེ་བ་ལ་སོགས་པའི་བློ་རྒྱུ་ཚོགས་པ་ཡོད་ན་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཇི་ལྟར་དེ་འདྲ་བའི་བརྩེ་བ་ལ་སོགས་པའི་བློ་དེ་དག་ནི། གོམས་ཡོད་ཡིན་ན་གནས་གང་ལས། །ཁྱད་པར་དུ་རྣམ་པར་གནས་པ་ཅན་ཏེ། ཤིན་ཏུ་འཕེལ་བ་ཉིད་ཅེས་

เล่ม ๑๗๕ · หน้า 53b

བྱ་བའི་དོན་ཏོ། །དེས་ནི་ཚད་མའི་འབྲས་བུ་བསྟན་ཏོ། །སྦྱོར་བ་ཡང་གང་དང་གང་རིགས་མཚུངས་པའི་ས་བོན་སྔ་མ་ལས་འཕེལ་བ་ཅན་ཡིན་པ་དེ་དག་ནི་གེགས་བྱེད་པའི་མཚན་ཉིད་ཅན་ནམ་རྒྱུ་མ་ཚང་བའི་བར་ཆད་མེད་ན་ཤིན་ཏུ་འཕེལ་བའི་ཆོས་ཅན་ནམ་འཕེལ་བ་ཚད་ངེས་པ་ཅན་མ་ཡིན་ཏེ།

དཔེར་ན་འབྲུ་ལ་སོགས་པ་ལྟ་བུའོ། །བརྩེ་བ་ལ་སོགས་པ་ཡང་རིགས་མཚུངས་པའི་ས་བོན་ལས་འཕེལ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་དམིགས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་

བཤད་པ་ལས་རྣམ་པར་བཟློག་པས་ནི་མཆོངས་པ་ལ་སོགས་པའི་ཕུལ་དུ་བྱུང་བའི་འཕེལ་བ་མེད་པའི་རྒྱུན་འཆད་པ་ཡིན་ནོ། །ཇི་ལྟར་བརྩེ་བ་ལ་སོགས་པ་སྔ་མ་སྔ་མ་ལ་བརྟེན་ནས་བརྩེ་བ་ལ་སོགས་པ་ཕྱི་མ་ཕྱི་མ་འགྱུར་བ། དེ་ལྟར་མཆོངས་ཉིད་ལས་མཆོངས་མིན་ནོ། །འོ་ན་ཅི་

ཡིན་ཞེ་ན། ལུས་ཀྱི་སྟོབས་དང་། འབད་རྩོལ་དག་ལས་ཡིན་ཞིང་། དེ་དག་ཀྱང་ནུས་པ་ངེས་པ་ཅན་ཡིན་ལ། དེ་རྒྱུ་སྟོབས་དང་འབད་རྩོལ་གྱི། དེ་དག་གི་ནུས་པ་ངེས་པ་ཉིད་ཀྱི་ཕྱིར་འབྲས་བུ་མཆོངས་པ་ངེས་པའི་བདག་ཉིད་ཡིན་གྱི་འཕེལ་བ་མ་ཡིན་ནོ། །གལ་ཏེ་སྟོབས་དང་འབད་

རྩོལ་དག་ལས་མཆོངས་པ་ཡིན་གྱི། རང་གི་རིགས་ལས་འཇུག་པ་ཅན་ནི་མ་ཡིན་ཏེ། འདི་ལྟར་གོམས་པའི་དུས་ཕྱིས་སྐྱེས་བུའི་ས་ཇི་ཙམ་ཆོད་པ་ཅན་གྱི་མཆོངས་པ་ཡིན་པ་དེ་ལྟར་སྔར་ཡང་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ནི་སྐྱེས་བུའོ། །དང་པོར་ནི་གོམས་པ་ལས་སྔར་རོ། །ཕྱིས་བཞིན་

དུ་མཆོངས་མིན་ཏེ་བད་ཀན་ལ་སོགས་པ་ལུས་མི་མཐུན་ཕྱིར་ཏེ། ལྕི་བ་ཉིད་ཀྱི་རྒྱུའི་ཕྱིར་རོ། །ཕྱིས་ཀྱང་རྩོལ་བས་རིམ་གྱིས་མི་མཐུན་པ་བསལ་ན་ལུས་ལྕི་བ་མེད་པ་ན་ལུས་ཀྱི་རང་སྟོབས་ངེས་པ་ཡིན། ཇི་སྲིད་བགྲོད་པར་བྱ་བ་ཉིད་ཡིན་པར་ཕྱིན་པ་ཡིན་གྱི། ལྷག་པར་མ་ཡིན་པ་དེ་ལྟར་ན།

འདི་ལས་རིང་དུ་སོང་བ་མ་ཡིན་པ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་ཡོད་པ་མ་ཡིན་ནོ། །ཡིད་ཀྱི་ཡོན་ཏན་གོམས་པ་ཡོད་ན་དེའི་བདག་ཉིད་དུ་ཡོད་པར་བསྒྲུབ་པར་བྱ་བ་ཡིན་ནོ། །སྐྱེས་བུ་ཐམས་ཅད་བརྩེ་བ་ལ་སོགས་པ་གོམས་པ་ལ་སྦྱོར་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བརྩེ་རང་ས་

เล่ม ๑๗๕ · หน้า 54a

བོན་ལས་བྱུང་ཅན། །གལ་ཏེ་མི་མཐུན་ཕྱོགས་ཀྱིས་ཏེ་བརྩེ་བ་ལ་སོགས་པ་དང་འགལ་བའི་ཆོས་ཅན་དག་གིས་སོ། །ཅི་འདྲ་བ་ཞིག་ཅེ་ན། རང་ས་བོན་འབྱུང་ཅན་ནོ། །གང་ལ་རང་གི་ས་བོན་གྱིས་རབ་ཏུ་ཕྱེ་བའི་སྐྱེ་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་དག་

གིས་སྙིང་རྗེ་ལ་གནོད་པ་མེད་པ་དེའི་ཚེ་དེ་ཡང་དང་ཡང་གོམས་པ་ན་སེམས་ལ་དེ་བདག་ཉིད་ཐོབ་འགྱུར་རོ། །ཅིའི་ཕྱིར་དེ་ལྟར་འགྱུར་ཞེ་ན། དེ་ལྟར་སྙིང་རྗེ་ལ་སོགས་པ་གོམས་པ་སྔ་མ་དང་། སྔ་མ་རྩ་བ་ཡིན་ཏེ་རྒྱུ་ཡིན་ནོ། །གང་གི་ཞེ་ན་བརྩེ་བ་དང་ཆགས་བྲལ་བློ་སོགས་གཞན་དག་གི་

སྟེ། ཁྱད་པར་ཅན་གཞན་གྱིའོ། །སོགས་པ་སྨོས་པས་ནི་ཡིད་ཀྱི་ཡོན་ཏན་གཞན་ཡང་བཟུང་ངོ་། །བརྩེ་བ་ལ་སོགས་པ་ཅི་འདྲ་བ་ཞིག་གི་ཞེ་ན། སེམས་ཆོས་ཀྱིའོ། །དེ་ལ་ཡང་ཡིད་ཀྱི་ཆོས་སྔ་མ་སྔ་མ་གོམས་པས་བྱས་པ་འབད་རྩོལ་ལ་ལྟོས་པ་མེད་པ་ཅན་ཕྱིས་ཀྱི་བརྩེ་བ་ལ་སོགས་པ་

སྐྱེ་བ་ཙམ་གྱི་རྒྱུ་ནི་མ་ཡིན་གྱི་འོན་ཀྱང་བསལ་བའི་རྩ་བ་ཡིན་ཏེ། ཁྱད་པར་ཕྱི་མ་ཕྱི་མ་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་སྔར་ཐོབ་པའི་ཁྱད་པར་འབད་རྩོལ་མེད་པར་འཇུག་པ་ཡོད་པ་དེའི་གནས་སྐབས་ཅན་གྱི་ཡིད་ཀྱི་ཆོས་གོམས་པ་གང་ཡིན་པ་དེ་ཡང་དེ་ལས་ཁྱད་པར་ལྷག་

པར་བྱེད་པ་ཅན་ཡིན་ཏེ། དཔེར་ན་སྔར་བྱས་པའི་ཡིད་ཀྱི་ཆོས་ཀྱི་ཁྱད་པར་གོམས་པ་ལྟ་བུའོ། །བརྩེ་བ་ལ་གཞན་དག་ཀྱང་ཇི་ལྟ་བ་བཞིན་དུ་ཐོབ་པའི་ཁྱད་པར་འབད་རྩོལ་མེད་པར་འཇུག་པ་ཡོད་པ་དེའི་གནས་སྐབས་ཅན་གྱི་ཡིད་ཀྱི་ཆོས་དེ་གོམས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་

ཚིགས་སོ། །དེ་དེ་ལྟར་ན་ཇི་ལྟ་བུ་བཤད་པའི། གོམས་ལས་བརྩེ་བའི་བདག་ཉིད་དེ་ཤིན་ཏུ་སེམས་ཅན་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པར་བྱེད་པ་བཞེད་པ་སྟེ། རྒྱུའི་གནས་སྐབས་བརྙེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དང་འདྲ་བར་ཞེ་ན། ཆགས་བྲལ་ཆགས་དང་མི་གཙང་

བཞིན། །དཔེར་ན་གྲོལ་བ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་དག་ལ་སྐྱོ་བ་དང་སྐྱོ་བ་མེད་པའི་མཚན་ཉིད་ཅན་གྱི་ཆགས་པ་དང་བྲལ་བའི་བདག་ཉིད་ཐོབ་པ་ལྟ་བུའོ། །དཔེར་ན་འདོད་ཆགས་ལ་སོགས་པ་ཆེས་ཤིན་ཏུ་གོམས་པ་ཅན་གྱི་འདོད་ཆགས་ལ་སོགས་པར་རང་གི་ངང་གིས་འཇུག་པ་དེ་

เล่ม ๑๗๕ · หน้า 54b

བཞིན་ནོ། །དཔེར་ན་མི་གཙང་བ་ལ་སྨོད་པའི་མཚན་ཉིད་ཅན་མི་གཙང་བ་དེ་གོམས་པ་ཅན་ལ་རང་གི་ངང་གིས་འཇུག་པ་དེ་དང་འདྲ་བར་བརྩེ་བས་ཡང་གོམས་པ་ལས་རང་གི་ངང་གིས་འཇུག་པའི་ངང་ཚུལ་ཅན་དུ་འགྱུར་རོ། །སྒྲུབ་བྱེད་ཐུགས་རྗེ་གོམས་པ་ཞེས་བྱ་བ་ནས་བརྩམས་ཏེ།

ཆགས་བྲལ་ཆགས་དང་མི་གཙང་བཞིན། །ཞེས་བྱ་བའི་བར་འདིས་ནི་འགྲོ་ལ་ཕན་པར་བཞེད་པ་ཉིད་བཤད་པ་ཡིན་ནོ། །བརྩེ་ལྡན་ཞེས་བྱ་བ་ལ་སོགས་པ་སྟོན་པ་ཉིད་འཆད་པར་བྱེད་དེ་བརྩེ་ལྡན་ཏེ། རྒྱུའི་གནས་སྐབས་ན་ཡོད་པའི་ངང་ཚུལ་ཅན་གྱི་བརྩེ་བས་བྱང་ཆུབ་སེམས་

དཔའ་སེམས་ཅན་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་བརྩེ་བ་ལ་གོམས་པར་གྱུར་པས་དེ་དག་གི་སྡུག་བསྔལ་ཉེ་བར་ཞི་བར་དོན་དུ་གཉེར་བ་ཅན་ཉིད་ཀྱི་སྡུག་བསྔལ་སྤང་ཕྱིར་དེ་རབ་ཏུ་ཞི་བའི་ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། ཉིད་ཉིད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བ་

དང་རྗེས་སུ་མཐུན་པའི་ལམ་རྟོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བརྩེ་བ་དང་ལྡན་པ་སེམས་ཅན་གྱི་སྡུག་བསྔལ་རབ་ཏུ་ཞི་བའི་ཐབས་ཉིད། སེམས་ཅན་རྣམས་ལ་སྟོན་པར་མཛད་པ་ཉིད་ཡིན་ན། ཅིའི་ཕྱིར་སྐབས་སུ་མ་བབ་པ་སྟོན་ཅེ་ན། དེ་ནི་སྐབས་སུ་མ་བབ་པ་སྟོན་

པ་མ་ཡིན་ཏེ། ཉིད་ཉིད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའི་ཐབས་རྩོམ་པ་གང་ཡིན་པ་འདི་ཉིད་གཞན་གྱི་དོན་དང་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལྟ་ཡིན་ན་ཐབས་ཀྱི་དོན་གང་ཡིན་པ་དེའི་རྒྱུ་གང་ཡིན་པ་ནན་ཏན་དུ་བྱས་པ་ལས་དེའི་ཐབས་ལས་བྱུང་བའི་དོན་དེ་གདུལ་བྱ་དེ་དག་གིས་

ཐོབ་པར་འགྱུར་རོ། །གཞན་གྱི་དོན་ལ་འཇུག་པའི་སྐྱེས་བུ་གང་ལ་ཐབས་ལས་བྱུང་བ་དང་དེའི་རྒྱུ་དེ་དང་དེ་ལྐོག་ཏུ་གྱུར་པ་དེ་ནི། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་ཅན་ནོ། །སེམས་ཅན་བསྟན་པར་བྱ་བ་ལ་དེ་འཆད་པ་སྟེ། ཐབས་ལས་བྱུང་བ་དང་དེའི་རྒྱུ་ཕྱིན་ཅི་མ་ལོག་པར་

བསྟན་པར་མཛད་པ་དཀའ་བ་ཡིན་ཏེ་ལམ་མི་ཤེས་པས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པའི་སྐབས་མེད་པའི་ཕྱིར་རེ་ཞིག་རྟོག་པ་དང་ལྡན་པ་ཉིད་སེམས་ཅན་རྣམས་ལ་དེ་ཉིད་དང་དེའི་རྒྱུ་ཇི་ལྟར་གནས་པ་བཞིན་དུ་འཆད་པར་བཞེད་པས་མངོན་སུམ་དུ་མཛད་པ་ཡིན་ནོ། །སྦྱོར་བ་ནི་གང་

เล่ม ๑๗๕ · หน้า 55a

རྟོག་པ་སྔོན་དུ་གཏོང་བ་ཅན་གཞན་ལ་གང་ཐོབ་པར་བྱེད་པའི་ཐབས་ཕྱིན་ཅི་ལོག་པ་སྟོན་པར་བཞེད་པ་དེ་ནི་ཐོབ་པར་བྱ་བ་དང་། དེའི་ཐབས་ཉིད་མངོན་སུམ་དུ་མཛད་པར་བཞེད་པ་ཡིན་ཏེ་དཔེར་ན་འབབ་སྟེགས་ཀྱི་ཕྱིར་སྐྱེས་བུ་ཆུ་བོ་རྒལ་བ་ལ་ཕྱིན་ཅི་མ་ལོག་པར་སྟོན་པར་

འདོད་པ་ལྟ་བུའོ། །ཐུགས་རྗེའི་བདག་ཉིད་ཅན་རྟོག་པ་སྔོན་དུ་གཏོང་བ་ཅན་ཡང་། སེམས་ཅན་རྣམས་ལ་སྡུག་བསྔལ་ལོག་པ་ཐོབ་པར་བྱེད་པ་དང་དེའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བརྩེ་བ་དང་ལྡན་པ་དེའི་སྡུག་

བསྔལ་བཅོམ་པའི་ཕྱིར་སྦྱོར་བ་གང་ཡིན་ཞེ་ན། ལུང་དང་རིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ལུས་མང་པོ་དེ་ལ་དམིགས་ནས་དེས་བསྟན་པའམ། སྒྲུབ་པ་རྣམ་པར་དཔྱོད་པ་ཡིན་གྱི་རིག་པ་ཉིད་ཀྱིས་འགའ་ཞིག་གི་ཚེ་འཇུག་པར་འགྱུར་བ་དེ་ལྟར་ན་ལུང་སྨོས་པ་ཡིན་

ནོ། །དེ་ལྟར་མ་ཡིན་ན་གང་ལས་འདི་རྣམ་པར་དཔྱོད་པ་ཉེ་བར་མཁོ་བ་ཅན་ཉིད་ཡིན། རིགས་པས་རྣམ་པར་དཔྱོད་པ་སྟེ། རྣམ་པར་ཚོལ་བས་སྤང་བར་བྱ་བ་སྡུག་བསྔལ་དེའི་རྒྱུ་དེ་རྟོག་པར་མཛད་དོ། །སྐྱེ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་འདིའི་རྒྱུ་ནི་གང་ཡིན། གང་ཉེ་བར་བཅོམ་པ་

ལས་འདི་བསལ་བར་བྱ་བ་ཡིན་ཞེ་ན། དེ་དེ་ལྟར་ན་རྒྱུ་ཙམ་ཡོངས་སུ་དཔྱད་པ་ལས་འདི་རྒྱུ་མེད་པ་ཅན་དུ་མི་འགྱུར་བར་མཁྱེན་ནས་རྒྱུ་བཀག་པས་དེའི་འབྲས་བུ་བཅོམ་པར་ནུས་སོ་ཞེས་བྱ་བར་ཐུགས་སུ་ཆུད་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་རྒྱུ་མེད་པ་ཅན་གྱི་རང་དབང་ཅན་བཅོམ་པ་གང་ཡིན་སྡུག་

བསྔལ་གྱི་རྒྱུའི་ངོ་བོ་ཤེས་པར་བྱ་ལ། དེ་ནི་མི་རྟག་སོགས་ངོ་བོ་ཡང་དེ་ལས་དུས་ཕྱིས་ཅི་འདི་རྟག་པ་ཡིན་ནམ་འོན་ཏེ་མ་ཡིན་རྟག་པ་ཉིད་ཡིན་ན་རྟག་པ་ཉིད་ལ་བྱེད་པ་པོ་ཉིད་མེད་པ་དེ་ལྟར་ན། རྒྱུ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གཅད་པར་མི་ནུས་པ་ཅན་ཉིད་དུ་འགྱུར་རོ། །

བརྟག་པར་བྱེད་པ་པོ་ཉིད་ཡིན་ན་ཡང་མ་ཚང་བ་མེད་པ་ཅན་དེའི་འབྲས་བུ་རྒྱུན་ཆད་པ་མེད་པའི་ཆོས་ཅན་ཡིན་པ་དེ་ལྟར་ན་བསལ་བར་ནུས་པ་མ་ཡིན་ནོ་ཞེས་བརྟག་པར་མཛད་དོ། །སོགས་པ་སྨོས་པས་ནི་རྒྱུ་དེའི་མཚན་ཉིད་དང་འཕེལ་བའི་རྒྱུ་བརྟགས་པ་མཛད་པ་ཡིན་ཏེ། དེ་ཡང་

เล่ม ๑๗๕ · หน้า 55b

འགལ་བ་བསྒྲུབ་པས་དེ་བསལ་བའི་ཕྱིར་རོ། །གང་གིས་བརྟག་པ་མཛད་ཅེ་ན། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་དེའི་ཆོས་དེས་འགའ་འབྱུང་བ་ལ་སོགས་པ་གང་ཡིན་པ་དེ་དག་གིས་རྒྱུའི་རང་བཞིན་ཇི་ལྟར་སྡུག་བསྔལ་ཅུང་ཟད་འདི་ནི་རེས་འགའ་འཇུག་

པ་ཡིན་པ་དེ་ལྟར་ན་རྒྱུ་མེད་པ་ཅན་མ་ཡིན་ཏེ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བའི་ཕྱིར་རོ། །རེས་འགའ་བར་འགྱུར་བ་དེའི་ཕྱིར། རྒྱུ་རེས་འགའ་བ་ཡིན་ནོ་ཞེས་རྟོག་པར་མཛད་དོ། །སྦྱོར་བ་ནི་གང་ཞིག་རེས་འགའ་བ་ཡིན་པ་དེ་ནི་རྒྱུ་རེས་འགའ་བ་ཅན་ཡིན་ཏེ། དཔེར་ན་

མྱུ་གུ་ལ་སོགས་པ་ལྟ་བུའོ། །སྡུག་བསྔལ་གྱི་ཁྱད་པར་འདི་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྟག་པ་ཉིད་ཀྱང་འདིའི་རྒྱུར་མི་འགྱུར་རོ་ཞེས་བྱ་བའི་སྦྱོར་བ་འདི་བརྗོད་པར་བྱ་སྟེ། རྒྱུ་རྟག་པ་ཉིད་ལ་ཡང་རེས་འགའ་ཉིད་འབྱུང་བ་ཉིད་ལ་

སོགས་པ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པ་གཞན་དག་གིས་ཀྱང་རྒྱུ་ཡོད་པ་དང་། དེའི་རང་བཞིན་ཡོངས་སུ་བརྟག་པ་མཛད་དོ། །ཅིའི་ཕྱིར་རྒྱུ་དང་དེའི་རང་བཞིན་ལ་བརྟག་པ་མཛད་ཅེ་ན། གང་ཕྱིར་དེ་ལྟར་སྡུག་བསྔལ་གྱི་རྒྱུ་གནས་པ། འབྲས་ལྡོག་གཟིགས་པ་

མེད་ཕྱིར་རོ། །སྡུག་བསྔལ་བཟློག་པར་མཛད་པར་བཞེད་པས་སོ། །གང་ལྡོག་པ་མ་གཟིགས་པ་ཡིན་ཞེ་ན། འབྲས་བུའིའོ། །གང་གིས་གང་བསལ་བར་འདོད་པ་དེའི་རྒྱུ་དང་དེའི་རང་བཞིན་ཤེས་པ་མེད་པས་དེ་མེད་པར་མ་བྱས་པར་དེ་བསལ་བར་མི་ནུས་ཏེ། དཔེར་ན་འོད་ཀྱི་རྒྱུ་སྒྲོན་མ་མེད་

པར་མ་བྱས་པའི་འོད་ལྟ་བུའོ། །སྡུག་བསྔལ་བཟློག་པར་འདོད་པས་དེའི་རྒྱུ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །སྦྱོར་བ་ནི་རྒྱུ་བཟློག་པ་མེད་པ་ཅན་གང་ཡིན་པ་དེ་ནི་བཟློག་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་རྒྱུ་ལྡོག་པ་མེད་པ་ཅན་གྱི་ནད་ལྟ་བུའོ། །སྡུག་བསྔལ་ཡང་རྒྱུ་

ལྡོག་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་གང་གིས་གང་བཟློག་པ་འདོད་པ་དེས་དེའི་རྒྱུ་དང་རང་བཞིན་ཤེས་ནས་དེ་བཟློག་པ་ལ་འབད་རྩོལ་བྱེད་པ་ཡིན་ཏེ། དཔེར་ན་སྐྱེས་བུས་ནད་བཟློག་པར་བྱ་བ་འདོད་པ་ལྟ་བུའོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด