ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๗ · หน้า 29a

པ་ཡང་སྒྲའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོག་པའི་རྗེས་སུ་འགྲོ་བའི་ཕྱིར་རོ་སྟེ། རིགས་མཐུན་པའི་རྣམ་པར་རྟོག་པ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པའི་རྣམ་པའི་ཡུལ་ཅན་ཉིད་ཡིད་ཀྱི་རྣམ་

པར་རྟོག་པ་ཡིན་ནོ། །སྒྲ་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་སྒྲ་ལས་འབྱུང་བ་ཅན་གྱི་བློ་ཐམས་ཅད་ནི་དེའི་གསལ་བ་སྟེ། སྒྲའི་གསལ་བ་ཡིན་པར་མི་སྨྲ་མོད་ཀྱི་འོན་ཀྱང་དེའི་ཡུལ་ཅན་ཏེ། སྒྲའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་ནི་སྒྲ་དེའི་

གསལ་བ་ཡིན་ནོ་ཞེ་ན། དེ་དང་དེ་ནི་བདེན་པ་མ་ཡིན་ནོ། །གང་གི་ཕྱིར་ཡིད་ཀྱི་རྣམ་པར་རྟོག་པ་ནི་དེའི་ཡུལ་ཅན་ཉིད་དེ་སྒྲའི་ཡུལ་ཅན་དུ་གྲུབ་པ་མ་ཡིན་ནོ། །འདི་ལྟར་རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་རྣམས་མི་འཇུག་གོ་ཞེས་ལེའུ་གསུམ་པ་ལ་སྟོན་པར་འགྱུར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་

རྣམས་རྣམ་པར་རྟོག་པ་རྣམས་ཀྱི་རྒྱུ་མ་ཡིན་ན་འོ་ན་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་དེ་དག་ནི་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་མེད་པ་ཅན་ཏེ། གང་དག་གི་ཕྱི་རོལ་གྱི་དོན་ཐག་ཉེ་བ་ལ་ལྟོས་པ་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་

བ་གང་གི་བག་ཆགས་སད་པའི་རྒྱུ་གང་ཡིན་པའོ། །རྣམ་པར་ཤེས་པ་གནས་པ་ཉིད་ཀྱི་ནང་གི་རྣམ་པར་རྟོག་པའི་བག་ཆགས་སད་པ་སྟེ། རྣམ་པར་རྟོག་པ་སྔ་མ་སྔ་མས་བསྒོས་པའི་ནུས་པ་སད་པ་ལས་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་དོན་མེད་པར་འགྱུར་བ་དེ་བས་ན་དེ་

དག་ནི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་འགགས་པ་ནི་ཞིག་པའོ། །མ་འོངས་པ་ནི་མ་སྐྱེས་པའོ། །ཕྱི་རོལ་འགགས་ཤིང་མ་སྐྱེས་སུ་ཟིན་ཀྱང་རྣམ་པར་རྟོག་པ་རྣམས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དོན་མེད་པར་འགྱུར་བ་དེའི་ཕྱིར་དོན་གྱི་རྒྱུ་ཅན་

དག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གང་ཡོད་པ་དེ་ཉིད་ཉེ་བ་སྟེ། ཡོད་པའི་ཁྱད་པར་ལ་ལྟོས་པ་མེད་པ་དེ་ནི་ལྟོས་པ་མེད་པ་དེའི་སྐྱེད་པར་བྱེད་པའི་རྒྱུ་མ་ཡིན་ཞིང་། ཕྱི་རོལ་གྱི་དོན་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཡང་ཇི་ལྟར་ན་ཡུལ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་ཡིན་པར་

เล่ม ๑๗๗ · หน้า 29b

འགལ་བའི་ཕྱིར་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟར་ན་རྣམ་པར་རྟོག་པ་ནི་སྒྲའི་ཡུལ་ཅན་མ་ཡིན་པ་དེ་བས་ན་ཡིད་ཀྱི་རྣམ་པར་རྟོག་པ་ཡིད་ཀྱི་བཟླས་པ་ལ་སོགས་པའི་མཚན་ཉིད་ཅན་སྒྲའི་གསལ་བ་ཉིད་མ་ཡིན་ན་གང་ལས་ཏེ། རྒྱུ་གང་གིས་དེ་དང་ལྡན་པ་ཞེས་བྱ་བའི་ཡིད་ཀྱི་བཟླས་པ་དང་ལྡན་པའི་

སྐྱེས་བུ་སྔགས་ཀྱི་སྦྱོར་བ་པོར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟར་སྒྲ་ལས་བྱུང་བ་ཅན་དང་། དེའི་དོན་ཅན་གྱི་བློ་སྒྲའི་གསལ་བ་ཡིན་ནོ་ཞེས་བྱ་བའི་རྟོག་པ་དེ་ལ་ཡིད་ཀྱི་བཟླས་པའི་སྒྲའི་མངོན་པར་གསལ་བ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་སྔར་བཤད་པ་ཡང་

འདི་ལ་ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དེ་ལས་འབྱུང་བའི་སྒྲ་དེའི་ཡུལ་ཅན་གྱི་བློ་སྒྲའི་གསལ་བ་ཡིན་ཞིང་དེའི་རྟེན་ཏེ། སྒྲའི་གསལ་བ་དེའི་རྟེན་སྐྱེས་བུ་གང་ཡིན་པ་དེ་ནི་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་བཤད་ཟིན་ཏོ། །ཅི་

ཞིག་བཤད་ཟིན་ཅེ་ན། ཉན་པ་པོ་ལ་ཡང་སྦྱོར་བ་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་སྟེ། ཉན་པ་པོ་ལ་ཡང་སྒྲ་ལས་བྱུང་བ་དེའི་ཡུལ་ཅན་གྱི་བློ་རང་གི་རྒྱུད་ལ་འགྱུར་བའི་ངང་ཚུལ་ཅན་གྱི་རྟེན་ཡིན་པ་དེ་ལྟར་ན་འདི་ཡང་སྔགས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་རོ། །གཞན་

ཡང་སྔགས་རྟག་པ་དག་ནི་ཕུལ་དུ་བྱུང་བ་སྐྱེད་པ་ལ་སྦྱོར་བ་མ་ཡིན་གྱི་འོན་ཀྱང་དེའི་ཡུལ་ཅན་གྱི་ཤེས་པ་ལ་ཡིན་ན་དེའི་ཤེས་པ་ལ་སྟེ། སྒྲའི་ཡུལ་ཅན་སྐྱེས་བུ་ལ་བརྟེན་པའི་ཤེས་པ་ལ་སྒྲ་སྦྱོར་བ་ཡིན་པར་ཁས་ལེན་ན་ཡང་སྐྱེས་བུ་ལ་སྒྲ་བྱེད་པ་ཡིན་ནོ། །ཇི་ལྟ་ཞེ་ན་སྐྱེས་བུ་དེའི་

ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །སྒྲ་ལ་སྐྱེས་བུ་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་ལ་ཞེས་བྱ་བ་སྒྲའི་བདག་ཉིད་རྟག་པ་ཕུལ་དུ་བྱུང་བར་བྱར་མེད་པ་ཅན་ལ་སྐྱེས་བུས་ཕན་གདགས་པར་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྒྲ་རྣམས་ཀྱི་སྦྱོར་བ་པོ་

ནི་ཕན་འདོགས་པར་བྱེད་པ་མ་ཡིན་པའི་སྐྱེས་བུ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདི་ཡང་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་རྟེན་པ་དག་ནི་གང་ལ་བྱ་བ་མེད་པ་གང་ཡིན་པ་དེ་ནི་སྦྱོར་བ་པོ་ཡིན་ནོ་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་

เล่ม ๑๗๗ · หน้า 30a

པར་བྱེད་དོ། །གལ་ཏེ་དངོས་སུ་སྒྲ་ལས་བྱུང་བའམ་ཅི་སྟེ་བརྒྱུད་པས་བྱུང་བའི་བློ་སྒྲའི་གསལ་བ་རྣམ་པ་ཐམས་ཅད་སྒྲའི་རང་བཞིན་ཅན་གྱི་སྔགས་དག་གི་སྦྱོར་བ་ལས་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ལས་འབྲས་བུ་ཐོབ་པར་འདོད་ན་ནི་ཡིད་ཀྱི་བཟླས་

པ་དོན་མེད་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡིད་ཀྱི་བཟླས་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་ནི་སྒྲའི་ངོ་བོ་ལ་རེག་པ་མེད་པའི་ཕྱིར་རོ། །གང་གིས་བརྡ་ལས་འབྲས་བུ་ཡིན་པ་དེའི་ཡང་ཡིད་ཀྱི་བཟླས་པ་ཇི་ལྟར་ན་དོན་མེད་པ་ཅན་མ་ཡིན་ཞེ་ན། རང་སྤྱི་དང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། རང་སྤྱི་ནི་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་ཅན་སྤྱིའི་རང་བཞིན་ཡིན་ལ། རང་གི་རང་བཞིན་ནི་རང་གི་མཚན་ཉིད་དེ། རང་སྤྱི་དང་ནི་རང་བཞིན་རྣམས། །དེ་རྣམས་ཀྱི་ངོ་བོ་གཅིག་ཏུ་བརྗོད་འདོད་པས་ཞེས་བྱ་བ་གཅིག་ཏུ་སྒྲོ་བཏགས་ནས་

བརྗོད་པར་འདོད་པ་སྟེ། སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར་ཏེ་སྔགས་བྱས་པའི་ཕྱིར་ཡིད་ཀྱི་བཟླས་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་འདི་འགལ་བ་མེད་དོ། །དེ་ཉིད་ནི་ཇི་ལྟར་བརྡ་བྱེད་པས་

རང་སྤྱི་དང་རང་གི་མཚན་ཉིད་དག་ལ་གཅིག་ཏུ་མངོན་པར་ཞེན་པས་སྔགས་བྱེད་པ་དེ་ལྟར་ཡིད་ཀྱི་བཟླས་པ་བྱེད་པ་ཡང་རང་གི་མཚན་ཉིད་ཁོ་ན་བཟླས་པ་བྱའོ་སྙམ་དུ་འདོད་པ་དེ་བས་ན་བརྡ་བྱེད་པའི་བསམ་པ་བསྒྲུབ་པའི་ཕྱིར་འབྲས་བུ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །

དངོས་ལ་མ་ཡིན་ནོ་ཞེས་བྱ་བ་དངོས་པོ་ལ་ནི་འགལ་བ་མེད་པ་མ་ཡིན་གྱི་འོན་ཀྱང་འགལ་བ་ཡོད་པ་ཁོ་ནའོ། །དེ་ལྟར་ན་དངོས་པོ་རང་གི་མཚན་ཉིད་ལས་འབྲས་བུ་ཐོབ་པ་ཡིན་ན་ནི་ཡིད་ཀྱི་བཟླས་པ་དོན་མེད་པ་ཅན་ཡིན་ཏེ། དེ་ནི་དངོས་པོ་ལ་རེག་པ་མེད་པའི་ཕྱིར་རོ། །བརྡ་

ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་སྒྲའི་རང་གི་མཚན་ཉིད་ནི་རྣ་བའི་དབང་པོའི་ཡུལ་ཡིན་ཞིང་སྤྱིའི་མཚན་ཉིད་ཀྱང་རྣམ་པར་རྟོག་པའི་སྣང་བ་གཟུང་བའི་རྣམ་པ་ཡིན་པས་དོན་མེད་པར་ཐ་དད་དུ་ཟིན་ཀྱང་ངོ་། །བརྡ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བརྡ་དང་རྗེས་སུ་མཐུན་

เล่ม ๑๗๗ · หน้า 30b

པར་རོ། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློས་སོ། །གཅིག་ཏུ་བྱས་ནས་ཞེས་བྱ་བ་ནི་བསྡུས་ནས་སོ། །བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་རོ་ཞེས་བརྡ་གསལ་བར་བྱེད་པ་སྟེ། ངག་དང་ཡིད་ཀྱིས་ཁོ་བོས་བྱས་པའི་སྔགས་བརྗོད་པ་ལ་ནན་ཏན་དུ་བྱེད་པ་གང་ཡིན་

པ་དེ་ནི་སྔགས་འདིས་བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་རོ་ཞེས་བརྡ་གསལ་བར་བྱེད་པར་འགྱུར་རོ། །དེ་བས་ན་སྔགས་འདི་དག་ཡིད་ཀྱིས་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་བརྡ་ཇི་ལྟ་བ་བཞིན་དུ་དོན་གྲུབ་པར་འགྱུར་བ་དེ་ལྟར་ན་ཡིད་ཀྱི་བཟླས་པ་ལ་སོགས་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །

སོགས་པའི་སྒྲས་ནི་ཤུབ་བུའི་བཟླས་པ་ལ་སོགས་པ་གཟུང་ངོ་། །དངོས་པོའི་རང་བཞིན་ཏེ་སྒྲའི་རང་བཞིན་ལས་སྔགས་ཀྱི་འབྲས་བུ་ཐོབ་པར་འདོད་ན་ཡང་དེའི་རང་བཞིན་ལ་རེག་པ་མེད་པར་ཡིད་ཀྱི་བཟླས་པ་ལ་སོགས་པ་ལས་འབྲས་བུར་མི་འགྱུར་རོ། །ཡི་གེ་དག་ལས་ཞེས་བྱ་

བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །ཡི་གེ་དག་ལས་གཞན་གྱི་གོ་རིམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡི་གེ་ཁོ་ན་སྔགས་ཡིན་གྱི་ཞེས་བྱ་བ་ནི་སྐབས་སུ་བཤད་པ་གང་ཡིན་པ་དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་གོ་རིམས་མེད་ན་ནི་རོ་དང་མཚོ་ཞེས་

ཐོས་པ་ལ་རྟོག་པ་ཐ་དད་པའི་འབྲས་བུ་ཐ་དད་པ་ཞེས་མི་འགྱུར་རོ། །རོ་དང་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དེ། རོ་དང་མཚོ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ལ། རོ་ཞེས་བྱ་བའི་ཚིག་འདི་ལ་ཡི་གེ་གང་ཁོ་ན་ཡིན་པ་དེ་ཁོ་ན་མཚོ་ཞེས་བྱ་བའི་ཚིག་ལ་ཡང་ཁྱད་

པར་ཡང་ནི་ཅུང་ཞིག་ཀྱང་མེད་ནའོ། །ཡི་གེ་ལས་ཐ་དད་པའི་ཚིག་གཞན་མེད་ན། ཚིག་གང་ལ་འབྲས་བུ་ཐ་དད་པ་སྟེ། བློ་ཐ་དད་པར་འགྱུར། འབྲས་བུའི་ཐ་དད་པ་ཡང་ཡོད་ན་ནི་གང་ལས་མཚོ་དང་རོ་ཞེས་བྱ་བའི་ཚིག་དེ་དག་གི་སྤོབས་པ་བློ་སྟེ་ཐ་དད་པ་ཡང་མཐོང་ནའོ། །

དེ་དག་གི་གོ་རིམས་ཀྱང་མི་འདྲ་བ་སྟེ་ཐ་དད་པར་མཐོང་ནའོ། །ཡི་གེ་དག་ཀྱང་དེ་དག་ཁོ་ན་ཡིན་པས་རྒྱུའི་ཡི་གེ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པར་རིགས་པ་མ་ཡིན་ནོ། །དེ་བས་ན་ཡི་གེ་རྣམས་ཐ་དད་པ་མེད་དུ་ཟིན་ཀྱང་ཐ་དད་པ་དང་ལྡན་པ་སྟེ་ཚིག་སོ་སོ་ལ་ཐ་དད་པ་ཡོད་ཀྱང་ངོ་། །

เล่ม ๑๗๗ · หน้า 31a

གོ་རིམས་ཏེ་ཚིག་སོ་སོ་ཐ་དད་པ་དང་ལྡན་པའི་གོ་རིམས་གང་ལས་རོ་ཞེས་བྱ་བ་ལ་སོགས་པའི་རྟོགས་པ་ཐ་དད་པ་སྟེ་བློ་ཐ་དད་པ་འདིར་འགྱུར་རོ། །བདེན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཚིག་སོ་སོ་ཐ་དད་པ་དང་ལྡན་པ་ལ་གོ་རིམས་ཡོད་མོད་ཀྱི།

འོན་ཀྱང་གོ་རིམས་དེ་ནི་སྐྱེས་བུའི་རྟེན་ཅན་ཡིན་ཏེ་སྐྱེས་བུས་བྱས་པའི་ཡི་གེ་དག་ལས་ཐ་དད་པ་མེད་པ་ཉིད་ཡིན་ནོ། །རྒྱུ་ཐ་དད་པ་མེད་པའི་ཕྱིར་ཡི་གེ་དག་ཀྱང་ཚིག་སོ་སོ་ལ་གཞན་དང་གཞན་འབྱུང་མོད་ཀྱི། འོན་ཀྱང་བློ་དམན་པ་དག་དེ་དག་འདྲ་བའི་ཕྱིར་གཅིག་ཉིད་དུ་ཞེན་པར་

བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་འཆད་པ་པོ་ལ་གནས་པ་ཡི་གེ་ཀུན་ནས་སློང་བར་བྱེད་པ་ཀུན་ནས་བསླང་བར་བྱ་བ་ཡི་གེ་སོ་སོ་ཐ་དད་པ་གོ་རིམས་བཞིན་དུ་འབྱུང་བ་ཅན་གྱི་ཤེས་པ་དག་ནི་ཤེས་པ་སྔ་མ་སྔ་མའི་དེ་མ་ཐག་པའི་

རྐྱེན་གྱིས་སྐྱེད་པར་འགྱུར་ཞིང་གོ་རིམས་བཞིན་དུ་འགྱུར་བ་ཅན་གྱི་ཤེས་པ་དེ་དག་གིས་ཀྱང་ཡི་གེའི་གོ་རིམས་ཅན་ཉིད་དག་སྐྱེད་པར་བྱེད་པར་འགྱུར་རོ། །གོ་རིམས་བཞིན་དུ་འབྱུང་བའི་ཡི་གེ་དག་གིས་ཀྱང་རྣ་བའི་རྣམ་པར་ཤེས་པ་རང་གི་ཡུལ་ཅན་གྱི་གོ་རིམས་

བཞིན་དུ་འབྲས་བུ་ཉིད་གང་ཡིན་པ་དང་། རང་གི་ཡུལ་ཅན་གྱི་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་དངོས་པོ་སྐྱེད་པར་འགྱུར་ཞིང་བརྒྱུད་པས་ཡི་གེ་ལ་དམིགས་པ་ཅན་གྱི་དྲན་པ་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཀྱང་ངོ་། །དེ་བས་ན་ཡི་གེ་རྣམས་ནི་

ཀུན་ནས་སློང་བར་བྱེད་པའི་ཤེས་པའི་གོ་རིམས་ལས་གོ་རིམས་བཞིན་དུ་འབྲས་བུ་ཉིད་གང་ཡིན་པ་དང་། རང་གི་ཡུལ་ཅན་གྱི་ཤེས་པ་དག་ལ་གོ་རིམས་བཞིན་དུ་རྒྱུ་ཉིད་གང་ཡིན་པ་དེ་ཉིད་གོ་རིམས་སུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཏོ། །ད་ནི་ཡན་

ལག་གི་དོན་རྣམ་པར་དབྱེ་བ་ལ་སྒྲ་གང་སྐྱེ་བ་ཞེས་བྱ་བར་རྣམ་པར་སྦྱར་ཏེ། དཔེར་ན་ས་ར་ཞེས་བྱ་བ་འདི་ལ་ཡི་གེ་ས་ལས་ཕྱིས་ཡི་གེ་ཨ་ལྟ་བུའོ། །གང་ལས་སྐྱེ་ཞེ་ན། ཡི་གེ་གང་ཀུན་སློང་ཤེས་པ་ལས་སྐྱེས་པའི་ཤེས་པ་ལས་ཏེ། དུས་སྔར་འབྱུང་བ་ཅན་གྱི་ཡི་གེ་ས་ནི་ཡི་གེ་གང་

เล่ม ๑๗๗ · หน้า 31b

ངོ་། །ཡི་གེ་ཡང་ཡིན་ལ་གང་ཡང་ཡིན་པས་ན་ཞེས་བྱ་བ་ནི་གཞི་མཐུན་པའི་བསྡུ་བའོ། །ཡི་གེ་གང་ཀུན་ནས་སློང་བ་ནི་རྒྱུ་ཡིན་ཏེ་འདིས་ཀུན་ནས་སློང་བའི་ཕྱིར་རོ། །ཡི་གེ་ཀུན་ནས་སློང་བ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །དེ་ལ་སྐྱེས་

པའི་ཤེས་པ་གང་ཡིན་པ་དེ་ནི་ཡི་གེ་གང་ཀུན་ནས་སློང་ཤེས་པ་ལས་སྐྱེ་བའི་ཤེས་པ་དེ་ལས་སྐྱེ་བར་འགྱུར་ཏེ། ཡི་གེ་ས་ཀུན་ནས་སློང་བར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ལས་ཡི་གེ་ཨ་ཀུན་ནས་སླང་བའི་ཤེས་པ་སྐྱེས་པ་གང་ཡིན་པ་དེས་ཨ་སྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་

གཞན་ལ་ཡང་ཡི་གེ་སྔ་མ་སྔ་མ་ཀུན་ནས་སློང་བར་བྱེད་པའི་ཤེས་པ་ལས་སྐྱེས་པ་ཕྱི་མ་ཕྱི་མའི་ཤེས་པ་ལས་ཡི་གེ་ཕྱི་མ་ཕྱི་མ་སྐྱེ་བར་འགྱུར་རོ་ཞེས་པར་སྦྱར་རོ། །དེ་ལྟར་རེ་ཞིག་འཆད་པ་པོའི་རྒྱུད་ལ་གནས་པའི་ཀུན་ནས་སློང་བའི་ཤེས་པའི་གོ་རིམས་ལས་ཡི་གེ་རྣམས་གོ་

རིམས་བཞིན་དུ་སྐྱེ་བ་འབྲས་བུ་ཉིད་དུ་བསྟན་ནས་ཡི་གེ་དག་གོ་རིམས་བཞིན་དུ་སྐྱེ་བ་ཡང་ཉན་པ་པོའི་རྒྱུད་ལ་གནས་པའི་རང་བཞིན་ཡུལ་ཅན་གྱི་ཤེས་པ་རྣམས་ཀྱི་གོ་རིམས་བཞིན་དུ་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། ཕྱི་མ་གང་ལ་ཡི་གེ་སྔ་མའི་ཁྱད་པར་ཏེ་བྱེ་བྲག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡི་གེ་ཕྱི་མའོ། །རྣ་བས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །ངེས་པར་འགྱུར་བ་ནི་གཟུང་བར་འགྱུར་བའོ། །ཡི་གེ་སྔ་མ་སྔ་མ་ཡི་གེ་ཕྱི་མ་ཕྱི་མའི་དུས་སུ་ཡོད་པ་ཉིད་མ་ཡིན་ན།

ཇི་ལྟར་ན་དེའི་ཁྱད་པར་ཅན་ཡི་གེ་ཕྱི་མ་དག་གཟུང་བར་འགྱུར་ཞེ་ན། ཤེས་པ་དེས་སྐྱེད་ཤེས་པ་ཅན་ཞེས་བྱ་བ་སྨོས་ཏེ། རང་གི་ཡུལ་ཅན་གྱི་ཤེས་པ་གང་ལ་ཡི་གེ་སྔ་མའི་ཡུལ་ཅན་གྱི་ཤེས་པ་དེས་བསྐྱེད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་སྐད་དུ་གང་གི་ཚེ་ཡི་

གེ་ས་ལ་དམིགས་པ་ཅན་གྱི་རྣ་བའི་ཤེས་པ་སྐྱེ་བའི་དུས་དེ་ཉིད་ཀྱི་ཚེ་ཡི་གེ་ཨ་ཀུན་ནས་སློང་བའི་སེམས་དེ་ཉིད་ཀྱིས་ཡི་གེ་ཨ་སྐྱེད་ཅིང་དེས་ཡི་གེ་ཨ་དང་ཡི་གེ་ས་ལ་དམིགས་པ་ཅན་གྱི་ཤེས་པ་དུས་མཚུངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་ཡི་གེ་ས་ལ་དམིགས་

เล่ม ๑๗๗ · หน้า 32a

པ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་ལྷན་ཅིག་བྱེད་པ་དང་ཡི་གེ་ཨས་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ན་ཡི་གེ་སྔ་མའི་ཁྱད་པར་ཅན་རྟོགས་པར་འགྱུར་རོ་ཞེས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟར་ལྷན་ཅིག་བྱེད་པའི་ཤེས་པ་སྔ་མས་བསྐྱེད་པའི་

བདག་ཉིད་ཀྱི་ཤེས་པ་ཅན་དེ་ཞེས་བྱ་བ་ནི་ཡི་གེ་ཕྱི་མའོ། །ཅི་འདྲ་བ་ཞིག་ཅེ་ན་ཐོས་པ་དེ་མཉན་པའི་དུས་ཀྱི་ཚེའོ། །དལ་བ་ཐོས་ཅན་ཞེས་བྱ་བ་ནི་གང་གི་ཚེ་ཡི་གེ་དལ་བ་སྟེ། རིམ་གྱིས་བརྗོད་པར་འགྱུར་བ་དེའི་ཚེ་ཐོས་པ་དལ་ཞིང་མི་མྱུར་བར་དཔྱོད་པའི་ངང་ཚུལ་ཅན་

རབ་ཏུ་རྣམ་པར་ཕྱེ་ནས་འཛིན་པའི་ངང་ཚུལ་ཅན་ནོ། །སྒྲ་གང་ལ་རྣ་བའི་རྣམ་པར་ཤེས་པས་དལ་བར་ཐོས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གནས་སྐབས་གང་ལ་ཡི་གེ་རྣམ་པར་དབྱེ་བ་ངེས་པར་གཟུང་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་མྱུར་བར་བརྗོད་པ་ན་

ཡི་གེ་རྣམ་པར་དབྱེ་བ་ཡོངས་སུ་བཅད་པ་མེད་པའི་ཕྱིར། གང་ལས་གོ་རིམས་བཞིན་དུ་དྲན་པ་སྐྱེད་པར་བྱེད། དེ་ལྟར་ན་ཤིན་ཏུ་མྱུར་བར་བརྗོད་པ་ན། ཁྱོད་ཀྱིས་ཅི་ཞིག་བརྗོད་ཅེས་བརྒལ་ཞིང་བརྟག་པར་འགྱུར་རོ། །མྱུར་དུ་བརྗོད་པ་ན་ཡང་ཡི་གེ་དག་གོ་རིམས་བཞིན་

དུ་འགྱུར་བ་ཅན་ཡིན་མོད་ཀྱི། འོན་ཀྱང་ཡི་གེ་རྣམ་པར་དབྱེ་བ་སྔ་ཕྱི་གསལ་བ་མ་ཡིན་ནོ། །གང་དུ་གོ་རིམས་ངེས་པ་གཟུང་བ་དེ་བསྟན་པའི་ཕྱིར་དལ་བ་ཐོས་ཅན་ཞེས་བྱ་བ་སྨོས་སོ། །དེ་ལྟ་བུར་གྱུར་པའི་ཡི་གེ་ཅི་ཞིག་བྱེད་ཅེ་ན། དེ་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་

ལ། དེ་དྲན་པ་ལ་ལྟོས་ནས་ཞེས་བྱ་བ་ཡི་གེ་སྔ་མ་དྲན་པ་ལའོ། །ཕྱིས་ནི་བདག་ཉིད་ལ་དྲན་པ་བྱེད་པ་སྟེ། བདག་ཉིད་དེ་རང་གི་ཡུལ་ལ་བརྒྱུད་པས་དྲན་པ་སྐྱེད་པར་བྱེད་ཅིང་བལྟ་བར་བྱའོ། །དེས་ནི་རང་གི་ཡུལ་ཅན་གྱི་ཤེས་པའི་ཡི་གེ་རྣམས་གོ་རིམས་བཞིན་དུ་རྒྱུ་ཉིད་

བསྟན་ཏོ། །དེ་ལྟར་ཏེ་དེ་སྐད་དུ་བསྟན་པའི་རིམ་པ་བཞིན་དུ་ཡི་གེ་རྣམས་རྒྱུ་དང་འབྲས་བུ་ཉིད་དེ་དག་ཅེས་བྱ་བ་ཡི་གེའི་རྟེན་ཅན་ཏེ། ཡི་གེ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །སྐྱེས་བུས་བྱས་པ་ཉིད་དེ་སྐྱེས་བུས་སྦྱར་བ་ཉིད་ལ་འཇིག་རྟེན་གོ་རིམས་དག་ནི་ཡིན་ཞེས་བརྗོད་དོ། །

เล่ม ๑๗๗ · หน้า 32b

ཡི་གེ་རྣམས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཅི་ཞིག་ལ་ལྟོས་པ་ཞེ་ན། དེ་ནི་དེ་རྒྱུ་འཛིན་སེམས་ཀྱི་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འཛིན་པ་ཞེས་ནི་ཟླས་དབྱེ་བའོ། །ཡི་གེ་དེ་དག་གི་རྒྱུ་དང་འཛིན་པ་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །དེས་ན་སེམས་ཀྱི་སྒྲ་དང་ཁྱད་པར་གྱི་བསྡུ་བ་བྱའོ། །

ཡི་གེ་དག་གི་རྒྱུ་སེམས་གང་ཡིན་པ་དང་དེ་དག་དང་འབྲེལ་པས་ཡི་གེ་རྣམས་འབྲས་བུ་ཉིད་ཡིན་ཏེ། སེམས་ཀྱིས་ཡི་གེ་དག་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་འཛིན་པར་བྱེད་པའི་སེམས་དག་ནི་དེ་དག་དང་འབྲེལ་པས་ན་ཡི་གེ་རྣམས་རྒྱུ་ཉིད་ཡིན་ཏེ། ཡི་གེ་དག་གིས་སེམས་དེ་

དག་ཡི་གེ་འཛིན་པར་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་དག་གི་རྣམ་པར་རིག་བྱེད་གང་ལ་སེམས་ཀྱིས་ཀུན་ནས་སློང་བ་སྟེ། རྒྱུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ངག་ཉིད་རྣམ་པར་རིག་བྱེད་ཡིན་ཏེ། གཞན་ཤེས་པར་བྱེད་པ་ཡིན་

པའི་ཕྱིར་རོ། །ཐ་སྙད་ལ་དེའི་དབྱེ་བ་གསུམ་སྟེ། ཡི་གེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡི་གེ་དང་ཚིག་དང་ངག་ཅེས་བྱ་བ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཡི་གེ་དག་གི་རྣམ་པར་དབྱེ་བ་ནི་ཡི་གེ་དག་ཡིན་ནོ། །ཡི་གེ་བསྡུས་པ་ནི་ཚིག་

གོ། །ཚིག་བསྡུས་པ་ནི་ངག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ས་ར་ཞེས་བྱ་བའི་ཚིག་འདི་ལ་ཡི་གེ་ལྔ་ཡོད་དེ། ཡི་གེ་ས་དང་། དེའི་འོག་ཏུ་ཡི་གེ་ཨ་དང་། དེ་ནས་ཡི་གེ་ར་དང་། དེ་ནས་ཡི་གེ་ཨ་དང་དེའི་འོག་ཏུ་ཚེག་དྲག་ཅེས་བྱ་བའོ། །ཡི་གེས་ཀུན་

ནས་སློང་བར་བྱེད་པའི་རྒྱུའི་སེམས་གང་ཡིན་པའི་སེམས་དེ་མ་ཐག་པའི་རྐྱེན་དེས་དེ་མ་ཐག་པ་འཛིན་པ་དམིགས་པའི་རྐྱེན་རྣམ་པར་བཅད་པའི་ཕྱིར་རོ། །ཡི་གེ་ཨ་ཀུན་ནས་སློང་བའི་སེམས་དེ་སེམས་གང་གིས་ཡི་གེ་ཨ་ཀུན་ནས་སློང་བ་སྐྱེ་བར་བྱེད་པ་བསྐྱེད་པར་འགྱུར་རོ། །

དེ་བཞིན་དུ་ཞེས་བྱ་བ་བཤད་པའི་རིམ་པས་ཡི་གེ་ར་དང་ཚེག་དྲག་དག་སེམས་གང་གིས་ཀུན་ནས་སློང་བར་བྱེད་པ་དེ་དག་ནི་སྔ་མ་སྔ་མའི་རྐྱེན་ཅན་ཏེ། གང་ལ་སེམས་སྔ་མ་སྔ་མའི་རྐྱེན་ཏེ། རྒྱུ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཡི་གེ་ཨ་ཀུན་ནས་སློང་བའི་

เล่ม ๑๗๗ · หน้า 33a

སེམས་ཀྱིས་ཡི་གེ་ར་ཀུན་ནས་སློང་བའི་སེམས་རྫོགས་པར་འགྱུར་རོ། །ཡི་གེ་ར་ཀུན་ནས་སློང་བར་བྱེད་པ་དེ་མ་ཐག་པའི་སེམས་ཀྱི་རྐྱེན་གྱིས་ཡི་གེ་ཨ་ཀུན་ནས་སློང་བར་བྱེད་པའི་སེམས་དང་ཡི་གེ་ཨ་ཀུན་ནས་སློང་བར་བྱེད་པའི་སེམས་ཀྱིས་ཚེག་

དྲག་སྐྱེད་པར་འགྱུར་རོ་ཞེས་བྱ་བའི་ཀུན་ནས་སློང་བའི་སེམས་ཀྱི་ངག་གི་དོན་ཏོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་རྒྱུ་གཞན་དང་གཞན་དག་དང་ལྡན་པའི་ཡི་གེ་དེ་དག་ནི་ཞེས་བྱ་བ་ནི་གང་དག་ལ་ཀུན་ནས་སློང་བར་བྱེད་པའི་སེམས་ཀྱི་རྒྱུ་གཞན་དང་གཞན་ཡོད་པ་ཞེས་བྱ་བའི་དོན་

ཏོ། །དེས་ནི་ཡི་གེ་རྣམས་རྒྱུ་ཐ་དད་པ་ལ་རག་ལུས་པའི་ཕྱིར་ཕན་ཚུན་ངོ་བོ་ཐ་དད་པ་ཉིད་དུ་བཤད་དོ། །གོ་རིམས་བཞིན་དུ་འབྱུང་བའི་ཚུལ་ཅན་ཉིད་བསྟན་པའི་ཕྱིར་རང་གི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་གི་རྒྱུ་ནི་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་རྣམ་པར་

ཤེས་པ་དག་གོ། །གང་ལ་དེ་དག་གི་གོ་རིམས་དེ་བཀོད་པ་དེ་ལས་སྐྱེ་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །རྒྱུའི་གོ་རིམས་ལས་ཡི་གེ་རྣམས་ནི་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གཞན་དང་གཞན་དག་དང་ལྡན་པ་ཞེས་བྱ་བ་ནི་

ཡི་གེའི་རྒྱུ་སྔ་མ་སྔ་མ་དང་ལྡན་པའོ། །དེ་ལྟར་ན་གང་གི་ཚེ་ཡི་གེ་ཨ་ཀུན་ནས་སློང་བར་བྱེད་པའི་སེམས་དེ་མ་ཐག་པའི་རྐྱེན་གྱིས་ཡི་གེ་ཨ་སྐྱེད་པ་དེའི་ཚེ་ཡི་གེ་ས་ཡང་ཡིན་པ་དེ་བས་ན། ཡི་གེ་ཨ་དང་ཡི་གེ་ས་ནི་དུས་མཚུངས་པ་ཡིན་གྱི། ཡི་གེ་ས་ཀུན་ནས་སློང་བར་

བྱེད་པའི་སེམས་ལྷན་ཅིག་བྱེད་པའི་འགྱུར་པས་ཡི་གེ་ཨ་སྐྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཡི་གེ་འོག་མ་དག་ལ་ཡང་རིགས་པའི་དེ་ཉིད་ཡིན་པའི་ཕྱིར་རྒྱུ་གཞན་དང་གཞན་ལྡན་པའི་ཡི་གེ་དག་ཅེས་སྨྲའོ། །ཡི་གེ་སྔ་མ་འདས་སུ་ཟིན་ཀྱང་ཡི་གེ་ཕྱི་མ་སྐྱེད་པར་ནུས་པ་ཡིན་

པ་དེ་བས་ན། ཇི་ལྟར་ན་ཡི་གེ་དག་ཕན་ཚུན་རྒྱུ་ཅན་ཡིན་ཏེ། དེ་ནི་དཔྱད་པར་བྱ་བ་ཡིན་ནོ། །འདི་ཙམ་གྱིས་ནི་ཡི་གེ་གང་ཀུན་ནས་སློང་བ་ཤེས་པ་ལས་སྒྲ་གང་སྐྱེ་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །དེ་ནི་རྣ་བས་ངེས་པར་འགྱུར་བ་ཡིན་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་

เล่ม ๑๗๗ · หน้า 33b

པའི་ཕྱིར་ཐོས་པའི་ཞེས་བྱ་བ་སོགས་པ་སྨོས་ཏེ། ཐོས་པའི་དུས་ནི་ཐ་སྙད་ཀྱི་ཚེ་ཡང་ངོ་། །གང་གི་ཚེ་དལ་བ་འཇུག་པ་ཅན་ཞེས་བྱ་བ་ནི། གང་གི་ཚེ་ཤིན་ཏུ་མྱུར་བར་བརྗོད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཡི་གེ་སྔ་མ་ལ་དམིགས་པའི་ཤེས་པ་ནི་ཡི་གེ་སྔ་མ་སྔ་མ་ཤེས་པའོ། །

དེ་ཉིད་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། ཡི་གེ་གང་དག་དེ་ལ་ལྟོས་པ་དེ་དག་ལ་འདི་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པ་དེ་དག་ཅི་ཞིག་བྱེད་ཅེ་ན། རང་གི་ཤེས་པ་སྟེ་རང་གི་ཡུལ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེ་ལྟར་ན་ཡི་གེ་ས་ལ་དམིགས་པར་བྱེད་

པའི་ཤེས་པ་དུས་གང་ཁོ་ན་ལ་ཡིན་པ་དེ་ཉིད་ལ་ཡི་གེ་ཨ་ཡང་ཡི་གེ་ཀུན་ནས་སློང་བར་བྱེད་པའི་སེམས་ཀྱིས་སྐྱེད་པར་བྱེད་པ་དེས་ནི་ཡི་གེ་ཨ་དང་ཡི་གེ་ས་ལ་དམིགས་པའི་རྣམ་པར་ཤེས་པ་དུས་གཅིག་པ་ཡིན་ནོ། །དེ་བས་ན་ཡི་གེ་ཨ་དང་ས་ལ་དམིགས་པའི་ལྷན་ཅིག་

བྱེད་པས་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་དོ། །དེ་ལྟར་ཡི་གེ་གཞན་དག་ལ་ཡང་ཚུལ་འདིས་སྦྱར་བར་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་རང་གི་ཡུལ་ཉམས་སུ་མྱོང་བའི་ཤེས་པ་སྐྱེད་པར་བྱེད་པ་དེའི་ཚེ་ཡི་གེ་སྔ་མའི་ཡུལ་ཅན་དྲན་པ་གང་ཡིན་པ་དེ་ལ་

ལྟོས་པ་ཉིད་ཀྱིས་དྲན་པ་སྐྱེད་ཅིང་འདྲེན་པར་བྱེད་དོ། །གོ་རིམས་གང་གིས་ཉམས་སུ་མྱོང་བར་གྱུར་པའི་གོ་རིམས་དེ་ཉིད་ཀྱིས་འདྲེན་པར་བྱེད་ཅེས་བྱ་བའི་དོན་ཏོ། །བཤད་མ་ཐག་པ་དེ་ཉིད་ནི་ཡི་གེ་རྣམས་ཀྱི་རང་བཞིན་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཅི་འདྲ་བ་ཞིག་

ཅེ་ན། རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་སྔ་མ་སྔ་མས་སྐྱེད་པ་ཉིད་ཀྱི་ཕྱིར་འབྲས་བུའི་ངོ་བོ་ཐ་དད་པ་ཅན་ནི་གཞན་དང་གཞན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རྒྱུའི་ངོ་བོ་ཐ་དད་པ་ཅན་ནོ། །ཡི་གེ་ས་ལ་སོགས་པ་ཀུན་ནས་སློང་བར་བྱེད་པའི་ཤེས་པ་གང་དག་ལ་རྒྱུ་

དང་འབྲས་བུའི་ངོ་བོ་ཐ་དད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་རྐྱེན་ཏེ་རྒྱུའོ། །རང་བཞིན་གང་ལ་དེ་དག་ལས་བྱུང་བའི་ཆོས་ཀྱི་མཚན་ཉིད་ཡོད་པ་དེ་ཉིད་ནི་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །དེས་ནི་རྒྱུ་སེམས་ལ་ལྟོས་ནས་འབྲས་བུ་ཉིད་དུ་བཤད་དོ། །དེ་འཛིན་

เล่ม ๑๗๗ · หน้า 34a

པའི་སེམས་ལ་ལྟོས་ནས་རྒྱུ་ཉིད་ནི་ཐ་དད་པ་སྐྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་རྣམ་པར་ཤེས་པ་ཐ་དད་པ་སྐྱེད་ཅིང་འགྲུབ་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་རང་བཞིན་གང་ལ་ཡོད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །དེ་ལྟ་བུར་གྱུར་པའི་ཡི་གེ་

རྣམས་ཀྱི་རང་བཞིན་དེ་ནི་སྐྱེས་བུས་འདུས་བྱས་པའི་ཁྱད་པར་གྱི་ཐ་དད་པ་ཅན་ཏེ། སྐྱེས་བུའི་འབད་རྩོལ་གྱི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པ་ལ་གོ་རིམས་ཞེས་བརྗོད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེའི་ཕྱིར་འདྲ་བ་ལས་གཅིག་ཏུ་ངེས་པའི་ཡི་གེའི་ངོ་བོ་དེ་ཚིག་དང་

ཚིག་ལ་གཞན་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། བྱེད་པ་པོའི་འདུས་བྱས་ལས་ཐ་དད་ཅེས་བྱ་བ་སྨོས་ཏེ། ཀུན་ནས་སློང་བར་བྱེད་པའི་སེམས་ཉིད་བྱེད་པ་པོ་ཡིན་ལ་དེའི་ནུས་པའི་ཁྱད་པར་ལས་ཐ་དད་པ་ཡིན་ནོ། །ལྷན་ཅིག་བྱེད་པ་ནི་ཡི་གེ་སྔ་ཕྱིའི་གོ་རིམས་བཞིན་དུ་བརྗོད་པའོ། །

འབྲས་བུའི་ཁྱད་པར་བྱེད་ཅེས་བྱ་བའི་ཁྱད་པར་བྱེད་པའོ། །གང་གི་ཕྱིར་ཀུན་ནས་སློང་བར་བྱེད་པའི་ཁྱད་པར་གྱིས་ཐ་དད་པ་དེ་བས་ན་ས་ར་དང་ར་ས་ཞེས་བྱ་བ་ལ་སོགས་པའི་ཚིག་དག་ལ་ཡི་གེ་རྣམས་ཀྱི་རང་བཞིན་གཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱེད་པ་པོའི་སེམས་

ཀྱི་འདུས་བྱས་པའི་ཁྱད་པར་གྱིས་ཐ་དད་པའི་ཕྱིར་ཏེ། བྱེད་པ་པོ་ཡང་དེ་ཡིན་ལ་སེམས་ཀྱང་ཡིན་པས་ན་བྱེད་པ་པོའི་སེམས་ཀྱིའོ། །འདུས་བྱས་པའི་ཁྱད་པར་ནི་དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་ཏེ་ནུས་པའི་ཁྱད་པར་རོ། །དེས་ཡི་གེ་རྣམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་

རོ། །ཡི་གེ་རྣམས་ཀྱི་རང་བཞིན་དེ་ཕན་ཚུན་ལྷན་ཅིག་པ་སྟེ། ཡི་གེ་སྔ་ཕྱིའི་གོ་རིམས་བཞིན་དུ་བརྗོད་པ་ནའོ། །འབྲས་བུའི་ཁྱད་པར་ཏེ་རང་གི་ཡུལ་ཅན་གྱི་བློའི་ཁྱད་པར་གྱི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་གོ་རིམས་སྐྱེས་བུས་འདུས་བྱས་པ་ཉིད་དུ་བསྟན་ནས། ཡང་དེ་ཉིད་

སྐྱེས་བུས་བྱས་པ་ཉིད་དུ་རིགས་པས་བརྟན་པོར་བྱ་བའི་ཕྱིར་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་ཡི་གེ་རྣམས་ཀྱི་གོ་རིམས་དེ་ཡང་མཇུག་ཡིན་ཏེ་སྐྱེ་བ་ཡིན་ནོ། །གང་ལས་ཤེ་ན། རྩོམ་པ་བྱེད་ལས་ཏེ་རྩོམ་པར་བྱེད་པའི་

เล่ม ๑๗๗ · หน้า 34b

ཕྱིར་ན་རྩོམ་པར་བྱེད་པ་སྟེ་སྐྱེས་བུ་དེ་ལས་སོ། །ཅིའི་ཕྱིར་ཞེ་ན། འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་གང་དག་ལ་སྐྱེས་བུའི་འདོད་པས་མི་འགལ་བར་གྲུབ་པ་སྟེ། སྐྱེས་བུ་དེ་ནི་འདོད་པས་མི་འགལ་གྲུབ་ཅན་གྱིའོ། །ཡི་གེ་དེ་དག་གི་གནས་པའི་གོ་

རིམས་འགལ་བའི་ཕྱིར་རོ། །རྒྱུ་དང་ཞེས་བྱ་བ་ལ་སོགས་པས་རྣམ་པར་འཆད་དེ་རྒྱུ་དང་འབྲས་བུར་གྱུར་པ་ཡང་ཡིན་ལ་རྐྱེན་ཡང་ཡིན་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །ཡི་གེ་ཀུན་ནས་སློང་བར་བྱེད་པའི་སེམས་རྣམ་པར་ཤེས་པ་སྔ་མ་ལ་ལྟོས་ནས་འབྲས་བུར་

གྱུར་པ་དང་། རྣམ་པར་ཤེས་པ་ཕྱི་མ་ལ་ལྟོས་ནས་རྒྱུར་གྱུར་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་དག་ལས་བྱུང་བའི་རང་བཞིན་གྱི་ཁྱད་པར་གོ་རིམས་ཡིན་ནོ་ཞེས་བཤད་ཟིན་ཏོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་ལྔ་པ། གོ་

རིམས་དེ་ཡང་སྐྱེས་བུའི་རྟོག་པ་དང་དཔྱོད་པ་གང་ཡིན་པ་དེས་བྱས་པ་ཡིན་པའི་ཕྱིར། གནས་པ་ཅན་གྱི་གོ་རིམས་ཡི་གེ་མ་ཡིན་ནོ། །ཡི་གེ་འདིའམ་འདི་བརྗོད་པར་བྱའོ་ཞེས་རྣམ་པར་ཚོལ་བའི་རྣམ་པར་རྟོག་པ་ནི་རྟོག་པའོ། །འདི་ཉིད་ཅེས་བྱ་བའི་དེས་པ་ནི་

དཔྱོད་པའོ། །ཅིའི་ཕྱིར་ཞེ་ན། འདོད་པས་མི་འགལ་བར་གྲུབ་པ་ཅན་གྱི་གོ་རིམས་ཅན་ཉིད་ཡིན་པའི་ཕྱིར་ཏེ། གོ་རིམས་གང་ལ་འདོད་པས་མི་འགལ་བར་གྲུབ་པ་དེ་ནི་འདོད་པས་ཀྱང་མི་འགལ་བར་གྲུབ་པ་ཅན་ནོ། །འདོད་པས་མི་འགལ་བར་གྲུབ་པ་ཅན་

གྱི་གོ་རིམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིའི་དངོས་པོ་ཡིན་བདེའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་འདོད་པ་བཞིན་དུ་ཡི་གེ་དག་གོ་རིམས་རྣམ་པར་འཇོག་པ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ལས་ཀྱི་ཁྱད་པར་གྱི་གོ་རིམས་བཞིན་ཏེ། དཔེར་ན་ལས་

ཀྱི་ཁྱད་པར་བསྐུམ་པ་ལ་སོགས་པ་དག་གི་རང་གི་འདོད་པས་གོ་རིམས་འཇོག་པ་བཞིན་ནོ། །ཆོས་མི་མཐུན་པ་ཉིད་ཅན་ནི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་དང་ཞེས་བྱ་བ་ལ་ཡུལ་ལ་གནས་པའི་གོ་རིམས་ཅན་ནི་རི་གངས་ཅན་ལ་སོགས་

เล่ม ๑๗๗ · หน้า 35a

པའོ། །གངས་ཅན་དང་འབིགས་བྱེད་དང་མ་ལ་ཡ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །དུས་ལ་གནས་པའི་གོ་རིམས་ཅན་ནི་ས་བོན་དང་མྱུ་གུ་ལ་སོགས་པ་སྟེ། རང་བཞིན་གྱི་འདོད་པས་གོ་རིམས་ཀྱི་བཀོད་པར་བྱ་བར་ནུས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ་

གངས་ཅན་གྱི་གནས་སུ་འབིགས་བྱེད་འམ། མ་ལ་ཡའི་གནས་སུ་འབིགས་བྱེད་ལ་སོགས་པ་ཞེས་བྱ་བའམ། དེ་བཞིན་དུ་སྔར་མྱུ་གུ་དང་དེ་སྐྱེད་པར་བྱེད་པའི་ས་བོན་ཕྱིས་འགྱུར་རོ་ཞེས་སྐྱེས་བུའི་འདོད་པས་ཟློག་པར་བྱེད་པར་ནུས་པ་མ་ཡིན་གྱི། ཡི་གེ་དག་ནི་

འདོད་པས་ཇི་ལྟ་བ་བཞིན་དུ་བཟློག་པར་ནུས་པ་ཡིན་ནོ། །དེ་བས་ན་རྣམ་པར་གནས་པ་ཅན་གྱི་གོ་རིམས་ནི་ཡི་གེ་དག་མ་ཡིན་ནོ། །སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པ་དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་ཆོས་སུ་བགྲང་བ་སྟེ། སྐྱེས་བུའི་ཡོན་ཏན་གྱི་མིང་ཅན་རྒྱུ་དང་འབྲས་བུར་གྱུར་པར་

བགྲང་བའི་རྣམ་པར་རྟོག་པའི་གོ་རིམས་ཡོད་ན། ཡི་གེའི་གོ་རིམས་ཡོད་པའི་ཕྱིར་དང་རྣམ་པར་རྟོག་པའི་གོ་རིམས་མེད་ན་ཡི་གེའི་གོ་རིམས་མེད་པའི་ཕྱིར་རོ། །འཇིག་རྟེན་པ་ཉིད་རབ་ཏུ་གྲགས་པ་དག་ལ་སྐྱེས་བུ་དང་ཡི་གེའི་གོ་རིམས་ཏེ། སྐྱེས་བུ་རྒྱུ་དང་ཡི་གེའི་གོ་

རིམས་འབྲས་བུར་གྲུབ་པ་དེའི་ཕྱིར། རྒྱུ་དང་འབྲས་བུ་ཉིད་གྲུབ་པའི་ཕྱིར། སྐྱེས་བུས་ཡིག་ཀུན་གོ་རིམས་ཏེ། །ཞེས་བྱ་བ་གཞན་རིག་བྱེད་པའི་ཡང་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། མེ་དང་ཤིང་གི་རིགས་བཞིན་ནོ། །མེ་དང་ཤིང་དག་གི་ནི་རྒྱུ་དང་འབྲས་

བུའི་ངོ་བོས་རིགས་པ་སྟེ། ལྡན་པ་གང་ཡིན་པ་དེ་དང་འདྲ་བའམ། ཡང་ན་ཤིང་ཡོད་ན་མེ་ཡོད་པའི་ཕྱིར་དང་མེད་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རིགས་པ་སྟེ། ཇི་ལྟར་མེ་དང་ཤིང་དག་གི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་དེ་ལྟར་འདི་ལ་ཡང་

ངོ་ཞེས་བྱ་བའི་དོན་ཏེ། ཤིང་ཡོད་ན་མེ་མཐོང་བ་ཡོད་པའི་ཕྱིར་དང་། མེད་ན་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་ཉིད་བགྲུབ་པ་ན་ཤིང་མ་མཐོང་བ་ཅན་གྱི་མེ་ཡང་ཤིང་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་ངེས་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ངག་གི་གོ་རིམས་

เล่ม ๑๗๗ · หน้า 35b

སྐྱེས་བུས་བྱས་པ་ཉིད་དུ་རིག་བྱེད་པའི་ཡང་རྗེས་སུ་དཔོག་གོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འཆད་དེ། མེ་སྐྱེད་པར་རུང་བའི་རྒྱུ་ནི་ཤིང་ཡིན་ལ། ཤིང་དེ་ཡོད་ན་ནི་མེ་འབྱུང་བའི་ཕྱིར་ཏེ་མེ་སྐྱེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཤིང་མེད་ན་མེ་མེད་པའི་ཕྱིར་རོ། །

ལ་ལར་མེ་དང་ཤིང་དག་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཡོད་ན་མེ་ཤིང་མ་མཐོང་བ་ཅན་ཡང་སྟེ་མེ་གང་ལ་ཤིང་མཐོང་བ་དེ་ཡང་ཤིང་མེད་པ་ཅན་ཡང་མ་ཡིན་གྱི་འོན་ཀྱང་ཤིང་དང་བཅས་པ་ཁོ་ན་ཡིན་ཏེ་དེ་ཡང་ཤིང་ལས་སྐྱེས་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་ནི་གལ་ཏེ་

མེ་ཤིང་ལ་ལྟོས་པ་མེད་པར་འགྱུར་བ་དེའི་ཚེ་རྒྱུ་མེད་པ་ཅན་གྱི་མེ་དེའི་ཡུལ་ངེས་པ་དང་དུས་ངེས་པར་མི་རུང་བའི་ཕྱིར་ཏེ། ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་ཡོད་པར་འགྱུར་རོ། །ཅི་སྟེ་ཡུལ་ལ་སོགས་པ་ལ་ལར་ངེས་པ་ཉིད་དུ་འདོད་པ་དེའི་ཚེ་མེ་ཡུལ་ལ་སོགས་པའི་

ངེས་པ་ཡོད་པར་འདོད་ན་ནི་ཡུལ་ལ་སོགས་པ་དེ་ཉིད་ཤིང་ཉིད་ཡིན་པའི་ཕྱིར་ཏེ། ཡུལ་གཅིག་ལ་སོགས་པ་ཡོངས་སུ་སྤངས་ནས་ཡུལ་ལ་སོགས་པ་གང་དུ་འགྱུར་བའི་ཡུལ་ལ་སོགས་པ་དེ་ཉིད་ཤིང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤིང་ནི་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། ཤིང་གང་ལ་མེའི་ཉེ་བར་ལེན་པ་སྟེ་རྒྱུའི་མཚན་ཉིད་ཀྱི་རང་བཞིན་ཡོད་པ་དེ་ཉིད་ནི་ཞེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །མེའི་ཉེ་བར་ལེན་པ་མ་གཏོགས་པར་ཤིང་ལ་མཚན་ཉིད་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ཇི་ལྟར་མེ་ནི་ཤིང་ལ་ལྟོས་པ་མེད་

པར་ཡུལ་དང་དུས་ཀྱི་ངེས་པ་མི་རུང་བ་དེ་བཞིན་དུ་ཡི་གེའི་གོ་རིམས་འདི་ཡང་གལ་ཏེ་སྐྱེས་བུའི་རྣམ་པར་རྟོག་པ་རྒྱུར་གྱུར་པ་ལ་ལྟོས་པ་མེད་པ་ཡིན་ཏེ། གལ་ཏེ་སྐྱེས་བུས་མ་བྱས་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དམིགས་པ་མེད་པས་ཞེས་བྱ་བ་ནི་རྟེན་མེད་པ་སྟེ།

སྐྱེས་བུའི་འབད་རྩོལ་ལ་ལྟོས་པ་མེད་པར་རང་ཉིད་གསལ་བ་ཡིན་ན། ཡི་གེའི་གོ་རིམས་བསྐྱེད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་སྐྱེས་བུའི་འབད་པས་ཀྱང་ཡི་གེའི་གོ་རིམས་གསལ་བར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེས་རབ་ཏུ་ཕྱེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ།

เล่ม ๑๗๗ · หน้า 36a

སྐྱེས་བུའི་འབད་རྩོལ་དེ་ལས་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །བདག་ཉིད་ཀྱང་གསལ་བ་མ་ཡིན་ཞིང་སྐྱེས་བུའི་འབད་རྩོལ་ཡོད་དུ་ཟིན་ཀྱང་སྐྱེད་པར་མི་ནུས་པ་མ་ཡིན་པ་དེའི་ཕྱིར་སྐྱེས་བུས་མ་བྱས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅི་སྟེ་འཇིག་རྟེན་པའི་

ཡི་གེའི་གོ་རིམས་དག་ལས་སྐྱེས་བུའི་ནུས་པ་ཡོད་པར་འདོད་ན་ནི། རིག་བྱེད་པའི་ཡི་གེའི་གོ་རིམས་ཐམས་ཅད་ཀྱང་དེ་ལྟར་འགྱུར་བ་སྟེ། སྐྱེས་བུས་བྱས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་དང་རིག་བྱེད་པའི་ཡི་གེའི་གོ་རིམས་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །

དེ་ལྟར་ནི་དུག་ལ་སོགས་པ་སེལ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཁྱད་པར་ནི་འཇིག་རྟེན་པ་དག་གི་ལ་ཡང་མཐོང་ངོ་། །རིག་བྱེད་པའི་ཡི་གེའི་གོ་རིམས་ལ་ཡང་སྐྱེས་བུའི་འབད་རྩོལ་ཡོད་ན་ཡོད་པའི་ངང་ཚུལ་ཅན་དུ་མཐོང་ངོ་། །དེ་ནི་ཡོད་པའི་ངང་ཚུལ་ཅན་ཏེ་སྐྱེས་

བུའི་འབད་རྩོལ་ལ་ཡོད་ན་ཡོད་པའི་ངང་ཚུལ་ཅན་ནོ། །དེ་དང་ཁྱད་པར་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཡི་གེའི་གོ་རིམས་དུག་ལ་སོགས་པ་སེལ་བ་ལ་སོགས་པ་དང་རིག་བྱེད་པའི་ཡི་གེའི་གོ་རིམས་ཁྱད་པར་མེད་པར་རོ། །དེས་མ་བྱས་པ་ནི་སྐྱེས་བུས་མ་བྱས་

པ་ཡིན་ན་ཡང་ངོ་། །ཐམས་ཅད་ལ་ཞེས་བྱ་བ་གང་ལ་སྐྱེས་བུས་བྱས་པ་ཉིད་དུ་འདོད་པ་དེ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡང་གསལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ནིའོ།

དེ་ཡོད་ན་ཡོད་པ་ནི་རྗེས་སུ་འགྲོ་བ་ཡིན་ལ་དེ་མེད་ན་མེད་པ་ནི་ལྡོག་པ་ཡིན་ཏེ། དེའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །སྐྱེས་བུའི་འབད་རྩོལ་དང་རིག་བྱེད་པ་དག་གི་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་དུ་ཟིན་ཀྱང་གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོར་མི་འདོད་པ་

དེའི་ཚེ་ཐམས་ཅད་ལ་ཡང་སྤང་བར་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་མ་གཏོགས་པ་རྒྱུ་དང་འབྲས་བུ་དངོས་པོ་དེའི་མཚན་ཉིད་གཞན་བརྗོད་པར་བྱ་བ་དགོས་ན་གང་མེད་པའི་རིག་བྱེད་པ་དག་ནི་སྐྱེས་བུའི་འབད་རྩོལ་དང་ལྷན་ཅིག་ཏུ་རྒྱུ་དང་འབྲས་བུའི་དངོས་པོར་

เล่ม ๑๗๗ · หน้า 36b

མི་འགྱུར་ཏེ། །རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་གཞན་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་རྒྱུ་དང་འབྲས་བུའི་དངོས་པོ་མཚན་ཉིད་མཚུངས་པ་ཡིན་ན་ཡང་འཇིག་རྟེན་པའི་ཡི་གེའི་གོ་རིམས་ནི་བཅོས་མ་ཡིན་པར་འདོད་ཅིང་རིག་བྱེད་པའི་ནི་བཅོས་མ་མ་ཡིན་པར་འདོད་པ་དེའི་ཚེ་

འབྲས་བུ་མངོན་པར་འདོད་པའི་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་བཅོས་མ་དང་བཅོས་མ་མ་ཡིན་པ་སྟེ། མི་རྟག་པ་དང་རྟག་པ་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་བུམ་པ་ལ་སོགས་པ་དེ་ལ་ཡང་དེ་ལྟ་བུའི་རྣམ་པར་

རྟོག་པ་དེ་རིག་བྱེད་ཀྱི་སྒྲ་དང་འདྲ་བར་རྟོག་པ་སྲིད་པའི་ཕྱིར་རོ། །ཇི་ལྟར་སྐྱེས་བུའི་བྱ་བས་རིག་བྱེད་ཀྱི་སྒྲ་ཡོད་པ་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེས་རྟོག་པ་དེ་ལྟར་བུམ་པ་ལ་སོགས་པ་དག་ལ་ཡང་ངོ་། །གལ་ཏེ་རིག་བྱེད་པའི་སྒྲ་དག་ལ་ཡང་ཁྱད་པར་ཡོད་པ་གང་

གིས་དེ་ཉིད་བཅོས་མ་ཡིན་པར་རྟོག་པར་འགྱུར་གྱི་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྨོས་ཏེ། སྐྱེས་བུའི་བྱ་བའི་རྗེས་སུ་བྱེད་པ་ཉིད་ཡིན་ན་བུམ་པ་ལ་སོགས་པ་དང་རིག་བྱེད་པའི་སྒྲ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །

གལ་ཏེ་གཞན་འདོན་པར་བྱེད་པ་མཐོང་བ་སྔོན་དུ་སོང་བ་ཅན་གྱི་རིག་བྱེད་ཀྱི་སྒྲ་འདོན་པར་བྱེད་པ་དེ་བས་ན་དེ་དག་གི་ཁྱད་པར་ཡིན་ནོ་ཞེ་ན། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་དག་ཀྱང་རྫ་མཁན་ལ་སོགས་པ་གཞན་སྔོན་དུ་སོང་བ་ཅན་གྱི་བུམ་པ་ལ་སོགས་པའི་བྱེད་པ་

སྟེ་རྩོམ་པའོ། །དེ་མཐོང་བ་སྔོན་དུ་སོང་བ་ཉིད་ནི་དེ་མཐོང་ནས་ཞེས་བྱ་བའི་དོན་ཏོ། །གཞན་ཏེ་ཕྱིས་འབྱུང་བའི་རྫ་མཁན་ལ་སོགས་པ་བྱེད་པ་བསྟན་པ་མེད་པར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་སྒྲ་དག་དང་མཚུངས་སོ། །དེ་ལ་གང་ལ་ཕ་རོལ་གྱིས་བསྟན་

པའི་རྟོག་པ་སྔོན་དུ་སོང་བ་ཅན་གྱི་རྟོག་པ་ཡོད་པ་དེ་དག་ནི་སྐྱེས་བུས་མ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་རིགས་པ་ཡིན་ན་ནི། བུམ་པ་ལ་སོགས་པ་དག་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ། །ཅི་སྟེ་བྱེད་པ་པོ་དྲན་པ་མེད་པའི་ཕྱིར་རིག་བྱེད་ཀྱི་ཚིག་སྐྱེས་བུས་མ་བྱས་

เล่ม ๑๗๗ · หน้า 37a

པ་ཉིད་དུ་འདོད་ན་རྟོག་པ་དེ་དག་ཀྱང་བུམ་པ་ལ་སོགས་པ་དག་ལ་ཡང་ཡོད་དོ། །འདི་ལྟར་བུམ་པ་ལ་སོགས་པ་འགའ་ཞིག་གི་བྱེད་པ་པོ་མི་ཤེས་པ་སྟེ། གང་ལ་བྱེད་པ་པོ་མི་ཤེས་པ་ཡོད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །དུས་ཤིན་ཏུ་མང་པོས་ཆོད་པའི་

ཡུལ་ལ་བུམ་པ་ལ་སོགས་པ་མཐོང་བ་དེ་དག་གི་བྱེད་པ་པོ་མི་ཤེས་པའོ། །དེ་བས་ན་སྐྱེས་བུའི་བྱ་བའི་རྗེས་སུ་བྱེད་པ་མཚུངས་པ་ཡིན་ན། གལ་ཏེ་སྒྲ་སྐྱེས་བུས་མ་བྱས་པ་ཡིན་པ་དེའི་ཚེ། བུམ་པ་ལ་སོགས་པ་ཐམས་ཅད་བྱས་པ་མ་ཡིན་པར་མངོན་པར་ཞེན་པར་འགྱུར་

བ་སྟེ། བུམ་པ་ལ་སོགས་པ་ཐམས་ཅད་མ་བྱས་པ་ཡིན་ནོ་ཞེས་དེ་ལྟར་ངེས་པར་བྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱེད་པ་པོ་དྲན་པ་མེད་པའི་ཕྱིར་རིག་བྱེད་པའི་སྒྲ་རྣམས་མ་བྱས་པ་ཡིན་པ་དེ་ལྟར་ན། བུམ་པ་ལ་སོགས་པ་བྱེད་པ་པོ་དྲན་པ་མེད་པ་ཅན་

འགའ་ཞིག་ཀྱང་བྱས་པ་མ་ཡིན་པར་མངོན་པར་ཞེན་པར་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་འཇིག་རྟེན་པ་དང་རིག་བྱེད་པའི་ཡི་གེའི་གོ་རིམས་འདི་ཐམས་ཅད་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་གྲགས་པའི་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། དངོས་པོ་གང་དག་ལ་རབ་ཏུ་གྲགས་པའི་རྒྱུ་དང་འབྲས་བུ་ཡོད་པ་དེ་དག་ནི་རབ་ཏུ་གྲགས་པའི་རྒྱུ་དང་འབྲས་བུ་ཡོད་པ་ཅན་ནོ། །རབ་ཏུ་གྲགས་པའི་རྒྱུ་དང་འབྲས་བུ་ཡོད་པ་ཅན་ཡང་དེ་ཡིན་ལ་དངོས་པོ་ཡང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་དག་

གི་ཆོས་ནི་རང་གི་རྒྱུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་སྟེ། དེ་དག་ལས་མ་འདས་པའི་ཕྱིར་རོ། །དེ་ལྟར་ན་ཡི་གེའི་གོ་རིམས་ཐམས་ཅད་སྐྱེས་བུའི་འབད་རྩོལ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ནོ། །གང་གི་ཕྱིར་སྔགས་ཀྱི་སྐྱེས་བུས་བྱས་པ་དེ་

ཉིད་ཀྱི་ཕྱིར་སྐྱེས་བུ་ཐ་མལ་པ་དག་དང་ཐུན་མོང་ཡིན་པ་ཉིད་གྲུབ་སྟེ་ཁྱད་པར་མེད་པར་རོ། །གང་དག་གི་ཞེ་ན། གོ་རིམས་བྱེད་ཚུལ་ཅན་སྐྱེས་བུའི་ཞེས་བྱ་བ་ལ། སྔགས་ཞེས་བྱ་བ་སྔགས་ཀྱི་མིང་ཅན་ཡི་གེའི་གོ་རིམས་བྱེད་པ་གང་ཡིན་པ་དེ་དག་གིའོ། །གང་གི་ཐུན་མོང་མ་

เล่ม ๑๗๗ · หน้า 37b

ཡིན་པ་དེ་ཉིད་ཅེ་ན། ཤེས་པ་དང་མཐུ་དག་གིས་སོ། །དེ་ལ་ཤེས་པ་ནི་ཇི་ལྟར་འདོད་པ་བཞིན་དུ་འབྲས་བུ་སྒྲུབ་པར་བྱེད་པའི་ཡི་གེའི་གོ་རིམས་ཡོངས་སུ་ཤེས་པའོ། །མཐུ་ཇི་ལྟར་འདོད་པ་བཞིན་དུ་དོན་གྲུབ་པར་ནུས་པའོ། །ཅིའི་ཕྱིར་གཞན་དང་ཐུན་མོང་མ་ཡིན་པ་ཉིད་ཡིན་ཞེ་ན།

གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཐ་མལ་པ་ལ་གཞན་ལ་ཤེས་པ་དང་། མཐུ་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འཆད་དེ་སྐྱེས་བུ་ཐ་མལ་པ་གཞན་གྱིས་ཀྱང་ཡི་གེའི་གོ་རིམས་འདི་ནི་དུག་བཅོམ་པ་ལ་སོགས་པ་ནུས་པ་ཡིན་གྱི་

གཞན་ནི་མ་ཡིན་ན་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དབྱེ་བས་གལ་ཏེ་ཤེས་པར་འགྱུར་བ་དེའི་ཚེ་ཡི་གེའི་གོ་རིམས་དུག་བཅོམ་པ་ལ་སོགས་པ་ནུས་པ་དེ་རྣམ་པར་དབྱེ་བ་དེ་ཁོ་ན་བཞིན་དུ་རྟོགས་ཤིང་ནན་ཏན་དུ་བྱེད་པར་འགྱུར་ན་དེ་ལྟར་རྟོགས་པ་ནི་མ་ཡིན་ནོ། །དེ་བས་ན་སྔགས་ཞེས་བྱ་བའི་

ཡི་གེའི་གོ་རིམས་འདི་ནི་ངོ་བོ་ཉིད་ཀྱིས་ཏེ། གལ་ཏེ་དཔྱད་པ་དག་གིས་འབྲས་བུ་བྱེད་པ་ཉིད་དུ་ཁས་བླངས་པ་དེ་ལྟ་ན་ཡང་སྐྱེས་བུ་མང་པོ་དབང་པོ་ལས་འདས་པ་ནུས་པའི་ཁྱད་པར་དང་ལྡན་པ་འགའ་ཞིག་གིས་རྣམ་པར་ཤེས་པའི་སྐྱེས་བུ་ལྐོག་ཏུ་གྱུར་པ་མཐོང་བ་སྟེ། སྔགས་དང་

ནུས་པ་དང་དེའི་སྒྲུབ་པ་དང་དེའི་སྒྲུབ་པ་རིག་པའི་སྐྱེས་བུ་ཡོད་དོ། །ངོ་བོ་ཉིད་ཀྱིས་འབྲས་བུ་བྱེད་པ་ཉིད་ཡིན་ན་ཡང་ཞེས་བྱ་བ་ཁས་བླངས་ནས་བརྗོད་དོ། །སྤྱོད་པ་པ་སྔགས་ལས་དོན་གྲུབ་པར་འདོད་པའི་སྐྱེས་བུས་ཕུལ་དུ་བྱུང་བ་བསྒྲུབ་པའི་ཕྱིར་སྔགས་དག་བྱས་པ་ཉིད་

ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚིག་ལེའུར་བྱས་པ་ལས། ཤེས་མཐུ་དག་གི་སྔགས་ཤེས་པའི། གོ་རིམས་བྱེད་ཚུལ་ཅན་སྐྱེས་བུའི་ཐུན་མོང་མིན་པ་ཉིད་ཅེས་བཤད་དོ། །རྟགས་ཀྱི་ཁྱད་པར་ལས་སྐྱེས་བུ་སྔགས་དང་སྔགས་མ་ཡིན་པ་རྣམ་པར་དབྱེ་བར་བྱེད་ཀྱི་མངོན་སུམ་གྱིས་

ནི་མ་ཡིན་ནོ། །དེ་བས་ན་ལྐོག་ཏུ་གྱུར་པ་མཐོང་བའི་སྐྱེས་བུ་གྲུབ་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དོན་འདིས་ཞེས་བྱ་བ་ནི་ཡི་གེའི་གོ་རིམས་འདིས་དུག་ལ་སོགས་པ་སེལ་བའི་དོན་བྱེད་པར་ནུས་ཀྱི་འདིས་ནི་ཞེས་བྱ་བ་ཡི་གེའི་

เล่ม ๑๗๗ · หน้า 38a

གོ་རིམས་འདིས་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རྟགས་ལས་ཤེས་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྔགས་དང་སྔགས་མ་ཡིན་པའི་རྣམ་པར་དབྱེ་བ་རྟགས་ཀྱི་ཁྱད་པར་མ་འཆོལ་བ་མ་གྲུབ་པའི་ཕྱིར་རོ། །ཡི་གེ་རྣམས་ནི་ཐ་མལ་པའི་མངོན་སུམ་

གྱིས་རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྔགས་དང་སྔགས་མ་ཡིན་པ་དག་ནི་དེའི་རང་བཞིན་ཅན་ཡིན་པའི་ཕྱིར། ཐ་མལ་པའི་མངོན་སུམ་ཉིད་ལ་ངེས་པར་འགྱུར་ན་དབང་པོ་ལས་འདས་པའི་དོན་མཐོང་བ་བརྟགས་པས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་མངོན་སུམ་གྱིས་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་མངོན་སུམ་ཉིད་ཡིན་པས་ན་སྔགས་དང་སྔགས་མ་ཡིན་པ་དག་མངོན་སུམ་གྱིས་ཀྱང་འདི་ནི་སྔགས་ཡིན་ལ་འདི་ནི་སྔགས་མ་ཡིན་ནོ་ཞེས་མ་བསྟན་པ་སྟེ་དེ་སྐད་དུ་མ་བརྗོད་པ་དག་གོ། །ཡོངས་སུ་ཤེས་པ་མེད་པའི་ཕྱིར་ཏེ། འདིས་

ནི་དུག་སེལ་བར་ནུས་པ་ཡིན་ལ་འདིས་ནི་མ་ཡིན་ནོ་ཞེས་དེ་ལྟར་ངེས་པ་མེད་པའི་ཕྱིར་རོ། །རྫས་དུག་མཐོང་དུ་ཟིན་ཀྱང་མི་ཤེས་པའི་ཕྱིར་གསོད་པའི་ནུས་པ་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་བསྟན་པ་ལས་སྔགས་དང་སྔགས་མ་ཡིན་པ་ངེས་པར་འགྱུར་ཞེ་ན། བསྟན་དུ་ཟིན་ཀྱང་

ཞེས་བྱ་བ་སྨོས་སོ། །གལ་ཏེ་འགའ་ཞིག་གིས་སྔགས་འདིས་འབྲས་བུ་འདི་ལྟ་བུ་ཞིག་བྱེད་དོ་ཞེས་བསྟན་པར་འགྱུར་བ་དེ་ལྟ་ན་ཡང་ངོ་། །རྣམ་པ་འགའ་ཞིག་གིས་ཏེ་རྣམ་པ་ཇི་ལྟར་ཡང་སྔགས་ཀྱི་རང་བཞིན་རྣམ་པར་དབྱེ་བ་གང་ཡིན་པ་དེ་མི་ཤེས་པའི་ཕྱིར་རོ། །སྟོན་པ་པོ་

ཡང་སྐྱེས་བུ་ཙམ་ཉིད་ཡིན་པའི་ཕྱིར། སྔགས་དང་སྔགས་མ་ཡིན་པའི་བྱེ་བྲག་ཤེས་པར་མི་ནུས་ན་དེའམ། གཞན་གྱི་བསྟན་པ་གང་ལས་ངེས་པར་འགྱུར་ཞེས་བྱ་བར་དགོངས་སོ། །གཞན་དུ་འབྲས་བུ་མི་སླུ་བའི་ཕྱིར་གང་གི་ཚེ་སྔགས་ཀྱི་བསྒྲུབ་པར་བྱ་བའི་འབྲས་བུ་ཤེས་པར་

འགྱུར་བ་དེའི་ཚེ་སྔགས་འདི་ངེས་པར་འགྱུར་རོ། །སྔགས་ཀྱི་བསྒྲུབ་པར་བྱ་བའི་འབྲས་བུ་དེ་ཡང་བྱེད་པ་ལས་སྔར་ཞེས་བྱ་བ་སྔགས་ནན་ཏན་དུ་བྱེད་པ་ལས་སྔར་མཐོང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཚེ་དེ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །སྔགས་ངེས་པ་མེད་པར་

เล่ม ๑๗๗ · หน้า 38b

ཡང་སྔགས་ནན་ཏན་དུ་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་སྐྱེས་བུ་འགའ་ཞིག་དབང་པོ་ལས་འདས་པའི་དོན་མཐོང་བ་སྔགས་དང་སྔགས་མ་ཡིན་པའི་བྱེ་བྲག་རིག་པ་ཡོད་དོ་ཞེས་དེ་མི་འདོད་ན་ཡང་དཔྱོད་པ་པས་ཁས་བླང་བར་བྱའོ། །སྔགས་རྣམས་ནི་ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་

པར་ནུས་པ་ཉིད་དུ་ཁས་བླངས་ནས་དེ་སྐད་དུ་བཤད་པ་དེ་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར། གོ་རིམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་ཤེས་པའི་གོ་རིམས་འདི་ནི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་དངོས་པོའི་ནུས་པས་དུག་ལ་སོགས་པ་སེལ་བ་ལ་སོགས་པའི་བྱེད་པ་སྟེ། རྒྱུ་

ཡང་མ་ཡིན་གྱི་འོན་ཀྱང་སྐྱེས་བུའི་བརྡ་ལས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔགས་ནན་ཏན་དུ་བྱེད་པའི་སྐྱེས་བུ་འགའ་ཞིག་གི་སྔགས་མྱུར་དུ་གྲུབ་པའི་ཕྱིར་དང་། སྔགས་ཀྱི་བྱ་བ་ནན་ཏན་དུ་བྱེད་པར་མཚུངས་པ་གཞན་གྱི་དུས་རིང་པོ་ནས་གྲུབ་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་འབྲས་

བུ་འབྱིན་པ་ལ་ནི་དུས་ཐ་དད་པ་མི་རིགས་ཏེ། སྔགས་ཀྱི་རང་བཞིན་རྟག་པ་ནི་སྐྱེས་བུ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུ་གཞན་གྱི་སྔགས་ལས་འབྲས་བུ་གྲུབ་པ་ནི་བརྟུལ་ཞུགས་སྤྱོད་པ་ལ་སོགས་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་ཏེ། བརྟུལ་ཞུགས་ནི་སྔགས་ཀྱི་

རྟོགས་པ་ལས་བརྗོད་པའི་སྨྱུང་བའི་ངེས་པའོ། །དེ་ལ་སྤྱོད་པ་ནི་ནན་ཏན་དུ་བྱེད་པའོ། །སོགས་པའི་སྒྲས་ནི་སྔགས་ཀྱི་ཆོ་ག་སྦྱིན་སྲེག་ལ་སོགས་པ་གཟུང་ངོ་། །ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་པ་ཡིན་ན། བརྟུལ་ཞུགས་སྤྱོད་པ་ལ་སོགས་པ་ནན་ཏན་དུ་བྱེད་པ་ལ་ལྟོས་

པ་ཅི་ཞིག་བྱ་སྟེ། སྔགས་རྟག་པ་ནི་བརྟུལ་ཞུགས་ལ་སོགས་པ་ནན་ཏན་དུ་བྱེད་པས་ཁྱད་པར་དུ་བྱར་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་སྔགས་ཀྱི་ཡུལ་ཅན་བཟླས་པ་དང་སྦྱིན་སྲེག་ལ་སོགས་པའི་ལས། གཅིག་ལས་ཀྱང་སྐྱེས་བུ་འགའ་ཞིག་གི་ཆོ་ག་ནན་ཏན་དུ་བྱེད་པ་

མཚུངས་སུ་ཟིན་ཀྱང་གཅིག་གི་དོན་མཐོང་བའི་ཕྱིར་དང་། གཞན་གྱི་དོན་མེད་པ་མཐོང་བའི་ཕྱིར། ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་པ་མ་ཡིན་ནོ། །ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་པ་ཡིན་ན་ནི་དོན་དང་ལྡན་པར་མཚུངས་པར་འགྱུར་རོ། །སྔགས་དག་བྱ་བ་བྱེད་པ་ཞེས་བྱ་བ་

เล่ม ๑๗๗ · หน้า 39a

བ་ནི་དུག་ལ་སོགས་པའི་སེལ་བར་བྱེད་པ་ཡིན་དུ་ཟིན་ཀྱང་ངོ་། །ཡང་སྟེ་དུས་གཞན་དུ་སྐྱེས་བུ་དེ་ཉིད་ཀྱིས་སྦྱར་བ་དག་ནི་འབྲས་བུ་འགའ་ཞིག་ལ་སླུ་བའི་རྒྱུའི་ཕྱིར། རྣམ་པ་འདི་ནི་དངོས་པོའི་རང་བཞིན་ལ་རིགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་

བཞིན་ནི་སྐྱེས་བུ་ལ་སོགས་པ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །རང་བཞིན་འགའ་ཞིག་ལ་རང་བཞིན་མ་ཡིན་པར་འགྱུར་བ་མ་ཡིན་ནོ། །གང་གི་ཚེ་སྐྱེས་བུས་བྱས་པའི་བརྡ་ལས་འབྲས་བུར་འདོད་པ་དེའི་ཚེ་སྐྱོན་འདི་མེད་དོ། །དེ་ལྟར་ན་སྐྱེས་བུ་སྔགས་ཀྱི་བརྡ་བྱེད་པ་

རང་གི་འདོད་པས་འཇུག་པ་ཅན་ཡིན་པའི་ཕྱིར་སྐྱེས་བུ་འགའ་ཞིག་རྗེས་སུ་འཛིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་སོ། །རྒྱུ་དེས་ན་སེམས་ཅན་སྐལ་བ་མཉམ་པ་ལ་སོགས་པའི་དབང་གིས་ཏེ། སེམས་ཅན་སྔགས་ཀྱི་བྱ་བ་ནན་ཏན་དུ་བྱེད་པ་པོ་སྔགས་རྩོམ་པ་དང་

ལྷན་ཅིག་ཚུལ་ཁྲིམས་དང་སྤྱོད་པ་ལ་སོགས་པ་མཚུངས་པས་སྐལ་བ་མཉམ་པའོ། །སོགས་པའི་སྒྲས་ནི་རབ་ཏུ་སྦྱིན་པ་གཟུང་ངོ་། །དེའི་དབང་གིས་ནི་དེའི་ངོར་བྱེད་པས་སོ། །བསྙེན་པའི་ཁྱད་པར་ནི་བཟླས་པ་དང་། སྦྱིན་སྲེག་ལ་སོགས་པས་ལྷ་མཉེས་པར་བྱེད་པ་ནི་

བསྙེན་པའོ། །དེས་སྐྱེས་བུ་འགའ་ཞིག་རྗེས་སུ་འཛིན་པའི་སེམས་ཅན་སྐལ་བ་མཉམ་པ་ཉིད་ལ་སོགས་པ་དང་བྲལ་བ་གཞན་ནི་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བར་བྱེད་དེ། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ནི་ངེས་པ་ལ་

སོགས་པ་ནན་ཏན་དུ་བྱེད་པའོ། །བརྟུལ་ཞུགས་ཀྱི་སྤྱོད་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ཉམས་པ་ཞེས་བྱ་བ་ནི་མི་འདྲ་བ་ལས་གཅིག་ལུས་པའོ། །སོགས་པའི་སྒྲ་ནི་རེ་རེ་ལ་སྦྱར་བར་བྱ་སྟེ། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པ་དང་། བརྟུལ་ཞུགས་ཉམས་པ་ཞེས་བྱ་བ་ལ་སོགས་

པ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲ་དང་པོས་ནི་ཕྱིན་ཅི་མ་ལོག་པའི་ཆོ་ག་ནན་ཏན་དུ་བྱེད་པའོ། །བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པས་ཆོས་འཕེལ་བ་གྲུབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཆོས་ཀྱི་བདག་ཉིད་ཅན་གྱི་སྐྱེས་བུའི་ངོ་བོ་ཉིད་ཀྱིས་ཏེ། རང་

เล่ม ๑๗๗ · หน้า 39b

བཞིན་གྱིས་གྲུབ་པའོ། །བརྟུལ་ཞུགས་ཀྱི་སྤྱོད་པ་ཉམས་པ་ལ་སོགས་པས་ཀྱང་ཆོས་མ་ཡིན་པ་འཕེལ་བ་ཡོད་ན་སྐྱེས་བུ་ཆོས་མ་ཡིན་པའི་བདག་ཉིད་ཅན་གྱི་ངོ་བོ་མ་གྲུབ་པ་ཡིན་ནོ་ཞེས་ངག་གི་དོན་སྦྱར་བར་བྱའོ། །ངོ་བོ་ཉིད་ཀྱིས་ཀྱང་སྔགས་ལ་འབྲས་བུ་གྲུབ་པ་ན་ཇི་སྐད་དུ་

བཤད་པའི་རྣམ་པས་གྲུབ་པ་དང་མ་གྲུབ་པའི་ཁྱད་པར་དུ་འགྱུར་རོ་ཞེས་གཞན་སེམས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། ཆོས་ལ་ལྟོས་པའི་སྔགས་ལས་འབྲས་བུ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་འགལ་བ་དག་ཀྱང་སྟེ། སྔགས་

གྲུབ་པའི་རྒྱུ་བརྟུལ་ཞུགས་དག་མཁའ་འགྲོ་མ་དང་སྲིང་མོ་ལ་སོགས་པའི་རྒྱུད་དག་ལས་མཐོང་བའི་ཕྱིར་རོ། །མཁའ་འགྲོ་མའི་རྒྱུད་དང་སྲིང་མོའི་རྒྱུད་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །སོགས་པའི་སྒྲས་ནི་རྐུ་བའི་རྒྱུད་དང་དུང་ཅན་མའི་རྒྱུད་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །

ཆོས་འགལ་བ་དེ་དག་ཀྱང་གང་ཞེ་ན། སྲོག་གཅོད་པ་དང་ཞེས་བྱ་བ་སྨོས་པ་ལ། སྲོག་གཅོད་པ་ནི་སྲོག་ཆགས་གསོད་པའོ། །རྐུ་བ་ནི་འཕྲོག་པའོ། །འཁྲིག་པ་ནི་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པའོ། །དམན་པའི་ལས་ནི་བྱི་ལའི་མི་གཙང་བའི་གདུག་པའི་

སྦྱིན་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་ཆོས་འགལ་བ་གཞན་ཡང་གཟུང་ངོ་། །བརྟུལ་ཞུགས་གང་དག་ལ་སྲོག་གཅོད་པ་ལ་སོགས་པ་མང་ཞིང་ཆེས་མང་པོ་དག་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ཀྱང་སྟེ་ཇི་སྐད་དུ་བརྟུལ་ཞུགས་དག་གིས་ཀྱང་སྔགས་

ཀྱི་གྲུབ་པའི་ཁྱད་པར་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་ན་གང་གི་ཚེ་མཁའ་འགྲོ་མའི་རྒྱུད་ལ་སྲོག་ཆགས་བསད་ནས་ཟོས་པ་དེའི་ཚེ་སྔགས་ཀྱི་དངོས་གྲུབ་གྲུབ་པར་འགྱུར་རོ་ཞེས་དམ་ཚིག་རྣམ་པར་གཞག་པ་ཡིན་ནོ། །དེ་བཞིན་དུ་དུང་ཅན་མའི་རྒྱུད་ལ་རྐུ་བའི་སྤྱོད་པ་ལ་གྲུབ་བོ་

ཞེས་སྨྲ་བ་དང་། དེ་བཞིན་དུ་སྲིང་མོའི་རྒྱུད་འགའ་ཞིག་ལ་འཁྲིག་པ་སྤྱད་པས། ལྷ་འགའ་ཞིག་དངོས་གྲུབ་རབ་ཏུ་སྟེར་ཏོ་ཞེས་དམ་ཚིག་རྣམ་པར་གཞག་གོ། །གལ་ཏེ་སྲོག་གཅོད་པ་ལ་སོགས་པ་ཉིད་ཆོས་སུ་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་བུའི་ཞེས་བྱ་བ་ལ་

เล่ม ๑๗๗ · หน้า 40a

སོགས་པ་སྨོས་ཏེ། དེ་ལྟ་བུའི་རྣམ་པ་སྟེ་སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་ཅན་ཡང་ཆོས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཇི་ལྟ་བ་བཞིན་དུ་སྟེ། ཇི་ལྟར་སྐབས་ལ་བབ་པ་བཞིན་དུ་ཕྱིས་སྟོན་པར་འགྱུར་རོ། །དེ་ལྟར་རེ་ཞིག་

ཆོས་མ་ཡིན་པ་ལས་ཀྱང་གྲུབ་པ་མཐོང་ཞིང་ཆོས་ལས་ཀྱང་གྲུབ་པ་མཐོང་ངོ་ཞེས་བསྟན་པའི་ཕྱིར་བྱམས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བྱམས་པ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་སེམས་པའོ། །གཙང་སྦྲ་ནི་ཕྱི་དང་ནང་གི་རྣམ་པ་གཉིས་ཏེ། ཕྱིའི་ནི་ཁྲུས་

ལ་སོགས་པའོ། །ནང་གི་ནི་རྐུ་བ་ལ་སོགས་པ་ལས་ལྡོག་པའོ། །ཆོས་ནི་སྦྱིན་པ་ལ་སོགས་པས་གཞན་ལ་ཕན་འདོགས་པའོ། །བྱམས་པ་དང་གཙང་སྦྲ་དང་ཆོས་ལ་མཆོག་ཏུ་གཞོལ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་གྱུར་པའི་སྐྱེས་བུ་དག་རྒྱུ་མཚན་

དེ་ཉིད་དེ། བྱམས་པ་ལ་སོགས་པའི་རྒྱུ་མཚན་ཉིད་ཀྱིས་སོ། །གྲུབ་པ་འགའ་ཞིག་ཀྱང་ཞེས་བྱ་བ་བྱམས་པ་ལ་སོགས་པ་བཟློག་པས་ཐོབ་པ་གང་ཡིན་པ་སྟེ། མ་གྲུབ་པའི་ཕྱིར་རོ། །བཟློག་པ་དག་གིས་ཀྱང་སྟེ་ཞེ་སྡང་ལ་སོགས་པས་ཀྱང་གྲུབ་པའི་ཕྱིར་རོ། །ཆོས་

འཕེལ་བ་ལ་ལྟོས་ནས། སྔགས་གྲུབ་པ་ཞེས་བྱ་བ་ནི་མ་ཡིན་གྱི་ཞེ་སྡང་ལ་སོགས་པས་ཀུན་ནས་བསླང་བའི་སྲོག་གཅོད་པ་ལ་སོགས་པ་སྔགས་ཀྱི་ཆོ་ག་ནན་ཏན་དུ་བྱེད་པ་ཆོས་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་འཚེ་བ་ལ་སོགས་

པའི་མཚན་ཉིད་ཅན་གྱི་ལས་ཀྱི་ངོ་བོ་གཅིག་ལས་ཀྱང་དེ་དང་འགལ་བ་སྟེ། ཆོས་མ་ཡིན་པ་དང་འགལ་བའི་ཆོས་རིགས་པ་མ་ཡིན་ནོ། །ཆོས་མ་ཡིན་པ་ཞེས་བྱ་བ་ནི་སྔགས་ཀྱི་ཆོ་ག་རྣམ་པ་གཞན་དུ་ནན་ཏན་དུ་བྱས་པ་དེ་ཉིད་ལས་ཀྱང་ཆོས་མ་ཡིན་པ་མི་རིགས་ཏེ། དེ་

ཉིད་ཀྱང་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །དེ་སྐད་དུ་ཞེ་སྡང་ལ་སོགས་པའི་བསམ་པ་གང་གིས་སྔགས་ཀྱི་ཆོ་ག་ལས་གཞན་དུ་འཚེ་བ་ལ་སོགས་པ་ཆོས་མ་ཡིན་པ་བསྟན་པར་འགྱུར་ཞིང་བསམ་པ་དེ་ཉིད་ཀྱིས་སྔགས་ཀྱི་ཆོ་ག་ནན་ཏན་དུ་བྱེད་དུ་ཟིན་ཀྱང་འཚེ་བ་ལ་སོགས་པ་

เล่ม ๑๗๗ · หน้า 40b

བྱེད་པ་ཡིན་པའི་ཕྱིར་ཇི་ལྟར་ན་དེ་ཆོས་ཀྱི་ཡན་ལག་ཏུ་གྱུར་པ་ཡིན་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཞེ་སྡང་ལ་སོགས་པས་བྱས་པ་ཉིད་ཀྱི་ཕྱིར་སྲོག་གཅོད་པ་ལ་སོགས་པ་སྔགས་ཀྱི་ཆོ་ག་བཞིན་དུ་ནན་ཏན་དུ་བྱས་སུ་ཟིན་ཀྱང་ཆོས་མ་ཡིན་པ་ཉིད་ཡིན་ན། ད་ནི་ཇི་ལྟར་ན་ཆོས་

མ་ཡིན་པའི་བདག་ཉིད་ཅན་གྱི་བརྟུལ་ཞུགས་ལ་སོགས་པ་ལས་ཆོས་ཀྱི་འབྲས་བུ་འདོད་པ་ཞེས་བྱ་བ་སྔར་བཤད་པའི་སྲོག་ཆགས་གསོད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བརྟུལ་ཞུགས་ལས་སོ། །སོགས་པའི་སྒྲས་ནི་གཞན་དམན་པ་མི་གཙང་བ་ལ་སོགས་པའི་མཚན་ཉིད་ཅན་

ལས་སོ། །ཆོས་ཀྱི་འབྲས་བུ་འདོད་པ་ནི། ལོངས་སྤྱོད་ལ་སོགས་པའི་མཚན་ཉིད་ཅན་ཏེ་ཇི་ལྟར་ཐོབ་ཅིང་བསྟན་པར་འགྱུར། འབྲས་བུ་ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། འབྲས་བུ་འདོད་པ་དེས་ནི་ཆོས་མ་ཡིན་པའི་བདག་ཉིད་ཅན་གྱི་བརྟུལ་

ཞུགས་ལ་སོགས་པ་དེའི་རྣམ་པར་སྨིན་པ་སྟེ་ལས་ཀྱི་འབྲས་བུ་མ་ཡིན་གྱི། འོན་ཀྱང་སྔོན་བྱས་པའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་ནོ། །ཅི་འདྲ་བ་ཞེ་ན། བྲམ་ཟེ་གསོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ་ཟེ་གསོད་པའི་ལུང་དེ་ནན་ཏན་དུ་བྱས་ཏེ། བསྒྲུབ་

པ་ལ་ཡུལ་རྙེད་པ་བཞིན་ནོ། །དཔེར་ན་འགའ་ཞིག་གི་སྐྱེས་བུ་ལ་ལ་ལ་བྲམ་ཟེ་འདི་གསོད་ཅིག་ཁོ་བོས་ཁྱེད་ལ་ཡུལ་སྦྱིན་པར་བྱའོ་ཞེས་སྦྱར་བ་ན། དེས་དེའི་བསྒོ་བ་ནན་ཏན་དུ་བྱས་པ་ལས་གྲོང་རྙེད་པ་དེ་བྲམ་ཟེ་གསོད་པའི་འབྲས་བུ་ནི་མ་ཡིན་གྱི། བྲམ་ཟེ་གསོད་

པའི་སྤྱོད་པས་སྐྱེས་བུ་མགུ་བར་བྱས་པ་ལྷན་ཅིག་བྱེད་པ་རྙེད་པ་སྔོན་གྱི་དགེ་བའི་ལས་ཉིད་ཀྱིས་དེ་ལྟར་འབྲས་བུ་འབྱིན་པ་ལྟ་བུའོ། །འོ་ན་ཆོས་མ་ཡིན་པའི་བདག་ཉིད་ཅན་གྱི་བརྟུལ་ཞུགས་དེའི་འབྲས་བུ་ཅི་ཡིན་ཞེ་ན། ཆོས་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་མ་ཡིན་པའི་བདག་ཉིན་ཅན་གྱི་བརྟུལ་ཞུགས་དེའི་མ་འོངས་པའི་སྟེ་མ་འོངས་པ་ན་སྐྱེ་བ་ཅན་གྱི་འབྲས་བུ་དམྱལ་བ་ལ་སོགས་པ་མི་འདོད་པ་ཡིན་ནོ། །གལ་ཏེ་འདི་ལྟར་དགེ་བའི་ལས་ཀྱི་འབྲས་བུ་འདོད་པ་

เล่ม ๑๗๗ · หน้า 41a

ཡིན་ན་ཆོས་མ་ཡིན་པའི་བདག་ཉིད་ཅན་གྱི་སྔགས་ལ་སོགས་པའི་སྦྱོར་བ་དེ་ལ་ལྟོས་པ་དེ་ཅི་ཞིག་བྱ་ཞེ་ན། འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་འདོད་པ་ཅན་གྱིས་ལས་དེའི་སྟེ། ལས་གང་ལ་འབྲས་བུ་འདོད་པ་ཡོད་པ་ཞེས་བྱ་

བར་ཚིག་རྣམ་པར་སྦྱར་རོ། །ཆོས་མ་ཡིན་པའི་བདག་ཉིད་ཅན་མཁའ་འགྲོ་མའི་སྔགས་ལ་སོགས་པའི་སྦྱོར་བ་དེ་ཡང་ངོ་། །སོགས་པའི་སྒྲས་ནི་སྲོག་གཅོད་པ་ལ་སོགས་པའི་སྦྱོར་བ་གཟུང་ངོ་། །རྣམ་པ་འགའ་ཞིག་གིས་ཕན་འདོགས་པར་བྱེད་པའི་ཕྱིར་སྨིན་པར་བྱེད་

པ་སྟེ། འབྲས་བུ་འབྱིན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དགེ་བ་ལ་མི་དགེ་བ་ཕན་འདོགས་པར་བྱེད་པར་འགྱུར་ཞེ་ན། ཕན་འདོགས་པར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་འདོགས་པར་བྱེད་པའི་ནུས་པ་ནི་ལྷན་ཅིག་བྱེད་པའི་ངོ་བོ་སྣ་ཚོགས་པའི་ཕྱིར་

ཏེ། འགའ་ཞིག་གི་ཚེ་དགེ་བའི་མི་དགེ་བ་དང་། མི་དགེ་བའི་ཡང་དགེ་བ་ལྷན་ཅིག་བྱེད་པ་ཡིན་པ་ནི་སྣ་ཚོགས་པའོ། །དཔེར་ན་དགེ་བ་ཤིན་ཏུ་རྒྱ་ཆེན་པོ་བྱེད་པ་དག་གི་དམྱལ་བ་ལ་སོགས་པ་སྡུག་བསྔལ་གྱི་འབྲས་བུ་ཅན་མི་དགེ་བ་ལས་དག་དགེ་བའི་ལྷན་ཅིག་བྱེད་པ་

ཐོབ་པས་སྐྱེ་བ་འདི་ཉིད་ལ་ནད་ལ་སོགས་པ་ཙམ་བྱིན་ནས་ཟད་པར་འགྱུར་བ་ལྟ་བུའོ། །འབྲས་བུ་འདོད་པ་ཅན་གྱི་ལས་ཀྱི་ཆོས་མ་ཡིན་པ་བདག་ཉིད་ཅན་གྱི་སྔགས་ལ་སོགས་པའི་སྦྱོར་བ་རྣམས་འགའ་ཞིག་གིས་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བཤད་པ་དེ་ལ་རྣམ་པ་གང་

གིས་ཕན་འདོགས་པར་བྱེད་པ་སྟེ། བསྟན་པའི་ཕྱིར། སྐྱེས་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུའི་ཁྱད་པར་ནི་སྔགས་རྩོམ་པ་པོ་སྟེ་དེ་ཉིད་བསྟེན་པ་ཡིན་ནོ། །དེས་རྣམ་པར་སྨིན་པ་ནི་འབྲས་བུ་འབྱིན་པ་སྟེ་གང་ལ་དེ་ཉིད་ཀྱི་ཆོས་ཀྱི་རང་བཞིན་ཡོད་པ་དེ་ནི་སྐྱེས་བུའི་

ཁྱད་པར་གྱི་རྟེན་གྱི་རྣམ་པར་སྨིན་པའི་ཆོས་ཅན་ནོ། །ཆོས་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཁྱད་པར་རོ། །དེ་ཞེས་བྱ་བ་ནི་འབྲས་བུ་འདོད་པ་གྲུབ་པར་བྱེད་པའོ། །དེས་ཞེས་བྱ་བ་ནི་སྐྱེས་བུས་སོ། །བྱས་པ་ནི་སྐྱེ་བ་སྔ་མར་རོ། །དེ་ནི་དེ་ལྟར་མགུ་བར་བྱས་པས་ཞེས་བྱ་བ་ལ་ཆོས་དེ་ནི་

เล่ม ๑๗๗ · หน้า 41b

སྲོག་གཅོད་པ་ལ་སོགས་པའི་སྤྱོད་པས་དེ་ལྟར་མགུ་བར་བྱས་པས་ཏེ། སྔགས་རྩོམ་པ་པོའི་སྐྱེས་བུ་མགུ་བར་བྱས་པས་འབྲས་བུ་འབྱིན་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་ཅན་ཏེ་འདོད་པའི་འབྲས་བུ་ཅན་

གྱི་ལས་སྔགས་རྩོམ་པ་པོའི་སྐྱེས་བུ་དེས་བརྗོད་པས་སྲོག་གཅོད་པ་དང་ལྡན་པའི་བརྟུལ་ཞུགས་ལ་སོགས་པའི་སྦྱོར་བ་པོའོ། །སྦྱོར་བ་དེས་ཕན་འདོགས་པར་བྱེད་པ་ནི་ལས་ཡོངས་སུ་གསོ་བར་བྱེད་པའོ། །གང་ལ་དེ་རྣམ་པར་སྨིན་པ་སྟེ་འབྲས་བུ་འབྱིན་པར་བྱེད་པ་དེ་ཉིད་

ཀྱི་ཆོས་ཀྱི་རང་བཞིན་ཡོད་པ་དེ་ནི་དེ་ལྟ་བུའི་ཆོས་ཅན་ཏེ། བྱས་པ་ཉིད་ཡིན་པའི་རྒྱུའི་ཕྱིར་དེ་མགུ་བ་ལས་འབྲས་བུ་འབྱིན་པ་ཡིན་ནོ། །གལ་ཏེ་སྔགས་རྩོམ་པ་པོའི་སྐྱེས་བུ་མེད་པར་ཡང་དེས་ཕན་བཏགས་པ་སྟེ། སྔགས་དེ་འབའ་ཞིག་བཟླས་པ་ལ་སོགས་པའི་བྱ་བ་སྔགས་

ཀྱིས་ཕན་འདོགས་པར་བྱེད་པ་ལས་འབྲས་བུ་འབྱིན་པ་ཡིན་ནོ། །དེ་བས་ན་སྐྱེས་བུ་མགུ་བར་བྱས་པ་ལས་འབྲས་བུ་འབྱིན་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་དག་པ་མ་ཡིན་ནོ་ཞེས་གཞན་སེམས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་

ཡིན་ནོ། །དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་སྔགས་རྩོམ་པ་པོའི་རྣམ་པ་ནི་ཁ་དོག་དང་དབྱིབས་ལ་སོགས་པའོ། །རང་བཞིན་ནི་ཞི་བ་དང་དྲག་པོ་ལ་སོགས་པའོ། །སྤྱོད་པ་ནི་ལུས་དང་ངག་གི་བྱ་བའི་

མཚན་ཉིད་ཀྱི་གཡོ་འགུལ་ལོ། །རྣམ་པ་ལ་སོགས་པ་དེ་དག་གི་མོས་པ་ནི་ལྷག་པར་སྨོས་པ་སྟེ། དེ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། གལ་ཏེ་སྔགས་ཀྱི་བྱིན་གྱིས་བརླབས་པ་པོའི་སྐྱེས་བུ་ཡོད་པ་མ་ཡིན་ན། ཅིའི་ཕྱིར་དེའི་རྣམ་པ་ལ་སོགས་པ་ལ་ལྷག་པར་

མོས་པར་འགྱུར། སྦྱོར་བ་ནི་སྐྱེས་བུ་གང་ལ་ཕན་འདོགས་པར་བྱེད་པར་མི་འགྱུར་བ་དེ་ནི་དེའི་རྣམ་པ་ལ་ཡང་མོས་པར་བྱ་བ་མ་ཡིན་ཏེ། དཔེར་ན་དུག་ལ་སོགས་པའི་ལས་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ལམ་པོ་ཆེ་པའི་སྐྱེས་བུའི་མོས་པ་བཞིན་ནོ། །ནམ་མཁའ་

เล่ม ๑๗๗ · หน้า 42a

ལྡིང་ལ་སོགས་པའི་སྐྱེས་བུ་ནམ་མཁའ་ལྡིང་གི་སྔགས་འཆང་བ་ཡང་དུག་ལ་སོགས་པའི་ལས་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་གྱུར་པ་ནི་མ་ཡིན་ཏེ། མོས་པ་ལས་འབྲས་བུར་གྱུར་

པ་དེ་བས་ན་སྐྱེས་བུ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པའོ། །གང་དང་གང་སྐྱེས་བུའི་ཁྱད་པར་རྣམ་པ་དང་རང་བཞིན་དང་སྤྱོད་པ་ལ་མོས་པ་ལས་སྐྱེ་བའི་ཆོས་ཅན་དེ་ནི། རྣམ་པ་དང་རང་བཞིན་དང་སྤྱོད་པ་དང་ལྡན་པའི་སྐྱེས་བུའི་བྱིན་གྱིས་བརླབས་པ་སྔོན་དུ་

སོང་བ་ཅན་ཡིན་ཏེ། དཔེར་ན་རྒྱལ་པོ་སྟེན་པ་ཅན་དེའི་རྣམ་པ་ལ་སོགས་པ་ལ་གུས་པ་དང་ལྡན་པ་དག་གི་རྒྱལ་པོ་དག་ལས་འབྲས་བུའི་ཁྱད་པར་འབྱུང་བ་ལྟ་བུའོ། །དུག་ལ་སོགས་པ་ཞི་བའི་མཚན་ཉིད་ཅན་གྱི་འབྲས་བུའི་ཁྱད་པར་ཡང་སྐྱེས་བུའི་ཁྱད་པར་རྣམ་པ་དང་། རང་

བཞིན་དང་སྤྱོད་པ་དང་མོས་པ་ལས་སྐྱེ་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །ཅི་སྟེ་སྐྱེས་བུ་དེ་ཡང་ཕན་འདོགས་པར་བྱེད་པ་ཉིད་དུ་འདོད་པ་དེའི་ཚེ། སྔགས་རྩོམ་པ་པོའི་སྐྱེས་བུ་དེ་ཡང་སྔགས་ལས་འབྲས་བུའི་གྲུབ་པ་ཉིད་ལ་ཕན་འདོགས་པར་

བྱེད་པ་ཉིད་ཡིན་པར་ཁས་ལེན་ན། སྐྱེས་བུའི་ཁྱད་པར་ཡོན་ཏན་ཐུན་མོང་མ་ཡིན་པ་ཅན་གྲུབ་སྟེ། གང་ལ་ཡོན་ཏན་ཐུན་མོང་མ་ཡིན་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེ་དག་ལ་མོས་པ་ཁོ་ན་སྟེ། སྐྱེས་བུའི་ཁྱད་པར་རྣམ་པ་དང་རང་བཞིན་དང་

སྤྱོད་པ་ལ་མོས་པ་ཁོ་ནས་དུག་གི་ལས་ལ་སོགས་པ་བྱེད་པའི་ཕྱིར་རོ། །དེ་བས་ན་སྔགས་སྐྱེས་བུས་བྱས་པ་ཡིན་དུ་ཟིན་ཀྱང་དེའི་ཉེ་བར་སྦྱོར་བ་ལ་ལྟོས་པ་མེད་པ་སྟེ། སྐྱེས་བུའི་ཁྱད་པར་གྱི་ཉེ་བར་སྦྱོར་བ་ལ་ལྟོས་པ་མེད་པར་རོ། །རང་བཞིན་གྱིས་ཏེ་ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་པ་

མ་ཡིན་གྱི་སྐྱེས་བུའི་ཁྱད་པར་གྱི་ཉེ་བར་སྦྱོར་བ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་ནོ། །གལ་ཏེ་སྐྱེས་བུ་སྔགས་བྱེད་པ་ཉིད་ཡོན་ཏན་ཐུན་མོང་མ་ཡིན་པ་ཅན་ཡིན་ན། ཇི་ལྟར་ན་མཐུ་ལ་སོགས་པའི་ཁྱད་པར་དང་བྲལ་བ་ཡང་རྒྱུད་རིག་པ་སྔགས་དག་བྱེད་པར་འགྱུར་ཞེ་ན། དེའི་

เล่ม ๑๗๗ · หน้า 42b

ཕྱིར་གང་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་སྔགས་དང་ལྡན་པ་ནི་རྒྱུད་ཡིན་ཏེ། གང་དག་གི་རིག་པ་དེ་དག་ནི་གང་ཡང་རྒྱུད་རིག་པའོ། །འགའ་ཞིག་གིས་ཏེ་ད་ལྟར་ཡང་སྔ་ན་མེད་པའི་སྔགས་ཅུང་ཟད་བྱེད་པར་འགྱུར་བ་དེ་ནི་དེ་དག་འབའ་ཞིག་གི་ནུས་པ་ཡིན་གྱི།

འོན་ཀྱང་དེ་དག་གི་དེ་གང་གི་རྒྱུད་ལ་བརྟེན་པ་དེ་དག་གི་བྱེད་པའི་སྐྱེས་བུ་ཕུལ་དུ་བྱུང་བ་གང་ཡིན་པ་དེ་གཙོ་བོ་སྟེ། བདག་པོའོ། །མཐུ་ནི་ནུས་པའོ། །ཅིའི་ཕྱིར་ཞེ་ན། དེས་བཤད་རིགས་པ་འཇུག་ཕྱིར་ཏེ། །གཙོ་བོ་དེས་དེ་དག་གི་དམ་ཚིག་ལ་སོགས་པའི་རིགས་པ་བསྟན་པ་དེའི་རྗེས་སུ་

འཇུག་པའི་ཕྱིར་རོ། །གཙོ་བོ་དེས་མཉེས་པས་དེ་བརྩམས་པའི་སྔགས་ཀྱང་བྱིན་གྱིས་རློབ་པར་བྱེད་དོ་ཞེས་བྱ་བར་དགོངས་སོ། །ལམ་པོ་ཆེའི་སྐྱེས་བུ་ལ་ཞེས་བྱ་བ་ལ་སོགས་པ་ཕྱོགས་སྔ་མར་དགོད་པ་སྔོན་དུ་སོང་བ་ཅན་གྱི་ཚིག་ལེའུར་བྱས་པའི་དོན་འཆད་པར་བྱེད་དོ། །ལམ་པོ་

ཆེའི་སྐྱེས་བུ་ཞེས་བྱ་བ་ནི་ཐ་མལ་པའི་སྐྱེས་བུའོ། །འགའ་ཞིག་ནམ་མཁའ་ལྡིང་གི་སྔགས་ཀྱི་མཚན་ཉིད་ཅན་གྱི་རྒྱུད་ཤེས་པ་ལ་སོགས་པ་བདག་ཉིད་ཀྱིས་སྔགས་བྱས་པ་དག་གིས་དུག་ལ་སོགས་པ་ཞི་བའི་མཚན་ཉིད་ཅན་གྱི་ལས་ཅུང་ཞིག་བྱེད་པར་འགྱུར་རོ། །དེ་དག་

ཀྱང་ཁྱད་པར་མ་ཡིན་ཏེ། ཆང་འཐུང་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ཀྱང་ཞེས་བྱ་བ་ནི་སྔགས་རྩོམ་པ་པོ་མཐུ་དང་ལྡན་པ་ཉིད་དུ་མངོན་པར་འདོད་པ་དག་ཀྱང་ངོ་། །ཕུལ་དུ་བྱུང་བ་མ་ཡིན་པ་ལམ་པོ་ཆེའི་སྐྱེས་བུ་དང་འདྲ་བར་ཕུལ་དུ་བྱུང་བས་སྟོང་པར་

འགྱུར་བ་དང་། སྔགས་ཀྱི་བྱེད་པ་པོར་ཡང་འགྱུར་རོ། །དེ་ལྟར་ན་མཐུ་དང་ལྡན་པའི་སྐྱེས་བུ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མཐུ་དང་བྲལ་བ་དག་གིས་སྔགས་ཀྱི་བྱེད་པ་པོ་མ་ཡིན་ཏེ། ལམ་པོ་ཆེའི་

སྐྱེས་བུ་ནམ་མཁའ་ལྡིང་ལ་སོགས་པའི་སྔགས་བྱེད་པའི་སྐྱེས་བུ་གང་ཡིན་པ་དེ་དག་ནི་སྔགས་རྩོམ་པ་པོ་མཐུ་དང་ལྡན་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་སྔགས་བྱེད་པར་ནུས་པ་ཉིད་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དེས་བྱས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་

เล่ม ๑๗๗ · หน้า 43a

ཕུལ་དུ་བྱུང་བ་དང་ལྡན་པའི་སྐྱེས་བུ་དེས་བྱས་པའི་དམ་ཚིག་རྗེས་སུ་སྐྱོང་ཞིང་སྲུང་བ་དང་། དེའི་མན་ངག་གི་ཞེས་བྱ་བ་མཐུ་དང་ལྡན་པའི་སྐྱེས་བུའི་མན་ངག་གི་དམ་ཚིག་ནན་ཏན་དུ་བྱེད་པ་སྔགས་བྱེད་པར་ནུས་སོ། །དེ་ལ་གང་ལས་འདས་པ་ལ་ཡང་

དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་བྱ་བ་བསྐྱེད་པ་དེ་ནི་དམ་ཚིག་ཡིན་ཞིང་དེ་ལས་གཞན་པའི་ཆོ་ག་ནི་མན་ངག་ཡིན་ནོ་ཞེས་བྱ་བ་དམ་ཚིག་དང་མན་ངག་གི་ཁྱད་པར་ཡིན་ནོ། །གལ་ཏེ་དེ་ཉིད་ཇི་ལྟར་ཁོང་དུ་ཆུད་པར་འགྱུར་ཞེ་ན། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་

དང་ལྡན་པ་དེའི་དམ་ཚིག་གང་ཡིན་པ་དང་། མན་ངག་གང་ཡིན་པ་དེ་ལ་ལྟོས་པ་མེད་པའི་སྐྱེས་བུ་ལ་སྔགས་རྩོལ་བའི་ནུས་པ་མེད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་ཞེས་བྱ་བ་ལམ་པོ་ཆེའི་སྐྱེས་བུས་བྱས་པའི་སྔགས་

དག་ལ་ཡང་དེའི་རྣམ་པ་བསམ་གཏན་བྱེད་པ་ལ་སོགས་པ་ཉིད་ནི་སྐྱེས་བུའི་མཐུ་དང་ལྡན་པའི་རྣམ་པ་བསམ་པ་ལ་སོགས་པ་ཉིད་དུའོ། །སོགས་པའི་སྒྲས་ནི་རང་བཞིན་དང་སྤྱོད་པ་བསམ་གཏན་བྱེད་པ་གཟུང་ངོ་། །ནམ་མཁའ་ལྡིང་ལ་སོགས་པ་དེ་དག་གིས་རབ་ཏུ་

སྦྱར་བའི་ཕྱིར་ཏེ། འཇུག་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་དེས་བྱིན་གྱིས་བརླབས་པ་སྟེ། སྐྱེས་བུ་མཐུ་དང་ལྡན་པས་བྱིན་གྱིས་བརླབས་པ་དེ་དག་ཉིད་བདག་ཉིད་ཀྱིས་བྱས་པའི་སྔགས་ཀྱི་བཟླས་པ་བྱེད་པར་འགྱུར་བ་དེ་ཉིད་དེ་འདྲ་བར་ཤེས་

ཤིང་རྟོགས་པར་བྱའོ། །གཞན་ཡང་རྒྱུད་ཤེས་པ་འགའ་ཞིག་སྔགས་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ན། སྐྱེས་བུ་ཕུལ་དུ་བྱུང་བ་ཉིད་བསྒྲུབས་པ་ཡིན་ནོ། །གང་གི་ཕྱིར་དེ་འདྲ་བའི་མཐུ་དང་ལྡན་པ་རྒྱུད་ཤེས་པའི་སྔགས་བྱེད་པ་དེ་ཉིད་ཀྱང་དེ་ཉིད་ཀྱིས་དེ་ལས་གཞན་པ་རྒྱུད་ཤེས་པ་མ་

ཡིན་པའི་སྐྱེས་བུ་དང་ཐུན་མོང་མ་ཡིན་པ་ཅན་གྱི་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྐྱེས་བུས་བྱིན་གྱིས་བརླབས་པ་ཉིད་ཀྱི་སྔགས་དག་འབྲས་བུ་འབྱིན་པ་དེའི་ཕྱིར། འབྲས་བུ་འདོད་པས་སྔགས་རྣམས་ནི་བྱས་དང་སྟེ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའོ། །སྐྱེས་བུས་བྱས་པ་ནི་

เล่ม ๑๗๗ · หน้า 43b

སྐྱེས་བུས་བྱིན་གྱིས་བརླབས་པ་སྟེ། སྔགས་དག་རྟག་པ་མ་ཡིན་གྱི་འོན་ཀྱང་བྱས་པ་དག་ཡིན་ནོ། །བྱས་པ་ཉིད་ཡིན་དུ་ཟིན་ཀྱང་འབྲས་བུ་འབྱིན་པ་ན་སྐྱེས་བུ་ལ་ལྟོས་པ་མེད་པ་མ་ཡིན་པ་དེ་ལྟར་ན་དོན་གཉི་ག་ལ་བསྟན་པར་བྱ་བའི་ཕྱིར། བྱས་དང་སྐྱེས་བུས་བྱས་བརྗོད་བྱ། །ཞེས་

བྱ་བ་གཉི་ག་བརྗོད་པ་ཡིན་ནོ། །མ་བྱས་པ་དག་གི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རིག་བྱེད་པའི་སྔགས་རྟག་པ་དག་ལ་རྐན་ལ་སོགས་པའི་བྱ་བས་བརྗོད་པའི་མཚན་ཉིད་ཅན་གྱི་སྦྱོར་བ་ཡོད་པ་མ་ཡིན་ཏེ། རྟག་པ་ནི་ཕུལ་དུ་བྱུང་བ་ཉིད་དུ་བྱར་མེད་པ་ཉིད་ཀྱི་

ཕྱིར་རོ། །སྦྱོར་བ་མེད་པ་དག་ལས་འབྲས་བུ་མེད་པའི་ཕྱིར་སྦྱོར་བ་ལས་འབྲས་བུ་འདོད་པ་ཉིད་ཀྱིས་སྔགས་རྣམས་བྱས་པ་དང་། སྐྱེས་བུས་བྱས་པར་བརྗོད་པ་སྟེ་སྐྱེས་བུས་བྱིན་གྱིས་བརླབས་པ་ཉིད་ལས་འབྲས་བུ་འབྱིན་པར་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱེས་

བུའི་བྱིན་གྱི་རླབས་མེད་པར་ཏེ། སྐྱེས་བུའི་བྱིན་གྱིས་བརླབས་པ་མ་གཏོགས་པར་དངོས་པོའི་ནུས་པ་ལ་སོགས་པ་གཞན་ལས་སྔགས་ཀྱི་འབྲས་བུ་མེད་པ་ཅན་དག་གི་འབྲས་བུ་མཐོང་བའི་ཕྱིར་རོ། །འབྲས་བུ་མཐོང་བ་དེ་ཡང་སྐྱེས་བུའི་བྱིན་གྱི་རླབས་ཁོ་ན་ཡིན་གྱི་རྣམ་པ་གཞན་

དུ་ནི་མ་ཡིན་ནོ། །ཇི་ལྟར་སྐྱེས་བུས་བྱིན་གྱིས་བརླབས་པ་ལ་ལྟོས་པ་མེད་པ་དག་གི་དངོས་པོའི་ནུས་པ་འབྲས་བུ་འབྱིན་པ་མ་ཡིན་པ་དེ་ལྟར། གལ་ཏེ་དངོས་ནུས་དེ་འདྲ་ན། །དེ་དག་ཀུན་གྱི་སྒྲུབ་བྱེད་འགྱུར། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་ཟིན་ཏོ།། །།ཚད་མ་

རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་དྲུག་པ། དཔེ་བསྟན་པའི་ཕྱིར་བརྡར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོའི་སྙན་དངགས་ལ་སོགས་པ་འདི་སྐད་དུ་ཀློག་པར་འགྱུར་བ་དེ་ལ་ཁོ་བོས་དོན་འདི་བསྒྲུབ་པར་བྱའོ་ཞེས་དེ་སྐད་དུ་སྙན་དངགས་ལ་སོགས་པ་

གང་ཡིན་པ་ལ་བརྡར་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི་བཟོའི་གནས་ལ་སོགས་པ་གཟུང་ངོ་། །དེ་ནི་བརྡར་བྱས་པ་ཅན་གྱི་སྙན་དངགས་ལ་སོགས་པ་སྟེ། དེ་དང་འདྲ་བས་ན་དེ་བཞིན་ནོ། །ཇི་ལྟར་དེ་ལ་སྙན་དངགས་ལ་སོགས་པ་འདོན་པར་བྱེད་པ་

เล่ม ๑๗๗ · หน้า 44a

དག་ནི་སྐྱེས་བུའི་བྱིན་གྱི་རླབས་ཀྱིས་འབྱིན་པ་དེ་དང་འདྲ་བར་སྔགས་དག་གིས་ཡང་ཞེས་བྱ་བའི་དོན་ཏོ། །སྐྱེས་བུའི་དབང་པོ་ལས་འདས་པའི་དོན་མཐོང་བ་ལ་ནུས་པ་མེད་ཅེས་བྱ་བ་འདི་ལྟར་ནུས་པ་མེད་པའི་སྒྲུབ་པར་བྱེད་པ་སྟེ། གང་ཅུང་ཟད་དཔྱོད་པ་པས་

བརྗོད་པ་སྟེ། དེ་ཐམས་ཅད་ནི་སྔགས་བྱེད་པའི་ཤེས་པའི་མཐུ་ཕུལ་དུ་བྱུང་བའི་སྒྲུབ་པར་བྱེད་པ་འདི་ཉིད་ཀྱིས་ནི་བསལ་བ་ཡིན་ཏེ། སྐྱེས་བུའི་ཕུལ་དུ་བྱུང་བ་སྒྲུབ་པར་བྱེད་པ་དངོས་པོའི་སྟོབས་ཀྱིས་འོངས་པའི་ཚད་མས་དངོས་པོའི་སྟོབས་ཀྱིས་འོངས་པ་མ་ཡིན་པ་ནུས་པ་མེད་པའི་

སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཚད་མ་མ་ཡིན་པ་ཉིད་དུ་བསྒྲུབ་པ་ཡིན་ཏེ། ནུས་པ་མེད་པའི་སྒྲུབ་པར་བྱེད་པར་དམ་བཅས་པ་ཐམས་ཅད་ལ་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྔགས་

རྣམས་སྐྱེས་བུས་བྱས་པ་དང་དེས་བྱིན་གྱིས་བརླབས་པ་སྟེ། སྐྱེས་བུས་བྱིན་གྱིས་བརླབས་པ་ལས་སྔགས་རྣམས་འབྲས་བུ་འབྱིན་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་བསྟན་ཟིན་ཏོ། །སྐྱེས་བུ་ཐམས་ཅད་སྔགས་བྱེད་པའམ་བྱིན་གྱིས་རློབ་པར་ནུས་པ་མ་ཡིན་པ་དེ་བས་ན་ཞེས་བྱ་བ་དེའི་ཕྱིར།

སྐྱེས་བུ་སྔགས་བྱེད་པ་དེ་ཕུལ་དུ་བྱུང་བ་འགའ་ཞིག་དང་ལྡན་པ་དེའི་ཕྱིར་སྐྱེས་བུ་ཕུལ་དུ་བྱུང་བ་དེ་སྤོང་བར་བྱེད་པའི་སྒྲུབ་པར་བྱེད་པ་དག་ཀྱང་བསལ་ཞིང་སྤངས་པ་ཡིན་ནོ། །དེས་ཀྱང་གཞན་གྱིས་བཤད་པའི་ཕུལ་དུ་བྱུང་བ་སྤོང་བ་སྒྲུབ་པར་བྱེད་བ་འགལ་བ་མི་འཁྲུལ་བ་ཉིད་

བསལ་བར་བྱེད་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བ་སྒྲུབ་པར་བྱེད་པའི་དངོས་པོའི་སྟོབས་ཀྱིས་འོངས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཟུར་འདིས་བརྗོད་དོ། །སྐྱེས་བུའི་ཕུལ་དུ་བྱུང་བ་སེལ་བར་བྱེད་པའི་དངོས་པོའི་སྟོབས་ཀྱིས་འོངས་པའི་སྒྲུབ་པར་

བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྐྱེས་བུ་ཕུལ་དུ་བྱུང་བ་ཅན་ཉིད་དུ་མངོན་པར་འདོད་པ་ནི་བློ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་དབང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་སྨྲ་བའི་ཕྱིར་དང་། སྐྱེས་བུ་ཉིད་ཡིན་པའི་ཕྱིར་ཕུལ་དུ་བྱུང་བ་དང་ལྡན་པ་མ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་

เล่ม ๑๗๗ · หน้า 44b

ཞེས་བྱ་བ་འདི་ཡོད་པ་མ་ཡིན་ནམ་ཞེ་ན། བློ་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་དང་དབང་པོ་དང་སྨྲ་བ་དང་སྐྱེས་བུ་ཉིད་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །བློ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། དབང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་སྨྲ་བའི་ཕྱིར་དང་སྐྱེས་བུ་ཉིད་ཡིན་པའི་ཕྱིར་རོ། །སོགས་པ་སྨོས་

པ་ནི་ལག་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བར་བྱེད་པའི་སྒྲུབ་བྱེད་གང་བརྗོད་པ་དེ་དག་ཐམས་ཅད་ཚད་ལྟར་སྣང་ཡིན་ཏེ། མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་མི་མཐུན་པའི་

ཕྱོགས་ལ་འཇུག་པ་ཅན་གྱི་ཐེ་ཚོམ་ཟ་བས་ལྷག་མ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ལྷག་ལྡན་ལས་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ངེས་པ་ལས་སོ། །ཇི་བཞིན་དོན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །རྟོགས་པ་ནི་རྗེས་སུ་དཔག་པའི་རྟོགས་པ་སྟེ་དེ་ཡོད་པ་མ་ཡིན་ནོ། །བློ་དང་ཞེས་བྱ་

བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་གོ་བར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །སྒྲུབ་པར་བྱེད་པ་དེ་ཡང་གང་ཞེ་ན། བློ་དང་དབང་པོ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་གོ་བར་བྱེད་

པ་མ་ཡིན་ཞེ་ན། སྤོང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤོང་བ་དང་སྤྱི་ནི་སྤོང་བ་དང་སྤྱིའོ། །དེ་དག་གི་སྒྲུབ་པར་བྱེད་པ་དེ་དག་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་བློ་དང་ལྡན་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པས་སྐྱེས་བུའི་ཕུལ་དུ་བྱུང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་

སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བ་སྒྲུབ་པའམ། སྐྱེས་བུའི་ཕུལ་དུ་བྱུང་བ་གང་ཡིན་པ་དེ་ལམ་པོ་ཆེའི་མི་དང་མཚུངས་པ་ཞེས་བྱ་བ་སྐྱེས་བུ་ཅིག་ཤོས་ཀྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་གྲང་ན། དེ་ལ་གཉི་ག་ལ་ཡང་སྲིད་པ་མ་ཡིན་ནོ། །དབང་པོ་ཞེས་བྱ་བ་ལ་སོགས་པས་སྤོང་བ་སྒྲུབ་

པར་བྱེད་པ་མེད་པར་སྟོན་པ་ཡིན་ཏེ། དབང་པོ་ལས་འདས་པའི་དོན་དག་ལ་དེ་མ་མཐོང་བ་སྟེ། དབང་པོ་ལས་འདས་པའི་དོན་མ་མཐོང་བའི་སྤོང་བ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་དུ་ཟིན་ཀྱང་དབང་པོ་ལས་འདས་པའི་དོན་དེ་དག་ཚུ་རོལ་མཐོང་བས་མི་ཤེས་པའི་དོན་གྱི་

เล่ม ๑๗๗ · หน้า 45a

ཕྱིར། །དེ་བས་ན་མ་མཐོང་བ་ཙམ་གྱིས་སྤོང་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འགལ་བ་གྲུབ་པ་ལས་སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དབང་པོ་ལས་འདས་པ་དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་ཕུལ་དུ་བྱུང་བ་ནི་བློ་དང་ལྡན་པ་ཉིད་ལ་

སོགས་པའི་གཏན་ཚིགས་དང་འགལ་བ་རྣམ་པ་གཉི་ག་ཡང་མ་གྲུབ་པའི་ཕྱིར་རོ། །འགལ་བ་མེད་པ་སྟེ་སྨྲ་བ་ཉིད་ལ་སོགས་པ་དང་སྐྱེས་བུའི་ཕུལ་དུ་བྱུང་བ་དང་ལྷན་ཅིག་གཅིག་ལ་ཡོད་པ་འགལ་བ་མེད་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །ཅིག་ཤོས་ཀྱི་ཞེས་བྱ་བ་ལ་

སོགས་པས་སྤྱི་སྒྲུབ་པར་བྱེད་པ་མེད་པར་སྟོན་ཏེ། ཅིག་ཤོས་ཚུ་རོལ་མཐོང་བའི་སྐྱེས་བུ་དང་དེའི་ཕུལ་དུ་བྱུང་བ་དང་ལྡན་པའི་སྤྱི་ཡང་འགྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལས་འདས་པ་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཁྱད་པར་མེད་པ་གང་ཡིན་པ་དེའི་

ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་གཞན་ལ་གནས་པ་སྐྱེས་བུ་ཙམ་མངོན་སུམ་མ་ཡིན་པ་དབང་པོ་ལས་འདས་པའི་དོན་མཐོང་བ་ལ་སོགས་པ་དེ་འདྲ་བ་དག་ལ་མེད་པ་གྲུབ་པར་བྱེད་པའི་མི་དམིགས་པ་འགའ་ཞིག་གིས་བརྗོད་པ་མི་དམིགས་པ་དེ་ནི་སྔར་གཏན་ཚིགས་ཉིད་

ཡིན་པ་སྤངས་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུ་ལ་སོགས་པའི་སྤྱི་དག་ལ་ཡང་། བདག་ཉིད་ཇི་ལྟ་བ་བཞིན་དུ་འདུས་བྱས་པ་ལས་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་འགའ་ཞིག་ཀྱང་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཕུལ་དུ་བྱུང་བ་གཞན་ཡང་བསམ་པར་བྱ་བ་

ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྱད་པར་ཡོད་པ་ཅན་གྱི་སྐྱེས་བུ་ཁྱད་པར་ཡོད་པ་ཅན་སྐྱེས་བུ་ཅིག་ཤོས་ཀྱི་ཡང་སྤྱི་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ཡང་སྔར་བཤད་ཟིན་ཏོ། །དེ་བས་ན་རྗེས་སུ་དཔག་པ་ལ་ལྷག་མ་དང་ལྡན་པ་དེ་ནི་སྐྱེས་བུའི་ཕུལ་དུ་བྱུང་བ་མེད་པར་བསྟན་པ་ལ་ནུས་

པ་མེད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་སྟེ། གལ་ཏེ་མི་མཐུན་པའི་ཕྱོགས་ལ་སྐྱེས་བུའི་ཕུལ་དུ་བྱུང་བ་སྨྲ་བ་ཉིད་ལ་སོགས་པ་འཇུག་པ་མ་མཐོང་བ་དེ་ལྟར་ན་ཡང་གནོད་པ་ཅན་མེད་པས། ལྡོག་པ་ལ་ཐེ་ཚོམ་ཟ་བའི་རྒྱུའི་ཕྱིར་ནུས་པ་མེད་

เล่ม ๑๗๗ · หน้า 45b

པ་ཡིན་ནོ། །གཞན་ཡང་དེ་སྐད་དུ་བརྗོད་པ་ཞེས་བྱ་བ་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་བརྗོད་པ་རྒྱལ་དཔོག་པ་དག་གིའོ། །རང་ཉིད་ཀྱི་ཚིག་ལ་ཞེས་བྱ་བ་འགའ་ཞིག་གིས་ཕུལ་དུ་བྱུང་བ་དང་ལྡན་པ་རྒྱལ་དཔོག་པ་ལ་

སོགས་པ་ལས་རིག་བྱེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཞེས་སྐྱེས་བུའི་ཕུལ་དུ་བྱུང་བ་ཁས་ལེན་པའི་ཚིག་ལའོ། །དབང་པོ་ལས་འདས་པའི་དོན་ཤེས་པའི་སྐྱེས་བུ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རང་གི་ཚིག་འདི་དང་འགལ་བར་བྱེད་པ་སྟེ་གནོད་པར་

བྱེད་དོ། །སྐྱེས་བུ་ཕུལ་དུ་བྱུང་བ་དང་ལྡན་པ་བསལ་བས་རིག་བྱེད་ཀྱི་དོན་རྟོགས་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་རིག་བྱེད་པའི་སྒྲ་ནི་ཁོ་བོས་འདིའི་དོན་དང་། དོན་མིན་ཞེས་བདག་ཉིད་རྗོད་མི་བྱེད། དེས་ན་མེ་ལ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་

མངོན་པར་འདོད་པ་གང་ཡིན་པའི་དཔྱོད་པ་པའི་སྐྱེས་བུས་དོན་འདི་བརྟགས་པ་སྟེ། དེ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པ་དེའི་ཕྱིར་བརྟགས་པ་དེ་ཚད་མ་མ་ཡིན་ནོ། །ཅི་སྟེ་རིག་བྱེད་ཀྱི་དོན་དེ་རྒྱལ་དཔོག་པ་ལ་སོགས་པ་

འགའ་ཞིག་ཁོ་ནས་རིག་བྱེད་ཉིད་དུ་བརྟགས་པ་དེ་གཅིག་སྟེ་མངོན་པར་འདོད་པའི་སྐྱེས་བུའོ། །དེ་ཉིད་རིག་པ་ནི་རིག་བྱེད་ཀྱི་དོན་གྱི་དེ་ཉིད་ཤེས་པའོ། །སྐྱེས་བུ་གཞན་མིན་ཞེས་བྱ་བའི་ཁྱད་པར་གང་གིས་བྱས། དཔྱོད་པ་པའི་འདི་ལ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེས་

བུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱིས་རིག་པའམ་འགའ་ཞིག་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་སྐྱེས་བུ་ལ་སོགས་པར་མཚུངས་སུ་ཟིན་ཀྱང་རྒྱལ་དཔོག་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ནུས་པ་དང་ལྡན་པ་འགའ་ཞིག་རིག་བྱེད་པའི་སྒྲ་རྣམས་

དབང་པོ་ལས་འདས་པའི་དོན་དང་ལྷན་ཅིག་འབྲེལ་པ་རིག་པའི་རྒྱུ་མཚན་རྟོག་པ་དེའི་ཚེ་དེ་བཞིན་ཏེ། རྒྱལ་དཔོག་པ་ལ་སོགས་པ་བཞིན་དུའོ། །སྐྱེས་བུ་ཉིད་ཡིན་པར་མཚུངས་པ་ཡིན་ན་ཡང་ངོ་། །རྣམ་པ་འགས་ཀྱང་ཞེས་བྱ་བ་ནི་རྒྱུ་མཚན་མེད་པར་རོ། །གཞན་ཡང་

เล่ม ๑๗๗ · หน้า 46a

ཤེས་པ་ཕུལ་དུ་བྱུང་བ་དང་ལྡན་པ་ཁྱོད་ཅི་ཤེས་ཅན་འགའ་མི་འདོད། རྒྱལ་དཔོག་པ་ལ་སོགས་པ་དང་འདྲ་བར་གཞན་དག་ཀྱང་ཤེས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིག་བྱེད་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རིག་

བྱེད་པའི་སྒྲ་དེ་དག་བྲམ་ཟེ་ཁྱོད་ཚུར་ཤོག་ཁོ་བོའི་དོན་འདི་ཁྱེད་ཅག་གིས་ཟུང་ཤིག །གཞན་ནི་མ་ཡིན་ནོ་ཞེས་དེ་སྐད་དུ་རྗོད་པར་མི་བྱེད་ན་གང་གིས་དེ་དག་ལས་དོན་རྟོགས་པར་འགྱུར། འབའ་ཞིག་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། མངོན་པར་གསལ་བ་མ་ཡིན་པའི་

དོན་གྱི་ཁྱད་པར་དང་འདྲ་བ་ཁོ་ནས་མཉན་པ་སྟེ། རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །གང་ལ་མངོན་པར་གསལ་བ་མ་ཡིན་པའི་དོན་གྱི་ཁྱད་པར་ལྷན་ཅིག་འདྲེས་ཤིང་འབྲེལ་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །མི་ཤེས་པ་ཉིད་ཀྱི་དོན་དང་འབྲེལ་པ་ཅན་

གྱི་སྒྲ་མཉན་པ་སྐྱེས་པ་དེ་ལ་སྐྱེས་བུ་གཅིག་བདག་ཉིད་ཅན་གྱི་དོན་ཅུང་ཟད་ཅིག་རང་གི་འདོད་པ་དང་རྗེས་སུ་མཐུན་པ་བརྟགས་ཤིང་སྐྱེས་བུ་གཞན་གྱིས་ཀྱང་དོན་གཞན་བརྟགས་པ་དེ་ལྟར་ན་རིག་བྱེད་ཀྱི་དོན་མ་ངེས་པ་ཡིན་ནོ། །སྒྲ་རྣམས་རང་གི་ངོ་བོ་ཉིད་ཀྱིས་དོན་དང་འབྲེལ་པ་

དེ་བས་ན། གཅིག་ལ་ངེས་པར་འགྱུར་བ་ཡིན་ནོ་ཞེ་ན། སྒྲ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པ་ནི་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་རང་བཞིན་ཏེ། ངོ་བོ་ཉིད་ཀྱི་དོན་དང་འབྲེལ་པ་མ་ཡིན་ནོ། །གང་གིས་དོན་གཅིག་ཏུ་བརྟག་པ་ཡོད་དུ་ཟིན་ཀྱང་

མངོན་པར་འདོད་པའི་དོན་གཅིག་གི་རྗེས་སུ་འཇུག་ཅིང་རྗེས་སུ་འཇུག་པ་ཡིན་ནོ། །གཞན་བརྟག་པར་བྱ་བ་དག་ཀྱང་མ་ཡིན་ཏེ། འོན་ཀྱང་བརྡའི་དབང་གིས་དོན་དེ་དང་དེ་གཟུང་བ་ན་སྟེ། བརྗོད་པར་བྱ་བ་ཉིད་དུ་གཟུང་བ་ན་མཐོང་བར་འགྱུར་རོ། །རིག་བྱེད་པའི་སྒྲ་དེ་དག་ཁོ་

ན་ཉིད་དུ་འཆད་པར་བྱེད་པ་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་འདྲ་བ་དག་ཅེ་ན་དོན་ངེས་པ་རིག་པ་མེད་པ་ཅན་མ་ཡིན་པ་སྟེ། གང་ལས་དོན་ངེས་པ་རིག་པ་མེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྐོག་ཏུ་གྱུར་པ་

เล่ม ๑๗๗ · หน้า 46b

གོམས་པའི་ཕྱིར་ཏེ། མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པའི་དོན་ཡུལ་ཉིད་དུ་བདག་གིར་བྱས་པའི་ཕྱིར་རོ། །དབང་པོ་ལས་འདས་པ་ཅན་གྱི་སྒྲའི་དོན་ངེས་པ་ཚུ་རོལ་མཐོང་བས་ཤེས་པའི་ནུས་པ་མེད་པ་དེ་ལ། འདོད་ཆགས་ལ་སོགས་པས་བསླད་ཅིང་མི་མཁས་པ་

རྒྱལ་དཔོག་པའམ་རི་ཁྲོད་པའི་བདག་འགའ་ཞིག་སྒྲ་དེ་དག་འདིའི་དོན་འདི་ནི་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་དུ་འཆད་དོ། །རྒྱལ་དཔོག་པ་ལ་སོགས་པ་ལས་ཁྱད་པར་མེད་པའི་སྐྱེས་བུ་གཞན་དག་ནི་དེ་ཁོ་ན་ཉིད་འཆད་པ་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་

རྣམ་པར་གཞག་པ་རིགས་པ་མ་ཡིན་ཏེ། རིགས་པ་དང་ལྡན་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མ་བསྟན་པའི་ངོ་བོ་འགའ་ཞིག་ལས་བློ་དང་དབང་པོ་ལ་སོགས་པའི་སྒྲས་གོམས་པ་ཕུལ་དུ་བྱུང་བའི་རྒྱུའི་ཕྱིར། རྒྱལ་དཔོག་པ་ལ་སོགས་པ་དེ་ཉིད་ཀྱིས་རིག་བྱེད་ཀྱི་དོན་རིག་པ་ཡིན་

གྱི་སྐྱེས་བུ་ཐ་མལ་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས་འདོད་པ་དེའི་ཚེ། རྒྱལ་དཔོག་པ་ལ་སོགས་པ་གཞན་དེ་ཁོ་ན་ཉིད་རིག་པ་ཡིན་པ་དེའི་དབང་པོ་ལས་འདས་པའི་ཤེས་པའི་ཁྱད་པར་ཏེ། དབང་པོ་ལས་འདས་པའི་རིག་བྱེད་ཀྱི་དེ་ཁོ་ན་ཉིད་ཀྱི་ཤེས་པ་འདི་གང་ལས་ཡིན། རྒྱལ་

དཔོག་པ་ལ་སོགས་པའི་སྐྱེས་བུ་དབང་པོ་ལས་འདས་པ་རིག་པ་ཡིན་པ་ནི་བླ་སྟེ། རྒྱལ་དཔོག་པ་དང་འདྲ་བ་དེ་བཞིན་དུ་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དོན་དག་མཐོང་བ་སངས་རྒྱས་པ་མངོན་པར་འདོད་པའི་སྐྱེས་བུ་ཕུལ་དུ་བྱུང་བ་གཞན་དག་ཀྱང་ཅིའི་ཕྱིར་མེད་པ་

ཅན་མཐོང་བ་ཡིན་ཏེ་གང་གིས་སྤོང་བར་བྱེད་པར་འགྱུར། དབང་པོ་ལས་འདས་པའི་དོན་མཐོང་བ་དེ་ཡང་ཡོད་དོ་ཞེས་བྱ་བ་གལ་ཏེ་མི་འདོད་ན་རྒྱལ་དཔོག་པ་ལ་སོགས་པ་མངོན་པར་འདོད་པ་དག་ཀྱང་མ་གྱུར་ཅིག་སྙམ་པ་གང་གི་ཕྱིར་དེ་སྤོང་བར་བྱེད་པའི་སྒྲུབ་པར་བྱེད་པ་སྟེ།

སངས་རྒྱས་པ་ལ་སོགས་པས་མངོན་པར་འདོད་པའི་སྐྱེས་བུའི་ཕུལ་དུ་བྱུང་བ་སྤོང་བར་བྱེད་པ་དཔྱོད་པ་པས་ཀུན་བརྟགས་པའི་སྐྱེས་བུ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་འགའ་ཞིག་ཀྱང་རྒྱལ་དཔོག་པ་ལ་སོགས་པ་རིག་བྱེད་ཀྱི་དོན་གྱི་རྣམ་པར་རྟོག་པ་ཤེས་པ་

เล่ม ๑๗๗ · หน้า 47a

དེ་དག་ནི་མི་དམིགས་ཤིང་ཡུལ་དུ་མི་བྱེད་པ་མ་ཡིན་གྱི་འོན་ཀྱང་ཡུལ་དུ་བྱེད་པ་ཁོ་ན་ཡིན་ནོ། །དེ་དག་ལ་ཡང་སྐྱེས་བུ་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཅི་སྟེ་སྐྱེས་བུ་ཉིད་ལ་སོགས་པ་བསལ་ནས་རྒྱལ་དཔོག་པ་ལ་སོགས་པ་རིག་བྱེད་ཀྱི་

དོན་གྱི་དེ་ཁོ་ན་ཉིད་མཐོང་བར་འདོད་པ་དེའི་ཚེ་ཇི་ལྟར་དེའི་ཚེ་སྒྲུབ་པར་བྱེད་པ་ཡོད་ན་ཡང་ཞེས་བྱ་བ་དབང་པོ་ལས་འདས་པའི་སྐྱེས་བུ་སྤོང་བའི་སྒྲུབ་པར་བྱེད་པ་སྐྱེས་བུ་ཉིད་ལ་སོགས་པ་ཡོད་ན་ཡང་ངོ་། །དབང་པོ་ལས་འདས་པའི་རིག་བྱེད་ཀྱི་དོན་རྣམ་པར་འབྱེད་པའི་མཚན་ཉིད་ཅན་

འདིའི་ཁྱད་པར་རྒྱལ་དཔོག་པ་ལ་སོགས་པ་འདིའི་ཡིན་པར་འདོད་པ་དེ་ལྟར་ན་ཁྱེད་ཀྱིས་མངོན་པར་འདོད་པའི་སྐྱེས་བུ་ལས་སྐྱེས་བུ་གཞན་གྱི་ཡང་དབང་པོ་ལས་འདས་པའི་དོན་མཐོང་བར་འགྱུར་བ་འདི་ལྟར་ན། རྒྱལ་དཔོག་པ་ཁྱེད་ཅག་གིས་མངོན་པར་ཞེན་པ་མེད་པར་རིགས་པ་མ་ཡིན་ནོ། །

དབང་པོ་ལས་འདས་པའི་དོན་མཐོང་བའི་ཕྱིར། དེ་རྒྱལ་དཔོག་པ་ལ་སོགས་པས་རིག་བྱེད་ཀྱི་དོན། གང་ཚེ་གང་ཚིག་ཚད་མ་ཡིས། །མི་སླུ་སྐྱེས་བུ་དེ་དོན་རིག་ཡིན་པར་འདོད་ནའོ། །རྒྱལ་དཔོག་པ་ལ་སོགས་པའི་རིག་བྱེད་ཀྱི་དོན་རྣམ་པར་འབྱེད་པ་ན་ཚིག་ཚད་མ་མི་སླུ་བ་ཡིན་ནོ་ཞེས་

གཞན་སེམས་པའོ། །ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ཡིན་ཏེ། ལན་འདི་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་ཀྱི་དོན་མཐོ་རིས་ལ་སོགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། ཚད་མ་སྲིད་པ་ཡོད་པ་མ་ཡིན་ཏེ། །དེ་ལྟར་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་

བྱེད་དེ། ཁོ་བོས་སྐྱེས་བུ་ཚད་མར་གྱུར་པའི་རྒྱུའི་ཕྱིར་རྒྱལ་དཔོག་པ་ལ་སོགས་པ་འགའ་ཞིག་རིག་བྱེད་འཆད་པ་ལ་མངོན་པར་ཞེན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཚད་མ་གཞན་གྱིས་མི་སླུ་བའི་ཕྱིར་བཤད་པ་ལ་མངོན་པར་ཞེན་ཏོ། །དེ་ཉིད་འཆད་པ་པོ་ཞེས་བྱ་བ་ལ་སོགས་པས་

རྣམ་པར་གསལ་བར་བྱེད་དེ། རིག་བྱེད་འཆད་པ་པོ་མང་པོ་དག་གི་ནང་ནས་ཀྱང་རིག་བྱེད་འཆད་པར་བྱེད་པ་མངོན་སུམ་ལ་སོགས་པ་ཇི་སྐད་དུ་བཤད་པའི་དོན་ཅན་གྱི་ཚད་མ་སྟོན་པར་བྱེད་པ་གང་ཡིན་པ་དེ་འདྲ་བ་དེ་འཆད་པར་བྱེད་པ་ཡིན་པར་སེམས་ཤིང་ཁས་ལེན་གྱི། གཞན་ནི་མ་

เล่ม ๑๗๗ · หน้า 47b

ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ་དབང་པོ་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དང་ཆོས་མ་ཡིན་པ་མ་མཐོང་བ་ལ་སོགས་པ་སྟེ། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་

དབང་པོ་ལས་འདས་པའི་མཐོ་རིས་ལ་སོགས་པ་བཟུང་སྟེ། མངོན་སུམ་ལ་སོགས་པའི་ཚད་མ་མི་འཇུག་པའི་ཕྱིར་རོ། །རིག་བྱེད་ཀྱི་དོན་ལ་འགའ་ཞིག་ཚིག་ཚད་མས་མི་སླུ་བ་ཅན་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ལས་འདས་པའི་དོན་ལ་ཚད་མ་གཞན་འཇུག་པ་མེད་དོ། །གང་གི་

ཕྱིར་དེ་འཇུག་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་མངོན་སུམ་ལ་སོགས་པའི་ཚད་མ་མི་འཇུག་པའི་ཕྱིར་རོ། །དེ་རྟོགས་པར་བྱ་བའི་ཕྱིར་ནི་དབང་པོ་ལས་འདས་པ་དེ་རྟོགས་པར་བྱ་བའི་ཕྱིར་ལུང་དོན་དུ་གཉེར་ཞིང་ཉེ་བར་ཚོལ་བ་ཡིན་ནོ། །རྣམ་པ་གཞན་དུ་

ན་ཞེས་བྱ་བ་གལ་ཏེ་ལུང་གི་རྟོགས་པའི་དོན་ལ་ཚད་མས་གཞན་གྱིས་མི་སླུ་བ་ཉིད་ལས་དོན་ངེས་པ་ཡིན་པ་དེའི་ཚེའོ། །དེ་ཡོད་དུ་ཟིན་ཀྱང་སྟེ་ལུང་དེས་རྟོགས་པའི་དོན་ལ་གལ་ཏེ་ཚད་མ་གཞན་འཇུག་པ་མེད་པ་ན་ལུང་ཡན་གར་བ་ལས་ཀྱང་དོན་རྟོགས་པ་མེད་པའི་ཕྱིར་རོ། །ཡན་

གར་བ་ལས་ཞེས་བྱ་བ་ནི་ལུང་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ཚད་མ་གཞན་ལས་དོན་རྟོགས་པའི་ཕྱིར་ལུང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །ཚད་མ་གཞན་ཡོད་པ་དང་མེད་པ་ཉིད་ལས་དོན་རྟོགས་པ་ཡོད་པ་དང་མེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ལུང་རྟོགས་པ་

དོན་མེད་པ་ཡིན་ནོ། །གལ་ཏེ་ལུང་ཡང་དབང་པོ་ལས་འདས་པའི་དོན་རྟོགས་པའི་གྲོགས་སུ་འགྱུར་བ་ཡོད་པ་ཡིན་ཏེ། འདི་ལྟར་མངོན་སུམ་ལ་སོགས་པའི་ཚད་མ་གཞན་ལུང་ལ་ལྟོས་པ་མེད་པ་ཡན་གར་བ་ལས་ཀྱང་དབང་པོ་ལས་འདས་པ་དག་རྟོགས་པར་མི་འགྱུར་གྱི། འོན་ཀྱང་

ལུང་དང་བཅས་པའི་མངོན་སུམ་ལ་སོགས་པའི་འཇུག་པ་ཡིན་ནོ་ཞེ་ན། ཇི་སྐད་དུ་བརྗོད་པ་ན་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡང་མངོན་སུམ་ལ་སོགས་པའི་འཇུག་པར་འདོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་དབང་པོ་ལས་འདས་པ་ཞེས་བྱ་བ་མཐོ་རིས་ལ་སོགས་པ་དང་། མངོན་

เล่ม ๑๗๗ · หน้า 48a

སུམ་ལ་སོགས་པའི་ཡུལ་ཡང་ཡིན། གལ་ཏེ་མངོན་སུམ་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པ་མ་ཡིན་ཞིང་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་ན་དེ་ལ་མངོན་སུམ་ལ་སོགས་པའི་ཚད་མ་མི་འཇུག་གོ་བྱ་བ་དེ་ངེས་པ་ཡིན་ནོ། །དེ་ལྟར་ཤིན་ཏུ་

ལྐོག་ཏུ་གྱུར་པའི་དོན་ལ་འགའ་ཞིག་གིས། ཚིག་ཚད་མས་མི་སླུ་བ་ཅན་མ་ཡིན་ནོ། །གལ་ཏེ་འདོད་པ་ནི་འགྱུར་ན་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་མངོན་སུམ་ལ་སོགས་པའི་སྒྲུབ་པར་བྱེད་པ་པོ་ཉིད་ནི་མ་ཡིན་གྱི། འོན་ཀྱང་མངོན་སུམ་ལ་སོགས་པ་དེས་ཀྱང་རང་གི་ཡུལ་ཏེ། བདག་ཉིད་དང་རྗེས་སུ་མཐུན་པའི་

ཡུལ་ཡང་ལུང་ལ་ལྟོས་ནས་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །དེ་ལྟར་ན་ལུང་ཉིད་གཙོ་བོ་ཡིན་ནོ་ཞེས་གཞན་དག་སེམས་པའོ། །དུ་བ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། དུ་བ་ལ་སོགས་པའི་རྟགས་ལས་མེ་ལ་སོགས་པའི་ཤེས་པ་འདི་ལ་ལུང་ཡོད་པ་མ་ཡིན་པས་ལུང་མེད་པ་ཅན་མི་འགྱུར་ན་ཡང་འགྱུར་

རོ། །དེ་བས་ན་ལུང་ལ་ལྟོས་པའི་མངོན་སུམ་ལ་སོགས་པ་རང་གི་ལུང་ལ་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བསམ་པར་བྱའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། ལུང་དཔྱོད་པ་ལས་དུས་ཕྱིས་དབང་པོ་ལས་འདས་པའི་དོན་ལ་འཇུག་པ་ན་མངོན་སུམ་ལ་སོགས་པའི་ཚད་མ་གཞན་ལུང་གི་

ཡུལ་ལ་ཚོལ་བ་མ་ཡིན་ན། གང་གིས་དེ་བས་ན་ཡན་གར་བ་ལ་རྟོགས་པའི་ལུང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་སྐྱོན་འདིར་འགྱུར། རྟོགས་པའི་ཕྱིར་ལུང་ཡན་གར་བ་ཉིད་རང་གི་ཡུལ་ལ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསམས་པའོ། །འོན་ཀྱང་ལུང་དབང་པོ་ལས་འདས་པའི་དོན་ལ་འཇུག་པ་དེ་ཉིད་

ཅི་འདི་མི་སླུ་བ་ཡིན་ནམ་མ་ཡིན་ཞེས་མི་ཤེས་སོ། །དེས་ན་ལུང་གི་འཇུག་པ་དཔྱོད་པ་ལ་ཚད་མ་གཞན་བཙལ་བར་བྱའོ། །གལ་ཏེ་ལུང་འཇུག་པ་ན་མངོན་སུམ་ལ་སོགས་པ་དང་བཅས་པར་འགྱུར་བ་དེ་ནི་རང་གི་ཡུལ་ལ་ཚད་མ་ཡིན་པར་བསམ་པར་བྱའོ་སྙམ་མོ། །རབ་ཏུ་སྒྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་ལན་

ཡིན་ནོ། །དབང་པོ་ལས་འདས་པའི་དོན་རབ་ཏུ་སྒྲུབ་པ་དེའི་ཚེ་མངོན་སུམ་ལ་སོགས་པ་འདིའི་བདག་ཉིད་ནུས་པ་ལུང་ཉེ་བ་ན་སྟེ། ལུང་ཡང་ཡིན་ལ་དེ་ཡང་ཡིན་པ་སྟེ་ཉེ་ཞིང་ཐག་ཉེ་བར་མངོན་སུམ་ལ་སོགས་པའི་ཕུལ་དུ་བྱུང་བ་ཅི་ཞིག་གསོ་བར་བྱེད་ན། གང་གིས་ལུང་གི་འཇུག་པ་རབ་ཏུ་བསྒྲུབས་ནས་དབང་པོ་ལས་

เล่ม ๑๗๗ · หน้า 48b

འདས་པའི་དོན་རྟོགས་པར་འགྱུར། གལ་ཏེ་དབང་པོ་ལ་སོགས་པ་ལས་འདས་པའི་དོན་ལ་ཡང་མངོན་སུམ་ལ་སོགས་པའི་ནུས་པ་ཡིན་པ་དེ་བས་ན། ལུང་ལ་ལྟོས་པ་མེད་པར་དབང་པོ་ལས་འདས་པའི་དོན་བསྒྲུབ་པ་ལ་ལུང་ཅི་ཞིག་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དབང་པོ་ལས་འདས་པའི་དོན་ལ་མངོན་

སུམ་ལ་སོགས་པ་ནུས་པ་མེད་ན་ནི་ནུས་པ་མེད་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་ལ་སོགས་པ་ལུང་འཇུག་ཏུ་ཟིན་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པ་མངོན་སུམ་ལ་སོགས་པས་གྲུབ་པ་མ་ཡིན་པ་དེ་ལྟར་ན་དབང་པོ་ལས་འདས་པའི་དོན་དང་འབྲེལ་པ་

དེ་ཡང་དེའི་ཡུལ་ཅན་ཞེས་བྱ་བའི་དོན་ལུང་གིས་འཇུག་པ་དབང་པོ་ལས་འདས་པར་ཇི་ལྟར་མངོན་སུམ་ལ་སོགས་པ་གཞན་གྱིས་གྲུབ་པ་ཡིན་ཏེ། མ་གྲུབ་པ་ཉིད་ཡིན་ན་གང་གིས་དེའི་དོན་མངོན་སུམ་ལ་སོགས་པ་ཚོལ་བ་གང་ཡིན་པ་དེ་ནི་ཅིར་ཡང་མི་རུང་ངོ་། །འཆད་པ་པོ་མང་པོ་དག་ཡོད་ན་ཡང་མངོན་སུམ་

ལ་སོགས་པའི་ཚད་མ་སྟོན་པར་བྱེད་པ་གང་ཡིན་པ་དེའི་བཤད་པ་གཟུང་བར་བྱའོ་ཞེས་བརྗོད་པ་ན་ལུང་གི་མཚན་ཉིད་སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཕྱིར་གཞན་ཡང་དེ་བཞིན་དུ་ལུང་གི་མཚན་ཉིད་སྐྱེས་བུས་མ་བྱས་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་

བུ་གང་གི་ཚིག་ནི་ཚད་མ་ཡིས། །མི་སླུ་བ་ཅན་དེས་བྱས་ཚིག །སྐྱེས་བུ་དེས་ལེགས་པར་སྦྱར་བའི་ཚིག་གོ། །དེ་ལུང་ཞེས་ཐོབ། ཚིག་ལེགས་པར་སྦྱར་བ་དེའི་དོན་ཚད་མས་གཟུང་བ་ཉིད་དུ་བསྟན་པའོ། །ལུང་གི་མཚན་ཉིད་གཞན་དེ་དག་འདི་ཡིན་པ་དེ་ལྟར་ན་ལུང་གི་མཚན་ཉིད་སྐྱེས་བུས་བྱས་པ་ནི་དོན་མེད་པ་ཡིན་པར་

འགྱུར་རོ། །ལུང་སྨྲ་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུའི་ཚིག་ཚད་མས་མི་སླུ་བ་ཅན་དུ་བརྟགས་པའི་དོན་གང་ཡིན་པ་དང་ཅིག་ཤོས་ཀྱིས་བརྟགས་པའི་དོན་དེ་དག་ལུང་སྨྲ་བ་མཚུངས་པ་ན་ཡང་སྟེ། ལུང་གི་སྒོ་ནས་འཆད་པ་པོ་དག་གིས་མཚུངས་པར་གསལ་བར་བྱས་སུ་ཟིན་ནས་ཀྱང་ཚད་མའི་

སྟོབས་ཀྱིས་ལུང་གི་ཚད་མས་མི་སླུ་བའི་དོན་ལ་ལར་ལུང་ཉིད་ཡིན་པར་འདོད་པ་ནའོ། །ཚད་མས་མི་སླུ་བ་མེ་ལ་སྦྱིན་སྲེག་ཅེས་བྱ་བའི་ཚིག་ལུང་གི་མཚན་ཉིད་ཡིན་པར་འགྱུར་ན། སྐྱེས་བུས་མ་བྱས་པ་སྟེ་སྐྱེས་བུས་བྱས་པ་མ་ཡིན་པ་ནི་ལུང་གི་མཚན་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན།

เล่ม ๑๗๗ · หน้า 49a

སྐྱེས་བུས་མ་བྱས་པ་མངོན་པར་འདོད་པ་མ་ཡིན་པ་སྐྱེས་བུས་བསྟན་པའི་དོན་ཐམས་ཅད་ལ་མཚུངས་པ་ཉིད་ཡིན་ན་ཡང་རྟོགས་པ་ཚད་མས་གནོད་པ་མེད་པའི་རྒྱུའི་ཕྱིར་རོ། །དོན་གང་ལ་སླུ་བ་མེད་པའི་ཚད་མ་གཞན་ཁས་ལེན་པར་བྱེད་པ་དེ་བས་ན་ལུང་དེ་ལ་རྟོགས་པར་འདོད་པ་ཉིད་ཀྱི་ཕྱིར་

ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་སྟེ་སྐྱེས་བུ་མ་བྱས་པ་ཉིད་དུ་ཡོད་པར་མཚུངས་ན་ཡང་གཞན་དུ་ཚད་མ་གཞན་གྱིས་མི་སླུ་བའི་དོན་ལ་ནི་ལུང་ནི་གོ་བར་བྱེད་པ་ཉིད་དུ་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ལུང་ནི་ཚད་མ་གཞན་གྱིས་མི་སླུ་བ་ལ་ལྟོས་པ་དེའི་ཚེ་ཤིན་ཏུ་ལྐོག་ཏུ་གྱུར་

པའི་དོན་ལ་ལུང་ལྟོས་པ་མེད་པའི་ཤེས་པ་འཇུག་པར་འདོད་པ་དེ་ལྟར་ན་སྐྱེས་བུའི་ཕུལ་དུ་བྱུང་བ་ཁས་བླངས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །མཐོ་རིས་ལ་སོགས་པ་ལ་ལུང་མེད་ཤེས་པ་ལ་ཡོད་ན་ནི་ལུང་ལ་ལྟོས་པ་མེད་པའི་ཤེས་

པ་ཡོད་ན་སྟེ། ཤེས་པ་ལ་ལུང་མེད་ན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ། དབང་པོ་ལས་འདས་དོན་རིག་འགའ། །དེ་ཡོད་དོ་ཞེས་ནི་བདག་ཉིད་མངོན་འགྱུར་རོ། །གལ་ཏེ་སྐྱེས་བུ་རྒྱལ་དཔོག་པའམ། གཞན་ཡང་རིག་བྱེད་ཀྱི་དོན་འཆད་པ་པོ་ལུང་ལ་ལྟོས་པ་མེད་པའི་ཤེས་

པ་ཇི་ལྟ་བ་དེ་ལྟ་བུ་ཉིད་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ལྐོག་ཏུ་གྱུར་པའི་དོན་མཐོ་རིས་ལ་སོགས་པའི་ཤེས་པ་འདོད་པ་དེའི་ཚེ་དབང་པོ་ལས་འདས་པའི་དོན་མཐོང་བ་རྒྱལ་དཔོག་པ་ལ་སོགས་པ་དང་འདྲ་བར་སྐྱེས་བུ་གཞན་ཡང་ཡོད་དོ་ཞེས་འདོད་པར་འགྱུར་རོ། །དེ་ལྟར་ནི་འགྱུར་ན་དབང་པོ་ལས་འདས་པའི་

དོན་མངོན་སུམ་ཉིད་ཀྱིས་ཤེས་ནས་སྟོན་པར་བྱེད་པ་དེ་ལྟ་ན་དེའི་དོན་རིག་པ་རྒྱལ་དཔོག་པ་ལ་སོགས་པ་ཡིན་པར་ནི་མི་འདོད་ཀྱི་འོན་ཀྱང་རྗེས་སུ་དཔག་པས་ཡིན་པ་དེ་ལྟར་ན། གང་གིས་ཉེས་པ་འདིར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ་གལ་ཏེ་དབང་པོ་ལས་འདས་པའི་དོན་དེ་ནི་མངོན་སུམ་གྱིས་མཐོང་བར་འགྱུར་

བ་དེའི་ཚེ་དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་དེ་ལ་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་དག་ནི་དེ་མཐོང་བ་མེད་པས། དབང་པོ་ལས་འདས་པ་དེ་མངོན་སུམ་གྱིས་མཐོང་བ་མེད་པ་ལ་མི་སྲིད་པའི་ཕྱིར་རོ། །མངོན་སུམ་ཞེས་བྱ་བ་ལ་

เล่ม ๑๗๗ · หน้า 49b

སོགས་པས་དེ་ཉིད་གསལ་བར་བྱེད་དེ། དབང་པོ་ལས་འདས་པའི་དོན་དེ་དག་ལ་མངོན་སུམ་འཇུག་པ་མེད་པའི་རྒྱུའི་ཕྱིར། མངོན་སུམ་སྔོན་དུ་སོང་བ་ཅན་གྱི་ཚད་མ་གཞན་མི་སྲིད་པའི་ཕྱིར། དེ་ལ་དམིགས་པ་མ་ཡིན་པ་རྟོགས་པར་བྱ་བ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པས་དམིགས་པ་མ་ཡིན་པ་རྟོགས་

པའི་རྟེན་དུ་གྱུར་པ་མ་ཡིན་ནོ། །དོན་གང་མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་རྟོགས་པར་བྱ་བ་ལ་སྟེ་ངེས་པར་བྱ་བའི་དོན་དུ་ལུང་ཚོལ་བར་བྱེད་དོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །རྗེས་སུ་དཔག་པ་ལ་སོགས་པ་ཚད་མ་གཞན་དབང་པོ་ལས་འདས་པའི་དོན་དེ་ལ་འཇུག་

པས། དབང་པོ་ལས་འདས་པའི་ཡུལ་ཅན་གྱི་མངོན་སུམ་གྲུབ་པར་བྱེད་ཅིང་རྗེས་སུ་འདྲེན་པར་བྱེད་ཀྱི་མངོན་སུམ་གྱིས་འཇུག་པ་མེད་པར་ཚད་མ་གཞན་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཀྱིས་སྐྱེས་བུའི་ཕུལ་དུ་བྱུང་བ་དག་སྟེ། དབང་པོ་ལས་འདས་པའི་དོན་དག་མཐོང་བ་དཔྱོད་པ་པ་

དག་གིས་བཟློག་པར་མི་འགྱུར་ན་བཟློག་པ་ཡང་ཡིན་ནོ། །དེ་བས་ན་དབང་པོ་ལས་འདས་པའི་དོན་དག་ལ་ཚད་མ་གཞན་འཇུག་པ་མ་ཡིན་ནོ། །ཚད་མ་གཞན་འཇུག་པ་མེད་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ལུང་རིག་བྱེད་མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པའི་མཚན་ཉིད་ཅན་གྱི་དོན་ལ་དོན་འདི་ཉིད་

ལ་སྒྲ་འདི་འཇུག་གོ་ཞེས་བྱ་བའི་འཇུག་པ་གང་ཡིན་པ་སྟེ་ངེས་པ་མེད་པའི་ཕྱིར། རྒྱལ་དཔོག་པའམ་གཞན་རི་ཁྲོད་པ་ལ་སོགས་པ་སྐྱེས་བུ་འདིས་ནིའོ། །གཞན་གྱི་མན་ངག་ལ་ལྟོས་པ་མེད་པར་བདག་ཉིད་རིག་བྱེད་དོན་རིག་མིན། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདོད་ཆགས་ལ་སོགས་པ་ལྡན་པའམ་སྟེ།

འདོད་ཆགས་ལ་སོགས་པ་དང་ལྡན་པ་དག་ནི་མི་ཤེས་པའི་རྒྱུད་ཉིད་ཡིན་ནོ། །འོ་ན་གཞན་གྱི་མན་ངག་ལས་རིག་གོ་ཞེ་ན། གཞན་ལས་ཞེས་བྱ་བ་སྨོས་ཏེ། རིག་བྱེད་ཀྱི་དོན་གཞན་ལས་ཀྱང་རིག་པ་མ་ཡིན་ཏེ། སྐྱེས་བུ་གཞན་དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རིག་བྱེད་བདག་

ཉིད་ཀྱིས་མངོན་པར་འདོད་པའི་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལོག་པ་ཡིན་ཏེ། གང་གི་ཕྱིར་རིག་བྱེད་རིག་པར་བྱེད་པ་མིན་ནའང་གོ་བར་བྱེད་པ་མ་ཡིན་ན་རིག་བྱེད་དོན་ནི་གང་ལས་རྟོགས། བདག་ཉིད་དོན་གསལ་བར་བྱེད་པ་མ་ཡིན་ནོ། །ཉེས་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་འཁྲུལ་པ་

เล่ม ๑๗๗ · หน้า 50a

ནི་རྣམ་པར་བསླད་པའོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེས་པས་བྱས་པའི་རྣམ་པར་འཁྲུལ་པ་ནི་ཉེས་པའི་འཁྲུལ་པའོ། །གང་ལ་ཉེས་པའི་འཁྲུལ་པ་ལས་མ་འདས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རིག་བྱེད་དབང་པོ་ལས་འདས་པའི་དོན་གྱི་ཁྱད་པར་སོ་

སོར་ངེས་པ་དེ་བདག་ཉིད་ཀྱིས་འདི་ཉིད་འདིའི་དོན་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་རིག་པ་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་དེ་དག་ལ་སྐྱེས་བུ་གཞན་གྱི་རིག་བྱེད་ཀྱི་དོན་རིག་པར་བྱེད་པ་མ་ཡིན་ཏེ། གཞན་དེ་ལ་ཡང་ཐལ་བར་འགྱུར་བ་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། འདོད་ཆགས་

ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་དེ་ཡང་མི་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་མི་ཤེས་པ་ཡང་གཞན་ལ་སྟོན་པར་ནུས་པ་མ་ཡིན་ཏེ། གང་གི་བདག་ཉིད་ཀྱིས་ལམ་ཤེས་པ་མེད་པའི་ཕྱིར་རོ། །ལོང་བས་དྲང་བར་འགྱུར་བའི་ལོང་བས་ལམ་རྟོགས་པར་མི་འགྱུར་བ་ལྟ་བུའོ། །རིག་

བྱེད་པ་དག་ཉིད་ཀྱང་བསྟན་པ་ལ་ལྟོས་པ་མེད་པར་རང་གི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། རྒྱལ་དཔོག་པ་ལ་སོགས་པས་རིག་བྱེད་ཀྱི་དོན་རྣམ་པར་བཤད་པ་ལ་འབྲས་བུ་མེད་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །སྐྱེས་བུ་ཐམས་

ཅད་ཀྱིས་རིག་བྱེད་ཐོས་པ་ཙམ་གྱིས་དོན་རྟོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རིག་བྱེད་དོན་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡོངས་སུ་ཤེས་པར་བྱེད་པའི་དོན་ཅན་མ་ཡིན་པའི་རིག་བྱེད་ཅེས་བྱ་བའི་སྒྲའི་ལྷག་མ་སྟེ། སྤྱི་བོ་དང་ཡ་མགལ་གྱི་བར་ལ་ཤ་

ལྷག་ཡོད་པ་ནི་ལྷག་མ་ཞེས་བྱའོ། །དེ་ཡང་འབྲས་བུ་མེད་པ་དེ་བཞིན་དུ་རིག་བྱེད་ཀྱི་སྒྲ་ཡང་ཡོངས་སུ་ཤེས་པར་བྱེད་པའི་དོན་ཅན་མ་ཡིན་པའི་ཕྱིར། འབྲས་བུ་མེད་པ་དེ་ལྟར་ན་ལྷག་མ་དེ་དང་འདྲ་བས་ལྷག་མའོ། །འདི་ལྟར་ཞེས་བྱ་བ་ཅི་དོན་འདི་ཡིན་ནམ་འོན་ཏེ་འདི་མ་ཡིན་ཞེས་ཐེ་ཚོམ་ཡོད་པའི་ཕྱིར་རོ། །

དེ་ལ་མངོན་པར་བསལ་དད་པའི་ཟུག་རྔུར་གྱུར་པ་ནི་སྡུག་བསྔལ་གྱི་རྒྱུའོ། །དེའི་ཕྱིར་རིག་བྱེད་ཁས་ལེན་པར་བྱེད་པ་ཅན་སྐྱེས་བུ་དེ་ལ་སྡུག་བསྔལ་འཇོག་པར་བྱེད་དོ། །ཅི་འདྲ་ཞིག་ཅེ་ན། ཡང་དག་པར་མཐོང་བ་མ་ཡིན་པའི་རྩ་སྟེ་རྒྱུ་དེས་བཅིངས་པའོ། །དེ་ཉིད་ཀྱི་ཕྱིར་ཐུགས་རྗེ་ཆེ་བ་འགའ་ཞིག་གིས་ཀྱང་བསལ་བར་

เล่ม ๑๗๗ · หน้า 50b

སེམས་པས་དབྱུང་བར་དགའ་བ་ཞེས་ཅོ་འདྲི་བར་བྱེད་པའོ། །ཡོངས་སུ་ཤེས་པར་བྱེད་པའི་དོན་ཅན་ཉིད་མ་ཡིན་པ་དེས། མཐོ་རིས་འདོད་པས་མེ་ལ་ནི། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས། །ཞེས་བྱ་བ་རིག་བྱེད་ཀྱི་སྒྲ་ལས་སོ། །ཁྱི་ཤ་བཟའ་ཞེས་བྱ་བ་དེ་དོན་མིན་འོན་ཀྱང་མངོན་པར་འདོད་པའི་

དོན་གཞན་ཡིན་ནོ་ཞེས་འདིར་ཚད་མ་གང་ཅུང་ཟད་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་དོན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ། །འོ་ན་ཞེས་བྱ་བ་ལ་སོགས་པ་ལ་ངག་བརྗོད་པ་ཉིད་དུ་མངོན་པར་འདོད་པའི་དོན་ལ་ལ་ལ་ཡང་ཉེ་བ་དང་སྐལ་བ་དང་

བྲལ་བ་སྟེ། དངོས་པོའི་འབྲེལ་པ་བཙལ་བའི་ཕྱིར་གཉི་ག་མེད་པའོ། །དེ་ལྟ་བུར་གྱུར་པའི་ངག་ལ་འབྱུང་བའི་ཁྱད་པར་ཏེ་མེ་ལའོ། །ཇི་ལྟར་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་སྦྱངས་པའི་མར་ལ་སོགས་པ་བླུགས་པར་བྱའོ་ཞེས་བྱ་བ་འདིའི་དོན་ཡིན་ལ། ཁྱིའི་ཤ་བཟའ་བར་བྱའོ་ཞེས་བྱ་བ་

འདི་དོན་མ་ཡིན་ཞེས་བྱ་བའི་ཁྱད་པར་མ་ཡིན་ནོ། །ཇི་སྐད་དུ་བཤད་པ་འདི་སྐྱེས་བུས་བྱས་པ་ལུང་ཡིན་པ་ཐམས་ཅད་ལ་ཐལ་བར་མཚུངས་པ་མ་ཡིན་ནམ། དེ་ཉིད་བསྟན་པའི་ཕྱིར། ལྐོག་ཏུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གང་ལ་ལྐོག་ཏུ་གྱུར་པ་སྟོན་པ་པོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་

དག་གི་བསམ་པ་ཇི་ལྟ་བ་བཞིན་གྱི་དོན་ལ་ཞེས་བྱ་བ་ལྟར་སྟོན་པ་པོ་མངོན་པར་འདོད་པའི་དོན་ལའོ། །སྟོན་པ་པོ་མ་མཐོང་བ་ཅན་གྱི་སྐྱེས་བུ་ད་ལྟར་བདག་གིས་རྟོགས་པར་འགྱུར་ཞིང་ཡང་དག་པར་རྟོགས་པར་འགྱུར་བའམ། འོན་ཏེ་བཟློག་པ་སྟེ་སྟོན་པ་པོའི་བསམ་པ་ལས་རྣམ་པར་བཟློག་པ་ཞེས་བྱ་བའི་

ངེས་པ་མེད་པའི་ཕྱིར། ཐམས་ཅད་ལ་ཐེ་ཚོམ་ཟ་བ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཐམས་ཅད་དུ་ཐལ་བར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཆད་པ་པོ་སྟེ་ལུང་མཛད་པ་པོའི་དགོངས་པ་གསལ་བར་བྱེད་པས་ཞེས་བྱ་བ་ཐོག་མར་

གསལ་བར་མཛད་པ་དེས་དུས་དེར་གནས་པའི་ཉན་པ་པོ་དག་ལ་དགོངས་པའི་ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་བརྗོད་པར་མཛད་ལ། ཉན་པ་པོ་དེ་དག་ཀྱང་གཞན་དག་ལ་སྟོན་པར་བྱེད་ཅིང་དེ་དག་ཀྱང་གཞན་དག་ལ་ཞེས་བྱ་བའི་རྣམ་པ་འདིས་ཡང་དག་པའི་མན་ངག་སྟེ་སློབ་དཔོན་གྱི་མན་ངག །རྒྱུད་པ་སྲིད་པའི་

เล่ม ๑๗๗ · หน้า 51a

ཕྱིར་རོ། །དགོངས་པ་རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་དོན་འདི་ནི་སྟོན་པ་པོ་མེད་པ་ཞེས་བྱ་བ་རིག་བྱེད་པའི་སྒྲ་དག་ལ་ཡོད་པ་མ་ཡིན་ཏེ། སྟོན་པ་པོ་འགའ་ཞིག་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །འདིས་ཀྱང་སྐྱེས་བུས་བྱས་པ་དག་ལ་ཇི་ལྟར་རབ་ཏུ་གྲགས་པའི་དོན་ཡོད་པ་ནི་གང་གི་

ཕྱིར་ལུང་མཛད་པ་པོ་འཇིག་རྟེན་གྱིས་ཤེས་པར་བྱ་བའི་དགོངས་པ་ཅན་གྱིས་གསུངས་པ་ཡིན་གྱི་དགོངས་པ་མེད་པས་ནི་མ་ཡིན་ནོ། །འཇིག་རྟེན་གྱིས་ཤེས་པར་བྱ་བའི་དགོངས་པ་ཅན་ཏེ། འཇིག་རྟེན་ཁོ་བོས་གོ་བར་བྱའོ་སྙམ་པ་དེ་ལྟ་བུའི་དགོངས་པ་ཅན་གྱིས་གསུངས་པ་ན། དོན་གང་ལ་འཇིག་རྟེན་གྱི་

བརྡར་བྱས་པའི་སྒྲ་དེ་རབ་ཏུ་གྲགས་པ་རྗེས་སུ་སྐྱོང་ཞིང་བསྲུང་བར་མཛད་དོ། །དེ་ལྟ་མ་ཡིན་ན་དེའི་བསྟན་པ་འབྲས་བུ་མེད་པར་འགྱུར་རོ། །འཇིག་རྟེན་གྱི་བརྡའི་རྗེས་སུ་སྐྱོང་བ་དེ་ལས་ཀྱང་དེའི་དོན་རྟོགས་པར་འགྱུར་ཏེ། སྐྱེས་བུས་བྱས་པའི་ལུང་གི་དོན་གྲུབ་པར་འགྱུར་རོ། །ཀྱང་གི་སྒྲས་ནི་སྔར་བཤད་

པའི་ཡང་དག་པའི་མན་ངག་ཀྱང་སྲིད་པའི་ཕྱིར་རོ། །སྐྱེས་བུས་མ་བྱས་པའི་སྒྲ་དག་གིས་ཇི་སྐད་དུ་བཤད་པའི་རྣམ་པས་དོན་གྲུབ་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་པའི་སྒྲ་དེ་ལ་སྐྱེས་བུ་འགའ་སྨྲ་བར་འདོད་པ་མེད་པའི་ཕྱིར་ཏེ། ཚིག་གི་རྒྱུ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་

ཡང་དག་པའི་མན་ངག་ལ་སོགས་པ་ཡོད་པས་ལུང་སྐྱེས་བུས་བྱས་པ་ཐམས་ཅད་ཀྱི་དོན་ཡོངས་སུ་ཤེས་པ་ཡོད་པའི་ཕྱིར། ཐལ་བར་འགྱུར་བ་མཚུངས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །ད་ནི་རིགས་པའི་རྗེས་སུ་འབྲངས་ནས་ལུང་གི་མཚན་ཉིད་བཟུང་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

རྟོག་པ་སྔོན་དུ་བཏང་བ་ཅན་གྱི་མཁས་པ་སངས་རྒྱས་པ་རིགས་པ་ཉིད་དེ་འཐད་པ་ཉིད་རྗེས་སུ་སྐྱོང་བར་བྱེད་ཅིང་རྗེས་སུ་འབྲངས་ནས་དཔྱད་པས་ཁོང་དུ་ཆུད་པར་བྱ་བ་དོར་བ་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །དོར་བར་བྱ་བ་རྟེན་དང་བཅས་པ་དོར་བར་བྱ་བའི་ཕྱིར་དང་། བླང་བར་བྱ་བ་རྟེན་དང་བཅས་པ་བླང་བར་བྱ་བའི་

ཕྱིར་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དོར་བར་བྱ་བ་ནི་སྡུག་བསྔལ་ལོ། །བླང་བར་བྱ་བ་ནི་ཐར་པའོ། །དེ་དག་གི་རྟེན་ནི་གོ་རིམས་བཞིན་དུ་ལས་དང་ཉོན་མོངས་པ་དང་དེ་ཁོ་ན་ཉིད་ཤེས་པའོ། །དེ་སྐད་དུ་སྒྲ་རྣམས་ནི་དོན་དུ་མ་ཅན་ཡིན་པ་དེ་བས་ན་སངས་རྒྱས་པ་དག་གིས་རིགས་པ་དང་ལྡན་པའི་སྐྱེས་བུའི་

เล่ม ๑๗๗ · หน้า 51b

དོན་ལ་མཁོ་བ་ཉིད་ཀྱི་དོན་ངེས་པར་བྱེད་ཅིང་གཞན་གྱིས་བསྟན་པ་ཙམ་གྱིས་ནི་དེ་བས་ན་སྐྱོན་འདི་མེད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་ནི་རབ་ཏུ་བརྗོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྒན་རབས་ཀྱིས་རབ་ཏུ་བརྗོད་པ་ཙམ་གྱིས་ནི་མ་ཡིན་པའི་ཕྱིར་ཐལ་བར་མཚུངས་པ་མ་ཡིན་ནོ། །རིགས་པ་རྗེས་

སུ་སྐྱོང་བ་སྔོན་དུ་སོང་བ་ཅན་གྱི་ལུང་ལ་འཇུག་པ་དེ་ཡང་སྐབས་ཇི་ལྟ་བ་བཞིན་དུ་ཕྱིས་སྟོན་པར་འགྱུར་རོ། །མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་མ་ཡིན་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡང་ལུང་ལས་རྟོགས་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་རིགས་པས་རྣམ་པར་དཔྱད་ནས་དོན་འཛིན་པ་དེ་ཉིད་ལ་བརྒལ་

བའི་ཕྱིར། འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་གནས་པ་ལ་སོགས་པ་ཞེས་བྱ་བ་ནི་འཇིག་རྟེན་པ་ལ་སོགས་པ་བཀོད་པ་ལ་སོགས་ཏེ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་བྱ་བ་

ལ་སོགས་པ་ཇི་སྐད་དུ་བཤད་པ་ལྟ་བུའོ། །སོགས་པ་སྨོས་པ་ནི་སྦྱིན་པ་ལ་སོགས་པའི་སེམས་པ་དག་གི་འདོད་པ་ལ་སོགས་པའི་འབྲས་བུ་འབྱིན་པའོ། །ཡུལ་དང་རང་བཞིན་ལ་སོགས་པས་བསྐལ་བ་ཉིད་ཀྱི་ཕྱིར་རིགས་པའི་ཡུལ་མ་ཡིན་པའི་དོན་ལ་ཡང་སངས་རྒྱས་པ་ཁྱེད་ཅག་གིས་རྟོགས་པ་མ་ཡིན་ནམ།

གང་ལས་ཤེ་ན་སྐྱེས་བུ་ཡིད་ཆེས་པའི་ཚིག་ལས་ཏེ། གང་གིས་མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་ལ་ཚིག་མི་སླུ་བ་ཅན་དེའི་ཚིག་ནི་གནས་གསུམ་པ་ལ་ཡང་བདེན་པའི་དོན་ཅན་ཉིད་དུ་ངེས་པ་ཡིན་ནོ། །དེའི་ཕྱིར་སྐྱེས་བུའི་ཡིད་ཆེས་པའི་ཚིག་ལས་དོན་རྟོགས་པར་འགྱུར་རོ། །དེ་ལྟར་ན་རིགས་

པ་ཉིད་རྗེས་སུ་སྤྱོད་པ་སྔོན་དུ་སོང་བ་ཅན་ལུང་གི་དོན་ལ་འཇུག་པ་མ་ཡིན་པའི་ཕྱིར་ཐལ་བར་འགྱུར་བ་མཚུངས་པ་ཉིད་ཡིན་ནོ་སྙམ་དུ་སེམས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་སྐྱེས་བུའི་ཚིག་ལས་རྟོགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པ་མེད་

པའི་ཕྱིར་ཏེ། དེའི་ཡུལ་ཅན་གྱི་ཚད་མ་མེད་པས་ངེས་པ་མེད་པའི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བའི་དོན་སླུ་བ་མེད་པའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡང་དེ་བཞིན་དུ་ངེས་པ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། གང་གི་ཕྱིར་བླང་བར་བྱ་བ་དང་། དོར་བར་བྱ་བའི་དོན་ལ་ལར་ཚད་

เล่ม ๑๗๗ · หน้า 52a

མས་མི་སླུ་བས་འཁྲུལ་པ་མེད་པར་མཐོང་བའི་ཕྱིར། དེས་བསྟན་པ་གཞན་རིགས་པ་མ་ཡིན་པ་ཐམས་ཅད་ལ་ཡང་དེ་ལྟར་འགྱུར་བ་སྟེ། བདེན་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་ལ་ལར་སྐྱེས་བུ་རྣམས་མི་སླུ་བར་མཐོང་དུ་ཟིན་ཀྱང་ཡུལ་གཞན་དག་ཏུ་

ཡང་འཁྲུལ་པ་མཐོང་བའི་ཕྱིར་རོ། །འདོད་པར་ནི་འགྱུར་ན་དབང་པོ་ལས་འདས་པའི་དོན་དག་ལ་ཡང་སྐྱེས་བུའི་ཕུལ་དུ་བྱུང་བའི་ཚིག་གི་འཇུག་པ་ནི་དེའི་ཚིག་འཇུག་པ་ཉིད་ཡིན་པའི་ཕྱིར། མི་སླུ་བ་ཅན་ཡིན་ཏེ། ཚད་མ་གོ་བར་བྱ་བའི་ཡུལ་ལ་ཚིག་འཇུག་པ་བཞིན་ནོ་ཞེ་ན། དེའི་ཕྱིར་དེའི་འཇུག་པ་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཕུལ་དུ་བྱུང་བ་དེའི་ཚིག་གི་འཇུག་པ་མི་སླུ་བ་དང་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །གང་དང་གང་ཡིད་ཆེས་པའི་ཚིག་གི་འཇུག་པ་མི་སླུ་བ་ཅན་གྱི་ཁྱབ་པ་ཡོད་པ་མ་ཡིན་ཏེ། བཟློག་པ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་ཚད་མ་དང་ལྡན་པ་མ་ཡིན་ནོ། །

ཁྱེད་ཅག་ཀྱང་། མངོན་སུམ་དང་ནི་རྗེས་སུ་དཔག་པ་དང་། །རྣམ་པ་གཉིས་ཀྱིས་གནོད་པ་མེད་པའང་། །ཞེས་བྱ་བ་ལ་སོགས་པས་ཕྱོགས་གཅིག་གིས་མི་སླུ་བ་ནི་ལུང་གི་མཚན་ཉིད་དུ་འདོད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ལུང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་རྟོགས་པར་བྱ་བའི་དངོས་པོ་ལ་རྟག་

ཏུ་མི་སླུ་བས་དེ་དེ་ལས་འདས་པ་ཡང་མི་སླུ་བ་ཅན་གྱི་ཚིག་ཡིན་ནོ་ཞེས་བྱ་བའི་ལུང་གི་མཚན་ཉིད་འདི་ནི་སྐབས་མིན་པ་ཉིད་དུ་འདོད་དོ། །ལུང་ལས་འཇུག་པ་ན་དེ་ལྟར་འཇུག་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ཇི་སྐད་དུ་བཤད་པའི་ལུང་དེ་ལས་དབང་པོ་ལས་འདས་པའི་དོན་ངེས་པ་མ་ཡིན་ཏེ། དེ་ནི་ཚད་མ་ཉིད་མ་ཡིན་

པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་ལུང་ཚད་མ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །དེ་བས་ན་འདི་ལྟར་སྐྱེས་བུས་མ་བྱས་པའི་སྒྲ་དག་གི་དོན་ཤེས་པ་སློབ་དཔོན་གྱི་ཡང་དག་པའི་མན་ངག་ལས་མ་ཡིན་ཏེ། སྟོན་པ་པོ་མེད་པའི་ཕྱིར་རོ། །རིགས་པ་ལས་མ་ཡིན་ཏེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཚད་

མ་མི་འཇུག་པའི་ཕྱིར་རོ། །འཇིག་རྟེན་གྱི་ལས་ཀྱང་དོན་རྟོགས་པ་མ་ཡིན་ཏེ་འཇིག་རྟེན་གྱིས་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་མེད་པས་ན། འཇིག་རྟེན་གྱིས་བྱས་པའི་བརྡའི་རྗེས་སུ་འབྲང་བར་མི་རུང་བའི་ཕྱིར་རིག་བྱེད་པའི་སྒྲ་དེ་ལ་དོན་རྟོགས་པ་མེད་པ་ཉིད་རིགས་པ་དང་ལྡན་པ་ཡིན་ནོ། །རིག་བྱེད་པའི་སྒྲ་དེ་ལ་ཡང་

เล่ม ๑๗๗ · หน้า 52b

གལ་ཏེ་འཇིག་རྟེན་ཚིག་རབ་གྲགས་ཏེ། ཇི་ལྟར་མེ་ལ་སོགས་པའི་སྒྲ་སྲེག་པ་དང་འཚེད་པ་ལ་སོགས་པའི་ནུས་པའི་འཇུག་པ་ཞེས་བྱ་བ་ལ་སོགས་པའི་འཇིག་རྟེན་གྱི་ཐ་སྙད་གང་ཡིན་པ་སྟེ་གལ་ཏེ་འཇིག་རྟེན་གྱི་ཚིག་རིག་བྱེད་ཀྱི་དོན་རྟོགས་པའི་རྒྱུ་ཡིན་ནོ་ཞེ་ན། ལན་དུ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། འདོད་ཆགས་ལ་སོགས་པ་དག་དང་མ་རིག་པས་ཟིལ་གྱིས་མནན་པའི་འཇིག་རྟེན་དེ་ལ་སྣ་ཚོགས་དོན་ཅན་སྒྲའི་སྟེ། དོན་གཅིག་ལ་སོ་སོར་ངེས་པ་མེད་པའི་ཕྱིར་རིག་བྱེད་པའི་རྟོགས་པར་འགྱུར་བའི་དོན་གྱི་ཁྱད་པར་ཅན་དག་གིའོ། །དབང་པོ་ལས་འདས་པའི་དོན་མཐོང་བ་གང་གིས་དོན་འདི་རྣམ་པར་ཕྱེ་བ་སྟེ།

དབང་པོ་ལས་འདས་པའི་དོན་འདི་ཉིད་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བའོ། །དབང་པོ་ལས་འདས་པའི་དོན་མཐོང་གང་སྟེ། སྐྱེས་བུའོ། །རྒྱལ་དཔོག་པའམ་གཞན་འགའ་ཞིག་ཀྱང་བསམ་པ་མེད་པ་སྔོན་དུ་སོང་བ་ཅན་གྱི་རིག་བྱེད་པའི་སྒྲ་དག་ནི་དོན་རྣམ་པར་འབྱེད་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་

འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྐྱེས་བུས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུས་མ་བྱས་ཤིང་བྱས་པ་མ་ཡིན་པའི་སྒྲ་དང་དོན་འབྲེལ་པ་ལ་འཇིག་རྟེན་གྱི་ཐ་སྙད་འདི་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བསམ་པ་རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་བརྡ་ལས་ཡིན་ནོ། །

ཅི་དང་འདྲ་བར་ཞེ་ན། བསྟན་བཅོས་བྱེད་པ་ལ་སོགས་པ་པ་ནི་ནི་ལ་སོགས་པ་རང་ཉིད་ཀྱི་བརྡ་ལས་ཏེ། བརྡར་བྱས་པ་ལས་སོ། །དེའི་བརྡའི་རྗེས་སུ་འབྲངས་པའི་ངང་ཚུལ་ཅན་པ་ནི་ནིའི་སློབ་མ་ལ་སོགས་པ་འཕེལ་བ་དང་ཡོན་ཏན་གྱི་མིང་ཅན་ལ་སོགས་པའི་ཐ་སྙད་བཞིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་བཅོས་

ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་ཐ་སྙད་ཀྱང་ངོ་བོ་ཉིད་ཀྱིས་གྲུབ་པར་འགྱུར་བ་དེའི་ཚེ་གཞན་གྱིས་བསྟན་པ་ལ་ལྟོས་པ་མེད་པ་ཡིན་ན་ལྟོས་པ་ཡང་ཡིན་ནོ། །དེའི་ཕྱིར་སྐྱེས་བུས་མ་བྱས་པའི་སྒྲ་དོན་དང་འབྲེལ་པ་ལས་ནི་མ་ཡིན་གྱི་འོན་ཀྱང་བརྡ་ལས་བྱུང་བ་ཉིད་ལས་ཡིན་ནོ། །བརྡར་བྱས་པའི་

སྒྲ་ལས་བྱུང་བའི་ཐ་སྙད་ལས་ཀྱང་རིག་བྱེད་ཀྱི་དོན་རྟོགས་པར་རིགས་པ་ཡང་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་པའི་བསྟན་པ་ལས་རིག་བྱེད་ཀྱི་དོན་རྟོགས་པར་ཁས་བླངས་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུས་མ་བྱས་པའི་རིག་བྱེད་པའི་སྒྲ་དང་དོན་གྱི་འབྲེལ་པ་གཞན་གྱིས་བསྟན་པ་རིགས་པ་

เล่ม ๑๗๗ · หน้า 53a

མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་ཀྱི་དོན་དེ་ནི་སྐྱེས་བུ་འགའ་ཞིག་གིས་ཀྱང་མི་ཤེས་པའི་ཕྱིར་རོ། །རིག་བྱེད་ཀྱི་དོན་མི་ཤེས་པ་ཡང་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་དབང་པོའི་གཟུང་བར་བྱ་བ་ཉིད་དུ་རིག་བྱེད་ཀྱི་དོན་དབང་པོས་གཟུང་བར་བྱ་བར་ཁས་ལེན་པ་དེའི་ཚེ་རིག་བྱེད་ཀྱི་

དོན་དབང་པོས་གཟུང་བར་བྱ་བ་ཉིད་ཁས་ལེན་ན་བསྟན་པ་མེད་པར་བདག་ཉིད་རིག་བྱེད་ཀྱི་དོན་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་གཟུགས་ལ་སོགས་པ་དག་དབང་པོས་གཟུང་བ་ཉིད་ཡིན་པའི་ཕྱིར་བསྟན་པ་མེད་པར་རྟོགས་པར་འགྱུར་བ་དེ་དང་འདྲའོ། །ཅི་སྟེ་དེ་ལྟ་ཡིན་ན་ཡང་རིག་བྱེད་ཀྱི་

དོན་ངེས་པར་བྱ་བའི་ཕྱིར་སྐྱེས་བུས་བསྟན་པ་ལ་ལྟོས་པར་འགྱུར་བ་དེའི་ཚེ་རིག་བྱེད་ཀྱི་དོན་ངེས་པར་བྱ་བའི་ཕྱིར། བསྟན་པ་ལ་ལྟོས་པ་ཡིན་ན་ཡང་རིག་བྱེད་འཆད་པར་བྱེད་པ་པོ་རང་རྒྱུད་པ་དག་ཅེས་བྱ་བ་འདོད་ཆགས་ལ་སོགས་པས་ཟིལ་གྱིས་མནན་པས་ཡང་དག་པའི་ཤེས་པ་མེད་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་

འཇུག་པ་དག་གི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པས་མི་སླུ་བ་མི་འགྲུབ་པའི་ཕྱིར་ཏེ། རིག་བྱེད་ཀྱི་དོན་ལ་ཡིད་བརྟན་དུ་མེད་ཅིང་ངེས་པ་མེད་དོ། །མི་ཤེས་པའི་སྟོན་པ་ན་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པ་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་བདུན་པ། གལ་ཏེ་སྐྱེས་བུ་རང་གིས་

འདོད་པས་སྟོན་པར་བྱེད་པ་ཡིན་གྱི། འོན་ཀྱང་རིག་བྱེད་དང་འདྲ་བར་རིག་བྱེད་རྣམ་པར་བཤད་པ་དང་སྐྱེས་བུས་མ་བྱས་པ་ཐོག་མ་མེད་པའི་མན་ངག་བརྒྱུད་པའི་མཚན་ཉིད་ཅན་གྱི་ཡང་དག་པའི་མན་ངག་རྒྱུན་མ་ཆད་པ་ལས་འོངས་པ་ཇི་སྐད་དུ་བཤད་པ་དེ་ལས་རིག་བྱེད་ཀྱི་དོན་གྲུབ་པ་ཡིན་ནོ་ཞེ་ན། ལན་དུ་དེ་ཡང་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་རྣམ་པར་འཆད་པ་དེ་ཡང་སྒྲའི་བདག་ཉིད་ཅན་དེ་སྒྲའི་རང་བཞིན་ཅན་ཡིན་ན། ཇི་ལྟར་ན་སྐྱེས་བུས་མ་བྱས་པའི་རིག་བྱེད་རྣམ་པར་འཆད་པ་འདིའི་དོན་རིག་པ་ཡིན་ཞེས་རིག་བྱེད་དང་བརྒལ་ཞིང་བརྟག་པ་མཚུངས་སོ། །རིག་བྱེད་དང་འདྲ་བར་དེའི་རྣམ་པར་བཤད་པ་ཡང་

དོན་མ་ངེས་པ་ཅན་ཡིན་ནོ། །དེ་བས་ན་ཇི་སྐད་དུ་རྣམ་པར་བཤད་པ་གང་ལས་རིག་བྱེད་ཀྱི་དོན་ངེས་པ་ཡིན་ནོ་ཞེས་དགོངས་སོ། །རེ་ཞིག་སྐྱེས་བུས་བྱས་པ་ཉིད་ཀྱི་ལུང་ལ་སྐྱོན་འདི་ཡོད་པ་མ་ཡིན་ཏེ། སྐྱེས་བུ་དེ་ཉིད་ཀྱིས་བརྡར་བྱས་ཤིང་ཐ་སྙད་དུ་བྱས་པའི་སྒྲ་དེ་ཉིད་ཀྱི་དོན་རྭ་ལས་བཟུང་བས་ཞེས་བྱ་བ་སྒྲ་འདིའི་

เล่ม ๑๗๗ · หน้า 53b

དོན་འདི་ཡིན་ནོ་ཞེས་ཁྱད་པར་ཡོངས་སུ་བཟུང་བས་ཀྱང་ངོ་། །མི་རྟོགས་པ་སྟེ་སྐྱེས་བུ་མི་ཤེས་པ་རྟོགས་པར་བྱེད་པ་དེ་ལྟར་ན་སྐྱེས་བུས་བྱས་པའི་སྒྲ་དག་གིས་དོན་རྟོགས་ཤིང་ཁོང་དུ་ཆུད་ཐབས་ཡོད་པ་ཡིན་གྱི་སྐྱེས་བུས་མ་བྱས་པའི་སྒྲ་རྣམས་ནི་མ་ཡིན་ནོ། །དེ་ལྟར་ན་སྐྱེས་བུས་མ་བྱས་པའི་སྒྲ་

རྣམས་ནི་ཇི་ལྟར་དོན་འདི་ཉིད་འདོད་ཆགས་ལ་སོགས་པ་དང་ལྡན་པས་གཟུང་བར་བྱ་བ་ཡིན་ནོ་ཞེས་དེ་ལྟར་བྱེད་པ་མ་ཡིན་ནོ། །རྒྱལ་དཔོག་པའམ་གཞན་འདོད་ཆགས་ལ་སོགས་པ་དང་ལྡན་པ་དང་འགའ་ཞིག་ཀྱང་དབང་པོ་ལས་འདས་པའི་དོན་ལ་ལར་སྐྱེས་བུས་མ་བྱས་པའི་སྒྲ་འདིའི་འབྲེལ་པ་ངེས་

པ་ཤེས་པར་མི་ནུས་པའི་ཕྱིར་དེའི་དོན་དེ་རིག་བྱེད་ཀྱི་དོན་རྟོགས་པ་ཉིད་མེད་དོ། །གཞན་ཡང་རིག་བྱེད་དང་དེའི་བཤད་པ་སྐྱེས་བུས་མ་བྱས་པ་ཡིན་པ་ཡང་བླ་སྟེ། དེ་ལྟ་ན་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པའི་སྐྱེས་བུས་བསྟན་པར་བྱ་བ་ལ་བསྟན་པར་འགྱུར་ན་ཡང་། ད་ལྟར་ཡང་ཡང་དག་

པའི་མན་ངག་འཇིག་པ་མེད་པ་ཅན་ཉིད་རྗེས་སུ་འཇུག་གོ་ཞེས་བྱ་བ་འདི་ལ་ཡང་ངེས་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི་འོན་ཀྱང་མནའ་ལ་སོགས་པ་ལ་བརྟེན་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུས་ལུང་འཇིག་པར་བྱེད་པ་གང་གིས་རྣམ་པ་གཞན་དུ་རྩོམ་པ་སྟེ། སྔར་བརྩམས་པ་ལས་

ལོག་པར་རྩོམ་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །སྐྱེས་བུའི་རྣམ་པ་གཞན་དུ་རྩོམ་པའི་རྒྱུ་ཡང་ཅི་ཡིན་ཞེ་ན། བདག་གིས་རློམ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་རློམ་པས་ཞེས་བྱ་བ་བདག་ཏུ་ང་རྒྱལ་བ་ཉིད་ཀྱིས་ཇི་ལྟར་གྲངས་ཅན་འཇིག་པར་བྱེད་པ་ཅན་དྲེགས་པས་གྲངས་ཅན་གྱི་

གྲུབ་པའི་མཐའ་རྣམ་པ་གཞན་དུ་རྩོམ་པ་བྱས་པ་ལྟ་བུའོ། །དེའི་བསྟན་པ་ལ་སྡང་བས་རྣམ་པ་གཞན་དུ་རྩོམ་པ་མཐོང་བའི་ཕྱིར་ཏེ། དཔེར་ན་ཐེག་པ་ཆེན་པོ་ལ་རྣམ་པར་སྡང་བས་ཐེག་པ་ཆེན་པོའི་གཟུགས་བརྙན་གྱི་མདོ་རྩོམ་པ་ལྟ་བུའོ། །དེར་ཞུགས་པ་སྨ་དབབ་པའི་ཕྱིར་ཞེས་བྱ་བ་བསྟན་པ་དེར་ཞུགས་

པའི་སྐྱེས་བུ་གང་ཡིན་པ་དེ་ཚར་བཅད་པའི་ཕྱིར་རྣམ་པ་གཞན་དུ་རྩོམ་པ་སྲིད་དོ། །དེར་ཞུགས་པ་ཇི་ལྟར་སྨ་དབབ་པ་ཉིད་ཡིན་ཞེ་ན། གཡོན་ཅན་ཟིལ་གྱིས་མནན་པ་དེ་སྟེ་གང་གི་ཕྱིར་འདི་སྨ་དབབ་པར་བྱའོ་ཞེས་གཡོན་ཅན་སྤྱང་པོ་འདི་ཟིལ་གྱིས་མནན་པས་སོ། །རྒྱུ་གཞན་འགའ་ཞིག་གིས་ཏེ་རྫས་རྙེད་པ་

เล่ม ๑๗๗ · หน้า 54a

ལ་སོགས་པ་དག་གིས་ཀྱང་ངོ་། །གཞན་ཡང་རིག་བྱེད་ཀྱི་དོན་ངེས་པ་འདིར་རིག་བྱེད་ཀྱི་སྨྲ་བ་ཁྱོད་ཀྱིས་རང་གི་ཚིག་ལ་རྗེས་སུ་ཆགས་པའི་རྒྱུའི་ཕྱིར་བདག་ཉིད་ཀྱིས་ཁས་བླངས་པ་ཞེས་བྱ་བ་བདག་ཉིད་ཀྱིས་ཁས་རྗོད་པར་བྱེད་ཅིང་མཛེས་པར་བྱེད་པ་དེ་ངེས་པ་ཡིན་ན། གང་གིས་ན་

འདོད་ཆགས་ལ་སོགས་པས་དྲི་མ་ཅན་དུ་བྱས་པའི་སྐྱེས་བུ་དག་ལས་རིག་བྱེད་ཀྱི་དོན་ངེས་པ་དོན་དུ་གཉེར་བར་བྱེད། དེ་ལྟར་ན་དཔྱོད་པ་པའི་སྐྱེས་བུས་བྱས་པའི་ཚིག་འདི་ཚད་མ་མ་ཡིན་པར་ཁས་བླངས་པ་དེ་འདྲ་བ་ནི་འདིར་སྐྱེས་བུ་འདོད་ཆགས་ལ་སོགས་པ་དག་གིས་བསླད་ཅིང་རྣམ་པར་འཕྲུལ་བ་བརྫུན་པ་ཡང་

སྨྲ་བའི་ཕྱིར་སྐྱེས་བུ་འདིའི་ཚིག་ཚད་མ་མ་ཡིན་ནོ་ཞེའོ། །བརྫུན་པ་སྨྲ་བ་དེ་ཉིད་ནི་རིག་བྱེད་ཀྱི་དོན་གྱི་ཡང་དག་པའི་མན་ངག་ཁས་ལེན་པ་འདིར་ཡང་རྒྱལ་དཔོག་པ་ལ་སོགས་པ་དག་གི་ཕྱོགས་སུ་ལྟུང་བའི་བློ་དང་བྲལ་བས་རྒྱལ་དཔོག་པ་ལ་སོགས་པའི་རིག་བྱེད་ཀྱི་དོན་རྣམ་པར་ཕྱེ་བར་ཇི་ལྟར་ཅི་ཡོད་དམ་མེད་ཅེས་

ཅིའི་ཕྱིར་དཔྱོད་པར་མི་བྱེད། དེ་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པའི་སྐྱེས་བུས་གཞུང་ཉེ་བར་སྦྱར་ནས་བརྫུན་སྨྲ་བར་འགྱུར་རོ། །དེ་ལྟར་ན་འདོད་ཆགས་དང་ལྡན་པའི་སྐྱེས་བུ་རྒྱལ་དཔོག་པ་ལ་སོགས་པ་དེ་ཉིད་རིག་བྱེད་དམ་རིག་བྱེད་ཀྱི་དོན་སྟོན་པ་ན། འདོད་ཆགས་ལ་སོགས་པས་འཁྲུལ་པའི་རྒྱུའི་ཕྱིར་

རྣམ་པ་གཞན་དུ་ཡང་སྟོན་པར་འགྱུར་རོ་ཞེས་བྱ་བ་ལོག་པའི་དོན་གྱི་དོགས་པ་ལྡོག་པ་མ་ཡིན་ནོ། །དོགས་པའི་རྒྱུ་གཞན་བསྟན་པའི་ཕྱིར། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་རྒྱལ་དཔོག་པ་ལ་སོགས་པ་འགའ་ཞིག་གི་ནུབ་པ་ལས་བྱུང་བ་སྟེ། ནུབ་པར་གྱུར་པ་ལས་དྲན་ཞིང་དྲན་པ་ལས་ཡང་དག་པར་

བརྩམས་པས་བྱུང་བའི་རིག་བྱེད་ཀྱི་ཡལ་ག་གཞན་དག་ཡོད་པ་ཐོས་པ་ཡིན་ནོ། །དེ་བས་ན་དེ་དག་གིས་ཡང་དག་པའི་མན་ངག་རྒྱུན་ཆད་པའི་ཡལ་ག་གཞན་ཏེ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཉེ་བར་བཀོད་པ་ཞེས་བྱ་བ་ལ་ཡིད་ཆེས་པ་ཅི་ཡོད་ད་ལྟར་ཡང་རིག་བྱེད་ཀྱི་ཡལ་ག་གཞན་ཅུང་ཟད་འདོན་པར་བྱེད་པ་ཅན་འགའ་

ཞིག་ཀྱང་མཐོང་ངོ་སྟེ། ཉུང་ཞིག་འདོན་པར་བྱེད་པ་པོས་སྒྲོ་བཏགས་ནས་སྟོན་པར་བྱེད་པས་མ་ཡིན་ནོ་ཞེས་བྱ་བ་ལ་ཡིད་ཆེས་པ་ཅི་ཞིག་ཡོད། ཇི་ལྟར་ཅུང་ཟད་འདོན་པར་བྱེད་པ་ཅན་དགྱེས་པར་བྱ་བ་དང་། རྣམ་པ་གཞན་དུ་སྲིད་པ་ཅན་གྱི་ཡལ་ག་གཞན་མཐོང་བ་དེ་བཞིན་དུ་རྒྱ་ཆེར་འདོན་པར་བྱེད་པ་ཅན་གཞན་དག་

เล่ม ๑๗๗ · หน้า 54b

ཀྱང་མཐོང་བར་འགྱུར་རོ། །རྒྱ་ཆེར་འདོན་པར་བྱེད་པ་དེ་དག་ཀྱང་དུས་འགའ་ཞིག་གི་ཚེ་ཞེས་བྱ་བ་འདས་པའི་དུས་ཀྱི་ཚེ་ནུབ་པ་སྲིད་པའི་ཕྱིར་ཏེ། ཉུང་ཟད་འདོན་པ་ཅན་ཡོད་པ་སྲིད་པའི་ཕྱིར་རོ། །དེ་དག་དེའི་ཚེ་རྒྱ་ཆེར་འདོན་པར་བྱེད་པ་ཅན་ཉིད་ཅེས་ངེས་པར་བྱ་བར་ནུས་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །

འོ་ན་ད་ལྟར་ཇི་ལྟར་རྒྱ་ཆེར་འདོན་པར་བྱེད་པ་ཅན་དེ་དག་ཡོད་པ་ཡིན་ཞེ་ན། དེའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཞན་དུ་ཡང་སྐྱེས་བུ་ཡིད་ཆེས་པ་ཉིད་དུ་སྲིད་པའི་ཕྱིར་ཤེས་པ་སྟེ་ཚད་མས་སོ། །དེ་ལས་གཞན་པའི་སྐྱེས་བུ་ཡིད་ཆེས་པར་སྲིད་པ་མ་ཡིན་པ་འདོན་པར་བྱེད་པ་ལས་

བཟློག་པ་འདོན་པར་བྱེད་པ་པོར་འདོད་པ་རབ་ཏུ་མང་པོ་ཁས་བླངས་པ་སྟེ། མང་དུ་ཁས་བླངས་པ་ཡོད་པ་གང་ཡིན་པ་སྲིད་པའི་ཕྱིར་ངེས་པ་མེད་དོ། །གཞན་ཡང་ཡལ་ག་ཉུང་ཟད་དུ་གྱུར་པ་དག་རྒྱ་ཆེར་འདོན་པར་བྱེད་པའི་སྐྱེས་བུ་གང་ཡིན་པ་དེ་དག་རྒྱ་ཆེན་པོར་འདོན་པར་བྱེད་པའི་སྐྱེས་བུ་དེ་དག་གི་རྣམ་པ་

གཞན་དུ་སྟོན་པ་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ངེས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རབ་ཏུ་འདོན་པར་བྱེད་པ་པོ་དག་ཅི་འདྲ་བ་ཞིག་ཅེ་ན། འགའ་ཞིག་གི་ཚེ་འདོན་པ་བརྗོད་པ་སྟེ་འདོན་པར་བྱེད་པ་གང་དག་གིས་འདོན་པར་ཡོད་པ་ལས་བརྗོད་པའི་འདོན་པར་བྱེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །

དཔེར་ན་འདོན་པ་བརྗེད་པར་གྱུར་པ་ལས་རྣམ་པ་གཞན་དུ་ཡང་རྒྱས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ཤེ་ན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་པར་འདོད་པའི་འདོན་པར་བྱེད་པ་པོ་གཞན་དག་གི་འདོན་པར་བྱེད་པ་དེ་ལ་ཆེ་བའི་བདག་ཉིད་སྲིད་པ་གང་ཡིན་པ་དེ་ཉམས་པའི་

འཇིགས་པ་སྟེ། གལ་ཏེ་བདག་རྣམ་པ་གཞན་དུ་མི་སྟོན་ན། དེ་དག་གིས་ཁོ་བོའི་ཡིད་ཆེས་པ་ཡོད་པ་ཉམས་པར་འགྱུར་རོ་ཞེས་འཇིགས་པས་སོ། །སོགས་པའི་སྒྲས་ནི་སྔར་བཤད་པའི་བདག་གིས་རློམ་པས་ཞེས་བྱ་བ་ལ་སོགས་པའི་རྒྱུས་རྣམ་པ་གཞན་དུ་སྟོན་པ་སྲིད་པ་ཡིན་ནོ། །དེ་དག་གི་རྣམ་པ་གཞན་དུ་

རྒྱུས་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་འདོན་པར་བྱེད་པས་དེ་ལྟར་རྟོགས་པ་མ་ཡིན་ནོ་ཞེ་ན། དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་དེའི་ཤེས་པ་ལས་ཀྱང་དེ་ལས་ཐ་དད་པ་དག་སྟེ་ཡིད་ཆེས་པ་པོའི་རྩོམ་པ་པོའོ། །སྐྱེས་བུ་ལ་མངོན་པར་དད་པ་དག་ཀྱང་དཔྱོད་པ་མེད་པར་རིག་བྱེད་འདོན་པར་བྱེད་པ་རྟོགས་པའི་

เล่ม ๑๗๗ · หน้า 55a

ཕྱིར་རོ། །གཞན་ཡང་དག་པའི་མན་ངག་ཡོད་པ་མ་ཡིན་ནོ། །སྐྱེས་བུ་ཚད་མར་གྱུར་པ་ཉིད་ཀྱིས་འཇུག་པ་ཉིད་སྒྲུབ་པའི་ཕྱིར་འདོན་པར་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོན་པར་བྱེད་པ་པོ་མང་པོ་དག་གི་ནང་ནས་སྐྱེས་བུ་ཡིད་ཆེས་པར་སྲིད་པ་ལས་འཇིག་རྟེན་མང་པོའི་རྟོགས་

པ་མ་མཐོང་བའི་ཕྱིར་རོ། །ཡིད་ཆེས་པ་ལས་འགའ་ཞིག་གིས་རྟོགས་པ་ཡོད་པ་ནི་བླ་སྟེ། དེ་ལྟ་ན་ཡང་དེ་འདྲ་བའི་སྐྱེས་བུ་དེ་ཉིད་མི་སླུ་བ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཡིད་ཆེས་པར་སྲིད་པ་དེ་ལས་ཀྱང་རྣམ་པ་འགའ་ཞིག་གིས་ཏེ། སྲིད་པ་ཉམས་པའི་

འཇིགས་པ་ལ་སོགས་པས་འཁྲུལ་ཞིང་སླུ་བ་སྲིད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཡང་དེ་ཡིན་ལ་འཆད་པར་བྱེད་པ་པོ་ཡང་ཡིན་པ་ཞེས་བྱ་བ་ནི་ལས་འཛིན་པའོ། །ཉུང་ཟད་ཀྱང་ཡིན་ལ་སྐྱེས་བུ་འཆད་པར་བྱེད་པ་པོ་ཡང་

ཡིན་པས་ན་ཞེས་བྱ་བ་ཡང་ལས་འཛིན་པ་ཉིད་ཡིན་ནོ། །རིག་བྱེད་འཆད་པ་པོའི་སྐྱེས་བུའི་དོན་རྟོགས་པ་དེ་དག་གི་རྒྱུད་པ་ཉིད་རིག་བྱེད་ཀྱི་བཤད་པ་འདི་ལ་དཔྱོད་པ་པ་ཁྱེད་ཀྱིས་ཀྱང་མཉན་པར་བྱ་བ་ཡིན་ནོ། །དེ་ལས་ཏེ་འཆད་པ་པོ་ཉུང་ཟད་ཀྱི་ནང་ནས་རིག་བྱེད་པ་འདིའི་འཆད་པ་པོ་རྣམ་པར་སྡང་བ་ལ་སོགས་པ་

འགའ་ཞིག་གང་ཡང་རུང་བར་འགྱུར་རོ། །འགའ་ཞིག་རིག་བྱེད་ཀྱི་བསྟན་པ་ལ་སྡང་བ་དེ་རྣམ་པ་གཞན་དུ་ཡང་སྟོན་པར་འགྱུར་རོ། །དེ་བཞིན་དུ་མི་ཤེས་པ་དང་སྤྱང་པོ་འགའ་ཞིག་ཀྱང་དེ་བཞིན་དུ་རིག་བྱེད་རྣམ་པར་འཆད་པ་ལ་ཡིད་བརྟེན་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་སྐྱེས་བུས་མ་

བྱས་པའི་རིག་བྱེད་ཀྱི་བཤད་པ་ལས་རིག་བྱེད་ཀྱི་དོན་གྲུབ་པ་མ་ཡིན་ཏེ། དེའི་བཤད་པ་ཡང་སྐྱེས་བུ་ཙམ་གྱིས་ཤེས་པའི་དོན་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །བརྡ་ལས་བྱུང་བ་སྟེ་བརྡར་བྱས་པ་ལས་བྱུང་བའི་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་རིག་བྱེད་ཀྱི་དོན་གྲུབ་པ་མ་ཡིན་ཏེ། འཇིག་རྟེན་གྱི་འདོད་ཆགས་ལ་

སོགས་པའི་རྣམ་པར་འཚེ་བས་བསླད་པ་ཉིད་ཀྱི་ཕྱིར་རོ། །རིག་བྱེད་ཀྱི་སྒྲ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས་བརྡ་ལ་ལྟོས་པ་མེད་པ་ཡིན་པ་ནི་སླ་སྟེ། འདི་ལྟར་བརྡ་ལས་བྱུང་བ་མ་ཡིན་པ་ཉིད་དུ་ཁས་ལེན་པར་གྱུར་པ་ན་དོན་སྣ་ཚོགས་ཅན་གྱི་སྒྲ་རྣམས་ཀྱི་ཐ་སྙད་མཐོང་བའི་ཕྱིར་རོ། །རིག་བྱེད་པའི་སྒྲ་ཐམས་ཅད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด