ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๗ · หน้า 55b
ཡང་དེའི་དོགས་པ་མི་ལྡོག་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དོན་སྣ་ཚོགས་པའི་ཐེ་ཚོམ་མི་ལྡོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཇིག་རྟེན་པ་དག་གི་དོན་སྣ་ཚོགས་པ་ཉིད་ཡིན་གྱི་རིག་བྱེད་པ་དག་གི་ནི་མ་ཡིན་ནོ། །མ་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་ལ། མ་གྲུབ་པའི་དོན་ཅན་ནམ་ཞེས་བྱ་བ་
སྒྲ་གང་ལ་མ་གྲུབ་པའི་དོན་ཡོད་པ་དེ་ནི་མ་གྲུབ་པའི་དོན་ཅན་གྱི་སྒྲའོ། །རིག་བྱེད་པའི་དེ་འགའ་ཞིག་གི་དེ་ཡང་རྒྱལ་དཔོག་པའི་ལ་སོགས་པ་གཞན་གྱིས་བཤད་པ་རབ་ཏུ་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་ན་བཤད་པ་མཐོང་བའི་རྒྱུས་ཅི་སྐྱེས་བུ་རིག་བྱེད་པའི་དོན་ཇི་ལྟར་གནས་པ་ཉིད་སྟོན་པར་བྱེད་དམ།
ཅི་བཟློག་པ་ཞེས་བྱ་བའི་དོགས་པ་མི་ལྡོག་པའི་ཕྱིར་ཐམས་ཅད་དུ་དོན་སྣ་ཚོགས་པའི་ཐེ་ཚོམ་དུ་འགྱུར་རོ། །རབ་ཏུ་མ་གྲགས་པ་ཞེས་བྱ་བ་སྒྲ་གང་ལས་རབ་ཏུ་གྲགས་པ་མེད་པ་དེ་ཡང་བཤད་པ་མཐོང་བས་སྔ་མ་བཞིན་དུ་དེའི་དོགས་པ་མི་ལྡོག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རིག་བྱེད་པ་དག་
གིས་དོན་གྱི་ངེས་པ་བརྗོད་པར་མི་ནུས་ཏེ། འདི་ལྟར་འཇིག་རྟེན་པ་དང་རིག་བྱེད་པའི་སྒྲ་ཐམས་ཅད་དོན་ཇི་ལྟ་བ་བཞིན་དུ་ངེས་པར་སྦྱར་བ་ན་ཡང་ཞེས་བྱ་བ་ནི། ཟློས་པའི་མི་ཟད་པའི་བསྡུ་བ་སྟེ་དོན་གང་དང་གང་ལ་ངེས་པར་སྦྱར་ཞིང་བརྡར་བྱས་པ་དེ་ཡོད་ན་ཡང་རྗེས་སུ་མཐུན་པར་དོན་དེ་དང་དེ་ལ་བརྡ་ཇི་ལྟ་བ་
བཞིན་དུ་རྟོགས་པ་སྐྱེད་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་པའི་སྒྲ་མངོན་པར་འདོད་པའི་དོན་ལས་གཞན་དུ་སྦྱར་བས་ན། དོན་རྟོགས་པ་སྐྱེད་པར་མི་འགྱུར་བ་དེའི་ཚེ་དོན་གཅིག་པ་ཅན་ཉིད་དུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ཏེ་འདོད་པའི་དོན་ལ་རྣམ་པ་གཞན་དུ་རྟོགས་པ་དང་མི་འདོད་པའི་དོན་ལ་རྣམ་པ་གཞན་དུ་ཞེས་བྱ་བ་
ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་འདོད་པ་དང་མི་འདོད་པ་དག་ལ་ཉེ་བ་དང་བསྐལ་བ་མེད་པས་ཤེས་པ་སྐྱེད་པ་ཁྱད་པར་མེད་པའི་ཕྱིར། དེ་བས་ན་དོན་ཐམས་ཅད་ལ་རིག་པར་བྱེད་པའི་སྒྲ་ཁྱད་པར་མེད་པ་དག་ནི་གང་གིས་དོན་གཅིག་ཡིན་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཅིག་ཅེ་ན། ལྐོག་ཏུ་གྱུར་པ་དང་འབྲེལ་བ་ཅན་ཏེ།
གང་ལ་དབང་པོ་ལས་འདས་པའི་སྒྲ་དང་ལྷན་ཅིག་འབྲེལ་ཏེ་ལྡན་པ་ཡོད་པ་དེ་ལ་དེ་སྐད་ཅེས་པའོ། །དབང་པོ་ལས་འདས་པ་ཅན་དང་འབྲེལ་བ་ཅན་གྱི་ཞེས་བྱ་བའི་དོན་ཏོ། །ལྐོག་ཏུ་གྱུར་པ་མཐོང་བ་མ་ཡིན་པའི་སྐྱེས་བུ་ཐ་མལ་པ་ལ་སུ་ཞིག་རྣམ་པར་འབྱེད་པར་འགྱུར་ཞེས་བྱ་བ་ཐ་དད་པར་བྱེད་པར་འགྱུར་ཏེ། འགའ་ཞིག་
เล่ม ๑๗๗ · หน้า 56a
ཀྱང་མེད་ཅིང་གང་གིས་འཇིག་རྟེན་གྱི་ཐ་སྙད་ལས་རྟོགས་པར་འགྱུར། གཞན་ཡང་དཔྱོད་པ་པ་བདག་ཉིད་ཀྱང་རིག་བྱེད་པའི་སྒྲ་ཐམས་ཅད་ལ་གྲགས་པའི་རྗེས་སུ་འབྲང་བར་མི་བྱེད་ན། གང་གིས་ནི་འཇིག་རྟེན་གྱི་ཚིག་གྲགས་པ་ལས་རིག་བྱེད་ཀྱི་ཚིག་གི་དོན་རྟོགས་པར་འགྱུར། ཇི་ལྟར་
རྗེས་སུ་སྐྱོང་བར་བྱེད་པ་མ་ཡིན་ཞེ་ན། འདི་ལྟར་རིག་བྱེད་ཀྱི་ཚིག་འདི་ཉིད་ཀྱིས་བརྗོད་པར་འགྱུར་བ་ན་སྟེ་བཤད་པར་འགྱུར་བ་ནའོ། །གྲགས་མིན་དོན་བརྗོད་པ་སྟེ་རབ་ཏུ་གྲགས་པ་མ་ཡིན་པའི་དོན་བརྗོད་པ་ནའོ། །མཐོ་རིས་དང་ལྷ་མོ་ལ་སོགས་སྒྲ་མཐོང་ངོ་། །མཐོ་རིས་ཀྱི་སྒྲ་དང་ལྷ་མོའི་སྒྲའོ། །སོགས་
པའི་སྒྲས་ནི་དགའ་བའི་ཚལ་ལ་སོགས་པའི་སྒྲའོ། །དེ་ལྟར་ན་མི་ལས་ཕུལ་དུ་བྱུང་བའི་སྐྱེས་བུའི་ཁྱད་པར་གང་ཡིན་པ་དེ་དག་གི་གནས་ཏེ་རྟེན་ནོ། །མི་ལས་འདས་པའི་བདེ་བ་ནི་མི་ལས་ཁྱད་པར་དུ་འཕགས་པའོ། །མི་ལས་འདས་པའི་བདེ་བ་དེའི་རྟེན་ནི་གཞིའོ། །གང་ལ་ཉེ་བར་མཁོ་བ་སྟེ་ལོངས་
སྤྱོད་ཀྱི་དངོས་པོ་ཡོད་པ་དེ་ནི་ཉེ་བར་མཁོ་བ་རྣམ་པ་སྣ་ཚོགས་པ་ཅན་ཏེ། མཐོ་རིས་ཡིན་ཞེས་འཇིག་རྟེན་བརྗོད་དོ། །དེར་གནས་པ་སྟེ་མཐོ་རིས་ན་གནས་པའི་ལྷའི་བུ་མོ་ལ་ལྷ་མོ་ཞེས་འཇིག་རྟེན་ན་རབ་ཏུ་བརྗོད་དོ། །འཇིག་རྟེན་གྱི་རབ་ཏུ་བརྗོད་པ་དེ་ལ་རྟེན་པ་མེད་པར་མི་དག་གི་ནང་ན་ཁྱད་པར་དུ་འཕགས་པ་མཐོ་
རིས་ཡིན་ནོ། །ལྷ་མོ་ནི་གཙུབ་ཤིང་ངམ་སྣོད་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ལས་དོན་གཞན་ཉིད་ལ་རྣམ་པར་རྟོག་པར་བྱེད་པ་ནའོ། །རྒྱལ་དཔོག་པ་ལ་སོགས་པ་འདི་མེ་ལ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་སྒྲ་གཞན་དག་གི་དོན་ངེས་པ་ལ་ཇི་ལྟར་རབ་ཏུ་གྲགས་པ་ཚད་
མར་འགྱུར་ཏེ་ཚད་མར་མི་འགྱུར་རོ། །མེ་ལ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་སྒྲ་དག་རབ་ཏུ་གྲགས་པ་མ་ཡིན་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པ་ཅིའི་ཕྱིར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་གལ་ཏེ་མེ་ལ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་སྒྲ་དག་ལ་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་གྱི་རྟོག་པ་འགལ་བ་
མེད་པའི་ཕྱིར་གྲགས་པའི་དོན་ཉིད་ཁས་ལེན་གྱི་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་དག་གིས་རབ་ཏུ་གྲགས་པའི་དོན་ཁས་ལེན་པ་ན་ཚད་མ་དང་འགལ་བའི་ཕྱིར་གྲགས་པ་ནི་ཁས་མི་ལེན་ནོ་སྙམ་དུ་གཞན་དག་སེམས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། བསྟན་མ་ཐག་པ་འདི་ནི་
เล่ม ๑๗๗ · หน้า 56b
རིགས་པ་མ་ཡིན་ཏེ་གང་གི་ཕྱིར་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་དག་འཇིག་རྟེན་ལ་རབ་ཏུ་གྲགས་པ་དབང་པོ་ལས་འདས་པའི་དོན་ཡིན་པར་ཁས་ལེན་པ་འདི་ལ་ཡང་ཚད་མ་དང་འགལ་བར་མ་གྲུབ་པའི་ཕྱིར་རོ། །འདི་ལ་མངོན་སུམ་དང་རྗེས་སུ་དཔག་པའི་གནོད་པ་ཅན་གྱི་ཚད་མ་ཡོད་པ་མ་ཡིན་ནོ། །
གཞན་དག་ལ་ཡང་ཞེས་བྱ་བ་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་དག་ལ་ཡང་འཇིག་རྟེན་གྱི་རབ་ཏུ་གྲགས་པའི་དོན་གྱི་རྟོག་པ་ལ་འགལ་བ་མེད་པ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་ཏེ། གནོད་པ་ཅན་གྱི་ཚད་མ་མེད་པར་ཤེས་པ་དཀའ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་སྒྲུབ་པར་བྱེད་པ་ནི་མེ་ལ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཇི་ལྟར་རབ་ཏུ་གྲགས་པའི་མེ་ལ་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་འགལ་དུ་ཟིན་ཀྱང་བློ་དམན་པའི་ཕྱིར་རྒྱལ་དཔོག་པ་ལ་སོགས་པ་འདིས་ཤེས་པར་མི་འགྱུར་ཡང་འགའ་ཞིག་གི་ཚེ་ཐེ་ཚོམ་ཟ་བར་འགྱུར་རོ། །གཞན་ཡང་འགལ་བ་དང་འགལ་བ་མེད་པ་དག་ནི་གཞན་ཉིད་མ་ཡིན་ནོ། འོ་ན་ཅི་
ཡིན་ཞེ་ན། གནོད་པ་ཅན་དང་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་སྟེ། ཇི་སྐད་དུ་བཤད་པའི་མི་དམིགས་པ་ཞེས་བྱ་བ་གནོད་པ་ཅན་གྱི་ཚད་མའི་འཇུག་པ་ནི་འགལ་བ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་ནི་འགལ་བ་མེད་པ་ཡིན་ནོ། །འགལ་བ་དང་འགལ་བ་མེད་
པའི་རང་བཞིན་ཅན་གནོད་པ་ཅན་དང་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་དེ་དག་ཀྱང་ལྐོག་ཏུ་གྱུར་པའི་དབང་པོ་ལས་འདས་པའི་དངོས་པོ་ལ་མངོན་པར་འདོད་པ་མ་ཡིན་ཏེ། ཡུལ་ལ་སོགས་པས་བསྐལ་པའི་མཐོ་རིས་ལ་སོགས་པ་དག་ལ་གནོད་པ་ཅན་དང་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་མ་ཡིན་ནོ། །གང་གི་
ཚེ་དེ་ལྟ་དེ་བས་ན་ཇི་ལྟར་ན་དེའི་དབང་གིས་ཏེ་འགལ་བ་དང་མི་འགལ་བའི་དབང་གིས་རིག་བྱེད་པ་དག་གི་དོན་རྟོགས་པ་ཡིན་ཏེ། གང་ལ་འགལ་བ་དེ་ལ་རབ་ཏུ་མ་གྲགས་པའི་དོན་གྱི་རྟོགས་པ་དང་གང་ལ་མི་འགལ་བ་དེ་ལ་རབ་ཏུ་གྲགས་པའི་དོན་གྱི་རྟོགས་པ་ཡིན་ནོ་ཞེས་བྱ་བའི་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །ཅི་སྟེ་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པའི་དབང་པོ་ལས་འདས་པའི་དོན་ལ་འགལ་བ་ཡོད་པ་མ་ཡིན་གྱི། ལུང་གི་མིང་ཅན་མེ་ལ་སྦྱིན་སྲེག་ལ་སོགས་པའི་ཚིག་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་གྱི་རྗོད་པར་བྱེད་པ་ཉིད་དུ་འཇུག་པ་འགལ་བ་མེད་པ་དེའི་ཕྱིར་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་
เล่ม ๑๗๗ · หน้า 57a
ཕྱིར་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལ་སྦྱིན་སྲེག་ལ་སོགས་པའི་ཚིག་བརྗོད་པར་བྱ་བའི་དོན་ལ་འཇུག་པའི་ཕྱིར་འགལ་བ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐོ་རིས་དང་ལྷ་མོ་ལ་སོགས་པ་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་གཞན་དག་ལ་ཡང་མཐོ་རིས་ལ་སོགས་པའི་ཚིག་
འཇུག་པའི་ཕྱིར་འགལ་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་དག་གནས་དང་ལྷའི་བུ་མོའི་ཁྱད་པར་ལ་སོགས་པ་དག་ལ་འཇུག་པ་འཇིག་རྟེན་ན་མཐོང་ངོ་། །དེ་བས་ན་ཁྱད་པར་མེད་པའི་ཕྱིར་གཉི་ག་ལ་རབ་ཏུ་གྲགས་པའི་དོན་ཡོངས་སུ་གཟུང་བའམ་
གཅིག་ལ་ཡང་མི་འགྱུར་རོ། །གཞན་ཡང་རིག་བྱེད་ཅེས་བྱ་བའི་ལུང་སྐྱེས་བུས་མ་བྱས་པ་ཡིན་ལ། དེ་ཡང་དོན་རང་བདག་ཉིད་རབ་ཏུ་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་དེ་བསྟན་པ་ལ་ལྟོས་པ་མེད་པར་དོན་མི་རྟོགས་ཀྱི། འོན་ཀྱང་ལུང་དེ་ནི་འཇིག་རྟེན་གྱི་གྲགས་པ་ལས་དོན་གྲུབ་པར་ཁས་ལེན་པ་ཡིན་ནོ། །
གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཁོ་ན་ཐམས་ཅད་ལ་ངེས་པར་འགྱུར་ན་འཇིག་རྟེན་ལ་རབ་ཏུ་གྲགས་པར་ཁས་ལེན་པ་དེ་ལ་ཡང་འགལ་བར་དཔྱོད་པ་བྱེད་པ་ན། ལུང་ཐམས་ཅད་ནི་ཡིད་བརྟན་དུ་མེད་པར་འགྱུར་ཏེ། དབང་པོ་ལས་འདས་པའི་དོན་ལ་འགལ་བ་དང་འགལ་བ་མེད་པ་དག་ནི་
ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡིད་བརྟན་དུ་མི་རུང་བ་ཉིད་སྒྲུབ་པའི་ཕྱིར་ཏེ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་བྱས་པའི་ལུང་དེ་ཡོད་དུ་ཟིན་ཀྱང་མཐོ་རིས་ལ་སོགས་པའི་སྒྲ་དག་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ཡིན་ལ་མཐོ་རིས་ལ་སོགས་པའི་འཇིག་རྟེན་ལ་རབ་ཏུ་གྲགས་
པའི་དོན་དེ་ནི་དེ་བཞིན་དུ་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ལས་བཟློག་པ་རབ་ཏུ་གྲགས་པ་མ་ཡིན་པ་ཉིད་ཀྱི་རྟོགས་པ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་རྟོག་པའི་རྒྱུ་ཡང་ཚད་མ་མི་འཇུག་པ་ཞེས་བྱ་བ་སྨོས་ཏེ། མཐོ་རིས་ལ་སོགས་པའི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་གྱི་རྟོགས་པ་ལ་ཚད་མ་
མི་འཇུག་གོ། །དེ་ལྟར་ན་གཞན་དག་ཀྱང་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་ནི་ཅི་འདི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ཉིད་དམ། ཅི་མཐོ་རིས་ལ་སོགས་པའི་སྒྲ་དང་འདྲ་བར་གཞན་ཉིད་ཡིན་ནོ་ཞེས་བྱ་བར་དོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར། འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་འཛིན་པ་འདི་ལ་ཡང་ཚད་མ་
เล่ม ๑๗๗ · หน้า 57b
འཇུག་པ་མེད་དོ། །མཐོ་རིས་ལ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། །མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་འདི་ལ་ཡང་ཁྱིའི་ཤ་བཟའ་བའི་བརྗོད་པ་སྨྲ་བ་དེའི་རྣམ་པར་རྟོག་པར་འགྱུར་བ་ནི་གནས་ཏེ་ཞེས་བྱ་བ་བཤད་པ་གང་ཡིན་པའི་སྐྱོན་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་ཀྱི་
ཡུལ་གཞན་དུ་དེ་ལྟར་ཞེས་བྱ་བ་འབྱུང་བའི་ཁྱད་པར་ལ་མར་ལ་སོགས་པའི་བླུགས་པ་ཞེས་བྱ་བ་དེ་ལྟར་མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་ནི་བཤད་ཅིང་བསྟན་པའི་ཕྱིར་རོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ལན་འདི་རུང་བ་མ་ཡིན་ཏེ། ཡུལ་གཞན་གནས་པའི་
ངག་དེའི་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཡུལ་གཞན་དག་ཏུ་སྟེ་བཤད་པར་གྱུར་པ་དག་ཏུ་ཡང་དེ་ལྟ་བུའི་དོན་གྱི་རྣམ་པར་རྟོག་པ་ནི་ཞེས་བྱ་བ་ནི་ཁྱིའི་ཤ་ཟ་བ་ཞེས་བྱ་བའི་རྟོག་པ་ནི་བཟློག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་གཞུང་འཛུགས་པར་
བྱེད་པའོ། །གལ་ཏེ་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་སྒྲའི་ཕུང་པོ་འདི་ཕྱོགས་གཞན་དག་ལ་ལར་དོན་རྟོགས་པ་ཅན་དུ་གྱུར་པ་དེའི་ཚེ། ཡུལ་གཞན་དོན་རྟོགས་པ་དེ་ལས་དོན་ལྷག་མ་རྟོགས་པར་འགྱུར་རོ། །གང་གི་ཚེ་རིག་བྱེད་ཀྱི་སྒྲ་དེ་དག་གི་ཕལ་ཆེར་ཡོངས་སུ་ཤེས་པ་ཅན་ཉིད་མ་ཡིན་པས་
ཐམས་ཅད་ལོང་བ་ཉིད་ཡིན་པའི་ཕྱིར་སྐྱེས་བུས་ཇི་ལྟར་འདོད་པ་བཞིན་དུ་བྱེད་ཅིང་འཆད་པར་བྱེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། དེ་འདྲའི་སྒྲ་གཞན་དག་ལ་ནི་ཞེས་བྱ་བ་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ངག་དག་གིས་བཤད་པར་གྱུར་པ་དག་ལ་དེ་འདྲ་བའི་རྣམ་རྟོག་ཉིད་དུ་འགྱུར་
རོ། །ཅི་འདྲ་བ་ཞིག་ཅེ་ན། མཐོ་རིས་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བའི་ངག་འདི་རྟོག་པས་བྱས་པ་ཅི་འདྲ་བ་སྟེ། ཕྱོགས་གཞན་དག་ལ་ཡང་ཁྱི་ཤ་ཟ་བའི་རྣམ་པར་རྟོག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་གྲགས་པ་
དག་ཀྱང་གཞན་ཅུང་ཟད་ཀྱང་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་མི་རྣམས་ཀྱི་ཚིག་ཡིན་ནོ། །ཁྱོད་རབ་ཏུ་བརྗོད་པ་སྟེ་ཚད་མར་མི་འདོད་ན་སྟེ། སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པས་བསླད་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་གྱི་ཚིག་ཚད་མ་མ་ཡིན་པ་ཉིད་དུ་སྔར་རྣམ་པར་གཞག་པ་དེ་ལས་ཡང་དོན་རྟོགས་
เล่ม ๑๗๗ · หน้า 58a
པ་ཞེས་བྱ་བ་རིག་བྱེད་ཀྱི་ངག་རྟོགས་པའོ། །ཅིག་ཅར་སྡང་འདོད་དེས་ནི་ཅི་ཞིག་བྱ་སྟེ། དངོས་པོ་གང་ཚད་མ་ཉིད་དུ་གྱུར་པས་སྡང་བ་དང་དེ་ཉིད་རྟོགས་པར་བྱེད་པའི་རྒྱུ་ཉིད་དུ་ཡང་འདོད་ཅིང་མངོན་པར་འདོད་པ་ཞེས་བྱ་བ་ཕན་ཚུན་འགལ་བ་ཡིན་ནོ། །སྐྱེ་བོའི་ཞེས་བྱ་
བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེ་བོའི་རབ་ཏུ་བརྗོད་པ་ལས་གཞན་དུ་རབ་ཏུ་གྲགས་པ་ཞེས་བྱ་བ་གཞན་ནི་མེད་ཀྱི་འོན་ཀྱང་སྐྱེ་བོའི་རབ་ཏུ་བརྗོད་པ་ཁོ་ན་རབ་ཏུ་གྲགས་པ་ཡིན་ནོ། །སྐྱེ་བོའི་དེ་དག་ཐམས་ཅད་ཇི་ལྟ་བ་དེ་ལྟ་བུ་ཅན་གྱི་ཚིག་ཅན་དུ་བསམ་པར་བྱ་བ་མ་ཡིན་པ་སྟེ། ཇི་ལྟ་བ་དེ་ལྟ་བུ་ཅན་ཏེ་
ཕྱིན་ཅི་མ་ལོག་པ་ཉིད་ཚིག་གང་ལ་ཡོད་པ་དེ་ནི་ཇི་ལྟ་བ་དེ་ལྟ་བུ་ཅན་གྱི་ཚིག་གོ། །ཇི་ལྟ་བ་དེ་ལྟ་བུ་ཅན་ཚིག་གང་དག་ལ་ཇི་ལྟ་བ་དེ་ལྟ་བུ་ཅན་གྱི་ཚིག་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་པའི་སྙིང་པོ་ཅན་གྱི་འབྲུ་མང་པོ་པའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པ་དང་མ་རིག་པ་དང་ལྡན་པ་
ཉིད་ཀྱི་ཕྱིར་ཏེ། འདོད་ཆགས་ལ་སོགས་པས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་དེ་དག་གི་རབ་ཏུ་བརྗོད་པ་ནི་ཚད་མ་མ་ཡིན་ནོ། །སྐྱེ་བོ་མང་པོ་ཉིད་ཀྱིས་དེའི་ཚིག་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ནོ། །གང་གི་ཕྱིར་སྐྱེ་བོ་མང་པོ་དག་གི་ནང་ན་སྐྱེས་བུ་འགའ་
ཞིག་ཀྱང་ཡང་དག་པའི་འཇུག་པ་མེད་པ་ཡིན་ན་འཇིག་རྟེན་ཕལ་ཆེར་དོན་དང་ལྡན་པར་འགྱུར་བ་སྟེ་དགོས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། པར་སིག་པ་མ་བག་མར་ལེན་པའི་སྤྱོད་པ་བཞིན་ཏེ། ཇི་ལྟར་པར་སིག་པ་ཕལ་ཆེར་མ་ལ་འཁྲིག་པ་སྤྱོད་པར་བྱེད་ན་ཡང་དེ་ལ་ཕལ་ཆེར་སྤྱོད་
པའི་ཕྱིར་རིགས་པ་ཉིད་མ་ཡིན་པ་དེ་བཞིན་དུ་མང་དུ་ཟིན་ཀྱང་འདོད་ཆགས་ལ་སོགས་པ་དང་ལྡན་པ་དག་གི་ཚིག་དབང་པོ་ལས་འདས་པའི་དོན་ལ་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུ་དེ་དག་ཉིད་ཀྱི་ཚིག་ལས་ཀྱང་ལྐོག་ཏུ་གྱུར་པའི་མེ་ལ་སྦྱིན་སྲེག་ལ་སོགས་པའི་
སྒྲས་བརྗོད་པར་བྱ་བའི་དོན་རྟོགས་པ་དེ་ལྟར་ན་ཇི་ལྟར་ན་དེ་བཞིན་དུ་གཅིག་ལ་ཅིག་ཅར་སྡང་བར་བྱ་བ་དང་འདོད་པར་བྱ་བ་ཡིན་པར་རིགས། ཅི་སྟེ་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲའི་དོན་གང་འཇིག་རྟེན་ལ་གྲགས་པ་ལས་རྒལ་བ་སྟེ་བོར་ནས་སོ། །དེ་ལས་དོན་གཞན་ཁྱིའི་ཤ་ཟ་བ་ལ་སོགས་པའི་རྟོག་པའི་རྒྱུ་
เล่ม ๑๗๗ · หน้า 58b
མེད་པ་ཉིད་ཡིན་ཏེ། བྱེད་རྒྱུ་མེད་པ་ཉིད་ཡིན་ནོ། །དེ་བས་ན་རབ་ཏུ་གྲགས་པ་ཉིད་གཟུང་བར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རབ་གྲགས་ཚད་མ་ཉིད་མིན་ཕྱིར། །གྲགས་པ་དེ་འཛིན་པ་ལ་རྒྱུ་ཞིག་ཡོད་དེ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གྲགས་པ་ཡང་འཛིན་པ་མ་ཡིན་ནོ། །དོན་ནོ་
ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྔ་མ་འཆད་པར་བྱེད་དེ། དོན་དང་ཕྲད་པ་བཟློག་ཅིང་དོར་ནས་རབ་ཏུ་གྲགས་པ་མ་ཡིན་པའི་དོན་གཞན་ལ་འཇུག་པ་ཡོན་ཏན་དང་སྐྱོན་མཐོང་བ་ཡོད་ན་རིགས་པ་ཡིན་ནོ། །གལ་ཏེ་དོན་དང་ཕྲད་པ་ན་སྐྱོན་མཐོང་བ་དང་མ་ཕྲད་པ་ན་
ཡོན་ཏན་མཐོང་བར་འགྱུར་བ་དེའི་ཚེ་རབ་ཏུ་གྲགས་པ་མ་ཡིན་པའི་དོན་གྱི་རྟོགས་པ་རིགས་ཀྱི་དེ་ལྟ་མ་ཡིན་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་དག་ནི་རབ་ཏུ་གྲགས་པའི་དོན་ལ་སྐྱོན་མཐོང་བ་དེའམ། རབ་ཏུ་གྲགས་པ་མ་ཡིན་པ་ལ་ཡོན་ཏན་མཐོང་བ་ཡོད་པ་མ་ཡིན་ནོ། །
དེ་བས་ན་རབ་ཏུ་གྲགས་པའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །དེ་ཡང་ཕྱོགས་ཕྱི་མ་རྣམ་པར་འགྲེལ་བར་བྱེད་དོ། །དེ་ལྟར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྲད་པ་ནི་ཚད་མ་འཇུག་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་
དེ་ནི་ཕྲད་པ་ཡིན་ནོ། །གལ་ཏེ་འདི་ལྟར་འདིའི་དོན་དེ་རིགས་པ་ཐོབ་པར་འགྱུར་བ་དེ་ལ་ཚད་མའི་འཇུག་པས་རབ་ཏུ་གྲགས་པའི་ཚད་མར་གྱུར་པ་དེའི་ཚེ་རབ་ཏུ་གྲགས་པའི་དོན་དེ་རིགས་པས་ཐོབ་པ་ཡིན་པར་འགྱུར་རོ། །དེ་བས་ན་རབ་ཏུ་གྲགས་པ་དེ་དཔྱོད་པ་པའི་ཚད་མ་ཉིད་མ་ཡིན་པ་དེའི་སྒོ་ནས་ཏེ། རབ་ཏུ་གྲགས་
པའི་སྒོ་ནས་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བའི་དོན་རྟོགས་པ་གང་ཡིན་པ་དེ་གཟུང་བ་གང་ཡིན་པ་དེ་ཅིར་ཡང་མི་རུང་སྟེ་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྣམ་པ་འགའ་ཞིག་གིས་གཟུང་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་འཇིག་རྟེན་ལ་རབ་ཏུ་གྲགས་
པའི་དོན་ནི་རིགས་པས་ཐོབ་པར་འགྱུར་བ་མ་ཡིན་ཏེ། ཚད་མ་ཅན་ཉིད་མ་ཡིན་པའི་ཕྱིར་དེ་རིགས་པ་ལས་འདས་པའི་ཁོ་བོ་ཅག་གིས་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་དག་གིས་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ཐོབ་པ་འགོག་པར་བྱེད་དོ། །དེ་བས་ན་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་ཐོབ་པ་བཀག་པའི་རིགས་
เล่ม ๑๗๗ · หน้า 59a
པ་ཉིད་ཀྱི་རྒྱུའི་ཕྱིར། མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་དག་གི་དོན་འདོད་པས་བརྟག་པར་བྱ་བ་ཡིན་ནོ། །དེ་ལ་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲའི་དོན་སྲེག་པར་བྱེད་པའི་རྫས་ལ་སོགས་པའི་མཚན་ཉིད་ཅན་དཔྱོད་པ་པ་རང་གིས་ཀུན་དུ་བརྟགས་པ་གང་ཡིན་པ་དང་། གཞན་གྱིས་ཁྱི་ཤ་ཟ་
བའི་མཚན་ཉིད་ཀུན་དུ་བརྟགས་པ་གང་ཡིན་པ་དེ་དག་ནི་རང་དང་གཞན་གྱི་རྣམ་པར་རྟོག་པའོ། །རྣམ་པ་གཉི་གའི་ཡང་ཞེས་བྱ་བ་གལ་ཏེ་རབ་ཏུ་གྲགས་པ་རྗེས་སུ་སྐྱོང་བའམ་འོན་ཏེ་རྗེས་སུ་མི་སྐྱོང་བ་དེ་ལྟ་ན་ཡང་ཚད་མ་མེད་པའི་ཕྱིར་འདོད་པས་ཡོངས་སུ་བཟུང་བ་ན་འཇུག་པ་མཚུངས་པའི་ཕྱིར་རབ་ཏུ་གྲགས་པའི་
རྗེས་སུ་བྱེད་པ་ཅི་ཞིག་ཡོད་ན། གང་གིས་རབ་ཏུ་གྲགས་པ་ལས་དོན་གྱིས་རྟོག་པར་བྱེད། གཞན་ཡང་གྲགས་པ་ཉིད་ཀྱིས་སྒྲའི་དོན་གྱི་སྟེ། སྒྲ་ཐམས་ཅད་ཀྱི་དོན་འདི་སྣ་ཚོགས་པའི་དོན་ཅན་ཉིད་དུ་ངེས་པ་དོགས་པ་སྐྱེད་པ་ནིའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རབ་ཏུ་གྲགས་པ་དེ་ལ་མེ་ལ་སོགས་པའི་སྒྲ་
རྣམས་དོན་སྣ་ཚོགས་འཇུག་པ་ཅན་ཉིད་མཐོང་ངོ་། །སྒྲ་རྣམས་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རིག་བྱེད་ཀྱི་སྒྲ་རྣམས་ནི་རབ་ཏུ་གྲགས་པ་ལས་དོན་གཅིག་ཏུ་ངེས་པ་མ་ཡིན་ནོ། །རབ་ཏུ་གྲགས་པ་དེ་ཉིད་ལས་དོགས་པ་སྐྱེ་བའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་ལ་མེ་ལ་སོགས་པའི་སྒྲ་ནི་
དོན་སྣ་ཚོགས་པ་ཅན་དུ་སྣང་ངོ་། །དོན་སྣ་ཚོགས་པ་ཅན་དུ་མཐོང་བ་དེ་ཡང་འཇིག་རྟེན་གྱི་བརྗོད་པ་ཡིན་ལ་འཇིག་རྟེན་གྱི་བརྗོད་པ་ཡང་གྲགས་པ་ཡིན་ནོ། །འཇིག་རྟེན་གྱི་བརྗོད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་སྣ་ཚོགས་ཅན་ཉིད་ཡིན་པའི་ཕྱིར་འཇིག་རྟེན་གྱི་བརྗོད་པ་དེ་ལས་རིག་བྱེད་པའི་སྒྲ་རྣམས་ཀྱི་དོན་གྱི་ངེས་
པར་རིགས་པ་མ་ཡིན་ནོ། །དོན་ངེས་པ་མེད་པ་ཅན་ཉིད་བསྟན་པའི་ཕྱིར། ངེས་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་ནུས་ཅན་སྒྲ་རང་ཉིད་དེ་དོན་སྣ་ཚོགས་བསྟན་པར་རུང་བའི་སྒྲའི་རང་བཞིན་ཉིད་དོ། །རྣམ་པ་གཞན་མི་སྲིད་མེད་ཕྱིར། །མངོན་པར་འདོད་པ་ལས་དོན་གཞན་ལ་ཡང་འཇུག་
པ་ནི་རྣམ་པ་གཞན་ནོ། །དོན་གཞན་ལ་འཇུག་པ་དེ་མི་སྲིད་པ་ནི་རྣམ་པ་གཞན་མི་སྲིད་པའོ། །དེ་མེད་ཕྱིར་ཏེ་དགག་པ་གཉིས་ཀྱིས་སྒྲུབ་པ་ཁས་བླངས་པའི་ཕྱིར་རྣམ་པ་གཞན་དུ་སྲིད་པ་ཡང་ཡོད་པའི་ཕྱིར་རོ། །ཞེས་བྱ་བའི་ངག་གི་དོན་ཏོ། །དེ་བས་ན་དབང་པོ་ལས་འདས་པའི་དོན་ལ་འཇུག་པ་ཅན་གྱི་རིག་བྱེད་
เล่ม ๑๗๗ · หน้า 59b
པའི་སྒྲ་དག་དོན་དུ་མ་ལ་འཇུག་པ་ཅན་ཉིད་དུ་ངེས་པར་དོགས་པར་བྱ་བ་ཡིན་ནོ། །གང་དག་གི་ཞེ་ན། སྐྱེས་བུ་ངེས་བྱེད་མ་མཐོང་བ་དག་གི་སྟེ་ཡུལ་སོ་སོར་ངེས་པའི་སྒྲུབ་པར་བྱེད་པའི་ཚད་མ་མ་མཐོང་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་དོན་གྱི་དབྱེ་བ་རིགས་པ་མེད་པ་ཅན་གྱི་རིག་བྱེད་པའི་སྒྲ་དག་
སྟེ། གང་ལ་དོན་གྱི་དབྱེ་བ་རིགས་པ་མེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དོན་གྱི་དབྱེ་བ་རིགས་པ་ཅན་གྱི་སྒྲ་དེ་དག་གི་མངོན་པར་འདོད་པའི་དོན་གཅིག་གོ། །དེ་ལྟ་བུར་གྱུར་པ་ཞིག་ཅེ་ན། ལྐོག་ཏུ་གྱུར་པ་དང་འབྲེལ་པ་ཅན་ཏེ་གང་ལ་ལྐོག་ཏུ་གྱུར་པ་དབང་པོ་ལས་འདས་པ་དང་འབྲེལ་པ་སྟེ་སྒྲ་དང་
ལྷན་ཅིག་ལྡན་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དམིགས་པ་ནི་ཚད་མ་ཡིན་ལ་དེ་མེད་པའི་ཕྱིར་གང་ལ་དམིགས་པ་མེད་ཅིང་རྟེན་མེད་པའི་སྒྲོ་བཏགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚད་མ་མེད་པའི་ཕྱིར་འདོད་རྒྱལ་དུ་སྒྲོ་བཏགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེ་ལྟ་བུར་གྱུར་པའི་
དོན་གཅིག་ངེས་པར་བྱས་ནས་རྒྱལ་དཔོག་པ་འཆད་པར་བྱེད་པ་ན། དེའི་ཟོལ་གྱིས་ཞེས་བྱ་བ་རིག་བྱེད་དེ་སྐད་དུ་སྨྲའོ་ཞེས་རིག་བྱེད་ལ་འཕེན་པས་བདག་ཉིད་ཀྱིས་འདོད་པར་སྨྲ་བའི་ཕྱིར་མུ་སྟེགས་བྱེད་བདག་རང་ཉིད་ཁོ་ན་གཡོ་མེད་པར་སྨྲ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་གང་ཡིན་པའི་མུ་སྟེགས་བྱེད་དེ་ལས་རྒྱལ་དཔོག་པ་
འདི་ཁྱད་པར་མ་མཐོང་ངོ་། །ཁྱད་པར་མེད་པར་བསྒྲུབ་པའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཡང་ཡིན་ལ་དེ་ཡང་ཡིན་པས་ན་དོན་དེའོ། །དེའི་གསལ་བར་བྱེད་པ་ནི་ཚིག་གོ། །དེའི་བྱ་བ་ནི་ནུས་པའོ། །དེས་སྟོང་པ་ནི་བྲལ་བའོ། །རིག་བྱེད་ལ་བདག་རང་ཉིད་དོན་གསལ་བར་བྱེད་པའི་ནུས་པ་
མེད་དོ། །དེ་ལྟ་བུར་གྱུར་པའི་རིག་བྱེད་དེ་དེར་སྒྲོ་འདོགས་པས་ཞེས་བྱ་བ་དོན་གསལ་བར་བྱེད་པའི་བྱ་བར་སྒྲོ་འདོགས་པར་རོ། །རིག་བྱེད་ཁོ་ན་དེ་སྐད་དུ་སྨྲའོ་ཞེས་བརྗོད་པ་གང་ཡིན་པ་དེས་རང་གི་ཚིག་ཁྱད་པར་དུ་བྱས་པ་མེད་དེ་དེ་ནི་དེའི་རང་གི་ཚིག་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །དེ་བྱེད་པ་ཅན་ཏེ་ཚིག་གི་བྱ་བས་
སྟོང་པའི་རིག་བྱེད་དོན་གསལ་བར་བྱེད་པར་སྒྲོ་འདོགས་པར་བྱེད་པ་ཅན་གྱི་རྒྱལ་དཔོག་པས་སོ། །གདུལ་བྱ་ཉིད་ལོག་པ་འབའ་ཞིག་བདག་ཉིད་གསལ་བར་བྱེད་པར་འགྱུར་ཏེ། ལམ་དྲང་པོ་སྤངས་སྐྱེ་བོའི་ཚོགས་སླུ་བའི་ཕྱིར་ལམ་ལོག་པ་ལ་བརྟེན་པས་གདུལ་དཀའ་བ་ཉིད་དུ་བདག་ཉིད་གསལ་བར་བྱེད་པར་འགྱུར་གྱི་
เล่ม ๑๗๗ · หน้า 60a
སྐྱེས་བུས་བྱས་པའི་ཚིག་ལས་འདི་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གྲོང་ཁྱེར་པ་ཊ་ལ་པུ་ཏྲའི་ལམ་གང་ནས་འགྲོ་ཞེས་དྲིས་པ་ན་སྐྱེས་བུ་འགའ་ཞིག་གིས་བདག་རང་གིས་ནི་མི་ཤེས་ཀྱི་འོན་ཀྱང་ལམ་ནི་འདི་ཡིན་
ཞེས་སྡོང་དུམ་འདི་ནི་སྨྲ་འགྱུར་ཞེས་དེ་སྐད་དུ་གཅིག་ཅིག་ལམ་སྟོན་པའི་ནུས་པས་སྟོན་པའི་སྡོང་དུམ་གྱི་ཐོལ་གྱིས་ལམ་སྟོན་པར་བྱེད་དོ། །གཞན་ནི་སྡོང་དུམ་ལ་སྨྲ་བའི་ནུས་པ་མེད་ཀྱི་བདག་ཉིད་དེ་རང་ཉིད་ཀྱིས་ཤེས་པར་བྱས་ནས་ལམ་འདི་ཡིན་ནོ་ཞེས་སྨྲ་བ་དེ་ལྟར་ན། གལ་ཏེ་དེ་སྐད་དུ་བརྗོད་པའི་རང་གི་
ཚིག་ལ་ཁྱད་པར་ཡོད་ན་དེ་དག་བྱེ་བྲག་བརྟག་པར་བྱའོ། །གང་གི་ཕྱིར་ཡོད་པ་མ་ཡིན་ནོ། །བསམ་པ་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །བསམ་པ་ནི་འདི་དང་འདི་བྱའོ་ཞེས་སེམས་པའོ། །དེ་སྔོན་དུ་སོང་བ་ཅན་གྱི་འབད་རྩོལ་ནི་བྱ་བའོ། །གང་ལ་བསམས་པ་དང་བྱ་བ་དང་ཚིག་དེ་དག་
མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་སྡོང་དུམ་དེ་ལ་ལམ་སྟོན་པར་བྱེད་པ་ཉིད་དུ་སྒྲོ་བཏགས་ནས་སྐྱེས་བུ་ཅིག་སྟོན་པར་བྱེད་པའོ། །གཞན་སྡོང་དུམ་ལ་ལྟོས་པ་མེད་པར་རང་རྒྱུད་པ་ལམ་སྟོན་པར་བྱེད་པ་ཞེས་སྦྱར་རོ། །སྐྱེས་བུ་གཉིས་པོ་དེ་དག་གི་རང་གི་ཚིག་ཁས་བླངས་པ་བྱེ་བྲག་ཅུང་ཟད་ཀྱང་མེད་
དོ། །སྡོང་དུམ་གྱི་སྒོ་ནས་སྨྲ་བ་གང་ཡིན་པ་དེའི་ཡང་བདག་ཉིད་ཀྱི་ཚིག་དང་གཡོ་མེད་པར་སྨྲ་བ་གང་ཡིན་པ་དེའི་ཡང་རང་གི་ཚིག་ཉིད་ཁས་ལེན་པ་ན་ཡིན་པ་དེ་ལྟར་ན་ཁྱད་པར་ཡོད་པ་མ་ཡིན་ནོ། །བླུན་པོ་རྟོགས་པ་དམན་པ་ལས་གཞན་དུ་ཞེས་བྱ་བ་བླུན་པོ་ནི་ཉན་པ་པོ་རྟོགས་པ་དམན་པ་ཉིད་ཁྱད་པར་དུ་བྱེད་དེ།
གང་གི་ཕྱིར་བསམ་པ་ལ་སོགས་པས་སྟོང་པའི་སྡོང་དུམ་ལ་སྡོང་དུམ་དེ་སྐད་དུ་སྨྲའོ་ཞེས་ཚིག་ཁོང་དུ་ཆུད་པར་བྱེད་དོ། །དེ་བཞིན་དུ་རྒྱལ་དཔོག་པའི་རིག་བྱེད་ཀྱི་ཟོལ་གྱི་སྒོ་ནས་རང་གི་འདོད་པ་སྨྲ་བ་བླུན་པོ་རྟོགས་པ་དམན་པའི་ཕྱིར་རིག་བྱེད་སྨྲ་བ་ཁོ་ན་ཡིན་ནོ་ཞེས་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་རིག་བྱེད་པའི་སྒྲ་
ལ་དོན་གཅིག་ཏུ་སོ་སོར་ངེས་པ་ཡིན་ན་ནི་དོན་གཅིག་ལ་སོ་སོར་ངེས་པ་དེ་དག་རྒྱལ་དཔོག་པས་ཤེས་པར་འགྱུར་རོ། །གང་གི་ཚེ་རིག་བྱེད་པའི་སྒྲ་དོན་ཐམས་ཅད་ལ་རྗོད་པར་བྱེད་པ་དེ་ཉིད་དུ་རུང་བའི་དོན་གཅིག་གིས་གསལ་བར་བྱེད་ལ་ངེས་པ་གང་ལས་ཡིན་ཏེ་མེད་པ་ཉིད་དོ། །སྒྲ་ནི་དངོས་སུ་སྟེ་དོན་དམ་པར་དོན་འགའ་ཞིག་
เล่ม ๑๗๗ · หน้า 60b
གི་དེའི་རང་བཞིན་ངོ་བོ་ཉིད་ཀྱིས་གྲུབ་པའི་ངེས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་བརྗོད་པར་བྱ་བའི་དོན་ཐམས་ཅད་ལ་རུང་བ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྒྲ་ནི་ཐམས་ཅད་ལ་རུང་བ་ཉིད་མ་ཡིན་ན་ཡང་དེ་ལས་འཕོས་པ་མེད་པའི་ཕྱིར་ཏེ། སྒྲ་རྟག་པར་རུང་བ་ཉིད་མ་ཡིན་པའི་རང་བཞིན་ལས་འཕོས་པ་མེད་
པའི་རྒྱུའི་ཕྱིར་རོ། །དབང་དུ་མ་བྱས་ཤིང་དབང་སྒྱུར་བ་མ་ཡིན་པ་ནི་དོན་ལ་ལར་ཉེ་བར་སྦྱོར་བ་སྟེ། རྗོད་པར་བྱེད་པ་ཉིད་དུ་ངེས་པར་སྦྱར་བ་ཡང་གསལ་བ་སྟེ། ད་ལྟར་སྒྲ་འདི་ནི་འདིའི་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་འདོད་པ་བཞིན་དུ་ཉེ་བར་སྦྱོར་བའམ་བསམ་པར་
མི་འགྱུར་ན། འགྱུར་བ་དེ་བས་ན་སྒྲའི་ཐམས་ཅད་ལ་རུང་བ་དེ་ལྟ་ན། དོན་གཅིག་གསལ་བར་བྱེད་པ་མ་ཡིན་ནོ། །རིག་བྱེད་པ་དག་གི་དོན་གཅིག་ལ་ངེས་པ་ཡིན་པ་ནི་བླ་སྟེ། དེ་བརྗོད་འདོད་ངེས་པ་མ་གཏོགས་པ་སྟེ། བཤད་པ་པོའི་བསམ་པ་བརྗོད་པ་མ་གཏོགས་པར་སྐྱེས་བུ་གང་གིས་དབང་པོ་ལས་
འདས་ཞེས་བརྗོད་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྐྱེས་བུ་བརྗོད་པར་འདོད་པ་འགའ་ཞིག་གིས་སྐྱེས་བུས་བྱས་པ་སྟེ། བརྗོད་པའི་སྒྲའི་དོན་རིག་པ་ཅན་ཡོད་ནའོ། །སྐྱེས་བུ་དེས་བརྗོད་པར་འདོད་པ་སྟེ་ཉན་པ་པོ་འགའ་ཞིག་ལ་ངས་བརྗོད་པར་བྱ་བ་ཉིད་དུ་བརྗོད་པར་འདོད་
པ་འདི་ཤེས་པར་བྱེད་པར་འགྱུར་བའི་ཡང་ཕྱིར་བརྗོད་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་དོན་ངེས་པ་ཡང་རྟོགས་པར་འགྱུར་རོ། །སྒྲ་སྐྱེས་བུས་མ་བྱས་པ་འགའ་ཞིག་གི་བརྗོད་པར་འདོད་པ་སྔོན་དུ་སོང་བའི་རབ་ཏུ་སྦྱར་བ་མ་བྱས་པ་ཡོད་པ་ན་ཡང་དོན་ངེས་པ་ཇི་ལྟར་རྣམ་པར་ཤེས་པར་འགྱུར་ཏེ། རྣམ་པ་འགའ་ཞིག་གིས་
ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་ཐ་དད་པ་མེད་པའི་ཕྱིར་རོ། །རིག་བྱེད་པའི་སྒྲ་ལ་རང་བཞིན་ཐ་དད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་མངོན་པར་འདོད་པའི་དོན་གཅིག་ལ་ངེས་པ་ཡིན་ནོ། །གང་མཐོང་བ་ལས་འདོད་པའི་དོན་རྟོགས་པར་འགྱུར་རོ། །རང་བཞིན་ཐ་དད་པ་ཡོད་ན་ཡང་རང་
བཞིན་ཐ་དད་པ་དེ་མངོན་སུམ་མམ་མངོན་སུམ་མ་ཡིན་པར་འགྱུར་གྲང་ན་རེ་ཞིག་མངོན་སུམ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱི་རང་བཞིན་བསྟན་པ་ལ་ལྟོས་པ་མེད་པ་བདག་ཉིད་ཀྱིས་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མངོན་སུམ་མ་ཡིན་ནོ་ཞེ་ན། མངོན་སུམ་ཉིད་མ་ཡིན་ན་ཡང་ཚད་
เล่ม ๑๗๗ · หน้า 61a
མ་གཞན་མེད་པས་ཚུ་རོལ་མཐོང་བ་འགའ་ཞིག་གིས་ཀྱང་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་ཁས་བླངས་ནས་བཤད་པ་ཡིན་ནོ། །དོན་གཅིག་ལ་སོ་སོར་ངེས་པ་གང་ཡིན་པའི་ཁྱད་པར་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། སྒྲ་ཐམས་ཅད་ནི་དོན་ཐམས་ཅད་དང་ཉེ་བ་དང་བསྐལ་
པ་དང་བྲལ་བ་སྟེ། སྒྲ་འགའ་ཞིག་དོན་འགའ་ཞིག་ལ་ཉེ་བ་དང་བསྐལ་པ་མེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དོན་ཐམས་ཅད་ལ་ངོ་བོ་ཉིད་མཚུངས་པའི་སྒྲ་དེ་དག་ནི་དོན་ངེས་པའི་བརྗོད་འདོད་རྒྱུ་ཡིན་ཞིང་སྟེ། འཆད་པ་པོ་བརྗོད་པར་འདོད་པའོ། །བརྡ་ནི་དེའི་གསལ་བྱེད་ཡིན་ཞེས་བྱ་བ་བརྗོད་
པར་འདོད་པ་དེའི་གསལ་བར་བྱེད་པ་ནི་བརྡ་ཡིན་ནོ། །དེ་ལྟར་ན་དོན་འདིས་བརྗོད་པར་འདོད་པ་ཞེས་བྱ་བ་བརྡ་ཁོ་ན་ལས་རྟོགས་པར་འགྱུར་རོ། །བརྗོད་པར་འདོད་པ་དེས་ནི་སྐྱེས་མིན་ཏེ་སྐྱེས་བུས་མ་བྱས་པའི་སྒྲ་ལ་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པ་དེ་ཇི་སྐད་དུ་བཤད་པའི་དོན་གཅིག་ཅན་དེ་ལས་ཡིན་ཏེ་མ་ཡིན་
ནོ། །བརྗོད་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བརྗོད་པར་འདོད་པ་རྒྱུར་གྱུར་པས་སྒྲ་ནི་དོན་དག་ལས་དོན་འདིའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་བྱ་བའི་ངེས་པར་བྱ་བ་ཉིད་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་དངོས་པོ་འགའ་ཞིག་ལ་རག་ལུས་པ་མེད་པ་སྟེ། འབྲེལ་པ་
མེད་པར་དོན་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གང་ལ་སྒྲའི་རག་ལས་པ་གནས་དང་བྱེད་པ་དག་གི་ཡིན་ཏེ། དེ་ལ་སྒྲ་རྣམས་སྐྱེ་བའི་ཕྱིར་རམ་རྟག་པར་སྨྲ་བའི་གཞུང་གིས་མངོན་པར་གསལ་བའི་ཕྱིར་རོ། །བྱེད་པ་དེ་དག་གི་ཡང་སྒྲ་རྣམས་ཀྱི་རྗོད་པར་བྱེད་པའི་ངེས་པ་མེད་པའི་ཕྱིར་སྒྲ་ཐམས་ཅད་བྱེད་
པ་རྣམས་ཀྱི་རྗོད་པར་བྱེད་པ་མ་ཡིན་ནོ། །ཅིག་ཤོས་ལྟར་ན་བུམ་པ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་བྱེད་པ་རྣམ་པར་རྗོད་པར་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱེད་པ་རྗོད་པར་བྱེད་པ་ཅན་གང་ཡིན་པ་དེས་བྱེད་པ་དག་སྟོན་པར་འགྱུར་ན་ཡང་སྙམ་པས་ཐམས་ཅད་སྨོས་པ་ཡིན་ནོ། །གང་གི་ཕྱིར་དེ་
ལྟ་ཡིན་པ་དེ་བས་ན་བརྗོད་པར་འདོད་པ་གསལ་བར་བྱ་བའི་ཕྱིར་བརྡར་བྱས་པ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། བསམ་པ་སྟོན་པར་བྱེད་པའི་མཚན་ཉིད་ཅན་ཏེ། འཆད་པ་པོའི་བསམ་པ་སྟོན་པར་བྱེད་པའི་མཚན་ཉིད་སྟོན་པར་བྱེད་དོ། །སྐྱེས་བུས་མ་བྱས་པའི་སྒྲ་ལ་ནི་བརྗོད་པར་འདོད་པ་ངེས་པར་བྱེད་པ་མེད་ཅིང་བརྡ་
เล่ม ๑๗๗ · หน้า 61b
ཡང་དེའི་གསལ་བར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུས་མ་བྱས་པ་དེ་ལ་སྐྱེས་བུ་འགའ་ཞིག་གིས་ཡང་བསམ་པ་མེད་པའི་ཕྱིར་རོ། །རིག་བྱེད་པའི་སྒྲ་རྣམས་ནི་དོན་གཅིག་ལ་ངེས་པ་མེད་དོ། །ཁས་བླངས་ནས་ཀྱང་དོན་གཅིག་ལ་ངེས་པ་ཡིན་དུ་ཟིན་ཀྱང་དེ་ཤེས་པ་མེད་པ་སྟེ། དོན་གཅིག་ལ་
སོ་སོར་ངེས་པའི་ཤེས་པ་འགའ་ཞིག་ལ་ཡང་མེད་པར་བསྟན་ཏོ། །འོན་ཏེ་རིག་བྱེད་པའི་སྒྲ་རྣམས་ངོ་བོ་ཉིད་ཀྱིས་ངེས་པ་ཡིན་ཞིང་དེ་དག་གི་བརྗོད་པར་འདོད་པ་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་འདོད་པ་དེའི་ཚེ་རིག་བྱེད་ཀྱི་སྒྲ་རང་བཞིན་གྱིས་ནི་ངེས་པ་ཡིན་ན་སྟེ། འདོད་ནའོ། །དོན་གཞན་ལ་དེས་ཀྱང་མི་རུང་སྟེ་བརྗོད་པར་
འདོད་པའི་སྒྲ་ངེས་པར་སྦྱོར་བ་མི་རུང་ངོ་། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གལ་ཏེ་བརྡ་ལ་ལྟོས་པ་མེད་པར་སྒྲ་ངོ་བོ་ཉིད་ཀྱིས་དོན་དག་ལ་འདྲེས་པ་སྟེ་ལྡན་པར་འགྱུར་རོ་ཞེ་ན། འདིར་ལན་ནི་དངོས་པོ་འགའ་ཞིག་ལ་ཡང་རག་ལུས་པ་མེད་པའི་ཕྱིར་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །
གཞན་ཡང་ངོ་བོ་ཉིད་ཀྱིས་ཏེ་རང་བཞིན་གྱིས་གྲུབ་པའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པས་ཁས་ལེན་ན་ནི་བརྗོད་པར་འདོད་པས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་སྒྲ་དོན་གཞན་ལ་ངེས་པར་སྦྱར་དུ་མི་རུང་ངོ་། །གཟུགས་གསལ་བར་བྱེད་པ་ལ་མིག་ངོ་བོ་ཉིད་ཀྱིས་ངེས་པ་ཡིན་སྒྲ་མཉན་པ་ལ་ངེས་པར་སྦྱར་
བར་མི་ནུས་སོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱོར་བ་དེ་བས་ན་ལག་པའི་བརྡ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་ཀྱིས་ངེས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་བརྡ་ཁས་བླངས་ནས་ངོ་བོ་ཉིད་ཀྱིས་ངེས་པ་ཡིན་ན་ནི་གཞན་དག་ལ་ཇི་ལྟར་འདོད་པ་བཞིན་དུ་བརྡར་མི་འགྱུར་རོ་ཞེས་བསྟན་ནས་ད་ནི་བརྡ་མི་རིགས་སོ། །བརྡ་ཡང་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་སྟེ་སྒྲའོ། །དོན་མེད་པ་ཅན་ཉིད་འགྱུར་ཏེ་འབྲས་བུ་མེད་པར་འགྱུར་རོ། །གང་གི་ཕྱིར་རང་བཞིན་ཐ་དད་པ་སྟེ་རང་བཞིན་གྱི་ཁྱད་པར་དབང་པོ་ལས་རྟོགས་པར་བྱ་བ་ནི་རང་ཉིད་རྟོགས་པའི་ཕྱིར་སྤྱིར་བཏང་བ་ལ་ལྟོས་པ་མེད་པ་ཡིན་ནོ། །སྤྱིར་བཏང་བ་ཞེས་བྱ་བ་ནི་བརྡར་བྱས་པའོ། །
སོགས་པའི་སྒྲས་ནི་བརྡ་དྲན་པ་ལ་སོགས་པ་གཟུང་ངོ་། །ཅི་དང་འདྲ་བར་ཞེ་ན། སྔོན་པོ་ལ་སོགས་པའི་ཁྱད་པར་བཞིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་ཁྱད་པར་ཏེ་སྔོན་པོ་ལ་སོགས་པའི་བྱེ་བྲག་ནི་རང་ཉིད་རྟོགས་པར་བྱ་བའི་ཕྱིར་བརྡ་ལ་སོགས་པ་ལ་ལྟོས་པ་མ་ཡིན་པ་ལྟ་བུའོ། །དེ་ལ་ལྟོས་པའི་རྟོགས་པ་ཅན་
เล่ม ๑๗๗ · หน้า 62a
གང་ཡིན་པ་དེ་དག་ནི་དངོས་པོའི་རང་བཞིན་མ་ཡིན་ཞིང་། དོན་དམ་པར་ངོ་བོ་ཉིད་ཀྱིས་གྲུབ་པའི་ཁྱད་པར་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བརྡར་བྱས་པ་སྟེ་བརྡ་ལས་བྱུང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། རྒྱལ་པོའི་རྟགས་ལ་སོགས་པ་བཞིན་ཏེ། དཔེར་ན་རྒྱལ་པོ་རང་ཉིད་ཤེས་པར་བྱ་བའི་
ཕྱིར། རྒྱལ་མཚན་ལ་སོགས་པའི་བརྡར་བྱས་པའི་རྟགས་ཀྱི་ཁྱད་པར་ལྟ་བུའོ། །སོགས་པའི་སྒྲས་ནི་ལག་པའི་བརྡ་ལ་སོགས་པ་གཟུང་ངོ་། །བརྡར་བྱས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ངེས་པ་སྟེ། ངོ་བོ་ཉིད་ཀྱིས་གྲུབ་པས་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྡར་བྱས་པ་དེ་ནི་སྐྱེས་བུའི་འདོད་པས་
འཇུག་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་པའི་སྒྲ་དོན་ལ་ངོ་བོ་ཉིད་ཀྱི་རང་བཞིན་གྱི་བྱེ་བྲག་གིས་ངེས་པ་ཡིན་ལ་དེ་ནི་བརྡ་གསལ་བའི་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བརྡ་ནི་འདོད་པས་འཇུག་པ་ཡིན་པའི་རྒྱུ་དེ་ཉིད་ཀྱི་ཕྱིར། བརྡ་དེ་ལས་རིག་བྱེད་ཀྱི་སྒྲ་རྣམས་དོན་གཅིག་ལ་སོ་
སོར་ངེས་པའི་རང་བཞིན་གྱི་ཁྱད་པར་གྱི་གསལ་བའི་ངེས་པ་ཡང་གང་ལས་ཡིན་ཏེ་མེད་དོ། །དེ་ཉིད་རྣམ་པར་འཆད་པ་ལ་རང་གི་འདོད་པས་འཇུག་པའི་བརྡ་དེ་ནི་མངོན་པར་འདོད་པའི་དོན་འདི་ཉིད་ལ་བྱ་བར་ནུས་ཀྱི་གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡོད་པ་མ་ཡིན་ནོ། །དེ་བས་ན་བརྡ་སྐྱེས་བུ་དག་གིས་རང་ཉིད་ཀྱི་
འདོད་པས་བྱས་པ་ཡིན་པས་ན་དོན་གཅིག་ལ་ངེས་པའི་རང་བཞིན་དེ་ཉིད་གསལ་བར་བྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་པ་ཡོད་པ་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། །བམ་པོ་བཞི་བཅུ་པ། འདི་ལྟར་བརྡ་གང་ལས་འདོད་པས་རང་རྒྱུད་པ། འདོད་པས་ངེས་པ་དེ་ལ་ངེས་པ་ཞེས་བྱ་བ་
གང་དེ་ངེས་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པ་ཉིད་མེད་པའི་རྒྱུ་དེས་ན་བརྡ་ནི་འདི་རུང་ཉིད་དེ་སྒྲ་འདིའོ། །མངོན་པར་འདོད་པའི་ཡུལ་ཅན་ཉིད་ཀྱིས། འདོད་པ་ཉིད་ནི་གསལ་མི་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་བས་ན་དེ་ལྟར་སྐྱེས་བུས་མ་བྱས་པ་ནི་ལུང་གི་མཚན་
ཉིད་མ་ཡིན་ནོ་ཞེས་བསྟན་ཏོ། །ད་ནི་ཕྱོགས་གཅིག་ལས་མི་སླུ་བའི་ལུང་གི་མཚན་ཉིད་སུན་དབྱུང་བར་བྱ་བའི་ཕྱིར་རེ་ཞིག་ཕྱོགས་སྔ་མ་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོའི་སྒྲ་ནི་གསལ་བ་མེད་པ་སྟོན་པའོ། །གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་སོ། །གཞན་ཡང་དེ་འདྲ་བ་
เล่ม ๑๗๗ · หน้า 62b
ཡིན་ཏེ། མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་ངག་གཞན་དེ་འདྲ་བ་སྟེ། ཕྱིན་ཅི་མ་ལོག་པ་དེ་ནི་སྒྲུབ་པར་བྱེད་པའི་འབྲས་བུའོ། །དཔེར་ན། མེ་ནི་གྲང་ཟློག་ངག་བདེན་བཞིན། །ཞེས་བྱ་བ་གྲང་བཟློག་པ་སྟེ་གྲང་བ་སེལ་བར་བྱེད་པའོ། །དེས་ནི་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བའི་ངག་དེ་དཔེ་
ཉིད་དུ་བསྟན་ཏོ། །དེ་སྐད་དུ་དཔྱོད་པ་པ་གཞན་དག་དེ་སྐད་དུ་ཟེར་བ་སྟེ་བརྗོད་དོ་ལོའོ། །གཞན་དག་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དཔྱོད་པ་གཞན་དག་ནི་སྐྱེས་བུས་མ་བྱས་པའི་ལུང་གི་མཚན་ཉིད་ཇི་སྐད་དུ་བཤད་པའི་སྐྱོན་སུན་དབྱུང་བ་ཉིད་ཀྱིས་ཡོངས་སུ་བཏང་བས་རྣམ་པ་གཞན་དུ་
རིག་བྱེད་ཚད་མར་སྒྲུབ་པར་འདོད་པ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ལ་རྟོག་པ་མེད་པ་ཞེས་བྱ་བ་རིག་བྱེད་ཀྱི་ངག་གང་དག་ཕྱིན་ཅི་མ་ལོག་པ་སངས་རྒྱས་པས་རྟོག་པ་མེད་པའི་ངག་དེ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བྱ་བ་འདིས་ཁྱད་པར་ཕྱོགས་སུ་བྱས་པའི་ཕྱིར་དང་། རིག་བྱེད་ཀྱི་ཕྱོགས་གཅིག་ཉིད་
ཡིན་པའི་ཕྱིར་ཞེས་བྱ་བ་སྤྱི་གཏན་ཚིགས་ཉིད་དུ་གཟུང་བའི་ཕྱིར་ཞེས་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་བ་མེད་དོ་ཞེས་སྨྲའོ། །རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་ནོ་ཞེས་བྱ་བས་ནི་གཏན་ཚིགས་སྨྲས་པའོ། །དཔེར་ན་མེ་ནི་ཚ་བ་སྟེ་གྲང་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ངག་
འདིས་ནི་དཔེ་བསྟན་ཏོ། །སོགས་པའི་སྒྲས་ནི་ཟླ་བ་བཅུ་གཉིས་ནི་ལོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ངག་ཡོངས་སུ་གཟུང་ངོ་། །ལན་ནི་དེའི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དེའི་ནི་སྒྲུབ་པར་བྱེད་པ་འདི་ནི་ལྷག་ལྡན་ཞེས་བྱ་བར་རོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་དང་
འདྲ་བར་ཞེ་ན། རོ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་མྱང་བ་མ་བྱས་སུ་ཟིན་ཀྱང་སྟེ་རོ་འདྲ་སྟེ། མྱངས་པ་དང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །མྱངས་པ་དེ་ཉིད་དང་ངོ་བོ་མཚུངས་པ་ཉིད་ཕྱིར་ཞེས་པ་གཏན་ཚིགས་སོ། །འབྲས་ཚོས་པ་མཐོང་དུ་ཟིན་ཀྱང་སྣོད་གཅིག་ཏུ་ཆུད་པའི་ཕྱིར་འབྲས་
ཚོས་པ་མཐོང་བ་དང་འདྲ་བ་དེ་ལྟར་ན་སྣོད་གཅིག་ལ་ཡང་ཚོས་པ་བཞིན་ནོ། །ཇི་ལྟར་རྗེས་སུ་དཔག་པ་གཉིས་པོ་དེ་དག་ལྷག་མ་དང་ལྡན་པ་ཡིན་པ་དེ་བཞིན་དུ་དཔྱོད་པ་པས་སྨྲས་པ་དག་ཀྱང་ཡིན་ནོ། །ངོ་བོ་མཚུངས་པ་ཉིད་ཀྱིས་རོ་མཚུངས་པ་དང་སྣོད་གཅིག་གི་ནང་དུ་ཆུད་པས་འབྲས་ཐམས་ཅད་ཚོས་པར་
เล่ม ๑๗๗ · หน้า 63a
བསམ་པར་བྱའོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཞིག་ཡོད། དེ་བཞིན་དུ་རིག་བྱེད་ཀྱི་ངག་ཅུང་ཟད་ཡོད་པ་བདེན་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རིག་བྱེད་ཀྱི་ངག་ཐམས་ཅད་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་འདི་ལ་འཁྲུལ་པ་མེད་པ་ཅི་ཞིག་ཡོད། སློབ་དཔོན་ཕྱོགས་ཀྱི་གླང་པོ་
རིགས་པ་ཤེས་པ་དེ་འདྲ་སྟེ། རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ཚད་མ་ཀུན་ལས་བཏུས་པ་ལས་སྤངས་པ་ཡིན་ནོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སློབ་དཔོན་བདག་ཉིད་ཀྱིས་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་སྒྲུབ་པར་བྱེད་པ་མ་ཡིན་པར་གསུངས་སོ་ཞེས་བྱ་བ་འཆད་པར་
འགྱུར་བ་དང་སྦྱར་རོ། །གང་དུ་གསུངས་ཤེ་ན། རིགས་པ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཀུན་ལས་བཏུས་པ་ལས་རིགས་པ་པ་དག་གིས་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་གང་ཡིན་པ་དེ་ནི་འཁྲུལ་པ་བསྟན་པ་ནའོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དཔེར་ན་ངོ་བོ་མཚུངས་པ་ཅན་ཉིད་རྒྱུར་གྱུར་པས་འབྲས་བུ་རྣམས་མ་མྱངས་སུ་ཟིན་ཀྱང་འབྲས་བུ་མྱངས་པ་དང་རོ་མཚུངས་པ་སྒྲུབ་པ་བཞིན་ནོ། །སྣོད་གཅིག་གི་ནང་དུ་ཆུད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་མཐོང་བ་དང་འདྲ་བ་སྟེ། འབྲས་ལ་སོགས་པ་ཡོངས་སུ་ཚོས་པ་དང་མཐོང་བ་དང་འདྲ་བར་ཞེས་བྱ་
བའི་དཔེས་འབྲས་མ་ཚོས་པ་ཚོས་པ་སྒྲུབ་པ་བཞིན་ནོ། །དེ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་རིགས་པ་ཡང་ཞེས་བྱ་བ་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་དེ་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་རིགས་པ་ཡང་། །གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་
ཏོ། །ཡིད་ཆེས་ཚིག་ནི་མི་སླུ་བ། །སྤྱི་དང་རྗེས་སུ་དཔག་པ་ཡིན། །ཞེས་བྱ་བ་ལ་སོགས་པས་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ལུང་གི་མཚན་ཉིད་ཕྱོགས་གཅིག་ལ་མི་སླུ་བ་ཉིད་མ་ཡིན་ནམ་ཞེ་ན། ལུང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་སྨོས་ཏེ། ལུང་གི་མཚན་ཉིད་ཕྱོགས་གཅིག་ལ་མི་བསླུ་བའི་ངོ་བོ་
ཅན་འདི་ནི་ཁོ་བོ་ཅག་གིས་སྐྱེས་བུ་འདི་ནི་ལུང་གི་ཚད་མ་ལ་བརྟེན་པར་མི་ནུས་སོ་ཞེས་བྱ་བའི་བར་སྐབས་དེར་བཤད་ཟིན་ཏོ། །ལུང་གི་མཚན་ཉིད་ཕྱོགས་གཅིག་ལ་མི་བསླུ་བ་ལ་སོགས་པ་དེ་ནི་ཤིན་ཏུ་གྲགས་པའི་ཡུལ་གཅིག་ཡོད་པ་པ་ཙམ་གྱི་རྟེན་ཅན་མ་ཡིན་གྱི་འོན་ཀྱང་ལུང་གི་མཚན་ཉིད་དེ་ནི་ཚུ་རོལ་མཐོང་བའི་ཚད་མས་
เล่ม ๑๗๗ · หน้า 63b
ཡུལ་མ་ལུས་པ་ཡོངས་སུ་གཅོད་པར་ནུས་པ་མ་ཡིན་པ་གང་ཡིན་པ་དེ་ནི་དཔྱོད་པར་ནུས་པ་ཡིན་ཏེ། གང་ལ་དཔྱོད་པར་ནུས་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཚད་མས་གྲུབ་པ་དང་དཔག་པ་རྣམ་པར་དག་པ་ཡིན་ན་ཞེས་བྱ་བ་བསྟན་བཅོས་ལ་མངོན་སུམ་གྱི་ཡུལ་ཉིད་དུ་
མངོན་པར་འདོད་པ་དག་གི་མངོན་སུམ་ཉིད་ཡིན་ཏེ། དཔེར་ན་སངས་རྒྱས་པའི་གྲུབ་པའི་མཐའ་ལ་བློ་ལ་སོགས་པ་ལྟ་བུའོ། །ལུང་ལ་མ་ལྟོས་པའི་རྗེས་སུ་དཔག་པའི་ཡུལ་དུ་མངོན་པར་འདོད་པ་དག་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་ཡིན་ཏེ། དཔེར་ན་སྡུག་བསྔལ་གྱི་
བདེན་པ་ལ་སོགས་པ་ལྟ་བུའོ། །ལུང་ལ་མ་ལྟོས་པའི་རྗེས་སུ་དཔག་པའི་ཡུལ་དུ་མངོན་པར་འདོད་པ་དག་ཀྱང་དེ་ལྟ་བུའི་ངོ་བོ་ཡིན་ནོ། །ཡུལ་རྣམ་པ་གསུམ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཚད་མས་ཡོད་པ་གྲུབ་པ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཚད་མའི་ཡུལ་དུ་མངོན་པར་འདོད་པ་མ་ཡིན་པ་
དག་ནི་མངོན་སུམ་ཉིད་ལ་སོགས་པ་མ་ཡིན་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཚད་མས་དགག་པ་གྲུབ་པ་ཡིན་ནོ། །དེ་ལྟར་ན་གྲུབ་པ་དང་དགག་པ་རྣམ་པར་དག་པ་ཡིན་ན། ལྷག་མ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་དག་ལ་སྒྲ་རྣམས་མེད་ན་མི་འབྱུང་བ་ཉིད་མེད་ན་སྟེ་འབྲེལ་པ་མེད་དུ་ཟིན་ཀྱང་གོ་སྐབས་མེད་པར་སྐྱེས་
བུས་ཐེ་ཚོམ་ཟ་བའི་འཇུག་པ་རིགས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་ནི་དཔྱོད་པ་ནུས་པ་ཅན་དངོས་པོ་ཐམས་ཅད་ལ་མཐོང་བ་འཁྲུལ་པ་མེད་པ་ཅན་གྱི་ལུང་ལའོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་གྱུར་པའི་ལུང་དེ་ལ་འགའ་ཞིག་གི་ཚེ་མི་སླུ་བ་སྲིད་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ལུང་གང་ལ་ཇི་སྐད་དུ་བཤད་པའི་
ལུང་རྣམ་པར་དག་པ་མེད་པ་དེ་ལ་འཇུག་པ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཁོ་བོ་ཅག་གིས་དཔྱོད་པར་ནུས་པ་ཅན་གྱི་ཡུལ་ཉིད་ལ་ལུང་ནི་སྐྱེས་བུ་གང་གིས་ཚད་མས་མཐོང་བ་དང་འགལ་ཞིང་གནོད་པས་ཚད་མས་མཐོང་བ་དང་འགལ་བ་ཅན་གྱི་འཇུག་པ་ནི་རིགས་པ་མ་ཡིན་ནོ་ཞེས་ལུང་གི་མཚན་ཉིད་བཤད་དོ། །
སྐྱེས་བུ་ཐ་མལ་པའི་ཡུལ་མེ་སྟེ་སྐྱེས་བུ་ཐ་མལ་པའི་ཡུལ་གྱི་མེ་གང་ཡིན་པ་དེ་ནི་གྲང་བ་འཇོམས་པར་ནུས་པ་གང་ཡིན་པ་དེ་རྗོད་པར་བྱེད་པ་སྟེ། མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་རིག་བྱེད་ཀྱི་ཕྱོགས་གཅིག་ཏུ་གྱུར་པའི་ངག་བདེན་པའི་དོན་ཅན་དེ་དཔེ་བསྟན་ནས། རིག་བྱེད་ཀྱི་མཚན་ཉིད་ཅན་གྱི་བསྟན་བཅོས་
เล่ม ๑๗๗ · หน้า 64a
ཐམས་ཅད་བདེན་པའི་དོན་ཅན་ཞེས་སྨྲའོ། །བསྟན་བཅོས་ཇི་ལྟ་བུ་ཞིག་ཅེ་ན། ཡོངས་སུ་གཅོད་པར་ནུས་པ་ཅན་ཡིན་ན་ཡང་སྟེ། ཡུལ་ཚད་མས་རྟོགས་པར་བྱ་བ་ཡིན་ན་ཚད་མ་དང་འགལ་བའི་ཕྱིར། ཆེས་རིགས་པ་ཡང་ཚད་མ་དང་ལྡན་པ་ཡང་མ་ཡིན་པ་དཔྱོད་པ་པ་སོགས་པ་གང་ཡིན་པ་
དེས་དེ་ལྟ་བུར་གྱུར་པའི་བསྟན་བཅོས་བདེན་པའི་དོན་ཅན་ཁས་ལེན་པ་འདིའི་དཔྱོད་པ་པ་ལ་སོགས་པ་དེ། གཡེམ་མ་མུར་ཅོར་གྱིས་རྒྱལ་བཞིན། །ཞེས་བྱ་བར་སྦྱར་རོ། །ཆེས་རིགས་པ་དང་ལྡན་པ་མ་ཡིན་པ་ཞེས་བཤད་པ་དེ་བསྟན་པར་བྱ་བའི་ཕྱིར། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་བྱེད་པ་ཞེས་
བྱ་བའི་ཚིག་དེ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །སྐྱེས་བུ་རྟག་པར་བྱེད་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན། སྐྱེས་བུ་རྟག་པར་བྱེད་པ་པོ་དང་སྟེ་རྗོད་པར་བྱེད་པའི་བསྟན་བཅོས་སོ། །དེ་བཞིན་དུ་དངོས་པོ་རྣམས་རྟག་པར་རྗོད་པར་བྱེད་པ་པོའིའོ། །དབང་པོ་ལས་འདས་པ་སྟེ། མངོན་སུམ་མ་ཡིན་པའོ། །དབང་པོ་
ལས་གཟུང་བྱ་སྟེ་མངོན་སུམ་དུ་རྗོད་པར་བྱེད་པའིའོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་རྒྱུ་འགལ་བ་མེད་པ་སྟེ་རིགས་པ་དང་མི་ལྡན་པར་རྗོད་པར་བྱེད་པ་དང་། དེ་བཞིན་དུ་དངོས་པོ་རྣམས་ཀྱི་གནས་པ་འགལ་བ་རྗོད་པར་བྱེད་པ་དང་། དངོས་པོ་རྣམས་ཀྱི་ལྡོག་པ་འགལ་བ་རྗོད་པར་བྱེད་པའིའོ། །དེ་དག་ཀྱང་འགྲེལ་བ་
ལས་གསལ་བར་འགྱུར་རོ། །ཇི་སྐད་དུ་བཤད་པ་ལས་སྤྱོད་ཡུལ་རྣམ་པར་གསལ་བའི་དངོས་པོ་གཞན་དག་གོ། །གང་ལ་སྤྱོད་ཡུལ་ཏེ་གོ་སྐབས་བསལ་ཞིང་སྤངས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་ཡུལ་གང་གིས་རྣམ་པར་བསལ་བ་ཡིན་ཞེ་ན། ཚད་མ་གཉིས་ཀྱིས་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དང་
རྗེས་སུ་དཔག་པ་དག་གིས་བསལ་བ་ཡོད་སྲིད་པ་ཅན་ཞེས་བྱ་བའི་དོན་ཏོ། །དངོས་པོ་དེ་ལྟ་བུར་གྱུར་པ་དེ་རྗོད་པར་བྱེད་པའིའོ། །དེ་བཞིན་དུ་ལུང་ལ་ལྟོས་པའི་རྗེས་དཔག་དང་། འགལ་བ་དག་ནི་རྗོད་བྱེད་པའིའོ། །དེ་བས་ན་རྒོལ་བ་འདི་ལྟར་དོན་རིགས་པ་མ་ཡིན་པ་དུ་མ་རྗོད་པར་བྱེད་པའི་བསྟན་བཅོས་བདེན་པའི་
དོན་ཅན་ཁས་ལེན་པ་གཡེམ་མ་མུ་ཅོར་གྱིས་རྒྱལ་བཞིན་ནོ། །ཅི་ཞིག་མ་བྱས་པར་ཁས་ལེན་པ་ཡིན་ཞེ་ན། དེས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དཔྱད་པར་ནུས་པ་ཅན་ལ་བསྟན་བཅོས་ཀྱིས་འགལ་བ་མ་བསལ་བ་སྟེ་ལན་མ་བཏབ་པར་རོ། །སྐྱེས་བུ་བསྟན་བཅོས་ལ་འཇུག་པའི་རྒྱུ་མཚན།
เล่ม ๑๗๗ · หน้า 64b
འབྲེལ་པ་དང་ནི་རྗེས་སུ་མཐུན། །སྐྱེས་བུའི་དོན་ནི་རྗོད་བྱེད་པའི། །མཚན་ཉིད་ཅན་གྱི་བསྟན་བཅོས་ཀྱི་དོན་དེ་མ་བསྟན་པར་ཁས་ལེན་པའོ། །སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངོ་བོ་སྔ་མ་འཕོ་བ་མེད་པ་དང་ངོ་བོ་ཕྱི་མ་ལེན་པ་མེད་པ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །
འདིས་ནི་སྒྲའི་དོན་རྟོགས་པའི་དོན་རྣམ་པར་འགྲེལ་པའོ། །སྐྱེས་བུ་དེ་འདྲ་བའི་གོ་རིམས་བཞིན་དུ་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་རྣམས་ཀྱི་བྱེད་པ་པོ་དང་སྐྱེས་བུ་དེ་འདྲ་བ་དེ་ཉིད་ལས་ཀྱི་འབྲས་བུ་རྣམས་ལོངས་སྤྱོད་པ་པོ་ཡིན་ནོ། །རྣམ་པ་གང་གིས་བྱེད་པ་པོ་དང་ལོངས་སྤྱོད་པ་ཡིན་
ཞེ་ན། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་དང་། བྱིན་གྱིས་བརླབས་པའི་ངོ་བོས་སོ། །སོགས་པའི་སྒྲས་ནི་སྦྱོར་བའི་ངོ་བོས་སོ། །དེ་ལ་སེམས་ལས་བྱུང་བ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དེའི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱིས་བྱེད་པ་པོ་ཡིན་ཏེ། བློ་བདག་ལ་འདུ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །
ལུས་དང་ངག་གི་ལས་བྱིན་གྱིས་བརླབས་པའི་ངོ་བོ་བྱེད་པ་པོ་ཡིན་ཏེ། བདག་ཉིད་ཀྱིས་བརླབས་པའི་ལུས་དང་ངག་དག་ནི་རང་གི་བྱ་བ་རྣམས་ལ་འཇུག་པའི་ཕྱིར་རོ། །གང་གི་ཚེ་གཞན་གྱི་ལས་རྣམས་བྱེད་པ་དེའི་ཚེ་སྦྱོར་བ་པོའི་ངོ་བོས་གཞན་གྱི་བདག་སྦྱོར་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལས་ཀྱི་འབྲས་
བུ་བདེ་བ་དང་། སྡུག་བསྔལ་དག་གི་འཕྲོད་པ་འདུ་བའི་རྒྱུ་ཉིད་ཀྱི་ཕྱིར་ཟ་བ་པོ་ཡིན་ཏེ། བདེ་བ་དང་སྡུག་བསྔལ་བ་དག་ནི་བདག་དང་འདུ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ལུས་དང་སྡུག་བསྔལ་སྒྲུབ་པར་བྱེད་པ་མངོན་པར་འདོད་པ་དང་། མངོན་པར་འདོད་པ་མ་ཡིན་པའི་ཡུལ་རྣམས་བྱིན་གྱིས་བརླབས་པའི་
ངོ་བོའི་ཕྱིར་ཟ་བ་པོ་ཡིན་ནོ་ཞེས་ཅི་རིགས་པར་སྦྱར་རོ། །དེ་སྐད་དུ་རིག་བྱེད་ཀྱི་སྨྲ་བ་དེ་དང་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་བཅོས་མཛད་པས། རྟག་པ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་སྲིད་པར་བསྟན་པ་དང་། རང་གི་སྡེ་པ་དག་གིས་རང་གི་བསྟན་བཅོས་གཞན་དུ་མང་དུ་བསྟན་ཟིན་ཏོ། །དངོས་པོ་
འགའ་ཞིག་རྟག་པ་ཉིད་མི་རིགས་པ་རིག་བྱེད་ཀྱིས་སྨྲས་པ་དེ་ནི་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་མི་རིགས་ཤེ་ན། སྐད་ཅིག་མ་མ་ཡིན་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་གྱི་བྱ་བ་བྱེད་པ་འགལ་བས་ན་དངོས་པོའི་ཆོས་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་ནི་དོན་བྱེད་པར་ནུས་པ་ཡིན་ལ་དོན་བྱེད་པར་ནུས་པ་དེ་ཡང་
เล่ม ๑๗๗ · หน้า 65a
སྐད་ཅིག་མ་མ་ཡིན་པ་ལ་མི་སྲིད་པའི་ཕྱིར་དེ་ནི་ཡོད་པ་མ་ཡིན་ན་དེ་དངོས་པོའི་ཆོས་རྟག་པ་ཉིད་ལ་སོགས་པ་གང་ལས་ཡིན། སྤྱི་ལ་སོགས་པ་མངོན་སུམ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ལས་དང་ཡོན་ཏན་ལ་སོགས་པའོ། །མངོན་སུམ་དག་ཡིན་པར་རིག་བྱེད་ཀྱིས་སྨྲས་པ་དེ་ནི་
ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །སྐྱེས་བུ་གནས་པ་དང་ལྡན་པ་ནི་དངོས་པོ་རྣམས་སྐྱེ་བ་དང་གནས་པ་དང་འཇིག་པ་འགལ་བ་དག་རིག་བྱེད་ཀྱིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །སྐྱེ་བ་མི་རིགས་པ་ཉིད་ཀྱིས་དངོས་པོ་རྣམས་རྒྱུར་འགལ་བ་ཞེས་དེ་སྐད་དུ་བཤད་པ་ཡིན་ནོ། །རྒྱུར་འགལ་བ་དེ་ཉིད་དུ་
གསལ་བར་བྱ་བའི་ཕྱིར་ཁྱད་པར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དུ་བྱར་མེད་པ་ཅན་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །སྔར་ཞེས་བྱ་བ་བྱེད་པའི་དུས་མ་ཡིན་པའི་གནས་སྐབས་སུ་བྱེད་པ་པོ་མ་ཡིན་པའི་ཕྱིས་གཞན་ལ་ལྟོས་ནས་ཏེ། ལྷན་ཅིག་བྱེད་པ་ལ་ལྟོས་ནས་བྱེད་པ་པོ་ཉིད་ཡིན་པར་རིག་བྱེད་ཀྱིས་སྨྲ་བའོ། །
དེ་དང་དེ་མི་རིགས་སོ་ཞེས་བྱ་བ་སངས་རྒྱས་པར་བསྟན་ཞིང་སྟོན་པར་ཡང་འགྱུར་རོ། །གྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གནས་པ་འགལ་བ་རྗོད་པར་བྱེད་པ་ཉིད་རིག་བྱེད་ཀྱིས་སྨྲས་པའོ། །རང་གི་རྒྱུ་ལས་གྲུབ་པའི་གཏན་ཚིགས་ཀྱི་ཕྱིར་འབྲས་བུའི་ངོ་བོ་ཅན་མ་ཡིན་ཏེ། གྲུབ་ཟིན་པ་ཡང་གྲུབ་པ་མི་རུང་བའི་
ཕྱིར་རོ། །དེ་ལྟ་བུར་གྱུར་པའི་དངོས་པོ་དེའི་རྟེན་གྱི་དབང་གིས་གནས་པའི་རིག་བྱེད་ཀྱིས་སྨྲས་པའོ། །དེ་དང་དེ་རིགས་པ་མ་ཡིན་ཏེ། ཐམས་ཅད་ལ་ལྟོས་པ་མེད་པར་གྲུབ་པ་ནི་གཞན་གྱི་སྟོབས་ཀྱིས་གནས་པ་མི་རུང་བའི་ཕྱིར་རོ། །དེ་ཡང་སྔར་བཤད་ཟིན་ཏོ། །འཇིག་པ་འགལ་བ་བསྟན་པའི་ཕྱིར་རྒྱུ་ལས་ཞེས་
བྱ་བ་ལ་སོགས་པ་སྨོས་པ་ལས། རྒྱུ་ལས་ཏེ་འཇིག་པའི་རྒྱུ་ལས་དངོས་པོ་རྣམས་འཇིག་པ་ཞེས་བྱ་བ་རིག་བྱེད་ཀྱིས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འཇིག་པ་ནི་རྒྱུ་དང་ལྡན་པ་ཉིད་དུ་འགལ་བའི་ཕྱིར་རོ། །དོན་ཞེས་བྱ་བ་ལ་སོགས་པ་དེ་ཡང་སྔར་རྒྱས་པར་བསྟན་ཞིང་རབ་ཏུ་བྱེད་པ་གཞན་དག་ཏུ་ཡང་བསྟན་ཏོ། །
གཞན་ཡང་ཡོད་དོ་ཞེས་རིག་བྱེད་ཀྱིས་སྨྲས་པའོ། །ཅི་འདྲ་བ་ཞིག་ཅེ་ན། གྲགས་པ་ལས་ཕྱིན་ཅི་ལོག་པ་ཅན་ཏེ་མེད་དུ་ཟིན་ཀྱང་ཡོད་པར་ཕྱིན་ཅི་མ་ལོག་པ་ཅན་ནོ། །གང་ལ་རབ་ཏུ་གྲགས་པ་ལས་ཕྱིན་ཅི་ལོག་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གང་གིས་གྲགས་པ་ལས་ཕྱིན་ཅི་ལོག་པ་ཅན་ཡིན་ཞེ་ན།
เล่ม ๑๗๗ · หน้า 65b
མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་རབ་ཏུ་གྲགས་པ་མེད་པ་ཉིད་གང་ཡིན་པ་དེ་ནི་ཡོད་པ་ཉིད་དུ་རིག་བྱེད་ཀྱིས་སྨྲས་པ་ཞེས་བྱ་བའི་དོན་ཏོ། །དེས་ནི་ཚད་མ་གཉིས་ཀྱི་སྤྱོད་ཡུལ་ཏེ་རྣམ་པར་གསལ་བ་གཞན་དག་གམ་ཞེས་དེ་རྣམ་པར་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེ་ལ་སྦྱིན་སྲེག་སྦྱིན་ཞེས་བྱ་བ་
ལ་སོགས་པ་ལ། སོགས་པའི་སྒྲས་ནི་འབབ་སྟེགས་ཀྱི་ཁྲུས་ལ་སོགས་པ་ནི་སྡིག་པ་སྦྱོང་བར་ནུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རིག་བྱེད་ཀྱིས་སྨྲས་པའོ། །འདིར་ཡང་སོགས་པའི་སྒྲས་ནི་ཆོས་འཕེལ་བ་ལ་སོགས་པའི་ནུས་པ་ཉིད་དོ། །དེ་ཡང་ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་གནོད་
པའོ། །དེ་ལྟར་འདོད་ཆགས་ལ་སོགས་པའི་རང་བཞིན་ཆོས་མ་ཡིན་པ་དང་། དེས་རབ་ཏུ་ཕྱེ་བ་ཅན་གྱི་ལས་ཞེས་བྱ་བ་ལུང་ལ་རྣམ་པར་གཞག་པ་དེ་གཉི་ག་ཡང་མེད་ལ་སྦྱིན་སྲེག་ལ་སོགས་པ་དང་འགལ་བ་མེད་པའི་ཕྱིར་ཇི་ལྟར་ན་ཆོས་མ་ཡིན་པ་དེ་དག་པའམ། ཇི་ལྟར་ན་ཆོས་འཕེལ་བར་འགྱུར། དེ་བས་ན་
ཆོས་ནི་མ་ཆགས་པ་ལ་སོགས་པ་དང་དེས་རབ་ཏུ་ཕྱེ་བ་ཅན་གྱི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། འབབ་སྟེགས་ཀྱི་ཁྲུས་ལ་སོགས་པ་ནི་དེའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བསྟན་བཅོས་གཞན་དུ་བསྟན་ཟིན་པས་འདིར་མ་སྨྲས་སོ། །སོགས་པའི་སྒྲས་ནི་དེ་ལྟ་བུའི་རིགས་པ་ཅན་
གཞན་དག་ཀྱང་རིགས་པ་མ་ཡིན་པར་བརྗོད་པ་ཡིན་པར་བལྟ་བར་བྱའོ། །དེ་སྐད་དུ་རིགས་པ་མ་ཡིན་པ་དེའི་དོན་སྨྲ་བ་དེའི་རིག་བྱེད་དེའི་བསྟན་བཅོས་ཀྱི་ལུགས་ཏེ་བསྟན་བཅོས་ཀྱིས་བསྟན་པར་བྱ་བའི་དངོས་པོ་མངོན་སུམ་ལ་སོགས་པའི་ཡུལ་རྣམ་པ་གསུམ་པོ་ཐམས་ཅད་ལ་ཡང་ཚད་མ་དང་འགལ་བ་མ་
བསལ་ཞིང་ལན་མ་བཏབ་པར་རོ། །བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པའི་ཆོས་ནི་བསྟན་བཅོས་ཀྱི་ཆོས་ཏེ། དེ་མ་བསྟན་པར་རོ། །བསྟན་བཅོས་དེ་དག་ཀྱང་གང་ཞེ་ན། འབྲེལ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་རྣམས་ཀྱི་ཕན་ཚུན་འབྲེལ་པའི་དོན་ཅན་ཉིད་ནི་འབྲེལ་པ་
ཡིན་ཏེ། སེའུ་བཅུ་ཞེས་བྱ་བ་ལ་སོགས་པ་བཞིན་དུ་འབྲེལ་བ་མེད་པ་ནི་མ་ཡིན་ནོ། །བསྒྲུབ་པར་ནུས་པའི་ཐབས་ཡིན་ལ་དེ་ནི་རྗེས་སུ་མཐུན་པའི་ཐབས་ཡིན་ཏེ། གང་གིས་བསྟན་བཅོས་ལ་སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཐབས་སྟོན་པའོ། །སྐྱེས་བུས་བསྒྲུབ་པ་ཉིད་དུ་ནུས་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་
เล่ม ๑๗๗ · หน้า 66a
བུའི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའོ། །འབྲེལ་བ་དང་རྗེས་སུ་མཐུན་པའི་ཐབས་དང་། སྐྱེས་བུའི་དོན་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ཕྱིས་དེ་དག་གི་རྗོད་པར་བྱེད་པ་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །འགལ་བ་མ་བསལ་བའི་ཕྱིར་བསྟན་བཅོས་གཟུང་བར་བྱ་བ་ཉིད་མ་
ཡིན་པར་བཤད་པ་མ་ཡིན་ནམ། དེ་བས་ན་ཅིའི་ཕྱིར་བསྟན་བཅོས་ཀྱི་ཆོས་མ་བསྟན་པར་ཞེས་བཤད་ཅེ་ན། འདིར་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ལ་རྣམ་པར་དག་པ་བསྟན་ནས། འགའ་ཞིག་གིས་ཚེ་གཞན་དུ་འབྲེལ་པ་ལ་སོགས་པ་དང་བྲལ་བ་བརྗོད་པར་འགྱུར་བ་དེའི་དོན་དུ་བསྟན་བཅོས་ཀྱི་
ཆོས་མ་བསྟན་པར་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འབྲེལ་བ་ལ་སོགས་པ་རྗོད་པར་བྱེད་པ་བསྟན་བཅོས་ཀྱི་ཆོས་མ་བསྟན་པར་ཤིན་ཏུ་གྲགས་པའི་ཡུལ་བདེན་པར་བརྗོད་པ་ཙམ་གྱིས་ཞེས་བྱ་བ་ལ་ཤིན་ཏུ་གྲགས་པའི་ཡུལ་ནི་མེས་གྲང་བ་བཟློག་པར་ནུས་པའོ། །དེའི་བདེན་
པ་བརྗོད་པ་སྟེ་བདེན་པ་བརྗོད་པ་ཙམ་དེས་སོ། །ཤེས་རབ་ཀྱིས་ཀྱང་སྡུག་བསྔལ་བའི་སྒོ་ནས་རྟོགས་པ་དེ་ལྟར་ཤེས་རབ་ཀྱིས་རྟོགས་པར་དཀའ་བའོ། །དེ་ཉིད་ཀྱི་ཕྱིར་ཐིབས་བོ་སྟེ། དེ་ལྟ་བུར་གྱུར་པའི་ཡུལ་དེ་ལ་སྟེ་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡང་ཞེས་བྱ་བའི་དོན་ཏོ། །ཉེས་པ་མེད་པ་ཉིད་ནི་བདེན་པའི་
དོན་ཅན་ཉིད་དོ། །སྒྲུབ་པར་འདོད་པ་སྟེ་དཔྱོད་པ་པས་སོ། །གཡེམ་མ་མུ་ཅོར་གྱིས་ཏེ། འབྲེལ་པ་མེད་པས་ཀྱང་རྒྱལ་བ་ལྟ་བུའོ། །གཡེམ་མ་ཅི་འདྲ་བས་རྒྱལ་བ་དེ་ཉིད་གཡེམ་མ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གཡེམ་མ་ནི་སྤྱོད་ངན་ཅན་ནོ། །བདག་ཉིད་ཀྱིས་བདག་པོས་ལོག་པར་
ཞུགས་པའི་གནས་མཐོང་ནས་ཞེས་བྱ་བ་ལོག་པར་ཞུགས་པའི་གནས་སྐབས་མཐོང་ནས་སྐྱེས་བུ་གཞན་དང་ཁྱོད་འབྲེལ་བར་བྱས་སོ་ཞེས་ཀླན་ཀ་བཙལ་བ་ན། བདག་པོ་ལ་ལན་དུ་ཟེར་བ་སྟེ་ལན་དུ་བརྗོད་པའོ། །ཇི་ལྟར་ལན་དུ་ཟེར་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ཞེས་བྱ་བ་འདིས་
སྤྱི་པར་གནས་པའི་བུད་མེད་ལ་འབོད་པའོ། །ཀྱེ་མ་ངའི་བདག་པོ་སྐྱེས་བུའི་ཕྱིན་ཅི་ལོག་ལ་ལྟོས་ཤིག་ཅེས་བྱ་བར་སྦྱར་རོ། །ཆོས་སྒྲུབ་པར་བྱེད་པའི་རྒྱུར་འགྱུར་བའི་ཆུང་མ་ནི་བར་གྱི་ཚིག་མི་མངོན་པའི་བསྡུ་བ་སྟེ། མར་གྱི་བུམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མའི་ཆོས་བཞིན་གྱི་ཆུང་མས་
เล่ม ๑๗๗ · หน้า 66b
ཡིད་ཆེས་པ་མེད་པར་བདག་གི་ཆུ་བུར་དང་འདྲ་བའི་ཕྱིར་མིག་གི་ཆུ་བུར་དག་ཅེས་བྱ་བའི་མིང་གཉིས་ཀྱི་མིང་ཅན་གྱིས་ཡིད་ཆེས་པར་བྱེད་ཅེས་བྱ་བའི་སྐབས་ཡིན་ནོ། །གང་ལ་མིག་ཅེས་བྱ་བའི་མིང་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐྱེས་བུ་གཞན་དང་འབྲེལ་པ་མ་བྱས་པའི་རྒྱུ་ནི་གྲོང་པ་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རྒན་པོ་ཡང་ཡིན་ལ་ཞར་བ་ཡང་ཡིན་པས་ན་རྒན་པོ་ལོང་བ་སྟེ་ལོང་བ་རྒན་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྒན་པོ་སྨོས་པ་ནི་ན་ཚོད་དང་བྲལ་བར་སྟོན་ཏོ། །གཟུགས་ཀྱི་གནས་ཀྱི་མཆོག་མིག་ཡིན་པ་དེ་ལྟར་ན་དེ་དང་བྲལ་བའི་ཕྱིར་ལོང་བ་སྨོས་པ་ནི་གཟུགས་ངན་སྟོན་ཏོ། །
གྲོང་པ་སྨོས་པ་ནི་སྒྱུ་རྩལ་ལ་མཁས་པ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་སྟོན་ཏོ། །ཤིང་སྐྱེད་པར་བྱེད་པ་སྨོས་པ་ནི་དཀའ་བས་འཚོ་བ་ཉིད་ཀྱི་ཕྱིར་དབུལ་བ་ཉིད་སྟོན་ཏོ། །དེ་བས་ན་དེ་ལྟར་རྒས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུས་འབྲེལ་པར་བྱ་བའི་ཕྱིར། དོན་དུ་གཉེར་དུ་ཟིན་
ཀྱང་ཁོ་མོས་སྔར་དེ་དང་འབྲེལ་པ་མ་བྱས་ནའོ། །གཟུགས་དང་ཡོན་ཏན་ལ་རྗེས་སུ་ཆགས་པས་གཟུགས་ནི་མཛེས་པ་ཉིད་དོ། །ཡོན་ཏན་ནི་སྒྱུ་རྩལ་ལ་མཁས་བའོ། །གཟུགས་དང་ཡོན་ཏན་ལ་རྗེས་སུ་ཆགས་པ་ནི་མངོན་པར་འདོད་པའོ། །རྒྱུ་དེས་བློན་པོ་མཆོག་གི་ཁྱེའུ་དང་ཁོ་མོས་འདོད་པ་
སྤྱོད་པར་བྱེད་དམ་ཞེས་བྱ་བ་བློན་པོའི་གཙོ་བོའི་ཁྱེའུ་ནི་བུ་ཁྱེའུ་གཞོན་ནུའོ། །བློན་པོ་མཆོག་ཀྱང་དེ་ཡིན་ལ་ཁྱེའུ་ཡང་ཡིན་པས་ན་ཞེས་བྱ་བས་ནི་ཁྱད་པར་བསྡུ་བའོ། །དེ་ལྟ་བུར་གྱུར་པའི་ཁྱེའུ་དང་ཁོ་མོས་འདོད་པ་སྤྱོད་པར་བྱེད་པ་ཞེས་བྱ་བ་འདི་ཇི་སྐད་དུ་སྲིད་པར་འགྱུར། དེ་ལ་གྲོང་པ་ལ་སོགས་པའི་ཉེས་
པ་བཞི་བཟློག་པས་བློན་པོ་མཆོག་གི་ཁྱེའུ་ལ་ཡོན་ཏན་བཞི་བསྟན་པ་ཡིན་ཏེ། གཟུགས་སྨོས་པས་ནི་མཛེས་པའི་ཉིད་དང་། ཡོན་ཏན་སྨོས་པས་ནི་སྒྱུ་རྩལ་ལ་མཁས་པ་ལ་སོགས་པའི་ཡོན་ཏན་དང་བློན་པོའི་མཆོག་སྨོས་པས་ནི་ཕྱུག་པོ་ཉིད་དང་། ཁྱེའུ་སྨོས་པས་ནི་ན་ཚོད་ཀྱི་ཡོན་ཏན་ཡིན་ནོ། །དེ་ཡང་
གཡེམ་མ་མུར་ཅོར་གྱིས་འཕངས་པའི་ཚིག་འབའ་ཞིག་ཡིན་གྱི་རིགས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟར་ན་གཟུགས་དང་ན་ཚོད་དང་ཡོན་ཏན་དང་། ནོར་གྱིས་འབྱོར་པ་ནི་སྐྱེས་བུ་གཞན་མངོན་པར་དགའ་བའི་རྒྱུ་ཡིན་ནོ། །དེ་བས་ན་གཡེམ་མ་གཟུགས་ལ་སོགས་པ་དང་བྲལ་བ་ཤིང་སྐྱེད་པ་དང་འདོད་པ་
เล่ม ๑๗๗ · หน้า 67a
སྤྱོད་པར་མི་བྱེད་པ་གང་ཡིན་པ་ནི་རིགས་པ་ཡིན་ཏེ། དེ་འདོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་འབྱོར་པ་དང་ལྡན་པའི་བློན་པོའི་མཆོག་གི་ཁྱེའུ་དང་ཡང་འདོད་པ་སྤྱོད་པར་མི་བྱེད་པས་འདི་དད་པར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་སྐྱེས་བུ་ཐ་མལ་པས་
རྟོགས་པར་བྱེད་པའི་མེ་གྲང་བ་སེལ་བར་བྱེད་པར་ནུས་པ་ལ་རིག་བྱེད་ཀྱི་བདེན་པའི་དོན་ཅན་ཉིད་དེ་ཙམ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་རིག་བྱེད་བདེན་པའི་དོན་ཅན་དུ་འགྱུར་རོ་ཞེས་བྱ་བའི་ངེས་པར་བྱེད་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་སྨྲ་བ་དཔྱོད་པ་པ་ནི་བདག་ཉིད་གཡེམ་མ་བཞིན་དུ་མུ་ཅོར་ཉིད་དུ་རབ་ཏུ་
གསལ་བར་བྱེད་དོ། །བུད་མེད་ཀྱི་ཡུལ་ནི་ཆགས་པའི་ཤས་ཆེ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་གཞན་མ་རྙེད་པ་ན་གྲོང་པ་རྒན་པོ་ལོང་བ་ཤིང་སྐྱེད་པར་བྱེད་པ་དང་། འཁྲིག་པ་སྤྱོད་དུ་ཟིན་ཀྱང་དེ་མི་སྟེན་པའི་ཕྱིར་རོ། །གཡེམ་མ་འཁྲུལ་པ་མེད་པ་ཡིན་ནོ་ཞེས་བྱ་བར་ཤིན་ཏུ་ཆགས་པ་ཅན་གྱི་བུད་མེད་འགའ་
ཞིག་གི་བློ་ཡང་འགྱུར་རོ། །མེ་གྲང་བ་སེལ་བར་བྱེད་པ་ཙམ་གྱིས་རིག་བྱེད་ལ་སེམས་པ་དང་བཅས་པ་འགའ་ཞིག་ཡང་དག་པའི་བློར་མི་འགྱུར་རོ། །དེའི་སྒོ་ནས་དཔྱོད་པ་པས་རིག་བྱེད་ཐམས་ཅད་དུ་བདེན་པའི་དོན་ཅན་ཉིད་དུ་སྒྲུབ་པར་བྱེད་པ་ནི་གཡེམ་མའི་མུ་ཅོར་བས་ཀྱང་ལྷག་པ་ཡིན་པ་དེ་ལྟར་ན་
གཡེམ་མ་མུ་ཅོར་གྱིས་ཀྱང་རྒྱལ་བ་ལྟ་བུའོ་ཞེས་བཤད་པ་ཡིན་ནོ། །མེ་ནི་ཞེས་བྱ་བ་ལ་སོགས་པས་དཔེའི་དོན་དཔེ་ཅན་ལ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ནི་དེ་ལྟ་བུའི་རིགས་ཅན་ཏེ་གཡེམ་མའི་ལན་གྱི་ཚིག་དང་མཚུངས་པ་ཡིན་ནོ། །དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་རིག་བྱེད་མི་སླུ་བར་རྗེས་སུ་དཔག་
པའོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དངོས་པོ་དཔྱད་པར་ནུས་པ་ཅན་ལ་ཚད་མ་དང་འགལ་བ་མཐོང་བ་ཅན་ཏེ། གང་ལ་ཚད་མ་དང་འགལ་བ་མཐོང་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེ་གང་གི་རྗེས་སུ་དཔག་པ་ཡིན་ཞེ་ན། མེ་ནི་གྲང་བའི་གཉེན་པོའི་ཚིག་
གིས་ཏེ། དཔེར་ན་མེ་ནི་ཁ་བའི་གཉེན་པོ་ཡིན་ནོ་ཞེས་མི་སླུ་བ་དེ་བཞིན་དུ་རིག་བྱེད་ཀྱི་ངག་གཞན་དག་ཀྱང་མི་སླུ་བ་ཡིན་ནོ། །དེ་ལ་ཆོས་བཞིན་གྱི་ཆུང་མ་ལྟ་བུ་ནི་རིག་བྱེད་ཡིན་ནོ། །ལོག་པར་ཞུགས་པ་དང་མཚུངས་པ་ནི་སྐྱེས་བུ་རྟག་པར་བྱེད་པ་པོ་དང་ཞེས་བྱ་བ་ལ་སོགས་པའི་རྗོད་པར་བྱེད་པའོ། །
เล่ม ๑๗๗ · หน้า 67b
མིག་དང་མཚུངས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ལ་གཡེམ་མ་གྲོང་པ་ལ་སོགས་སུན་ཕྱུང་བ་དང་འདོད་པ་མི་སྤྱོད་པ་དེ་དག་གིས་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་གནག་རྫི་མོའི་བར་ལ་རབ་ཏུ་གྲགས་པ་མེ་ནི་གྲང་བ་འཇོམས་པར་ནུས་པ་ཉིད་རིག་བྱེད་ཀྱི་རྗེས་སུ་བརྗོད་པ་གང་ཡིན་པ་
དེ་ནི་རིགས་པ་མ་ཡིན་ཏེ། ཡུལ་འདི་ལ་མི་ཤེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་གཡེམ་མ་འདོད་པའི་ཡོན་ཏན་དང་ལྡན་པ་བློན་པོའི་མཆོག་གི་ཁྱེའུ་དང་འདོད་པ་སྤྱོད་པ་ཞེས་བྱ་བ་རིགས་པ་དེ་ལྟར་རིག་བྱེད་ཀྱང་ཤེས་རབ་ཀྱིས་རྟོགས་པར་དཀའ་བའི་ཐིབས་པོ་ལས་ཤེས་པ་མེད་པའི་ཕྱིར་ལོག་པའི་
དོན་བརྗོད་པ་ཡིན་ནོ་ཞེས་བྱ་བར་སྲིད་པར་འགྱུར་རོ། །འཁྲུལ་པར་མཐོང་བ་ཅན་གྱི་ཆུང་མའི་ཚིག་སྐྱེས་བུ་དེ་ལ་བཙུན་པ་མ་ཡིན་ན། གང་གིས་ན་བདག་ཉིད་ཀྱིས་ལོག་པར་ཞུགས་པའི་གནས་མཐོང་ནས་ཀྱང་རང་གི་མཐོང་བ་ཚད་མ་མ་ཡིན་པར་བྱས་ནས་དེའི་ཚིག་བདེན་པའི་དོན་ཅན་དུ་བྱེད་
པར་འགྱུར། དེ་བཞིན་རིག་བྱེད་ལས་བསྟན་པའི་དོན་ལ་གནོད་པ་ཅན་གྱི་ཚད་མ་དག་ཚད་མ་མ་ཡིན་པར་བྱས་ནས་རིག་བྱེད་ཆུང་མ་ལྟ་བུར་འཁྲུལ་པ་མཐོང་བ་ཅན་གྱི་ཚིག་ལས་ཤིན་ཏུ་ལྐོག་ཏུ་གྱུར་པ་རྟོགས་པར་འགྱུར་བ་མ་ཡིན་ནོ། །འདི་ཉིད་ཀྱི་སྐྱོན་གཞན་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་མཐོང་བ་བཞིན་དུ་བདེན་པ་ཅིག་རྗོད་པ་ཙམ་གྱིས་སོ། །གལ་ཏེ་རིག་བྱེད་ཐམས་ཅད་ཚད་གྲུབ་ན་དེའི་ཚེ་སྐྱེས་བུ་ཐམས་ཅད་དོན་ཐམས་ཅད་ལ་ཚད་མར་འགྱུར་རོ། །འདི་ལྟར་སྐྱེས་བུ་མང་དུ་སྨྲ་བ་ལ། བདེན་དོན་ཅན་གཅིག་ཡོད་མེད་མིན་ཏེ། འོན་ཀྱང་ཡོད་པ་ཉིད་
ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཇི་ལྟར་འདི་ཤིན་ཏུ་བདེན་པར་བརྗོད་པ་སྟེ། གཅིག་ཏུ་བདེན་པར་བརྗོད་པ་ཉིད་དོ། །ཤིན་ཏུ་དཀའ་བ་ནི་སྡུག་བསྔལ་བས་བྱས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་དཀའ་བ་སྨོས་པས་ནི་དེ་ཉིད་སྟོན་པར་བྱེད་དོ། །འདིས་ཤིན་ཏུ་མི་སྲིད་
པ་ནི་མ་ཡིན་གྱི་འོན་ཀྱང་སྒྲིབ་པ་ཐམས་ཅད་སྤངས་པ་ཅན་དང་སྙིང་རྗེ་གོམས་པར་གྱུར་པ་ཅན་གྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་དཀའ་བ་ཞེས་བྱ་བ་དེ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་བདེན་པ་མ་ཡིན་པ་བརྗོད་པ་ཡང་དཀའ་བ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་དོན་ཐམས་ཅད་ལ་སྐྱེས་བུ་
เล่ม ๑๗๗ · หน้า 68a
བདེན་པ་ཉིད་མ་ཡིན་པ་ཉིད་སྨྲ་བ་ནི་མེད་དོ། །དེ་བས་ན་སྐྱེས་བུ་མང་དུ་སྨྲ་བ་ལ་ཡང་ངག་གཅིག་ཀྱང་བདེན་པའི་དོན་ཅན་ཡིན་ནོ། །ངག་མང་པོའི་ནང་དེ་ལས་ཚིག་གཅིག་རྣམ་པ་འགའ་ཞིག་གིས་ཏེ། བྱ་རོག་དང་ཏ་ལའི་ཚུལ་དུ་ཡང་བདེན་པའི་དོན་ཅན་ཉིད་དུ་མི་སླུ་བའི་
གཏན་ཚིགས་དེས་སོ། །མི་སླུ་བ་དེ་ལས་ཚིག་གི་ཚོགས་ལྷག་མ་ཞེས་བྱ་བ་གང་གི་ཚིག་གཅིག་ལ་མི་སླུ་བར་མཐོང་བའི་སྐྱེས་བུ་དེའི་ཚིག་གི་ཚོགས་དེ་ལྟར་འགྱུར་ན་སྟེ། མི་སླུ་བ་ཉིད་དུ་ཁས་ལེན་ན་སྐྱེས་བུ་འགའ་ཞིག་ཀྱང་ཡིད་ཆེས་པ་མ་ཡིན་པར་མི་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །
དེའི་ཕྱིར་ཕྱོགས་གཅིག་ལ་མི་སླུ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བ་གང་གིས་དེ་ནི་ཅིར་ཡང་མི་ནུས་སོ། །གཞན་ཡང་འགའ་ཞིག་ཀྱང་འགའ་ཞིག་གིས་གོ་བར་བྱེད་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་ནམ། དེའི་བསྐྱེད་བྱར་ཡོད་པ་ཡིན་ན་གོ་བར་བྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྒྲ་
འདི་ནི་བརྗོད་བྱ་ཉིད་དུ་མངོན་པར་འདོད་པའི་དུས་དངོས་པོའི་རང་བཞིན་མིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འཆད་པ་པོ་ལ་སྒྲ་གནས་པ་སྟེ། གཞན་གྱི་རང་བཞིན་གཞན་ལ་འཇུག་པ་མ་ཡིན་ནོ། །སྒྲ་འདི་དངོས་པོ་འབྲས་མིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འཆད་པ་པོ་ནི་ཡོད་ན་སྒྲ་འགྱུར་རོ། །
ཞེས་བྱ་བའི་ཕྱོགས་འདི་ལ་འཆད་པ་པོ་ཡོད་ན་ཞེས་བྱ་བའི་རྒྱུ་མཚན་གྱི་བདུན་པ་ཡིན་ཏེ། གང་གི་ཕྱིར་འཆད་པ་པོའི་རྒྱུ་མཚན་ཅན་ནི་འདོད་པ་ཙམ་ལ་རག་ལུས་པ་ཡིན་གྱི་བརྗོད་བྱའི་དངོས་པོ་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེ་ལས་རྣམ་པར་བཟློག་པའི་ཞེས་བྱ་བ་རང་
བཞིན་དང་འབྲས་བུ་བཟློག་པའི་འཁྲུལ་པ་མེད་པ་བཟློག་པ་མ་ཡིན་ནོ། །རེ་ཞིག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རེ་ཞིག་གི་སྒྲ་ནི་གོ་རིམས་ཡིན་ཏེ། འཆད་པ་པོ་ལ་གནས་པའི་ཚིག་དེ་ནི་རེ་ཞིག་བརྗོད་པར་བྱ་བའི་དོན་གྱི་རང་བཞིན་མ་ཡིན་ཞིང་། དངོས་པོ་དེ་དག་གི་འབྲས་བུ་ཡང་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་དུ་ཟིན་ཀྱང་ཞེས་བྱ་བ་དངོས་པོ་མེད་དུ་ཟིན་ཀྱང་འཆད་པ་པོ་བརྗོད་པར་འདོད་པ་ཙམ་གྱིས་ཡོད་པ་དེ་སྐྱེ་བའི་ཕྱིར་རོ། །རང་བཞིན་དང་འབྲས་བུ་དག་ལས་གཞན་འགའ་ཞིག་ཀྱང་འགའ་ཞིག་གི་འཁྲུལ་པ་མེད་པ་ཅན་གྱི་གཏན་ཚིགས་ཡོད་པ་མ་ཡིན་གྱི། འོན་ཀྱང་
เล่ม ๑๗๗ · หน้า 68b
འཁྲུལ་པ་དང་ལྡན་པ་ཁོ་ན་ཡིན་ནོ། །སྒྲ་ནི་བརྗོད་པར་བྱ་བའི་དོན་ལ་འཁྲུལ་པ་ཡིན་ན་ཡང་དེ་ལ་རྣམ་པ་གཞན་དུ་བརྗོད་པར་བྱ་བའི་དོན་དེ་ལས་རྣམ་པ་གཞན་དུ་ཡང་སྟེ། བརྗོད་པར་བྱ་བའི་དོན་མེད་ན་ཡང་ཞེས་བྱ་བའི་དོན་ཏོ། །དེ་སྲིད་པའི་ཕྱིར་ཏེ་སྒྲ་དེ་སྲིད་པའི་རྒྱུའི་ཕྱིར་རོ། །དེ་ཡོད་པའི་
ཕྱིར་ཏེ། བརྗོད་པར་བྱ་བའི་དོན་ལ་འཁྲུལ་པ་ཅན་གྱི་སྒྲ་དེ་ཡོད་པའི་ཕྱིར་བརྗོད་པར་བྱ་བའི་དོན་དེ་རྟོགས་པར་རིགས་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་གལ་ཏེ་བརྗོད་པར་བྱ་བའི་དངོས་པོ་ལས་ཚིག་དོན་གཞན་དུ་གྱུར་པ་དེ་ལྟ་ན་ཡང་བརྗོད་པར་བྱ་བའི་དངོས་པོ་དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་གོ་བར་བྱེད་པ་
ཉིད་ཡིན་ཏེ། འདི་ལྟར་གལ་ཏེ་རྗོད་བྱེད་རྣམས་ཀྱི་འཇུག་པ་སྟེ། སྒྲ་རྣམས་ཀྱི་སྐྱེ་བ་མངོན་པར་གསལ་བ་གང་ཡིན་པ་དེ་ནི་བརྗོད་བྱ་མཐོང་བས་བྱས་ཡིན་ཞེས་བྱ་བ་བརྗོད་པར་བྱ་བར་མཐོང་བ་གང་ཡིན་པ་དེས་བྱས་པའོ། །བརྗོད་བྱ་ཡོད་ན་མཐོང་ཞིང་དེ་མཐོང་བ་ལས་དེ་བརྗོད་པར་འདོད་པ་ལས་ཚིག་
ཡིན་པ་དེ་ལྟར་ན་བརྒྱུད་པས་ཚིག་ནི་དོན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་དེ་ཚིག་ནི་འབྲས་བུ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྗོད་པར་བྱེད་པའི་སྒྲ་ནི་བརྗོད་བྱ་དོན་མཐོང་བས་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་
ལ་སོགས་པས་ལེན་འདེབས་པར་བྱེད་དེ། དེ་ལྟ་ཡིན་ན་ཞེས་བྱ་བ་གལ་ཏེ་དོན་གྱི་དབང་ཁོ་ན་ཚིག་འཇུག་པའི་ཕྱིར་ཚིག་འཇུག་པ་ཐམས་ཅད་བདེན་པའི་དོན་ཅན་ཡིན་ན་ནིའོ། །ལུང་ཐ་དད་པ་ཕན་ཚུན་དག་ནི་འགལ་བའི་དོན། དེ་ནི་གཅིག་ལ་སྟེ་བརྗོད་པ་ལ་ཚིག་དེ་འཇུག་པ་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །
རབ་ཏུ་བརྗོད་པ་ཐམས་ཅད་ནི་དོན་གཅིག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བརྗོད་པར་བྱ་བའི་དངོས་པོ་མེད་པ་སྟེ། བརྗོད་པར་བྱ་བའི་དངོས་པོ་ལས་གཞན་དུ་སྒྲ་མི་འཇུག་གོ་ཞེས་བྱ་བའི་ངེས་པ་དེ་ཡིན་པ་དེའི་ཚེ་ཕན་ཚུན་འགལ་བའི་དོན་བརྗོད་པའི་
ཕྱིར་བརྗོད་པ་གྲུབ་པའི་མཐའ་དད་པ་དག་ཡོད་ན་དངོས་པོ་གཅིག་ལ་ཕན་ཚུན་འགལ་བའི་རང་བཞིན་རྟག་པ་དང་མི་རྟག་པ་ཉེ་བར་སྦྱོར་བ་སྟེ་ཞེས་བྱ་བ་སྒྲོ་བཏགས་པས་ཚིག་འཇུག་པར་མི་འགྱུར་ན། འགའ་ཞིག་གི་བརྗོད་པ་ལ་སྒྲ་རྟག་པ་ཞེས་བྱ་བ་དང་གཞན་གྱི་མི་རྟག་པ་ཞེས་བྱ་བ་དང་བདག་དང་བཅས་པ་དང་
เล่ม ๑๗๗ · หน้า 69a
བདག་མེད་པ་ཞེས་བྱ་བ་ལ་སོགས་པ་ཡང་སྣང་ངོ་། །དེ་ཡང་རིགས་པ་མ་ཡིན་ཏེ། སྒྲ་གཅིག་རྣམ་གྲངས་མེད་པ་ཞེས་བྱ་བ་ནི་རྣམ་པ་གཞན་མེད་པ་ཞེས་བྱ་བའི་དོན་ཏོ། །རྟག་པ་དང་མི་རྟག་པ་ཞེས་བྱ་བ་གང་ཡིན་པ་འདི་ནི་སྲིད་པ་མ་ཡིན་ནོ། །གལ་ཏེ་རྟག་པའི་རྣམ་པ་ཡོད་པ་
ཉིད་ཀྱི་རྗེས་སུ་འཇུག་པས་རྟག་པ་ཞེས་བྱ་བ་དང་སྐད་ཅིག་མ་ལ་ལྟོས་ནས་མི་རྟག་པ་ཞེས་བརྗོད་པ་དེའི་ཚེ་ཉེས་པ་མེད་ལ་རྣམ་གྲངས་མེད་པ་འགལ་བའི་ཆོས་བརྗོད་པ་ནི་གཅིག་ལ་འགལ་བ་ཡིན་ནོ། །དེ་བས་ན་སྒྲ་རྣམས་ནི་བརྗོད་པར་བྱ་བའི་དོན་དང་ལྷན་ཅིག་འབྲེལ་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་
དེ་ལྟ་ཡིན་པའི་རྒྱུ་དེས་ན་ལུང་གི་དངོས་པོ་རྣམས་དང་རྟོགས་པ་པོའི་རྣམ་པ་འགས་ཏེ། ལུང་གི་དངོས་པོ་རྣམས་དང་ལྷན་ཅིག་སྐྱེས་བུ་རྟོགས་པ་པོའི་རྣམ་པ་འགས་ཀྱང་ངོ་། །མེད་ན་མི་འབྱུང་གྲགས་མིན་ན། །དེ་དག་ལས་དོན་ངེས་པ་གང་ཡིན་ཞེས་བྱ་བ་མེད་པར་རབ་ཏུ་གྲགས་པ་མེད་ན་དངོས་པོ་མེད་པར་
འབྱུང་བའི་ལུང་དག་ལས་དོན་ངེས་པ་གང་ལས་ཡིན་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ་རེ་ཞིག་ལུང་གི་ཚད་མ་དེ་ཉིད་ཐམས་ཅད་ཚོལ་བར་ནི་མི་བྱེད་ཀྱི་འོན་ཀྱང་སྐྱེ་བོ་མི་ཤེས་པ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། དེས་ཀུན་ནས་བསྟན་
པའི་དོན་རྟོགས་པའི་ཕྱིར་ཏེ། ལུང་དེས་ཀུན་ནས་བསྟན་པའི་དོན་རྟོགས་པའི་དོན་དུའོ། །ཅིའི་ཕྱིར་མི་ཤེས་པ་ཁོ་ན་ཚོལ་བར་བྱེད་ཀྱི་གཞན་དག་མ་ཡིན་ཞེ་ན། ཡང་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་དོན་རྣམས་གང་དག་གིས་རྟོགས་པར་བྱེད་དེ།
རབ་ཏུ་གསལ་བ་སྐྱེ་བ་ཅན་དེ་དག་ལ་གཞན་གྱིས་བསྟན་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །སྐྱེས་བུ་གང་ལ་དབང་པོ་ལས་འདས་པའི་ཡོན་ཏན་ཡོད་པ་དེ་ནི་དབང་པོ་ལས་འདས་པའི་ཡོན་ཏན་ཅན་ནོ། །དེ་ནས་སྐྱེས་བུའི་སྒྲ་དང་ཁྱད་པར་གྱི་བསྡུ་བར་བྱའོ། །འདི་ནི་ཐམས་ཅད་ཤེས་པ་ཡིན་གྱི་གཞན་
མ་ཡིན་པའམ། འདི་ཕྱིན་ཅི་མ་ལོག་པར་བརྗོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྐྱེས་བུ་དེ་དེ་ལྟར་རྣམ་པར་འབྱེད་པ་སྟེ་ཆར་འབྱེད་པར་བྱེད་མི་ནུས་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་སྐྱེས་བུས་བྱས་པའི་ཚིག་ལུང་ཉིད་དུ་ངེས་པ་ཡོད་པ་མ་ཡིན་ན་ཚིག་གང་ལས་རྟོགས་པར་འགྱུར། ཐམས་ཅད་ཀྱི་ཚིག་
เล่ม ๑๗๗ · หน้า 69b
ཐམས་ཅད་ངག་གི་དོན་ཇི་ལྟ་བ་བཞིན་དུ་འཇུག་པ་མ་མཐོང་ངོ་། །དེ་བས་ན་འདི་ལྟར་འདོད་པ་སྟེ་མངོན་པར་འདོད་པའི་དོན་དེའི་ཡོད་པ་ཉིད་མེད་པའི་ཚིག་རྣམས་ཀྱི་གང་དག་ལ་དབང་པོ་འཇུག་པ་མཐོང་བ་མི་ཤེས་པ་གང་གིས་ལུང་ཚོལ་བར་བྱེད་ཅིང་རྟོགས་པར་འདོད་པའི་སྐྱེས་བུ་རྟོགས་པ་པོའི་དེ་ནི་ཚིག་
ལ་ཅི་འདི་དོན་ཇི་ལྟ་བ་ཅན་ཡིན་ནམ་མ་ཡིན་ནམ་ཞེས་ཐེ་ཚོམ་དུ་འགྱུར་རོ། །གང་གི་ཚིག་ལ་ཞེ་ན། འཁྲུལ་པ་མ་མཐོང་བ་ཅན་གྱི་ཚིག་ཅན་དེ་གང་དག་ལ་དཔྱད་པར་ནུས་པའི་དངོས་པོ་འཁྲུལ་པ་མ་མཐོང་བ་ཅན་གྱི་ཚིག་ཡོད་པ་དེ་དག་གི་ཚིག་ལ་ཡང་ངོ་། །ཡང་གི་སྒྲས་ནི་འཁྲུལ་པ་མཐོང་བ་ཅན་གྱི་
ཚིག་ལ་ཤིན་ཏུ་ཐེ་ཚོམ་དུ་འགྱུར་རོ་ཞེས་བཤད་དོ། །ཐེ་ཚོམ་གྱི་རྒྱུ་གང་ཡིན་པ་དེས་ན་རྟོགས་པ་པོ་མི་ཤེས་པ་དེས་ནི་སྐྱེས་བུ་འགའ་ཞིག་གི་ཚིག་གིས་དངོས་པོ་ཅུང་ཟད་ཀྱང་ངེས་པར་འགྱུར་བར་རིགས་པ་མ་ཡིན་ནོ། །རྟོགས་པ་པོ་འདིའི་གང་གི་ཕྱིར་ངེས་པ་མེད་པ་དེའི་ཕྱིར་དེ་ནི་ལོག་ན་ཡང་སྟེ་ལུང་
ལོག་ཏུ་ཟིན་ཀྱང་ངོ་། །དགག་པར་འདོད་པའི་དངོས་པོ་མེད་པ་གྲུབ་མི་འགྱུར། །ལུང་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ལུང་ནི་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་དངོས་པོ་ཡོད་ན་མི་བསླུ་བས་ལུང་འདི་འཇུག་པའི་རྒྱུའི་ཕྱིར། དེ་ལོག་པའི་མཚན་ཉིད་ཅན་ཏེ་ལུང་ལོག་
པའི་མཚན་ཉིད་ཀྱི་མི་དམིགས་པ་རང་བཞིན་ལ་སོགས་པ་བསྐལ་པའི་དོན་མེད་པ་བསྒྲུབ་པར་འགྱུར་རོ་ཞེས་སྔར་བཤད་པ་གང་ཡིན་པའོ། །དེ་ཡང་ཞེས་བྱ་བ་ནི་མེད་པ་ངེས་པར་བྱེད་པ་ཉིད་དོ། །འདི་ནི་ཞེས་བྱ་བ་ནི་ལུང་ནིའོ། །ལུང་ནི་ཐམས་ཅད་ཀྱི་ཡུལ་ཅན་མ་ཡིན་ཏེ། སྐྱེས་བུའི་དོན་དང་འབྲེལ་
པ་མེད་པའི་དོན་དག་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། གལ་ཏེ་ལུང་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་ན་ཡང་། དངོས་པོ་མེད་པ་སྟེ་དངོས་པོ་དང་བྲལ་བར་མི་འཇུག་པར་འགྱུར་བ་དེའི་ཚེ་དངོས་པོ་མེད་པར་མི་འཇུག་པ་ཡོད་ན། ལུང་ལོག་པའི་མཚན་ཉིད་ཅན་གྱི་མི་
དམིགས་པ་མེད་པ་ངེས་པར་བྱེད་པ་ཉིད་དུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ལ་ཡང་ལུང་འཇུག་པའི་ཕྱིར་རོ། །དེ་ལྟར་ན་དོན་མེད་པ་ཅན་གྱི་ལུང་དེ་ལས་སྐྱེས་བུ་ཁོང་དུ་ཆུད་པར་འདོད་པའི་མངོན་པར་འདོད་པའི་དོན་གྲུབ་པ་མེད་དོ་ཞེས་བཤད་ཟིན་ཏོ། །གང་གི་ཕྱིར་རྒྱུ་ངེས་མེད་དེས་འབྲས་བུ་
เล่ม ๑๗๗ · หน้า 70a
ཅན་མེད་པ་ཞེས་བྱ་བ་བསྐལ་པ་དག་ལ་མེད་པའི་ཐ་སྙད་ངེས་པའི་འབྲས་བུ་ཅན། མི་དམིགས་པ་ནི་མི་འགྲུབ་པའོ། །དེའི་ཚེ་ཚད་མ་གསུམ་པོ་ལོག་ཏུ་ཟིན་ཀྱང་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་མིང་ཅན་གྱི་ཚད་མ་གསུམ་ལོག་ཏུ་ཟིན་ཀྱང་ཡུལ་དང་དུས་དང་
རང་བཞིན་གྱིས་བསྐལ་པའི་དོན་དག་མེད་པར་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་བས་ན་འདི་ལྟར་དོན་རིགས་པ་མ་ཡིན་པ་སྨྲ་བ་ཅན་གྱི་མུ་སྟེགས་པ་དག་མི་རིགས་པ་དེའི་དོན་བརྗོད་པ་དེས་མུ་སྟེགས་པ་དག་བླུན་པོ་སྟོན་པ་ཕྱོགས་ཙམ་ཞིག་ཀྱང་སྟོན་པའི་ཕྱིར། རིག་བྱེད་ཚད་མ་
དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡིག་པ་བཅོམ་ཕྱིར་གདུང་བ་རྩོམ་ཞེས་པ་ཞེས་པའི། ཞེས་པ་ཞེས་བྱ་བའི་སྒྲ་འདིར་ཡང་སྦྱར་བར་བྱའོ། །རིགས་སྨྲས་ཞེས་བྱ་བ་འདི་ལས་སྨྲས་པའི་སྒྲ་ཡང་ངོ་། །དེ་བས་ན་ངག་གི་དོན་འདི་ཡིན་ཏེ། རིག་བྱེད་ནི་ཚད་མ་ཡིན་ནོ་ཞེས་བྲམ་ཟེ་རྣམས་
ཀྱིས་སྨྲས་པ་བླུན་པོའི་རྟགས་ཡིན་ཏེ། ཚིག་འདིས་བདག་ཉིད་ནི་ཤེས་པ་ཉིད་དུ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་རིག་བྱེད་ཚད་མ་ཡིན་པར་མི་རིགས་པ་དེ་ལྟར་ནི་རྒྱས་པར་བསྟན་ཟིན་ཏོ། །ཡོན་ཏན་དང་དྲུག་པའི་བསྡུ་བ་བཀག་པའི་ཕྱིར་རིག་བྱེད་ནི་ཚད་མ་ཡིན་ནོ་ཞེས་བྱ་བར་འགྱུར་བ་
མ་ཡིན་ནམ། སྐྱོན་འདིར་མི་འགྱུར་ཏེ་འཇིག་རྟེན་ལ་རབ་ཏུ་གྲགས་པའི་ཁྱད་པར་ཅན་གྱི་ཡོན་ཏན་སྨོས་པ་ཡིན་པའི་ཕྱིར་རོ། །འདིར་ཤེས་པར་བྱེད་པ་ནི་དེ་ཙམ་ཉིད་ཀྱི་དབང་དུ་བྱས་པའོ་ཞེས་བྱ་བ་ལ་སོགས་པའི་མདོ་ཡིན་ནོ། །བདག་ལ་སོགས་པ་རྟག་པ་འགའ་ཞིག་བྱེད་པ་པོར་སྨྲ་བ་ཡིན་ནོ།
བདག་ལུས་ལ་སོགས་པའི་བྱེད་པ་པོ་ཡིན་ནོ་ཞེས་སྨྲ་བ་འདི་ཡང་བླུན་པོའི་རྟགས་ཡིན་ནོ། །རྟག་པ་བྱེད་པ་པོ་ཉིད་མ་ཡིན་པ་ནི་རྒྱས་པར་བསྟན་ཟིན་ཏོ། །འབབ་སྟེགས་ཀྱི་ཁྲུས་ལ་ཆོས་སུ་འདོད་པ་ནི་བླུན་པོའི་རྟགས་ཡིན་ཏེ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ཆགས་པ་མེད་པ་དང་། ཞེ་སྡང་
མེད་པ་དང་། གཏི་མུག་མེད་པ་ལ་སོགས་པ་དེས་བསྐྱེད་པའི་ལུས་ཀྱི་ལས་ནི་ཆོས་ཡིན་ཞིང་། དེ་ལས་བཟློག་པ་ཆུ་དང་འབྲེལ་པ་ཙམ་གྱི་མཚན་ཉིད་ཅན་ནི་ཁྲུས་ཡིན་པའི་ཕྱིར། ཅིའི་ཕྱིར་དེ་ལས་ཆོས་ཐོབ་པར་འགྱུར། འབབ་སྟེགས་ཀྱི་ཁྲུས་སྨྲ་བ་འདི་ནི་སློབ་
เล่ม ๑๗๗ · หน้า 70b
དཔོན་དབྱིག་གཉེན་ལ་སོགས་པས་རྒྱས་པར་བསལ་ཟིན་པའི་ཕྱིར་འདིར་མ་སྨྲས་སོ། །ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་བྲལ་དུ་ཟིན་ཀྱང་འདི་ནི་བྲམ་ཟེ་ཡིན་ནོ་ཞེས་རིགས་སྨྲ་བས་དྲེགས་ཤིང་ཁེངས་པ་ནི་བླུན་པོའི་རྟགས་ཡིན་ཏེ། མི་རིགས་པ་
ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན། བྲམ་ཟེ་ཉིད་ཀྱི་སྤྱི་བཟུང་ནས་ལན་གཉིས་སྐྱེས་པ་དག་རིགས་སྨྲས་པས་དྲེགས་པར་འགྱུར་རམ། བྲམ་ཟེ་དང་། བྲམ་ཟེ་མོའི་མངལ་ནས་སྐྱེས་པ་གང་ཡིན་པ་དེ་ལ་བརྟེན་ནས་རིགས་སྨྲ་བས་དྲེགས་པར་འགྱུར་གྲང་ན། དངོས་པོར་གྱུར་པའི་སྤྱི་བཀག་
པའི་ཕྱིར་ཕྱོགས་སྔ་མ་མ་ཡིན་ནོ། །ཕྱི་མ་ཡང་མ་ཡིན་ཏེ་བྲམ་ཟེ་དང་བྲམ་ཟེ་མོའི་ལུས་དག་ནི་མི་གཙང་བའི་རང་བཞིན་ཉིད་དུ་ལུས་གཞན་ལས་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལ་ཡང་རང་གི་སྡེ་པ་དག་གིས་ཟིལ་གྱིས་མནན་པའི་ཕྱིར་འདིར་མ་སྤྲོས་སོ། །སྡིག་པ་བཅོམ་པའི་ཕྱིར་ཞེས་བྱ་བ་
སྡིག་པ་སྤངས་པའི་ཕྱིར་དུ་ཟས་གཅོད་པ་ལ་སོགས་པ་ལུས་གདུང་བར་བྱེད་ཅིང་དུབ་པ་དེ་རྩོམ་པ་སྟེ། ནན་ཏན་བྱེད་པ་ཞེས་སྨྲ་བ་འདི་ཡང་བླུན་པོའི་རྟགས་ཡིན་ནོ། །དེ་ལྟར་ན་སྡིག་པ་ཐམས་ཅད་ཀྱི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡིན་ལ། དེ་ལ་གདུང་བརྩོམ་པ་ཞེས་བྱ་བ་འགལ་བ་ཡོད་པ་མ་
ཡིན་པ་དེ་ལྟར་ན་དེས་གང་གིས་སྡིག་པ་སྤངས་པར་འགྱུར། དེ་དག་ནི་བླུན་པོའི་རྟགས་ལྔ་ཡིན་ནོ། །བླུན་པོ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ཤེས་རབ་འཆལ་པ་སྟེ། ཚད་མའི་སྟོབས་ལས་རྣམ་པར་ཤེས་པ་ནི་ཤེས་རབ་བོ། །བླུན་པོ་གང་ལ་དེ་ཉམས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིགས་པའི་
རྗེས་སུ་འབྲང་བའི་ཤེས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རིགས་པ་བཞིན་དུ་གཟུང་བའི་ཕྱིར། ཉེ་བར་མཚོན་པ་ཙམ་ཉིད་དུ་སྔར་བཤད་ཀྱི། མུ་སྟེགས་ཅན་དག་གི་བླུན་པོའི་རྟགས་ནི་དཔག་ཏུ་མེད་པ་དག་ཡིན་ནོ། །སློབ་དཔོན་ཤཱཀྱ་བློས་ཉེ་བར་སྦྱར་བ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་
ལས། རང་གི་དོན་གྱི་རྗེས་སུ་དཔག་པ་གྲུབ་པ་སྟེ་ལེའུ་དང་པོ་རྫོགས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་གཅིག་པ། རྒོལ་བ་དང་ལན་བསྟན་པའི་ཟུར་གྱིས་ལེའུ་དང་པོ་དང་གཉིས་པའི་འབྲེལ་པ་བསྟན་པའི་ཕྱིར། སློབ་དཔོན་གྱིས་ཞེས་བྱ་བ་ལ་སོགས་པ་
เล่ม ๑๗๗ · หน้า 71a
སྨོས་ཏེ། དེ་ལ་གལ་ཏེ་སློབ་དཔོན་ཆོས་ཀྱི་གྲགས་པ་འདི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་རྣམ་པར་བཤད་པར་བཞེད་པ་ཡིན་པས་དེ་ཉིད་བཤད་པར་བྱ་བ་ཡིན་ན། ཅིའི་ཕྱིར་དང་པོར་རང་དབང་གིས་རྗེས་སུ་དཔག་པའི་མཚན་ཉིད་རྣམ་པར་གཞག་པ་མཛད་ཅེས་བྱ་བ་ནི་
བརྒལ་བའོ། །སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་ཞེས་བྱ་བ་ལ་སོགས་པ་ནི་འདིའི་ལན་ཡིན་ནོ། །འདིར་སློབ་དཔོན་ནི་ཕྱོགས་ཀྱི་གླང་པོ་ཡིན་པར་འདོད་དེ། དེའི་བསྟན་བཅོས་བཤད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་དོན་ནི་སློབ་དཔོན་གྱིའོ། །བསྟན་
བཅོས་གང་གིས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་མཚོན་པར་བྱེད་པ་དེ་ནི། ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཏེ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱའོ། །མུ་སྟེགས་ཀྱི་དགྲ་འཆོས་ཤིང་མི་ཤེས་པ་ལས་སྐྱོབ་པའི་ཕྱིར་ངེས་པའི་ཚིག་གི་ཚུལ་གྱི་བསྟན་བཅོས་སོ། །སློབ་དཔོན་
གྱི་ཡང་དེ་ཡིན་ལ་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཀྱང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །སློབ་དཔོན་གྱི་འདུལ་བའི་ཊཱི་ཀ་ལ་སོགས་པ་ཡོད་མོད་ཀྱི། ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མ་ཡིན་ནོ། །དེ་ལས་གཞན་པས་བྱས་པའི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་
ཡོད་མོད་ཀྱི། སློབ་དཔོན་གྱི་མ་ཡིན་ནོ། །དེ་བས་ན་གཉི་ག་སྨོས་སོ། །དེའི་སྔར་གྱི་ཊཱི་ཀ་བྱེད་པའི་རྣམ་པར་བཤད་པ་ངན་པ་དང་། མུ་སྟེགས་བྱེད་ཀྱི་རྩོད་ངན་བསལ་ནས་ཁྱད་པར་དུ་བཤད་པ་ནི་རྣམ་པར་བཤད་པའོ། །དེའི་རྒྱུ་ནི་རྗེས་སུ་དཔག་པའོ། །དེ་ལྟར་ན་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་
པའི་མཚན་ཉིད་ཅན་ནི་བཤད་པ་ཡིན་ནོ། །དེའི་ཡང་རྗེས་སུ་དཔག་པ་རྟེན་ཡིན་ཏེ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཐབས་སུ་གྱུར་པ་ཉིད་ཀྱི་ཕྱིར་དེ་ཉིད་དང་པོར་རྣམ་པར་གཞག་པ་ཡིན་ནོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྗེས་སུ་དཔག་པའི་མཚན་ཉིད་མཛད་པ་དེ་
ལྟ་ན་ཡང་རྒྱས་པར་རྣམ་པར་དཀྲུགས་ནས་རྣམ་པར་གཞག་པ་དེ་ལྟ་ན་སྐྱོན་ཡོད་པ་མ་ཡིན་ནོ། །ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོར་ཚད་མ་ཀུན་ལས་བཏུས་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་རྩོད་ངན་ལན་བཏབ་པའི་སྒོ་ནས་དོན་གྱིས་རྣམ་པར་བཤད་ནས། དེ་ལ་ཅིའི་ཕྱིར་རིམ་པ་ལས་རྒལ་ནས་
เล่ม ๑๗๗ · หน้า 71b
མཛད་ཅེས་བྱ་བའི་རྩོད་པ་འདི་ལ། དེའི་ཕྱིར་སློབ་དཔོན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་གང་གིས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་མཚོན་པར་བྱེད་པ་དེ་ནི་མཚན་ཉིད་ཀྱི་བསྟན་བཅོས་སོ། །མི་སླུ་བ་ཉིད་ཀྱི་ཕྱིར་ཚད་མ་ཡང་དེ་ཡིན་ལ། མཚན་ཉིད་ཀྱི་བསྟན་བཅོས་ཡང་ཡིན་
པས་ན། ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཏེ། སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་དོན་ཏོ། །དེའི་བཤད་པའི་རྒྱུ་ནི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུའོ། །སློབ་དཔོན་གྱི་ཡང་དེ་ཡིན་ལ་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་ཡང་དེ་ཡིན་པས་ན་ཞེས་བྱ་བ་ནི་ལས་
འཛིན་པའོ། །དེ་གང་ཞེ་ན་རྗེས་སུ་དཔག་པ་སྟེ། རྗེས་སུ་དཔག་པ་སྟོན་པའི་ཕྱིར་ཚད་མ་ཀུན་ལས་བཏུས་པའི་རང་གི་དོན་རྗེས་སུ་དཔག་པའི་ལེའུ་ནི་རྗེས་སུ་དཔག་པའོ། །དེ་སྐད་དུ་གང་གི་ཕྱིར་རྗེས་སུ་དཔག་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱི་བཀའ་རིགས་པ་དང་ལྡན་པ་ཡིན་གྱི། གཞན་མུ་
སྟེགས་པ་དག་གི་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་སྐད་དུ་བཤད་པ་ནི་རྣམ་པ་གཞན་ཡིན་ནོ། །རྗེས་སུ་དཔག་པ་དེ་ཡང་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུར་རྣམ་པར་ཕྱེ་བ་དེ་བས་ན་ཚད་མ་ཀུན་ལས་བཏུས་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་དེ་ཉིད་རྩོད་ངན་ལན་བཏབ་པའི་
སྒོ་ནས་སྔར་རྣམ་པར་བཤད་པ་ཉིད་ཡིན་ནོ། །ཚད་མ་ཞེས་བྱ་བ་ལ་སོགས་པས་ཞེས་བྱ་བ་ནི་ཚད་མ་སླུ་མེད་ཅན་ཞེས་པ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་འགྲེལ་པ་མཛད་པ་བདག་ཉིད་ཀྱིས་ཚིགས་སུ་བཅད་པའི་འགྲེལ་པ་མཛད་ཅིང་། ཚད་མར་གྱུར་པ་ཞེས་བྱ་བ་དེ་འཆད་པ་ལ། ཚད་མར་འཁྲུངས་
བ་ཞེས་བྱ་བར་གྱུར་པའི་སྒྲ་ནི་འཁྲུངས་པའི་དོན་ཏོ། །ཚད་མ་ཡང་དེ་ཡིན་ལ་གྱུར་པ་ཡང་དེ་ཡིན་པས་ན་ཚད་མར་གྱུར་པའོ། །དེ་ལྟར་ན་ཚད་མ་རྟག་པར་རྟོག་པ་གསལ་བ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་ནི་ཚད་མ་ཡིན་པ་དེ་བས་ན། ཇི་ལྟར་ན་བཅོམ་ལྡན་འདས་དེའི་རང་བཞིན་ཅན་མ་ཡིན་
པ་ལ་དེ་སྐད་དུ་བརྗོད་ཅེ་ན་ཚད་མ་དང་འདྲ་བས་ན་ཚད་མ་སྟེ་ཞེས་བྱ་བ་སྨོས་ཏེ། ཚད་མའི་སྒྲ་དཔེ་ནང་དུ་འདུས་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒོམས་པའི་སྟོབས་ལས་གྲུབ་པ་དྲི་མ་མེད་པ་རྣམ་པར་མི་རྟོག་པ་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བཅོམ་ལྡན་
เล่ม ๑๗๗ · หน้า 72a
འདས་ནི་མངོན་སུམ་གྱི་ཚད་མའི་རང་བཞིན་ཅན་ཉིད་དུ་དངོས་སུ་བཞུགས་པ་ཉིད་ཡིན་ན་ཉེ་བར་བཏགས་པ་ལ་བརྟེན་པས་ཅི་ཞིག་བྱ་ཞེ་ན། འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཤེས་པའི་གནས་སྐབས་ལ་དགོངས་ནས་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་
གཞན་དག་གི་ཡིན་ནོ། །འདིར་གལ་ཏེ་བཅོམ་ལྡན་འདས་ནི་ཇི་སྐད་དུ་བཤད་པའི་ཚད་མའི་བདག་ཉིད་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ལྟར་རབ་ཏུ་གྲགས་པ་མ་ཡིན་ནོ། །དེ་བས་ན་ཐ་སྙད་དུ་བྱས་པའི་ཚད་མས་དཔེར་མཛད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །ཚད་མ་སླུ་མེད་ཅན་ཤེས་པ། །
ཞེས་བྱ་བ་ནི་མི་སླུ་བ་ཅན་ཉིད་དང་ཤེས་པ་ཉིད་མཚན་གཞི་རྗེས་སུ་བསྟན་ནས་ཚད་མ་ཉིད་ནི་མཚན་ཉིད་བརྗོད་པའོ། །ཚད་མ་ཉིད་དེ་ཡང་གལ་ཏེ་སྤྱིའི་མཚན་ཉིད་ཡིན་པ་དེ་ལྟ་བས་ན་སླུ་བར་བྱེད་པས་ན་སླུ་བ་ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་དོ། །ཚད་མ་སླུ་མེད་ཅན་ཞེས་བྱ་བ་དེ་ཙམ་གྱི་ཤེས་པ་
ཞེས་བྱ་བ་ཐོབ་པར་མི་འགྱུར་ཏེ། ཡུལ་ལ་ཡང་མི་སླུ་བར་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཤེས་པ་སྨོས་པ་བྱས་སོ། །དེ་ཉིད་བསྟན་པའི་ཕྱིར་མི་སླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སླུ་བ་དེ་ཡང་ཡུལ་གྱི་ཆོས་དང་ཞེས་བྱ་བ་འདི་དང་སྦྱར་རོ། །གང་གི་ཚེ་
འདིར་འགྱུར་ཞེ་ན། དོན་ཡོངས་སུ་བཅད་ནས་འཇུག་པ་ཞེས་བྱ་བ་སྨོས་ཏེ། ཅི་རིགས་པར་ཚད་མ་གཉིས་ཀྱིས་ཡོངས་སུ་བཅད་པར་བལྟ་བར་བྱའོ། །མངོན་སུམ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་ངེས་པ་མ་ཡིན་མོད་ཀྱི་འོན་ཀྱང་དེར་སྣང་བར་སྐྱེས་པ་ཙམ་ཡིན་ནོ། །རྗེས་སུ་དཔག་པ་ནི་ངེས་པ་ཉིད་ཡིན་ནོ། །
གལ་ཏེ་མངོན་སུམ་རྟོག་པ་མེད་པས་ཆུ་ལ་སོགས་པ་བདེན་པ་དང་བརྫུན་པ་རྣམ་པར་འབྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཇི་ལྟར་དེ་ལས་དོན་ཡོངས་སུ་བཀག་ནས་འཇུག་ཅེ་ན། བརྗོད་པ་མངོན་སུམ་གྱི་རྟེན་ཅན་གྱི་འཇུག་པ་ནི་རྣམ་པ་གཉིས་ཏེ་དང་པོ་ཉིད་དང་གོམས་པ་ཅན་ནོ། །དེ་ལ་གོམས་པ་དང་ལྡན་པ་གང་ཡིན་པ་དེ་ལ་
ཤིན་ཏུ་གོམས་པ་གསལ་བ་ཅན་གྱི་མངོན་སུམ་སྐྱེས་པ་ན་ཇི་ལྟ་བ་བཞིན་དུ་གོམས་པའི་རྣམ་པར་འཁྲུལ་པའི་རྒྱུ་མཚན་སྤངས་པ་ཅན་ཉིད་ཀྱིས་ཡོངས་སུ་བཅད་ནས་སྐྱེ་བ་དང་། དེ་ལྟ་བུར་གྱུར་པའི་ཕྱིས་འབྱུང་བའི་ངེས་པ་སྐྱེད་པར་བྱེད་པའི་ཕྱིར་དེ་ལ་སྐྱེས་བུ་འཇུག་པར་བྱེད་དོ། །དེའི་ཕྱིར་དེ་ལ་རང་ཉིད་ཀྱི་ཚད་མ་ངེས་པར་
เล่ม ๑๗๗ · หน้า 72b
བྱེད་པའི་ཕྱིར་ཕྱིས་ཀྱི་ཚད་མ་འཇུག་པ་ལ་ལྟོས་པ་མེད་པ་ཅན་ཡིན་པའི་ཕྱིར་དོན་ཡོངས་སུ་བཅད་ནས་ཞེས་བྱ་བའི་ཚིག་མི་འཐད་པ་མ་ཡིན་ནོ། །མངོན་སུམ་ཐམས་ཅད་ནི་གཞན་ལ་ཚད་མ་ངེས་པར་གཞག་པ་མ་ཡིན་ནོ། །དང་པོ་ཉིད་ཀྱིས་འཇུག་པ་གང་ཡིན་པ་དེ་ལ་ཡང་རྒྱུ་མཚན་ངེས་པར་གཟུང་བ་མེད་པ་ན་ཐེ་
ཚོམ་ཉིད་ཀྱི་སྒོ་ནས་འཇུག་པར་བྱེད་དོ། །གལ་ཏེ་འོ་ན་དོན་ཡོངས་སུ་བཅད་ནས་ཞེས་བྱ་བའི་ཚིག་ཇི་ལྟར་རུང་ཞེ་ན། དེའི་རྣམ་པར་སྐྱེས་པ་ཙམ་དེ་སྐད་དུ་ཐ་སྙད་གདགས་སོ་ཞེས་བྱ་བ་བཤད་ཟིན་ཏོ། །གལ་ཏེ་ཐེ་ཚོམ་གྱི་སྒོ་ནས་འཇུག་པ་ཡིན་ན་ཇི་ལྟར་རྟོག་པ་སྔོན་དུ་སོང་བ་ཅན་ཞེས་བྱ་ཞེ་ན་འདི་ལ་
འགལ་བ་ཅི་ཡོད། གང་ཁོ་ན་ངེས་པའི་སྒོ་ནས་འཇུག་པར་འགྱུར་བ་དེ་ཉིད་རྟོག་པ་སྔོན་དུ་སོང་བ་ཅན་མ་ཡིན་ནོ། །དེ་ལྟར་ན་འཇུག་པར་བྱེད་པ་ལ་དོན་ལ་ཐེ་ཚོམ་ཟ་བ་དང་དོན་ངེས་པ་དང་རྒྱུ་རྣམ་པ་གཉིས་ཡིན་ནོ། །ལྡོག་པ་ཡང་དོན་མེད་པ་ལ་ཐེ་ཚོམ་ཟ་བ་དང་། དོན་མེད་པར་ངེས་པ་གཉིས་ཁོ་ན་
ཡིན་ནོ། །དེ་ལ་དང་པོ་ཉིད་ཀྱི་རྒྱུ་གཉིས་ཀྱིས་འཇུག་པར་འགྱུར་བ་གང་ཡིན་པ་དང་ཕྱིས་བཤད་པ་གཉིས་ཀྱིས་ལྡོག་པར་འགྱུར་བ་གང་ཡིན་པ་དེ་ནི་རྟོག་པ་སྔོན་དུ་སོང་བ་ཅན་ཡིན་པར་འཇིག་རྟེན་དག་བརྗོད་དོ། །གལ་ཏེ་ངེས་པ་ཉིད་ཀྱི་སྒོ་ནས་འཇུག་པར་བྱེད་པར་འགྱུར་བ་ངོ་མཚར་ཡིན་ན། འོ་ན་ནི་ཞིང་པ་
ལ་སོགས་པ་ཞིང་ལ་སོགས་པ་ལ་འཇུག་པར་བྱེད་པ་འགལ་བར་འགྱུར་ཏེ་དེ་དག་ལ་མ་འོངས་པའི་འབྲུ་ལ་སོགས་པ་འགྲུབ་པ་ལ་ངེས་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ། །མི་སླུ་བ་ཡུལ་གྱི་ཆོས་དེ་མཚན་ཉིད་ཅི་འདྲ་བ་ཅན་ཞིག་ཅེ་ན་ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོའི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ངོ་བོ་
གང་གིས་དོན་དུ་གཉེར་བའི་མེ་ལ་སོགས་པ་ནི་ཇི་ལྟར་འདོད་པ་སྟེ། དངོས་པོ་ལས་མ་འདས་པ་ཞེས་བྱ་བ་ནི་མི་ཟད་པའི་བསྡུ་བའོ། །ཇི་ལྟར་འདོད་པ་ཡང་དེ་ཡིན་ལ་དོན་ཡང་ཡིན་པས་ན་ཇི་ལྟར་འདོད་པའི་དོན་ཏོ། །དེའི་དེ་ལྟ་བུའི་ངོ་བོ་ནི་དེའི་ངོ་བོ་ཉིད་དེ་མེ་ལ་སོགས་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དེའི་
རྣམ་པར་གཞག་པ་ཡང་ཇི་ལྟར་ཡིན་ཞེ་ན་དོན་གྱི་རང་གི་ནུས་པ་གྲུབ་པས་ཞེས་བྱ་བ་སྨོས་ཏེ། མེ་ལ་སོགས་པའི་དོན་གྱི་རང་གི་ནུས་པ་སྲེག་པ་དང་འཚོད་པ་ལ་སོགས་པ་བསྒྲུབ་པར་ནུས་པ་ཉིད་དོ། །དེའི་གྲུབ་པ་ནི་ངེས་པ་སྟེ་དེས་དོན་དེ་ལྟ་བུའི་ངོ་བོར་རྣམ་པར་འཇོག་ཅེས་བྱ་བའི་དོན་ཏོ། །ནུས་པའི་གྲུབ་པ་ཡང་
เล่ม ๑๗๗ · หน้า 73a
འབྲས་བུ་རྩོམ་པ་ཅན་གྱི་འབྲས་བུ་མཐོང་བའི་ཕྱིར་རོ། །འབྲས་བུ་རྩོམ་པ་ཅན་མ་ཡིན་པའི་ཡང་དེའི་རིགས་ཅན་ཉིད་ཡིན་པས་ན་འཁྲུལ་པ་མེད་པའི་ཁྱད་པར་ངེས་པར་གཟུང་བའི་ཕྱིར་རོ། །ཤེས་པའི་ཆོས་མི་སླུ་བ་ནི་རྣམ་པ་གཉིས་ཏེ། དེ་ལ་འདིར་མངོན་པར་འདོད་པ་མ་ཡིན་པ་གང་
ཡིན་པ་དང་མངོན་པར་འདོད་པ་གང་ཡིན་པ་དེ་གོ་རིམས་བཞིན་དུ་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེའི་ཞེས་བྱ་བའི་དོན་གྱིའོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ངོ་བོ་གང་གིས་དོན་བྱེད་པར་ནུས་པ་སྟེ་དེའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གནས་པའི་མཚན་ཉིད་རྟོགས་པ་ན་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །
རྗེས་སུ་དཔག་པས་དོན་གྱི་རང་གི་ངོ་བོ་ཡོངས་སུ་མ་བཅད་པའི་ཕྱིར་ཞེས་བྱ་བ་ནི་སྤྱིའི་རྣམ་པ་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་འདོད་པའི་དོན་ནི་གང་ཆེད་དུ་བྱས་ནས་འཇུག་པའོ། །མི་སླུ་བ་གང་ལ་དེ་དང་ཕྲད་པར་བྱེད་པའི་མཚན་ཉིད་དེ་རང་གི་ངོ་བོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་
སུམ་དང་རྗེས་སུ་དཔག་པའི་ཁྱབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་ཡང་མངོན་པར་འདོད་པའི་དོན་དང་ཕྲད་པར་བྱེད་པ་ཡོད་པའི་ཕྱིར་རོ། །དོན་ནི་སྲེག་པ་ལ་སོགས་པའོ། །དེའི་བྱེད་པ་ནི་སྐྱེད་པའོ། །དེའི་གནས་པ་ནི་རྟོགས་པ་སྟེ་ཁམས་ཀྱི་དོན་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཚད་
མས་ཡོངས་སུ་ངེས་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། ཚད་མ་དང་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཡོངས་སུ་ངེས་པའི་དོན་མེ་ལ་སོགས་པའོ། །དེས་བསྒྲུབ་པར་བྱ་བའི་དོན་བྱེད་པ་ནི་སྲེག་པ་དང་འཚེད་པ་ལ་སོགས་པའོ། །མེ་སྲེག་པ་དང་འཚེད་པ་ལ་སོགས་པའི་ནུས་པ་ཞེས་བྱ་
བ་ནི་མེ་ཐམས་ཅད་སྲེག་པ་དང་འཚེད་པ་ལ་སོགས་པའི་ནུས་པ་མེད་པ་དེ་ལྟར་ན་ཁྱད་པར་གཟུང་བ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ཉིད་ལ་ནི་འཇུག་པ་ཡན་ལག་ཉིད་ཡིན་ནོ། །དྲོ་བའི་རེག་པ་ལ་སོགས་པའི་ཡུལ་ཅན་གྱི་ཞེས་བྱ་བ་ནི་དྲོ་བའི་རེག་པའི་ཡུལ་ཅན་ལུས་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་འཇུག་
པའོ། །སོགས་པའི་སྒྲས་ནི་སྲེད་པ་དང་འཚེད་པ་ལ་སོགས་པའི་ཡུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་འཇུག་པ་གཟུང་ངོ་། །འཇུག་པ་དེ་ནི་དང་པོ་མངོན་སུམ་གྱི་མི་སླུ་བ་ཡིན་ནོ། །མི་སླུ་བར་ངེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མི་སླུ་བ་ཡིན་ནོ། །དེ་ལྟར་ན་མི་སླུ་བ་ནི་འདིར་ཕྲད་པར་ནུས་པའོ། །དེ་ཡང་འོག་
เล่ม ๑๗๗ · หน้า 73b
ནས་འཇོག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཕྱིས་ཀྱི་ཚད་མའི་འཇུག་པ་ཉིད་སྔར་གྱི་མི་སླུ་བ་ཡིན་པར་འགྱུར་ན་དེ་ཡང་ཚད་མ་ཉིད་ཡིན་པ་དེ་ལྟར་ན་ཚད་མ་ལས་ཐ་དད་པའི་ཚད་མ་ཐོབ་པར་འགྱུར་རོ། །མངོན་སུམ་གྱི་འཇུག་པ་ཐམས་ཅད་ལ་ཕྱིས་ཀྱི་ཚད་མ་འཇུག་པ་མ་ཡིན་ཏེ་ལ་ལར་གགས་
བྱེད་པ་སྲིད་པའི་ཕྱིར་རོ། །དེ་བས་ན་ཚད་མའི་མཚན་ཉིད་འདི་ཡང་ཁྱབ་པར་བྱེད་པ་མ་ཡིན་པར་འགྱུར་རོ། །འགའ་ཞིག་གི་ཚེ་རྗེས་སུ་དཔག་པའི་ཞེས་བྱ་བ་གདོན་མི་ཟ་བར་ཕྱིས་ཀྱི་མངོན་སུམ་གྱི་འཇུག་པ་ཉིད་སྔ་མའི་མི་སླུ་བ་མ་ཡིན་མོད་ཀྱི་འོན་ཀྱང་འགའ་ཞིག་གི་ཚེ་རྗེས་སུ་དཔག་པ་ཕྱིས་འབྱུང་
བ་ཅན་གྱི་འཇུག་པ་ཡང་དང་པོའི་མངོན་སུམ་གྱི་མི་སླུ་བ་ཡིན་ནོ། །གལ་ཏེ་གང་གི་གནས་སྐབས་ཉིད་ལས་ཤེས། ཇི་ལྟར་མེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྣམ་པ་མཚུངས་པ་ལ་སོགས་པ་འགའ་ཞིག་གིས་ཞེས་བྱ་བ་ནི་རྣམ་པ་མཚུངས་པ་སྟེ། དེ་བས་གཞན་པ་ཁ་དོག་མཚུངས་
པ་ཉིད་དོ། །སོགས་པའི་སྒྲས་ནི་དེ་དང་འདྲ་བའི་དངོས་པོ་དྲན་པས་དེར་སྒྲོ་འདོགས་པ་གཟུང་ངོ་། །དེ་ལྟར་ན་ཅི་འདི་རྒྱ་སྐྱེགས་ཀྱི་མེ་ཏོག་གི་ཚོགས་སམ། ནོར་བུའི་ཕུང་པོ་ཡིན་ཞེས་གང་གི་ཚེ་མཐོང་བ་གསལ་བ་མེད་པའི་ཕྱིར་འཁྲུལ་པར་འགྱུར་རོ། །འཁྲུལ་པའི་རྒྱུ་མཚན་གསལ་བར་མི་ནུས་
པ་དང་ཕྱིས་ཀྱི་ཚད་མའི་འཇུག་པ་ལ་ལྟོས་པ་མེད་པར་དེའི་འབྲས་བུར་གྱུར་པའི་དུ་བ་མཐོང་བ་དེ་ངེས་པར་བྱས་ནས་གང་གི་ཚེ་མེ་ངེས་པར་བྱེད་པ་དེའི་ཚེ། རྗེས་སུ་དཔག་པའི་འཇུག་པ་ནི་དང་པོའི་མངོན་སུམ་གྱི་མི་སླུ་བ་ཡིན་ནོ། །དེའི་ཚེ་མངོན་སུམ་ནི་འཇུག་པར་བྱེད་པ་ཉིད་མ་ཡིན་གྱི་འོན་ཀྱང་རྗེས་སུ་
དཔག་པ་ཉིད་ཡིན་ནོ། །མི་སླུ་བ་ཉིད་ཀྱི་མཚན་ཉིད་ཙམ་ནི་མངོན་སུམ་དེ་ལ་ཡང་ཡོད་པ་དེ་ལྟར་ན་འབའ་ཞིག་ཏུ་བརྗོད་དོ། །དུ་བ་མངོན་སུམ་གྱིས་གཟུང་བ་ན་དེ་ལ་ཡང་འཁྲུལ་པའི་རྒྱུ་ཡོད་པའི་ཕྱིར་རྟགས་ངེས་པ་ཉིད་མེད་པ་མ་ཡིན་ནམ། དེ་ལྟར་ན་ཅི་འདི་ནི་རྣལ་འབྱོར་པས་སྤྲུལ་པའི་དུ་བའི་རྣམ་པའི་
དངོས་པོའམ། ཅི་བརྒྱ་བྱིན་གྱི་སྤྱི་བོ་ལས་བྱུང་བ་ཡིན་ཞེས་འཁྲུལ་པའི་རྒྱུ་ཡོད་དོ་ཞེ་ན། འདིར་སྨྲས་པ་ཇི་ལྟར་ཤིན་ཏུ་གོམས་པ་བསལ་བ་ཐོབ་པ་ཅན་གྱི་མངོན་སུམ་འཁྲུལ་པའི་རྒྱུ་སྤངས་པ་ཅན་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ནོར་བུ་དང་གཟུགས་སུ་བྱས་པ་ལ་སོགས་པ་ཁ་དོག་དང་དབྱིབས་
เล่ม ๑๗๗ · หน้า 74a
མཚུངས་པ་གོམས་པ་ལས་དེ་ཤེས་པས་མཐོང་བ་ཙམ་གྱིས་རྣམ་པར་འབྱེད་པར་བྱེད་དོ། །མེ་ལས་སྐྱེས་པའི་དུ་བའི་ཁྱད་པར་གང་ཡིན་པ་དེ་ནི་རྣལ་འབྱོར་པས་སྐྱེད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པས་སྤྲུལ་པ་ན་དེ་དག་ཉིད་དམ་དེ་དང་འདྲ་བ་སྤྲུལ་པར་འགྱུར་གྲང་ན།
རེ་ཞིག་དེ་ཉིད་ནི་མ་ཡིན་ཏེ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་དང་འདྲ་བ་ཡང་མ་ཡིན་ཏེ་མེའི་རང་བཞིན་མ་ཡིན་པ་ལས་སྐྱེ་བ་ལ་དེ་འདྲ་བ་མེད་པའི་ཕྱིར་རོ། །དེ་འདྲ་བའི་དངོས་པོ་ལས་འབྱུང་བ་ནི་དེ་འདྲ་བར་འགྱུར་གྱི། དེ་འདྲ་བ་མ་ཡིན་པ་ལས་དེ་འདྲ་བར་འབྱུང་ན་ནི་དེ་དང་དེ་མ་ཡིན་པའི་
ངོ་བོ་ཅན་ཉིད་ཡིན་ཏེ། དངོས་པོ་རྣམས་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་རོ། །དེ་བས་ན་མེ་ལས་སྐྱེ་བའི་དུ་བའི་རྣམ་པའི་ཁྱད་པར་རྣལ་འབྱོར་པས་སྤྲུལ་པར་མི་ནུས་པའམ་སྤྲུལ་པ་ཡིན་ན་ནི་དེ་ཉིད་མེ་ཡན་པར་འགྱུར་བ་དེ་ལྟར་ན་འཁྲུལ་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་མཁས་པའི་སྐྱེ་བོ་མ་ལུས་
པའི་གཙུག་གི་ནོར་བུ་དབང་ཕྱུག་དམ་པས། གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང་། །དུ་བ་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །བྱུང་ན་དེ་ནི་རྒྱུ་མེད་འགྱུར། །
ཞེས་བཤད་ཟིན་ཏོ། །ཁྱད་པར་ཡང་གོམས་པ་ལས་ངེས་པ་ཡིན་ཏེ་ཇི་སྐད་དུ། ནོར་བུ་གཟུགས་བྱས་ལ་སོགས་ལ། །དེ་རིག་ཤེས་པ་རྗེས་དཔག་ལས། །བྱུང་མིན་གཞན་རྣམས་ལ་བརྗོད་མེད། །གོམས་པ་ཉིད་ལས་སྐྱེ་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །ཇི་ལྟར་མངོན་སུམ་ཕྱིས་ཀྱི་ཚད་
མ་འཇུག་པར་བྱེད་པ་ཉིད་ཀྱི་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་ཡིན་པ་དེ་བས་ན་ཐུག་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་དག་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་མངོན་སུམ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དང་པོའི་མངོན་སུམ་གྱི་དོན་ནི་དེའི་དོན་ཏོ། །དེའི་དོན་བྱེད་པའི་ཡུལ་
ཚད་མ་གང་ལ་ཡོད་པ་དེ་ནི་དེའི་དོན་གྱི་དོན་བྱེད་པའི་ཡུལ་ཅན་གྱི་ཚད་མའོ། །ཕྱིས་ཀྱི་ཡང་དེ་ཉིད་ཡིན་ལ་དེ་ནི་དོན་གྱི་དོན་བྱེད་པའི་ཡུལ་ཅན་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དཔག་པ་ཕྱིས་ཀྱི་ཚད་མའི་འཇུག་པ་ལ་ལྟོས་པ་སེལ་བར་བྱེད་དོ། །
เล่ม ๑๗๗ · หน้า 74b
རྗེས་སུ་དཔག་པར་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་དེའི་རང་བཞིན་རྟགས་གང་ལ་ཡོད་པ་དེ་ནི་དེའི་རང་བཞིན་ཅན་ཏེ་བྱས་པ་ཉིད་ལ་སོགས་པའི་རྟགས་སམ་འབྲས་བུ་དུ་བ་ལ་སོགས་པ་རྟགས་ཅན་གྱི་ཤེས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་ལྟ་བུར་གྱུར་པ་ནི་དངོས་པོ་མེད་པ་ཞེས་བྱ་བ་ནི་རང་
བཞིན་དུ་གྱུར་པ་དང་། འབྲས་བུར་གྱུར་པའི་དངོས་པོ་དང་བྲལ་བར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྗེས་སུ་དཔག་པ་ནི་རང་ཉིད་ཀྱིས་ཚད་མ་ཉིད་དུ་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །གཞན་དག་ཏུ་ནི་ཞེས་བྱ་བ་ནི་མངོན་སུམ་ལའོ། །གོམས་པ་མེད་པར་མཐོང་བ་གསལ་བ་པོ་མེད་
པའི་ཕྱིར་ཁྱད་པར་ངེས་པ་མེད་པ་ཡིན་ཏེ། འདིས་ནི་དང་པོ་ཉིད་ཀྱི་འཇུག་པར་བྱེད་པའི་གནས་སྐབས་བཤད་དོ། །དེའི་ཚེ་ཐེ་ཚོམ་གྱིས་ཀྱང་འཇུག་པར་བྱེད་དོ། །གོམས་པ་ལས་ཀྱང་ཁྱད་པར་ངེས་པར་གཟུང་བ་ཡོད་ན་ཕྱིས་ཀྱི་ཚད་མའི་འཇུག་པ་ལ་མངོན་སུམ་ཡང་ལྟོས་པ་མ་ཡིན་ནོ་ཞེས་དོན་གྱིས་བཤད་པར་
འགྱུར་རོ། །གལ་ཏེ་ཕྱིས་ཀྱི་ཚད་མའི་འཇུག་པས་དང་པོའི་མི་སླུ་བ་ཡིན་པར་རིག་པར་བྱ་བ་ཡིན་ན་དེ་རྟོགས་པས་ཅི་ཞིག་བྱ། དེ་ནི་དེའི་ཚེ་འཇུག་པར་བྱེད་པ་ཉིད་མ་ཡིན་ཏེ་འདས་པ་ཉིད་ཀྱི་ཕྱིར་རོ། །བདེན་ཏེ་འཇུག་པར་བྱེད་པ་ཉིད་ཀྱི་དེའི་ཚེ། དེའི་ཚད་མ་ཉིད་ཀྱི་ངེས་པ་ལ་རྩོལ་བ་ནི་མ་ཡིན་གྱི་འོན་ཀྱང་ཚད་
མས་ངེས་པ་དེ་ལ་དེའི་རིགས་ཅན་ཉིད་ཀྱིས་མངོན་སུམ་གྱི་གསལ་བའི་བྱེ་བྲག་གཞན་མི་སླུ་བ་ཅན་ཉིད་དུ་ངེས་པའི་དོན་དུ་ཡིན་ནོ། །གལ་ཏེ་ཕྱིས་ཀྱི་མངོན་སུམ་ཡང་ཞེས་བྱ་བ་ལ་སོགས་པས་ཐུག་པ་མེད་པར་དོགས་པ་ཡིན་ཏེ་ཇི་ལྟར་ན་མངོན་སུམ་སྔ་མ་དང་ཁྱད་པར་མེད་པ་ཡིན་ཞེ་ན། སྨྲས་པ་དངོས་པོ་ལ་འཇུག་
པ་མ་ཡིན་པར་ཐེ་ཚོམ་ཟ་བ་སྟེ། ཇི་ལྟར་མེའི་ཤེས་པ་དང་པོ་མེ་མེད་པར་ཡང་འཇུག་པར་ཐེ་ཚོམ་ཟ་བ་དེ་ལྟར་སྲེག་པ་དང་འཚེད་པ་ལ་སོགས་པའི་ཤེས་པ་ཡང་ཅི་རྨི་ལམ་དང་འདྲ་བར་མེ་མེད་པར་སྲེག་པ་དང་འཚེད་པ་ལ་སོགས་པའི་ཤེས་པ་སྐྱེ་བའམ་ཅི་ཡོད་པ་ལ་ཞེས་བྱ་བར་སྦྱར་རོ། །ཅི་སྟེ་དེ་ལ་ཡང་མི་
སླུ་བ་གཞན་ལྟོས་པར་འགྱུར་ལ་དེ་ལ་ཡང་གཞན་ཞེས་བྱ་བ་ནི་ཐུག་པ་མེད་པ་ཡིན་ནོ། །ཅི་སྟེ་ཤེས་པ་འགའ་ཞིག་མི་སླུ་བར་རང་ཉིད་ཀྱིས་འདོད་ན་དང་པོའི་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེ་སྐད་དུ་ཡང་གཞོན་ནུ་མ་ལེན་གྱིས། །ཇི་ལྟར་དང་པོའི་ཤེས་པ་ཉིད། །དེ་མི་སླུ་ལ་ལྟོས་འགྱུར་ན། །དེ་ལྟར་མི་
เล่ม ๑๗๗ · หน้า 75a
སླུ་ཉིད་ཀྱིས་ཀྱང་། །མི་སླུ་བ་ཡང་བཙལ་བར་བྱ། །གལ་ཏེ་ལ་ལར་རང་ཉིད་ལས། །ཚད་མ་ཉིད་དུ་འདོད་ན་ནི། །དང་པོའི་དེ་ལྟའི་དངོས་ཡིན་ན། །རྒྱུ་གང་གིས་ན་རབ་ཏུ་སྡང་། །ཞེས་སྨྲས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལན་འདེབས་པར་བྱེད་པ་ལ། གཉི་ག་ཞེས་བྱ་བ་ནི་
མེར་སྣང་བ་དང་སྲེག་པ་ལ་སོགས་པ་སྣང་བ་དག་གོ། །མེར་སྣང་བ་ནི་དངོས་པོ་མེད་པ་ལ་ཡང་འཇུག་མོད་ཀྱི་སྲེག་པ་ལ་སོགས་པར་སྣང་བར་ནི་མི་འགྱུར་རོ། །དེ་ཉིད་ནི་མེ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དངོས་པོའི་རྟེན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲེག་པ་དང་འཚེད་པ་ལ་
སོགས་པའི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ནིའོ། །སྐྱེ་བ་ན་ཡང་མི་སླུ་བ་ཁོ་ན་ཡིན་ཏེ་གལ་ཏེ་དེ་ལྟ་བུར་གྱུར་པའི་འཇུག་པར་བྱེད་པ་ལས་ཀྱང་འཇུག་པའི་ཇི་ལྟར་མངོན་པར་འདོད་པའི་དོན་སྐྱེ་བར་འགྱུར་བ་ན་སྔ་མ་དེའི་མི་སླུ་བ་ཉིད་ཡིན་ཏེ། དེ་ཉིད་ཚད་མ་ཡིན་གྱི་འཁྲུལ་པ་མ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །དངོས་པོ་ནི་དེ་ཙམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲེག་པ་དང་འཚེད་པ་ལ་སོགས་པའི་དོན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་མེ་གང་ཡིན་པ་དེ་ཉིད་སྲེག་པ་དང་འཚེད་པ་ལ་སོགས་པ་བྱེད་པ་དང་ཆུ་གང་ཡིན་པ་དེ་ཉིད་ཁྲུས་དང་བཏུང་བ་ལ་སོགས་པ་བྱེད་དེ། དངོས་པོ་ནི་དོན་བྱེད་པར་ནུས་པའི་
མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རྨི་ལམ་ལ་ཡང་ཇི་སྐད་དུ་བཤད་པའི་དོན་ལ་མི་སླུ་བ་ཡོད་དོ་ཞེ་ན། དེ་ལ་ཡང་དངོས་པོ་ཡོད་པ་ནི་བླ་སྟེ་གཉིད་མ་ལོག་པའི་གནས་སྐབས་ན་ཡང་དངོས་པོ་རྣམ་པར་གཞག་པའི་རྒྱུ་གཞན་ནི་མེད་དོ། །གལ་ཏེ་རྨི་ལམ་གྱི་ཤེས་པ་ཚད་མར་འགྱུར་རོ་ཞེ་ན་འདོད་པ་
ཉིད་ཀྱི་ཕྱིར་སྐྱོན་མེད་དོ། །གལ་ཏེ་འོ་ན་ཇི་ལྟར་ན་ཚད་མ་མ་ཡིན་པར་བཤད་ཅེ་ན། འཁྲུལ་བ་ཡིན་ནོ་སྙམ་པའི་བསམ་པས་སོ། །དེའི་ཕྱིར་དོན་བྱེད་པར་ནུས་པའི་ཡུལ་ཅན་གྱི་མངོན་སུམ་ནི་འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར་ཚད་མ་ཉིད་ཀྱི་བདག་ཉིད་དུ་གྱུར་པས་རང་རིག་པས་ཡོངས་སུ་བཅད་པ་ཡིན་ནོ། །
ཇི་ལྟར་ཡོངས་སུ་བཅད་པ་བཞིན་དུ་དེ་ལ་ངེས་པར་སྐྱེད་པར་བྱེད་པ་དེ་ལྟར་ན་རང་ཉིད་ཀྱིས་ཚད་མ་ཡིན་པ་དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དང་པོའི་མེ་དང་ཆུར་སྣང་བའི་ཤེས་པ་ཡང་གོམས་པ་མེད་པ་ན་རང་རྒྱུད་ཀྱི་ཚད་མ་ཉིད་ཀྱིས་གཟུང་དུ་ཟིན་ཀྱང་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ངེས་པ་བསྐྱེད་པའི་ནུས་
เล่ม ๑๗๗ · หน้า 75b
པ་མེད་པ་དེ་བས་ན། དེ་ལ་ཕྱིས་ཀྱི་ཚད་མ་འཇུག་པས་ཚད་མ་ཉིད་དུ་རྣམ་པར་གཞག་པ། དེ་ལྟར་ན་གཞན་ལས་ཚད་མ་ཡིན་ནོ། །དེ་ཡང་གོམས་པ་ཡོད་ཅིང་གསོལ་བ་ཅན་ཐོབ་པ་ན་རང་ཉིད་ལས་ཡིན་ཏེ། སྔར་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་འདི་ལྟར་མངོན་སུམ་ནི་རང་དང་གཞན་ལ་ཚད་མ་ཡིན་
ལ་རྗེས་སུ་དཔག་པ་ནི་རང་ཉིད་ལས་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་སྔར་གཟུང་བའི་དོན་ཕྱིས་ཞེས་བྱ་བ་ལ་སོགས་པ་ནི་སྐད་ཅིག་མ་ཉིད་ལ་བརྟེན་ནས་རྒོལ་བ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདི་སྐད་དུ་རྣམ་པ་གཅིག་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་
འཇིག་རྟེན་དག་དོན་སྔ་ཕྱི་གཅིག་ཏུ་ངེས་པར་བྱེད་ཅིང་དེའི་རྗེས་སུ་འབྲངས་ནས་དེ་ལྟར་རྣམ་པར་འཇོག་པ་ཡིན་ཏེ། ཚད་མའི་རྣམ་པར་འཇོག་པ་ནི་ཐ་སྙད་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །ཚད་མ་སྔ་ཕྱི་དག་གི་དོན་དམ་པར་ཡུལ་ཐ་དད་པ་ཡིན་ཡང་བླ་སྟེ་ཇི་སྐད་བཤད་པའི་སྐྱོན་མེད་པ་
མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཕྱིས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཚད་མ་སྔ་མའི་ཡུལ་མེད་ན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཚད་མ་སྔ་མའི་ཡུལ་ནི་ཚད་མ་ཕྱི་མའི་ཡུལ་ལ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་མེད་པར་འབྲས་བུའི་ཡོད་པ་ཡང་མི་རུང་སྟེ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་
ནི་ཚད་མ་ཕྱི་མའོ། །དེའི་ཡུལ་ཅན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་སྔ་མའི་ཡུལ་ཅན་ཉིད་ཡིན་ནོ་ཞེས་ཉེ་བར་བཏགས་པ་སྟེ། འབྲས་བུ་ལ་ཡང་རྒྱུ་ཉེ་བར་བཏགས་པའི་ཕྱིར་རོ། །གལ་ཏེ་འོན་ཀྱང་ཚད་མ་ཕྱི་མ་འཇུག་པར་བྱེད་པས་ཚད་མ་སྔ་མ་ནི་ཚད་མ་ཕྱི་མ་འཇུག་པའི་དུས་ཉིད་ན་དེ་ཚད་མ་ཡིན་གྱི་སྔར་
ནི་མ་ཡིན་ནོ། །མེད་པར་དེའི་ངོ་བོ་བྱེད་པར་ནུས་པ་མ་ཡིན་ནོ། །གཞོན་ནུ་མ་ལེན་གྱིས། ཚད་མ་ཐམས་ཅད་རང་ཉིད་ཀྱིས། །ཚད་མ་ཉིད་ཅེས་གཟུང་བ་ཡིན། །རང་ཉིད་ནུས་པ་མེད་ན་ནི། །གཞན་གྱིས་བྱེད་པར་མི་ནུས་སོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་བས་ན་ཞེས་བྱ་བ་འདི་སྨོས་
ཏེ་གང་གི་ཕྱིར་ཚད་མ་སྔ་མའི་ཡུལ་མེད་པར་ཚད་མ་ཕྱི་མའི་ཡུལ་མི་སྲིད་པ་དེ་བས་ན་སྔར་དངོས་པོ་གྲུབ་པའི་ཕྱིར་ཏེ་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ལས་སྔར་ཡང་ངོ་། །དང་པོ་ཉིད་ཚད་མ་ཡིན་ཏེ་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ཕྱི་མའི་རྒྱུར་གྱུར་པ་དང་པོའི་ཤེས་པ་ཡང་ཚད་མ་ཡིན་ཏེ་དེ་ཡང་དངོས་པོའི་
เล่ม ๑๗๗ · หน้า 76a
ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་དེ་དངོས་པོ་མེད་པའི་ཡུལ་ཅན་ཡིན་ན་དེ་ལྟ་བུར་གྱུར་པའི་ཤེས་པ་ཕྱི་མའི་རྒྱུ་ཉིད་དུ་མི་འགྱུར་རོ། །དེ་ཉིད་ནི་དེ་ལས་དོན་བྱེད་པ་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་དེ་ལས་ཞེས་བྱ་བ་དང་པོའི་ཤེས་པ་ཉིད་ལས་ཏེ།
དང་པོའི་ཤེས་པ་ནི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ཕྱི་མའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་དུ་ཤེས་པ་ནི་རང་གི་རྒྱུ་དག་ལས་སྐྱེས་པ་ན་ཚད་མའི་རང་བཞིན་ཅན་ཉིད་དུ་སྐྱེ་བར་འགྱུར་ཏེ། དངོས་པོ་ནི་ཆ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་འཁྲུལ་པའི་རྒྱུ་
མཚན་ཡོད་ན་ནི་ངེས་པ་ཙམ་གཞན་ལས་རྗོད་པར་བྱེད་དོ་ཞེས་སྟོན་པར་འགྱུར་རོ། །གལ་ཏེ་དེའི་དོན་གྱི་དོན་བྱེད་པའི་ཡུལ་ཅན་གྱི་ཚད་མ་ཕྱི་མའི་རྒྱུ་ཉིད་ཡིན་པས་ན་སྔ་མ་ཚད་མ་ཡིན་འོ་ན་ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ཚད་མའི་རྣམ་པར་གཞག་པ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་གང་གི་ཕྱི་རོལ་གྱི་དོན་
མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཚད་མས་ཡོངས་སུ་བཅད་པའི་དོན་གྱི་ཡུལ་ནི་ཞེས་བྱ་བ་ནི་དང་པོའི་ཚད་མས་གཟུང་བའི་དོན་རྒྱུར་གྱུར་པ་ཡོད་ན་དེའི་རིགས་ཅན་དོན་བྱེད་པའི་དུས་ན་ཡུལ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཚད་མས་ཡོངས་སུ་བཅད་པའི་དོན་གྱི་ཡུལ་ཡིན་ནོ། །འདིར་ཡང་དྲུག་པའི་
བསྡུ་བ་ཡིན་ནོ། །དེ་ནི་ཚད་མ་ཕྱི་མ་གང་ཡིན་པའི་ཚད་མ་ཕྱི་མ་དེའི་རྒྱུ་ཉིད་ཡིན་པར་ཤེས་པ་སྔ་མའི་མི་སླུ་བ་མ་ཡིན་ཏེ་ཕྱི་རོལ་གྱི་དོན་གྲུབ་པ་མེད་པའི་ཕྱིར་རོ། །དོན་དམ་པར་མི་སླུ་བ་ལ་བྱེ་བྲག་ཅི་ཡང་མེད་དོ་ཞེས་བྱ་བ་ནི་གཉི་ག་ལ་ཡང་རྣམ་པར་གཞག་པ་ནི་རིགས་པས་མཐའ་གཏུགས་པ་ཅན་ཉིད་ཡིན་པའི་
ཕྱིར་རོ། །གལ་ཏེ་ཐེ་ཚོམ་དང་ལོག་པའི་ཤེས་པ་ལས་ཀྱང་འགའ་ཞིག་གི་ཚེ་འཇུག་པ་དོན་ལ་མི་སླུ་བར་འགྱུར་བ་ཡང་མ་ཡིན་ནམ། དེ་བས་ན་དེ་ཡང་ཚད་མར་ཐལ་བར་འགྱུར་རོ་ཞེ་ན། མི་སླུ་བ་དེ་དང་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ངེས་པ་ཞེས་བྱ་བ་ནི་འདོད་པའི་དོན་དང་ཕྲད་པ་ཉིད་ཅེས་བྱ་བ་འདི་ནི་ངེས་
པའི་དོན་མ་ཡིན་གྱི་འོན་ཀྱང་འདོད་པ་ཉིད་དང་ཕྲད་པ་ཡིན་གྱི་མི་འདོད་པ་དང་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཐེ་ཚོམ་ལ་སོགས་པའི་ཤེས་པ་ལས་ནི་མི་འདོད་པ་དང་ཡང་ཕྲད་པ་ཡིན་ནོ། །ཅིག་ཤོས་དག་གིས་འདོད་པ་དང་ཕྲད་པ་ཉིད་ཅེས་བྱ་བ་འདི་ནི་འདིའི་ངེས་པ་ཡིན་པར་འདོད་དོ་སྙམ་པས། གལ་ཏེ་སྐྱེས་བུའི་
เล่ม ๑๗๗ · หน้า 76b
ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེའི་ཚད་མས་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ནོ། །འདོད་པ་དང་ཕྲད་པ་ཉིད་ཅེས་བྱ་བ་ངེས་པའི་དོན་ཡིན་པ་ནི་བླ་སྟེ། དེ་ལྟ་ན་ཡང་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། འཇུག་པ་ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་གགས་
བྱེད་པའི་རྒྱུ་མེད་ན་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཐེ་ཚོམ་གྱི་ཤེས་པ་ལ་སོགས་པ་དག་ལ་ནི་གགས་བྱེད་པའི་རྒྱུ་མེད་པར་ཡང་ཕྲད་པ་མེད་དོ། །གལ་ཏེ་འདོད་པའི་དོན་དང་ཕྲད་པ་མི་སླུ་བ་ཡིན་ཞིང་དེ་ཡང་ཚད་མ་ཉིད་ཡིན་ན། འོ་ན་ནི་དེ་ལྟར་ཚད་མ་ལས་ཐ་དད་པ་ཚད་མ་ཉིད་ཡིན་པར་འགྱུར་བ་དང་ཚད་མ་
ཐམས་ཅད་ལ་དེ་ཡོད་པ་མ་ཡིན་པ་དེ་ལྟར་ན་རྣམ་པར་གཞག་པ་ཁྱབ་པ་མེད་པ་ཅན་ཡིན་ནོ་ཞེ་ན། དེའི་ཕྱིར་ཕྲད་པར་ནུས་པ་ཚད་མ་ཉིད་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། དེ་ཡང་ལ་ལར་འདོད་པ་ཉིད་ལ་མི་སླུ་བའི་འབྲས་བུའི་སྒོ་ནས་ཤེས་པར་འགྱུར་ཞིང་ལ་ལར་དེའི་མཚན་ཉིད་ཀྱིས་ཁྱབ་པས་སོ། །སྔར་མི་སླུ་བ་
ཚད་མ་ཉིད་དུ་བཤད་པ་མ་ཡིན་ནམ། ད་ནི་ནུས་པ་ཞེས་བྱ་བ་བཤད་པ་ཇི་ལྟར་ན་འགལ་བའི་ཉེས་པ་མེད་ཅེ་ན། དེའི་ཕྱིར་ནུས་པ་དེ་ཉིད་འདིའི་མི་སླུ་བ་ཡིན་པར་ཞེས་བྱ་བ་སྨོས་ཏེ། མི་སླུ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་མི་སླུ་བ་ཡིན་པར་བརྗོད་དོ། །འོ་ན་ཇི་ལྟར་ན་དོན་བྱེད་ནུས་པར་གནས་པ་ནི་མི་སླུ་བ་
ཡིན་ཏེ་ཞེས་བཤད་ཅེ་ན། མི་སླུ་བར་བྱེད་པའི་ངེས་པའི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ཁོ་བོ་ཅག་གིས་སྔར་བཤད་པ་ལྟ་བུའོ། །ཕྱི་རོལ་གྱི་དོན་ལ་སྒྲ་ཚད་མར་ངེས་པར་བྱས་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་དང་དེ་ཞེས་བྱ་བ་ནི་མི་སླུ་བ་ནི་སྒྲ་ལས་བྱུང་བ་ལ་ཡོད་པ་མ་ཡིན་ཏེ་
ཕྱི་རོལ་གྱི་དོན་དང་སྒྲ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར་རོ། །དེའི་བདག་ཉིད་ནི་མ་ཡིན་ཏེ་རང་གི་ངོ་བོ་ཐ་དད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ་དོན་མེད་པར་ཡང་ཡོད་པའི་ཕྱིར་རོ། །འདོད་པ་ནི་འགྱུར་ན་སྒྲ་ལས་བྱུང་བ་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། འདོད་
པ་ཞེས་བྱ་བ་སྨྲས་ཏེ་སྒྲ་ལས་བྱུང་བ་ཚད་མ་གཞན་མ་ཡིན་ཏེ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྒྲ་ཡོད་ན་སྒྲས་བསླང་བའི་ཤེས་པ་དང་སྒྲས་ཀུན་ནས་བསླང་བའི་ཤེས་པ་ནི་ཚད་མ་ཡིན་ལ། དེའི་རྒྱུ་ཉིད་ཡིན་པའི་ཕྱིར་སྒྲ་ཡང་ཚད་མ་ཞེས་བརྗོད་དོ། །ཁྱབ་པ་མེད་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་
เล่ม ๑๗๗ · หน้า 77a
པས་ལན་འདེབས་པར་བྱེད་དོ། །དེ་བས་ན་འདིས་ནི་བརྗོད་པར་འདོད་པའི་སྒྲས་ནི་ཚད་མ་ཉིད་དུ་བཤད་དོ། །གལ་ཏེ་འཁྲུལ་པ་ལས་གཞན་བརྗོད་པར་འདོད་པས་སྒྲ་གཞན་བརྗོད་པ་སྲིད་པར་འགྱུར་བ་དེ་ལྟ་ན་ཡང་དེ་དང་དེ་བརྗོད་པར་འདོད་པ་ལས་སྐྱེས་པའི་སྒྲ་དག་ལ་ཁྱད་པར་ཡོད་པ་
ཉིད་ཡིན་ནོ། །དེ་ཡང་དོན་གྱི་སྐབས་ལ་སོགས་པས་རྟོགས་པར་ནུས་པ་གང་ཡིན་པ་དེས་བརྗོད་པར་འདོད་པའི་ཁྱད་པར་དང་ཁྱད་པར་ངེས་པ་མེད་པ་ན་དོན་བརྗོད་པར་འདོད་པའི་སྤྱིའི་རྗེས་སུ་དཔོག་པར་འགྱུར་རོ། །བུམ་པའི་རྣམ་པར་རྟོག་པའི་ཤེས་པ་ལས་ཞེས་བྱ་བ་ནི་བུམ་པའི་ཤེས་པ་རྣམ་པར་རྟོག་པ་
དང་བཅས་པ་ལས་ཞེས་བསམས་པའོ། །མཚན་ཉིད་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་སླུ་མེད་ཅན་ཤེས་པ་ཞེས་བྱ་བའི་སྤྱིའི་མཚན་ཉིད་དེ་འཁྲུལ་པ་ཡིན་ཏེ་རྟོག་པ་དང་བཅས་པའི་ཤེས་པ་མི་སླུ་བ་ཅན་ཡིན་ན་ཡང་ཚད་མ་ཡང་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟར་ན་གཞན་ཡང་མི་འགྱུར་རོ། །
འདེགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ལྡན་པ་དང་རྣམ་པར་ཕྱེ་བ་ལ་སོགས་པ་གཟུང་ངོ་། །གཟུང་བ་འཛིན་པའི་ཞེས་བྱ་བ་ལ་ཚད་མ་ཉིད་མ་ཡིན་པའི་རྒྱུའོ། །ཇི་ལྟར་མིག་གི་རྣམ་པར་ཤེས་པ་གནས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཁ་དོག་ལ་དམིགས་པ་ན་ཇི་ལྟར་གཟུང་བའི་རྣམ་པ་
ཉིད་ལ་བུམ་པ་ཞེས་བརྗོད་པའི་དྲན་པའི་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་རང་གི་མཚན་ཉིད་ཡོད་པའི་ངོ་བོ་འཛིན་པ་ན་ཡོད་པ་ཉིད་ཅེས་བྱ་བ་དང་། གསལ་བ་གྲོགས་མེད་པ་ཡོངས་སུ་བཅད་པ་ན་གཅིག་ཅེས་བྱ་བ་དང་། གྲོགས་གཞན་དམིགས་པ་ན་གཉིས་ཞེས་བྱ་བ་ལ་སོགས་པ་
དང་སྟེང་གི་ཕྱོགས་ཀྱི་ཆ་ལ་བརྟེན་ནས་སྐྱེས་པའི་དངོས་པོ་གཟུང་བ་ལ་འདེགས་པ་ཞེས་བརྗོད་པས་སྐྱེ་བར་འགྱུར་རོ། །དེ་བས་ན་བུམ་པ་དང་ཡོད་པ་ཉིད་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཐམས་ཅད་གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །འདིས་ནི་འདི་སྐད་དུ། ཚད་མ་སླུ་མེད་ཅན་ཤེས་པ། །
ཞེས་བྱ་བ་འདིའི་ཚད་མའི་སྒྲ་དང་པོ་འཇལ་བར་བྱེད་པ་ནི་ཚད་མ་ཡིན་ནོ་ཞེས་འབྲེལ་པའི་དོན་ཡིན་ནོ། །དེ་བས་ན་དོན་མ་རྟོགས་པ་ཉིད་ཀྱི་རྟོགས་པ་པོ་ཉིད་ཡིན་པ་ན་མི་སླུ་བ་ཅན་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ་ཞེས་མཚན་ཉིད་དུ་བྱས་པའི་ཕྱིར་ཐལ་ཆེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ཚད་མ་སླུ་མེད་
เล่ม ๑๗๗ · หน้า 77b
ཅན་ཤེས་པ། །ཞེས་བྱ་བའི་མཚན་ཉིད་ལ་ཤེས་པ་སྨོས་པ་བྱས་པ་གང་ཡིན་པ་དེ་ལ་གལ་ཏེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ངེས་པའི་རྒྱུ་འདྲི་བར་བྱེད་པའོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ཞེས་བྱ་བ་དོན་མ་རྟོགས་པ་ཉིད་དང་མི་སླུ་བ་དང་ལྡན་པའིའོ། །སྐྱེས་བུའི་དོན་ཅེས་བྱ་བའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །
ཆོད་པ་ཞེས་བྱ་བ་ནི་རྣམ་པར་ཆོད་པའོ། །དེ་ཡང་བླང་བར་བྱེད་པ་དང་དོར་བར་བྱ་བ་དག་ལ་ལེན་པ་དང་དོར་བའི་མཚན་ཉིད་ཅན་ཡིན་ནོ། །ཆོད་པ་མེད་པ་ཞེས་བྱ་བ་ནི་གང་ཚད་མ་ཙམ་ལ་རག་ལུས་པ་ཡིན་གྱི་རྒྱུ་གཞན་གྱིས་ནི་ཆོད་པ་མ་ཡིན་ཏེ་དཔེར་ན་གཞལ་བྱ་རྟོགས་པ་ལྟ་བུའོ། །དེ་ཡང་ཁྱད་པར་ཅན་ཞེས་བརྗོད་
དེ་གདོན་མི་ཟ་བར་འགྱུར་བ་ནི་ཁྱད་པར་ཡིན་ལ་དེས་སྤྱོད་པའི་ཕྱིར་ཁྱད་པར་ཅན་ནོ། །ཚད་མ་ཡོད་ན་གདོན་མི་ཟ་བར་གཞལ་བྱ་རྟོགས་པར་འགྱུར་ཏེ་ཚད་མ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །ཆོད་པའི་འབྲས་བུ་ནི་མ་ཡིན་ཏེ་གགས་བྱེད་པ་སྲིད་པའི་ཕྱིར་རོ། །དེ་ལ་ཆོད་པའི་འབྲས་བུ་ཤེས་པས་བླང་བར་
བྱ་བའི་དོན་ཤེས་ནས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དབང་པོ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་དོན་དང་བདག་དང་ཡིད་དང་དེ་དག་ཕྲད་པར་ཡོངས་སུ་གཟུང་ངོ་། །དེ་ཡོད་པ་ཙམ་གྱིས་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་ཡོད་པ་ཙམ་ལྟོས་པ་མེད་པའི་ཡུལ་ཅན་གྱི་རྟོགས་
པས་སོ། །དེ་བས་ན་རྟག་ཏུ་འཇུག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཇི་ལྟར་རིགས་པ་བཞིན་དུ་ཞེས་བྱ་བ་ནི་བླང་བར་བྱ་བ་དང་དོར་བར་བྱ་བ་དོར་བའོ། །བསམ་པ་ནི་འདི་དང་འདི་བྱའོ་སྙམ་དུ་སེམས་པའོ། །དབང་པོ་ལ་སོགས་པ་བསམ་པ་སྔོན་དུ་གཏོང་བ་ཅན་འཇུག་པ་ནི་མ་ཡིན་ནོ། །དེ་བས་ན་
དང་པོའི་ཤེས་པ་ཉིད་འཇུག་པའི་རྒྱུ་ཡིན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ། །བསམ་པ་དང་ཡུལ་དེར་འགྲོ་བ་ལ་སོགས་པ་བདག་ཀྱང་འཇུག་པར་བྱེད་པ་དག་མ་ཡིན་ནམ། བདེན་ཏེ་དེ་ལྟ་ན་ཡང་དེ་ལས་གཞན་དུ་གྱུར་པ་ཚད་མ་དེ་ལས་གཞན་པ་དེའི་སྟོབས་ལས་བྱུང་བ་ཅན་ཏེ། ཚད་མའི་སྟོབས་
ལས་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་ནི་དང་པོའི་འཇུག་པའི་ཡན་ལག་མ་ཡིན་ནོ། །ཚད་མས་མཐོང་བའི་དོན་གྱི་ཡུལ་ཅན་དེ་དག་ནི་དེའི་ཡུལ་ཅན་དག་ཡིན་ནོ། །དེ་བས་ན་དོན་མ་རྟོགས་པ་ཉིད་ཀྱི་རྟོགས་པ་པོ་ཉིད་ཀྱང་མ་ཡིན་པའི་ཕྱིར་དང་པོའི་ཤེས་པ་དེ་ཉིད་ཚད་མ་ཡིན་ཏེ་དང་པོ་འཇུག་པར་བྱེད་པའི་
เล่ม ๑๗๗ · หน้า 78a
ཡན་ལག་ཉིད་ཡིན་པའི་ཕྱིར་དོན་མ་རྟོགས་པ་ཉིད་འཛིན་པའི་ཕྱིར་རོ། །དེས་ན་བློ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་བློ་ཡུལ་དང་འདྲ་བ་ཉིད་དོ། །འདི་ནི་སྔོན་པོའི་ཤེས་པ་ཡིན་ལ་འདི་ནི་སེར་པོའི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་སོ་སོ་ལ་ཐ་དད་པར་བྱེད་པ་ཡིན་ནོ། །
ཉམས་སུ་མྱོང་བའི་བདག་ཉིད་ཐ་དད་པ་མེད་དུ་ཟིན་ཀྱང་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བདག་ཉིད་དུ་བློ་ཡུལ་སོ་སོ་ལ་ཡུལ་དང་འདྲ་བ་ཉིད་ལས་གཞན་དུ་ཐ་དད་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་འདི་ཞེས་བྱ་བ་ནི་ཡུལ་རྟོགས་པའོ། །དེ་ཡོད་ན་ཡང་འགའ་ཞིག་གི་ཚེ་ཞེས་བྱ་བ་ནི་ཟློག་པ་རྗོད་པར་
བྱེད་པའོ། །དེའི་ཞེས་བྱ་བ་ནི་ཡུལ་དང་འདྲ་བ་ཉིད་ཀྱིའོ། །དེ་ནི་ཡུལ་རྟོགས་པ་ནིའོ། །ཆོད་པ་མེད་པ་དེའི་ཕྱིར་གཞན་ལ་ལྟོས་པ་མེད་པ་ཅན་ཡུལ་དང་འདྲ་བ་ཉིད་འབྲས་བུ་རྣམ་པར་གཞག་པའི་རྟེན་ཡིན་ནོ། །བརྗོད་པའི་ཞེས་བྱ་བ་ལ་སོགས་པས་དཔྱོད་པ་པའི་གཞུང་ལ་དོགས་པས་བསུ་བའོ། །བརྗོད་
པའི་ཡུལ་ལ་ཞེས་བྱ་བ་ནི། རིག་བྱེད་པའི་ངག་གི་ཡུལ་ལའོ། །གྲུབ་པའི་སྒྲ་དོན་ཐ་དད་པར་བྱས་ནས་མངོན་པར་གསལ་བའམ་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པར་བྱེད་དེ་གཞན་ལས་སྐྱེ་བའི་ངེས་པ་ནི་མངོན་པར་གསལ་བའོ། །སྒྲ་གྲུབ་པ་ཞེས་བྱ་བ་ནི་མངོན་པར་གསལ་བ་ཡིན་ནོ་ཞེས་རྟོགས་
པར་བྱ་སྟེ། རྟག་པར་སྨྲ་བའི་གཞུང་གིས་འདིར་དཔེར་བྱས་པ་ཡིན་ནོ། །འབྲས་ཆན་གྲུབ་པ་ཞེས་བྱ་བས་ནི་སྐྱེ་བ་ཞེས་བྱ་བ་རྟོགས་པར་འགྱུར་རོ། །གཞན་གྱིས་ཚད་མ་དག་ནི་རང་ལས་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཙམ་གྱིས་སྨྲས་ཀྱི། གྲུབ་པའི་སྒྲ་རབ་ཏུ་སྦྱར་བ་མེད་པ་མ་ཡིན་ནམ་འདི་ལྟར་རང་ལས་ཚད་མ་
ཉིད་ཅེས་བྱ་བ་ལས་གདོན་མི་ཟ་བར་ཁོང་ནས་དབྱུང་བར་བྱའོ། །དེ་ལ་གལ་ཏེ་རེ་ཞིག་གྲུབ་པའི་སྒྲ་ཁོང་ནས་དབྱུང་བ་དེའི་ཚེ། དེ་ལྟར་རྣམ་པར་རྟོག་པར་བྱ་བ་དང་། གང་གི་ཚེ་ཁོང་ནས་མི་འབྱུང་བ་དེའི་ཚེ་ཡང་རང་ཉིད་ལས་ཚད་མ་ཉིད་ཡིན་ནོ་ཞེས་བརྗོད་པ་ན་ཅི་ངེས་པའམ་སྐྱེ་བ་ཞེས་བརྗོད་པར་བྱའོ་སྙམ་དུ་
བསམས་པའོ། །དེ་ལ་གལ་ཏེ་སྒྲ་གྲུབ་པ་སྐྱེ་བའི་བརྗོད་པ་ཡིན་པ་དེའི་ཚེ་ཚད་མའི་རྒྱུ་གཞན་ལས་སྐྱེ་བ་སྤངས་པ་ཡིན་ཏེ། བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཚད་མ་སྐྱེ་བར་བརྗོད་པའི་ཕྱིར་རོ། །ཤེས་པ་སྐྱེས་པའི་ཚད་མའི་བདག་ཉིད་དུ་གྱུར་པའི་རྒྱུ་མ་ཡིན་ཞིང་མ་སྐྱེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རེ་ཞིག་
เล่ม ๑๗๗ · หน้า 78b
སྐྱེ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྐྱེས་པ་དང་མ་སྐྱེས་པ་ཞེས་བྱ་བའི་གནས་སྐབས་དག་ལ་ཞེས་བྱ་བ་ནི་བདུན་པའི་ཚིག་གཉིས་པའོ། །ཚད་མ་དང་དེར་སྣང་བ་དག་སྐྱེ་བའི་དུས་ན་ཁྱད་པར་ངེས་པར་གཟུང་བ་མེད་དེ་ཞེས་བྱ་བ་ནི་གོམས་པ་མེད་པ་ཞེས་བྱ་བར་ཤེས་པར་བྱའོ། །དེ་སྐད་དུ་བརྗོད་པ་དེས་
ཀྱང་ཞེས་བྱ་བ་ནི་དཔྱོད་པ་པས་སོ། །བསྟན་བཅོས་ནི་རྨོངས་པ་བཟློག་པའི་དོན་ཡིན་གྱི། རང་ལས་ཚད་མ་ཉིད་ངེས་པ་ན་ཚད་མའི་ཡུལ་ཅན་གྱི་རྨོངས་པ་ཡོད་པ་ནི་མ་ཡིན་ནོ། །རང་ཉིད་ཀྱི་བརྗོད་པ་ལ་གནོད་པར་བྱེད་དོ་ཞེས་བྱ་བ་ནི་མཚན་ཉིད་བྱེད་པ་ན་མཚན་ཉིད་ཀྱི་ངག་དེས་ཚད་མ་མཚོན་པར་བྱ་བ་ཡིན་ནོ་ཞེས་
གཞན་ལས་ཚད་མ་ཉིད་ཁས་བླང་བར་འགྱུར་རོ། །ངོ་བོ་དེས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྟོན་ཏེ་མཚན་ཉིད་བྱེད་པ་ཡིན་ན་ཞེས་བྱ་བ་འདི་དང་སྦྱར་རོ། །ཅིའི་ཕྱིར་བྱེད་ཅེ་ན་ངོ་བོ་དེ་སྟེ་མཚན་ཉིད་བརྗོད་པའི་ངོ་བོས་སོ། །གཞན་གྱིས་ཏེ་རྟོགས་པར་བྱ་བས་ཚད་མ་རིག་པར་བྱ་བའི་ཕྱིར་རོ། །དེ་ཡང་རིགས་པ་མ་
ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཁས་ལེན་པ་ན་གཞན་ལས་ཚད་མར་རྟོག་པར་ཐལ་བའི་ཕྱིར་རོ། །ལོག་པའི་དོན་ཅན་ཉིད་ཀྱི་རྒྱུ་མེད་པར་ཀུན་ནས་བསྟན་པས་ཞེས་བྱ་བ་ལ་སོགས་པའི་དོན་ཅན་ཉིད་ཀྱི་རྒྱུ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ། །དེ་དག་མེད་པར་ཀུན་ནས་བསྟན་ཅིང་བརྗོད་པས་སོ། །དེ་སྐད་དུ།
ལོག་པ་ཉིད་རྒྱུ་ངེས་པ་ནི། །སྐྱེས་བུ་དག་ལ་རྣམ་པར་གནས། །སྐྱེས་བུས་བྱས་པའི་ངག་ནི་ལོག་པའི་དོན་ཅན་ཉིད་དུ་བསམ་པར་བྱ་བ་ཡིན་ནོ། །རིག་བྱེད་སྐྱེས་བུས་བྱས་པ་མིན། །དེ་ཕྱིར་འདི་ནི་ཚད་མ་ཡིན། །ཞེས་བརྗོད་པ་ཡིན་ནོ། །ཅི་སྟེ་སྐྱེས་བུས་མ་བྱས་པ་ཉིད་ཀྱིས་ཚད་མ་ཉིད་མ་ཡིན་པ་འདིར་བསལ་
བ་ཡིན་གྱི་ཚད་མ་ཉིད་སྒྲུབ་པ་ནི་མ་ཡིན་ནོ་ཞེས་འདོད་ན། འོ་ན་ཚད་མར་ཡང་དེ་མི་འགྱུར་རོ། །གལ་ཏེ་གཉི་ག་སྒྲུབ་པ་དེ་ནི་སྲིད་པ་མ་ཡིན་ནོ་ཞེ་ན་འོ་ན་ནི་གཞན་དུ་མི་འཐད་པ་ཉིད་ཀྱིས་ཚད་མ་ཉིད་ཡིན་ཏེ་ཁྱེད་ཅག་གི་གཞན་དུ་མི་འཐད་པ་ཡང་དོན་གྱིས་གོ་བ་ཡིན་པའི་ཕྱིར་གཞན་ལས་ཚད་མ་ཉིད་ཡིན་པར་འགྱུར་
རོ། །རང་རིག་པར་འདོད་པར་འགྱུར་ན་དཔྱོད་པ་པ་རང་རིག་པ་ཡང་མི་འདོད་དོ། །དེ་ཡང་གཟུང་བ་ཉིད་ནི་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཚད་མ་ཉིད་དེ། ཤེས་པ་ཆ་མེད་པ་ཉིད་ཀྱི་ཕྱིར་རང་རིག་པར་འགྱུར་བ་ན། ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་བ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་གཟུང་དུ་ཟིན་ཀྱང་ཇི་ལྟར་ཉམས་སུ་
เล่ม ๑๗๗ · หน้า 79a
མྱོང་བཞིན་དུ་ངེས་པ་ནི་མ་ཡིན་ནོ། །དེ་བས་ན་དེ་ལ་མངོན་སུམ་ནི་ཚད་མ་ཉིད་མ་ཡིན་ནོ། །ཚད་མའི་ཕྱིས་འབྱུང་བ་ཅན་གྱི་ངེས་པ་སྐྱེད་པའི་ཕྱིར་མངོན་སུམ་ནི་གཟུང་བའི་རྣམ་པ་དག་ལ་ཚད་མ་ཉིད་ཡིན་ནོ། །འོན་ཀྱང་གཟུང་བའི་རྣམ་པ་དག་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྟོན་
པའོ། །གལ་ཏེ་གཟུང་བར་མཚུངས་པ་ཡིན་ན་འགའ་ཞིག་ལ་ངེས་པའི་རྒྱུ་ཡང་ཅི་ཞིག་ཡིན་ཞེ་ན་མཐོང་བ་ལ་ཁྱད་པར་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དུ་གཉེར་བ་ནི་དེ་མངོན་པར་འདོད་པ་ཉིད་དོ། །གོམས་པ་ནི་ཡང་དང་ཡང་དུ་མཐོང་བའོ། །སྐབས་ནི་གནས་སྐབས་སོ། །སོགས་པའི་
སྒྲས་ནི་དེར་འཁྲུལ་པ་མེད་པའི་དོན་གཞན་ཉེ་བ་དང་དེར་འཕྲོད་པའི་ཡུལ་དང་དུས་ལ་སོགས་པ་གཟུང་ངོ་། །ཐ་སྙད་ཀྱིས་ནི་ཚད་མ་ཉིད། །འཇུག་པ་ལས་སྔར་ཞེས་བྱ་བར་རྟོགས་པར་བྱའོ། །ཡང་དག་པའི་ཤེས་པའི་ཉེ་བར་མཚོན་པར་བྱེད་པར་གྱུར་པའི་ཆོས་སྟོན་པའི་མཚན་ཉིད་ཅན་གྱི་བསྟན་བཅོས་ལས་
ཞེས་བྱ་བ་ནི་ཡང་དག་པའི་ཤེས་པའི་ཉེ་བར་མཚོན་པར་བྱེད་པར་གྱུར་པའི་ཆོས་གང་ཡིན་པ་དེ་སྟོན་པའི་མཚན་ཉིད་ཀྱི་ངོ་བོ་དེ་ཉིད་བསྟན་བཅོས་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཡང་ན་ཡང་དག་པའི་ཤེས་པའི་ཉེ་བར་མཚོན་པར་བྱེད་པ་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཆོས་དེ་སྟོན་པའོ། །ལྷག་
མ་ནི་སྔ་མ་དང་འདྲའོ། །ཚད་མ་རབ་ཏུ་གྲགས་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་འདི་སྐད་དུ། ཚད་མ་དང་ནི་ཐ་སྙད་རྣམས། །དེས་བྱས་པ་ནི་རབ་གྲགས་ན། །ཚད་མའི་མཚན་ཉིད་བཤད་པ་ཡི། །དགོས་པ་དག་ནི་མི་ཤེས་སོ། །ཞེས་སྨྲས་སོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་བྱ་བ་ལ་
སོགས་པ་ལ། གཞན་མཚན་ཉིད་གཉིས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་རྗོད་པར་བྱེད་པས་འདི་ནི་གཅིག་ཡིན་ལ། འདི་ནི་གཞན་རྣམ་པ་གཉིས་པ་ཡིན་ནོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་གཞན་མེད་པ་ཞེས་བྱ་བ་འདིས་ཁྱབ་པ་ཉིད་སྟོན་ཏེ། གཞན་མཚན་ཉིད་གཉིས་པ་ཡང་བྱར་ཡོད་པ་མ་ཡིན་ཏེ།
གང་ལ་འདིས་མ་ཁྱབ་པའི་ཡུལ་ལ་མཚན་ཉིད་གཞན་འཇུག་པར་འགྱུར་རོ། །འདི་ཉིད་ཀྱིས་ཚད་མ་གཉིས་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་འདི་ནི་སྤྱིའི་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མི་ཤེས་པའི་དོན་གྱིས་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ཀྱིའོ། །དེ་
เล่ม ๑๗๗ · หน้า 79b
དང་དེ་ཞེས་བྱ་བ་ནི་མི་ཤེས་པའི་དོན་གསལ་བར་བྱེད་པའི་མཚན་ཉིད་ཅན་གྱི་ཚད་མ་ཉིད་དོ། །གལ་ཏེ་མི་ཤེས་པ་གསལ་བར་བྱེད་པ་ཞེས་བྱ་བ་དེ་ཙམ་གྱིས་ཆོག་མོད། དོན་གྱི་སྒྲས་ཅི་ཞིག་བྱ་ཞེ་ན། དོན་སྨོས་པ་ནི་ཞེས་བྱ་བ་སྨོས་སོ། །མི་ཤེས་པ་དེ་ཞེས་བྱ་བ་ནི་ཟླ་བ་གཉིས་པ་ལ་སོགས་པའོ། །དེ་
དོན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་དོན་ནི་དོན་བྱེད་པར་ནུས་པ་ཡིན་ན་ཟླ་བ་གཉིས་པ་ལ་སོགས་པ་བསྒྲུབ་བར་བྱ་བའི་དོན་བྱེད་པ་མ་ཡིན་ནོ། །ལྡོག་པའི་ཡུལ་ཅན་ཉིད་ཅེས་བྱ་བ་ནི་མེད་པའི་ཡུལ་ཅན་གྱིའོ། །དོན་བྱེད་པས་ཀྱང་ཞེས་བྱ་བས་ནི་མི་ཤེས་པའི་དོན་གྱི་ཡོད་པ་དང་མེད་པ་ཉིད་དུ་གསལ་བར་བྱེད་
པ་དེ་ལྟར་ན་མི་ཤེས་པའི་དོན་གསལ་བར་བྱེད་པའི་སྒྲ་དོན་འདི་མངོན་པར་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་འགྱུར་རོ། །མངོན་སུམ་གྱིས་མ་བཟུང་བ་ཉིད་ཀྱི་སྤྱི་ཞེས་པ་ནི་སྤྱི་ཐ་དད་པ་སེམས་ལ་བཞག་ནས་རྗེས་སུ་སྦྱོར་བའོ། །དེ་དང་དེ་ལས་ལོག་པའི་ཞེས་བྱ་བ་འདིས་ནི་དེའི་རིགས་ཅན་མ་
ཡིན་པ་ཐམས་ཅད་ལ་ལོག་པ་སྟོན་ཏོ། །ཇི་ལྟ་བ་ཡོངས་སུ་མཐོང་བའི་ཁྱད་པར་གྱི་ཡུལ་ཅན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱིས་ཇི་ལྟར་ཡོངས་སུ་བཅད་པའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དེ། དེ་ཉིད་རྗོད་པར་བྱེད་པའི་ཕྱིར་རོ། །འདིས་ནི་ཕྱི་རོལ་གྱི་སྤྱི་མེད་དེ་ཞེས་བཤད་དོ། །སྤྱི་ཁས་བླངས་ནས་
ཀྱང་མ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲའི་རང་བཞིན་གྱི་མི་རྟག་པ་ཉིད་ཅེས་བྱ་བ་ལ། འདི་སྐད་དུ་རེ་ཞིག་སྒྲ་ཆོས་ཅན་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ། །དེ་ལྟར་ན་སྒྲའི་རང་བཞིན་ལས་ཐ་དད་པ་མེད་བའི་མི་
རྟག་པ་ཉིད་ཀྱང་གཟུང་བ་ཡིན་ནོ་སྙམ་དུ་སེམས་སོ། །ངེས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་འཇུག་པ་དང་དེ་ནན་ཏན་དུ་བྱེད་པ་ལ་སོགས་པ་གཟུང་ངོ་། །སྔར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་དང་པོའི་གཞན་སེལ་བ་དཔྱོད་པའི་སྐབས་སུའོ། །གལ་ཏེ་རང་གི་མཚན་ཉིད་མ་
རྟོགས་པ་ཤེས་པ་གང་ཡིན་པ་དེ་ཚད་མར་འདོད་པ་དེའི་ཚེ། །དོན་བྱེད་པར་མི་ནུས་པ་མེད་པ་གང་ཡིན་པའི་ཡུལ་ཅན་གྱི་མི་དམིགས་པ་དེ་ནི་ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ་མེད་པའི་ཡུལ་ཅན་ཉིད་ཡིན་པས་ན་རང་གི་མཚན་ཉིད་མ་རྟོགས་པ་རྟོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཡང་ཞེས་
เล่ม ๑๗๗ · หน้า 80a
བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་འདི་ན་མེད་དོ་ཞེས་བྱ་བའི་ཚུལ་འདིས་སྔར་རང་གི་མཚན་ཉིད་མ་རྟོགས་པ་མི་དམིགས་པས་རྟོགས་པར་གྱུར་པ་ན་མི་དམིགས་པ་དེ་ལ་མི་ཤེས་པ་དོན་གྱི་ཡུལ་ཅན་ཉིད་ཡོད་པ་ཉིད་ཡིན་ནོ། །རང་གི་མཚན་ཉིད་ཁོ་ན་མེད་པ་ཉིད་དུ་
ཞེས་བྱ་བ་ལ་སོགས་པ་དེ་ཉིད་གསལ་བར་བྱེད་དེ། བུམ་པ་ལ་སོགས་པ་དོན་བྱེད་པར་ནུས་པ་དགག་པར་བྱ་བ་མེད་པ་ཉིད་དུ་རྟོགས་པའི་ཕྱིར། དོན་དམ་པར་མི་དམིགས་པ་ཡང་རང་གི་མཚན་ཉིད་ཀྱི་རྟེན་ཅན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རང་གི་མཚན་ཉིད་དགག་པར་བྱ་བ་ཉིད་ཡིན་པའི་ཕྱིར་འདིས་
ནི་མེད་པའི་ཡུལ་ཅན་ཉིད་བསྟན་ཏོ། །ཕྱོགས་ལ་སོགས་པ་དེས་དབེན་པའི་ཞེས་བྱ་བ་ལ་སོགས་པས་མ་ཡིན་པ་སྟོན་ཏེ། བུམ་པ་ལ་སོགས་པ་དགག་པར་བྱ་བ་དེས་དབེན་ཞིང་བྲལ་བའོ། །དེའི་ཡུལ་ནི་ཕྱོགས་ལ་སོགས་པའོ། །དེས་དབེན་པའི་ངོ་བོ་ནི་བུམ་པ་ལ་སོགས་པ་དགག་པར་བྱ་བ་དེས་དབེན་
པའི་ངོ་བོར་རོ། །ཕྱོགས་འདི་ནི་གསལ་བ་ཁོ་ནར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་གཉིས་པ། གང་དུ་ནམ་མཁའ་ལ་སོགས་པ་རྣམ་པར་གཅོད་པ་ན་ཞེས་བྱ་བ་ལ་སོགས་པའི་སྒྲས་བདག་ལ་སོགས་པ་རྣམ་པར་གཅོད་པ་གཟུང་ངོ་། །
ནམ་མཁའི་རྒྱུས་སྟོང་པ་ཞེས་བྱ་བ་ནི། ནམ་མཁའ་དངོས་པོར་གྱུར་པའི་རྒྱུ་དང་བྲལ་བའོ། །དེའི་རྣམ་པར་རྟོག་པའི་བློ་ཉིད་ཅེས་བྱ་བ་ནི་ནམ་མཁའ་མེད་དོ་ཞེས་ནམ་མཁའ་ལ་དམིགས་པའི་རྣམ་པར་རྟོག་བློ་གང་ཡིན་པ་དེ་ཉིད་རྟེན་ཡིན་ཏེ། ཕྱི་རོལ་གྱི་དངོས་པོའི་རྒྱུ་ཅན་མ་ཡིན་པ་དེ་ཉིད་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་
པའི་ཕྱིར་རོ། །རྟོགས་པ་པོས་སྐྱེས་བུའི་དོན་བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞིའི་མཚན་ཉིད་དོ། །གློ་བུར་བར་ཡང་ཞེས་བྱ་བ་ནི་རྒྱུ་མེད་པ་ཅན་ཏེ། རྒྱུ་མེད་པ་ལ་ནི་ཡུལ་དང་དུས་དང་རང་བཞིན་གྱི་ངེས་པ་མི་རུང་བའི་ཕྱིར་རོ། །གང་གིས་སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་དེས་
ནི་དེ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་གགས་མེད་ན་ཞེས་བྱ་བར་བལྟ་བར་བྱའོ། །ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་བ་བཅོམ་ལྡན་འདས་གང་གིས་ནན་ཏན་དུ་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡང་འཆད་པར་འགྱུར་རོ། །རང་བཞིན་གྱི་གཏན་ཚིགས་སོ་ཞེས་བྱ་བ་ནི་དེའི་སྒྲུབ་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด