ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๗ · หน้า 131b

མེད་པར་ཁྲོ་བའི་རྒྱུ་ཞེ་སྡང་མ་ཡིན་གྱི་ཞེས། འོན་ཀྱང་བདག་ཏུ་ལྟ་བ་ཉིད་ཡོད་ན་ཞེ་སྡང་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་དེས་ན་བདག་དང་བདག་གི་རྣམ་པའི་ཞེས་བྱ་བ་སྨོས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་གྲུབ་པ་ལ་སྒྲུབ་པ་ལ་སོགས་པ་སྔར་བཤད་པའི་མཇུག་སྡུད་པར་བྱེད་དོ། །དེ་

ཡང་གོང་དུ་རྣམ་པར་ཕྱེ་ཟིན་ཏོ། །གང་འདུ་བྱེད་ནུས་ཟད་མེད་ཅན། །ཞེས་བྱ་བ་ནི་ཕུང་པོའི་རྒྱུན་སྐྱོན་མེད་པ་སྐྱེད་པ་ལ། འདོད་ཆགས་དང་བྲལ་བ་གང་དག་ལ་ལས་ཀྱི་ནུས་པ་ཟད་པ་མེད་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་

དཔའ་རྣམས་ནི་ལས་ཀྱི་ནུས་པ་ཟད་པ་ཅན་མ་ཡིན་ཏེ། ཚོགས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཉེས་མེད་ཅན་ཞེས་བྱ་བ་ནི་སྡིག་པ་མེད་པ་ཅན་ནོ། །སེམས་ཅན་གྱི་དོན་ཡིད་ལ་བྱེད་པས་གནས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་གོ། །

ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ཞེས་བྱ་བ་ནི་གཉིས་པའོ། །གནས་པ་ནི་སྙིང་རྗེའི་འཇུག་པ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལས་སྙིང་རྗེ་ལྡོག་པས་ཁྱབ་པ་ཉིད་ཀྱི་ཕྱིར་དང་། གནས་པ་ནི་དེ་དང་འགལ་བ་ཉིད་

ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་ཉིད་དམིགས་པའོ། །བསྒོམ་པའི་ལམ་དང་མི་སློབ་པའི་ལམ་དང་མི་སློབ་པའི་ལམ་ལས་སྔར་བྱུང་བ་ཅན་ཉིད་ཡིན་པའི་ཕྱིར་མཐོང་བའི་ལམ་ནི་ལམ་དང་པོའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་

སྒྲས་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་གཟུང་ངོ་། །སྡུག་བསྔལ་གྱི་བདེན་པ་མཐོང་བ་ཉིད་ཀྱིས་དེ་དག་གིས་འཇིག་ཚོགས་སུ་ལྟ་བ་སྤངས་པ་ཡིན་ནོ། །ཀུན་དུ་བརྟགས་པ་ནི་བསྟན་བཅོས་སེམས་པ་ལ་སོགས་པའི་སྒོ་ནས་བྱུང་བའོ། །ལྷན་ཅིག་སྐྱེས་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་

བའོ། །དེ་དག་ཉིད་ཀྱིས་སྤངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེ་ནི་བསྒོམ་པའི་ལམ་ཉིད་ཀྱིས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བདག་ཏུ་ཆགས་པ་ཁས་ལེན་པ་ཉིད་ཀྱི་ཕྱིར། རྒྱུན་དུ་ཞུགས་པ་ལ་ལྷན་ཅིག་སྐྱེས་པའི་མི་ཤེས་པ་ཕྱིན་ཅི་ལོག་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར།

เล่ม ๑๗๗ · หน้า 132a

གང་གི་ཕྱིར། གང་ཞིག་ང་ཞེས་མཐོང་མེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུའི་གཏན་ཚིགས་སོ་ཞེས་བྱ་བ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ནི་བདག་ཏུ་ཆགས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེ་གཉིས་ནི་མ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི་འཁོར་བ་ཡང་

འཆིང་བ་ཡིན་ནོ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཡང་ཐར་པ་ཡིན་ནོ་ཞེས་བྱ་བ་དེ་གཉིས་སོ། །གལ་ཏེ་ཇི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཏུ་སོགས་པ་བཀག་པའི་ཕྱིར་རོ། །འགའ་ཞིག་བཅིངས་པ་དང་། རང་དབང་བ་འགའ་ཞིག་ཀྱང་གྲོལ་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་

དེ་ལ་ལྟོས་ནས་འཁོར་བ་དང་མྱ་ངན་ལས་འདས་པ་དག་འཆིང་བ་དང་ཐར་པ་ཉིད་དུ་བརྟགས་པ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འོ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་འཇུག་པའི་གོ་རིམས་ཇི་ལྟར་ཡིན་ཞེ་ན། འོན་ཀྱང་མ་རིག་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བར་དུ་ཞེས་བྱ་བའི་

སྒྲ་ནི་འདུ་བྱེད་ཡོད་ན་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་གི་བདག་ལ་སོགས་པ་མེད་པར་ཡང་མ་རིག་པ་ལ་སོགས་པ་ངོ་བོ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པའི་རང་བཞིན་ཅན་འཇུག་པར་འགྱུར་ལ། དེ་འཇུག་པ་ཙམ་ཡང་འཁོར་བ་ཞེས་

ཐ་སྙད་གདགས་སོ། །འགལ་བའི་རྐྱེན་ཉེ་བ་ལས་ཀྱང་རྒྱུ་བཅོམ་པའི་སྒོ་ནས། མ་རིག་པ་ལྡོག་པ་ཙམ་ལ་ཐར་པ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འཆིང་བ་ལ་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ཡིན་པས་ཁྱབ་པ་ཡིན་ཏེ། དེ་དང་འགལ་བ་ཉིད་ནི་སྡུག་བསྔལ་སྐྱེ་བ་དང་བྲལ་བ་ཉིད་ཡིན་པ་དེ་ལྟར་

ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འགྱུར་བ་ནི་བདེན་ན་སྡུག་བསྔལ་སྐྱེ་བའི་རྒྱུ་བདག་ཉིད་ཡིན་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ནི་མ་གྲུབ་པ་ཡིན་བར་བསམ་པར་མི་བྱ་སྟེ་ཞེས་བྱ་བ་སྨོས་སོ། །ཇི་སྐད་དུ་བཤད་པའི་འཆིང་བས་ཞེས་བྱ་བ་ནི་སྡུག་བསྔལ་སྐྱེད་པའི་རྒྱུའི་

མཚན་ཉིད་ཅན་གྱིས་སོ། །གཉི་གའི་རྣམ་པ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་དང་། མི་རྟག་པ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར། གང་ཟག་ནི་རྣམ་པ་གཉི་ག་དང་བྲལ་བ་ཉིད་ཡིན་པར་འདོད་དོ། །དེ་ལྟ་བུར་གྱུར་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་ནི་རྣམ་པ་གཉི་གས་ཁྱབ་པ་ཉིད་ཀྱི་

เล่ม ๑๗๗ · หน้า 132b

ཕྱིར་རོ། །དེ་ཉིད་ནི་རྟག་པ་དང་མི་རྟག་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་སྤངས་པ་ནི་ཕན་ཚུན་སྤངས་པ་སྟེ་དེ་དང་བྲལ་བའོ། །དེས་གནས་པའི་མཚན་ཉིད་རྟག་པ་དང་མི་རྟག་པ་གང་དག་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྟག་པ་སྤངས་ཏེ་མི་རྟག་པའི་

མཚན་ཉིད་དུ་གནས་པ་དང་། མི་རྟག་པ་སྤངས་ཏེ་རྟག་པའི་མཚན་ཉིད་དུ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལས་ཅིར་འགྱུར་ཞེ་ན། དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཟག་ལ་སོགས་པའི་དངོས་པོ་ལ་རྟག་པའམ། མི་རྟག་པ་གཅིག་རྣམ་པར་བཅད་པ་དང་། ཡོངས་

སུ་གཅོད་པ་གང་ཡིན་པ་དེ་དག་ནི་དེ་ལས་གཞན་པ་རྟག་པའམ་མི་རྟག་པ་ཡོངས་སུ་བཅད་པ་དང་། རྣམ་པར་བཅད་པ་གང་ཡིན་པ་དེ་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་དངོས་པོ་ཡོད་ན་རྟག་པ་རྣམ་པར་བཅད་པའམ། ཡོངས་སུ་གཅོད་པ་ནི་གོ་རིམས་བཞིན་དུ་མི་རྟག་པ་ཡོངས་སུ་

གཅོད་པ་མེད་ན་མི་འབྱུང་བ་ཅན་ཡིན་ནོ། །མི་རྟག་པ་རྣམ་པར་བཅད་པ་དང་། ཡོངས་སུ་གཅོད་པ་དང་རྟག་པ་ཡོངས་སུ་གཅོད་པ་དང་རྣམ་པར་བཅད་པ་མེད་ན་མི་འབྱུང་བ་ཅན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་གལ་ཏེ་གང་ཟག་ལ་རྟག་པ་རྣམ་པར་བཅད་ན་མི་རྟག་པ་གསལ་བར་

བཟུང་བ་དེའི་ཕྱིར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །ཅི་སྟེ་རྟག་པ་ཡོངས་སུ་གཅོད་པ་དེའི་ཚེ་ཡང་མི་རྟག་པ་རྣམ་པར་བཅད་པ་དེའི་ཕྱིར། རྟག་པ་ཉིད་ཡིན་པས་ན་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་གལ་ཏེ་མི་རྟག་པ་ཉིད་རྣམ་པར་བཅད་པ་དེ་བས་ན།

རྟག་པ་བཟུང་བ་དེའི་ཕྱིར་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །ཅི་སྟེ་མི་རྟག་པ་ཡོངས་སུ་གཅོད་པ་ཡིན་པ་དེ་ལྟ་ན་ཡང་རྟག་པ་རྣམ་པར་བཅད་པ་ཡིན་པ་དེ་ལྟར་ན། ངེས་པར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་པ་ཉིད་དུ་འགྱུར་རོ། །མི་རྟག་པ་སྟེ་ཞེས་བྱ་བ་འདིའི་འགྲེལ་པ་ནི་སྐད་ཅིག་

མ་ཉིད་དུ་ཞེས་བྱ་བ་ཡིན་ནོ། །དེ་ནི་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་མ་ཡིན་པ་ནི་དོན་བྱེད་པར་ནུས་པ་དང་བྲལ་བ་ཉིད་ཀྱིས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་མ་བཅིངས་པ་ནི་ཞེས་བྱ་བ་ནི་འཆིང་བ་མེད་པས་མ་བཅིངས་པའོ། །གལ་ཏེ་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སྐྱོན་

เล่ม ๑๗๗ · หน้า 133a

མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྟག་པ་ཉིད་དུ་གང་ཟག་བརྗོད་པར་བྱ་བ་ཡིན་པས་ཁས་བླངས་ནས་སྐད་ཅིག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་སྨྲ་བར་འགྱུར་བ་དེའི་ཚེ་ཡོད་པ་ཉིད་མ་ཡིན་པར་འགྱུར་ཏེ། རིམ་དང་ཅིག་ཅར་དོན་བྱེད་པ་འགལ་བའི་ཕྱིར་རོ། །གང་གི་ཚེ་རྟག་

པ་ཉིད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཚེ། སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེ་ན། རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་དང་། མི་རྟག་པ་དག་མེད་པའི་ངོ་བོ་དེ་ཉིད་གང་ཟག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་པ་དང་མི་རྟག་པར་ལུང་བསྟན་དུ་མེད་པའི་ཕྱིར་གང་ཟག་ཏུ་སྨྲ་བར་

བརྗོད་པར་བྱ་བ་མ་ཡིན་པ་སྟེ་ལུང་དུ་མ་བསྟན་པ་ཡིན་ནོ། །རྟེན་ཡོངས་སུ་གྱུར་པ་གང་ཞེ་ན། ཉེས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལམ་དེའི་བདག་ཉིད་ལ་ཞེས་བྱ་བ་ནི་ལམ་གྱི་རང་བཞིན་ཉིད་ལའོ། །དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཅན་ཡིན་གྱི་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་

བ་བཞིན་དུ་གནས་པ་འཛིན་པའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཚད་མ་དང་འགལ་བའི་རྣམ་པ་ནི་ཕྱིན་ཅི་ལོག་གི་རྣམ་པའོ། །དེ་དང་རྗེས་སུ་འབྲེལ་པ་ནི་ཉེ་བར་བསྒྱུར་བ་སྟེ། ཉེས་པ་གང་ཡིན་པ་དེའི་བདག་ཉིད་ཅན་དུ་མི་འགྱུར་རོ། །སེམས་ཉིད་ཉེ་བར་ཉོན་མོངས་པར་བྱེད་པས་ན་ཉེ་བའི་

ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པའོ། །རྒྱུ་མཚན་འགའ་ཞིག་ལས་བདག་ལ་སོགས་པར་སྒྲོ་བཏགས་པས་འཇུག་པའི་འཁྲུལ་པའི་ཤེས་པ་ནི་གློ་བུར་གྱི་རྐྱེན་ཡིན་ཏེ། དེ་ནི་ཚད་མའི་གྲོགས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གནོད་པ་ཡོད་ན་ཞེས་བྱ་བ་ནི་གློ་བུར་བའི་རྣམ་པས་དེའི་རྒྱུ་ཅན་གྱི་

ཉེ་བའི་ཉོན་མོངས་པ་བདག་མེད་པའི་ལམ་གྱིས་གསལ་བ་ཡོད་ན་ཞེས་བྱ་བའི་དོན་ཏོ། །རང་གིས་རང་བཞིན་ལ་གནས་པའི་ཞེས་བྱ་བ་ནི་བདག་མེད་པའི་ལམ་དེའི་བདག་ཉིད་ལ་གནས་པའིའོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟར་གནས་པ་བཞིན་

དུ་འཛིན་པས་ཞུགས་པའི་བདག་མེད་པའི་ལམ་ནི་སེམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །བདག་ཉིད་དེའི་རྟེན་དུ་གྱུར་པ་མ་ཡིན་ཏེ་ཞེས་བྱ་བ་ནི། རྣམ་པ་གཞན་དུ་འཇུག་པའི་རྟེན་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདྲེས་པའི་རྐྱེན་ནི་གཡའ་ལ་སོགས་པ་འདྲེས་པའི་རྒྱུའིའོ། །དེ་ཤིན་ཏུ་མེད་ན་

เล่ม ๑๗๗ · หน้า 133b

ཞེས་བྱ་བ་ནི་འདྲེས་པའི་རྐྱེན་ཤིན་ཏུ་མེད་ནའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དཔེ་གཉིས་པའོ། །ཡང་རྣམ་པ་གཞན་དུ་འཇུག་པའི་རྟེན་དུ་གྱུར་པ་ལས། དེ་ལས་ཟློག་པའི་རྣམ་པ་དེའི་བདག་ཉིད་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་བདག་ཉིད་དུ་གྱུར་པ་ཡིན་པ་དེ་ལྟར་ན་ཁྱབ་

པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་དེ་ཁོ་ན་ཉིད་མཐོང་བ་དེའི་བདག་ཉིད་སེམས་ལ་ཡོད་པ་མ་ཡིན་པ་དེ་བས་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དམ་པར་རྣམ་པར་ཤེས་པ་ནི་དོན་འཛིན་པར་འདོད་པས་ཞེས་བྱ་བ་ནི། དོན་

དམ་པར་རྣམ་པར་ཤེས་པ་དོན་འཛིན་པ་ཉིད་ནི་མ་ཡིན་ཏེ། གཟུང་བ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་རེ་ཞིག་ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་གང་ཡིན་པ་དེས་འདི་ལྟར་འདོད་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་སྐད་དུ་བརྗོད་པ་ཡིན་ནོ། །ཕྱི་རོལ་ལམ་ཞེས་བྱ་བ་ནི་འདྲ་བ་གཞན་དང་གཞན་འབྱུང་བ་ལ་སོགས་

པའི་འཁྲུལ་པར་བྱེད་པའི་རྣམ་པའོ། །ཅིག་ཤོས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་ཞེས་བྱ་བས་བསླད་པའོ། །དེའི་ཚེ་ཡུལ་འཛིན་པའི་ཆོས་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་པའི་རྣམ་པ་འཛིན་པའི་ཕྱིར་རོ། །དེ་ཉིད་

ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་པར་ནི་འགྱུར་མོད་ཀྱི་ཕྱི་རོལ་གྱི་དོན་གྲུབ་པ་མེད་མོད། རྣམ་པར་ཤེས་པ་ནི་རབ་ཏུ་གྲུབ་པ་ཡིན་ན་དངོས་པོ་ཐམས་ཅད་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་བརྗོད་ཅེ་ན། ཤེས་པ་ཡང་ཕྱིན་ཅི་ལོག་གི་རྣམ་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།

གང་གི་ཚེ་རྣམ་པར་ཤེས་པ་ཡུལ་དུ་གྱུར་པ་ཡང་ཤེས་གཞན་གྱི་ཡུལ་དུ་བྱེད་པ་དེའི་ཚེ། དེ་ལ་ཡང་སྒྲོ་བཏགས་པའི་རྣམ་པ་ཉིད་ཀྱི་སྒོ་ནས་ཡུལ་དུ་བྱེད་པ་དེ་ལྟར་ན། ཤེས་པ་ཐམས་ཅད་ལོག་པར་འཛིན་པའི་རང་བཞིན་ཅན་དུ་གྲུབ་པར་འགྱུར་རོ། །དེ་ཉིད་ནི་དེ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་

གཞག་པ་ཉིད་ཀྱི་གནས་སྐབས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཡུལ་ཅན་ཉིད་དེ་ཤེས་པའི་གནས་སྐབས་ཅི་འདྲ་བ་ཞིག་ཡིན་ཞེས་བྱ་བའི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་གཞག་པ་འདི་ལ། ཅི་རྣམ་པར་ཤེས་པའི་ཆོས་ཡུལ་འཛིན་པ་ཡིན་ནམ། འོན་ཏེ་ལོག་པ་འཛིན་པ་ཡིན་ཞེས་བྱ་བ་

เล่ม ๑๗๗ · หน้า 134a

དེའི་གནས་སྐབས་ཡིན་ནོ། །དེ་ལ་གལ་ཏེ་ལོག་པ་འཛིན་པ་འདི་ཉིད་ཆོས་ཡིན་ནོ་ཞེས་རྣམ་པར་གཞག་པ་དེའི་ཚེ། ཤེས་པའི་ཤེས་པ་ཡིན་ན་ཡང་ལོག་པ་འཛིན་པའི་རང་བཞིན་དུ་འགྱུར་བ་དེ་ལྟར་གང་ལས་ཤེས་པ་གྲུབ་པ་ཡིན། དེ་ཡང་ཤེས་པ་ཤེས་པ་གཞན་གྱིས་ཉམས་སུ་

མྱོང་བ་ཡིན་ནོ་ཞེས་བྱ་བའི་གཞུང་དེར་རྟོགས་པར་བྱའོ། །རང་རིག་ལ་ནི་སྐྱོན་འདི་ཡོད་པ་མ་ཡིན་ནོ། །དེའི་རང་བཞིན་འཛིན་པའི་ཤེས་པས་ཤེས་པ་ཉིད་ལ་དེ་ལ་དེ་ཡོད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། འདི་ལ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དམིགས་པའོ། །རང་བཞིན་དེ་ལ་རྣམ་

པ་གཞན་དུ་འགྱུར་བ་ཅན་ནི་རང་བཞིན་དེ་ལས་རྣམ་པ་གཞན་དུ་འགྱུར་བ་ཅན་ནོ། །གང་ལ་གློ་བུར་བའི་རྐྱེན་གྱིས་བྱས་པ་ཡོད་པ་དེ་ནི་ཞེས་འབྲུ་མང་པོ་པའོ། །དཔེར་ན་ཐག་པར་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གློ་བུར་བའི་རྐྱེན་གྱིས་བྱས་པའི་འཁྲུལ་པའི་ཡུལ་སྦྲུལ་གྱི་རྣམ་པར་ཞུགས་

པའི་རང་བཞིན་ལས་རྣམ་པ་གཞན་དུ་འགྱུར་བ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ལྡོག་པ་ལ་ནི་ཞེས་བྱ་བ་ལྡོག་པའི་རྒྱུ་མཚན་ལ་ནིའོ། །དེ་ནི་རང་བཞིན་གནས་པ་གཞན་དུ་འགྱུར་བའི་ལྡོག་པའི་རྒྱུ་མཚན་ནི་ཞེས་བྱ་བས་འཆད་པར་བྱེད་དོ། །རང་དང་རིགས་མཐུན་པའི་ཉེ་བར་ལེན་པའི་

ཞེས་བྱ་བ་ནི་གཞི་མཐུན་པའི་འཇུག་པའོ། །རིགས་མཐུན་པའི་རྒྱུ་ནི་ལོག་པའི་ཤེས་པའོ། །ཤིན་ཏུ་སྐྱེད་ནུས་མེད་ཡིན་ནོ་ཞེས་བྱ་བའི་ཤིན་ཏུ་སྨོས་པས་ནི་འདི་སྐད་དུ། གལ་ཏེ་རྒྱུན་དུ་ཞུགས་པ་ལ་སོགས་པ་སྐྱེ་མོད་ཀྱི་རི་མོ་ལ་གནོད་སྦྱིན་དུ་འཁྲུལ་པ་དང་འདྲ་བར་དེ་ལ་འདི་བརྟན་པར་འགྱུར་བ་མ་

ཡིན་ནོ་ཞེས་བསྟན་ཏོ། །ཤིན་ཏུ་སྐྱེ་བ་ལ་དེ་ལ་གནོད་པ་ཅན་སྐྱེད་ནུས་པའི་སྙིང་པོ་ཅན་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་གནོད་པ་ཅན་སྐྱེད་ནུས་པའི་སྙིང་པོ་ཅན་ཉིད་ཡིན་པ་དེ་ལྟར་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་རྐྱེན་

ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། དཔེར་ན་རྒྱུན་རྣམ་པར་འཆད་པའི་དུས་ན། སྔ་མ་ལས་ཤིན་ཏུ་མཚན་ཉིད་མི་འདྲ་བའི་སྐད་ཅིག་མ་གཞན་མངོན་སུམ་དུ་བྱེད་པའི་ཕྱིར། མི་དམིགས་པ་ཞེས་བྱ་བའི་མངོན་སུམ་གྱིས་རྒྱུ་མི་རྟག་པ་ཉིད་དང་། དེའི་སྟོབས་ཀྱིས་བདག་མེད་པ་ཉིད་རྣམ་པར་འཇོག་

เล่ม ๑๗๗ · หน้า 134b

པར་བྱེད་དོ། །དེ་ནས་བསྒོམ་པའི་རིམ་པ་ཡིན་པ་དེའི་ཚེ། མངོན་སུམ་ནི་བདག་མེད་པ་ཉིད་མཐོང་བའི་མཚན་ཉིད་ཅན་གྱི་གནོད་པ་ཅན་རྒྱུ་མཚན་ཉིད་ཡིན་ནོ། །གང་གི་ཚེ་བྱས་པ་ཉིད་ཡིན་པ་ལ་སོགས་པའི་རྟགས་ཀྱིས་བདག་མེད་པ་རྣམ་པར་གཞག་ནས། བསམ་པ་

དང་བསྒོམ་བ་ལ་སོགས་པ་རིམ་བཞིན་རྩོམ་པ་དེའི་ཚེ། རྗེས་སུ་དཔག་པ་ཡང་རྒྱུ་མཚན་ཉིད་ཡིན་ནོ། །འགལ་བ་ནི་གཉི་ག་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་ལམ་གོམས་པ་ཉེས་པ་སྐྱེས་དང་འགལ་པ་ཡིན་པ་དེ་ལྟར་ཉེས་པའི་བདག་ཀྱང་ལམ་སྐྱེ་བ་དང་འགལ་བ་ཡིན་ནོ། །དེ་ལ་

གལ་ཏེ་འགལ་བར་མཚུངས་པ་ཡིན་ན། ཉེས་པའི་བདག་ཉིད་ཅན་ལ་ལམ་སྐྱེ་བ་དེ་ལྟར་ལམ་གོམས་པ་ཡང་ཅིའི་ཕྱིར་ཉེས་པ་སྐྱེ་བ་མ་ཡིན་ཞེས་བསམས་པའོ། །ལྷག་མཐོང་ཡིན་ལ་ཞེས་བྱ་བ་ནི་བདག་མེད་པ་ལ་དམིགས་པའི་ཤེས་རབ་བོ། །འབད་རྩོལ་ཡང་ཉེས་པ་མཐོང་

བའི་སྒོ་ནས་བྱེད་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་གང་ཞིག་བཟློག་པར་བྱ་བའི་ཕྱིར། འབད་རྩོལ་བྱེད་པར་འགྱུར་བ་དེ་ལ་ཉེས་པ་མཐོང་བ་དེའི་ཚེ་འབད་རྩོལ་བྱེད་པ་ཡིན་ཏེ། ཉེས་པ་དང་ལྡན་པ་ཉིད་དོར་བར་འོས་པ་ཡིན་པའི་ཕྱིར་རོ། །ཉེས་པ་རྣམས་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་

ཡོན་ཏན་དང་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ཡང་འབད་རྩོལ་བྱེད་པར་འགྱུར་བ་དེ་ལྟ་ན་ཡང་ཡོན་ཏན་དང་ལྡན་པ་ཉིད་ཀྱི་སྟོབས་ལས་གྱུར་པ་དེ་ལྟ་བ་ཡང་ཡོན་ཏན་དང་ལྡན་པ་ཉིད་ཀྱི་སྟོབས་ལས་འགྱུར་བ་ཡིན་ནོ་ཞེ་ན། བརྩོན་དང་ལྡན་ཡང་ཞེས་བྱ་བ་སྨོས་སོ། །ལྷག་མ་ནི་སྔ་མ་དང་འདྲའོ། །

ཚིགས་སུ་བཅད་པ་འདི་ཉིད་ཀྱི་བཤད་པ་ནི་ཇི་ལྟར་ལེའུ་དང་པོར་གཞུང་མཛད་པ་རྣམ་པར་ཕྱེ་བ་དེ་ལྟར་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་ཞེ་སྡང་དག་ཕན་ཚུན་འགལ་བ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི། ལྷན་ཅིག་མི་གནས་པའི་ཕྱིར་འདི་ཉིད་འགལ་བ་ཡིན་པར་སེམས་སོ། །

རྒྱུ་གཅིག་ཉིད་ཡིན་པའི་གཏན་ཚིགས་ཀྱིས་འདོད་ཆགས་དང་། ཞེ་སྡ་བདེ་དག་གི་ནང་ནས་ཇི་ལྟར་འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བའི་རྒྱུ་དེ་ཡོད་ན། འདོད་ཆགས་སམ་ཞེ་སྡང་གཅིག་འབྱུང་བར་འགྱུར་བ་དེ་ལྟར་ན། རྒྱུ་དེས་དེ་སྐྱེད་པ་ན་གདོན་མི་ཟ་བར་ཐག་ཉེ་བས་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཡོད་ན་འབྲས་བུ་

เล่ม ๑๗๗ · หน้า 135a

དེ་སྐྱེ་བར་འགྱུར་རོ། །དེ་ཉིད་ལས་ཞེས་བྱ་བ་ནི་འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བའི་རྒྱུ་དེ་ཉིད་ལས་སོ། །གཞན་དག་ཀྱང་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དག་ལས་གང་ཡང་རུང་བའོ། །གལ་ཏེ་འོ་ན་འདོད་ཆགས་དང་ཞེ་སྡང་དག་རྒྱུ་གཅིག་པ་ཅན་ཉིད་ཡིན་པ་ཅིའི་ཕྱིར་

ཅིག་ཅར་འཇུག་པར་མི་འགྱུར་ཞེ་ན། ཅིག་ཅར་མི་འཇུག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤིང་གི་ཁྱད་པར་གཅིག་ལས་འབྱུང་བ་ཅན་གྱི་མེ་དང་དུ་བ་ལྟ་བུའོ་ཞེས་བྱ་བ་ནི་གང་གི་ཚེ་མེའི་སྐད་ཅིག་མ་སྔ་མ་དང་དུས་མཉམ་དུ་འབྱུང་བའི་ཤིང་གི་སྐད་ཅིག་མ་ལས་ཕྱིས་མེ་དང་དུ་བའི་སྐད་

ཅིག་མ་འབྱུང་བར་འགྱུར་བ་དེའི་ཚེ། དེ་དག་ནི་ཤིང་གི་ཁྱད་པར་གཅིག་ལས་བྱུང་བ་ཅན་ཉིད་ཡིན་ནོ། །གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ལ་རྒྱུ་ཐ་དད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་རྒྱུ་གཅིག་པ་ཅན་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །

བདག་ཏུ་ལྟ་བ་དང་བདག་ཏུ་ཆགས་པ་ཞེས་བྱ་བ་ཟླས་དབྱེ་བའོ། །འཇིག་ཚོགས་ལ་ཆགས་པ་དང་ཞེས་བྱ་བ་ནི་ཞིག་པས་ན་འཇིག་པ་སྟེ། རྣམ་པར་འཇིག་པ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་འདུས་པ་སྟེ། མི་རྟག་པའི་ཕུང་པོ་ལྔ་ལ་ཆགས་པ་ཞེས་བྱ་བའི་དོན་

ཏོ། །ཤིན་ཏུ་གོམས་པའི་དབང་གིས་ཕན་ཚུན་གནོད་པ་བྱེད་པ་གང་ཡིན་པ་དེ་དག་ལས་རྒྱུ་དང་། འབྲས་བུའི་དངོས་པོ་མ་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་དེ་ལྟར་ན། སྦྱོར་བ་གཉིས་པ་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་

ཡིན་ནོ། །བྱམས་པ་དང་མི་གཙང་བ་ལ་སོགས་པ་ནི་ཞེས་བྱ་བ་ལ། མི་གཙང་བ་ནི་འདོད་ཆགས་ཀྱི་རྟེན་གྱི་དངོས་པོ་ལ་རྣམ་པར་སུན་འབྱིན་པ་རྣམ་པ་ཅན་གྱི་ཤེས་རབ་པོ། །སོགས་པ་སྨོས་པས་ནི་དབུགས་འབྱུང་རྔུབ་དྲན་པ་ལ་སོགས་པ་གཟུང་ངོ་། །འོན་ཀྱང་ཇི་སྲིད་རིགས་མི་མཐུན་

པའི་སེམས་གོམས་པ་གནས་པའི་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་རིགས་མི་མཐུན་པའི་སེམས་དེ་བདག་ཉིད་དོ། །བད་ཀན་ཅན་གྱི་ནད་ཀྱི་རྒྱུ་ནི་བད་ཀན་ཡིན་ལ་དེ་ལ་གནོད་པ་མེད་པ་ནི་མངར་བ་ལ་སོགས་པའོ། །ཉོན་མོངས་པ་སྐྱེ་བའི་རྒྱུ་ཡང་དེ་ཡིན་ལ། འཇིག་ཚོགས་སུ་ལྟ་བ་ཡང་

เล่ม ๑๗๗ · หน้า 135b

ཡིན་པ་ལ་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འོ་ན་གལ་ཏེ་བྱམས་པ་ལ་སོགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོ་མ་ཡིན་ན། འོ་ན་ཇི་ལྟར་མདོ་ལས་དགེ་སློང་དག་འདི་ལྟ་སྟེ། རླུང་གི་ཏིལ་མར་སྨན་ཆེན་པོ་ཡིན་པ་དེ་བཞིན་དུ་འདོད་ཆགས་ཀྱི་མི་གཙང་བ་དང་།

ཇི་ལྟར་མཁྲིས་པའི་མར་སྨན་ཆེན་པོ་ཡིན་པ་དེ་བཞིན་དུ། ཞེ་སྡང་གི་བྱམས་པ་དང་། ཇི་ལྟར་སྦྲང་རྩི་སྨན་ཆེན་པོ་ཡིན་པ་དེ་བཞིན་དུ། གཏི་མུག་གི་རྟེན་ཅིང་འབྲེལ་པར་བྱུང་བ་ལ་དཔྱོད་པ་ཡིན་ནོ་ཞེས་གསུངས་ཤེ་ན། དེའི་ཕྱིར་རླུང་དང་མཁྲིས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལ་

དམིགས་པ་ལ་སོགས་པའི་བྱམས་པ་ལ་སོགས་པ་ལ་དགོངས་ནས་བཤད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི་དམིགས་པ་མེད་པའི་བྱམས་པ་ལ་སོགས་པ་གཟུང་ངོ་། །དེ་དག་ནི་བདག་མེད་པའི་རྣམ་པར་འཇུག་པ་ཉིད་ཡིན་པའི་ཕྱིར་གཅིག་ཏུ་གཉེན་པོའི་ཕྱོགས་ཡིན་

ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་མ་དང་སྲིང་མོ་ལ་སོགས་པའི་འདུ་ཤེས་འདོད་ཆགས་ལ་སོགས་པའི་གཉེན་པོ་ཉིད་དུ་བརྗོད་པ་ཡིན་ནོ། །དེ་ལ་ཡང་དུས་དེ་སྲིད་དུ་གནོད་པ་ཡིན་པར་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མིག་གསལ་བའི་ངོ་བོ་

ཞེས་བྱ་བ་ནི་རྟོགས་པ་མེད་པའི་ངོ་བོའོ། །རང་གི་སྡེ་པ་ནི་བྱེ་བྲག་རབ་ཏུ་སྨྲ་བ་ལ་སོགས་པའོ། །ཕྱིན་ཅི་ལོག་པར་རྟོགས་པའི་ངོ་བོ་ཅན་ཉིད་ཡིན་པར་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་མཚན་ཉིད་གཞན་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་གཏི་མུག་ཅེས་མ་བཤད་པ་ནི་ལོག་པའི་ཤེས་པའི་ཁྱད་པར་

གཏི་མུག་གི་ཕྱོགས་གཅིག་ཏུ་གྱུར་པ་སྟེ། གཏི་མུག་ཅེས་བྱ་བ་སྤྱིའི་སྒྲས་ཆོས་མངོན་པ་ལས་མ་བཤད་པ་ཡིན་ནོ། །འོན་ཀྱང་འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བ་ཡིན་ཏེ། སྤྱིའི་སྒྲས་བསྟན་པ་ན་ཉོན་མོངས་པའི་རྒྱུའི་གཙོ་བོར་བསྟན་པར་མི་འགྱུར་རོ། །དེ་ཡང་རེ་ཞིག་ཅེས་བྱ་བ་ལ་སོགས་པས་ཕྱིན་

ཅི་ལོག་ཏུ་རྟོགས་པ་ངོ་བོ་ཉིད་མ་རིག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐབས་བྱེད་པ་ཡིན་ནོ། །གཟུགས་ལ་སོགས་པ་ཡང་དེ་ལྟ་བུར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི་རིག་པ་ལས་གཞན་ཉིད་ཡིན་པས་ན་མ་རིག་པར་ཐལ་བའི་ཕྱིར་རོ། །དངོས་པོ་མཚན་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་

เล่ม ๑๗๗ · หน้า 136a

རིག་པ་ཞེས་བྱ་བའི་དངོས་པོའི་མཚན་ཉིད་ཀྱིའོ། །དེ་ལྟར་ན་རྣམ་པ་གང་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་རིག་པའི་གཉེན་པོའི་ཕྱོགས་ཉིད་དུ་གྲུབ་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཡིན་ནོ། །ཡང་དག་པའི་དོན་

མཐོང་བས་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །ཅི་སྟེ་འདོད་མོད་ཀྱི་ཡང་དག་པར་རྟོགས་པ་མེད་པ་ཙམ་ནི་དབེན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རིག་པའི་མཚན་ཉིད་དུ་བརྗོད་པར་འདོད་པའི་ངོ་བོ་ལས་གཞན་ཡིན་ནོ་ཞེ་ན། དེའི་ཕྱིར་མ་ཡིན་པས་ཞེས་པ་ལ་སོགས་པ་སྨོས་ཏེ། མ་ཡིན་

པ་ནི་མ་ཡིན་པར་དགག་པས་སོ། །འོན་ཀྱང་དེ་ནི་དེ་ཁོ་ན་ཉིད་མཐོང་བ་ཞེས་བྱ་བའི་འབྲས་བུ་དང་འགལ་བར་བརྗོད་པ་ཡིན། དེ་ཡང་མ་རིག་པའི་མཚན་ཉིད་ཅི་འདྲ་བ་ཞིག་ཡིན་ཞེས་དེ་ངེས་པ་མེད་པ་ཉིད་ཡིན་ནོ། །དེ་ནི་དེའི་མཚན་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིག་པས་གཟུང་བར་

བྱ་བའི་རྣམ་པ་ནི་བདག་མེད་པ་དང་སྡུག་བསྔལ་ལ་སོགས་པའོ། །དེ་ལས་ཕྱིན་ཅི་ལོག་ལ་སོགས་པའོ། །དེ་རྟོགས་པ་ནི་དེ་འཛིན་པའོ། །མ་རིག་པ་གང་ལ་དེ་ཉིད་ཀྱི་ངོ་བོ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་གིས་རྟོག་པ་དང་འགལ་བ་ནི་གང་དང་རྟོག་པ་འགལ་བའོ། །གང་ལ་དེའི་རང་

བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་བདེ་བའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་གྱི་འདུ་ཤེས་དང་འགལ་བ་ཉིད་ཀྱི་ཕྱིར་བདེ་བའི་འདུ་ཤེས་ཀྱི་གཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་བརྟག་པའི་ངོ་བོ་ཡིན་པ་ལྟ་བུའོ། །རྟེན་དང་དམིགས་པ་དང་དུས་དང་། རྫས་

མཚུངས་པ་དག་གིས་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་མངོན་པ་ལས་སེམས་ལས་བྱུང་བ་མཚུངས་པར་ལྡན་པ་ཡིན་པར་བཞེད་དོ། །དེ་ལ་གལ་ཏེ་མ་རིག་པ་རྟོག་པ་མེད་པའི་ངོ་བོ་ཉིད་པ་དེའི་ཚེ་དམིགས་པ་དང་རྣམ་པར་མཚུངས་པར་མི་འགྱུར་རོ། །དེ་ལ་རྟེན་དང་དམིགས་པ་

མཚུངས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་། རྟེན་དང་དམིགས་པ་མཚུངས་པའི་ཕྱིར་རོ། །རྣམ་པར་མཚུངས་པ་ནི་སེམས་དང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དུས་མཚུངས་པ་ནི་དུས་མཉམ་དུ་འབྱུང་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་སྐད་ཅིག་མ་གཅིག་ལ་སེམས་རྫས་གཅིག་

เล่ม ๑๗๗ · หน้า 136b

ཡིན་པ་དེ་ལྟར་ན་སེམས་དང་སེམས་ལས་བྱུང་བ་ཡང་རྫས་རེ་རེའི་བདག་ཉིད་ཅན་ཡིན་པ་དེ་ལྟར་ན་རྫས་མཚུངས་པ་ཉིད་ཡིན་ནོ། །དེ་བས་ན་སེམས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་མ་རིག་པ་ནི་རྟོག་པ་མེད་པའི་ངོ་བོ་ཉིད་མ་ཡིན་གྱི་འོན་ཀྱང་རྟོག་པའི་ངོ་བོ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་གཉིས་ནི་

རྟོག་པའི་ངོ་བོ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་བསོད་ནམས་སོ། །ཟློག་ནི་བསོད་ནམས་མ་ཡིན་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་མི་གཡོ་བའོ། །འདུ་བྱེད་དེ་བདག་གིས་ཞེས་བྱ་བ་ནི་བསོད་ནམས་དག་

གིས་སོ། །ཡོངས་སུ་བསྒོས་པའི་སེམས་ཀྱི་ས་བོན་ལ་བརྟེན་ནས། ཤེས་པའི་ནུས་པ་བྱེད་པའི་ཕྱིར་རོ། །ས་བོན་དེ་ཡང་ཟག་པ་དང་བཅས་པ་ཡིན་ཏེ། དེ་ལ་དམིགས་པའི་ཉོན་མོངས་པ་རྣམས་དེར་རྒྱས་པར་འགྱུར་བའི་ཕྱིར་རོ། །སྲེད་པ་ལ་སོགས་པའི་གྲོགས་ཅན་ནི་འབྲས་བུ་འབྱིན་པའི་

ཕྱིར་ཉེ་བར་ལེན་པ་དང་བཅས་པའོ། །སྐྱེ་བ་དང་རྒ་ཤི་དང་ལྡན་པའི་འདུ་བྱེད་ཀྱི་རྒྱུན་ནི་སྐྱེ་བ་དང་རྒ་ཤིའི་རང་བཞིན་སྲིད་པའོ། །དེ་མངོན་པར་འགྲུབ་ཅིང་དེ་འབྱུང་བ་ནི་དེ་ཉེ་བར་ལེན་པའི་ནུས་པ་ལས་བྱུང་བ་ཡིན་ཏེ། དེ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེར་ཉེ་བར་འགྲོ་བ་ནི་ལྡན་པའོ། །གཞུང་

འདིས་ཇི་ལྟར་ན་བདག་ཏུ་ལྟ་བ་མ་རིག་པ་ཉིད་ཡིན་པར་བསྟན་པ་ཡིན་ཞེ་ན། འདི་ཉིད་ལ་ཡང་མ་རིག་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པས་སྨོས་པ་ལ་འདི་ཉིད་ལ་ཞེས་བྱ་བ་ནི་མ་རིག་པའི་ཡན་ལག་རྣམ་པར་འབྱེད་པའི་གཞུང་ལའོ། །བདག་ཏུ་ལྟ་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྙེད་པ་དེ་

དག་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །འདིར་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དོགས་པ་བསུ་བ་ཡིན་ནོ། །འདིར་ཡང་ཞེས་བྱ་བ་ནི་ཤེས་པར་བྱེད་པ་ཉིད་དུ་ཉེ་བར་དགོད་པའི་མདོར་ཡང་ངོ་། །མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཡིན་ནོ་

ཞེས་བྱ་བ་ལ། མ་རིག་པ་དང་ཉོན་མོངས་པ་ཐམས་ཅད་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་བས་ན་བདག་ཏུ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་པ་གང་ཡིན་པ་དེ་ནི་མ་རིག་པའི་རང་གི་ངོ་བོ་བཤད་པ་མ་ཡིན་གྱི་འོན་ཀྱང་དེའི་སྒོ་ནས་ཏེ་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བའི་སྒོ་

เล่ม ๑๗๗ · หน้า 137a

ནས། དེ་ལས་ཐ་དད་པ་གཞན་ཁོ་ནས་མ་རིག་པ་བསྟན་པ་ཡིན་ནོ་ཞེས་རྟོག་པར་ཡང་མི་བྱའོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རང་གི་ངོ་བོ་བརྗོད་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སྐད་དུ་བརྗོད་པ་ལ་ཞེས་བྱ་བ་ནི་ལྟ་བའི་སྒོ་ནས་འདིར་མ་རིག་པ་བསྟན་པ་ཡིན་གྱི།

འཇིག་ཚོགས་སུ་ལྟ་བ་ཉིད་མ་རིག་པ་མ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པ་ལ་ངེས་པར་བྱེད་པ་མེད་པའི་ཕྱིར་ཏེ་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཇིག་ཚོགས་སུ་ལྟ་བའི་རང་བཞིན་ཉིད་ལ་འདིར་མ་རིག་པ་ཉིད་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པར་བྱེད་པ་ཅི་ཞིག་ཡོད་ཅེ་ན།

ཇི་སྐད་དུ་བཤད་པའི་དོན་རྟོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་རེ་ཞིག་འགོག་པ་སྟོན་པར་བྱེད་དོ། །མཚུངས་པར་ལྡན་པའི་དོན་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་དང་གཞན་ལྡན་པ་ཡིན་ལ། དེ་ཡང་ལྟ་བ་དང་མ་རིག་པ་གཅིག་གི་

བདག་ཉིད་དུ་རིགས་པ་མ་ཡིན་ཏེ། དེ་ཉིད་ནི་བདག་ཉིད་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱིར་བཏང་བའི་མཚན་ཉིད་མ་ཡིན་གྱི་ཞེས་བྱ་བ་ནི་སེམས་གཅིག་ལ་སེམས་ལས་བྱུང་བ་གཉིས་མཚུངས་པར་ལྡན་པ་ཞེས་བྱའོ། །ཕྱོགས་དང་ཕྱོགས་ཅན་གྱི་དངོས་པོ་ཞེས་བྱ་བ་ལ་འདི་ལ་

ཕྱོགས་ཡོད་པས་ན་ཕྱོགས་ཅན་ནི་ཚོགས་པ་སྟེ། ཡན་ལག་དང་ཚོགས་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྤྱིར་ལོག་པར་འཇུག་པ་ཙམ་ཉིད་ཡིན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་མ་རིག་པ་ནི་ཚོགས་པའོ། །འདིའི་ཕྱོགས་གཅིག་ནི་འཇིག་ཚོགས་སུ་

ལྟ་བ་ལ་སོགས་པའོ། །དེས་ན་ངག་གི་དོན་ནི་འཇིག་ཚོགས་སུ་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བ་ཕྱོགས་གཅིག་པ་ནི་ཕྱོགས་གཅིག་པ་དང་ལྡན་པར་གྱུར་པ་ཡིན་པ་དེ་བས་ན། ཕྱོགས་གཅིག་པ་ཅན་གྱི་མ་རིག་པ་དེའི་འཇིག་ཚོགས་སུ་ལྟ་བ་ནི་

ཕྱོགས་གཅིག་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་དག་ལ་ཡང་དེ་ལྟ་བུར་གྱུར་པའི་མཚུངས་པར་ལྡན་པའི་དོན་མཐོང་ངོ་ཞེས་བསྟན་པའི་ཕྱིར། དཔེར་ན་པ་ལ་ཤ་ལ་སོགས་པ་དང་ལྡན་པའི་ནགས་ཞེས་བྱ་བ་སྨོས་ཏེ། པ་ལ་ཤ་ལ་སོགས་པའི་ཚོགས་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་འདི་ལ་

เล่ม ๑๗๗ · หน้า 137b

ལྡན་པ་ཡིན་གྱི་མི་ལྡན་པ་ནི་མ་ཡིན་ནམ། སྐབས་འདི་ནི་མཚུངས་པར་ལྡན་པའི་དོན་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ལ་འདིར་ལྡན་པ་ཉིད་ལ་མཚུངས་པར་ལྡན་པ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། ཁམས་ཉིད་ལ་ཉེ་བར་སྒྱུར་བའི་དོན་ནང་དུ་བསྡུས་པ་ཡིན་ཏེ། འོན་ཀྱང་ཉེ་བར་སྒྱུར་བ་ནི་གསལ་བར་བྱེད་པ་

ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱོགས་གཅིག་པའི་ངོ་བོ་ཞེས་བྱ་བ་ནི་མ་རིག་པའི་ཕྱོགས་གཅིག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མ་རིག་པ་དང་ལྟ་བའི་མཚན་ཉིད་ཐ་དད་པ་མེད་ན། འོ་ན་ཅིའི་ཕྱིར་དེ་ལྟར་འབད་རྩོལ་གྱི་བཤད་པ་སྟོན་པར་བྱེད་ཅེ་ན་དེའི་ཕྱིར་དེ་ལྟར་

བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་རང་བཞིན་ཞེས་བྱ་བ་ལ་འདིར་དེའི་སྒྲས་ནི་བདག་ཏུ་ལྟ་བ་དང་སྦྱར་རོ། །རང་བཞིན་ནི་ངོ་བོ་ཉིད་དམ་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་ཏུ་ལྟ་བའི་རང་བཞིན་གྱི་ཁྱད་པར་ཅན་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བདག་ཏུ་ལྟ་

བའི་རང་བཞིན་གྱི་ཁྱད་པར་ཅན་ནི་ལྟ་བ་པོ་དང་ཟ་བ་པོ་དང་བདག་ཉིད་དུ་ལྟ་བ་ཡིན་ཏེ། འདི་དག་ནི་བདག་ཏུ་ལྟ་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་དེ་ལས་བྱུང་བ་དག་ཡིན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་གཉིས་པ་ཡིན་ཏེ། སྔ་མ་ལ་ནི་

བདག་མེད་པ་མཐོང་བ་ཉིད་ཆོས་ཅན་ཡིན་ལ་དེ་ལྟར་ནི་འདོད་ཆགས་ལ་སོགས་པ་དེའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །སྔར་བཤད་པའི་གྲང་བའི་རང་བཞིན་གྱི་ཆོས་ཉིད་ཅེས་བྱ་བ་ནི་བ་མོ་ལ་སོགས་པའི་རེག་པའི་ཁྱད་པར་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་འཇིག་ཚོགས་

སུ་ལྟ་བའི་རང་བཞིན་ཉིད་དུ་མ་གྲུབ་པ་དེ་བས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། མ་གྲུབ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེའི་ཟད་པ་ལ། དེའི་ཆོས་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་དེའི་ཆོས་ཡིན་པ་དེ་ལྟར་ན་ཁྱབ་པར་

བྱེད་པ་འགལ་བ་དམིགས་པའོ། །གང་ལ་རྐྱེན་འདི་ཡོད་པ་དེ་ནི་རྐྱེན་འདི་པའོ། །དེའི་དངོས་པོ་ནི་རྐྱེན་འདི་པ་ཙམ་ཉིད་དེ་དངོས་པོའི་རྐྱེན་གྱི་མཐས་རྒྱུ་དང་འབྲས་བུའི་འབྲེལ་པ་བརྗོད་པ་ཡིན་ཏེ། དེ་ལ་ཕན་པ་དང་བྱས་པ་དང་། བསྡུ་བ་དག་ལ་འབྲེལ་པ་བསྟན་པ་ཡིན་ནོ་ཞེས་བརྗོད་པའི་

เล่ม ๑๗๗ · หน้า 138a

ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ཙམ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྐྱེན་མ་ཚང་བའི་ཕྱིར་ཞེས་བྱ་བ་ནི་བདག་མེད་པ་ཉིད་མཐོང་བ་གོམས་པས་བདག་ཏུ་ལྟ་བའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དེ་ལ་རག་ལས་པ་ཅན་གྱི་སྐྱེ་བ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་

རྐྱེན་ལ་རག་ལས་པ་ཅན་གྱི་སྐྱེ་བའོ། །འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ལ་སོགས་པ་ནི་སྲོག་ཆགས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བ་འདི་ལའོ། །རང་བཞིན་ནམ་ཞེས་བྱ་བ་ནི་གང་གི་ཚེ་ཆོས་ཀྱི་སྒྲ་རང་བཞིན་དུ་བརྗོད་པ་ནའོ། །དེ་ལས་བྱུང་བ་ལ་ཞེས་བྱ་བ་ནི་གང་གི་ཚེ་ཆོས་ཀྱི་སྒྲ་

འབྲས་བུ་བརྗོད་པ་ནའོ། །རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་རང་བཞིན་ཉིད་དུ་ཡང་འདོད་པས་འདོད་ཆགས་ལ་སོགས་པའི་སེམས་ཀྱི་རང་བཞིན་ཉིད་དུ་ཡང་ཁས་བླང་བར་བྱ་བ་ན། ལུས་དང་དབང་པོ་ལ་སོགས་པའི་རང་བཞིན་མ་ཡིན་ཞིང་སེམས་ཀྱི་རང་བཞིན་འདོད་ཆགས་

ལ་སོགས་པ་མ་ཡིན་ཏེ་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་བསྟན་ཟིན་ཏོ། །དེའི་རང་བཞིན་ཉིད་ལ་རེས་འགའ་འབྱུང་བ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ཡང་རེས་འགའ་འབྱུང་བ་ཅན་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ངེས་པར་གདོན་མི་ཟ་བར་

མངོན་དུ་གྱུར་པ་གང་ལ་ཡོད་པ་དེ་ནི་ངེས་པར་མངོན་དུ་གྱུར་པའི་ཆོས་ཅན་ནོ། །མངོན་དུ་འགྱུར་བ་མེད་པ་ཞེས་བྱ་བ་ནི་མེ་ཐག་ཉེ་བ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་མེད་པར་ན་ཡང་ཞེས་བྱ་བ་ནི་མེ་མེད་པ་ན་ཡང་ངོ་། །གང་ཞིག་གང་གི་རང་བཞིན་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། གང་ཞིག་

གང་གི་རང་བཞིན་ཡིན་པ་དེའི་དོན་གྱིས་འགལ་ཟླ་དེ་དང་ལྷན་ཅིག་འགལ་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་གང་སྔར་བཤད་པ་ལ་གྲུབ་པར་སྟོན་པར་བྱེད་དེ། འདོད་ཆགས་ལ་སོགས་པ་དག་བདག་ཏུ་ལྟ་བའི་རང་བཞིན་ཉིད་དུ་གཞུང་འདིས་རབ་ཏུ་བསྒྲུབས་པའི་ཕྱིར་རོ། །ཆགས་པར་ཁས་ལེན་པ་

ལ་རང་གི་ཡུལ་གྱི་སྐྱོན་མཐོང་བ་སྔོན་དུ་སོང་བའི་སུན་འབྱིན་པས་ཁྱབ་པ་ཡིན་ལ། དེ་འདི་ལ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །སྐྱོན་དང་ལྡན་པ་ཉིད་དུ་མ་མཐོང་བའི་ཡུལ་དེར་ཆགས་པར་བྱེད་པས་ན་དེར་འདོད་ཆགས་སོ། །བདག་ཉིད་མི་འདོད་པའི་ཕྱིར་ཞེས་བྱ་བ་ནི་བདག་མེད་པ་ཉིད་

เล่ม ๑๗๗ · หน้า 138b

མཐོང་བ་ནི་མངོན་སུམ་ཉིད་དུ་མི་འདོད་པའི་ཕྱིར་རོ། །དེ་མེད་པར་ཡང་བདག་ཏུ་ཆགས་པའི་ཡུལ་ལ་སྐྱོན་དུ་མཐོང་བ་མེད་པའི་ཕྱིར་རོ། །སྐྱོན་རྣམས་ཡོད་པ་ཞེས་བྱ་བ་ནི་སྐྱེ་བ་དང་། རྒ་བ་དང་ན་བ་ལ་སོགས་པའོ། །ཡོན་ཏན་འཛིན་པར་བྱེད་ཅེས་བྱ་བ་ནི་གལ་ཏེ་ཡོན་ཏན་གྱི་ངོ་བོར་དངོས་པོ་དེ་ཡོངས་

སུ་གཅོད་པ་དེ་ལྟར་ན་སྐྱོན་རྣམས་སེལ་བར་བྱེད་པར་འགྱུར་བ་མ་ཡིན་ནོ། །བདག་གི་སྐྱོན་ཉེ་བར་མཐོང་བ་ལ་བདག་གི་བདེ་བ་ལ་ཡོངས་སུ་སྲེད་པ་དང་ལྡན་པ་མེད་པས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ཡང་བདག་གི་བདེ་བ་ལ་ཡོངས་སུ་སྲེད་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་

པའོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ནི་ཡོན་ཏན་དུ་ལྟ་བ་ནི་བདག་གི་བདེ་བ་ལ་ཡོངས་སུ་སྲེད་པ་དང་ལྡན་པ་ཉིད་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །སྐྱེས་བུ་བདག་ཏུ་མཐོང་བས་ནི་བདག་ཏུ་ཆགས་པ་ལ་སོགས་པའི་སྲེད་པས་ཞེས་བྱ་བ་

ནི་བདག་ཏུ་ཆགས་པའི་དབང་གིས་བདག་གི་ཉིད་ལ་བདག་གིར་བྱས་པ་དེ་ལྟར་བདག་ཏུ་ཆགས་པ་ལ་སོགས་པས་བདེ་བའི་ཚོར་བ་དེ་ལ་སྲེད་པ་ནི་བདག་ཏུ་ཆགས་པ་ལ་སོགས་པའི་སྲེད་པ་སྟེ། བདག་ཏུ་ཆགས་པས་སྲེད་པའི་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་རྩ་བའི་ཚིགས་སུ་བཅད་པ་ལས་ཀྱང་།

ཆགས་པས་བདེ་ལ་སྲེད་འགྱུར་ཞིང་། །སྲེད་པས་སྐྱོན་རྣམས་སེལ་བར་བྱེད། །ཅེས་བཤད་པ་ཡིན་ནོ། །དོན་དེ་ཉིད་ཀྱིས་འདི་ནི་མཇུག་སྡུད་པ་ཡིན་ནོ། །གཞན་དག་ནི་བདག་ཏུ་ཆགས་པ་ལ་སོགས་པ་དག་ལ་སྲེད་པ་ཞེས་འཆད་པར་བྱེད་དོ། །སོགས་པའི་སྒྲས་ནི་བདེ་བའི་ཚོར་བ་ལ་སོགས་པ་

གཟུང་ངོ་། །བདག་གིར་ཡོངས་སུ་འཛིན་པ་ལ་སོགས་པ་རྩོམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་འཁོར་བ་ཞེས་བྱ་བ་ལ་བདག་གི་ཉིད་དུ་གཟུང་བའི་སྲིད་པའི་ལོངས་སྤྱོད་ཀྱི་མཚན་ཉིད་ཅན་གྱི་དངོས་པོ་ལ་མངོན་པར་ཆགས་པ་སྔོན་དུ་སོང་བ་ཅན་གྱི་འཛིན་པ་ནི་ཡོངས་སུ་འཛིན་པའོ། །རྩོམ་པ་ནི་

མངོན་པར་བསྒྲུབ་པའོ། །སོགས་པའི་སྒྲས་ནི་མངོན་པར་གྲུབ་པ་གནས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་ངོ་། །དེ་ལྟར་མི་འཛིན་པ་གང་ཡིན་པ་དང་། བདག་ཅེས་དེ་ལྟར་མི་འཛིན་པའོ། །འདི་དག་དང་ནི་ཞེས་བྱ་བ་ཡོངས་སུ་འཛིན་པ་དང་སྡང་བ་དག་ལ་ཞེས་བྱ་བ་བདུན་པའི་ཚིག་གཉིས་

เล่ม ๑๗๗ · หน้า 139a

པའོ། །དེ་ཉིད་ནི་འདོད་ཆགས་དང་ཞེ་སྡང་དག་ཡིན་ཏེ་ཞེས་བྱ་བས་རྣམ་པར་ཕྱེ་བས་གསལ་བར་བྱེད་དོ། །བདག་ཏུ་ལྟ་བ་མེད་པ་ཉིད་ཀྱི་ཕྱིར་དེ་དག་ཐམས་ཅད་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་བདག་ཏུ་ཆགས་པ་དང་། བདེ་བ་དང་སྲེད་པ་དང་། ཡོན་ཏན་དུ་ལྟ་བ་ལ་སོགས་པ་དེ་

མ་ཐག་ཏུ་འདས་པ་གང་ཡིན་པ་དེ་ཐམས་ཅད་ཡོད་པ་མ་ཡིན་པའོ། །བདག་ཏུ་ཆགས་པ་དང་ལྡན་པ་དག་གི་དང་འབྲེལ་བ་ཙམ་གྱིས་བྱས་པའི་ཆགས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་བདག་གི་ཆགས་པ་གང་ཡིན་པ་དེ་བདག་ཏུ་ཆགས་པ་དང་ལྡན་པ་དང་འབྲེལ་པ་ཙམ་གྱིས་བྱས་པ་ཡིན་གྱི།

རྒྱུ་ལྷག་པ་ལ་ལྟོས་པ་ནི་མ་ཡིན་ནོ། །འབྲེལ་པ་དེ་ཡང་དུས་ཐམས་ཅད་དུ་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ནི་སྦྱོར་བའི་སྒོ་ནས་འཆད་པར་བྱེད་དོ། །འདོད་ཆགས་དང་བྲལ་བ་ནི་རྒྱབ་ཀྱིས་ཕྱོགས་པའི་སྒོ་ནས་སོ། །ཞེན་པ་མེད་པ་ནི་བཏང་སྙོམས་ཀྱི་སྒོ་ནས་

ཡིན་ཏེ། འདི་ཉིད་ཀྱི་ཁྱད་པར་ནི་དེ་ཡིན་ནོ། །དེ་ལ་འདོད་ཆགས་དང་བྲལ་བ་དང་། ཞེན་པ་མེད་པ་ཉིད་ལ་འཚེ་བ་མེད་པ་ཉིད་ལ་སོགས་པ་འདོད་པ་དང་བྲལ་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་དེ་ལ་འཚེ་བ་མེད་པ་ཉིད་ལ་སོགས་པ་འདོད་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་

པ་འགལ་བ་དམིགས་པའོ། །དེ་ཡོད་པ་ཙམ་དུ་ལྟ་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བདག་ཏུ་ཆགས་པ་ནི་བདག་ཡོད་པ་ཉིད་དུ་ལྟ་བ་ཙམ་ལས་སྐྱེས་པ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡུལ་གྱི་ཡུལ་ཅན་བསྟན་པ་ཡིན་ཏེ་ཡོན་ཏན་དང་སྐྱོན་གྱི་སྒྲ་དག་

གིས་ཡོན་ཏན་དང་སྐྱོན་དུ་ལྟ་བ་བཤད་པ་ཡིན་ནོ། །འདོད་སྡང་ལ་སོགས་པ་གང་ལ་དེ་དང་རྗེས་སུ་འབྲེལ་ཞིང་དེ་ལ་རག་ལུས་པའི་ངང་ཚུལ་ཅན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་འདོད་པ་ནི་ཡུལ་ལ་ལ་ལ་ཡོན་ཏན་མཐོང་བའི་རྗེས་སུ་འབྲེལ་པས་སྐྱེ་བ་ཡིན་ཞིང་ཞེས་བྱ་བས་འཆད་པར་བྱེད་

དོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་རྒྱུ་མཚན་མཐོང་བས་ཕྲག་དོག་ལ་སོགས་པ་ཞེས་བྱ་བ་ལ། དངོས་པོ་མི་འདོད་པ་ཡང་དག་པར་སྟོན་པ་ནི་ཕྲག་དོག་གོ། །ཀུན་ནས་ཆགས་པའི་རྟེན་གྱི་དངོས་པོ་སྟོན་པ་ནི་སེར་སྣ་ཡིན་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །སྤོང་བའི་ཐབས་ནི་འདིར་

เล่ม ๑๗๗ · หน้า 139b

སྤོང་བ་མངོན་པར་འདོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །ཐབས་དེ་ཡང་གང་ཡིན་ཞེ་ན་འདི་ལྟ་སྟེ། སྐྱོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་དེ་དག་ཅེས་བྱ་བ་ནི་སྐྱོན་དང་ཡོན་ཏན་དག་གོ། །མ་མཐོང་བ་ཙམ་ནི་ཐབས་སུ་འགྱུར་བ་མ་ཡིན་ཏེ། མེད་པ་ནི་

རྒྱུ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཡོན་ཏན་མ་མཐོང་བ་དང་སྐྱོན་མ་མཐོང་བས་འདོད་ཆགས་དང་ཞེ་སྡང་མི་སྐྱེ་བ་དེ་ལ་གོ་རིམས་བཞིན་དུ་ཡོན་ཏན་མཐོང་བ་མ་ཡིན་པ་དང་སྐྱོན་མཐོང་བ་མ་ཡིན་པ་ཉིད་མ་ཡིན་པར་དགག་པས་མཐོང་བ་མིན་པའི་སྒྲས་བཤད་པ་ཡིན་ནོ། །འགྲེལ་པ་ལ་ཡང་ཡོན་ཏན་

མཐོང་བ་མེད་པས་ཞེས་བྱ་བ་མེད་པའི་ཚིག་དེ་ལས་བཟློག་པ་མཐོང་བ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་དེ་ལའོ། །དེ་མཐོང་བ་ཡོད་ན་མེད་པ་ལ་དེ་མཐོང་བ་མ་སྐྱེས་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ཡང་དེ་མཐོང་བ་སྐྱེས་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་

པར་བྱེད་པ་འགལ་བ་དམིགས་པའོ། །བདག་ཏུ་ཆགས་པ་ལ་ཡོན་ཏན་དུ་ལྟ་བ་ཉིད་ལས་བདག་ཏུ་ཆགས་པ་སྐྱེ་བར་འགྱུར་ལ། གང་གི་ཚེ་བདག་ཏུ་ཆགས་པ་ཡོན་ཏན་དུ་ལྟ་བ་ལྡོག་པ་དེའི་ཚེ་ལོག་པ་ཡིན་ནོ། །དེ་བས་བདག་ཏུ་ཆགས་པ་ལ་ཡོན་ཏན་དུ་ལྟ་བའི་སྒོ་ནས་བདག་ཏུ་ཆགས་པ་སྐྱེ་བ་

དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གལ་ཏེ་བདག་ཏུ་ཆགས་པ་ལ་ཡོན་ཏན་དུ་ལྟ་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་གང་གི་རྒྱུ་ཅན་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་གང་ཞིག་གང་གི་རྒྱུ་ཅན་ཡིན་པ་དེའི་རྒྱུ་ཅན་ཡིན་པ་ཞེས་བྱ་བ་ནི་འབྲས་

བུ་ཉིད་སྟོན་པ་ཡིན་ནོ། །དེ་མ་ཚང་བ་མེད་པ་ཡོད་ན་ཞེས་བྱ་བ་ནི་རྒྱུའོ། །དེ་མ་ཚང་བ་མེད་པ་ཡོད་ན་འབྲས་བུ་མེད་པ་ལ་དེའི་རྒྱུ་ཅན་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་དེའི་རྒྱུ་ཅན་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་ལས་སམ་ཇི་ལྟར་ཞེས་

བྱ་བ་ལ་སམ་གྱི་སྒྲ་ནི་ཅི་དང་འདྲ་བའི་དོན་ཏོ། །གང་ལས་ཞེས་བྱ་བ་འདིས་ནི་རིགས་པ་འདྲི་བར་བྱེད་པའོ། །ཇི་ལྟར་ཞེས་བྱ་བ་ནི་དཔེ་འདྲི་བར་བྱེད་པའོ། །རང་ཉིད་མཐོང་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བརྗོད་པ་ཡིན་ལ། དཔེར་ན་བདག་བཞིན་ཞེས་བྱ་བ་ནི་དཔེར་བརྗོད་པ་ཡིན་ནོ། །འདོད་ཆགས་དང་

เล่ม ๑๗๗ · หน้า 140a

བྲལ་བ་ལ་རང་གི་བློ་དོར་བས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཞེས་ཡོངས་སུ་མ་སྤངས་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་བདག་ཏུ་ཆགས་པ་ལ་སོགས་པ་དང་ལྡན་པ་ལ་འདི་ཆོས་དང་

ཆོས་མ་ཡིན་པ་རྩོམ་ཞིང་། དེ་ནས་སྐྱེ་བ་ལས་ནི་དེ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཡན་གར་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་མ་ཡིན་ནོ་དེ་ལྟར་ན་ཆགས་པ་ལ་སོགས་པ་ཡན་གར་བ་སྡུག་བསྔལ་གྱི་རྒྱུ་མ་ཡིན་ནོ་ཞེས་ཚིག་ཡོངས་སུ་བསྒྱུར་ནས་སྦྱར་བར་བྱའོ། །གཞན་ནི་བདག་མེད་པར་ཆགས་པ་ལ་

སོགས་པ་ལས་མངོན་པར་འདུ་བྱེད་པ་སྔོན་དུ་སོང་བ་ཅན་གྱི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྒྲུབ་པར་ནུས་པ་མ་ཡིན་པར་འདོད་དོ། །ནུས་པ་ཉིད་ཡིན་ན་ཡང་ཐ་དད་པར་རྟོག་པ་དོན་མེད་པ་ཉིད་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱིས་བདག་དང་ལྡན་པའི་ཕྱིར་ཆགས་པ་ལ་

སོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་ན་བདག་ལ་སྐྱོན་དང་ལྡན་པ་ཉིད་དུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །བཤད་མ་ཐག་པའི་གཏན་ཚིགས་རང་ཉིད་མ་ངེས་པ་ཡིན་ནོ། །དེ་ལྟར་གཉི་ག་ཡང་མཚུངས་པ་ཉིད་ཀྱིས་ཞེས་བྱ་བ་བདག་དང་བདག་གི་ལ་ཆགས་པ་ཡང་ཇི་སྐད་དུ་བཤད་པའི་རྣམ་པས་

མཚུངས་པ་ཉིད་ཀྱིས་སོ། །དེ་ནི་མེད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་གང་གིས་སྐྱོན་མཚུངས་པ་དེ་ལ་མེད་པའི་ངང་ཚུལ་ཅན་ནོ། །དེ་ཙམ་གྱི་རྒྱུ་མཚན་ཅན་ཞེས་བྱ་བ་ནི་གཉི་ག་ལ་སྐྱོན་མཚུངས་པ་དེ་ཙམ་གྱི་རྒྱུ་མཚན་འདོད་ཆགས་དང་བྲལ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མེད་པའི་ངང་

ཚུལ་ཅན་འདོད་ཆགས་དང་བྲལ་བ་གཅིག་གི་ཡུལ་དུ་བྱེད་པ་དེ་ལ་ཉེས་པ་མཚུངས་པ་མེད་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཉེས་པ་མཚུངས་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྡུག་བསྔལ་བསྒོམ་པ་དང་ལྡན་པས་སྤོང་བར་བྱེད་པ་ཞེས་བྱ་བ་ནི་སྦྲུལ་

གྱིས་བཟུང་བའི་ཡན་ལག་དེ་ལ་སྡུག་བསྔལ་བསྒོམ་པ་དང་ལྡན་པས་སོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཡང་བདག་དང་སྐྱོན་མཚུངས་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ཏེ། འདི་ལྟར་བདག་ཏུ་ཆགས་པ་ལ་སོགས་པ་ལ་སྡུག་བསྔལ་

เล่ม ๑๗๗ · หน้า 140b

བསྒོམ་པ་ཡིན་གྱི་བདག་ལ་ནི་མ་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་པའི་རྟེན་གྱི་བློ་ཞེས་བྱ་བ་ལ་ལོངས་སྤྱོད་པར་བྱ་བས་ན་ལོངས་སྤྱོད་དེ་བདེ་བའོ། །དེའི་རྟེན་ནི་བདེ་བའི་རྒྱུ་ཉིད་དེ་དེ་ལ་བློ་ཞེས་བྱ་བའི་དོན་ཏོ། །མ་ངེས་པ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི་གང་ཞིག་གང་ལ་སྡུག་བསྔལ་བསྒོམ་པ་

དང་ལྡན་པ་དེ་ནི་དེ་ལ་ཆགས་པ་དང་བྲལ་བ་མ་ཡིན་ཏེ་ཞེས་བྱ་བ་འདིའོ། །བདག་གི་བློ་ཡོངས་སུ་དོར་བ་མེད་པར་སྡུག་བསྔལ་བསྒོམ་པ་ཡོད་ན་ཡང་དོར་བ་མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་ལོངས་སྤྱོད་པའི། །རྟེན་ཉིད་དུ་ནི་བཟུང་བ་ལ། །རང་ཉིད་བློ་ནི་གང་གིས་བཟློག །དེ་ལ་

ཆགས་བྲལ་དེ་གང་ལས། །ཞེས་བྱ་བའི་ཚིགས་སུ་བཅད་པ་དེ་ལས། དབང་པོ་ལ་སོགས་ལོངས་སྤྱོད་པའི། །རྟེན་ཉིད་དུ་ནི་བཟུང་བ་ལ། །གང་ལས་ཡིན་ཞེས་བྱ་བ་ཡི། །ཚིག་དེ་རྣམ་པར་འགྲེལ་པ་ཡིན་ནོ། །ལྷག་མ་ནི་སྦྱོར་བ་བསྟན་པའི་སྒོ་ནས་དོན་བརྗོད་པར་བྱའོ། །ལོངས་

སྤྱོད་པའི་རྟེན་ཉིད་དུ་ནི་ཞེས་བྱ་བ་འདིའི་བཤད་པ་ནི་ལོངས་སྤྱོད་པའི་རྟེན་སྒྲུབ་པར་བྱེད་པ་ཉིད་དུ་ཞེས་བྱ་བ་ཡིན་ནོ། །ལོངས་སྤྱོད་པའི་རྟེན་ཉིད་ཀྱིས་ནི་ལུས་བཟུང་བ་ཡིན་ནོ། །རྟེན་ནི་དེའི་སྒོ་ནས་བདག་གི་བདེ་བ་སྐྱེ་བའི་ཕྱིར་རོ། །ལོངས་སྤྱོད་སྒྲུབ་པར་བྱེད་པས་དབང་པོ་བཟུང་བ་ཡིན་ཏེ། །དེ་དག་

ཡུལ་འཛིན་པའི་སྒོ་ནས་བདེ་བ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལས་ཡིན་ཏེ་ཞེས་བྱ་བའི་བཤད་པ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་མདོ་བརྗོད་པ་ཡིན་ཏེ། གང་ལས་འདོད་ཆགས་དང་བྲལ་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་ཞེས་

བྱ་བ་ནི་ལུས་ལས་སྐྲ་ལ་སོགས་པའི་ཡན་ལག་མ་ཐོབ་པ་སྟེ། དེ་དག་དང་མཚུངས་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་འབའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་ཕྱི་མ་ཕྱི་མ་བཤད་པ་ཡིན་ནོ། །བདག་གི་ཉིད་དུ་ཀུན་ནས་བཟུང་བ་ཡོད་ན་ཞེས་བྱ་བ་ནི་བདག་གིར་བྱས་པ་ཡོད་ནའོ། །བདག་གི་བློ་

ལྡོག་པའི་རྒྱུ་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་མ་བཟུང་བ་དེ་དང་འགལ་བ་ནི་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་བཟུང་བ་དེ་ལྟར་ན་རྒྱུ་འགལ་བ་དམིགས་པའོ། །དེ་ལས་གཞན་པ་ཡོད་ན་ཡང་མེད་པར་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་གང་ཡོད་ན་འགྱུར་བ་ཞེས་བཤད་པ་དེ་ཉིད་ལ་མེད་པ་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །

เล่ม ๑๗๗ · หน้า 141a

བདག་ལ་གནས་པའི་ཞེས་བྱ་བ་ནི་ལུས་ལ་གནས་པའིའོ། །དེ་ཡོད་པའི་ཕྱིར་ཁྱད་པར་མེད་པ་ལ་ཡང་ཞེས་བྱ་བ་ནི་ལུས་ལ་གནས་པའི་སྐྲ་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་ལས་ཁྱད་པར་མེད་པ་དག་ལ་ཡང་ཞེས་བྱ་བའི་དོན་ཏོ། །ས་བོན་ལ་སོགས་པ་ལས་

མྱུ་གུ་སྐྱེས་པ་གང་ཡིན་པ་དེས་སྐྱེད་པ་ནི་སྐྱེས་ཤིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཡུལ་གང་ལ་ཞེ་ན་མྱུ་གུ་ལའོ། །བསྐྱེད་པ་དེ་གང་ཡིན་ཞེ་ན། དེའི་འབྲས་བུའི་ཐ་སྙད་ཀྱི་ཤེས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། ས་བོན་དེའི་འབྲས་བུ་མྱུ་གུ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་དོ། །དེའི་ཤེས་པ་གང་ཡིན་

པ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་ཡང་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའི་གྲངས་ཅན་གྱི་གཞུང་ངོ་། །སྩོགས་པ་སྨོས་པས་བསལ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་རང་བློ་འཕྲོད་འདུ་བ་ལ་སོགས་པ་འབྲེལ་པས་སྐྱེད་ཡིན་ན་ཞེས་བྱ་བ་དེར་སོགས་པའི་སྒྲས་སོ། །དེ་ལྟར་ན་རང་བཞིན་དང་སྐྱེས་བུ་

དག་ལ་གཅིག་ཏུ་ཤིན་ཏུ་བཞེན་པའི་རྒྱུ་ཉིད་ཡོད་ན། ཕྱིས་ཀྱང་གྲོལ་བའི་གནས་སྐབས་ན་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་གཅིག་ཏུ་ཞེན་བ་ཉིད་དུ་འགྱུར་རོ། །དེ་ལ་ལྟོས་པ་མེད་ཅིང་དེས་བྱས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ཞིག་མེད་ན་ཡང་འགྱུར་བའི་དངོས་པོ་དེ་ནི་ལྟོས་པ་མེད་པ་སྟེ།

བརྟེན་པ་མེད་ཅིང་དེས་བྱས་པ་ཡིན་ཏེ། གང་ཡོད་ན་འགྱུར་བ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་མེད་ན་ཡང་ཡོད་པ་དེ་ནི་འབྲས་བུ་གང་ལ་དེ་ལྟོས་པ་མེད་པ་ཅན་ནོ། །གང་ཡོད་ན་འགྱུར་བ་ནི་དེས་བྱས་པ་ཡིན་ཏེ། དེ་ལ་ལྟོས་པ་མེད་པ་ཅན་ཡང་དེ་ཡིན་ལ། དེས་བྱས་པ་ཡང་ཡིན་

ནོ་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་བརྒྱད་པ། དེས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་གང་གིས་རང་གི་ཉིད་དུ་བཟུང་བ་དེ་ལ་དེའི་ཆགས་པ་དང་བྲལ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་གོང་དུ་

བཤད་པའི་གཏན་ཚིགས་དེ་མ་གྲུབ་པ་ཡིན་ནོ། །རང་གི་བློ་ལ་མི་འདོད་པའི་ཚོར་བའི་རྒྱུ་ཉིད་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་མི་འདོད་པའི་ཚོར་བའི་རྒྱུ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཞེས་བྱ་བ་ལ་སོགས་པ་ནི་

เล่ม ๑๗๗ · หน้า 141b

གྲུབ་པའི་མཐའ་སྨྲ་བའིའོ། །དེ་སྐད་དུ་ལུས་ཀྱི་དབང་པོ་ལ་སོགས་པའི་ཚོགས་མི་འདོད་པའི་ཚོར་བའི་རྒྱུ་ཉིད་ཡིན་པ་ཡང་གལ་ཏེ་མི་འདོད་པ་ཚོར་བའི་རྒྱུ་ཡིན་ནོ་ཞེས་ངེས་པར་གཟུང་བ་འདོད་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཅི་སྟེ་འགའ་ཞིག་གི་ཚེ་མི་

འདོད་པའི་ཚོར་བའི་རྒྱུ་ཡིན་ཞེས་བྱ་བ་དེའི་ཚེ། མ་ངེས་པ་ཡིན་ཏེ་འགའ་ཞིག་གི་ཚེ་མི་འདོད་པའི་ཚོར་བའི་རྒྱུ་ཡིན་ན་ཡང་རྣམ་གྲངས་ཀྱིས་རང་གི་བློ་བདེ་བའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ཉིད་ནི་གང་བདག་ཏུ་ཆགས་པ་བསྟན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བས་བསྟན་ཏོ། །དེ་སྡུག་

བསྔལ་གྱི་རྒྱུ་ཉིད་ཡིན་པར་ཤེས་ན་ཡང་ཞེས་བྱ་བ་ནི་བདེ་བའི་རྒྱུ་དེ་རྣམ་གྲངས་ཀྱིས་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པར་ཤེས་ནས་ཡང་ངོ་། །བདེ་བ་ཉེ་བར་བྱེད་པའི་བློ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་ནི་བདེ་བ་སྤྱོད་པའི་བློ་ཅན་དུ་འགྱུར་བའོ། །དེ་ལྟ་ན་ཡང་དེ་ལས་གཞན་པའི་སྲོག་ལ་གནོད་པ་མི་བྱེད་པའི་

ཞེས་བྱ་བ་ནི་དུག་དང་བཅས་པ་ལ་སོགས་པ་ལས་གཞན་དུ་དུག་དང་བཅས་པ་མ་ཡིན་པའོ། །དེའི་ཕྱིར་སྲོག་ལ་སོགས་པ་དང་བདེ་བའི་ལོངས་སྤྱོད་ཤིན་ཏུ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་ལས། ཁྱད་པར་ཅན་གྱི་བདེ་ཆགས་ལས། །རྒྱུ་དེའི་ཕྱིར་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱར་

རོ། །སྲོག་ལ་སོགས་པའི་སྒྲས་ནི་སྟོབས་དང་ཁ་དོག་ལ་སོགས་པ་གཟུང་ངོ་། །སྲོག་ལ་སོགས་པ་དང་བདེ་བའི་ལོངས་སྤྱོད་ཤིན་ཏུ་ཁྱད་པར་ཅན་ནི་ཟླས་དབྱེ་བའོ། །དེ་དག་དེ་ལས་ཐོབ་པར་འགྱུར་བ་དེ་ལྟར་ན་ཞེས་བྱ་བ་ནི་སྲོག་དང་རྗེས་སུ་འབྲེལ་པ་ཅན་གྱི་བདེ་བ་སྒྲུབ་པར་བྱེད་པ་ལ་སོགས།

དེ་ལས་གཞན་པའི་བདེ་བ་སྒྲུབ་པར་བྱེད་པ་འབྱུང་བའི་ངང་ཚུལ་ཅན་ནི། ཁྱད་པར་བདེ་ལ་སྲེད་པ་ཡིས། །ཞེས་བྱ་བ་ནི་ཕལ་ཆེར་སྡུག་བསྔལ་སྒྲུབ་པར་བྱེད་པ་དེ་ལས་ཤིན་ཏུ་གཞན་པའི་དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ། བདེ་བ་སྒྲུབ་པར་བྱེད་པ་ཡང་དེ་ཡིན་པས་ན་དེ་ལས་གཞན་པའི་བདེ་བ་སྒྲུབ་

པར་བྱེད་པའོ། །དེ་ལས་འབྱུང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཁྱད་པར་བདེ་བའི་སྒྲ་དང་ལས་འཛིན་པ་བྱ་སྟེ། དེ་ལ་སྲེད་པ་དེས་སོ། །དེ་ལས་གཞན་པའི་འཚོ་བ་རྟེན་མེད་པའི་ཕྱིར་ཞེས་བྱ་བ་ནི་དུག་དང་བཅས་པའི་ཟས་ལས་འཚོ་བའི་རྒྱུ་གཞན་མེད་པའི་ཕྱིར་རོ་ཞེས་

เล่ม ๑๗๗ · หน้า 142a

བྱ་བའི་དོན་ཏོ། །ཆུ་བསིལ་མོ་འཐུང་བའམ་ཞེས་བྱ་བ་འཇུག་པར་འགྱུར་ཏེ་ཞེས་བྱ་བ་དང་སྦྱར་རོ། །བཀྲེས་པའི་སྡུག་བསྔལ་གྱིས་ཞེས་བྱ་བ་ནི་དཔེ་གཉིས་པའོ། །ཅི་སྟེ་མྱ་ངན་ལས་འདས་པའི་གནས་སྐབས་ན་བདེ་བ་དང་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་བའི་

རྟེན་གྱི་ངོ་བོ་དང་བྲལ་བ་ཉིད་ཡིན་པ་དེ་བས་ན། དེ་ལ་བདེ་བའི་སྲིད་པ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་དོན་དུ་གཉེར་བར་བྱེད་ཅེས་འདོད་པ་དེའི་ཕྱིར་ལོངས་སྤྱོད་ལ་སོགས་པའི་རྟེན་ཐམས་ཅད་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེད་པར་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་གལ་ཏེ་བདེ་བ་དང་

སྡུག་བསྔལ་ལ་སོགས་པ་བདག་གི་ཡོན་ཏན་གྱི་རྟེན་བདག་གི་རང་གི་ངོ་བོ་དེ་ལས་ཉམས་པ་དེ་བས་ན་ངོ་བོ་མེད་པ་ཉིད་དུ་འགྱུར་ཏེ། རང་གི་ངོ་བོ་ཁས་མི་ལེན་པའི་ཕྱིར་དང་། ངོ་བོ་གཞན་སྐྱེ་བ་མེད་པའི་ཕྱིར་རོ། །ངོ་བོ་གཞན་སྐྱེ་ན་ནི་བདག་ཉིད་མི་རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །

ཆགས་པ་ཡིས་ནི་ཇི་ལྟར་འདོད། །ཆགས་པ་བྱེད་པ་པོ་ཉིད་དུའོ། །མྱོང་དང་ཐ་སྙད་ཡོན་ཏན་དག །ཀུན་གྱི་རྟེན་ནི་ལྡོག་པ་ཅན། །ཞེས་བྱ་བ་ནི་མདོ་ཡིན་ནོ། །ཉམས་སུ་མྱོང་བ་དང་ཐ་སྙད་དང་། ཡོན་ཏན་དག་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་ནས་ཀུན་གྱི་སྒྲ་དང་ཟླས་དབྱེ་བ་བྱའོ། །དེ་དག་

གི་རྟེན་ནི་དངོས་པོ་གཙོ་བོ་ཡིན་ཏེ། གང་ལ་ཉམས་སུ་མྱོང་བ་དང་། ཐ་སྙད་དང་ཡོན་ཏན་གྱི་རྟེན་ཉིད་ལྡོག་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ནི་ཉམས་སུ་མྱོང་བ་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་དང་ཞེས་བྱ་བ་ལ་སོགས་པས་ཐ་དད་པའི་སྒོ་ནས་འཆད་པར་བྱེད་དོ། །དེ་ལྟར་རང་

བཞིན་མེད་པ་ལས་ཏེ་རི་བོང་གི་རྭ་ལ་སོགས་པ་ལས་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱི་གཏན་ཚིགས་སོ་ཞེས་བྱ་བ་ནི་བདག་མེད་པ་ཉིད་ནི་ཉམས་སུ་མྱོང་བ་དང་ཐ་སྙད་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་ལྡོག་པ་ཅན་གྱི་བདག་ཉིད་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་

དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་ནི་ཡོད་པ་ཉིད་ཡིན་ཏེ། རེ་ཞིག་འདི་ལྟ་སྟེ། ཉམས་སུ་མྱོང་བ་སྐྱེད་པར་བྱེད་པའི་དོན་གྱི་བྱ་བ་འདི་ནི་ཐ་མ་ཡིན་ནོ། །དེ་ལས་ཀྱང་དེ་ལྡོག་པ་ཡིན་ན་ཇི་ལྟར་ན་རང་བཞིན་མེད་པར་མི་འགྱུར་ཞིང་། ཉམས་སུ་མྱོང་བ་དང་ཐ་སྙད་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་

เล่ม ๑๗๗ · หน้า 142b

ལྡོག་པ་ཅན་དུ་འདོད་པ་ལ་ཐམས་ཅད་མེད་པར་འདོད་པས་ཁྱབ་པ་ཡིན་ཏེ། དེ་ཡང་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་གང་ཡོད་ན་ཡང་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གང་ཡོད་ན་མི་འགྱུར་བ་ཞེས་བྱ་བ་འདི་ལ་གགས་བྱེད་པར་ནུས་པ་ཉིད་ཅེས་

བྱ་བའི་ཁྱད་པར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་ན་སྦྱང་ན་གནས་པའི་ས་བོན་ཡོད་ན་མྱུ་གུ་འབྱུང་བ་མ་ཡིན་ནོ། །དེ་ལྟར་ན་དེའི་རྒྱུ་མཚན་ཅན་ཞེས་བྱ་བ་འཁྲུལ་པར་འགྱུར་རོ། །ཡང་ན་ཁྱད་པར་དུ་བྱས་པ་ལ་དོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྦྱང་ན་གནས་པའི་ས་

བོན་གྱི་རྒྱུ་མཚན་ཅན་དུ་མྱུ་གུ་མི་འགྱུར་བ་ཉིད་ཡིན་ཏེ། དེ་ནི་སྐད་ཅིག་མ་གཞན་ལ་རག་ལུས་པའི་སྐྱེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །རྒྱུའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་ནས་དེ་ལ་རྒྱུར་ཐ་སྙད་དུ་བྱས་པ་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེའི་རྒྱུ་མཚན་ཅན་ཉིད་ལ་དེ་ཡོད་ན་ཡོད་

པར་ཁྱབ་པ་ཡིན་ལ་དེ་དང་འགལ་བར་ཡང་མེད་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ཡང་ལྡོག་པ་མེད་པ་ཉིད་ཡིན་པ་ཞེས་བྱ་བ་ནི་བདག་ཏུ་ཆགས་པའོ། །དེ་ལས་ལྷག་པའི་འབྲས་བུའི་ཁྱད་པར་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་གྲུབ་པས་ན་གྲུབ་པ་

སྟེ། མངོན་སུམ་གྱི་འཇུག་པ་དེ་ལས་ལྷག་པའི་འབྲས་བུའི་ཁྱད་པར་གྲུབ་པ་མེད་པའི་ཕྱིར་རོ། །མངོན་སུམ་གྱི་འཇུག་པ་ཉིད་བསྒོམས་པ་ལ་སོགས་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ་སོ་སོའི་སྐྱེ་བོའི་གནས་སྐབས་ན། སྡུག་བསྔལ་

མངོན་སུམ་དུ་བྱས་པ་ཡོད་ན། ཡང་འདོད་ཆགས་དང་བྲལ་བ་མི་འབྱུང་བ་ནིའོ། །དེ་སྔར་ཡང་ནི་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་པའི་གནས་སྐབས་ནའོ། །དེ་ལ་འདོད་ཆགས་དང་བྲལ་བ་ཐོབ་པའི་རྒྱུ་ནི་དེ་ལ་ཆགས་པ་མེད་པ་ཉིད་ཡིན་ལ། དེ་དང་འགལ་བ་ནི་ཆགས་པ་དང་ལྡན་

པ་ཡིན་ལ། དེ་ལྟར་ན་རྒྱུ་འགལ་བ་དམིགས་པའོ། །གཏན་ཚིགས་མ་ངེས་པའམ་ཞེས་བྱ་བ་ནི་བདག་ཏུ་ཆགས་པ་དང་བྲལ་བ་ལ་ཡོད་ན་ཡང་སྐྱོན་མཐོང་བའི་ཡུལ་ལ་འདོད་ཆགས་དང་བྲལ་བ་དམིགས་པའི་ཕྱིར་རོ། །ཅི་སྟེ་མ་ངེས་པའི་སྐྱོན་བསལ་བར་བྱ་བའི་ཕྱིར་སྐྱོན་མ་མཐོང་བ་ཡོད་ན་བདག་ཏུ་

เล่ม ๑๗๗ · หน้า 143a

ཆགས་པ་དང་ལྡན་པའི་ཞེས་བྱ་བ་ཁྱད་པར་དང་བཅས་པའི་གཏན་ཚིགས་ལ་བརྟེན་པ་ཡིན་པ་དེ་བས་ན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་སྨོས་ཏེ། ཐར་པའི་གནས་སྐབས་ན་དོར་བར་བྱ་བའི་དངོས་བོ་ལ་སྐྱོན་དུ་མ་མཐོང་བ་ཉིད་མ་གྲུབ་པའི་ཕྱིར་རོ། །ཡུལ་གཞན་ལ་འབྱུང་བ་ཅན་

གྱི་འདོད་ཆགས་ཀྱི་ལྷག་མ་ནི་ཞེས་བྱ་བ་ནི་བུད་མེད་གང་ལ་འདོད་ཆགས་དང་མ་བྲལ་བ་དེ་ལ་འབྱུང་བ་ཅན་གྱིའོ། །བུད་མེད་དེ་ལ་ཡང་ཞེས་བྱ་བ་ནི་གང་ལ་རྣམ་པ་འགའ་ཞིག་གི་འདོད་ཆགས་དང་བྲལ་བའོ། །དེ་ཉིད་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ལ་བདག་ཏུ་ཆགས་པ་ལ་

སོགས་པ་འབྱུང་བའི་ངང་ཚུལ་ཅན་དེའི་སྐྱོན་ཡོད་པ་ཞེས་བྱ་བ་ནི་བདག་ཏུ་ཆགས་པ་ལ་སོགས་པ་ལ་འབྱུང་བའི་ངང་ཚུལ་ཅན་གྱི་སྐྱོན་གང་ཡིན་པའི་སྐྱོན་དེ་ཉིད་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་ནོ། །ཆགས་པ་དེ་ནི་བདག་ཡོད་ན་ཡང་ངོ་། །བདག་གི་ཆགས་པའི་རྒྱུ་བདག་གི་བློ་ལ་ཞེས་བྱ་བ་ནི་གཞི་

མཐུན་པའི་དྲུག་པའོ། །དེ་བས་ན་ཉེ་བར་ཞི་བ་ལ་དེའི་རྒྱུ་ལ་གནོད་པར་བྱེད་པས་ཁྱབ་པ་ཡིན་ལ། དེ་འདི་ལ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བདག་གིར་ཆགས་པའི་རྒྱུ་ཡོན་ཏན་དུ་ལྟ་བའི་གནོད་པར་བྱེད་པ་སྡུག་བསྔལ་བསྒོམ་

པ་ཡིན་པ་དེ་བས་ན་བདག་གིར་ཆགས་པའི་རྒྱུའི་གནོད་པར་བྱེད་པ་ཉིད་སྐྱོན་མཐོང་བ་ཡིན་པ་དེ་ལྟར་ན། བདག་བཤད་མ་ཐག་པའི་གཏན་ཚིགས་མ་གྲུབ་པར་དོགས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གི་ཉིད་ཡོད་ནའང་། འདས་སོགས་ལ་ནི་ཞེས་བྱ་བ་ནི་གང་གི་

ཚེ་སྔར་བདག་གི་ཉིད་ཡོད་ན་ཡང་འདས་པ་ལ་སོགས་པར་འགྱུར་ཏེ། དེ་ལ་མེད་པ་ནི་བདག་ཏུ་ཆགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ནི་གང་གི་ཚེ་བདག་གིའི་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ལ་ཡོན་ཏན་དུ་མཐོང་བས་བྱས་པ་ཉིད་ལ་སྐྱོན་དང་ལྡན་དུ་

ཟིན་ཀྱང་སྐྱོན་མེད་པར་མཐོང་བས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ཡང་སྐྱོན་མཐོང་བ་ཉིད་ཡིན་པ་དེ་ལྟར་ན། སྦྱོར་བ་གཉིས་པས་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་བདག་གིར་ཆགས་པའི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་

เล่ม ๑๗๗ · หน้า 143b

ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་ཡུལ་ལ་ཆགས་པའི་རྒྱུ་བདག་གི་བློ་ལ་སྡུག་བསྔལ་བསྒོམ་པ་གནོད་པར་བྱེད་པ་ཡིན་པ་དེ་ལྟར་ན། གཏན་ཚིགས་སུ་བཤད་པ་དེ་མ་གྲུབ་པ་ཡིན་ཏེ། སྡུག་བསྔལ་བསྒོམ་པ་བདག་གི་བློ་ལ་གནོད་པར་

བྱེད་པ་ཡིན་ནོ་ཞེས་བཤད་མ་ཐག་པའི་ཚུལ་གྱིས་སོ། །གཏན་ཚིགས་གང་དག་གིས་ཞེས་བྱ་བ་ནི། བྱིས་སྩོགས་ལ་ཡང་ཡོད་ཕྱིར་དང་། །སྐྱོན་ལྡན་པ་ཡང་ཡོད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་དག་གིས་སོ། །ཡོན་ཏན་མཐོང་བའི་རྒྱུ་ཅན་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་གང་ལ་

ཡོན་ཏན་མཐོང་བའི་རྒྱུ་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་པའོ། །གང་ཞིག་གིས་གང་གི་རྒྱུ་ལ་གནོད་པ་བྱེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་འདིར་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། གང་ཞིག་གང་གི་རྒྱུ་ལ་གནོད་པར་བྱེད་པ་མ་ཡིན་པ་དེ་ནི་དེ་ལས་དེ་ཉེ་བར་ཞི་བ་མ་ཡིན་ཏེ། དཔེར་ན་བད་

ཀན་གྱི་ནད་ཀྱི་གཞི་ལ་གནོད་པ་བྱེད་པ་མ་ཡིན་པ་མངར་ཞིང་བསིལ་ལ་སྣུམ་པ་ལ་སོགས་པ་བད་ཀན་གྱི་ནད་རབ་ཏུ་ཞི་བ་མ་ཡིན་པ་ལྟ་བུའོ། །སྡུག་བསྔལ་བསྒོམ་པ་ཡང་དབང་པོ་ལ་སོགས་པའི་ཡུལ་ལ་ཆགས་པའི་རྒྱུ་བདག་གི་བློ་ལ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །མ་གྲུབ་པ་ཡང་

མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་བདག་གི་བློ་ཡོན་ཏན་མཐོང་བའི་རྒྱུ་ཅན་མ་ཡིན་གྱི། འོན་ཀྱང་བདག་ཏུ་ཆགས་པའི་རྒྱུ་ཅན་ཡིན་ལ། དེ་ལ་སྡུག་བསྔལ་བསྒོམ་པ་གནོད་པ་བྱེད་པ་མ་ཡིན་པ་དེ་ལྟར་ན་མ་གྲུབ་པ་ཡང་མ་ཡིན་ནོ། །མཆོག་ཀྱང་དེ་ཡིན་ལ་གཞན་ཡང་ཡིན་པ་ཞེས་བྱ་བ་ནི་ཁྱད་

པར་གྱི་བསྡུ་བའི་ཁྱད་པར་དུ་འཕགས་པའི་ཡིན་པའི་ཕྱིར་མཆོག་ཡིན་ནོ། །ཅིག་ཤོས་ཉིད་ཡིན་པའི་ཕྱིར་གཞན་ཡིན་ཏེ། ཅིག་ཤོས་ཁྱད་པར་དུ་འཕགས་པ་དོན་དུ་གཉེར་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གཞན་དང་གཞན་

ཞེས་བྱ་བ་ནི་སྔར་རྙེད་པ་དེ་ལས་གཞན་ནོ། །གལ་ཏེ་ངའི་བདག་ལྷ་ལ་སོགས་པར་གྱུར་ཅིག་ཅེས། བདག་གཞན་དོན་དུ་གཉེར་བ་ཡང་ཡོད་པ་ཡིན་ནོ་ཞེ་ན། གང་གི་ཚེ་ཡང་ངའི་བདག་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ལྷ་སྦྱིན་ཇི་སྐད་དུ་བཤད་པའི་རིམ་པ་ཞེས་བྱ་

เล่ม ๑๗๗ · หน้า 144a

བ་ནི་བདག་ལས་བ་ལང་ལ་སོགས་པ་ཐ་དད་པའི་བློའི་རྒྱུ་མཚན་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དཔེ་འདི་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྗེས་སུ་འགྲོ་བ་བསྟན་ཏོ། །མེད་པ་ཅན་མ་ཡིན་ཏེ་ཞེས་བྱ་བ་ནི་རྟག་ཏུ་ཐག་ཉེ་བ་ཉིད་དོ། །དེ་ཡང་ཞེ་སྡང་ཡིན་ཏེ་ཞེས་

བྱ་བ་ནི་ཡིད་མི་བདེ་བས་བྱས་པའི་ཁྲོ་བ་ནི་ཞེ་སྡང་ངོ་། །གལ་ཏེ་ཞེ་སྡང་དང་མཚུངས་པར་ལྡན་པའི་ཡིད་མི་བདེ་བ་ཙམ་གྱི་ཡིད་བྱུང་བ་དེ་ཇི་ལྟར་ན་ཞེ་སྡང་ཡིན་པར་འགྱུར་ཞེ་ན། ཞེ་སྡང་དང་བྲལ་བའི་ཡིད་མི་བདེ་བ་མེད་པའི་ཕྱིར་རོ། །ཡིད་མི་བདེ་བ་རང་གི་ཡུལ་ལ་སྐྱེ་བར་འགྱུར་བ་ན་ཡོངས་

སུ་དོར་བ་ལ་ལྟོས་ནས་སྐྱེ་བར་འགྱུར་ཞིང་། ཡོངས་སུ་སྤོང་བའི་རྣམ་པ་ཅན་ཡང་ཞེ་སྡང་ཡིན་ནོ། །ལུང་ལ་ཡང་དོན་འདི་མཐོང་ངོ་ཞེས་བསྟན་པའི་ཕྱིར། དཔེར་ན་འཕགས་པ་གནས་བརྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ་དེ་ཉིད་ཀྱི་ཕྱིར། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ལ་ཡིད་

མི་བདེ་བ་མི་འདོད་དོ། །དེ་དག་གི་ལུང་གི་ཁྱད་པར་གང་ལ་ཡང་དགྲ་བཅོམ་པ་དག་ཀྱང་ཡི་རངས་ཏེ་ཞེས་འདོན་པ་དེ་ལ་ཡང་ཡི་རང་བ་ལས་སྡུག་བསྔལ་ལ་དམིགས་པའི་སེམས་ཀྱི་འཇུག་པ་ཡི་རང་བ་མེད་པ་གཞན་ཡིན་གྱི། ཡིད་མི་བདེ་བ་མ་ཡིན་ཞེས་དེ་དག་གིས་ཁས་བླངས་པ་ཡིན་ནོ། །

སྐྱོ་བ་དང་སྐྱོ་བ་མེད་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ལ་ཞེ་སྡང་དང་རྗེས་སུ་ཆགས་པ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་དེ་བས་ན་ཞེ་སྡང་དང་མཚུངས་པར་ལྡན་པ་ཡིད་མི་བདེ་བ་ཉིད་ཡིན་པ་དེ་བས་

ན། མི་དགེ་བ་ཉིད་ཡིན་པའི་ཕྱིར་དེ་བསྟེན་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཡིད་འབྱུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་ཅི་ལྟར་འཐད་པ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་ཡིད་མི་བདེ་བ་དེ་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ།

དགེ་བའི་ཆོས་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དེ་ལས་ཡིད་འབྱུང་བས་ངེས་པར་དེའི་གཉེན་པོའི་ཕྱོགས་ཀྱི་དགེ་བའི་ཆོས་བསྟན་པའི་ཕྱིར་རོ། །གང་གི་ཚེ་ཡང་དེ་འཇུག་པའི་རྒྱུ་དང་འགལ་བའི་རྐྱེན་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་དེའི་འཇུག་པའི་རྒྱུ་གང་ཡིན་པ་དེ་དང་

เล่ม ๑๗๗ · หน้า 144b

འགལ་བ་བདེ་བའི་རྒྱུ་དེ་ཉེ་བས་ཞེས་བྱ་བའི་དོན་ཏོ། །བདག་གི་དངོས་པོ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོའི་ཚོགས་སྲེད་པ་ལས་ཞེས་བྱ་བ་ནི་གཞི་མཐུན་པའི་བདུན་པའོ། །ཙནྡན་དང་སྟེའུ་དག་དང་འདྲ་བར་ཞེས་བྱ་བ་ལ་འདྲ་བའི་སྒྲ་ནི་མཚུངས་པའི་རྣམ་གྲངས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཙནྡན་དང་

སྟེའུ་དག་དང་འདྲ་བ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ནི་དེ་ལ་སྐྱས་བུ་གཅིག་སེམས་དང་བ་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །དེ་བཞིན་དུ་ཙནྡན་དང་སྟེའུ་དག་ལ་ཡིན་ཏེ་ཞེས་བྱ་བ་ནི་ཞེ་སྡང་དང་མངོན་པར་ཆགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྐྱེས་བུ་བྱེད་པ་པོ་ལ་

རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ་དེ་ལྟར་ཙནྡན་དང་སྟེའུ་བྱེད་པར་གྱུར་པ་ལ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྡུག་བསྔལ་བསྒོམ་པས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་གཞུང་འདིས་ནི་ཡོན་ཏན་མཐོང་བ་ལས་འཇུག་པར་བརྗོད་ཅིང་ཡང་ཡོན་ཏན་མ་མཐོང་བས་སྤོང་བ་བརྗོད་པ་དེ་

བས་ན། རང་ཉིད་སྡུག་བསྔལ་བསྒོམ་པས་འདོད་པ་སྤོང་བའི་ཐབས་བསྟན་པར་འགྱུར་རོ། །དེ་དང་མཚུངས་པར་ལྡན་པ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་སོ། །དེ་དང་འབྲེལ་པ་ལས་ནི་སྡུག་བསྔལ་གྱི་ཉམས་སུ་མྱོང་བའི་འགྱུར་བའི་ཡུལ་ལོ། །རྟོག་པར་འགྱུར་རོ་ཞེས་བྱ་བ་མངོན་

སུམ་དུ་བྱེད་པའོ། །ངའི་ཞེས་བྱ་བ་ནི་བདག་ཐ་དད་པ་སྟེ། བདག་གི་རྟེན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ངའི་ངའོ་ཞེས་བྱ་བ་ནི་བདག་ཐ་དད་པ་མེད་པར་རྟོག་པའོ། །འདི་ནི་བདག་གོ་ཞེས་བྱ་བ་ནི་གཅིག་ཏུ་ཐ་དད་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་བློའི་དབང་པོ་ལ་སོགས་པ་རྣམས་ཀྱི་རྟེན་དུ་

གྱུར་བ་ཡིན་ནོ། །དེ་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དག་ལ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་འགྱུར་བར་ནི་འདོད་མོད་ཀྱི་གདུལ་བྱའི་ཁྱད་པར་གྱིས་ཐབས་མང་པོ་བསྟན་པར་བྱ་བའི་ཕྱིར་རྣམ་པ་གཞན་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་བདག་མེད་པ་ཉིད་མཐོང་བ་དང་འདྲ་བ་མི་རྟག་པ་ལ་

སོགས་པ་མཐོང་བ་ཡང་ཉོན་མོངས་པའི་རྒྱུ་འཇིག་ཚོགས་སུ་ལྟ་བ་དང་། དངོས་སུ་འགལ་བར་འགྱུར་ན་འགལ་བ་ཡང་མ་ཡིན་ནོ། །བྱ་དང་ལོངས་སྤྱོད་བདག་གི་མཚན་ཉིད་ཅན་གྱིའོ་ཞེས་བྱ་བ་ནི་བྱ་བ་དང་ལོངས་སྤྱོད་ཀྱི་རྟེན་ཉིད་ཡིན་པ་བས་ན་བྱ་བ་དང་ལོངས་སྤྱོད་ཀྱི་སྒྲ་དག་གིས་བཤད་དོ། །བྱ་བ་དང་

เล่ม ๑๗๗ · หน้า 145a

ལོངས་སྤྱོད་ཀྱི་བདག་ཉིད་ཅན་གྱི་བདག་གི་རང་གི་ངོ་བོ་དེ་དང་འགལ་བ་ཡང་བྱ་བ་དང་ལོངས་སྤྱོད་དང་བྲལ་བ་ཉིད་ཡིན་པ་དེ་ལྟར་ན་རང་བཞིན་འགལ་བ་དམིགས་པའོ། །ཡང་ན་ཞེས་བྱ་བ་ནི་སྦྱོར་བ་གཉིས་པ་སྟེ། འདི་ལས་བྱས་བའི་འབྲས་བུ་ལོངས་མི་སྤྱོད་པ་ཞེས་བརྗོད་ཀྱི།

རང་གིས་བྱས་པའི་ཞེས་བྱ་བ་མ་ཡིན་པ་དེ་ལྟར་ནི་ཁྱད་པར་ནི་དེ་ཡོད་དོ། །དེ་ཡང་རྒྱས་པར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་དང་པོར་ལུང་ཚད་མ་མ་ཡིན་པར་རོ། །ས་དང་ཆུའི་ཆོས་ཡིན་གྱི་ཞེས་བྱ་བ་ལ་ལྕི་བ་ནི་ས་དང་ཆུའི་རྫས་ཀྱི་ཆོས་ཡིན་གྱིའོ། །ལུས་དང་ལྡན་པ་ལ་ལ་ཡང་ཞེས་བྱ་བ་ནི་

མེ་ལྕེ་ལ་སོགས་པའོ། །གལ་ཏེ་སྡིག་པ་ལྕི་བའི་མཚན་ཉིད་ཡིན་པ་དེའི་ཚེ། ཕྱི་རོལ་གྱི་ལྕི་བ་ལ་ཡང་འགྱུར་ན་ཡོད་པ་མ་ཡིན་ནོ། །དེ་ཉིད་ནི་ཚྭ་ལ་སོགས་པའི་བདག་ཉིད་རང་བཞིན་ཉིད་ཀྱིས་ལྕི་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིག་ལ་སོགས་པ་ལྔ་དང་ཡིད་ནི་སྐྱེ་མཆེད་དེ་

དྲུག་གོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་སེམས་ལས་བྱུང་བ་དག་ནི་ཅི་རིགས་དེ་དང་ལྷན་ཅིག་འབྱུང་བའོ། །ལོག་པར་ཤེས་དང་དེ་ལས་བྱུང་བ་ནི། །ལོག་ཤེས་དང་ནི་དེ་ལས་བྱུང་། །སྲེད་དང་ངོ་། །དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་དེའི་དབང་གིས་སོ། །དེ་ཉིད་ནི་

སྡུག་བསྔལ་ལ་ཕྱིན་ཅི་ལོག་པའི་བློ་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ཡང་བསྟན་ཟིན་ཏོ་ཞེས་བྱ་བ་ནི། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བའི་རྒྱུ། །གང་གི་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་སོ། །དེའི་ཕྱིར་དེ་བཅད་སྐྱེ་མི་འགྱུར། །འཁོར་བར་སྐྱེ་བར་མི་

འགྱུར་རོ། །བཤད་མ་ཐག་པའི་སེམས་དེ་གཅོད་པར་བྱེད་པས་ན། དེ་བཅད་པའི་སེམས་པའི་མཚན་ཉིད་ཅན་གྱི་ལས་སྔ་མ་སྔ་མ་མངོན་པར་འདུས་བྱས་པ་ལས་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེད་པ་ལས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཕྱི་མ་ཕྱི་མ་ཞེས་

བྱ་བས་འཆད་པར་བྱེད་དོ། །ཐ་མའི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཕྱི་མའོ། །ནུས་པ་ནི་གགས་བྱེད་པ་མེད་པ་ཅན་ནོ། །གང་དེ་མ་ཐག་ཏུ་སྐྱེ་བའོ། །ཅི་རིགས་པར་རྟེན་ཡིན་ཏེ་ཞེས་བྱ་བ་ནི། བྱེད་པ་ནི་རྟོགས་པའི་རྟེན་ཡིན་ཞིང་གནས་གཞན་ཐོབ་པ་གཟུགས་ལ་སོགས་པའི་འབྲས་བུ་རྟེན་ཡིན་ནོ། །

เล่ม ๑๗๗ · หน้า 145b

རྟོགས་པ་དང་མངོན་པར་འདོད་པའི་གནས་སྐབས་སུ་ཕྱིན་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་རྟོགས་པ་དང་མངོན་པར་འདོད་པའི་གནས་སུ་ཕྱིན་པ་དག་གིས་སྒྲུབ་པར་བྱེད་པ་ནི་ཞེས་བྱ་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་ཉི་ཤུའི་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་རེ་རེ་ལ་རྣམ་པ་བཅུ་ཡིན་ཏེ་ཐ་དད་པའི་

ཕྱིར་རོ། །དེའི་འཇུག་པས་བསྐྱེད་པའི་འདུ་བྱེད་ཅེས་བྱ་བ་ནི་བདག་གི་ཡོན་ཏན་ནོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེས་བུ་དབང་དང་ལྡན་པ་ལ་ཡང་སྐྱེ་བའི་རྒྱུ་ཚང་བ་ཡོད་པ་ཡིན་ཞེས་བྱ་བ་འདིའོ། །གང་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་བ་ཅན་ཞེས་བྱ་བ་ནི་གང་

ལ་འབྲས་བུ་དང་བྱེད་པའི་ཚོགས་པ་དང་བྲལ་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐྱེས་བུ་སྔར་དབང་བསྐུར་བ་ཕྱིས་ཤི་བ་ནི་སྐྱེས་བུ་དབང་བསྐུར་བ་ཕྱིས་ཤི་བའོ། །ཡུལ་གཞན་ལས་མངོན་པར་འདོད་པའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །བདག་གི་ཡོན་ཏན་ལ་

སོགས་པའི་ཁྱད་པར་ལ་ཞེས་བྱ་བ་ནི་བདག་གི་ཡོན་ཏན་མ་མཐོང་བའིའོ། །སོགས་པའི་སྒྲ་ནི་འབྲས་བུ་དང་བྱེད་པའི་ཚོགས་པའི་རང་བཞིན་གང་ཡིན་པའི་ཁྱད་པར་ལ་སྟེ། དབང་བསྐུར་གྱིས་ཡང་སྲིད་པ་སྐྱེད་པའི་ནུས་པ་མ་བཅོམ་པ་དེ་ལ་ལྟོས་ནས་ཞེས་བྱ་བར་སྦྱར་རོ། །མ་ངེས་པ་

ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་སེམས་པ་གཉིས་དང་མཚུངས་པར་ལྡན་པའི་བློ་ཡོད་ན་ཡང་ཇི་སྐད་དུ་བཤད་པའི་ལྷན་ཅིག་བྱེད་པ་དང་བྲལ་ན་ཡུལ་གཞན་དུ་ཕྱིན་པར་མི་འགྱུར་བའི་ཕྱིར་རོ། །བྱེད་པ་ལ་སོགས་པའི་རང་བཞིན་ལ་གནོད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རང་བཞིན་ལ་

གནོད་པ་མེད་པ་ཉིད་ལ་ལྟོས་ནས་བློ་ལས་བྱེད་པ་ལ་སོགས་པ་འཕེན་པར་བྱེད་པ་དེའི་ཚེ་དབང་བསྐུར་བའི་བློ་གང་ཡིན་པ་དེ་ཁྱེད་ཀྱི་གཞུང་གིས་བྱེད་པ་རྣམས་ཀྱི་རང་བཞིན་ལ་གནོད་པ་མེད་པའི་ཕྱིར་བློ་དེ་ལས་སེམས་ཀྱི་དབང་གིས་བྱེད་པ་ལ་སོགས་པ་འཕེན་པ་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བ་

ནི་བསྡུ་བའི་དོན་ཡིན་ནོ། །བློའི་ཁྱད་པར་དང་ཇི་ལྟར་འཇུག་པ་བཞིན་དུ་བྱེད་པའི་རྒྱུ་ཡོད་ན་ཞེས་བྱ་བ་བློའི་ཁྱད་པར་འདོད་པ་དང་ལྡན་པ་དང་། ཇི་ལྟར་འཇུག་པ་བཞིན་དུ་བྱེད་པའི་རྒྱུན་ཡོད་ན་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །བྱེད་པ་འཕེན་པའི་བློ་ལ་ཞེས་བྱ་བ་ནི་བྱེད་པ་འཕེན་པ་ཡང་དེ་ཡིན་ལ་བློ་ཡང་

เล่ม ๑๗๗ · หน้า 146a

ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །སྲིད་པ་དེ་མ་འོངས་པའི་སྐྱེ་བ་ལ་བྱེད་པ་རྣམས་འཕེན་པར་བྱེད་པ་ནི་བློ་ཡིན་ནོ། །དྲི་མ་རྣམས་ཀྱིས་བློ་མཚམས་སྦྱོར་བར་བྱེད་ཅིང་སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་རོ། །དབང་བསྐུར་བ་དྲི་མ་རྣམས་ལ་ཞེས་བྱ་བ་ལ་སོགས་

པ་རྣམས་ནི་གཞན་གྱི་ཡིན་ཏེ། དབང་བསྐུར་བ་དྲི་མ་རྣམས་ལ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཡིན། བཤད་པ་འགའ་ཞིག་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །གཉེན་པོའི་ཕྱོགས་འཕེལ་ན་འགྲིབ་པ་དང་རང་གི་ཕྱོགས་འཕེལ་བ་ན་ཕུལ་དུ་བྱུང་བ་

ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཉེན་པོའི་ཕྱོགས་བདག་མེད་པ་ཞེས་བྱ་བ་ལ་སོགས་པ་དེའི་བཤད་པ་ཡིན་ནོ། །བུད་ཤིང་སྔོན་དུ་སོང་བ་ཅན་གྱི་མེའི་ཁྱད་པར་ཞེས་བྱ་བ་ནི་བུད་ཤིང་སྔོན་དུ་སོང་བ་ཅན་གྱི་མེའི་ཁྱད་པར་འཕེལ་བ་ན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དུས་སྔར་བྱུང་བ་ཅན་གྱི་དྲི་མ་

རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དོ། །བྱེད་པ་འཕེན་པར་བྱེད་པ་ཡང་དེ་ཉིད་ཡིན་ལ་བློ་ཡང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །བྱེད་དང་མི་བྱེད་དུས་དག་ཏུ། །བདག་ཉིད་དག་ནི་འདྲ་བ་དང་། །ཞེས་བྱ་བ་ནི་མདོ་ཡིན་ནོ། །འབྲས་བུ་བྱེད་པའི་དུས་དང་འབྲས་

བུ་མི་བྱེད་པའི་དུས་དག་ཏུ་བདག་ཉིད་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་འབྲས་བུ་མངོན་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་འདོད་པ་དང་མངོན་པར་འདོད་པ་མ་ཡིན་པ་ནི་གོ་རིམས་བཞིན་དུ་འབྲས་བུ་བྱེད་པ་དང་མི་བྱེད་པའི་དུས་དག་ཡིན་ནོ། །དེ་བས་ན་

བྱེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་གྱི་འབྲས་བུ་བྱེད་པའི་དུས་ཡིན་ལ། མི་བྱེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་གྱི་འབྲས་བུ་མི་བྱེད་པའི་དུས་ལ་ཞེས་བྱ་བ་ཡིན་ནོ། །དེའི་འབྲས་བུ་ཡང་ཞེས་བྱ་བ་ནི་བྱེད་པའི་འབྲས་བུ་ཡིན་པ་དེ་བས་ན་བདག་ལས་གཞན་པ་ཞེས་བྱ་བའི་དོན་

ཏོ། །བྱེད་པ་པོ་མི་འདོད་པ་གང་ཡིན་པ་དེས་ཀྱང་ཞེས་བྱ་བ་ནི་གྲངས་ཅན་པ་དེ་སྐྱེས་བུ་བཏང་སྙོམས་སུ་བྱེད་པ་འདོད་དོ། །སྐྱེས་བུའི་འདོད་པ་ཉིད་ལས་ཞེས་བྱ་བ་ནི་སྐྱེས་བུའི་སྲེད་པས་སོ། །རང་བཞིན་ཞེས་བྱ་བ་ནི་གཙོ་བོའོ། །དེ་བས་ན་སྦྱོར་བ་གཉིས་པ་ཚད་མར་འགྱུར་བ་གང་ཡིན་པ་དེ་ལ་

เล่ม ๑๗๗ · หน้า 146b

གཏན་ཚིགས་མ་གྲུབ་པའམ་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །ཡུལ་ལོངས་སྤྱོད་པ་ནི་སེམས་པ་ཅན་ནོ། །རང་བཞིན་འགལ་བ་དམིགས་པ་ནི་རྒྱུ་དང་འབྲས་བུ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྱུར་རོ། །གཞན་

གྱི་ཉམས་སུ་མྱོང་བ་གཞན་གྱིས་དྲན་པའམ་ཞེས་བྱ་བ་ནི་སྐད་ཅིག་མར་སྨྲ་བ་དག་ནི་བདག་མི་འདོད་པས་དེ་ཐོབ་པ་ཡིན་ན་དེ་ཡང་རིགས་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །དེས་འགའ་འང་དྲན་པ་མེད་ཕྱིར་རོ། །ཞེས་བྱ་བ་ནི་དྲན་པ་པོ་རང་དབང་ཅན་གྱི་དྲན་པ་ཁོ་བོ་ཅག་མི་འདོད་དོ་ཞེས་བྱ་བའི་དོན་ཏོ། །

ཕྱིས་ཀྱང་ཉམས་སུ་མྱོང་བ་ལ་སོགས་པས་དེ་འཆད་པར་བྱེད་དོ། །ཉམས་སུ་མྱོང་ལས་དྲན་པ་འབྱུང་། །ཞེས་བྱ་བ་འདིས་ནི་སྐད་ཅིག་མ་ཉིད་ཡིན་ན་ཡང་རྒྱུད་གཅིག་ལ་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ལ་དྲན་པ་སྐྱེ་བར་འགྱུར་གྱི་རྒྱུད་གཞན་ལ་ནི་མ་ཡིན་ནོ་ཞེས་

བསྟན་པ་ཡིན་ནོ། །གལ་ཏེ་བྱེད་པ་པོ་རང་དབང་ཅན་ཡོད་པ་མ་ཡིན་ན། འོ་ན་ཅི་ལ་ལྟོས་ནས་དྲན་པ་ཉིད་ཅེས་བྱ་བའི་དངོས་པོ་རྐྱེན་ཡིན། ཡོད་པ་ནི་ཡོད་པར་བྱེད་པ་མེད་པར་རིགས་སོ་ཞེ་ན། དེའི་ཕྱིར་འདིར་དངོས་པོའི་རྐྱེན་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་འགའ་

ཞིག་ལ་སྒྲོ་བཏགས་པ་ཞེས་བྱ་བ་ནི་དྲན་པ་ཉམས་སུ་མྱོང་བའི་དངོས་པོའི་རྣམ་པར་སྐྱེས་པས་བྱ་བ་དང་བཅས་པའི་ཤེས་པ་ལ་བརྟེན་ནས་བྱེད་པ་པོ་ཉིད་དུ་སྒྲོ་བཏགས་པ་དང་ཡུལ་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྒྲོ་བཏགས་པ་ཉིད་ཡིན་པ་དེ་བས་ན་དངོས་པོའི་རྐྱེན་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །ཀུན་རྫོབ་ལ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྣམ་པ་ཅན་གྱི་བློ་ལའོ། །ཚད་མ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲོ་འདོགས་པར་བྱེད་པའི་བློས་རྣམ་པར་གཞག་པ་ནི་ཅི་རིགས་པར་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་གཅིག་ལ་ཡང་ཅི་ལྟར་བརྡ་

ཇི་ལྟ་བ་བཞིན་དུ་ཕན་ཚུན་འགལ་བའི་ཐ་སྙད་མཐོང་བ་ཡིན་ནོ། །དེའི་དབང་གིས་དངོས་པོ་གཅིག་དུ་མ་ཉིད་མ་ཡིན་ཏེ་བདག་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་ཡང་གཞན་དག་ཏུ་བཤད་ཟིན་པ་ཉིད་ཡིན་པ་དེ་ལྟར་ན་འདིར་མ་སྨོས་སོ། །གཉེན་པོའི་ཕྱོགས་ཉིད་ཡིན་པར་བྱ་བ་ནི་བདག་མེད་པ་ཉིད་

เล่ม ๑๗๗ · หน้า 147a

ཀྱི་ལམ་གཉེན་པོའི་ཕྱོགས་ཉིད་ཡིན་པར་རོ། །ཇི་ལྟར་དེ་སྡུག་བསྔལ་གྱི་རྒྱུའི་གཉེན་པོའི་ཕྱོགས་ཉིད་ཡིན་པ་ཞེས་བྱ་བ་ནི་བདག་མེད་པའི་ལམ་ཉིད་དོ། །དེ་ཡང་མ་རིག་པ་ལས་བྱུང་བའམ། མ་རིག་པའི་ཁྱད་པར་ཡིན་གྲང་ན་ཞེས་བྱ་བ་ནི་གང་གི་ཚེ་འཇིག་ཚོགས་སུ་

ལྟ་བ་མ་རིག་པ་ཉིད་ཡིན་པ་དེའི་ཚེ་མ་རིག་པ་ལས་བྱུང་བའོ། །གང་གི་ཚེ་ལོག་པའི་ཤེས་པ་ཙམ་ཡིན་པ་དེའི་མ་རིག་པའི་ཁྱད་པར་ཡིན་ནོ། །རྣམ་པ་གཉི་ག་ལྟར་ཡང་བདག་མེད་པ་ཉིད་མཐོང་བ་ཙམ་ནི་སྲིད་པ་དང་འགལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བདག་མེད་པ་ཉིད་མཐོང་

བ་ཅི་འདྲ་བ་ཞིག་ཅེ་ན། མ་རིག་པ་དང་འགལ་བའི་ཞེས་བྱ་བ་སྨོས་སོ། །འགལ་བ་དེ་ཡང་ཞེས་བྱ་བ་ནི་མ་རིག་པ་དང་བདག་མེད་པ་ཉིད་མཐོང་བ་འགལ་བའོ། །དམིགས་པའི་རྣམ་པར་ཕྱིན་ཅི་ལོག་པའི་སྒོ་ནས་ཡིན་ནོ་ཞེས་བྱ་བ་ནི་མ་རིག་པའི་དམིགས་པའི་རྣམ་པ་འཛིན་པའི་རྣམ་པའོ། །

དེ་ལས་ཕྱིན་ཅི་ལོག་པའི་སྒོ་ནས་ཡིན་ནོ། །བདག་མེད་པ་ཉིད་མཐོང་བའི་དམིགས་པའི་རྣམ་པ་ཕྱིན་ཅི་ལོག་པ་ཉིད་བསྟན་པར་བྱ་བའི་ཕྱིར། རེ་ཞིག་མ་རིག་པ་ཉིད་ཀྱི་རྣམ་པ་ནི་མ་རིག་པ་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །སྡུག་བསྔལ་ལ་ཞེས་བྱ་བ་ནི་སྡུག་བསྔལ་

གྱི་བདེན་པ་ལ་རྟག་པ་ཞེས་བྱ་བའི་རྣམ་པར་འཛིན་པར་བྱེད་པའོ། །འདིས་ནི་མི་རྟག་པ་ལས་ལོག་པར་སྒྲོ་བཏགས་ནས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་ནི་མི་རྟག་པ་ལས་བཟློག་པ་ཉིད་ཡིན་པའི་ཕྱིར་རོ། །མི་རྟག་པ་ལས་བཟློག་པས་རྟག་པ་སྨོས་པ་ཉིད་གསལ་བར་མདོས་བཟུང་བར་

འོས་པ་མ་ཡིན་ནམ། ཅིའི་ཕྱིར་བསྟན་པ་སྨོས་པ་བྱས་ཤེ་ན། བཟློག་པས་རྟག་པ་ཞེས་བརྗོད་པར་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བསྟན་པར་བྱེད་དེ། ཐེར་ཟུག་ཏུ་གནས་པའི་རྟག་པ་གང་ཡིན་པ་དང་། སྐད་ཅིག་མ་གཉིས་པ་ལ་སོགས་པར་གནས་པའི་ངང་ཚུལ་ཅན་དུས་

གཞན་དུ་གནས་པ་ཅན་གང་ཡིན་པ་དེ་ཐམས་ཅད་ནི་འདིར་རྟག་པར་འདོད་པ་ཡིན་གྱི། ཐེར་ཟུག་ཏུ་གནས་པ་ཉིད་ནི་མ་ཡིན་ནོ་ཞེས་དེ་བསྟན་པར་འགྱུར་རོ། །མདོ་མཛད་པས་རྟག་པའི་དོན་ལས་བརྟན་པ་སྨོས་པས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་རྣམ་པ་གཉི་ག་ལ་ཡང་བརྟན་པ་

เล่ม ๑๗๗ · หน้า 147b

ཞེས་བརྗོད་པ་དེ་ལྟར་རྟག་པ་ལ་ཡང་ཡིན་ནོ། །དེ་བས་ན་སྐད་ཅིག་མ་མ་ཡིན་པར་སྨྲ་བ་གང་ཡིན་པ་དེ་དག་ཀྱང་རྟག་པར་སྒྲོ་འདོགས་ནས་འཇུག་པ་ཉིད་ཡིན་ནོ། །བདེ་དང་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་མ་ཡིན་པའམ་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་གྱི་རྣམ་པ་ལས་ཕྱིན་ཅི་ལོག་

པས་བདེ་བའི་རྣམ་པའོ། །ཟག་པ་དང་བཅས་པ་ཉིད་ཀྱི་སྡུག་བསྔལ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བ་དང་རྒྱུའི་གཞན་གྱི་དབང་གིས་གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པའོ། །དེ་བས་ན་དེ་ལས་བཟློག་པའི་ཟག་

པ་དང་བཅས་པ་མ་ཡིན་པའམ། རྒྱུའི་གཞན་གྱི་དབང་ལས་ཕྱིན་ཅི་ལོག་པ་ནི་བདེ་བའི་རྣམ་པ་ཡིན་ནོ། །སོགས་པ་སྨོས་པས་ནི་ཞེས་བྱ་བ་ནི་བདེན་པ་བཞི་ལ་བརྟན་པ་དང་། བདེ་བ་དང་ང་དང་ངའི་ཞེས་སོགས་ཞེས་བྱ་བ་འདིས་སོ། །དེ་བཞིན་དུ་འགོག་པ་དང་ལམ་གྱི་བདེན་པ་དག་

ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་འགོག་པ་མ་ཡིན་པ་དང་། ཞི་བ་མ་ཡིན་པ་དང་། གྱ་ནོམ་པ་མ་ཡིན་པ་དང་། ངེས་པར་འབྱུང་བ་མ་ཡིན་པའི་རྣམ་པར་སྒྲོ་འདོགས་པའོ། །ལམ་གྱི་ལམ་མ་ཡིན་པ་དང་། རིགས་པ་མ་ཡིན་པ་དང་། སྒྲུབ་པ་མ་ཡིན་པ་དང་། ངེས་པར་འབྱིན་པ་མ་ཡིན་

པའི་རྣམ་པར་སྒྲོ་འདོགས་པའོ། །དེ་ལས་བྱུང་བ་དང་དེའི་རང་བཞིན་ཅན་གྱི་ཞེས་བྱ་བ་ནི་མ་རིག་པ་ལས་བྱུང་བ་དང་། མ་རིག་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཅེས་བྱ་བའི་ཚིག་གིས་ལོག་པར་སྒྲོ་འདོགས་པ་སྔོན་དུ་སོང་བ་ཅན་གྱི་སྲེད་པ་ཉིད་གསལ་

བར་བསྟན་པ་ཡིན་ནོ། །སྒྲོ་བཏགས་པའི་ཡུལ་ལ་འཇུག་པའི་སྲེད་པ་དེ་ཡང་སྒྲོ་འདོགས་པའི་རྣམ་པ་ཉིད་ཡིན་ལ། སྒྲོ་འདོགས་པའི་རྣམ་པ་ཅན་གྱི་ཡུལ་ཅན་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉིད་མ་རིག་པ་ཉིད་ཡིན་པ་དེ་ལྟར་ན་དེའི་རང་བཞིན་ཅན་ཉིད་ཀྱང་བསྟན་

པ་ཉིད་ཡིན་ནོ། །སྲེད་པ་ཡང་དོན་གྱི་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྲེད་པའི་རྒྱུ་བདག་ཏུ་ལྟ་བ་དང་། ལམ་དངོས་སུ་འགལ་བའི་ཕྱིར་རོ། །འབྲས་བུར་གྱུར་པའི་སྲེད་པ་དང་ཡང་དོན་དམ་པར་འགལ་བར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་རྒྱུའི་རང་བཞིན་ལས་ཕྱིན་ཅི་ལོག་

เล่ม ๑๗๗ · หน้า 148a

པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་སྲེད་པ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་ཏེ་ཕྱིན་ཅི་ལོག་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །གཉེན་པོའི་ཕྱོགས་ནི་མེད་ཕྱིར་དང་། །ཞེས་མདོ་མཛད་པས་བཤད་པ་དེ་ཅི་ལྟར་རུང་སྟེ། འདི་ལྟར་བདག་མེད་པ་ཉིད་ཀྱི་ལམ་གྱིས་

ཉོན་མོངས་པ་སྤངས་པའི་སྒོ་ནས། མ་འོངས་པའི་ལས་དང་ལུས་ཟད་པར་བྱེད་པའི་རྒྱུ་ཚད་མས་གྲུབ་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་དེ་ལྟར་ན། གཉེན་པོའི་ཕྱོགས་ནི་མེད་ཕྱིར་དང་། །ཞེས་བྱ་བ་འདིས་རྟོགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱ་བ་ཡིན་པས་ན་ཞེས་

བྱ་བ་སྨོས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གཉེན་པོའི་ཕྱོགས་ནི་མེད་ཕྱིར་རོ། །ཞེས་བྱ་བའི་མདོ་འདིས་རྟོགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ངག་ཁོང་ནས་དབྱུང་བར་བྱའོ། །དེས་ན་ངག་གི་དོན་ནི་བདག་ཏུ་ལྟ་བའི་ཞེན་པ་འདིས་ཉོན་མོངས་པ་ཟད་པའི་ཐབས་བོར་ནས།

ལས་དང་ལུས་ཟད་པ་ཙམ་ལས་གྲོལ་བར་སྨྲ་བས་གཉེན་པོའི་ཕྱོགས་རྟོགས་པ་མེད་པའི་ཕྱིར་ཏེ། མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་བས་ན་རྟོགས་པ་ཉིད་མེད་པར་བཤད་པ་ཡིན་གྱི་གཉེན་པོའི་ཕྱོགས་ནི་མ་ཡིན་ནོ། །གང་ཞིག་རྟོག་པ་སྔོན་དུ་གཏོང་བ་ཅན་ཡིན་ཡང་དེའི་རང་

བཞིན་མི་ཤེས་པ་ཅན་ཡིན་པ་དེ་ནི་ཞེས་བྱ་བའི་ཡང་གི་སྒྲས་ནི་མ་ལུས་པ་གཉི་ག་ཡང་གཏན་ཚིགས་ཉིད་དུ་བསྟན་ཏེ། གལ་ཏེ་རྟོག་པ་སྔོན་དུ་གཏོང་བ་ཅན་ཡང་ཡིན་ཞིང་དེའི་རང་བཞིན་མི་ཤེས་པ་ཅན་དུ་ཡང་འགྱུར་བ་ཡིན་ནོ། །གང་གིས་སྤང་བར་བྱ་བའི་རང་བཞིན་མི་ཤེས་པ་དེ་ནི་དེའི་རང་

བཞིན་མི་ཤེས་པ་ཅན་ནོ། །དོན་དེ་རྟོགས་པར་ནུས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གང་ལ་ངེས་པ་མེད་པར་འཇུག་པ་ཡོད་ན་དོན་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་དུག་མ་ཡིན་པ་ཉིད་དུ་མ་བརྟགས་པར་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་དཔེ་ཉིད་བསྟན་པ་

ཡིན་ནོ། །དེ་ལྟར་ན་གང་ལ་དོན་མེད་པའི་ཐེ་ཚོམ་ཟ་བ་མེད་ཅིང་དོན་ལ་ཐེ་ཚོམ་ཟ་བ་ཡོད་པ་དེ་ལ་རྟོག་པ་དང་ལྡན་པ་ཡང་འཇུག་པར་བྱ་བ་ཉིད་ཡིན་ཏེ། དེ་ལྟ་བུར་གྱུར་པ་ལ་འཇུག་པར་བྱེད་པ་ནི་རྟོག་པ་དང་ལྡན་པ་མ་ཡིན་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྟོག་པ་སྔོན་དུ་གཏོང་བ་ཅན་ནི་ཇི་སྐད་

เล่ม ๑๗๗ · หน้า 148b

དུ་བཤད་པའི་ཡུལ་ལ་འཇུག་པ་དེའི་རང་བཞིན་ཤེས་པ་ཅན་ཉིད་ཀྱིས་ཁྱབ་ལ། དེ་དང་འགལ་བ་ཡང་དེའི་རང་བཞིན་མི་ཤེས་པ་ཅན་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ལུས་ཅན་ཤེས་རབ་ལྡན་པ་ཞེས་བྱ་བར་སྦྱར་རོ། །འགའ་ཞིག་ཀྱང་ཞེས་བྱ་བ་ནི་ནམ་

མཁའི་གོས་ཅན་འཕེལ་བྱེད་ལ་སོགས་པའོ། །ལས་བྱས་པ་དེངས་པར་གྱུར་པ་ནི་ཟད་པའོ། །འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་དེའི་རྣམ་པར་འགྲེལ་པ་བོར་ནས་རང་གི་སྡེ་པ་འགའ་ཞིག་གིས་ནམ་མཁའི་གོས་ཅན་ལ་ལན་བཤད་པ་གང་ཡིན་པ་དེ་ཉེ་བར་

བཀོད་ནས་རེ་ཞིག་འགྲེལ་པ་བྱེད་པ་བདག་ཉིད་ཀྱིས། དེ་ལ་འདིར་ཁ་ཅིག་ནི་གདུང་བ་རྩོམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདུང་བ་རྩོམ་པ་ལས་ཏེ་ལུས་གདུང་བ་ལ་སོགས་པའི་མཚན་ཉིད་ཅན་ལས་མི་འདོད་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་སྔོན་བྱས་པའི་ལས་ཀྱི་འབྲས་བུ་མ་

ཡིན་པ་དེ་བས་ན། གང་ལས་དེའི་འབྲས་བུ་ལོངས་སྤྱོད་པ་ཞེས་བྱ་བ་གདུང་བས་བསྐྱེད་པ་མི་འདོད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་འབྲས་བུ་དེ་ལོངས་སྤྱོད་པ་ལས་སམ། ལས་དེའི་འབྲས་བུ་ལོངས་སྤྱོད་པ་ལས་ཟད་པ་ཡིན་ནོ། །གལ་ཏེ་རྒྱུ་གང་གིས་དེའི་གདུང་བ་རྩོམ་པ་ལས་སྐྱེས་

པའི་སྡུག་བསྔལ་སྔོན་གྱི་ལས་ཀྱིས་བྱས་པ་མ་ཡིན་ནོ་ཞེ་ན། འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་དབང་གིས་འཇུག་པ་གང་ཡིན་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་མ་ཡིན་ཏེ། དཔེར་ན་དགེ་བའི་ལས་ལྟ་བུའོ། །དེ་ལྟར་ན་དེ་དང་དེ་འདོད་པ་མ་ཡིན་ནོ་

ཞེས་བྱ་བ་ལ་སོགས་པ་འགོག་པར་བྱེད་དོ། །སྐྱེས་བུ་བྱེད་པའི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མ་ཡིན་ཞེས་བྱ་བ་ནི་སྐྲ་འབལ་བ་ལ་སོགས་པའི་བྱེད་པ་ལ་ལྟོས་པའོ། །སྐྱེ་མཆེད་ལྔ་ཡི་རྐྱེན་ཅན་གྱི། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལྔའི་དམིགས་པ་ཅན་ནོ། །དེ་བས་ན་གཏན་ཚིགས་འདི་མ་

ངེས་པ་ཡིན་ནོ་ཞེས་བྱ་བ་ནི། འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི། །འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་ཚིགས་སུ་བཅད་པ་ལོངས་སྤྱོད་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པས་

เล่ม ๑๗๗ · หน้า 149a

འཆད་པར་བྱེད་པ་ལ། ལོངས་སྤྱོད་ཆེན་པོ་ཉིད་དང་ནད་མེད་པ་དང་ཡན་ལག་དང་ཉིང་ལག་ལ་སོགས་པ་ཚང་བ་ནི་ལས་དགེ་བ་གཅིག་གི་འབྲས་བུ་སྣ་ཚོགས་པའོ། །ནད་དང་དབུལ་ཕོངས་པ་དང་ཡན་ལག་དང་ཉིང་ལག་ལ་སོགས་པ་མ་ཚང་བ་ནི་ལས་མི་དགེ་བ་གཅིག་གི་ཡང་

སྣ་ཚོགས་པའི་འབྲས་བུ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་འབྲས་བུ་སྣ་ཚོགས་པ་ཅན་གྱི་ཞེས་བྱ་བ་ནི་ནད་ལ་སོགས་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་འབྲས་བུ་སྣ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནས་ལ་སོགས་པའི་ས་བོན་སྤྱིར་དཔེ་ཉིད་ཡིན་ནོ། །འབྲས་བུའི་

ངོ་བོ་གཅིག་འབྱིན་པར་ནུས་པ་ལ་འབྲས་བུ་སྣ་ཚོགས་པ་ཅན་ཉིད་མ་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་འབྲས་བུ་སྣ་ཚོགས་པ་ཅན་ཉིད་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འབྲས་བུའི་ངོ་བོ་གཅིག་འབྱིན་པར་ནུས་པས་ནུས་པ་ཟད་པ་ལ་འབྲས་བུ་གཅིག་

འབྱིན་པའི་ནུས་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་འབྲས་བུ་སྣ་ཚོགས་པ་འབྱིན་པའི་ནུས་པ་ཉིད་ཡིན་པ་དེ་ལྟར་ན་སྦྱོར་བ་གཉིས་པ་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ལས། དེའི་འབྲས་བུ་

ཅན་ཉིད་ཀྱི་ལས་མི་འདོད་པ་ཟད་པ་ནི་བླ་སྟེ། དགེ་བ་འདོད་པའི་འབྲས་བུ་ཅན་གང་ཡིན་པ་དེ་ཡང་ཅི་ལྟར་ཡིན་ཏེ། དགེ་བ་ནི་མི་འདོད་པའི་འབྲས་བུ་ཅན་མ་ཡིན་ནོ། །ལས་མི་དགེ་བ་དག་ཀྱང་མང་པོ་ཡོད་པ་ཡིན་ན་དེ་ལ་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་བྱེད་པས་སྡུག་བསྔལ་གྱི་གནོད་པ་

མི་དགེ་བའི་ལས་ངེས་པ་འདི་ཅི་ལྟར་ཟད་པ་ཡིན་ཏེ། ལས་གཞན་གྱི་འབྲས་བུ་གཞན་གྱིར་འགྱུར་བ་རིགས་པ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ལྷན་ཅིག་བྱེད་པའི་ཁྱད་པར་ཡོད་པ་དང་མེད་པ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སྐྱེད་ཅེས་བྱ་བ་ལ་སོགས་པ་

ནི་ལྷན་ཅིག་བྱེད་པ་རྒྱས་པར་བྱེད་པས་སྐྱེད་པའོ། །རྒྱུ་འདྲ་བ་ལས་འབྱུང་བ་ཅན་ཞེས་བྱ་བ་ནི་ཉེ་བར་ལེན་པར་གྱུར་པ་རྗེས་སུ་མཐུན་པའི་ལས་ལས་བྱུང་བ་ཅན་ནོ། །སྔ་མ་དེ་ཉིད་ཀྱི་གཞུང་བཅུགས་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ངོ་བོ་གཅིག་ལས་ལས་རྣམས་ཟད་པ་མ་ཡིན་ནོ་ཞེས་

เล่ม ๑๗๗ · หน้า 149b

བྱ་བ་དེ་ཉིད་ཀྱིའོ། །ཅི་སྟེའང་ཞེས་བྱ་བ་ལ་སོགས་པས་བསམ་པ་རྣམ་པ་གཉིས་སུ་རྟོག་པར་བྱེད་པའོ། །ནུས་པ་འདྲེས་པ་ཅན་ཉིད་ནི་འབྲས་བུ་གཞན་ལ་ངེས་པའི་ལས་ཀྱང་འབྲས་བུ་གཞན་དང་ལྡན་པ་ཉིད་ཀྱིས་སོ། །ལས་ཀྱི་ནུས་པ་སྣ་ཚོགས་པ་དེ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་

པའོ། །གལ་ཏེ་དཀའ་ཐུབ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་རེ་ཞིག་ནུས་པ་ཟད་པའི་ཕྱོགས་བསྟན་པ་ཡིན་ནོ། །སྡུག་བསྔལ་ཆུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྡུག་བསྔལ་ཆུང་བ་ཅན་ཡང་དེ་ཡིན་ལ། ལུས་ཀྱི་གདུང་བ་ཉམས་སུ་མྱོང་བ་ཙམ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་

འཛིན་པའོ། །དེ་འབྲས་བུ་བསལ་ཞིང་འདྲ་བར་བྱ་བར་ནུས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལས་གཞན་འདོད་ཅེས་བྱ་བ་ནི་གལ་ཏེ་དགེ་བའི་རང་བཞིན་ཅན་གྱི་དཀའ་ཐུབ་གཞན་ཉིད་འདོད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །དཀའ་ཐུབ་དེ་ལས་འབྲས་བུ་ཡིན་ཞེས་བྱ་བ་ནི་ཀུན་

ནས་ཉོན་མོངས་པ་ལས་ཀྱི་འབྲས་བུ་ཉིད་དུ་འདོད་པའི་ཕྱིར་དེའི་རང་བཞིན་ཅན་གྱི་དཀའ་ཐུབ་ཀྱང་ལས་ཀྱི་འབྲས་བུར་འགྱུར་རོ། །དེ་ལས་ནུས་པ་འདྲེས་པའམ་ཟད་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །དཔེར་ན་གླང་གི་ལས་ཀྱི་འབྲས་བུ་ལྟ་བུའོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །གླང་གི་ལས་ཀྱི་འབྲས་

བུ་དཀའ་ཐུབ་ཏུ་འགྱུར་བ་མ་ཡིན་ལ། དེ་ལས་ཀྱང་གླང་གི་ལས་འདྲེས་པའམ་ཟད་པར་འགྱུར་བ་མ་ཡིན་ན། བསྒྲུབ་པར་བྱ་བ་དང་པོ་ལ་དཔེར་ན་གླང་གི་ལས་ཀྱི་འབྲས་བུའོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་བ་ཡིན་ནོ། །དཀའ་ཐུབ་ཉིད་དང་ནུས་པ་འདྲེས་པ་དང་ཟད་པའི་རྒྱུ་ཉིད་ལ་ལས་ཀྱི་

འབྲས་བུ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ལས་ཀྱི་འབྲས་བུ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟར་ན་ལས་ཀྱི་འབྲས་བུ་ནི་ལུང་དུ་མ་བསྟན་པ་ཡིན་ལ། དེ་དང་དགེ་བ་དང་མི་དགེ་བ་དག་དང་འགལ་བ་ཡིན་ན་ཇི་ལྟར་དཀའ་ཐུབ་ཡིན་

པར་འགྱུར། དཀའ་ཐུབ་ནི་སྡིག་པ་ཟད་པར་བྱེད་པའི་ནུས་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་ཅི་ལྟར་ན་ལས་ཀྱི་རྣམ་པར་སྨིན་པ་ནུས་པ་འདྲེས་པའི་རྒྱུར་འགྱུར། དེ་བས་ན་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །སྐྱེ་བར་འདོད་པའི་སྐྱོན་གྱིས་སྐྱེད་པའི་ལས་ལ་ནུས་པར་འགྱུར་གྱི་ཞེས་བྱ་བ་ནི་དེ་སྐྱེ་

เล่ม ๑๗๗ · หน้า 150a

བ་དང་འགལ་བའི་རྟེན་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །སྔར་བྱས་པ་དག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ལམ་སྐྱེད་པ་ལས་སྔར་བྱས་པ་ཉིད་ཀྱི་ཕྱིར་རོ། །མ་གྲུབ་པ་ཡིན་ལ་ཞེས་བྱ་བ་ནི་ལམ་ཡང་ལས་ཀྱི་རྒྱུ་སྲེད་པ་ལ་སོགས་པ་ལ་གནོད་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་

འདིའོ། །ལས་འདས་པའི་རྒྱུ་སྲེད་པ་གང་ཡིན་པ་དེ་ལ་ལམ་གནོད་པར་བྱེད་པ་མ་ཡིན་ཏེ། དེ་སྐྱེ་བའི་དུས་ན་དེ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཚད་མ་ཉིད་དུ་སྒྲུབ་པ། ལུགས་ལས་བཟློག་པས་སྔར་དམ་བཅས་ནས། དེ་བདེན་པ་སྟོན་པར་མཛད་པས་ན་ཞེས་བྱ་བ་ལ་སོགས་པས་སྦྱོར་

བར་བྱེད་དོ། །བླང་བར་བྱ་བ་དང་དོར་བར་བྱ་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་ཞེས་བྱ་བ་ནི། སྡུག་བསྔལ་དང་འགོག་པའི་བདེན་པ་ཀུན་འབྱུང་དང་ལམ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །འབྲས་བུར་གྱུར་པའི་སྐྱོབ་པ་ལས་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་འབྲས་བུ་སྐྱོབ་པའོ། །དེ་ཉིད་

བརྟན་པ་དང་། མ་ལུས་ཁྱད་པར་མཁྱེན་པ་སྒྲུབ། །ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང་། བརྟན་པ་དང་། མ་ལུས་པའི་ཡོན་ཏན་དེ་དག་གསུམ་གྱིས་ཁྱད་པར་དུ་བྱེད་པས་ཁྱད་པར་མཁྱེན་པ་སྟེ་དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པའི་ཁྱད་པར་མཁྱེན་པའི་བདེ་བར་གཤེགས་པ་ཉིད་ཅེས་

བྱ་བའི་དོན་ཏོ། །དེ་གྲུབ་པ་ནི་དེ་ཁོ་ན་ཉིད་དང་བརྟན་པ་དང་། མ་ལུས་པའི་ཁྱད་པར་མཁྱེན་པ་སྒྲུབ་པ་སྟེ། སྒྲུབ་པའི་སྒྲའི་ངོ་བོ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གྲུབ་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །སྔར་ནི་ཞེས་བྱ་བ་ལུགས་ལས་བཟློག་པ་བཤད་པ་ལའོ། །བར་གྱི་

ཞེས་བྱ་བ་སྨོས་པས་ནི་སླར་ལྡོག་པ་མེད་པར་ཐུགས་སུ་ཆུད་པ་དང་ལྡན་པ་ཞེས་བྱ་བ་ནང་དུ་བསྡུ་བ་སྟོན་ཏོ། །དེ་ཁོ་ན་ཉིད་སྨོས་པས་ནི་བསྔགས་པའི་དོན་བསྟན་ཏོ། །བརྟན་པའི་ཚིག་གིས་སླར་ལྡོག་པ་མེད་པ་དང་། མ་ལུས་པའི་དོན་ནི་རང་གི་སྒྲ་ཉིད་གཟུང་བས་བསྟན་ཏོ། །དེ་ཁོ་ན་ཉིད་མཁྱེན་

པ་ལ་སོགས་པས་བཅོམ་ལྡན་འདས་ཡིན་པར་ཅི་ལྟར་རྟོགས་པར་བྱ་ཞེ་ན། དེ་ཁོ་ན་ཉིད་མཁྱེན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་མཁྱེན་པ་ནི་ཚད་མས་མི་སླུ་བ་ལས་རྗེས་སུ་དཔག་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་དང་སྦྱར་རོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ཚད་མ་མི་

เล่ม ๑๗๗ · หน้า 150b

སླུ་བ་ཡིན་པ་དེའི་ཕྱིར་དེའི་མཁྱེན་པ་ཕྱིན་ཅི་མ་ལོག་པར་རྗེས་སུ་དཔོག་པ་ཡིན་ནོ། །ལམ་ངེས་པའམ་ཞེས་བྱ་བ་ནི་ངེས་པ་སྟེ། ཐེ་ཚོམ་མེད་པར་སྟོན་པ་ལས་བརྟན་པའི་མཁྱེན་པ་རྗེས་སུ་དཔོག་པ་ཡིན་ཏེ། ཤེས་བྱ་གང་ལ་བརྟན་པའི་ཤེས་པ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་རྣམ་པ་གསལ་

བའི་སྒོ་ནས་སྟོན་པར་ནུས་པ་མ་ཡིན་ནོ། །བཀའ་སྔ་ཕྱི་འགལ་བ་མེད་པ་ཞེས་བྱ་བའི་རྣམ་པར་བཤད་པ་ནི་གནོད་པ་མེད་པས་ཞེས་བྱ་བ་ཡིན་ནོ། །རྣམ་པ་དེས་འགྱུར་བ་མེད་པ་ལམ་བརྟན་བསྟན་པ་ལས་བརྟན་པའི་མཁྱེན་པ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་པའི་སྐབས་ཡིན་ནོ། །གལ་

ཏེ་འགལ་བ་མེད་པ་ཡང་ཅི་ལྟར་ཡིན་ཞེ་ན། སྟོན་པའི་བསྟན་པ་ཡན་ལག་དགུ་དང་ཞེས་བྱ་བ་སྨོས་ཏེ། སྟོན་པའི་བསྟན་པ་ནི་བཀའ་ཡིན་ནོ། །དེ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པ་ལ་སོགས་པའི་ཁྱད་པར་གྱི་ཡན་ལག་

དགུ་ཡིན་ནོ། །ལུས་པ་ཡང་གང་ཡིན་གང་གི་མི་ཤེས་པ་སྤངས་པས་མ་ལུས་པ་མཁྱེན་པ་ཡིན་ཞེ་ན། ལུས་པ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ལ་དེ་མངའ་བ་མ་ཡིན་ཏེ། ཐབས་སྣ་ཚོགས་པས་བདེན་པ་བཞི་སྟོན་པར་མཛད་པའི་ཕྱིར་རོ། །དེའི་ཕྱིར་མ་

ལུས་པ་མཁྱེན་པ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་རྗེས་སུ་སློབ་པ་ཡིན་ནོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བ་ནི་མངོན་པར་འདུས་མ་བྱས་སོ། །དེ་དེ་ལྟར་ན་འབྲས་བུ་སྐྱོབ་པ་ཉིད་

ཡིན་པའི་ཕྱིར་རྒྱུ་བདེ་བར་གཤེགས་པ་ཉིད་བསྒྲུབས་ནས། ད་ནི་བདེ་བར་གཤེགས་པ་འབྲས་བུར་གྱུར་པ་ཉིད་ཀྱིས་ལམ་གོམས་པའི་མཚན་ཉིད་ཅན་སྟོན་པ་ཉིད་བསྒྲུབ་པའི་ཕྱིར་དེ་ཁོ་ན་ཉིད་དང་བསྟན་པ་དང་མ་ལུས་པའི་ཁྱད་པར་མཁྱེན་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

རྒྱུའི་གནས་སྐབས་སུ་གོམས་པའི་ལམ་གང་ཡིན་པ་དེ་གཞན་གྱི་དོན་ཡིན་གྱི་རང་གི་དོན་མ་ཡིན་ནོ་ཞེས་ཅི་ལྟར་ཤེས་པར་འགྱུར་ཞེ་ན། དེའི་ཕྱིར་གང་གིས་དེ་ལྟར་ཐུགས་སུ་ཆུད་ན་ཡང་ཞེས་བྱ་བ་སྨོས་ཏེ། གང་བྱ་བ་བྱས་པ་ཡིན་ན་ཡང་གཞན་གྱི་དོན་ལ་འཇུག་པ་ལྡོག་པ་མེད་པ་ནི་སྔོན་ཡང་

เล่ม ๑๗๗ · หน้า 151a

དེ་ལ་མངའ་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི། གྲུབ་ཕྱིར་ཆགས་བྲལ་མེད་ཕྱིར་རོ། །ཞེས་བྱ་བས་དེ་མ་ཐག་ཏུ་བསྟན་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །གང་འདི་བཏང་སྙོམས་སུ་བཞུགས་པར་སྟོན་པ་ལ་སོགས་པའི་རྒྱུད་པ་

ཞེས་བྱ་བ་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་མ་ཐག་ཏུ་ཐུགས་ངས་ཟབ་པའི་ཕྱིར་ཆོས་འདི་རྟོག་པ་གཞན་དག་གིས་འདི་རྟོགས་པར་བྱ་བར་མི་ནུས་པས་ནི་ཁོ་བོ་ཅང་མི་སྨྲ་བས་བཏང་སྙོམས་སུ་བཞུགས་པ་ལ་དམིགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་དོན་འབྱུང་

བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཟབ་པ་སྟོན་པར་མཛད་པས། མངོན་པར་འདོད་ཆགས་པ་ཆེས་ལྷག་པ་སྐྱེད་པའི་སྒོ་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །དེ་ནི་དེའི་འབྲས་བུ་དེ་ཙམ་འདོད་པ་མ་ཡིན་ཏེ་ཞེས་

བྱ་བ་ནི་ཐུགས་སུ་ཆུད་པའི་འབྲས་བུ་ཙམ་བཞེད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དེ་ཙམ་འདོད་པ་ཉིད་ལ་དེ་རྟོགས་པ་ཡོད་ན་བྱེད་པ་རྫོགས་པ་ཅན་གྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་བྱེད་པ་རྫོགས་པ་ཅན་མ་ཡིན་པ་ཉིད་ཡིན་པ་དེ་ལྟར་ཁྱབ་པར་བྱེད་པ་

འགལ་བ་དམིགས་པའོ། །བརྩེ་བས་ཞེས་བྱ་བ་ལ་སོགས་པ་ལ་གཞུང་དེས་ནི་སྙིང་རྗེ་དང་ཡེ་ཤེས་གཉིས་ནི་ཚད་མ་ཉིད་ཀྱི་སྒྲུབ་པར་བཤད་དོ། །གཉིས་པོ་དེ་ཡང་གོ་རིམས་བཞིན་དུ་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་དང་བདེ་བར་གཤེགས་པ་ཉིད་ཀྱི་ཚིག་དག་གིས་བཤད་པ་ཡིན་ནོ། །

ལམ་གོམས་པའི་མཚན་ཉིད་ཅན་གྱི་བསྟན་པ་ཉིད་གང་ཡིན་པ་དེ་ཚད་མ་ཉིད་དུ་ཉེ་བར་སྦྱོར་བ་མ་ཡིན་ན་དེ་ཅིའི་ཕྱིར་ཚིགས་སུ་བཅད་པ་སྨོས་ཤེ་ན། དེའི་ཕྱིར། ཤེས་པ་དེ་ཡང་སྒྲུབ་བྱེད་བཅས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་གསུམ་མཁྱེན་པ་དེ་ཡང་བདེ་བར་གཤེགས་པའི་

ཚིག་གིས་བསྟན་པ་ཡིན་ལ། སྒྲུབ་པར་བྱེད་པ་དང་བཅས་པས་ནི་ལམ་གོམས་པ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འོ་ན་སྐྱོབ་པ་ཉིད་ཀྱི་ཚིག་ཇི་ལྟར་ཚད་མར་སྒྲུབ་པ་ཡིན་ཞེ་ན། དེ་གསུང་བར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་པར་སྦྱོར་བའི་སྒོ་ནས་གསུང་བ་པོ་དེ་

เล่ม ๑๗๗ · หน้า 151b

ཉིད་ཀྱང་འགྲོ་བ་ལ་ཕན་པར་མཛད་པ་ཉིད་དང་བདེ་བར་གཤེགས་པའི་ཚིག་དག་གིས་སྐྱོབ་པ་ཡིན་ཞེས་བསྟན་པའི་ཕྱིར། གལ་ཏེ་བརྩེ་བ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྐད་དུ་བཤད་པའི་ཡོན་ཏན་དང་ལྡན་པའི་མཁན་པོ་སྟོན་པར་བྱེད་པ་ཞེས་བྱ་བར་སྦྱར་རོ། །ཇི་སྐད་དུ་

བཤད་པའི་ཡོན་ཏན་ཞེས་བྱ་བ་ནི་ལེགས་པ་དང་བདེན་པ་འཆད་པ་དང་དེ་རྟོགས་པ་དང་རྗེས་སུ་བརྩོན་པའོ། །སྟོན་པ་དེ་ལྟའི་དངོས་བསྟོད་ནི། །ཞེས་བྱ་བ་ནི་སྟོན་པ་སྟེ། དེ་བཞིན་གཤེགས་པའི་བཀའ་དེ་ལྟ་བུའི་དངོས་པོ་སྟོན་པ་དེ་ལྟའི་དངོས་བསྟོད་དེ་ཚད་མས་བསྟོད་པ་ཞེས་བྱ་བའི་དོན་ཏོ། །

དེ་ལྟར་ན་བསྟོད་པ་དེ་ལྟ་བུའི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཚད་མ་ཉིད་ཡིན་པ་དེའི་ཕྱིར་ཚད་མའི་སྒོ་ནས་བསྟོད་པ་ནི། སྟོན་པ་དེ་ལྟའི་དངོས་བསྟོད་ནི། །ཞེས་བྱ་བའི་དོན་གཅིག་ཏུ་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པ་ལས་ཀྱང་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་རྣམ་པར་ངེས་

པ་བཤད་པ་ཡིན་ནོ། །རེ་ཞིག་མངོན་སུམ་གྱི་ཚད་མ་ཞེས་བྱ་བ་ལ་སོགས་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་བསྟན་པའི་སྒོ་ནས་དེ་བསྟན་ཅིང་བཤད་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ཤཱཀྱ་བློ་གྲོས་ཀྱིས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པའི་དཀའ་འགྲེལ་ལས། ལེའུ་གཉིས་པ་རྫོགས་

སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་དགུ་པ། མངོན་སུམ་དང་རྗེས་སུ་དཔག་པ་དག་ལ་མི་སླུ་བའི་མཚན་ཉིད་གཅིག་ཡོད་པ་ཡིན་ཏེ། དངོས་པོ་ལ་གཉི་ག་མི་སླུ་བ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་ཉིད་མཚོན་པར་བྱ་བར་གྱུར་པ་ཞེས་བྱ་བ་ནི་མི་སླུ་བ་

དེ་ཉིད་དེ། གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་གསལ་བའི་དབྱེ་བས་མཚོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །མི་སླུ་བའི་དེ་ཉིད་གསལ་བའི་དབྱེ་བས་ཤེས་པར་འདོད་ན་ཡང་མཚན་ཉིད་གཅིག་གིས་མཚོན་པར་བྱ་བ་ཡིན་ནམ། ཁྱད་པར་གྱི་མཚན་ཉིད་ཀྱིས་འགྱུར་གྲང་ན། རེ་ཞིག་རྣམ་

པ་དང་པོ་ནི་མ་ཡིན་ཏེ་མི་སླུ་བ་ཉིད་མ་གཏོགས་པར་མངོན་སུམ་དང་། རྗེས་སུ་དཔག་པ་ལ་ཁྱབ་པར་བྱེད་པ་གཞན་མཚན་ཉིད་གཅིག་མེད་པའི་ཕྱིར་ཏེ། དེ་ལས་གཞན་པའི་མཚན་ཉིད་གཅིག་ཡོད་པ་མ་ཡིན་ཞེས་བྱ་བ་གང་སྨོས་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་མི་སླུ་བ་ཉིད་ལས་སོ། །

เล่ม ๑๗๗ · หน้า 152a

དེ་ཉིད་ནི་སྤྱིའི་མཚན་ཉིད་ཡིན་ལ་དེས་ཀྱང་ཁྱད་པར་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །དབྱེ་བ་མ་བྱས་པར་ཁྱད་པར་གྱི་མཚན་ཉིད་རྣམ་པར་གཞག་པར་མི་ནུས་པས་ན། དེ་དབྱེ་བའི་སྒོ་ནས་བསྟན་ན་ཞེས་བྱ་བ་

ལ་སོགས་པ་སྨོས་སོ། །གང་གི་ཚེ་ཡུལ་མ་ཡིན་པ་འཛིན་པ་ཚད་མར་འགྱུར་བ་སྟེ། གང་གི་ཚེ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་མངོན་སུམ་ཡིན་ནོ་ཞེས་རྣམ་པར་འཇོག་པར་མི་བྱེད་པ་དེའི་ཚེ། ཇི་ལྟར་ཡུལ་གྱི་དབྱེ་བ་མི་ཤེས་པ་རབ་རིབ་ཅན་ལ་སོགས་པའི་ཤེས་པ་ལ་སྣང་བའི་སྐྲ་

བཤད་ལ་སོགས་པ་གང་ཡིན་པ་ཡུལ་མ་ཡིན་པ་དེ་ལ་ཡང་མངོན་སུམ་འདི་ཚད་མར་འཛིན་པར་འགྱུར་བ་དེའི་ཚེ། དེ་ལ་སླུ་བ་ཡིན་ན་དེ་དང་འདྲ་བར་རང་གི་ཡུལ་ལ་ཡང་སྟེ། སྔོན་པོ་ལ་སོགས་པའི་མཚན་ཉིད་ལ་དེ་ཚད་མ་མ་ཡིན་པར་འགྱུར་རོ། །ཡུལ་བསྟན་ན་ནི་སྐྱོན་འདིར་མི་འགྱུར་

ཏེ། ཡུལ་མ་ཡིན་པ་ལ་སླུ་བའི་ཕྱིར་རྗེས་སུ་མཐུན་པའི་ཡུལ་ལ་ཡང་ཚད་མ་མ་ཡིན་པར་རིགས་པ་མ་ཡིན་ནོ། །རེ་ཞིག་འབྲས་བུ་གདོན་མི་ཟ་བར་དོན་རྟོགས་པའི་ངོ་བོ་ཉིད་ཡིན་གྱི་ཞེས་བྱ་བ་ནི་ཚད་མ་བྱེད་པ་ཉིད་ཡིན་པའི་ཕྱིར་འབྲས་བུ་བྱ་བའི་མཚན་ཉིད་ཅན་དུ་འགྱུར་རོ། །དེ་ཡང་རྣམ་

པ་གཉིས་ཏེ། ངེས་པ་ནི་གང་བྱེད་པ་འཇུག་པ་ཡོད་ན་གདོན་མི་ཟ་བར་འགྱུར་བ་སྟེ་བྱེད་པ་པོ་གཞན་གྱིས་ཆོད་པ་མེད་པའི་ཕྱིར་རོ། །མ་ངེས་པ་ནི་འདོད་པ་དང་མི་འདོད་པ་དག་ཐོབ་པ་དང་སྤོང་བ་ཞེས་བྱ་བ་སྟེ། དེ་ལ་དང་པོ་ཉིད་ནི་འབྲས་བུ་ཡིན་ཏེ་བྱེད་པར་རྣམ་པར་གཞག་པའི་རྒྱུ་ཉིད་ཡིན་པའི་

ཕྱིར་རོ། །དེ་ཡང་དོན་རྟོགས་པའི་ངོ་བོ་ཅན་ཡིན་ཏེ། དེ་ཉིད་ནི་ཚད་མ་འཇུག་པ་ན་གདོན་མི་ཟ་བར་འགྱུར་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །མ་ངེས་པ་གང་ཡིན་པ་དེ་ནི་རྒྱུ་གཞན་གྱིས་ཆོད་པའི་ཕྱིར་ཚད་མ་འཇུག་པ་ན། གདོན་མི་ཟ་བར་འགྱུར་བ་ཅན་མ་ཡིན་ནོ། །དེ་བས་ན་དེས་བྱས་པ་ནི་

བྱེད་པར་རྣམ་པར་འཇོག་པ་མ་ཡིན་ཞིང་བྱེད་པས་བྱས་པ་ཉིད་ཀྱང་འབྲས་བུ་དེ་ཉིད་མ་ཡིན་པ་དེའི་ཕྱིར་དེ་ལྟ་མ་ཡིན་ན་འབྲས་བུར་མི་རུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་སོ། །མི་ཤེས་པའི་ངོ་བོ་ཡང་ཚད་མར་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་མི་ཤེས་པའི་ངོ་བོ་བུམ་པ་ལ་སོགས་པ་དང་འདྲ་བར་ཅུང་

เล่ม ๑๗๗ · หน้า 152b

ཟད་ཀྱང་ཤེས་པ་མ་ཡིན་ཏེ། ཤེས་པ་ལས་ཐ་དད་པའི་ཚད་མ་ཐམས་ཅད་ལ་ཆེས་ཤིན་ཏུ་སྒྲུབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ཏེ། ཡུལ་གྱི་རྣམ་པས་ཆོད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རྒྱས་པར་འོག་ནས་འཆད་པར་འགྱུར་རོ། །ཨུཏྤ་ལ་སྔོན་པོ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་སྔོན་པོ་ནི་སྤྱི་

ཡིན་ལ། ཨུཏྤ་ལ་ནི་ཁྱད་པར་ཡིན་པ་དེ་ལྟར་ན་གཉི་གའི་བདག་ཉིད་ཅན་གྱི་ཡུལ་གཅིག་ཡིན་པར་སེམས་སོ། །དཔེ་མ་གྲུབ་པ་ཉིད་སྒྲུབ་པར་བྱེད་པའི་ཆོས་དང་མི་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རང་རིག་པའི་ཤེས་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་སྟོན་པར་འགྱུར་ཏེ། འཛིན་

པའི་རྣམ་པ་ལས་གཞན་རིག་པ་མ་ཡིན་ཏེ་གང་གིས་ན་དེ་འཛིན་པའི་རྣམ་པ་ཡུལ་དུ་འགྱུར། འོན་ཀྱང་འཛིན་པའི་རྣམ་པ་རང་རིག་པའི་བདག་ཉིད་ཅན་དེ་སྐྱེས་པ་ཉིད་ན་རིག་པ་ཡིན་ནོ། །ཐ་དད་པ་མེད་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་གང་ལས་ཡིན་ཞིང་གང་གིས་ན་དཔེ་མ་གྲུབ་པར་འགྱུར།

ཅི་སྟེ་ཤེས་པ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རང་རིག་པ་འཛིན་པའི་རྣམ་པ་ལ་ཐ་དད་པ་མེད་ན་ཡང་ཤེས་པ་གཞན་གྱི་ཐ་དད་པར་བརྟགས་ནས་འཛིན་པའི་རྣམ་པ་ཡུལ་དུ་རྣམ་པར་གཞག་པ་དེའི་ཚེ། རང་རིག་པ་ཡང་འཛིན་པའི་རྣམ་པ་ལས་ཐ་དད་པ་མེད་པའི་ཕྱིར། དེ་བཞིན་དུ་སྟེ་

འཛིན་པའི་རྣམ་པ་བཞིན་དུ་ཡུལ་ཉིད་ཡིན་པར་འགྱུར་རོ། །འདི་ནི་ཡུལ་ཡིན་ལ་འདི་ནི་ཡུལ་ཅན་ཡིན་ནོ་ཞེས་འདི་ཤིན་ཏུ་མ་འཆོལ་བར་བརྗོད་པར་ནུས་པ་མ་ཡིན་ནོ། །རིག་པ་ཡང་ཡུལ་ཉིད་ཡིན་ན་གཞན་ཡུལ་ཅན་ཡང་ཅི་ཞིག་ཡོད། གང་ལ་ལྟོས་ནས་ཡུལ་ཉིད་ཡིན། །དེ་ལྟར་ན་གཅིག་

ལ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ཉིད་ནི་དེ་བས་ན། རྣམ་པ་ཐ་དད་པ་མེད་པ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ལས་རྒྱུ་མཚན་གཞན་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་ཤེས་པ་སྔ་མ་ཤེས་པ་དེ་མ་ཐག་པའི་རྒྱུ་ནི་ཡིད་ལ་བྱེད་པའོ། །དེ་ཉིད་འབྲས་བུ་སྐྱེད་

པ་ལ་ནུས་པ་ཡོད་པ་ནི་དེ་དང་རྗེས་སུ་མཐུན་པའོ། །སྔོན་གྱི་བརྡ་དྲན་པ་ནི་བརྡ་འཛིན་པའོ། །དེ་དག་ཡོད་པ་ཞེས་བྱ་བ་ནི་དེ་དག་ཡོད་པ་ན་སྟེ། ཕྱི་རོལ་གྱི་དོན་མེད་པར་ཡང་ཞེས་བྱ་བའི་དོན་ཏོ། །དོན་གྱི་བྱེད་པར་ནུས་པ་ལ་སོགས་པའི་མཚན་ཉིད་དེ་ཉིད་རང་གི་མཚན་ཉིད་ལ་སོགས་པ་ལ་སྦྱར་

เล่ม ๑๗๗ · หน้า 153a

བར་བྱའོ་ཞེས་བྱ་བ་ནི། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་བྱ་བ་ལ་སོགས་པར་དེ་ལ་དོན་བྱེད་པར་ནུས་པ་གང་ཡིན་པ་དང་། ཐུན་མོང་མ་ཡིན་པ་དང་། སྒྲའི་ཡུལ་མ་ཡིན་པ་དང་། རྒྱུ་མཚན་གཞན་ཡོད་ན་གང་མེད་པ་ལས་བློ་མེད་པར་བཤད་པ་གང་ཡིན་པ་དེ་རང་གི་

མཚན་ཉིད་ལ་སྦྱར་བར་བྱའོ། །དེ་ལྟར་ན་ནུས་པ་མེད་པ་གང་ཡིན་པ་དང་། ཐུན་མོང་དང་སྒྲའི་ཡུལ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་སྦྱར་བར་བྱ་སྟེ། འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི། དོན་དམ་པར་དོན་བྱེད་ནུས་གང་། །

ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །མདོར་དོན་བྱེད་ནུས་པ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དབུ་མ་པའི་འདོད་པའི་དོགས་པ་བསུ་བ་ཡིན་ནོ། །དེ་དག་གིས་འདི་ལྟར་རྟོགས་པ་ཡིན་ཏེ་རེ་ཞིག་རྟག་པ་སྐད་ཅིག་

མ་མ་ཡིན་པ་དེ་ནི་དོན་བྱེད་པར་ནུས་པ་མ་ཡིན་ཏེ། རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །སྐད་ཅིག་མ་ཞིག་ཟིན་པ་ཡང་དོན་བྱེད་པ་མ་ཡིན་ཏེ། དེ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །མ་ཞིག་པ་ཡང་མ་ཡིན་ཏེ་རྒྱུ་དང་འབྲས་བུ་ཅིག་ཅར་འབྱུང་བར་ཐལ་བའི་ཕྱིར་རོ། །ཞིག་པ་

དང་མ་ཞིག་པ་ལས་མ་གཏོགས་པ་ཡོད་པ་ཡང་མ་ཡིན་ནོ། །རེ་ཞིག་འབྲས་བུ་ཡང་ཡོད་པ་སྐྱེ་བ་མ་ཡིན་ཏེ། ཡོད་པ་ཉིད་སྐྱེ་བ་འགལ་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ་དེ་སྐྱེ་བའི་རྟེན་མེད་པའི་ཕྱིར་དང་། མེད་པར་ཁྱད་པར་མེད་པའི་ཕྱིར་རྒྱུ་གཅིག་ལས་ཀྱང་མེད་པ་མ་ལུས་པ་ཅིག་ཅར་སྐྱེ་

བའི་ཕྱིར་རོ། །དེ་ལྟ་ན་མེད་པ་སྐྱེད་པར་བྱེད་པ་ཉིད་རྒྱུའི་བདག་ཉིད་དུ་འགྱུར་བ་དེ་ཡང་། ཇི་ལྟར་མངོན་པར་འདོད་པའི་མྱུ་གུ་ལ་སོགས་པའི་འབྲས་བུ་ལ་ཡིན་པ་དེ་ལྟར་རི་བོང་གི་རྭ་ལ་སོགས་པ་ལ་ཡང་ཡིན་ནོ། །དེ་བས་ན་དོན་དམ་པར་དོན་བྱེད་པར་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ས་བོན་

སྩོགས་ནི་མྱུག་སོགས་ལ། །ནུས་མཐོང་ཞེས་བྱ་བ་ལ་མཐོང་བ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་ལྟར་ན་འབྲས་བུ་ལྡོག་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་ལ་མིག་ལ་སོགས་པའི་ནུས་པ་རྗེས་སུ་དཔོག་པ་ཡིན་ནོ། །བསོད་ནམས་དང་སྡིག་པ་དག་ནི་འདོད་པ་དང་མི་འདོད་པའི་འབྲས་བུ་

เล่ม ๑๗๗ · หน้า 153b

འབྱིན་པ་ལ་ནུས་པ་ཁས་ལེན་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་ཐ་སྙད་འཇིག་རྟེན་ལས་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་ངེས་པ་ཡིན་ནོ། །དེ་བས་ན་དངོས་པོ་དོན་བྱེད་པར་ནུས་པ་ཁས་མི་ལེན་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ཁས་བླངས་པ་དང་གྲགས་པ་དང་འགལ་བར་འགྱུར་རོ་ཞེས་བྱ་བར་

དགོངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་ཀུན་རྫོབ་འདོད་ན། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ཁས་བླངས་པའི་ཕྱིར། མངོན་སུམ་ལ་སོགས་པ་དང་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །མཚོན་པར་བྱ་བ་ཁྱབ་པ་མེད་པས་མཚན་ཉིད་མ་ཡིན་ནོ་

ཞེས་བྱ་བ་ནི་འཇུག་པ་མེད་པ་ཉིད་ཁྱབ་པ་མེད་པ་ཡིན་ཏེ། མཚོན་པར་བྱ་བ་འགའ་ཞིག་ལ་ཡང་དོན་དམ་པར་དོན་བྱེད་པ་མེད་པའི་ཕྱིར་རོ། །དེ་བས་ན་མེད་པ་ཉིད་ཀྱི་ཕྱིར་མཚན་ཉིད་མ་ཡིན་པ་ཉིད་དུ་འགྱུར་རོ། །སྤྱི་ལ་ཡང་དེ་ཡོད་པ་ཞེས་བྱ་བ་ནི་དོན་བྱེད་པར་ནུས་པ་སྟེ། དེས་ཀྱང་རང་གི་རྣམ་

པར་ཤེས་པ་ཀུན་རྫོབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ་ལོ། །ཤིན་ཏུ་ཁྱབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལྷག་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་འཆོལ་བར་གྱུར་པ་ནི་སྤྱི་ཡང་དོན་གྱི་བྱ་བ་བྱེད་པ་ཉིད་ཀྱིས་རང་གི་མཚན་ཉིད་དུ་ཐལ་བའི་ཕྱིར་རོ། །ཇི་ལྟ་དེ་ལྟར་འགྱུར་ཞེས་བྱ་བ་ནི་འདི་ལྟར་ཀུན་རྫོབ་ཀྱིས་ཀྱང་དོན་

བྱེད་པར་ནུས་པར་ཁས་ལེན་ན། དངོས་པོ་ཉིད་དུ་ཁས་བླང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་དོན་བྱེད་པར་ནུས་པ་ཉིད་ཀྱིས་ཉེ་བར་བརྗོད་པ་དང་བྲལ་བ་ལས་ལྡོག་པ་ཀུན་རྫོབ་ཀྱི་མིང་ཅན་དེ་ཡང་དབུ་མ་པས་ཀྱང་འདོད་པར་བྱ་བ་ཡིན་ཏེ། དེ་ཙམ་ནི་དངོས་པོའི་མཚན་ཉིད་

ཡིན་ནོ། །ཀུན་རྫོབ་དང་དོན་དམ་པའི་སྒྲ་དག་གིས་བརྗོད་པ་ན་དོན་བྱེད་པར་ནུས་པ་སྒྲའི་དབང་གིས་ཐ་དད་པ་ཉིད་དུ་དམིགས་པ་མ་ཡིན་ནོ། །ཞིག་པ་དང་མ་ཞིག་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ་

འཇུག་པ་ཡོད་པ་མ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་འདི་ཡོད་ན་འདི་འབྱུང་ཞེས་རྒྱུ་དང་འབྲས་བུའི་དངོས་པོ་སྟོན་པར་མཛད་པས། རྣམ་པར་རྟོག་པ་གསུམ་བོར་ནས་རྣམ་པར་རྟོག་པ་བཞི་པ་ཞལ་གྱིས་བཞེས་སོ། །འདི་ལྟར་ཡང་རྣམ་པར་རྟོག་པ་ནི་རྒྱུ་ལས་འབྲས་བུ་སྔོན་རོལ་ནས་ཡོད་པར་

เล่ม ๑๗๗ · หน้า 154a

འགྱུར་བའམ། རྒྱུ་དང་ལྷན་ཅིག་ཡོད་པའམ། སྐད་ཅིག་མ་གཞན་གྱིས་ཆོད་པ་སྟེ། སྐད་ཅིག་མ་གསུམ་པར་འབྱུང་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །མ་ཆོད་པར་སྐད་ཅིག་མ་གཉིས་པ་ལ་ཡོད་པ་ཞེས་བྱ་བ་བཞི་འབྱུང་བར་འགྱུར་རོ། །དེ་ལ་སྔོན་གྱི་དུས་ན་ཡོད་པ་ནི་རྒྱུ་

ཡོད་ན་འབྱུང་བ་མ་ཡིན་ཏེ། དེ་ནི་དང་པོ་ཉིད་ནས་གྲུབ་ཟིན་པའི་ཕྱིར་རོ། །དུས་མཉམ་དུ་སྐྱེ་བ་ཡང་རྒྱུ་ཡོད་ན་འབྱུང་བ་མ་ཡིན་ཏེ། དེ་ཡང་ཡོད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་དུས་མཉམ་པ་ཉིད་ནི་འབྲས་བུ་མེད་པའི་དུས་ན་རྒྱུ་ཡང་མེད་ལ་རྒྱུ་ཡོད་ན་འབྲས་བུ་ཡང་ཡོད་པ་ཡིན་ནོ། །སྐད་ཅིག་མ་

གསུམ་པ་ལ་སོགས་པ་ན་ཡོད་པ་ཡང་རྒྱུ་ཡོད་ན་འབྱུང་བ་མ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ཁོ་ན་ལ་རྒྱུ་ཞིག་པ་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐད་ཅིག་མ་གཉིས་པ་ལ་ཡོད་པའི་འབྲས་བུ་ཉིད་དུ་འགྱུར་རོ། །དེ་ལྟར་ན་སྐད་ཅིག་མ་གཉིས་པ་ལ་ཡོད་པའི་མཚན་ཉིད་ཅན་ཉིད་འབྲས་

བུ་ཡིན་གྱི་སྔར་མ་ཡིན་ཞིང་ལྷན་ཅིག་ཀྱང་མ་ཡིན་ལ། སྐད་ཅིག་མ་གསུམ་པར་ཡོད་པ་ཡང་མ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་ཡོད་པའི་འབྲས་བུ་སྐྱེ་བ་ཡང་རྒྱུ་མ་ཞིག་པ་ཉིད་ལས་འབྱུང་བ་ཡིན་ཏེ། སྐད་ཅིག་མ་དང་པོར་རྒྱུ་མ་ཞིག་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་འབྲས་

བུ་ཡོད་པའི་དུས་ན། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རྒྱུ་གནས་པ་མེད་པ་དེ་ལྟར་ན་གང་ལས་ལྷན་ཅིག་གནས་པ་ཡིན། གལ་ཏེ་མེད་པ་སྐྱེ་བར་འགྱུར་ན། མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རྟའི་རྭ་ལ་སོགས་པ་ཡང་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་ཕྱིན་ཅི་ལོག་པས་སྐྱུག་ལྡད་བྱེད་པ་

ཡིན་ཏེ། ཤེས་པ་ཉིད་འདི་ཙམ་དུ་སྨྲ་བ་འདི་ཁས་མ་བླངས་པ་ཉིད་ཡིན་ནོ། །ཡོད་ན་བཀག་པ་ཙམ་ཉིད་ལས་གཞན་མེད་པ་ཞེས་བྱ་བ་ཅུང་ཟད་ཀྱང་མི་འདོད་ན་གང་སྐྱེ་བ་དང་འབྲེལ་པར་འགྱུར། འོན་ཀྱང་སྐད་ཅིག་མ་གཅིག་གནས་པའི་ཆོས་ཅན་ཡིན་པའི་རྒྱུའི་ཕྱིར། སྐད་ཅིག་མ་གཅིག་གནས་

པའི་ཆོས་ཅན་ནི་རང་གི་མཚན་ཉིད་འབའ་ཞིག་ཏུ་འགྱུར་བ་ཡིན་ལ་དེ་ཉིད་སྐྱེ་བ་ཡིན་ནོ། །དེ་ཡང་སྔར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་དུ་བརྗོད་ཀྱི། འགའ་ཞིག་སྐྱེ་བར་འགྱུར་བ་ནི་མ་ཡིན་ཏེ། དངོས་པོ་ལ་ཆ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིའི་སྔ་མའི་གནས་སྐབས་ཅུང་ཟད་ཀྱང་ཡོད་པ་

เล่ม ๑๗๗ · หน้า 154b

མ་ཡིན་པ་དེ་ལྟར་ན། དེ་ལ་ལྟོས་ནས་ཡོད་པ་ཡང་མ་ཡིན་ཞིང་མེད་པ་ཡང་སྐྱེ་བ་མ་ཡིན་པའི་ཕྱིར་གང་ལས་ཐལ་བ་ཡིན། མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཞེས་བརྗོད་པ་གང་ཡིན་པ་ཁྱད་པར་མེད་པ་ཞེས་བྱ་བ་འདི་ཡང་གང་ཡིན། གལ་ཏེ་རང་བཞིན་གཅིག་པ་ཉིད་ཡིན་ན་དེ་ཅི་ལྟར་ན་

མེད་པ་ཉིད་དུ་འགྱུར་ཏེ། ཐ་དད་པ་དང་ཐ་དད་པ་མེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་ཁྱད་པར་འགོག་པ་ཙམ་ཡིན་ན་དེ་ནི་ཅིར་ཡང་མི་རུང་བ་དེ་ལྟར་ན་ཇི་ལྟར་དེའི་དབང་གིས་དངོས་པོ་ཐམས་ཅད་སྐྱེ་བར་འགྱུར། དེ་བས་ན་ཇི་སྐད་དུ་བཤད་པའི་རྒྱུ་དང་འབྲས་བུའི་དངོས་

པོ་ལ་ཞིག་པ་དང་མ་ཞིག་པ་ལ་སོགས་པའི་རྟག་པ་འཇུག་པ་མ་ཡིན་ནོ། །གལ་ཏེ་ཁྱེད་ཅག་གིས་འཇིག་པ་ལ་སོགས་པར་ཀུན་དུ་བརྟགས་པ་འདི་སྐྱེ་བ་ལ་གནོད་པར་འགྱུར་བ་དེའི་ཚེ་ཀུན་རྫོབ་ཏུ་སྐྱེ་བ་ལ་ཡང་ཅིའི་ཕྱིར་གནོད་པར་མི་བྱེད་དེ། དེ་ལ་ཡང་ཞིག་པ་དང་མ་ཞིག་པ་ལ་སོགས་པ་མ་

གཏོགས་པར་རྣམ་པ་གཞན་ཡོད་པ་མ་ཡིན་ཏེ། དངོས་པོའི་སྟོབས་ལས་འོངས་པའི་གཏན་ཚིགས་ཀྱི་ཡུལ་ནི་སྐྱེས་བུའི་འདོད་པའི་དབང་གིས་རྣམ་པར་དབྱེ་བར་རིགས་པ་མ་ཡིན་ན། གང་གིས་ན་དོན་དམ་པར་སྐྱེ་བ་ཉིད་ལ་གནོད་པར་བྱེད་པ་ཡིན་གྱི་ཀུན་རྫོབ་པ་ལ་མ་ཡིན། གལ་ཏེ་མངོན་

སུམ་ལ་གནོད་པར་དོགས་པས་དེ་ལ་གཏན་ཚིགས་མི་འཇུག་གོ་ཞེ་ན། འོ་ན་དེ་ནི་གཏན་ཚིགས་མ་ཡིན་ཏེ། གནོད་པར་བྱར་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་གཞན་ལ་ཡང་ཡིད་བརྟན་དུ་མེད་པར་འགྱུར་རོ། །དེ་སྐད་དུ། དངོས་རྣམས་ངོ་བོ་གང་དང་གང་། །དོན་དམ་པར་ནི་བཀག་པ་ན། །

དེ་ལ་ཀུན་རྫོབ་ཉིད་ཀྱིས་ཀྱང་། །མདོར་བསྡུས་ཁྱད་པར་འགྱུར་ཡིན་ནམ། །ཞེས་བཤད་པ་ཡིན་ནོ། །དེ་དག་ཐམས་ཅད་བློ་ལ་བཞག་ནས་ཁོ་བོ་ཅག་གི་དོན་བྱེད་ནུས་པའི་མཚན་ཉིད་ཀྱིས་ཁྱད་པར་མེད་པར་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་བར་བྱེད་དོ། །གལ་ཏེ་བདག་ཉིད་ཐམས་

ཅད་ཀྱིས་མེད་པ་ཞེས་བྱ་བ་ནི། གལ་ཏེ་ཐམས་ཅད་མེད་པ་ཀུན་རྫོབ་ཀྱི་བདེན་པ་དེ་ལྟ་བུར་འགྱུར་བ་མཐོང་བ་ལོག་པ་བརྫུན་པ་རིགས་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་རྫོབ་ཀྱི་སྒྲས་སྐྱེ་བ་ལ་སོགས་པ་འདོད་པ་ཡིན་ན། གང་གི་ཚེ་བདག་ཉིད་ཐམས་ཅད་ཀྱིས་མེད་པ་ཀུན་རྫོབ་མ་ཡིན་གྱི་

เล่ม ๑๗๗ · หน้า 155a

འོན་ཀྱང་དངོས་པོ་ཡིན་ཏེ། ཀུན་རྫོབ་ནི་རྣམ་པར་གཞག་པ་ཐམས་ཅད་ཀྱི་རྟེན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་དངོས་པོ་ནི་སྐྱེ་བ་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་ཀུན་རྫོབ་ཀྱི་སྒྲས་བསྟན་པར་འགྱུར་རོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དོན་

དམ་པ་ཡིན་ཏེ། དོན་དམ་པའི་སྒྲ་ནི་ཀུན་རྫོབ་ལས་བཟློག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དོན་དམ་པར་སྐྱེ་བ་མེད་པ་ནི་སྐྱེ་བ་མེད་པ་ལ་སོགས་པས་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་བསྟན་པར་འགྱུར་རོ། །དེ་ལྟར་ན་ཀུན་རྫོབ་ཏུ་སྐྱེ་བ་ནི་སྐྱེ་བ་ལ་སོགས་པས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་

དོན་དམ་པའི་སྒྲའི་དོན་བཟུང་ནས་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་རྫོབ་ཀྱི་སྒྲའི་དོན་ལ་བརྟེན་ནས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཀུན་རྫོབ་ཀྱི་དོན་ལ་རྣམ་པར་རྟོག་པ་གཞན་ལ་ཡང་བརྒལ་ཞིང་བརྟག་པར་བྱས་པ་ཡིན་ནོ། །གང་ཀུན་རྫོབ་ཀྱི་དོན་མི་རྟག་པའི་ཤེས་

དོན་ཡིན་ནམ། སྒྱུ་མའི་དོན་ཡིན་ནམ། འཇིག་རྟེན་ལ་གྲགས་པའི་དོན་ཡིན་པར་སྨྲའོ་ཞེ་ན། རེ་ཞིག་མི་རྟག་པ་གང་ཡིན། གལ་ཏེ་རྟག་པ་མེད་པ་ཙམ་ཞིག་ཡིན་ན་དེའི་ཚེ་ཇི་ལྟར་སེད་པའི་སྒོ་ནས་འགྲོ་བ་ལ་གྲགས་པར་འགྱུར། འོན་ཏེ་རྟག་པ་ལས་གཞན་མི་རྟག་པ་ཡིན་ན། རྟག་པ་ཡང་རྣམ་

པར་རྟོག་པའི་རྣམ་པར་ཤེས་པ་ཡིན་པ་དེའི་ཚེ། རྣམ་པར་མི་རྟོག་པའི་ཤེས་པས་རྟོགས་པ་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་ཡིན་ན་ཇི་ལྟར་དངོས་པོའི་ངོ་བོ་ཉིད་ཁས་མ་བླངས་པ་ཡིན། རྗེས་སུ་དཔག་པས་རྟོགས་པ་ཡང་སྤངས་པར་འགྱུར་ཏེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་པའི་

ཕྱིར་རོ། །འོན་ཏེ་སྒྱུ་མའི་དོན་ཡིན་ན་ཡང་གལ་ཏེ་ཐམས་ཅད་མེད་པ་ཡིན་པ་དེའི་ཚེ། ཀུན་རྫོབ་ཀྱང་ཐམས་ཅད་མེད་པ་ཡིན་པ་དེ་ལྟར་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར། འོན་ཏེ་སྒྱུ་མ་འཁྲུལ་པའི་ཤེས་པ་ཡིན་པ་དེའི་ཚེ། ཤེས་བྱ་ནང་གི་ཡིན་པའི་ཚུལ་ལས་ཁྱད་པར་ཅི་ཡོད་ཀུན་

རྫོབ་ཀྱི་དོན་འཇིག་རྟེན་ལ་གྲགས་པའི་དོན་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་འཇིག་རྟེན་ཞེས་བྱ་བ་འདི་བསྟན་བཅོས་བྱེད་པའམ་འོན་ཏེ་སྐྱེ་བོ་ཕལ་པ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ནོ། །རྣམ་པར་རྟོག་པ་དང་པོ་ལྟར་ན་དངོས་པོ་ལ་ཕན་ཚུན་འགལ་བའི་རང་བཞིན་དུ་མར་འགྱུར་ཏེ། གཅིག་ལ་ཡང་བསྟན་བཅོས་

เล่ม ๑๗๗ · หน้า 155b

བྱེད་པ་མང་པོ་རྣམས་རྣམ་པ་དུ་མར་སྒྲོ་འདོགས་པའི་ཕྱིར་རོ། །གཉིས་པ་ལྟར་ན་བདག་མེད་པ་ལ་སོགས་པ་ཡང་ཁས་བླང་བར་མི་བྱ་སྟེ། འདི་དག་ནི་སྐྱེ་བོ་ཐ་མལ་པ་ལ་གྲགས་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་སྨྲ་བ་འདི་གཞན་དག་ཏུ་དཔྱད་ཟིན་པའི་ཕྱིར་འདིར་མ་སྤྲོས་སོ། །འབད་རྩོལ་ནི་ཡིད་ལ་

བྱེད་པ་སྔ་མའོ། །བརྡ་དྲན་པ་ནི་བརྡ་ཙམ་གྱི་སྒྲས་བསྟན་ཏོ། །དེའི་འདིའི་བུམ་པའི་རྣམ་པར་སྣང་བ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་དང་འབྲེལ་པ་ཅན་གྱི་བུམ་པའི་རྣམ་པར་སྣང་བ་དང་འབྲེལ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པའི་འབད་རྩོལ་དང་བརྡ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་

ཟླས་དབྱེ་བའོ། །ཙམ་གྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལས་ཐ་དད་པའི་རྒྱུ་མཚན་གཞན་ལ་ལྟོས་པ་ཉིད་ལ་དེ་ཡོད་ན་གདོན་མི་ཟ་བར་མི་འགྱུར་བ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་གདོན་མི་ཟ་བར་འགྱུར་བ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འགྱུར་

བར་ནི་འདོད་མོད་ཀྱི་གསལ་བ་བུམ་པས་སྟོང་པའི་ས་ཕྱོགས་ན་ཡང་བུམ་པའི་སྤྱི་ཉིད་ཡོད་པ་ཉིད་ཡིན་ཏེ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་བུམ་པའི་རྣམ་པར་རྟོག་པ་དེ་ལ་དེའི་ཡང་ནུས་པ་ཉིད་ཡོད་པ་ཡིན་པ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འབད་

རྩོལ་དང་བརྡ་འཛིན་པ་ཡོད་ན་ཡང་ལ་ལར་བུམ་པའི་རྣམ་པར་རྟོག་པ་མི་སྐྱེ་བ་དེའི་ཚེ། འབྲས་བུ་ལྡོག་པའི་སྒོ་ནས་སྤྱིའི་ནུས་པ་རྟོགས་པར་འགྱུར་ན། ཇི་སྐད་དུ་བཤད་པའི་འབྲས་བུའི་ལྡོག་པ་ཡོད་པ་མ་ཡིན་ནོ། །ཁྱབ་པ་ཉིད་ཡིན་ན་ཡང་སྤྱི་རྟག་པ་ཐམས་ཅད་ལ་དུས་ཐམས་ཅད་ན་ཡོད་པ་དེ་ལྟར་ན་

ཤིན་ཏུ་ལྡོག་པ་མ་ཡིན་ན། གང་གིས་ན་དེ་ལྡོག་པའི་རྗེས་སུ་བྱེད་པས་འབྲས་བུ་ལ་དེའི་ནུས་པ་རྟོགས་པར་འགྱུར། དེ་ཉིད་བསྟན་པའི་ཕྱིར་སྦྱོར་བ་གཉིས་པ་སྨོས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བ་ཡོངས་སུ་རྫོགས་པ་ལས། གཏན་ཚིགས་སྔ་མ་ནི་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་ཏོ། །སྤྱི་བུམ་པ་

ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཡང་སྤྱི་ཐམས་ཅད་དུ་སོང་བར་སྨྲ་བའི་གཞུང་སྟོན་པ་མ་ཡིན་ཏེ། ཐམས་ཅད་དུ་སོང་བར་སྨྲ་བའི་ནི་སྣམ་བུ་ལ་སོགས་པ་ལ་ཡང་བུམ་པ་ཉིད་ཡོད་པ་དེ་ལྟར་ན་གང་ལས་ལྡོག་པ་ཡིན། ལྡོག་པ་དེ་འདྲ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །དེ་འདྲ་

เล่ม ๑๗๗ · หน้า 156a

བ་ལས་ཞེས་བྱ་བ་ནི་གང་ལ་ཡུལ་མེད་པས་བྱས་པ་ཉིད་ནི་འབྲས་བུའི་ལྡོག་པ་མ་ཡིན་གྱི་འོན་ཀྱང་རྒྱུ་མཚན་གཞན་ལས་ཡིན་ནོ། །དེ་ཡང་ཕྱིས་འཆད་པ་ཡིན་ནོ། །འོ་ན་ཅི་འདྲ་བ་ལས་གྲུབ་པ་ཡིན་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་དེ་མཐོང་བ་ལ་ཞེས་བྱ་བ་ནི་བུམ་

པ་མཐོང་བའི་ཕྱིར་སྐྱེ་བ་ཅན་གྱི་ཡང་ངོ་། །མཐོང་བ་གྲུབ་པ་མ་ཡིན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་མ་གྲུབ་པའོ། །གལ་ཏེ་དེ་ལྟར་བུམ་པས་སྟོང་པའི་ས་ཕྱོགས་ཉིད་ལ་སྤྱི་ཤེས་པར་འདོད་པ་ཡོད་ན་ཡང་དེའི་ཤེས་པ་མི་འགྱུར་བ་དེའི་ཚེ། དེ་ལྡོག་པ་ལས་སྤྱི་ཡང་སྤྱིའི་ཤེས་པ་ལ་ནུས་པ་

ཉིད་ཡོད་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ཏེ། བུམ་པས་སྟོང་པའི་ས་ཕྱོགས་ལ་ཡང་འབད་རྩོལ་དང་བརྡ་དྲན་པ་ཙམ་གྱིས་བུམ་པའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །སྣམ་བུ་ལ་སོགས་པ་ལ་བུམ་པའི་རྣམ་པར་རྟོག་པ་མི་སྐྱེ་བ་གང་ཡིན་པ་དེ་སྤྱི་བུམ་པ་ཉིད་མེད་པའི་ཕྱིར་མ་ཡིན་གྱི། འོན་

ཀྱང་སྣམ་བུ་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པས་བསྒྲིབས་པ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་གཉིས་ཅིག་ཅར་མི་སྐྱེ་བའི་ཕྱིར་དང་། རྣམ་པར་རྟོག་པ་གཅིག་ལ་ཡང་འགལ་བར་སྣང་བ་མི་རུང་པའི་ཕྱིར་རོ། །དེ་ཉིད་ནི་ཡང་བུམ་པའི་རྗེས་སུ་བྱེད་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །དེ་བས་ན་ལྡོག་པ་དེ་འདྲ་བ་ལས་ནུས་པ་གྲུབ་པ་མ་ཡིན་ཏེ་ཞེས་བཤད་པ་གང་ཡིན་པ་དེ་ནི་འདིས་བསྟན་པ་ཡིན་ནོ། །སྤྱི་འབའ་ཞིག་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གསལ་བ་འཛིན་པའི་སྒོ་ནས་དེ་འཛིན་པ་ཁས་ལེན་པའི་ཕྱིར་རོ། །རྟེན་ཆོད་པ་ཅན་ལ་སོགས་པ་ཞེས་

བྱ་བ་ལ་སོགས་པའི་སྒྲས་ནི་རིག་པའི་རྟེན་ཅན་གཟུང་ངོ་། །བརྡ་ཡིད་ལ་བྱེད་པ་ནི་བརྡ་འཛིན་པའོ། །གཞན་གལ་ཏེ་དོན་ལ་ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པས་སྤྱིའི་མཚན་ཉིད་ཤིན་ཏུ་ཁྱབ་པར་བྱེད་པ་ཉིད་སྨྲས་ཏེ། དོན་ལ་ལྟོས་པ་མེད་པ་ཡང་དེ་ཡིན་ལ་རྒྱུ་མཚན་གཞན་ཡོད་ན་འབྱུང་བ་ཡང་

ཡིན་པས་ན་ཞེས་ཁྱད་པར་གྱི་བསྡུ་བའོ། །སྐྲ་བཤད་སོགས་པ་ནི་སྤྱི་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་སྐད་དུ་གང་ཞིག་འགའ་ཞིག་དང་འབྲེལ་པ་ཅན་དུ་ཞེན་པས་ཤེས་བྱ་ཉིད་དུ་ཐ་སྙད་དུ་བྱེད་པ་དེ་ནི་སྤྱིར་འགྱུར་ཏེ། འདི་ལྟར་མཚུངས་པར་ཡོད་པས་ན་སྤྱི་ཡིན་གྱི་རབ་རིབ་

เล่ม ๑๗๗ · หน้า 156b

ཅན་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་འཁྲུལ་པ་ལ་སྣང་བའི་ངོ་བོ་ལ། ལ་ལར་སྒྲོ་བཏགས་ནས་ཐ་སྙད་དུ་བྱེད་པ་མ་ཡིན་པ་དེ་ལྟར་ན་སྤྱི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྤྱིའི་མཚན་ཉིད་ལ་འཁྲུལ་པ་ཡོད་པ་མ་

ཡིན་ནོ། །འདིས་ཤེས་པར་བྱ་བ་ཡིན་པས་ན་ཤེས་བྱ་སྟེ་ཤེས་པའི་འཇུག་པའི་ཡན་ལག་གོ། །ཤེས་བྱ་ཉིད་ཀྱང་དེ་ཡིན་ལ། སྤྱི་ཡང་ཡིན་པས་ན་སྤྱི་ལ་སོགས་པ་ནི་ཤེས་བྱ་སྟེ་ལས་འཛིན་པའོ། །དོན་འགའ་ཞིག་ལ་ཤེས་པ་འཇུག་པའི་ཡན་ལག་ཏུ་གྱུར་པ་སྤྱི་ལ་སོགས་པའི་ངོ་བོ་གང་ཡིན་པ་དེར་

མངོན་པར་ཞེན་པ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ལ་དེ་ལ་སྤྱི་ལ་སོགས་པའི་ངོ་བོ་ཉིད་དུ་ཞེན་པས་ཐ་སྙད་དུ་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་འདི་ལ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་མི་དམིགས་པའོ། །གལ་ཏེ་ཤེས་པ་གཞན་གྱིས་གཟུང་བར་བྱ་བ་ཉིད་ཡིན་པས་ན། རབ་རིབ་

ཅན་གྱིས་མཐོང་བའི་སྐྲ་ལ་སོགས་པའི་སྤྱིའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་ན་སྐྲ་བཤད་སོགས་ནི་སྤྱི་མིན་ནོ་ཞེས་བྱ་བ་དེ་བཤད་ཅེ་ན། དེའི་ཕྱིར་འོན་ཀྱང་ཤེས་པ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ཤེས་པ་ལ་ལྟོས་ནས་སྤྱི་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་

སོགས་པ་ནི་གཞན་གྱིའོ། །དེ་ལྡོག་པ་ལ་བརྟེན་ཕྱིར་ཏེ། །མཚུངས་པ་ཉིད་དོ་ཞེས་བྱ་བ་ནི་སྔར་ཐ་སྙད་འདོགས་པ་པོ་རྣམས་གསལ་བ་ཐམས་ཅད་ལ་མཚུངས་པར་ཞེན་པའི་ངོར་སྣང་བ་ལ་སྤྱི་ཉིད་དུ་བསྟན་ནས། ད་ནི་བརྒྱུད་པས་དངོས་པོ་ལྡོག་པའི་འབྲས་བུ་ཉིད་ལས་སོ། །མིང་དང་མཚན་མ་ཞེས་བྱ་བ་

ནི་མང་པོས་བཀུར་བའི་གཞུང་ཡིན་ནོ། །བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་སྒྲ་དང་དོན་དང་ཤེས་པ་ལས་ཐ་དད་པ་ནི་མིང་ཡིན་ནོ། །གང་ལ་བརྟེན་ནས་དོན་བརྗོད་པ་དེ་ནི་མཚན་མ་ཡིན་ཏེ། སྒྲ་དང་དོན་དང་ཤེས་པ་དག་ལས་ཐ་དད་པའོ། །དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བའི་ཚོགས་

དང་མི་ལྡན་པར་འཇུག་པ་ཉིད་ཀྱི་ཕྱིར་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་མིང་ཅན་ནོ། །འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་པ་ཅན་གྱི་མིང་དང་མཚན་མ་རྗོད་པར་བྱེད་པ་ཅན་གྱི་སྒྲ་ལས་ཞེས་བྱ་བ་ནི་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་བ་ཅན་གྱི་མིང་དང་མཚན་མ་དེ་བརྗོད་པ་ཅན་གྱིའོ། །མིང་

เล่ม ๑๗๗ · หน้า 157a

དང་མཚན་མ་དག་ལ་དོན་ཞེས་བྱ་བ་ནི་མིང་དང་མཚན་མ་དག་ལ་དོན་ཞེས་ཉེ་བར་འདོགས་པ་ཞེས་བྱ་བའི་དོན་ཏོ། །གཉི་ག་ལ་ཕན་ཚུན་ཉེ་བར་འདོགས་པ་ཡིན་ནོ་ཞེས་བྱ་བ་ནི། དུས་གཅིག་ལ་དོན་ལ་མིང་དང་མཚན་མ་ཉེ་བར་འདོགས་པའམ། མིང་དང་མཚན་མ་ལ་དོན་ཉེ་

བར་འདོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དོན་ཉིད་ལ་བསྙོན་པར་མི་ནུས་པར་ཞེས་བྱ་བ་ནི་རང་བཞིན་གཅིག་ཏུ་གྱུར་པ་ལ་མིང་དང་མཚན་མའི་རང་བཞིན་ཅན་གྱི་དོན་ནམ། དོན་གྱི་རང་བཞིན་ཅན་གྱི་མིང་དང་མཚན་མ་ཁས་ལན་པར་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ལྟར་ན་དེ་

མིང་དང་མཚན་མའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་སྔོན་པོ་ལ་སོགས་པའི་རང་བཞིན་ཉམས་པར་འགྱུར་ཏེ་གཅིག་ལ་རང་བཞིན་གཉིས་མི་རུང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་དོན་མངོན་སུམ་དུ་གྲགས་པ་ལ་ཅི་ལྟར་ན་བསྙོན་པར་ནུས། དེ་བས་ན་ཕྱོགས་གཉིས་པ་ཁས་

བླང་བར་བྱའོ། །དེ་ལྟར་ན་མིང་དང་མཚན་མར་མི་འགྱུར་ཏེ། དོན་གྱི་རང་བཞིན་ཐོབ་པས་མིང་དང་མཚན་མའི་རང་བཞིན་དོར་བའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་རྣམ་པས་ཕྱི་རོལ་གྱི་དོན་གྱི་རང་བཞིན་གཅིག་པུར་གནས་སོ། །དེ་ཡང་གལ་ཏེ་སྒྲའི་བརྗོད་པར་བྱ་བ་ཡིན་ན་དབང་པོ་འབྲས་བུ་

མེད་པ་ཅན་གྱི་གནས་སྐབས་དེ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་ཚེ་ཡང་སྒྲ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིང་ལ་སོགས་པ་བརྗོད་པར་བྱ་བའི་ཞེས་བྱ་བ་ལ་སོགས་པ་ལ་མིང་དང་རྒྱུ་མཚན་དག་སྒྲས་བསྟན་པའི་གནས་སྐབས་གང་ཡིན་པ་དེ་ཉམས་པས་ཡིན་ཞེས་བྱ་བའི་དོན་ཏོ། །

ཕྱོགས་གཉིས་པ་ལ་ཡང་ཞེས་བྱ་བ་ནི་གང་གི་ཚེ། དོན་ལ་མིང་དང་མཚན་མ་དག་ཉེ་བར་འདོགས་པ་ལའོ། །གང་གི་ཚེ་དོན་ལ་མིང་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། མིང་དང་མཚན་མ་ལ་གཙོ་བོར་ཞེས་བྱ་བ་ནི་དེ་ལ་སྒྲ་འཁྲུལ་པ་མེད་པ་ཉིད་འཇུག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་

ཚེ་དོན་ལ་འཇུག་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལ་སྟེ་དེ་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མིང་དང་མཚན་མ་ལ་དོན་ཉིད་དུ་ཉེ་བར་བཏགས་ནས་བརྗོད་པ་ཡིན་གྱི། ཕྱི་རོལ་གྱི་དོན་ནི་གཙོ་བོ་མ་ཡིན་ཏེ། དེ་ཉིད་ནི་དཔེར་ན་སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །ཕན་ཚུན་ཉེ་བར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด