ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๗ · หน้า 157b

བཏགས་པ་ལ་ཡང་ཅི་རིགས་པར་དབང་པོ་འབྲས་བུ་མེད་པ་ཅན་དང་འཇུག་པར་མི་འགྱུར་བ་ཞེས་བྱ་བ་ཡང་དོན་དང་མིང་དང་མཚན་མ་དག་ཉིད་ཅིག་ཅར་ཕན་ཚུན་ཉེ་བར་བཏགས་པ་ནས། གང་གི་ཚེ་དོན་ལ་ཡང་མིང་དང་མཚན་མ་ལ་དོན་ཉེ་བར་བཏགས་པ་དེའི་ཚེ་དབང་པོ་འབྲས་བུ་མེད་པ་

ཅན་ཡིན་ཏེ་དཔེར་ན་ཕྱོགས་གཉིས་པ་ལྟ་བུའོ། །གང་གི་ཚེ་མིང་དང་མཚན་མ་ལ་དོན་ཉེ་བར་བཏགས་པ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་འཇུག་པར་མི་འགྱུར་ཏེ། དཔེར་ན་ཕྱོགས་གསུམ་པ་ལྟ་བུའོ། །དཔེར་ན་ཚེ་སྔ་མ་ལྟ་བུའོ་ཞེས་བྱ་བ་ནི་དེ་ལ་གཟུགས་མཚུངས་པ་ཅན་ལ་སྐྱེས་བུ་འཁྲུལ་

པས་འཇུག་པ་ན་འགའ་ཞིག་གི་ཚེ་གཅིག་ལ་འཇུག་པར་འགྱུར་ཞིང་། འགའ་ཞིག་གི་ཚེ་གཞན་ལ་འཇུག་པར་འགྱུར་བ་དེ་བཞིན་དུ་མིང་དང་མཚན་མ་ལ་སོགས་པ་ལ་འཇུག་པ་ན་ཡང་འཁྲུལ་པས་འགའ་ཞིག་གི་ཚེ་དོན་ལ་འགྱུར་ཞིང་འགའ་ཞིག་གི་ཚེ་མིང་དང་མཚན་མ་དག་ལ་འཇུག་

པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་འདྲ་བ་ཡོད་ན་ཡང་ཞེས་བྱ་བ་ནི་ཡུལ་ཐ་དད་པ་ཅན་གྱི་དོན་གཉིས་གཟུགས་མཚུངས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་གི་ཡང་ཞེས་བྱ་བ་ལ་སོགས་པས་ཉེས་པ་མཚུངས་པ་ཐོབ་པར་དོགས་པའི་ལན་འདེབས་པར་བྱེད་དོ། །མིན་ཞེས་

བྱ་བ་ནི་ཤེས་པ་འབའ་ཞིག་བརྗོད་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་བར་བྱའོ། །དེ་ལྟར་ན་སྒྲ་ལས་ཉན་པ་པོ་རྣམས་ཀྱི་དོན་གྱི་སྤྱིའི་རྣམ་པ་ཉིད་ཀྱི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་ལ། རྣམ་པར་རྟོག་པ་ལ་སྣང་བའི་སྤྱིའི་རྣམ་པ་དེ་ཉིད་བརྗོད་པར་བྱ་བ་ཡིན་ནོ། །སྒྲ་ལས་བྱུང་

བའི་ཤེས་པ་ལ་སྣང་བ་གང་ཡིན་པ་དེ་ཉིད་སྒྲའི་དོན་ཡིན་ནོ། །རྣམ་པ་དེ་ཡང་ཤེས་པ་ལས་ཐ་མི་དད་པ་དེ་ལྟར་ན་ཤེས་པ་བརྗོད་པར་བྱ་བར་བསྟན་ཏོ། །གལ་ཏེ་འདི་ལྟར་ཤེས་པ་ལས་ཐ་མི་དད་པ་ཉིད་ཀྱིས་དེ་རང་གི་མཚན་ཉིད་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཁོ་ན་བརྗོད་པར་འགྱུར་རོ། །སྐྱོན་འདི་

ཡོད་པ་མ་ཡིན་ཏེ། འདི་ལྟར་ཇི་ལྟར་རྣམ་པ་དེ་ཤེས་པས་རིག་པར་འགྱུར་བ་དེ་ལྟར་ཤེས་པའི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་དུ་ཞེན་པ་ཡིན་ལ་དེ་ལ་དེ་ཡང་སྤྱི་ཉིད་ཡིན་གྱི་རང་གི་མཚན་ཉིད་ནི་མ་ཡིན་ཏེ། ཇི་སྐད་དུ་དོན་གྱི་ངོ་བོ་ཉིད་ཀྱིས་སྤྱི་ཞེས་བྱ་བས་བཤད་པ་ལྟ་

เล่ม ๑๗๗ · หน้า 158a

བུའོ། །རྣམ་པ་དེ་འདྲ་བ་ཡི་བློ་དག་ནི། །སྐྱེ་ཕྱིར་སྒྲའི་ནུས་པ་ལས་འོངས་པ་རང་གི་སྣང་བ་ལ་ཕྱི་རོལ་གྱི་དོན་གྱི་ངོ་བོར་ཞེན་པ་ཅན་གྱི་བློ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་ཚུལ་འདྲ་བ་ལས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །ཉམས་སུ་མྱོང་པས་

བྱས་པ་ཡིན་ཏེ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི་དོན་གྱི་རྣམ་པ་ཅི་འདྲ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་གིས་ན་དེ་ལྟར་མཐོང་བར་འགྱུར་ཞེས་བྱ་བ་ནི་འདི་ཉིད་དངོས་སུ་སྒྲ་ལ་སོགས་པའི་དངོས་པོ་ཡིན་ནོ་ཞེས་མཐོང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་སུ་མྱོང་བའི་རྣམ་པ་

ཅན་གྱི་རྣམ་པར་རྟོག་པའི་བློ་ཞེས་བྱ་བ་ནི། ཉམས་སུ་མྱོང་བའི་རྣམ་པའི་ཆའི་རྗེས་སུ་བྱེད་པ་ཞེས་བྱ་བས་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཉམས་སུ་མྱོང་བའི་རྣམ་པ་ཅན་ཞེས་བརྗོད་དོ། །དངོས་སུ་དེ་ལ་ཉམས་སུ་མྱོང་བའི་རྣམ་པ་ཡོད་པ་མ་ཡིན་ནོ། །མིང་དང་མཚན་མ་སོ་སོར་རིག་པའི་ངོ་བོ་

ཅན་གྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་དུ་སྣང་བའི་བློ་ཁས་ལེན་པ་དེའི་ཚེ་རྣམ་པ་དང་བཅས་པའི་བློ་ཁས་བླང་པར་འགྱུར་རོ། །དེ་བས་ན་མིང་དང་མཚན་མ་དག་འཛིན་པར་བྱེད་པའི་བློ་གང་ཡིན་པ་དེ་ཡང་མིང་དང་མཚན་མའི་རྣམ་པ་ཅན་དུ་ཁས་བླང་བར་བྱའོ། །དེ་

ལྟར་ན་བློའི་རྣམ་པའི་བདག་ཉིད་ཅན་བློའི་ངོ་བོ་རིག་པ་ཉིད་ཀྱིས་རིག་པའི་ངོ་བོའི་མིང་དང་མཚན་མ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ཏེ། སྣང་བའི་ཤེས་པ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །འགྱུར་བར་ནི་འདོད་མོད་ཀྱི་ཤེས་པའི་རྣམ་པའི་མིང་དང་མཚན་མ་དག་རྣམ་པར་ཤེས་པའི་ངོ་བོ་ཉིད་

ཡིན་པ་ནི་བླ་སྟེ། རྣམ་པར་ཤེས་པ་ལས་ཐ་དད་པ་རྣམ་པར་འཇོག་པར་བྱེད་པ་དག་ནི་མི་ལྡན་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་ལས་ཐ་དད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ན་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པ་ལ།

རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་ལ། དོན་གྱི་རྣམ་པ་སྔོན་པོ་ལ་སོགས་པ་རིག་པ་གང་ཡིན་པ་དེ་ནི་ཤེས་པའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་ཏེ། རྟག་ཏུ་ཤེས་བའི་ཆ་རིག་པ་ཡིན་པའི་ཕྱིར་རོ། །དོན་གཞན་ཞེས་བྱ་བ་ནི་ཕྱི་རོལ་རྣམ་པར་འཇོག་པར་བྱེད་པའོ། །དེ་ལས་གཞན་པའི་དབང་པོ་ལ་

เล่ม ๑๗๗ · หน้า 158b

སོགས་པ་ཞེས་བྱ་བ་ནི་དོན་ལས་གཞན་པའི་དབང་པོ་དང་ཡིད་ལ་བྱེད་པ་དང་སྣང་བ་ལ་སོགས་པའོ། །འབྲས་བུ་རྣམ་པར་ཤེས་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པར་སྐྱེ་བར་མི་འགྱུར་བར་ཞེས་བྱ་བ་ནི་ཡུལ་ལ་ལར་རོ། །དེ་དང་འདིས་ནི་འབྲས་བུ་ལྡོག་པ་ལས་ཕྱི་རོལ་གྱི་དོན་གྲུབ་པར་ཤེས་སོ། །དེ་ལྟར་

མིང་ལ་སོགས་པ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་འབད་རྩོལ་དང་བརྡ་དྲན་པ་ཙམ་གྱིས་མིང་ལ་སོགས་པའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །དེ་ཡང་གཟུགས་ལ་སོགས་པ་མ་ཡིན་ན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དོན་བྱེད་པར་ནུས་པ་སྒྲའི་ཤེས་པ་ལ་སྣང་བ་མི་རུང་བའི་ཕྱིར་རོ། །སྣང་ན་ནི་

དབང་པོ་འབྲས་བུ་མེད་པ་ཅན་དུ་འགྱུར་རོ། །སྤྱིའི་དངོས་པོ་ནི་གཞན་སེལ་བར་འདོད་པས་ཁས་མ་བླངས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་དང་ནི་ཁྱབ་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པ་གང་ཡིན་པ་དེ་ཐམས་ཅད་དོན་དང་ལྡན་པ་ཡིན་ཏེ་ཞེས་བྱ་འདི་ལ་བཟློག་ན། གནོད་པ་

ཅན་གྱི་ཚད་མ་མེད་པའི་ཕྱིར་ལྡོག་པ་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དོན་གྱིས་སྟོང་པ་དང་ཤེས་པ་ཡིན་པར་འགྱུར་བ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། འགྱུར་བར་ནི་འདོད་མོད་ཀྱི་འགལ་བ་ནི་ཡོད་དེ། འདི་ལྟར་གང་གིས་དེ་ཤེས་པས་ན་ཤེས་པ་ཡིན་ན་དོན་མེད་

པ་ན་ཡང་དེས་ཅི་ཞིག་ཤེས། དེ་བས་ན་ཤེས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ལ་འདི་ནི་མ་དཔྱད་པར་བརྗོད་པ་ཡིན་ཏེ། དེ་ལྟ་ཡིན་ན་ཕྱི་རོལ་གྱི་དོན་ལ་ལྟོས་ནས་བྱེད་པའི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་མི་འགྱུར་རོ། །ཉེ་བར་ལེན་པ་སྔ་མ་ལ་རག་ལུས་པ་གཟུང་པ་དང་འཛིན་པའི་རྣམ་

པར་དབྱེ་བ་ཅན་ཉེ་བར་བསྟན་པ་རང་རིག་པའི་བདག་ཉིད་ཅན་གྱི་ཤེས་པ་གང་གིས་བཟློག་པར་ནུས། དེ་ནི་ཕྱི་རོལ་གྱི་དོན་ལ་རག་ལས་པས་གནས་པ་ཅན་མ་ཡིན་ནོ། །རྣམ་པ་གཞན་དུ་ན་ཡང་ཞེས་བྱ་བ་ལ་སོགས་པས་ངེས་པ་ཁོ་ནར་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཉིད་བསྟན་ཏོ། །གཞན་ཡང་

ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་དེ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རྨི་ལམ་གྱི་རྣམ་པར་ཤེས་པས་གཟུང་བར་བྱའོ། །ཤེས་པ་ནི་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དོན་མིན་ནི་ཕྱི་རོལ་གྱིའོ། །ཡུལ་རུང་བ་མཚུངས་པ་ཅན་ཞེས་བྱ་བ་ནི་ཡུལ་རུང་བ་ལ་སོགས་པ་

เล่ม ๑๗๗ · หน้า 159a

མཚུངས་པ་གང་ལ་ཡོད་པ་དེ་དག་ནི་ཡུལ་རུང་བ་མཚུངས་པ་ཅན་ལ་སོགས་པའོ། །སོགས་པ་སྨོས་བ་ནི་དུས་མཚུངས་པའི་གནས་སྐབས་ཅན་གྱི་སྐྱེས་བུ་གཟུང་ངོ་། །གལ་ཏེ་རྨི་ལམ་གྱི་ནང་གི་གཟུགས་ལ་སོགས་པ་གཉིད་མ་ལོག་པའི་གནས་སྐབས་ན་ཡོད་

པའི་གཟུགས་ལ་སོགས་པ་ལས་ཁྱད་པར་མེད་པར་འབྱུང་བར་འགྱུར་བ་དེའི་ཚེ། ཡུལ་དང་དུས་དེར་གནས་པ་གཞན་དག་གིས་ཀྱང་ཅིའི་ཕྱིར་དམིགས་པར་འགྱུར། གལ་ཏེ་གཉིད་ཀྱིས་འདུས་བྱས་པའི་རྣམ་པར་ཤེས་པས་དེ་དག་དམིགས་སོ་ཞེ་ན། འོ་ན་གཞན་དག་གིས་ཀྱང་དེར་རྨི་ལམ་གྱི་

ནང་གི་སྔོན་པོ་ལ་སོགས་པ་གཉིད་མ་ལོག་པ་ན་ཅིའི་ཕྱིར་མ་མཐོང་། གལ་ཏེ་དེ་འདྲ་བ་ནི་གཉིས་ཀྱི་ཁྱད་པར་ཉིད་ཡིན་ཏེ། གང་གིས་གཅིག་ཁོ་ནས་མཐོང་བ་ཉིད་ཡིན་ནོ་ཞེ་ན། འོ་ན་དེ་ལྟར་ན་ནི་གཅིག་ཉིད་ཀྱིས་སོ་སོར་རིག་པ་ཉིད་ཡིན་པའི་ཕྱིར་དེ་ནི་ཤེས་པའི་ངོ་བོ་ཉིད་དུ་འགྱུར་ཏེ། ཤེས་

པ་ནི་དེ་ཙམ་གྱི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཤེས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཡུལ་རུང་བ་ཅན་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་དག་ལ་ཡུལ་རུང་བ་ཡོད་པ་དེ་དག་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྣལ་འབྱོར་པས་སྤྲུལ་པའི་

གཟུགས་ཡུལ་དེར་གནས་པ་དག་གིས་མཐོང་བར་འགྱུར་གྱི། དེ་ལྟ་མ་ཡིན་ན་དེ་ཡང་ཤེས་པའི་ངོ་བོ་ཉིད་དུ་འགྱུར་རོ། །བུམ་པའི་ངོ་བོས་སྒྱུར་བར་བྱེད་པ་ཞེས་བྱ་བ་ནི་དེ་ལ་བུམ་པའི་ངོ་བོར་སྒྲོ་བཏགས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་རང་དགའ་བ་དངོས་པོ་གཞན་ལ་ཡང་ཟློག་པ་

མེད་པའི་ཕྱིར་རོ། །སྣམ་བུར་མི་རྟོག་པ་ཞེས་བྱ་བ་ནི་སྣམ་བུ་ཡོད་དུ་ཟིན་ཀྱང་བོར་ནས་ཡུལ་དེ་ལ་རང་དགར་བུམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱུར་བར་ནི་འདོད་མོད་ཀྱི་གང་གི་ཚེ་སྣམ་བུ་ལ་བུམ་པའི་ངོ་བོར་སྒྱུར་བར་བྱེད་པའམ། སྣམ་བུ་བོར་ནས་དེ་ཉིད་ལ་བུམ་པར་

རྟོག་པར་བྱེད་པ་དེའི་ཚེ། བུམ་པའི་རྣམ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ཡུལ་མེད་པ་མ་ཡིན་ཏེ། ཡུལ་གཞན་ན་གནས་པའི་བུམ་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རམ་དེ་ལ་ཡོད་པའི་བུམ་པ་ཉིད་ཀྱི་སྤྱིའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་དེ་ཉིད་ཀྱི་ཕྱིར་གསལ་བ་ཡུལ་གཞན་ན་

เล่ม ๑๗๗ · หน้า 159b

གནས་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སྣམ་བུའི་ཡུལ་ཅན་ཉིད་ལ་བུམ་པའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །དེའི་ཡུལ་དང་འབྲེལ་པ་ཅན་ཉིད་དམ་ཞེས་བྱ་བ་ནི། སྣམ་བུའི་ཡུལ་དང་འབྲེལ་པ་ཅན་ཉིད་ཀྱིས་སོ། །དེས་ནི་སྣམ་བུར་མི་རྟོག་པས་

ཡུལ་དེ་ལ་བུམ་པར་རྟོག་པ་ཞེས་བྱ་བའི་ཕྱོགས་འདི་བསྟན་པ་ཡིན་ནོ། །སྣམ་བུ་དེར་གྱུར་པའམ་ཞེས་བྱ་བ་ནི་བུམ་པའི་ངོ་བོ་དེས་སྣམ་བུ་ཡོངས་སུ་བསྒྱུར་བ་ནི་སྣམ་བུ་དེ་གྱུར་པ་སྟེ། སྣམ་བུ་དེ་ཡང་བློས་བུམ་པའི་ངོ་བོར་སྒྱུར་བར་བྱེད་པ་ཞེས་བྱ་བའི་ཕྱོགས་འདི་བཤད་པ་ཡིན་ནོ། །གང་དག་

ཕྱི་རོལ་གྱི་རྒྱུ་མཚན་ལ་ལྟོས་པ་མེད་པར་བརྗོད་བྱ་ལ་འཇུག་པ་དེ་དག་ནི་འདོད་རྒྱལ་གྱི་སྒྲའོ། །གང་དག་ལ་གསལ་བ་ཉུང་ཟད་དེ་ཚད་ངེས་པ་ཡོད་པའི་སྤྱི་དེ་དག་ལ་དེ་སྐད་ཅེས་བྱའོ། །དཔེར་ན་གཡུལ་ངོར་བརྟན་པ་ལ་སོགས་པ་ལྔ་ལ་སྐྱ་བསེང་གི་བུ་ཉིད་དུ་གནས་པ་ལྟ་བུའོ། །དེ་བཞིན་དུ་དེ་

ལྟ་བུའི་རིགས་ཅན་གསལ་བའི་ངེས་པའི་ཡུལ་ཅན་གྱི་སྤྱི་གཞན་དག་ལ་ཡང་རྟོགས་པར་བྱའོ། །འདོད་རྒྱལ་གྱི་སྒྲའི་ཡུལ་གསལ་བའི་ཁྱད་པར་རྣམས་སམ། གསལ་བ་ཉུང་ཟད་པ་ཅན་གྱི་སྤྱི་ལ་རྣམ་པར་རྟོག་པའི་བློ་ཡོད་པ་ཡིན་ན་དོན་ཡོད་པ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་ལྟར་ན་འདོད་

རྒྱལ་གྱི་སྒྲའི་ཡུལ་རང་གི་མཚན་ཉིད་དུ་འདོད་པ་དེ་སྲིད་དུ་རྣམ་པར་རྟོག་པའི་བློའི་ཡུལ་མ་ཡིན་ཏེ་མི་གསལ་བའི་རྣམ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་ལས་བྱུང་བའི་ཤེས་པ་ཡང་རང་གི་མཚན་ཉིད་དུ་སྣང་བར་ཁས་ལེན་ན་དབང་པོ་འབྲས་བུ་མེད་པ་ཅན་གྱི་གནས་སྐབས་དེ་ཉིད་དུ་འགྱུར་

རོ། །དེ་ལ་ཡུལ་དུ་འགྱུར་བ་གཞན་གང་ཡིན་པ་དེའི་ཕྱིར་ཁས་མི་ལེན་པ་དེའི་ཚེ་འདོད་རྒྱལ་བའི་སྒྲ་མེད་པར་ཐལ་བའི་ཕྱིར་རོ། །གསལ་བ་ཅུང་ཟད་པ་ཅན་གྱི་སྤྱི་གསལ་བ་རྣམས་ཚོགས་པ་ཞིག་པའི་ཕྱིར་དང་། རྟེན་མ་བཟུང་བའི་སྤྱི་ནི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་བློའི་ཡུལ་

མེད་པ་ཅན་ཉིད་ཡིན་ནོ། །གྲོང་དང་གྲོང་ཁྱེར་དང་ཡུལ་དང་སྐྱེས་བུ་དང་ཁང་བཟངས་ལ་སོགས་པ་ཞིག་པའི་ཡུལ་ཅན་གྱི་ཤེས་པ་དོན་ཡོད་པ་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་མེད་ན་ཡང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་མེད་ན་ཡང་ངོ་། །རང་གི་འདོད་པས་སྦྱར་བའི་ངོ་བོ་ཅན་ཏེ། གང་གི་ཚེ་

เล่ม ๑๗๗ · หน้า 160a

ནམ་མཁའི་ཕྱོགས་ལ་རང་གི་འདོད་པས་སྐྱེ་བོའི་ཚོགས་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་ཅན་རྣམ་པ་དུ་མ་མེད་པ་ཉིད་དཔྱོད་པར་བྱེད་པ་དེའི་ཚེ་ཡང་། དེ་ལ་བློ་འགྱུར་བ་ལ་དོན་ཅི་ཞིག་ཡོད་ཅེས་བྱ་བ་ནི་རྣམ་པ་བཞི་པ་ཡིན་ཏེ། འབད་རྩོལ་ཙམ་གྱིས་ཞེས་བྱ་བ་དེ་དང་སྦྱར་བར་

བྱའོ། །དེ་ལས་གཞན་པའི་རྒྱུ་མཚན་ཐག་ཉེ་བ་ན་ཡོད་ན་ཞེས་བྱ་བ་ནི། འབད་རྩོལ་དང་བརྡ་དྲན་པ་ཐག་ཉེ་བ་ན་ཡོད་ན་ཞེས་བྱ་བའི་དོན་ཏོ། །གསལ་བ་དང་འབྲེལ་པ་ཅན་ནི་དེ་མཚུངས་ཏེ་གསལ་བ་དང་འབྲེལ་པ་ཅན་གྱི་སྤྱི་དེས་ཞེས་བྱ་བའི་དོན་ཏོ། །དེ་བཀག་པ་ནི་དེ་མཚུངས་མིན་ནོ། །དེ་དང་

གསལ་བ་མིན་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །རྟེན་ལ་ཡང་གསལ་བའི་སྒྲས་འགའ་ཞིག་གི་ཚེ་རྗོད་པར་བྱེད་པ་དེ་ལྟར་ན། དེ་རྣམ་པར་བཅད་པའི་དོན་དུ་གསལ་བ་ནི་གསལ་བར་བྱེད་པ་སྟེ་ཞེས་བྱ་བས་སྟོན་པར་བྱེད་དོ། །དབུས་མའི་གནས་སྐབས་ཀྱི་ཞེས་བྱ་བ་ནི་གསལ་བ་དམིགས་སུ་རུང་བ་

ཐག་ཉེ་བའི་གནས་སྐབས་ཀྱིའོ། །གནས་སྐབས་སྔ་ཕྱི་དག་ཏུ་ཞེས་བྱ་བ་ནི་གསལ་བ་སྐྱེ་བ་དང་འཇིག་པའི་དུས་དག་ཏུའོ། །གལ་ཏེ་ཡང་གསལ་ལས་མངོན་སུམ་ཕྱིར་གསལ་ཡིན་ཞེས་བྱ་བ་ནི་གསལ་བ་སྤྱིའི་རྟེན་དུ་གྱུར་པ་ལས་སྤྱིའི་གསལ་བ་སྟེ་མངོན་པར་གསལ་བ་གང་ཡིན་པ་དེ་ནི་སྤྱིའི་

མངོན་སུམ་གྱི་ཕྱིར་ཏེ་རྒྱུ་མཚན་ནོ། །རྟེན་མངོན་པར་གསལ་བ་ཉིད་ཀྱི་སྤྱིའི་མངོན་སུམ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ནི་དོན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གཏན་ཚིགས་མ་གྲུབ་པ་དག་ཡིན་ནོ་ཞེས་བྱ་བ་ནི་དེ་མ་ཐག་པ་གཉིས་པའོ། །གལ་ཏེ་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་

ལ་སོགས་པ་ལ། གལ་ཏེའི་སྒྲ་ནི་ཁས་ལེན་པའི་ཚིག་སྟོན་པར་བྱེད་པའོ། །དོན་དམ་པར་ནི་དེ་ཡང་འདིའི་ལན་ཉིད་དུ་འགྱུར་བ་མ་ཡིན་ཏེ། རྟག་པ་གསལ་བྱེད་དུ་རིགས་པ་མ་ཡིན་ནོ། སྐྱོན་ལྷག་མ་དག་ནི་འདིའི་གནས་སྐབས་ཅན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་རྟེན་གྱི་སྒོ་ནས་གསལ་བ་ཉིད་སྤྱིར་

བཟུང་བ་དེའི་ཚེ་དེ་རང་དབང་གིས་འཛིན་པ་མ་ཡིན་ནོ། །དེ་བས་ན་གསལ་བ་ལ་ལྟོས་པ་དང་བཅས་པ་དེ་ཉིད་ཀྱང་སྒྲ་ལས་འཛིན་པ་དེ་ལྟར་ན། དབང་པོའི་ཚོགས་འབྲས་བུ་མེད་པ་ཅན་གྱི་གནས་སྐབས་དེ་ཉིད་དུ་འགྱུར་རོ། །ཅི་སྟེ་དབང་པོ་ལ་བརྟེན་པ་ཅན་གྱི་སྤྱིའི་ཤེས་པ་གང་ཡིན་པ་དེ་ཉིད་རྟེན་འཛིན་པ་

เล่ม ๑๗๗ · หน้า 160b

ལ་ལྟོས་པ་དང་བཅས་པ་ཡིན་ན་སྒྲ་ལ་བརྟེན་པ་ཅན་ནི་སྤྱི་འབའ་ཞིག་འཛིན་པ་ཅན་ཡིན་པར་འདོད་དེ་ཞེ་ན། དེ་ལྟར་ན་ཡང་སྤྱི་ཡན་གར་བ་བརྗོད་པ་ཉིད་ཀྱི་ཕྱིར་གསལ་བ་ལ་མི་འཇུག་པའི་སྐྱོན་དེའི་གནས་སྐབས་ཅན་ཡིན་ནོ། །གང་ཞིག་གང་གི་རྣམ་པ་དང་བྲལ་བ་དེ་ནི་དེ་འཛིན་པ་ན་རྣམ་པ་

དེར་སྣང་བ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །སྔོན་པོ་ལ་སོགས་པ་མ་ཡིན་པ་འཛིན་པའི་ཤེས་པ་ལ་སྤྱི་སྔོན་པོའི་རང་གི་ངོ་བོ་དང་བྲལ་བ་སྔོན་པོའི་རྣམ་པར་སྣང་བར་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ལ་རྣམ་པ་དེར་སྣང་བ་ནི་དེའི་རྣམ་པ་

ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་དེའི་རྣམ་པ་ཉིད་མ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྒྲ་ལས་སྤྱི་འཛིན་པ་ན་ཡང་སྤྱི་རྟེན་དང་བཅས་པ་ཉིད་གཟུང་བའི་ཕྱིར། སྒྲ་ལས་བྱུང་བའི་ཤེས་པས་གསལ་བ་ཡང་གཟུང་བ་ཡིན་ནོ། །དེ་བས་ན་དབང་པོ་རྣམས་

དོན་མེད་པ་ཅན་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ་དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མངོན་སུམ་ཞེས་བྱ་བ་ལ་སོགས་པས་ལན་གྱི་དོགས་པ་བསུ་བར་བྱེད་དོ། །འདི་སྐད་དུ་གལ་ཏེ་སྒྲའི་སྒོ་ནས་ཀྱང་སྤྱིའི་རྟེན་དང་བཅས་པ་ཤེས་པ་ཡིན་པ་དེ་ལྟ་ན་ཡང་སྒྲ་ལས་བྱུང་བའི་ཤེས་པ་ལ་གསལ་བ་མི་

གསལ་བའི་ངོ་བོར་སྣང་ཞིང་། དབང་པོའི་ཤེས་པ་ལ་ནི་གསལ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་ནི་དོན་གྱི་ཤེས་པ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མིང་ལ་སོགས་པ་བརྗོད་པ་ལ་ཡང་ལན་འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི། དོན་དང་འབྲེལ་བ་ཅན་གྱི་མིང་ལ་

སོགས་པ་བརྗོད་པ་ན། གལ་ཏེ་ཡང་དོན་རྟོགས་པ་སྒྲ་ལས་ཡིན་པ་དེ་ལྟ་ན་ཡང་རྣམ་པ་མི་གསལ་བ་ཡིན་པ་དེ་བས་ན་དབང་པོ་རྣམས་འབྲས་བུ་མེད་པ་ཅན་མ་ཡིན་ནོ་ཞེས་བྱའོ། །དོན་སོ་སོར་ངེས་པ་ངོ་བོ་གཅིག་པ་ཞེས་བྱ་བ་ནི་དངོས་སུ་དུ་མ་ཉིད་དུ་འགལ་བའི་ཕྱིར་རོ། །ཐ་དད་སྣང་བ་ཅན་ཞེས་བྱ་བ་

འདིའི་བཤད་པ་ནི་གསལ་བར་སྣང་བའི་ངང་ཚུལ་ཅན་ནོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་གཞན་པ་སྟེ། མི་གསལ་བར་སྣང་བའི་ངང་ཚུལ་ཅན་ནོ། །སྣང་བར་གྱུར་པའི་ངོ་བོ་ལ་ལྟོས་ཞེས་ཡུལ་དུ་རྣམ་པར་གཞག་པ་ན། ཤེས་པ་རྣམས་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཁྱད་པར་ལྡན་པ་

เล่ม ๑๗๗ · หน้า 161a

ཉིད་དང་ཐ་དད་པར་སྣང་བ་ཉིད་ལ་ཡུལ་ཐ་དད་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཡུལ་གཅིག་པ་ཅན་ཉིད་དུ་ཁས་ལེན་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་ནི་དམིགས་པའོ། །གང་ཞིག་གང་གིས་ཅུང་ཟད་ཀྱང་བྱར་མེད་པའམ་གྲུབ་པ་གང་ཡིན་པ་ཞེས་བྱ་བ་

ལ་སོགས་པ་ལ། གང་ཞིག་གང་གིས་ཅུང་ཟད་ཀྱང་བྱར་མེད་པ་དེ་ནི་དེ་ལ་ལྟོས་པར་མི་འགྱུར་བ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་ཡིན་ནོ། །གྲུབ་པ་གང་ཡིན་པ་དེ་ནི་གཞན་གྱི་དབང་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པའོ། །དེ་ལ་བསྒྲུབ་པར་བྱ་བ་དང་པོ་ལ་ནི་ཁྱབ་པར་བྱེད་པ་མི་

དམིགས་པ་ཡིན་ཏེ། དེ་ལ་ལྟོས་པ་ཉིད་ལ་དེ་ལ་ཅུང་ཟད་བྱར་ཡོད་པས་དེས་ཁྱབ་པ་ཡིན་ལ་དེ་འདི་ལ་མེད་པའི་ཕྱིར་རོ། །གང་ལ་མེད་པར་དགག་པ་གཙོ་བོ་ཡིན་པ་དེ་ལ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཞིང་། བསྒྲུབ་པ་གཙོ་བོར་གྱུར་པའི་གཏན་ཚིགས་ལ་ནི་ཁྱབ་པར་བྱེད་པ་འགལ་

བ་དམིགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་གཞན་གྱི་དབང་ལ་ནི་མ་གྲུབ་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་གྲུབ་པ་ཉིད་སྒྲུབ་པའི་ངོ་བོ་ཙམ་ཡིན་པའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་

བཤད། བམ་པོ་ལྔ་བཅུ་པ། གཞན་ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་ནི་མདོ་ཡིན་ཏེ། དེ་སྤེལ་ནས་འཆད་པ་ལ་གཞན་ཉིད་ཡིན་ན། དོན་གཞན་ཉིད་གང་ལས་ཤེ་ན་ཞེས་བྱ་བ་ནི་འདྲི་བའོ། །གསལ་བ་ལས་སོ་ཞེས་བྱ་བ་ནི་ལན་ནོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་གསལ་བ་ལས་གཞན་

ཉིད་དུ་ཡོད་ན་སྐྱོན་ཅི་ཡོད་ཅེས་འདྲི་བའོ། །སྤྱི་དེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །དེའི་ཚེ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་འགའ་ཞིག་ཀྱང་སྤྱིར་མི་འགྱུར་ཏེ་ཞེས་བྱ་བ་ནི་རང་བཞིན་མེད་པ་འགའ་ཞིག་ཀྱང་སྤྱིར་གྱུར་བའི་ངང་ཚུལ་ཅན་དུ་རིགས་པ་མ་ཡིན་ནོ། །འདི་ལྟར་རྟ་མ་ཡིན་པ་ཉིད་ནི་ཞེས་བྱ་

བ་ནི་སྤྱི་དངོས་པོར་སྨྲ་བའི་ངང་ཚུལ་ཅན་གཞན་ཡང་རྟ་མ་ཡིན་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་མི་འདོད་དོ། །དེ་ལྟར་ཚིག་གི་དོན་ཉིད་ཀྱང་དངོས་པོར་གྱུར་པ་དེ་གཞན་མི་འདོད་དོ། །ཚིག་གི་དོན་དྲུག་ནི་རྫས་དང་། ཡོན་ཏན་དང་ལས་དང་། སྤྱི་དང་ཁྱད་པར་དང་འདུ་བའོ། །སྒྲ་དེ་འདིས་ནི་གང་ངེས་

เล่ม ๑๗๗ · หน้า 161b

ཅན། །ཞེས་བྱ་བ་ནི་མདོ་ཡིན་ནོ། །དེ་ནི་མི་འདོད་པ་སྤོང་བའི་སྒོ་ནས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །གཞན་སེལ་བ་དེའི་ངོ་བོར་ཅིར་མི་རུང་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་ལྡོག་པའི་ངོ་བོ་ལ་བརྟེན་ནས་ཕྱི་རོལ་གྱི་དངོས་པོ་དེ་དག་ལ་སྒྲའི་བརྗོད་པར་བྱ་བ་ཉིད་དུ་རྣམ་པར་གཞག་པའི་གཞན་སེལ་བ་གང་

ཡིན་པ་དེའི་ངོ་བོ་ཅིར་ཡང་མི་རུང་སྟེ། དེ་ནི་ཇི་ལྟར་སྒྲོ་བཏགས་པ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཕྱིའི་རང་གི་མཚན་ཉིད་ལྡོག་པ་གང་ཡིན་པ་དེའི་ལྡོག་པ་གང་ཡིན་པ་དེ་ནི་རང་གི་ངོ་བོ་ལས་གཞན་པ་མ་ཡིན་པ་དེ་ལྟར་ན་གཞན་སེལ་བ་དངོས་པོ་ཉིད་ཡིན་གྱི་སྒྲའི་བརྗོད་པར་བྱ་བ་ཉིད་ནི་མ་ཡིན་ནོ། །

ཕན་ཚུན་ཐ་དད་པའི་དོན་ལ་བརྟེན་ནས་སྐྱེས་པར་གྱུར་པ་ཞེས་བྱ་བ་ནི་བརྒྱུད་པས་ཞེས་བྱ་བར་བལྟ་བར་བྱའོ། །དེ་ལྟར་ན་རེ་ཞིག་དང་པོར་རང་གི་མཚན་ཉིད་ལ་འཛིན་པའི་བློ་དང་ཕྱིས་རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི་ཕན་ཚུན་ཐ་དད་པའོ། །དེ་དེ་ལྟར་ན་སློབ་དཔོན་ཕྱོགས་ཀྱི་

གླང་པོ་ལ་སོགས་པས། ཇི་ལྟར་ཕྱི་རོལ་ལ་གཞན་ལས་ལྡོག་པའི་ངོ་བོའི་སྤྱིའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་ཞལ་གྱིས་བཞེས་པའམ། བློ་ལ་སྣང་བའི་སྤྱི་ཇི་སྐད་དུ་ཀུན་ལའང་ངོ་བོ་མཚུངས་པའི་ཕྱིར་ཏེ་ཞེས་སྔར་བཤད་པ་གང་ཡིན་པ་བཞེད་པ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་དུའོ་ཞེས་བྱ་བ་ནི་གཉིས་

པ་གཉིས་ཀྱི་ཚིག་གོ། །དེ་ཉིད་དང་གཞན་ཉིད་ལས་མ་འདས་པ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ལ་གོ་སྐབས་གཞན་མེད་པའི་ཕྱིར་རོ། །གལ་ཏེ་ཚིག་འགའ་ཞིག་ལས་ཀྱང་། དངོས་པོ་འདོད་ན་ནི་ཞེས་བྱ་བ་ནི་གལ་ཏེ་རང་གི་རྟེན་བུམ་པ་ལས་སྤྱི་བུམ་པ་ཉིད་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་

ཡིན་པ་དེ་ལྟར་ན་ཡང་སྣམ་བུ་ལས་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་ཡིན་ཏེ། གཞན་ཉིད་དུ་འགའ་ཞིག་ལས་བརྗོད་པའི་ཕྱིར་སྤྱི་དེ་ནི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཉིད་ནི་བུམ་པའི་སྤྱི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྣམ་བུ་ལས་བུམ་པ་ཞེས་བྱ་བ་ནི་ཆོས་ཅན་

གྱི་ཆོས་ཉེ་བར་མཚོན་པའི་ཕྱིར་ཏེ། བུམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་དངོས་པོ་འགའ་ཞིག་ལས་ཀྱང་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་རང་གི་ཉེ་བར་ལེན་པར་གྱུར་པ་ལས་ཀྱང་གང་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཉེ་བར་ལེན་པའི་སྒོ་ནས་བཏགས་པའི་ཞེས་བྱ་བ་ནི་

เล่ม ๑๗๗ · หน้า 162a

གཟུགས་ལ་སོགས་པ་དངོས་པོར་གྱུར་པ་ཉེ་བར་ལེན་པའི་སྒོ་ནས་བཏགས་པ་ཞེས་བྱ་བའི་དོན་ཏོ། །ཉེ་བ་གང་ཞེས་བྱ་བ་འདིའི་བཤད་པ་ནི་སྒྲ་འཇུག་པའི་རྒྱུ་མཚན་གྱི་ཆོས་ཞེས་བྱ་བ་ཡིན་ནོ། །འདི་སྐད་དུ་གལ་ཏེ་འཇུག་པའི་རྒྱུ་མཚན་ལ་ལ་ད་ལྟར་གྱི་བུམ་པ་སྒྲ་འཇུག་

པའི་རྒྱུ་མཚན་གང་ཡིན་པ་དེ་དང་འདྲ་བར་འདས་པའི་བུམ་པ་ལ་སོགས་པ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་དེའི་ཚེ་ཉེ་བའི་ཕྱིར་བུམ་པར་ཉེ་བར་བཏགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་རྒྱུ་མཚན་མེད་པ་ཡིན་ན་ནི་ཐམས་ཅད་ལ་ཉེ་བར་བཏགས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །བུམ་

པའི་ཉེ་བར་བཏགས་པ་ཉིད་ཀྱིས་མེད་པ་ལ་འགྱུར་ཞེས་བྱ་བ་ནི་བུམ་པའི་ཡུལ་ཅན་གྱི་ཉེ་བར་བཏགས་པ་སྣམ་བུ་ལ་སོགས་པ་ལས་ལྡོག་པ་མེད་པ་ལ་འགྱུར་ཏེ། འདས་པ་ལ་སོགས་པའི་བུམ་པ་མེད་པ་ལ་འགྱུར་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་ཉིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་

རྟེན་གྱིས་དེ་ལྟ་བུར་གྱུར་པ་དངོས་ཀྱི་ཉེ་བར་བཏགས་པ་ཉིད་ཤེས་པ་མ་ཡིན་ནོ། །འོ་ན་འཇིག་རྟེན་པའི་དངོས་ཀྱི་ཉེ་བར་བཏགས་པའི་ཁྱད་པར་གང་ཡིན་ཞེ་ན། འདི་ལྟར་དངོས་དང་སྒྲོ་འདོགས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེང་གེའི་སྒྲ་དང་ཤེས་པ་འཇུག་པ་ཞེས་བྱ་བ་ནི་སེང་གེའི་

སྒྲ་དང་སེང་གེའི་ཤེས་པ་འཇུག་པ་ཞེས་བྱ་བའི་དོན་ཏོ། །དུས་དེའི་ཚེ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ཀྱི་ཚེའོ། །བུམ་པའི་སྤྱི་ལ་ཡང་སྤྱིའི་རྒྱུ་མཚན་ཅན་གྱི་ཤེས་པ་མ་ཡིན་ཞེས་བྱ་བ་ནི་སྤྱི་རྣམས་ནི་སྤྱི་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །གང་ཤེས་པ་ནི་གང་གི་རྣམ་པ་ཅན་གྱི་ཤེས་པའོ། །གང་

ཤེས་པ་ཡང་དེ་ཡིན་ལ་འཁྲུལ་པ་མེད་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའོ། །འགའ་ཞིག་ལས་ཞེས་བྱ་བ་ནི་སྨོད་པ་ལ་སོགས་པ་བརྗོད་པའི་དགོས་པ་ལགས་སོ། །རྣམ་པ་འགའ་ཞིག་གིས་ཞེས་བྱ་བ་ནི་རང་གི་བུ་ལ་སོགས་པའི་ནུས་པ་ཉིད་དང་ནུས་པ་མེད་པ་ཉིད་དཔྱོད་པའི་གནས་

སྐབས་ཀྱིས་སོ། །བཟློག་པས་ཞེས་བྱ་བའི་སྒྲ་ནི་ལུགས་ལས་བཟློག་པའོ། །ཁྱེད་ཀྱི་འདོད་པས་ཉེ་བར་བཏགས་པའི་ཡུལ་མེད་ན་ཡང་ནུས་བ་བཟློག་པས་དངོས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བརྟག་བཞིན་དུ་ཞེས་བྱ་བ་ནི་གྲངས་ཅན་གྱིས་བྱེད་པ་པོ་ཉིད་ལ་སོགས་པ་རྒྱུ་མཚན་འདྲ་

เล่ม ๑๗๗ · หน้า 162b

བར་སྒྲོ་བཏགས་ནས་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་གཙོ་བོར་བརྟག་པ་བྱེད་པ་ལྟ་བུའོ། །རྒྱུ་མཚན་དེ་ཉིད་ཀྱི་སྒོ་ནས་ཐ་མལ་པར་སྒྲོ་བཏགས་ནས་སྐྱེས་བུར་བརྟག་པ་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གྲངས་ཅན་པའི་འདོད་པ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ་གྲངས་

ཅན་འདོད་པའི་གཙོ་བོ་དང་སྐྱེས་བུ་དོན་དམ་པར་མེད་ན་ཡང་། གཙོ་བོའི་སྒྲ་དང་སྐྱེས་བུའི་སྒྲ་འཇུག་པ་ནི་དངོས་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་ཕལ་པའོ། །མངོན་པར་འདོད་པ་ཞེས་བྱ་བ་ནི་དངོས་པོར་གྱུར་པའི་གནས་སྐབས་སུ་བབ་པའོ། །གཞན་ནི་ཕལ་པ་ཡིན་ནོ་ཞེས་བྱ་བ་ནི་

གཞུང་གཞན་ཡིན་ནོ། །དེ་ནི་འདི་སྐད་དུ་མེད་པར་འདོད་པ་ནི་རྣམ་པ་གཞན་གྱིས་ཡོད་པ་ཉིད་དུ་འདོད་པ་ཞེས་བསྟན་པར་འགྱུར་རོ། །སྐྱེས་བུའི་དབང་པོའི་བྱ་བ་མི་བྱེད་པའི་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོའི་ཡུལ་ལ་མི་འཇུག་པ་ཞེས་བྱ་བའི་དོན་ཏོ། །གཞན་དང་པོ་འཇུག་

པའི་དུས་ན་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱེད་པས་ཐ་སྙད་དུ་བྱེད་པའི་ཕྱིར། སྒྲ་ལས་བྱུང་བའི་ཤེས་པ་ཡང་འགའ་ཞིག་གི་ཚེ་གསལ་བར་སྣང་བར་སེམས་པ་དེ་ལྟར་ན་དབང་པོའི་འཛིན་པའི་བྱ་བ་མི་བྱེད་པ་ཡང་དེ་ལྟར་སྣང་བ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་འདོད་

པས་འདས་པ་དང་མ་འོངས་པ་དག་ཡོད་པ་ཉིད་ཡིན་ཞིང་དེའི་ཤེས་པ་ཡང་མེད་པའི་དོན་གྱི་ཡུལ་ཅན་ཉིད་མ་ཡིན་ནོ། །དེ་བས་ན་མེད་པའི་དོན་ཅན་འདས་པ་དང་མ་འོངས་པའི་ཤེས་པ་ལས་ཁྱད་པར་མེད་པར་སྣང་བ་ཅན་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་དང་། དཔེ་སྒྲུབ་པར་བྱེད་པའི་

ཆོས་ཀྱིས་སྟོང་པ་ཡིན་ནོ་ཞེས་དེའི་ཕྱིར། གང་གི་ཡང་འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་ཕྱི་དག་ལ་ཞེས་བྱ་བ་འདས་པ་དང་མ་འོངས་པ་དག་གི་དཔེ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། སྒྲུབ་པར་བྱེད་པས་སྟོང་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མ་ཕྱི་མ་དང་བར་མའི་

གནས་སྐབས་དག་ཏུ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མེད་པར་འདོད་ན་ཡང་ཞེས་བྱ་བ་ནི་དངོས་པོར་གྱུར་པའི་སྤྱིའི་གཅིག་འདོད་ན་ཡང་ངོ་། །འདིའི་དེའི་རྟེན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྤྱི་ནི་ཐ་དད་པའི་རྟེན་ཅན་ཉིད་ཡིན་པའི་

เล่ม ๑๗๗ · หน้า 163a

ཕྱིར་རོ། །དེ་ལྟར་ན་སྤྱི་ནི་མང་པོ་ཡིན་གྱི་གཅིག་ཉིད་མ་ཡིན་ཏེ་དཔེར་ན་ནམ་མཁའ་ལྟ་བུའོ། །དེ་ལ་ནམ་མཁའ་ཉིད་ཡོད་པ་མ་ཡིན་མོད་ཀྱི། རྟེན་ཐ་དད་པ་ཡོད་ན་མང་པོ་ཉིད་དུ་འགྱུར་རོ། །སེམས་དང་ལྡན་པ་རྣམས་ཕན་ཚུན་ཐ་དད་པ་ལ་འདོད་པ་ཉིད་ཡིན་ནོ་ཞེས་བྱ་བ་རྗེས་སུ་

སྦྱར་ཏེ། སེམས་ཀྱི་མཚན་ཉིད་ཅན་གྱི་སྐྱེས་བུ་མང་པོ་ཉིད་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་གཞན་ལ་ཡང་རྣམ་པ་འགའ་ཞིག་གིས་ཞེས་བྱ་བ་ནི། གཟུགས་དང་སྒྲ་དང་རོ་དང་རེག་བྱ་ལ་སོགས་པ་ལ་ཡང་འཕེལ་བ་དང་འགྲིབ་པ་ལ་སོགས་པའི་ཁྱད་པར་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་གྲངས་

ཅན་གྱི་ཡང་དངོས་པོ་རྣམས་ཁྱད་པར་ཅན་ཡིན་ནོ། །དེ་དག་སྤྱིའི་བདག་ཉིད་དུ་གྱུར་པ་མི་འཐད་པར་བསྟན་པའི་ཕྱིར། ཕན་ཚུན་ཁྱད་པར་ཅན་རྣམས་དངོས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འདོད་ན་ནི་ཞེས་བྱ་བ་ནི་སྤྱིའི་ཞེས་བྱ་བའི་དངོས་པོའོ། །གཞན་གྱིས་ཀྱང་གཞན་དག་དང་

མཚུངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་གཞན་དང་འབྲེལ་པ་ཡིན་ན་ཡང་དེ་དག་ཕན་ཚུན་མཚན་ཉིད་དང་འབྲལ་བའི་ཕྱིར་རོ་ཞེས་དགོངས་སོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་དང་པོར་རོ། །དེ་ལས་ཐ་དད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཐེ་བོ་ལས་སོ། །དེ་ཡང་རྣམ་པར་གཅོད་པའི་ངོ་བོ་མ་ཡིན་

ནོ་ཞེས་བྱ་བ་ནི་གང་ཞིག་སྒྲའི་བརྗོད་བྱ་ཉིད་དུ་སྒྲོ་བཏགས་པའོ། །དེ་ལྟ་མ་ཡིན་ན་དངོས་པོ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་པ་ནི། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར། དངོས་པོ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ལྟོས་པ་ཞེས་བྱ་བའི་འབྲས་བུར་བརྗོད་ཅེས་བྱ་བའི་

སྐབས་སུ་ཞེས་བྱ་བ་ནི། འདིའི་འདི་ཞེས་བྱ་བའི་འབྲེལ་པ་ནི་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་ལྟོས་པར་བརྗོད་པའོ། །ལྟོས་པ་ཡང་འབྲས་བུ་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་རིགས་གསལ་བའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །

དཔེར་ན་སྒྲའི་དོན་གཙོ་བོའམ་ཞེས་བྱ་བ་ནི། དེ་གྲངས་ཅན་གྱིས་རྣམ་པར་གཞག་པའི་བརྡ་དྲན་པ་ལ་ལྟོས་པའི་ཤེས་པའི་ངོ་བོ་ཡིན་གྱི། དེ་དངོས་པོ་ནི་མ་ཡིན་ཏེ་ཇི་ལྟར་དཔྱད་ན་དེ་མེད་པ་ཉིད་ཡིན་པར་བསྟན་ཟིན་པའི་ཕྱིར་རོ། །དཔེར་ན་སྒྲའི་དོན་དངོས་པོ་ཐམས་ཅད་སྐད་ཅིག་མ་རེ་རེར་མི་གནས་པར་

เล่ม ๑๗๗ · หน้า 163b

འཇིག་པའི་ངང་ཚུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡང་དངོས་པོ་ཐམས་ཅད་གཏན་ནས་འཇིག་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་དེ་ཡང་མེད་པས་ན་དངོས་པོ་མེད་པ་ཡིན་ནོ། །སྒྲའི་དོན་འཕྲོད་པ་འདུ་བ་ལ་སོགས་པ་ཡང་བྱེ་བྲག་པ་ལ་སོགས་པས་ཀུན་དུ་བརྟགས་པའི་བརྡ་དྲན་པ་ལ་ལྟོས་པའི་ཤེས་པའི་

ངོ་བོ་ཡིན་གྱི་ཡང་དག་པའི་དངོས་པོ་ནི་མ་ཡིན་ནོ། །བ་ལང་གི་ཐ་སྙད་མ་བཟུང་བའི་ཞེས་བྱ་བ་ནི་ཡུལ་ལམ་དུས་གཅིག་ལ་བརྡ་ལ་མ་བྱང་བའིའོ། །ཁོ་བོས་དོན་གང་ཡིན་པ་དེ་འདི་སྔར་མཐོང་ངོ་ཞེས་མི་འགྱུར་ལ་ཞེས་བྱ་བ་ནི་བ་ལང་གི་རྣམ་པ་རྟ་ལ་སོགས་པ་ལ་མེད་པའི་ཕྱིར་རོ། །བརྡ་ལ་

ལྟོས་པ་མེད་པར་རྗེས་སུ་འཇུག་པའི་སྤྱིའི་ཤེས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་དོན་དང་འདྲ་བ་ཙམ་ལ་དམིགས་པའི་ངང་ཚུལ་ཅན་སྒྲའི་རྣམ་པས་བྲིས་པ་དང་བྲལ་བས་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། །བརྡ་ལ་བྱང་བ་ལ་སོགས་བ་ལང་ལ་སོགས་པ་

སྤྱིའི་ཡུལ་བ་ལང་ལ་སོགས་པའི་སྒྲའི་དོན་དུ་འགྱུར་བའི་བརྡ་ལ་ལྟོས་པ་མེད་པར་ཤེས་པ་ཅན་ཉིད་ཡིན་པའི་ཕྱིར། འདིས་ནི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་བསྟན་ཏོ། །འབྲས་བུ་མཚུངས་པ་ཅན་ཞེས་བྱ་བའི་བློ་གཅིག་པའི་རྒྱུ་ཅན་ཡིན་ནོ། །དངོས་གཉིས་ཞེས་བྱ་བ་ནི་ཁྲ་བོ་དང་ཁུ་

ཡུ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དོན་ཉེ་བ་དང་འབྲེལ་ཅན་ཡིན་ཞེས་བྱ་བའི་དོན་ནི་ངོ་བོ་ཉིད་ཀྱི་འབྲས་བུ་གཅིག་བྱེད་པ་ཉིད་དུ་ཉེ་བ་ཡིན་ནོ། །འདིས་ནི་འདི་སྐད་དུ་བརྡ་ལ་བྱང་བ་དག་ནི་བ་ལང་ལ་སོགས་པའི་སྒྲའི་དོན་གང་བརྗོད་པ་དང་འདྲེས་པ་ཉིད་དུ་རྟོགས་པར་འགྱུར་བ་དེ་ལ་

འདས་མ་ཐག་པའི་གཏན་ཚིགས་ཀྱི་ཕྱོགས་སུ་བྱས་པ་ཡིན་གྱི། ཐམས་ཅད་ལ་མ་ཡིན་པ་དེ་བས་ན་ཕྱོགས་ཀྱི་ཕྱོགས་གཅིག་ལ་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བརྡ་ལ་ལྟོས་པའི་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་དག་ཀྱང་གསལ་བའི་རྒྱུ་ཅན་ཉིད་

ཡིན་གྱི་སྤྱི་དངོས་པོར་གྱུར་པའི་རྒྱུ་ཅན་ནི་མ་ཡིན་ནོ། །དེ་འདྲ་བའི་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་འཛིན་པའི་རྒྱུར་གྱུར་པ་ཉིད་དུ་འདྲ་བའིའོ། །རང་གི་ཡུལ་ཅན་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རྣམ་པ་ཅན་མིག་ལ་སོགས་པའི་བློའོ། །ཅིའི་ཕྱིར་དེ་འདྲ་བའི་བློ་སྐྱེད་པར་བྱེད་ཅེ་ན། འབྲས་བུ་གཅིག་

เล่ม ๑๗๗ · หน้า 164a

བྱེད་པའི་ནུས་པ་སོ་སོར་ངེས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྒྱུ་རྣམས་ཀྱི་ནུས་པ་འདྲ་བ་དེ་ལ་སོ་སོར་ངེས་པའི་ཕྱིར་རོ། །གང་གིས་ངོ་བོ་ཉིད་ཀྱིས་རྣམ་པ་གཅིག་ཅེས་བྱ་བ་ལ་སོགས་པ་ལ་གང་གིས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བློས་སོ། །རྒྱུ་གཅིག་གི་ནུས་པ་སོ་

སོར་ངེས་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉམས་སུ་མྱོང་བའི་བློ་རྣམས་ཀྱང་རྣམ་པ་གཅིག་རྟོགས་པ་སྐྱེད་པ་ལ་གཏན་ཚིགས་ཉིད་དུ་སྦྱར་བར་བྱའོ། །དེ་ནི་འབྲས་བུ་གཅིག་པ་ཅན་ཉིད་ཉེ་བར་ཡིན་ནོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བློ་ནི་རྣམ་པ་གཅིག་རྟོགས་པའི་འབྲས་བུ་ཅན་ཉིད་ཡིན་ཏེ། ཉམས་

སུ་མྱོང་བ་གཞན་དང་འདྲ་བ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ནི་ཞེས་བྱ་བའི་ཇི་སྐད་དུ་བཤད་པའི་ཉམས་སུ་མྱོང་བའི་བློའོ། །གང་གིས་རྣམ་པར་ཕྱེ་བ་ཡིས། །རིགས་ནི་ཞེས་བྱ་བ་ནི་གསལ་བ་ནང་མི་འདྲ་བ་དག་ལས། ཐ་དད་པས་རིགས་ནི་གསལ་བ་འདྲ་བའི་རྗེས་སུ་འགྲོ་བར་བྱེད་དོ། །

གསལ་བ་ལ་ཡོད་པའི་ཉེ་བ་གང་ཡིན་པའི་ཉེ་བ་དེ་གཅིག་གི་རྗེས་སུ་འཇུག་པའི་བློའི་རྟེན་ཡིན་ནོ་ཞེས་བྱ་བ་འདི་དང་སྦྱར་བའོ། །ཇི་ལྟར་བ་ལང་དང་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དོ། །རྟ་ལ་སོགས་པ་ནི་རྟའི་ཁྱད་པར་རོ། །འོ་ན་འབྲས་བུ་གཅིག་པར་ནུས་པ་ཉིད་ཐ་དད་པར་

རྗེས་སུ་འགྲོ་བ་ནི་བླ་སྟེ། དེ་ལྟ་ཡང་སྤྱི་དངོས་པོར་གྱུར་པ་ཉིད་གྲུབ་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་འབྲས་བུ་གཅིག་བྱེད་པར་ནུས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་རྗེས་སུ་འགྲོ་ན་ནི་ཞེས་བྱ་བ་ནི་ནུས་པའི་རྗེས་སུ་འགྲོ་ན་ནིའོ། །ནུས་པ་གཞན་གྱི་རྗེས་སུ་འགྲོ་བའི་རྒྱུ་མཚན་ཉིད་ཀྱིས་

ཞེས་བྱ་བ་ནི་གང་ལ་ནུས་པ་གཞན་གྱི་རྗེས་སུ་འགྲོ་བ་རྒྱུ་མཚན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་ན་ཅིའི་ཕྱིར་འབྲས་བུ་གཅིག་བྱེད་པར་ནུས་པས། གསལ་བ་ཐམས་ཅད་རྗེས་སུ་འགྲོ་བ་མ་ཡིན་ལ། འོན་ཀྱང་འགའ་ཞིག་ཁོ་ན་ཡིན། དེ་ལྟར་ན་འདིར་ནུས་པའི་ཁྱད་པར་གཞན་གྱི་

རྗེས་སུ་འགྲོ་བ་ཡིན་པས། རྗེས་སུ་འགྲོ་བའི་རྒྱུ་མཚན་ནུས་པ་སྔ་མ་བརྟག་པར་བྱ་བ་ཡིན་ལ། དེ་ལ་ཡང་གཞན་ཡིན་པ་དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ། །འགྱུར་བར་ནི་འདོད་མོད་ཀྱི་སྤྱི་ནི་གཟུང་བ་ཁོ་ན་ཡིན་ཏེ། དེ་བཟུང་དུ་ཟིན་ཀྱང་ངེས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བཟུང་དུ་ཟིན་ཀྱང་ཞེས་བྱ་བ་

เล่ม ๑๗๗ · หน้า 164b

ལ་སོགས་པ་སྨོས་པ་ལ། དེས་བྱས་པ་མ་ཡིན་ཞེས་བྱ་བ་ནི་གསལ་བ་ལ་ཤེས་པ་དང་བརྗོད་པ་འཇུག་པ་སྤྱིས་བྱས་པ་མ་ཡིན་ཏེ། བདག་ཉིད་ངེས་པ་མ་ཡིན་པ་དེ་ལྟར་ན་འདིར་ཤེས་པ་དང་བརྗོད་པའི་རྒྱུ་མཚན་དུ་མི་འགྱུར་རོ། །ཇི་ལྟར་དབང་པོའི་ངོ་བོ་རང་ཉིད་མཐོང་བ་པོ་ཡོད་ན་ཞེས་བྱ་བ་ནི།

དབང་པོ་ལས་འདས་པའི་དོན་མཐོང་བ་བསྐལ་པ་ཡོད་ནའོ། །ཇི་སྐད་བཤད་པ་ལས་བཟློག་གང་། །ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ལ་རྣམ་པ་ཇི་ཙམ་བསྟན་པ་དེ་ལས་བཟློག་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །

དངོས་པོ་མེད་པ་ལ་དམིགས་པའི་བློའི་ཉེ་བར་ལེན་པ་ལ། དངོས་པོ་མེད་པའི་ཉེ་བར་ལེན་པ་ཅན་ཞེས་བརྗོད་ཀྱི། དངོས་པོ་མེད་པ་ཡང་འགའ་ཞིག་གི་ཉེ་བར་ལེན་པ་ནི་མ་ཡིན་ནོ། །སྣང་བའི་དོན་མི་དམིགས་པ་ཞེས་བྱ་བ་ནི་དགག་པར་བྱ་བ་འདོད་པ་ནི་ཡུལ་དེ་ལ་གཅིག་ཏུ་མེད་པར་འདོད་པ་ཉིད་

ཀྱི་ཕྱིར་རོ། །སྐྱེ་བ་དང་ལྡན་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་གཅིག་ཏུ་དངོས་པོ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཙམ་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བ་འདིས་ཁྱད་པར་དུ་མ་བྱས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ནི་ཡོད་ན་ཡང་རང་

བཞིན་ལ་སོགས་པས་བསྐལ་པ་ཡོད་པ་སྲིད་པ་དེ་ལྟར་ན་གཉི་གའི་ཆོས་ཡིན་ནོ་ཞེས་བྱ་བ་ཉིད་ལ་སོགས་པ་ལ་ཡང་ཡོད་པ་དང་མེད་པ་སྲིད་པ་དེ་ལྟར་ན་གཉི་གའི་ཆོས་ཡིན་ནོ། །བརྗོད་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་དེ་དག་གིས་གཞན་གྱི་གཏན་ཚིགས་འགལ་བ་མི་འཁྲུལ་པ་

ཅན་དུ་བརྗོད་དོ་ཞེས་འགའ་ཞིག་དོགས་པར་འགྱུར་བ་དེ་བསྩལ་བའི་ཕྱིར། དེས་ཀྱང་འགལ་བ་མི་འཁྲུལ་པ་ཅན་ཉིད་མ་བསྟན་ཏོ་ཞེས་སྨོས་སོ། །བརྗོད་བྱ་ཉིད་ལ་སོགས་པ་དངོས་པོའི་སྟོབས་ཀྱིས་འོངས་པ་དེའི་ཕྱིར་གཞན་གྱི་གཏན་ཚིགས་ནི་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་བརྒྱུད་པས་དངོས་

པོའི་རྟེན་ཅན་སྤྱིའི་ཤེས་པ་དངོས་པོའི་རྗེས་སུ་བྱེད་པ་དེ་ལྟར་ན་ཡང་དེ་ཙམ་གྱི་དངོས་སུ་དངོས་པོའི་ཡུལ་ཅན་དུ་གྲུབ་པ་ཉིད་མ་ཡིན་ཞིང་། དངོས་སུ་གཏན་ཚིགས་ཀྱི་དོན་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པར་བརྗོད་པར་མི་ནུས་ཏེ། དེ་ལྟ་བུར་གྱུར་པ་ནི་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དོན་

เล่ม ๑๗๗ · หน้า 165a

བྱེད་པར་མི་ནུས་པ་དང་འདྲ་བའི་བདག་ཉིད་དང་སྒྲའི་ཡུལ་དང་ཞེས་བྱ་བ་ལ་སོགས་པས་སྔར་དཔྱད་པ་འཇུག་པ་ཉིད་ཀྱི་ཕྱིར་སྤྱི་ལ་ཡང་དཔྱད་པ་འཇུག་པ་ཉིད་མ་ཡིན་ནམ། དེ་ཡང་རང་གི་མཚན་ཉིད་གཅིག་པུ་དཔྱད་པར་བྱ་བ་ཡིན་ནོ་ཞེས་བརྗོད་ན་ཕན་ཚུན་འགལ་བར་

འགྱུར་རོ་ཞེས་བསམས་པའོ། །དེ་ལྟར་ན་འགའ་ཞིག་ཅེས་བྱ་བ་ནི་སྤྱི་དངོས་པོར་སྨྲ་བས་སྤྱི་དངོས་པོ་ཉིད་དུ་ཁས་ལེན་པ་ན་དོན་གྱིས་རང་གི་མཚན་ཉིད་ཡིན་པར་ཁས་ལེན་པ་ཡིན་ནོ། །དེ་ལྟར་དངོས་པོ་ཉིད་ཡིན་ན། དེ་ལ་ལར་གདོན་མི་ཟ་བར་རུང་བ་ཉིད་འདོད་པར་བྱ་བ་ཡིན་པ་དེ་

ལྟར་ན་ངོ་བོ་ངེས་དེའི་རང་བཞིན་ལས་ལྡོག་པ་ཡིན་ཏེ། ངོ་བོ་དེ་ཙམ་ཡང་རང་གི་མཚན་ཉིད་ཡིན་ནོ། །དེ་བས་ན་དེ་ལ་ཅི་དངོས་པོ་ཉིད་ཡོད་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་དཔྱོད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡིན་ནོ། །དེ་ཉིད་ནི་དེས་ན་ཅི་དེ་འགའ་ཞིག་ལ་རུང་

བའམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་མ་ཡིན་ན་མེད་པ་ཉིད་དུ་ངེས་པ་ལ་ཞེས་བྱ་བ་ནི་རྟོགས་པ་པོས་མེད་པའི་སྒོ་ནས་སྤྱི་ངེས་པ་ལ་དཔྱོད་པ་ཅིར་ཡང་མི་རུང་ངོ་། །ཡུལ་རྣམ་པ་གཉིས་གསུངས་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་འདི་ལྟར་མཚན་ཉིད་གཉིས་ནི་གཞལ་བྱ་

ཡིན་ནོ་ཞེས་བྱ་བ་དེའི་བཤད་པ་མཛད་པ་ན་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་སྐད་དུ་སློབ་དཔོན་གྱིས་གསུངས་པས་རང་གི་མཚན་ཉིད་ལས་གཞན་པའི་སྤྱིའི་མཚན་ཉིད་ཀྱང་གཞལ་བྱ་ཉིད་དུ་འདོད་དོ་ཞེ་ན། རང་གི་མཚན་ཉིད་ལས་

ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་གི་མཚན་ཉིད་ལས་གཞན་པའི་སྤྱིའི་ཞེས་བྱ་བ་གཞལ་བྱ་རང་རྒྱུད་དུ་ཡོད་དོ་ཞེས་བྱ་བའི་དགོངས་པ་འདིས་སློབ་དཔོན་གཞལ་བྱ་གཉིས་ཉིད་བཞེད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་བསྡུས་པའི་དོན་ནི་སྤྱི་ཡང་དེ་ཡིན་ལ་མཚན་

ཉིད་ཀྱང་ཡིན་པ་དེ་བས་ན་སྤྱིའི་མཚན་ཉིད་དེ། དེ་གཞལ་བྱ་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱི་དགོངས་པ་ནི་མ་ཡིན་གྱི་འོན་ཀྱང་མངོན་སུམ་གྱི་རྟོགས་པའི་དུས་ན་རང་གི་ངོ་བོ་དང་མཚན་ཉིད་དང་མཚན་མ་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པའི་

เล่ม ๑๗๗ · หน้า 165b

རྟོགས་པའི་དུས་ན་དེའི་ངོ་བོར་ཞེན་པ་ཅན་གྱིས་ལྐོག་ཏུ་གྱུར་པའི་དངོས་པོའི་མཚན་ཉིད་དང་མཚན་མའི་དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་དོན་གཞན་གྱི་སྒོ་ནས་གཞལ་བྱ་རྣམ་པ་གཉིས་རྣམ་པར་བཤད་པ་ཡིན་ནོ། །དེ་བས་ན་མངོན་སུམ་དང་ལྐོག་ཏུ་གྱུར་

པ་དག་ལས་གཞལ་བྱ་གཞན་ཡོད་པ་མ་ཡིན་ནོ་ཞེས་ཇི་སྲིད་དུ་བཤད་པ་དེ་སྲིད་དུ་རང་དང་སྤྱིའི་མཚན་ཉིད་ཅན་ལས་གཞན་མ་ཡིན་ནོ། །དེ་ཉིད་ནི་རང་གི་མཚན་ཉིད་ཀྱི་རང་གི་ངོ་བོ་མངོན་སུམ་གྱི་ཤེས་པས་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་པ་ཡིན་ཏེ། མངོན་སུམ་གྱི་ཤེས་

པས་རང་གི་ངོ་བོ་རྟོགས་པའི་ཕྱིར་རང་གི་ངོ་བོ་དང་མཚན་ཉིད་ཅེས་བྱ་བའི་དབང་དུ་བྱས་ནས། མངོན་སུམ་ཞེས་བྱ་བའི་དངོས་པོ་གཅིག་རང་གི་མཚན་ཉིད་དུ་བཤད་དོ། །དེ་ཉིད་ལས་ཞེས་བྱ་བ་ནི་དངོས་པོ་ཉིད་ལའོ། །སྤྱི་བཤད་དོ་ཞེས་བྱ་བ་ལ་སྤྱིའི་མཚན་ཉིད་བཤད་དོ་ཞེས་ཁོང་ནས་དབྱུང་

ངོ་། །མཚན་ཉིད་བརྗོད་པའི་རྒྱུ་ནི་དེའི་ངོ་བོར་ཞེན་པས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྤྱི་སྣང་བར་སྒྲོ་བཏགས་པ་དེའི་ཕྱིར་ཉེ་བས་དེའི་མཚན་ཉིད་དུ་བརྗོད་པ་ཡིན་ནོ། །དོན་བྱེད་པ་བསྒྲུབ་པར་བྱ་བ་དེ་ཉིད་ལ་ཞེས་བྱ་བ་ནི་སྤྱི་བསྒྲུབ་པར་བྱ་བ་ལའོ། །འདི་ནི་ཁས་བླངས་ནས་སྨྲས་པ་ཡིན་གྱི་

བསྒྲུབ་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཡུལ་གྱི་དོན་རྟོགས་པས་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་གྱི་དོན་སྤྱིའི་མཚན་ཉིད་རྟོགས་པའི་ཕྱིར་རོ། །དུས་ཕྱིས་ཞེས་བྱ་བ་ནི་སྤྱི་རྟོགས་པ་ལས་དུས་ཕྱིས་མེའི་རང་གི་མཚན་ཉིད་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་

པར་མི་འགྱུར་ཏེ་ཞེས་པ་ནི། སྔར་སྤྱི་ལ་འཇུག་པར་ཁས་བླངས་ནས་ཕྱི་རོལ་གྱི་མེ་ལ་སོགས་པ་ལ་འཇུག་པ་བཀག་པ་ཡིན་ལ་ད་ལྟར་ནི་སྤྱི་ལ་ཡང་འཇུག་པ་བཀག་པ་ཡིན་ནོ། །དུས་ཕྱིས་མེ་ལ་འཇུག་པར་མི་འགྱུར་བའམ་ཞེས་བཤད་པ་གང་ཡིན་པ་དེ་ལ་དཔེ་ནི་བུམ་པ་ཡོངས་སུ་བཅད་ནས་ཞེས་

བྱ་བ་ལ་སོགས་པ་ཡིན་ཏེ། ཇི་ལྟར་བུམ་པ་ཡོངས་སུ་བཅད་ནས་བུམ་པ་ཡོངས་སུ་བཅད་བར་ཞེན་པ་དང་ལྡན་པ་བསྒྲུབ་པར་བྱ་བའི་དོན་སྣམ་བུ་ལ་འཇུག་པར་མི་འགྱུར་བ་དེ་དང་འདྲ་བར་སྤྱི་ཡོངས་སུ་བཅད་ནས། བསྒྲུབ་པར་བྱ་བའི་དོན་རང་གི་མཚན་ཉིད་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་དཔེས་

เล่ม ๑๗๗ · หน้า 166a

མཚོན་པའི་དོན་ཡིན་ནོ། །རྗེས་སུ་དཔག་པ་ལས་ཀྱང་འཇུག་པ་ཞེས་བྱ་བ་ནི་བཟློག་པ་བསྟན་པའོ། །གཉིས་པ་གཞན་གྱི་ངོ་བོར་རྟོགས་པ་འཁྲུལ་པ་དག་ཏུ་བཞེད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ལས་གཞན་པའི་རྟོགས་པ་གཉིས་པ་

འཁྲུལ་པར་བཞེད་པ་གང་ཡིན་པ་དེའོ། །རྒྱུ་གང་གིས་དེ་འཇུག་པ་ཡིན་ཞེ་ན། གཞན་གྱི་ངོ་བོར་ཞེས་བྱ་བ་སྨོས་ཏེ། སྤྱིའི་ངོ་བོས་ཞེས་བྱ་བའི་དོན་ཏོ། །དེའི་གསལ་བའི་ངོ་བོར་ཞེས་བྱ་བ་ནི་དེའི་རང་གི་མཚན་ཉིད་དུ་སྟེ། རྣམ་པར་རྟོག་པའི་རྗེས་སུ་དཔག་པའི་གཟུང་བའི་རྣམ་པའི་སྒོ་ནས་རང་གི་

མཚན་ཉིད་དུ་ཞེན་པས་རྟོགས་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་པོའི་ཞེན་པའི་དབང་གིས་དེ་གསལ་བའི་ངོ་བོར་རྟོགས་པ་ཡིན་ནོ་ཞེས་བརྗོད་ཀྱི། དེ་རྟོགས་པ་ནི་དེ་མ་ཡིན་ཏེ། ཡང་དག་པར་མ་ཡིན་པའི་རྣམ་པ་འཛིན་པའི་ཕྱིར་རོ། །འཁྲུལ་པ་ཡང་

ཞེས་བྱ་བའི་མདོའི་ཚིག་དེ་དང་། སྨིག་རྒྱུ་ལ་སོགས་པ་ཞེས་བྱ་བ་སྤེལ་ནས་བཤད་པ་ཡིན་ཏེ། སྨིག་རྒྱུ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ལ་སྨིག་རྒྱུ་ལ་སོགས་པའི་སྒྲས་བསྟན་ཏོ། །དེ་ལྟར་ན་ཆུར་འཁྲུལ་པའི་རྒྱུ་འབྱུང་བའི་ཁྱད་པར་ལ་སྨིག་རྒྱུ་ལ་སོགས་པའི་སྒྲས་བརྗོད་དོ། །དེ་སྐད་དུ་ཇི་

ལྟར་སྨིག་རྒྱུ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་འཁྲུལ་པ་ཉིད་ཡིན་པའི་ཕྱིར་ཚད་མ་མ་ཡིན་པ་དེ་དང་འདྲ་བར་རྗེས་སུ་དཔག་པའི་ཤེས་པ་ཡང་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འགྱུར་བར་འདོད་མོད་ཀྱི་སྤྱི་དོན་བྱེད་པ་ལ་ནུས་པ་མེད་པ་ཉིད་ཀྱི་ཕྱིར་དེ་ལ་དོན་དུ་ཞེན་པས་འཇུག་པ་དེ་ཚད་མར་ནི་མི་འགྱུར་

ན། སྤྱིའི་རྣམ་པ་དེས་ཀྱང་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ། །དེ་བས་ན་དེ་ཉིད་ལ་དེ་ཚད་མ་ཉིད་ཡིན་པ་གང་གིས་བཟློག །དེ་ལྟར་ན་རྟོགས་པ་འདི་བསལ་བའི་དོན་དུ་འཁྲུལ་པའང་ཞེས་བྱ་བའི་འང་གི་སྒྲ་བྱས་པ་ཡིན་ནོ། །དེ་ཉིད་ནི་འང་གི་སྒྲས་ནི་སྤྱིའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ།

རྣམ་པ་གཞན་གྱིས་གཞན་རྟོགས་པ་འགལ་བའི་ཕྱིར་རོ། །དེ་རྟོགས་པས་དེ་རྟོགས་པ་ལ་གཞན་གྱི་ངོ་བོ་མ་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་གཞན་གྱི་ངོ་བོ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་བཞིན་དུ་ཚད་མ་ཉིད་ལ་མ་འཁྲུལ་པ་ཉིད་ཀྱིས་ཁྱབ་པ་ཡིན་

เล่ม ๑๗๗ · หน้า 166b

ལ་དེ་དང་འགལ་བ་ཡང་འཁྲུལ་པ་ཡིན་པ་དེ་ལྟར་ན། སྦྱོར་བ་གཉིས་པ་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་ཡིན་ལ་སྦྱོར་བ་དེ་དག་ཀྱང་ཐལ་པ་བསྒྲུབ་པ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་བསམ་པ་ཅན་གྱི་རྗེས་སུ་དཔག་པ་ནི་ཚད་མ་ཉིད་ཡིན་པ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དུ་ཞེན་པ་

དང་ལྡན་པའོ། །དེ་ལྟར་ན་རང་གི་མཚན་ཉིད་རྟོགས་པའི་བསམ་པ་ཉིད་ཀྱི་རྗེས་སུ་དཔོག་པ་པོ་འཇུག་པར་འགྱུར་རོ། །བསམ་པ་ཇི་ལྟ་བ་བཞིན་དུ་འཇུག་པས་ཀྱང་བསམ་པ་དང་མཐུན་པར་རང་གི་མཚན་ཉིད་རྟོགས་པ་དེའི་ཕྱིར་ཅི་ལྟར་ན་རྗེས་སུ་དཔག་པ་ཚད་མ་ཉིད་དུ་མི་འགྱུར། གཞན་དག་ནི་

སེམས་པར་བྱེད་པས་ན་བསམ་པ་སྟེ། ཕྲད་པ་པ་ཡིན་པར་སྨྲ་སྟེ། རང་གི་མཚན་ཉིད་དང་ཕྲད་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཚད་མ་ཉིད་ཡིན་པའི་ཕྱིར་འཁྲུལ་པ་མ་ཡིན་ནོ། །གང་གི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་རྗེས་སུ་དཔག་པའི་ཚད་མ་

ཉིད་ཡིན་པ་དེའི་ཕྱིར། རང་གི་མཚན་ཉིད་རྟོགས་པ་ཁོ་ན་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ། །དེ་བས་ན་རང་གི་ངོ་བོ་ཉིད་དུ་རྟོགས་པ་ཡིན་པ་དེ་ལྟར་ན་བཟློག་པའི་སྦྱོར་བ་བྱས་པ་ཡིན་ནོ། །གལ་ཏེ་དེ་འདྲ་བ་དེ་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་པ་ཞེས་བྱ་བ་ནི་དོན་གང་ལ་ཞེན་པས་སྐྱེས་བུ་འཇུག་

པའི་དོན་དེ་ལ་འཁྲུལ་པའི་ཤེས་པ་མི་སླུ་བ་མེད་དོ་ཞེས་བྱ་བ་དེ་ལྟར་ན། འཁྲུལ་པ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་པར་སྦྱོར་བ་གཉིས་པ་འདི་ལ་གལ་ཏེ་སྒྲུབ་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །ཐལ་བ་དང་པོ་ཉིད་ལ་ཞེས་བྱ་བ་ནི་གང་ཞིག་གང་ལས་གཞན་གྱི་ངོ་བོ་ཡིན་པ་དེ་ནི་རྟོགས་པ་ན་རྟོགས་པར་

མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྟེ། གལ་ཏེ་ངོ་བོ་གཞན་རྟོགས་པ་ན་ངོ་བོ་གཞན་རྟོགས་པར་ཞེན་པ་ཡོད་པ་མ་ཡིན་པ་དེ་ལྟར་སྒྲུབ་པ་དེའི་ཚེ་མ་ངེས་པ་ཉིད་ཡིན་ཏེ། འཁྲུལ་པར་ངོ་བོ་གཞན་འཛིན་པ་ན་ཡང་ངོ་བོ་གཞན་དུ་ཞེན་པ་མཐོང་བའི་ཕྱིར་རོ། །དེ་ཉིད་ནི་འདི་ལྟར་དེ་ནི་ཞེས་བྱ་བ་ལ་

སོགས་པས་སྟོན་ཏོ། །བཟློག་པའི་སྦྱོར་བ་དང་པོ་ཞེས་བྱ་བ་ནི་གང་ཚད་མ་ཡིན་པ་དེ་ནི་འཁྲུལ་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྟེ། ནོར་བུའི་འོད་ལ་ནོར་བུའི་བློས་མ་ངེས་པ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུའི་བློ་འཁྲུལ་པ་ཉིད་ཡིན་ན་ཡང་ནོར་བུའི་དངོས་པོ་ལ་མི་སླུ་བའི་སྒོ་ནས་ཚད་

เล่ม ๑๗๗ · หน้า 167a

མ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མི་སླུ་བའི་ཕྱིར་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བའི་ཚད་མའི་སྤྱིའི་མཚན་ཉིད་ནོར་བུའི་འོད་ལ་ནོར་བུའི་བློ་ལ་ཡོད་པ་ཡིན་ནོ། །དེ་བས་ན་དེ་ཉིད་ཚད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་མ་གཏོགས་པའི་

ཚད་མ་གསུམ་པ་ཐོབ་པར་འགྱུར་རོ། །འདི་ལྟར་རེ་ཞིག་ནོར་བུའི་འོད་ལ་ནོར་བུའི་བློ་མངོན་སུམ་དུ་གྱུར་པ་མ་ཡིན་ཏེ། འཁྲུལ་པ་ཉིད་ཀྱི་ཕྱིར་དང་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང་། མངོན་སུམ་ཡང་དེ་ལས་བཟློག་པ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་

ཏེ་རྟགས་ལས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཚད་མ་ཉིད་མ་ཡིན་པ་ཡང་མ་ཡིན་ཏེ། དངོས་པོ་ལ་མི་སླུ་བའི་ཕྱིར་རོ་ཞེ་ན། འདིར་བརྗོད་པ་ཚད་མ་གཞན་དུ་ཐལ་བ་མ་ཡིན་ཏེ། རྗེས་སུ་དཔག་པ་ཉིད་ཀྱི་ནང་དུ་འདུ་བའི་ཕྱིར་རོ། །དེ་ལྟར་ན་རྗེས་སུ་དཔག་པའི་སྤྱིའི་མཚན་ཉིད་ནི་འདི་ཡིན་

ཏེ། ལྐོག་ཏུ་གྱུར་པའི་དོན་གཞན་འབྲེལ་པ་ལས་རྟོགས་པ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་དེ་མ་ཐག་ཏུ་རྣམ་པར་འཇོག་པར་འགྱུར་རོ། །འདིར་ཡང་ནོར་བུ་ལ་ནོར་བུའི་འོད་ཀྱི་འབྲེལ་པ་དེའི་འབྲས་བུ་ཉིད་ལས་ནོར་བུའི་འོད་དེ་ལ་ནོར་བུའི་འཁྲུལ་པ་སྐྱེ་བར་འགྱུར་རོ། །དེ་བས་ན་འབྲས་

བུའི་རྟགས་ལས་སྐྱེས་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན་ནོ། །དེ་ལྟར་ན་ནོར་བུའི་འོད་ལ་དང་པོར་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། གང་གི་ཕྱིར་རང་གི་མཚན་ཉིད་ཁོ་ན་རྟགས་ཡིན་པ་དེ་ཉིད་ཀྱི་ཕྱིར་འབྲས་བུའི་རྟགས་ཀྱི་རང་གི་ངོ་བོ་རྟོགས་པ་ཡིན་ནོ། །ཇི་སྐད་དུ་དོན་གྱི་དོན་རྟོགས་པའི་ཕྱིར་ཕྱོགས་

དང་གཏན་ཚིགས་བརྗོད་པའི་ནུས་པ་དོན་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་གོ་བར་བྱེད་པ་ཉིད་དུ་གནས་པ་ཡིན་གྱི། གཞན་གྱིས་ཀུན་དུ་བརྟགས་པའི་རྟགས་དེའི་བདག་ཉིད་དང་དེ་ལས་བྱུང་བའི་དོན་ཉིད་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ན་རང་

གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་ཡིན་ཞེ་ན། དེ་ཉིད་ཀྱིས་ཞེས་བྱ་བ་ནི་མི་སྨྲའི། འོན་ཀྱང་དེའི་རིགས་ཅན་གྱི་རང་གི་མཚན་ཉིད་གཞན་དང་ངོ་། །དེ་སྐད་དུ་དེའི་རིགས་ཅན་ཞེས་བྱ་བ་ཡང་ཁྱད་པར་དུ་བརྗོད་པར་འདོད་པ་མ་ཡིན་པ་དེ་ཉིད་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རིགས་མཚུངས་

เล่ม ๑๗๗ · หน้า 167b

པའི་རང་གི་མཚན་ཉིད་རིགས་མི་མཐུན་པ་ལ་སོགས་པའི་ཁྱད་པར་ཅན་གྱི་སྤྱི་ཞེས་བརྗོད་དོ། །གང་ལ་ཡང་བྱས་པ་ཉིད་ལ་སོགས་པ་ལྡོག་པས་ཐ་དད་པར་རྣམ་པར་གཞག་པ་དེ་ལ་ཡང་ཆོས་དང་ཆོས་ཅན་གྱི་རྣམ་པར་དབྱེ་བ་ནི་རྨོངས་པ་ལ་བསྟན་པའི་ཐབས་སུ་བརྗོད་པའི་དོན་ཡིན་གྱི་གོ་བར་

བྱེད་པ་ནི་རྟགས་ཀྱི་རང་གི་མཚན་ཉིད་ཁོ་ན་ཡིན་ནོ། །དེ་སྐད་དུ་ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་བློའི་རྣམ་པས་བྱས་པ་ཡིན་གྱི་དོན་ཀྱང་ནི་མ་ཡིན་ཏེ་ཞེས་གསུངས་སོ། །དུ་བའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེ་བ་དུ་བ་ཉིད་ལ་མེར་སྒྲོ་བཏགས་ནས་འཇུག་པ་ནི་མ་ཡིན་ནོ། །འོ་ན་ཅི་

ཡིན་ཞེ་ན། ས་ཕྱོགས་གཞན་ལའོ། །གལ་ཏེ་ནོར་བུ་ལ་འཁྲུལ་པ་ཡང་ནོར་བུའི་འོད་ཅེས་བྱ་བའི་རྟགས་དེ་ཉིད་ལ་རྟགས་ཅན་སྒྲོ་འདོགས་པར་བྱེད་པ་མ་ཡིན་ཞེ་ན། དེ་ལས་ཅིར་འགྱུར། འདི་ཙམ་གྱིས་འབྲེལ་བ་ལས་བྱུང་བ་ཉིད་ཉམས་པ་ནི་མ་ཡིན་ནོ། །འདིར་ཡུལ་ལ་འཁྲུལ་པ་ལྷག་པ་

ཡོད་དོ་ཞེས་དེ་ཙམ་ཞིག་བརྗོད་པར་བྱ་སྟེ། ཕྱོགས་དེ་ཉིད་ཁོ་ན་ལ་ནོར་བུ་དང་ཕྲད་པར་བྱེད་པ་ཉིད་ཀྱིས་ཚད་མར་ནི་མི་འགྱུར་མོད་ཀྱི། ནོར་བུ་ཙམ་དང་ཕྲད་པར་བྱེད་པ་ལ་རྗེས་སུ་དཔག་པ་ཉིད་ཡིན་པ་གང་གིས་བཟློག་རྗེས་སུ་དཔག་པ་ཐམས་ཅད་ཀྱང་འཁྲུལ་པ་ཉིད་ཡིན་པར་བཞེད་དོ། །གལ་ཏེ་ནོར་

བུར་འཁྲུལ་པ་ལ་རྗེས་སུ་འཕྲོ་བ་དང་ལྡོག་པ་དྲན་པ་ཡོད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་ཡོད་པ་མ་ཡིན་པ་དེ་ཙམ་གྱི་རྗེས་སུ་དཔག་པ་ཉིད་མ་ཡིན་པ་མ་ཡིན་ཏེ། གང་རྗེས་སུ་འགྲོ་བ་དང་ལྡོག་པ་དྲན་པ་ཉིད་མེད་པར་མོད་ལ་དུ་བ་ལས་མེ་རྟོགས་པར་འགྱུར་བ་དེའི་ཚེ། ཅི་ཤེས་པ་དེ་རྗེས་སུ་དཔག་པའི་

ཤེས་པ་ཡིན་པར་མི་འདོད་དམ། དེ་ཚུལ་གསུམ་པའི་རྟགས་ལས་སྐྱེས་པ་ཡིན་པ་དེ་ལྟར་ན། དེ་ཙམ་གྱི་རྗེས་སུ་དཔག་པ་ཞེས་སྨྲའོ། །གལ་ཏེ་ནོར་བུའི་འོད་ལ་ནོར་བུར་འཁྲུལ་པ་རྗེས་སུ་དཔག་པ་ཉིད་ཡིན་ན། ཇི་ལྟར་རྗེས་སུ་དཔག་པ་ཚད་མ་ཉིད་དུ་འཇོག་པ་ན། ནོར་བུ་སྒྲོན་མའི་འོད་དག་ལ་

ཞེས་བྱ་བ་ལ་སོགས་པས་དཔེར་བྱེད། རྗེས་སུ་དཔག་པ་སྤྱིར་མི་སླུ་བར་བསྒྲུབ་པར་བྱ་བ་ལ་རྗེས་སུ་དཔག་པ་ཉིད་དཔེ་ཉིད་དུ་རིགས་པ་མ་ཡིན་ནོ། །འདི་ནི་སྐྱོན་མ་ཡིན་ཏེ་འདི་ལྟར་ནོར་བུར་འཁྲུལ་པ་ལ་འཁྲུལ་པ་ཉིད་ཡིན་ན་ཡང་དངོས་པོ་ལ་མི་སླུ་བ་ཙམ་དུ་འདོད་ཅིང་། དུ་བ་ལ་སོགས་པའི་རྟགས་

เล่ม ๑๗๗ · หน้า 168a

ལས་སྐྱེས་པའི་རྗེས་སུ་དཔག་པ་འདི་ནི་མ་འཁྲུལ་པ་ཉིད་དང་དངོས་པོར་སྣང་བ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་སླུ་བ་ཉིད་དུ་མི་འགྱུར་རོ། །དེ་བས་ན་ནོར་བུར་འཁྲུལ་པ་དཔེ་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ་ལ་ཡང་མ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ཞིག་གང་གི་རྟོག་

པ་ཡིན་པ་དེ་ནི་དེའི་ངོ་བོ་ཉིད་དུ་འགྱུར་ཏེ་ཞེས་བྱ་བའི་བཟློག་པའི་སྦྱོར་བ་གཉིས་པ་དེ་ལ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། རྗེས་སུ་དཔག་པ་ཡང་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །བརྗོད་བྱ་ཉིད་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་བསྟན་ཟིན་

ཏོ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་གཟུང་བ་བརྗོད་བྱ་ཉིད་ཡིན་པའི་ཕྱིར་དང་དོན་བྱེད་པར་མི་ནུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཉིད་དུ་མེད་པ་བསྟན་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཐལ་བ་བཟློག་པ་དག་ལ་དེ་ཉིད་མ་ངེས་པ་ཉིད་དུ་སྟོན་པར་བྱེད་དོ་ཞེས་བྱ་བ་ནི་ཐལ་བ་དང་

བཟློག་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །གང་འཁྲུལ་པ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་མིག་སེར་ཅན་གྱིས་སེར་པོར་མཐོང་བ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཐལ་བ་གཉིས་པ་གང་ཡིན་པ་དང་། གང་ཚད་མ་ཡིན་པ་དེ་ནི་འཁྲུལ་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་བཟློག་པ་གང་

ཡིན་པ་དེ་དག་ནི་མ་ངེས་པ་ཉིད་དུ་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནོར་བུའི་འོད་ལ་ནོར་བུའི་བློ་འཁྲུལ་པ་ཉིད་ཡིན་ན་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་ཐལ་བ་མ་ངེས་པ་ཡིན་ཞིང་། ཚད་མ་ཉིད་ཡིན་ན་ཡང་འཁྲུལ་པ་ཉིད་ཡིན་པའི་ཕྱིར་བཟློག་པ་ལ་ཡང་མ་ངེས་པ་ཡིན་ནོ། །འདི་ལས་

ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་དེར་སྣང་བ་དག་གི་ནང་ནས་སོ། །ནོར་བུ་དང་འབྲེལ་པའི་ཞེས་བྱ་བ་ནི་བརྒྱུད་པས་ནོར་བུའི་འོད་ལ་ནོར་བུའི་བློ་ནོར་བུའི་དངོས་པོ་དང་འབྲེལ་པ་ལས་སོ། །དེ་ལྟར་ན་རེ་ཞིག་ནོར་བུའི་འོད་ནི་ནོར་བུ་དང་འབྲེལ་པ་ཡིན་ཏེ་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ནོར་བུའི་འོད་དང་ནོར་

བུའི་ཤེས་པ་ཡང་ཡིན་ནོ། །ཤེས་པ་དེ་ལས་དེ་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ནོར་བུའི་འོད་ལ་ནོར་བུའི་ཤེས་པའི་རྒྱུད་ལས་སྐྱེས་བུ་དེ་ནོར་བུ་དེ་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་བློའི་སྣང་བས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་གང་ཡིན་པ་ཞེས་བྱ་བའི་བློ་ལ་སྣང་བས་རྗེས་སུ་འགྲོ་བ་

เล่ม ๑๗๗ · หน้า 168b

དང་ལྡོག་པ་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་མེད་ན་མེད་པ་ཉིད་ཀྱང་ལྡོག་པ་འཛིན་པ་ཞེས་བརྗོད་དོ། །དེ་ལྟ་མ་ཡིན་ན་ངོ་བོ་མེད་པ་ལ་འཛིན་པ་ཅི་འདྲ་བ་ཞིག་ཡོད། རྟོགས་པ་པོའི་ད་ལྟར་གྱི་གནས་སྐབས་ལ་ལྟོས་པས་ཡིན་ནོ་ཞེས་བྱ་བ་ལ། རྟོགས་པ་པོ་ནི་ལྟ་བ་པོའོ། །དེའི་ཡུལ་

རུང་བ་ན་གནས་པའི་ཁྱད་པར་འཛིན་པ་ལ་མངོན་སུམ་དུ་ཕྱོགས་པའི་གནས་སྐབས་ནི། ད་ལྟར་གྱི་གནས་སྐབས་ཏེ། དེ་ལ་ལྟོས་པ་སྟེ་དེའི་ངོ་བོ་ལ་ལྟོས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གང་སྣང་བ་མཐོང་བ་ཙམ་ལ་སོགས་པ་ཚོགས་པ་ཅན་གྱི་ལྟ་བ་པོ་དང་ཐག་ཉེ་བའི་དེ་ལ་རག་ལུས་པས་

གནས་པ་དངོས་པོའི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་བུ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ལ་དེ་མེད་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཅི་སྐད་དུ་བཤད་པའི་རྟོགས་པ་པོའི་གནས་སྐབས་ངེས་པར་བྱས་ནས། དུས་ངེས་པའི་ཁྱད་པར་ཡོངས་སུ་བཅད་ནས། ལྐོག་ཏུ་གྱུར་པ་ལ་སོགས་པ་རྣམ་པར་

གཞག་པ་ཡིན་གྱི། དངོས་པོའི་རང་བཞིན་དུས་ཐམས་ཅད་དུ་གནས་པ་གཟུང་བས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོ་ལས་རྣམ་པར་གཞག་ན་ནི་ལྐོག་ཏུ་གྱུར་པ་གང་ཡིན་པ་དེ་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་ཡིན་ཞིང་། མངོན་སུམ་དུ་གྱུར་པ་གང་ཡིན་པ་རྟག་ཏུ་མངོན་སུམ་ཉིད་དུ་འགྱུར་རོ། །འཆོལ་

པར་ཡང་སྣང་བ་ཡིན་ཏེ་མངོན་སུམ་ཡང་གཞན་དུ་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་དང་། ལྐོག་ཏུ་གྱུར་པ་ཡང་མངོན་སུམ་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་ནི་དེ་ལྟ་མ་ཡིན་ན་ལྟ་བ་པོ་དང་སྣང་བ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་སྟེ། རུང་བ་མི་རུང་བ་ཉིད་

དམ་མི་རུང་བ་རུང་བ་ཉིད་དུ་འགྱུར་རོ། །དེ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །འདི་ལྟར་དོན་འགའ་ཞིག་མངོན་སུམ་ཡིན་པ་དེ་ཐམས་ཅད་སྣང་བའི་རང་བཞིན་གྱི་གནས་སྐབས་ཡིན་པར་ཁས་ལེན་པའི་ཕྱིར་ཞེས་བྱ་བ་འཆད་པར་འགྱུར་བ་ཐ་སྙད་དུ་བྱས་པའི་ཚིག་དང་སྦྱར་རོ་

ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ལྐོག་ཏུ་གྱུར་པ་ལ་ཇི་ལྟར་ཐ་སྙད་དུ་བྱེད་ཅེ་ན། སོ་སོར་ངེས་པའི་ངོ་བོར་གཟུང་བ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། སྤྱིའི་མཚན་ཉིད་ཅན་ཡིན་ནོ་ཞེས་ཐ་སྙད་དུ་བྱས་པ་ཡིན་ཏེ། གང་ལ་སྤྱིའི་མཚན་ཉིད་ཡོད་པ་ཞེས་བྱ་བའི་དོན་ཏེ། །རྣམ་པར་རྟོག་པའི་ཤེས་པའི་གཟུང་བ་

เล่ม ๑๗๗ · หน้า 169a

ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྣམ་པར་རྟོག་པའི་ཤེས་པ་ལ་སྣང་བའི་ངོ་བོ་མི་གསལ་བ་གང་ཡིན་པ་དེ་དངོས་པོ་ལ་ཡོད་པ་མ་ཡིན་པ་དེ་བས་ན། རྣམ་པར་རྟོག་པའི་ཤེས་པས་གཟུང་བ་དེ་ལྐོག་ཏུ་གྱུར་པ་ཡིན་ནོ་སེམས་སོ། །དེའི་དེས་དེའི་རང་གི་ངོ་བོ་ཞེས་བྱ་བ་ལ་

སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །དེའི་ནི་རྒོལ་བའིའོ། །དེས་ནི་རྣམ་པར་རྟོག་པའི་ཤེས་པས་སོ། །དངོས་པོའི་དེའི་རང་གི་ངོ་བོ་འཛིན་པས་ན་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེའི་ཡུལ་དོན་ནི་ལྐོག་ཏུ་གྱུར་པ་མ་ཡིན་ཞིང་མངོན་སུམ་ཉིད་དུ་འགྱུར་ཏེ། རང་གི་ངོ་བོའི་ཤེས་པ་སྐྱེད་

པའི་ཕྱིར་རོ། །རང་བཞིན་ལས་ངོ་བོ་ལྷག་པ་ཞེས་བྱ་བར་སྦྱར་ཏེ། རང་བཞིན་ཁོ་ན་འཛིན་པ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དེ་ཡང་རྣམ་པར་རྟོག་པས་ཀྱང་འཛིན་པ་དེ་ལྟར་ན་ཁྱད་པར་ཡོད་པ་མ་ཡིན་ནོ། །གང་གིས་ན་དེའི་སྒོ་ནས་ཞེས་བྱ་བ་ནི་དབང་པོའི་སྒོ་ནས་སོ། །གལ་ཏེ་རྣམ་པར་རྟོག་

པ་དང་དབང་པོའི་ཤེས་པ་དག་རང་བཞིན་རྟོགས་པར་མཚུངས་པས་ཡིན་ན། དབང་པོའི་སྒོ་ནས་མངོན་སུམ་རྣམ་པར་འཇོག་པ་དེའི་ཚེ་གཞན་ལ་བདེ་བ་ལ་སོགས་པ་མངོན་སུམ་དུ་མི་འགྱུར་ཏེ། དེ་ལ་དབང་པོའི་བྱེད་པ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་འཛིན་པའི་ཤེས་པས་དེ་དག་གི་རང་

གི་ངོ་བོ་རྟོགས་པའི་ཕྱིར་མངོན་སུམ་ཉིད་དུ་གཞན་གྱིས་འདོད་དེ། བདག་ཉིད་འཕྲོད་པ་འདུ་བ་ཅན་གྱི་ཤེས་པས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བར་ཁས་ལེན་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དབང་པོའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་པོ་དོན་མེད་པར་ནི་དགོས་པ་

མེད་པ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་གཟུང་བའི་ཕྱིར་རོ། །དེ་བས་ན་མངོན་སུམ་དང་ལྐོག་ཏུ་གྱུར་པ་ཐ་དད་པ་མེད་པའི་སྐྱོན་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དབང་པོ་དོན་མེད་པར་ཐལ་བའི་མཚན་ཉིད་ཅན་གྱི་སྐྱོན་འདི་

གཞན་ཡིན་ནོ། །འགྱུར་བར་ནི་འདོད་མོད་ཀྱི་གལ་ཏེ་ཡང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོ་འཛིན་པ་དེ་ལྟར་ན་ཡང་མི་གསལ་བའི་རྣམ་པས་ཡིན་ལ། དབང་པོས་ནི་གསལ་བ་ཡིན་པ་དེ་བས་ན་དབང་པོ་དོན་མེད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དོན་དེ་ལ་ཞེས་བྱ་བ་ལ་སོགས་པ་

เล่ม ๑๗๗ · หน้า 169b

སྨོས་སོ། །རྣམ་པར་རྟོག་པ་གང་གི་རྒྱུ་ཡི་བརྒྱུད་པ་ཉེ་བ་ན་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་བྱས་པ་ཉིད་དང་དུ་བའི་རྟགས་ལས། སྒྲ་དང་ས་ཕྱོགས་ལ་སོགས་པ་ལ་མི་རྟག་པ་དང་མེ་དང་ལྡན་པའི་རྣམ་པར་རྟོག་པ་དེ་ནི་དངོས་པོ་འབྲེལ་པའི་རང་བཞིན་དང་འབྲས་བུའི་རྟགས་ཀྱིས་བསྐྱེད་པའི་ཕྱིར་

རོ། །གཞན་ཞེས་བྱ་བ་ནི་དཔེར་ན་རྟག་པ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་ལྟ་བུའོ། །དོན་མཐོང་བ་མངོན་དུ་སོང་བ་ཅན་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་མཐོང་བ་ལས་རྟག་པ་ཉིད་ལ་སོགས་པའི་སྒྲོ་འདོགས་པའི་ཕྱིར་རོ། །རྟགས་ལས་རྟགས་ཅན་གྱི་རྟོགས་པ་གང་ཡིན་པ་དེ་རྟགས་

ཅན་གྱི་རང་གི་ངོ་བོ་འཛིན་པ་མ་ཡིན་ན། ཇི་ལྟར་ན་རྟགས་ཅན་དེའི་རྟོགས་པ་དེ་ཡིན་ཞེས་བརྗོད་ཅེ་ན་ཞེས་དོགས་པ་དེ་ལ། རྟགས་ཅན་རྟོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་མི་སླུ་བའི་ཕྱིར་ཞེས་བྱ་བ་ནི་རྟགས་ཅན་དང་ཕྲད་པར་བྱེད་པའི་ཕྱིར་རོ། །རྟགས་འཛིན་པ་བཞིན་དུ་ཞེས་

བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་འཇོག་པར་བྱེད་པ་རྟགས་འཛིན་པ་མངོན་སུམ་གྱི་ཕྱིས་བྱུང་བ་གང་ཡིན་པ་དེ་རྟགས་ཀྱི་རང་གི་ངོ་བོ་ཉིད་འཛིན་པར་བྱེད་པ་མ་ཡིན་པ་དེ་ལྟ་ན་ཡང་། རྟགས་ལ་མི་སླུ་བའི་ཕྱིར་རྟགས་རྟོགས་པ་ཞེས་བརྗོད་དོ། །འདིས་ནི་ཆོས་ཅན་དང་འབྲེལ་པ་ཅན་ཞེས་བྱ་བ་

ནི་ཕྱོགས་ཀྱི་ཆོས་ཉིད་དོ། །འཕེན་པའམ་བཟླས་པའི་ཚུལ་གྱིས་སྟོན་པ་ནི་ཟུར་གྱིས་བསྟན་པ་སྟེ། དང་པོར་དེའི་སྒྲས་ནི་ཆོས་བསྟན་ཅིང་དྲུག་པའི་བསྡུ་བས་དེའི་རྟེན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ལ། ད་ནི་དེའི་སྒྲས་ཆོས་ཅན་བརྗོད་དེ། དེའི་རྟེན་ཅན་ཞེས་བྱ་བའི་འབྲུ་མང་པོ་པ་འདིས་ནི་བསྒྲུབ་པར་

བྱ་བའི་ཆོས་བསྟན་ཏོ། །འདི་ལྟར་འགའ་ཞིག་ལས་ཞེས་བྱ་བ་ནི་འབྲེལ་པས་སྟོང་པ་ལས་སོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཡུལ་ཇི་སྲིད་པ་རྗེས་སུ་དཔག་པར་བྱ་བ་ཡོད་པའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་དོན་གང་རྗེས་སུ་དཔོག་པར་ནུས་པའོ། །ཐམས་ཅད་ཀྱི་སྒྲ་ནི་འདིར་བརྗོད་པར་འདོད་པ་མ་ལུས་

པ་བརྗོད་པ་ཡིན་ནོ། །ཐལ་བ་གཉིས་པ་ལ་ཡང་ཐམས་ཅད་ཀྱི་སྒྲ་མ་ལུས་པར་བརྗོད་པར་བྱའོ། །དེ་ལྟར་ན་ཐལ་བའི་ཚིག་ལ་ཁྱད་པར་དུ་འགྱུར་རོ། །དོན་དེ་འདྲ་བ་ལས་ཞེས་བྱ་བ་ནི་ཚུལ་གསུམ་པའི་རྟགས་ལས་སོ། །སོ་སོར་ངེས་པའི་ཚུལ་གྱིས་ཞེས་བྱ་བ་ནི་རྩྭ་ལས་བྱུང་བ་དང་། ལོ་མ་ལས་

เล่ม ๑๗๗ · หน้า 170a

བྱུང་བ་ལ་སོགས་པའི་ཚུལ་གྱིས་སོ། །དེ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ་རྩྭའི་མེ་ལ་སོགས་པའི་མཚན་ཉིད་མེད་ན་ཡང་རྟགས་དེ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་རྩ་ལས་བྱུང་བའི་མེ་མེད་ན་ཡང་མེ་གཞན་ལ་དུ་བ་ཡོད་པ་དེ་ལྟར་ན་ཁྱད་པར་ཐམས་ཅད་ཕན་ཚུན་འཁྲུལ་པ་ཡིན་

པར་སྦྱར་རོ། །འོན་ཀྱང་དེ་ཚེ་གོ་བྱེད་རྗེས་འགྲོ་བ། །ཞེས་བྱ་བ་ལ་སོགས་པ་ལ་གོ་བར་བྱེད་པ་རྟགས་ཀྱི་རྗེས་སུ་འགྲོ་བ་ཁྱད་པར་བྱེད་པའི་སྤྱིའི་ངོ་བོ་མེ་མ་ཡིན་པར་རྣམ་པར་བཅད་པ་ཙམ་གང་ཡིན་པ་མེའི་སྤྱི་དེ་ཉིད་དུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟགས་ནི་ཞེས་བྱ་བ་ལ་སོགས་པས་དེ་འཆད་

པར་བྱེད་དོ། །རྩྭ་དང་ལོ་མ་དག་ལས་སྐྱེས་པ་ནི་རྩྭ་ལས་བྱུང་བ་དང་ལོ་མ་ལས་བྱུང་བའོ། །འབྲེལ་པ་ཅན་གྱི་ཆོས་དག་ལ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བའོ། །ཆོས་ཅན་ལ་ཞེས་བྱ་བ་དེ་ཙམ་ནི་མདོ་ཡིན་ནོ། །ཆོས་དེ་དང་ལྡན་པ་ཞེས་བྱ་བ་དང་སྤེལ་

མ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཆོས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཅན་ལ་སྐྱེ་བ་ཞེས་བྱ་བ་འདིས་ནི་ཆོས་ཅན་དང་འབྲེལ་པ་བསྟན་ཏོ་ཞེས་བྱ་བ་ནི། འདི་ལྟར་འབྲེལ་པ་ཅན་གྱི་ཆོས་དག་ལ། ཆོས་ཅན་ལ་རྟོགས་པ་སྐྱེ་བ་ན་ཞེས་བཤད་པ་ན། ཆོས་ཅན་གྱི་སྒྲ་འབྲེལ་པ་ཅན་གྱི་སྒྲ་ཉིད་

ཡིན་པའི་ཕྱིར། འབྲེལ་པ་ཅན་གྱི་ཆོས་དེ་ཉིད་ལ་ལྟོས་ནས་ཆོས་ཅན་ཞེས་རྟོགས་པར་འགྱུར་རོ། །དེ་ལྟར་ན་ཕྱོགས་ཀྱི་ཆོས་ཉིད་བཤད་པ་ཡིན་ནོ། །གསུམ་གཅིག་གྲངས་ནི་བསལ་བའམ། །ཞེས་བྱ་བ་ལའམ་གྱི་སྒྲ་ནི་སྔར་གཞལ་བྱ་གཉིས་ཉིད་ཡིན་པའི་ཕྱིར་ཚད་མ་གཉིས་ཁོ་ན་ཡིན་ནོ་ཞེས་

བྱ་བ་འདིས་གསུམ་ལ་སོགས་པའི་གྲངས་བསལ་བ་བྱས་པ་ཡིན་ནོ་ཞེས་བཤད་ནས། ད་ནི་གཞལ་བྱ་གཉིས་ཉེ་བར་བཀོད་པ་འདི་ཉིད་ཀྱི་རྗེས་སུ་དཔག་པ་ཡང་ཚད་མ་ཉིད་དུ་བསྟན་པའི་ཕྱིར། གསུམ་ལ་སོགས་པའི་གྲངས་བསལ་བ་བཞིན་དུ་གཅིག་གི་གྲངས་བསལ་བ་ཡང་བྱས་པ་ཉིད་ཡིན་ནོ་

ཞེས་བྱ་བའི་ཁྱད་པར་འདིས་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་ནོ། །དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་མེད་པ་ཡང་གཞལ་བྱ་ཉིད་ཡིན་ལ། དེ་ལ་གཞལ་བྱ་ཉིད་མ་ཡིན་པའི་བསྒྲུབ་པར་བྱ་བས་སྟོང་པའི་ཕྱིར་རོ། །ཇི་ལྟར་ན་རང་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ།

เล่ม ๑๗๗ · หน้า 170b

གཞན་དམིགས་པའི་མཚན་ཉིད་ཅན་གྱི་མངོན་སུམ་གྱིས་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཇི་ལྟར་མེད་པར་གྲུབ་པར་འདོད་ཅེ་ན་ཞེས་བྱ་བར་སྦྱར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །རང་བཞིན་གྱི་ངེས་པ་ཞེས་བྱ་བ་ནི་དེ་ཡང་དེ་ལས་གཞན་པ་ལས་ལྡོག་པའི་

ངོ་བོ་རང་གི་མཚན་ཉིད་དུ་གནས་པའོ། །འབའ་ཞིག་ཅེས་བྱ་བ་འདིས་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དང་མ་འདྲེས་པ་ཅན་ནོ། །དེ་ཡོད་པ་ཉིད་དུ་ཉེ་བར་འཇོག་པ་ལས་ཞེས་བྱ་བ་ནི་མངོན་སུམ་སྟེ། ཡོད་པ་ཉེ་བ་ཅན་མ་ཡིན་པ་ནི་སྒྲུབ་པར་བྱེད་པར་མི་རུང་བའི་ཕྱིར་རོ། །ཁྱོད་ཀྱིས་ཀྱང་མི་དམིགས་

པ་མངོན་སུམ་གྱིས་གྲུབ་པར་འདོད་པ་མ་ཡིན་ནམ། དེའི་ཕྱིར་མི་དམིགས་པ་འདི་ནི། རང་ཉིད་མངོན་སུམ་ཉིད་ཀྱིས་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །མི་དམིགས་པ་ཡང་མེད་པ་ཡིན་པ་དེ་བས་ན། ཁྱེད་ཀྱིས་ཀྱང་མེད་པའི་ཡུལ་ཅན་གྱི་མངོན་སུམ་འདོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་

ཡང་ཁོ་བོ་ཅག་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མེད་པ་ཡུལ་དུ་བྱེད་པའི་ཕྱིར་མངོན་སུམ་གྱི་ཚད་མས་མི་དམིགས་པ་བསྒྲུབ་པ་མ་ཡིན་གྱི་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །དེ་ལྟར་འཇིག་རྟེན་ཕ་རོལ་ལ་སོགས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་བསྐལ་པ་ཅན་དེ་ནི་དོན་འགའ་ཞིག་

དང་ཤེས་པ་གཅིག་ལ་འདྲེ་བ་མེད་པའི་ཕྱིར་རོ། །དངོས་པོ་གང་ཡང་རུང་བའི་གནས་སྐབས་མཚུངས་པ་འབའ་ཞིག་རྟོགས་པས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པ་ཞེས་བྱ་བ་ནི་བསྡུ་བའི་དོན་ཡིན་ནོ། །རྣམ་པ་གཞན་དུ་ཡང་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ཡང་ཡུལ་ལ་སོགས་པས་

བསྐལ་པས་མངོན་སུམ་ལྡོག་པ་ཡང་སྣང་བའི་ཕྱིར་རོ། །ཅི་སྟེ་འདིའི་འཁྲུལ་པ་མེད་པ་ཞེས་བྱ་བ་འདི་ནི་ཁས་བླངས་ནས་བརྗོད་པའོ། །སྨྲ་སོགས་ལ་ནི་ཞེས་བྱ་བ་ནི་བརྗོད་པ་ལ་སོགས་པ་ལའོ། །ཤིང་ཤ་པ་ནི་ཤིང་རྟོགས་པར་བྱེད་པའི་རྟགས་སོ། །ཆུ་བརྟན་པ་ནི་རྟེན་རྟོགས་པར་བྱེད་པའོ། །

ཚད་མའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་ཚད་མ་ཉིད་ཅེས་བརྗོད་དོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་གཅིག་པ། གལ་ཏེ་ལ་ལ་དག་ཏུ་ནི། །འཁྲུལ་ཕྱིར་ཡིད་བརྟན་མེད་ཡིན་ཞེས། །ཞེས་བྱ་བ་ནི་སྐྱུ་རུ་ར་ཉིད་ཡིན་པའི་ཕྱིར་སྐྱུ་རུ་ར་ནི་བསྐ་བ་ཡིན་ཏེ།

เล่ม ๑๗๗ · หน้า 171a

མྱངས་པའི་སྐྱུ་རུ་ར་བཞིན་ནོ་ཞེས་བྱ་བ་འདི་ནི་འཁྲུལ་པ་ཡིན་ཏེ། འོ་མ་ལ་སོགས་པས་བཅུས་པ་ལ་སོགས་པ་བྱས་པས་ལ་ལར་སྐྱུ་རུ་རའི་འབྲས་བུ་མངར་བ་ཉིད་ཀྱང་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་གནས་སྐབས་དང་ཡུལ་དང་དུས་ཐ་དད་པའི་སྒོ་ནས་འཁྲུལ་པ་

སྲིད་པར་འགྱུར་རོ། །དེ་སྐད་དུ། གནས་སྐབས་ཡུལ་དུས་ཐ་དད་ཕྱིར། །ནུས་རྣམས་ཐ་དད་ཡོད་ན་ནི། །དངོས་རྣམས་རྗེས་སུ་དཔག་པ་ཡིས། །རྟོགས་པ་དག་ནི་རྙེད་པར་དཀའ། །དོན་བྱེད་དེ་དང་དེ་ལ་ནི། །དངོས་པོ་ནུས་ངེས་ཅན་གྱི་ནི། །རྫས་ཁྱད་པར་ཅན་འབྲེལ་པ་ཡིས། །ནུས་པ་སོ་

སོར་འཇོམས་པར་འགྱུར། །ཞེས་སྨྲས་པ་ཡིན་ནོ། །དེ་གང་ལ་ཡོད་པ་ཞེས་བྱ་བ་ནི་གང་ལ་སླུ་བ་མེད་པ་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཡོད་པའོ། །དེས་ནི་ལྡོག་པ་ཙམ་རྟགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གཞན་དམིགས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ་ཞེས་བྱ་

བ་ནི། འདི་ལྟར་མཐོང་བའི་རྒྱུ་གཞན་ཡོད་ན་ཞེས་བྱ་བ་འདིས་ནི་མིག་ལ་སོགས་པའི་འཇུག་པའི་བྱེད་པ་ཉིད་བསྟན་ཏོ། །དེ་དག་དེ་ལ་ཇི་ལྟར་ནུས་པར་འགྱུར། གལ་ཏེ་དེ་ལ་རྣམ་པར་གནས་པའི་ཕྱོགས་ལ་སོགས་པ་ཡོངས་སུ་གཅོད་པར་བྱེད་པ་དེ་བས་ན། བུམ་པ་ལ་སོགས་པ་དགག་པར་བྱ་བས་

དབེན་པའི་ས་ཕྱོགས་ལ་སོགས་པ་དམིགས་པ་ཉིད་མ་ཡིན་པར་འཇུག་པས་མི་དམིགས་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ཇི་སྐད་དུ་བཤད་པའི་རང་བཞིན་མི་དམིགས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པ་སྨོས་པས་ནི་ཁྱབ་པར་བྱེད་པ་དང་རྒྱུ་མི་དམིགས་པ་གཟུང་ངོ་། །ཁྱབ་པར་བྱེད་པ་ནི་

ཁྱབ་པར་བྱེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར། ཁྱབ་པར་བྱེད་པ་མི་དམིགས་པ་ཡང་རང་བཞིན་མི་དམིགས་པ་དེ་དང་ལྡན་པ་ཞེས་བྱ་བས་བསྟན་ཏོ། །ཅི་རིགས་པར་ཞེས་བྱ་བ་བུམ་པའི་བདག་ཉིད་ལ་སོགས་པ་ནི་རང་བཞིན་མི་དམིགས་པ་དང་ལྡན་པ་ཡིན་ཞིང་། ཤིང་ཤ་པ་ལ་སོགས་པ་ནི་

ཁྱབ་པར་བྱེད་པ་མི་དམིགས་པ་དང་ལྡན་པ་ཡིན་ལ། དུ་བ་ལ་སོགས་པ་ནི་རྒྱུ་མི་དམིགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཁས་ལེན་ན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ཁས་ལེན་ནའོ། །དེ་འདྲ་བ་ལ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་

เล่ม ๑๗๗ · หน้า 171b

འབྲེལ་པ་ལའོ། །བསྟན་པར་ནུས་པ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ཞེས་བྱ་བའི་སྐབས་ཡིན་ནོ། །འདིར་ཞེས་བྱ་བ་ལ་སོགས་པ་ལེའུ་དང་པོར་བསྟན་ཟིན་ཅིང་འོག་ནས་ཀྱང་སྟོན་པའི་ཕྱིར་རོ། །གལ་ཏེ་ཡང་གཏན་ཚིགས་གསུམ་གྱི་འབྲེལ་པ་བསྒྲུབ་པ་ཡིན་པ་དེ་ལྟ་ན་ཡང་།

དཔེའི་ཁྱད་པར་ལ་ལྟོས་ནས་གཏན་ཚིགས་འགའ་ཞིག་གི་ཞེས་བྱ་བ་སྨོས་སོ། །དེ་ལྟར་དེ་ཞེས་བྱ་བ་ལ་སོགས་པ་ལ་དབང་པོས་མཐོང་བར་གྱུར་ཅིང་མ་མཐོང་བ་ལ་གཟུང་བར་མི་འགྱུར་བ་གང་ཡིན་པ་ཉིད་ཡིན་ནོ། །འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་དབང་པོ་དག་གིས་དུས་གཞན་དུ་

ཡང་མི་འཛིན་པར་ངེས་པ་ཡོད་པ་མ་ཡིན་ཏེ། གོམས་པ་ལས་གསལ་བ་སྐྱེ་བ་ཅན་འགའ་ཞིག་གིས་གཟུང་བ་ཉིད་དུ་སྲིད་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །གཟུང་བར་བྱ་བ་ལ་དབང་པོ་ལས་འདས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྐྱེས་བུའི་ཕུལ་དུ་བྱུང་བ་འདི་ལ་ལྟོས་ནས་

དེ་གཟུང་བར་བྱ་བ་ཡིན་པ་དེ་ལ་དབང་པོ་ལས་འདས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་ནས་ཞེས་བྱ་བ་ནི་གང་གི་ཚེ་མིག་ལ་སོགས་པ་ཡུལ་ལ་སོགས་པས་ཆོད་པ་ལ་སོགས་པ་ནུས་པ་མེད་པས་རང་གི་

ཡུལ་འཛིན་པ་ལ་རུང་བ་མ་ཡིན་ནོ། །དེ་ནི་ཇི་སྐད་དུ་བཤད་པའི་དབང་པོ་ལས་འདས་པ་ཉིད་དོ། །གཞན་ལ་ཡང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ལས་སོ། །འདིར་གཞན་ཉིད་ནི་ཡུལ་ལ་སོགས་པས་བསྐལ་པའི་གཟུགས་ལ་སོགས་པའི་ཁྱད་པར་རོ། །འོ་ན་གང་

འདི་མི་རྟག་པ་ལ་སོགས་པའི་རྣམ་པས་སམ་དུ་མར་ཁ་དོག་ལ་སོགས་པ་འཛིན་པ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཚད་མ་ཀུན་ལས་བཏུས་པའི་གཞུང་ཕྱོགས་སྔ་མ་དང་བཅས་པ་བཤད་པར་བཞེད་པས། གཞལ་བྱ་ངེས་ན་ཁ་དོག་གི །མི་རྟག་པ་ནི་རྟོགས་མི་འགྱུར། །ཞེས་བྱ་བ་

སྨོས་ཏེ། སྒྲ་མི་རྟག་པ་ཅེས་བྱ་བ་སྤྱི་དང་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་གྱི་བློ་གཅིག་ཉིད་ཡིན་ནོ་ཞེས་གཞན་དག་སེམས་སོ། །ཁྱད་པར་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི། རང་གི་མཚན་ཉིད་ཡིན་གྱི་སངས་རྒྱས་པའི་རྗེས་སུ་དཔག་པ་ནི་རང་གི་མཚན་ཉིད་འཛིན་པ་མ་ཡིན་ནོ། །དུ་མ་ཞེས་བྱ་

เล่ม ๑๗๗ · หน้า 172a

བ་དེ་ནི་ཤེས་པ་ཁྱད་པར་དག་ནི་མཐོང་བ་གང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འདིར་རྗེས་སུ་དཔག་པར་འདོད་པའི་མཚན་ཉིད་དེ་ཉིད་ཅེས་བྱ་བ་ནི་སྤྱི་ཉིད་མཐོང་བ་དེ་ཉིད་འདིར་ཚུལ་གསུམ་པའི་རྟགས་སྨྲ་བའི་གཞུང་ལ་རྗེས་སུ་དཔག་པ་ཡིན་པར་འདོད་དེ། སྤྱི་

ཉིད་བསྒྲུབ་པར་བྱ་བ་ལ་རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པའི་ཕྱིར་རོ། །དཔེར་ན་ཁྱད་པར་མཐོང་བའི་ཚད་མས་ཁྱད་པར་འཛིན་པ་ལྟ་བུའོ་ཞེས་བྱ་བ་ནི་མངོན་སུམ་གྱིས་ཀྱང་ཁྱད་པར་འཛིན་ཅིང་། ཁྱད་པར་མཐོང་བའི་ཚད་མས་ཀྱང་ཡིན་པ་དེ་བས་ན་ཡུལ་གཅིག་ལ་ཚད་མ་དུ་མ་འཇུག་པ་

ལྟ་བུའོ། །དེ་ལྟར་ན་རེ་ཞིག་གཞལ་བྱ་གཉིས་ཉིད་ཡིན་པའི་ཕྱིར་ཚད་མ་གཉིས་ཡིན་ནོ་ཞེས་རྣམ་པར་གཞག་པ་གང་ཡིན་པ་དེ་སྤངས་ནས་གཞལ་བྱ་མང་བ་ཉིད་དམ་གཞལ་བྱ་གཅིག་ལ་ཚད་མ་དུ་མ་འཇུག་པའི་ཕྱིར་ཚད་མ་མང་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱོགས་སྔ་མ་ཚད་མ་ཀུན་ལས་བཏུས་

པའི་གཞུང་བཤད་པ་ཡིན་ནོ། །ཡང་ན། གསུམ་གཅིག་གྲངས་ནི་བསལ་བའམ། །གཞལ་བྱ་གཉིས་ནི་མཐོང་ཕྱིར་རོ། །ཞེས་བཤད་པ་གང་ཡིན་པ་དེ་སེལ་བར་བྱེད་པས་ན་འདི་ཕྱོགས་སྔ་མ་ཡིན་ནོ། །དེ་ཉིད་ནི་འོ་ན་ཞེས་བྱ་བ་ལ་སོགས་པའི་གཞུང་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁ་

དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་བྱ་བ་འདིས་འདི་སྐད་དུ་ཁ་དོག་ལ་སོགས་པ་མི་རྟག་གོ་ཞེས་སྟོན་པར་འགྱུར་རོ། །རྣམ་པར་རྟོག་པ་འདིས་ནི་ཁ་དོག་ལ་སོགས་པའི་རང་གི་མཚན་ཉིད་དང་མི་རྟག་པའི་སྤྱི་ཉིད་སྦྱོར་བ་མ་ཡིན་གྱི། འོན་ཀྱང་ཁ་དོག་ལ་སོགས་པའི་རྒྱུན་གྱི་མཐར་ཐུག་པར་འཇུག་པ་ཅན་གྱི་

སྐད་ཅིག་མ་མངོན་སུམ་གྱིས་བཟུང་བ་ཡིན་ནོ། །དེ་ནས་རྒྱུན་ཆད་པ་ན་དེས་དབེན་པ་གཞན་དམིགས་པའི་མཚན་ཉིད་ཅན་གྱི་མི་དམིགས་པའི་མངོན་སུམ་སྐྱེ་བར་འགྱུར་རོ། །དེ་བས་ན་ཇི་སྐད་དུ་བཤད་པའི་མངོན་སུམ་གཉིས་ཀྱི་སྟོབས་ཀྱིས་སྐྱེད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཁ་དོག་ལ་

སོགས་པའི་སྤྱི་ཉིད་ཀྱི་མི་རྟག་པའི་སྤྱི་ཉིད་ལ་སྦྱོར་བཞིན་དུ་སྐྱེ་བ་ཡིན་ཏེ། རྣམ་པར་རྟོག་པས་རང་གི་མཚན་ཉིད་ལ་འཛིན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཁ་དོག་གི་མི་རྟག་པ་ཉིད་རྟོགས་པའི་ཡུལ་དུ་གྱུར་པ་འདི་ཉིད་སྤྱི་ཉིད་ཡིན་གྱི། རང་དང་སྤྱིའི་མཚན་ཉིད་གཅིག་མ་ཡིན་པ་དེ་བས་ན་

เล่ม ๑๗๗ · หน้า 172b

གཞལ་བྱ་གཞན་ཡོད་པ་མ་ཡིན་ནོ། །མི་རྟག་པ་ལ་སོགས་པའི་རྣམ་པར་གྲུབ་པ་དག་གིས་བསྒྲུབ་ཕྱིར་རོ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་དངོས་པོ་ངེས་པ་གང་ཡིན་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །གལ་ཏེ་གཞན་ལ་གཞན་གྲུབ་མིན། །ཞེས་བྱ་བ་ནི་གཞན་རང་གི་མཚན་ཉིད་

ལས་གཞན་པའི་མི་རྟག་པ་ལ་སོགས་པ་གྲུབ་པ་གང་ཡིན་པ་དེ་གྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྤྱི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རྒྱུ་བརྒྱུད་པ་གཞན་ཉེ་བར་ཡོད་པ་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་རྟགས་ཀྱི་ཤེས་པ་ལ་སོགས་པའི་མཚན་ཉིད་

དོ། །དེའི་རྒྱུ་དང་རྣམ་པར་ངེས་པའི་རང་བཞིན་མེ་ལ་སོགས་པའོ་ཞེས་བྱ་བ་ལ། མི་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་དུ་ངེས་པ་ནི་རྣམ་པར་ངེས་པའོ། །རྒྱུ་དང་རྣམ་པར་ངེས་པའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུའི་རང་བཞིན་ནི་མེ་ཡིན་ལ་རྣམ་པར་ངེས་པའི་རང་བཞིན་ནི་སྒྲ་མི་

རྟག་པ་དང་ལྡན་པའོ། །དེ་ལྟར་ན་གཉི་གའི་སྐབས་ཡོངས་སུ་བཟུང་བ་ཡིན་ནོ། །དེའི་ཡུལ་ཅན་གྱི་སེམས་ཞེས་བྱ་བ་ནི་དེ་འདྲ་བའི་རྟགས་ཀྱི་ཡུལ་ཅན་གྱི་སེམས་སོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན་དུ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །སྤྱི་ལ་སོགས་པ་ཙམ་དུ་ཞེས་བྱ་བས་ནི་རང་བཞིན་དག་

པ་བསྟན་ཏོ། །ཁྱད་པར་གཞན་དུ་སྒྲོ་བཏགས་པ་ཞེས་བྱ་བ་ནི་ཁྱད་པར་ལ་ལྟོས་པ་ཡིན་ནོ། །དེའི་དངོས་པོ་མེད་པར་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རང་བཞིན་དུ་གྱུར་པ་མེད་པར་རོ། །མི་འབྱུང་བ་ཞེས་བྱ་བ་ནི་མི་སྐྱེ་བའོ། །ཚོགས་པའི་ཁྱད་པར་ལས་སྐྱེ་བ་ཅན་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པའི་རྒྱུ་

ལས་སྐྱེ་བ་ཅན་ནོ། །གི་ཝང་ལ་སོགས་པས་བསྐྱེད་པའི་ཐིག་ལེ་ལ་སོགས་པ་ནི་མཚན་མ་ལ་སོགས་པའོ། །འགྱུར་བར་ནི་འདོད་མོད་ཀྱི་དངོས་པོ་གནས་པ་ཉིད་ཀྱི་རྣམ་པ་ལ་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་མངོན་པར་ཞེན་པ་ཡིན་པར་ཇི་ལྟར་ཤེས་པར་འགྱུར་ཞེ་ན། དེའི་ཕྱིར་ཡོད་པའི་

རྣམ་པར་ཞེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྗེས་སུ་དཔག་པ་ཕྱིས་འཇུག་པའི་ཚད་མ་ལ་ལྟོས་པ་མ་ཡིན་ནོ་ཞེས་སྔར་བཤད་པ་མ་ཡིན་ནམ། ད་ཕྱིས་འཇུག་པའི་ཚད་མ་ལ་ལྟོས་པར་བཤད་པ་དེ་ལྟར་ན་ཇི་ལྟར་ཕན་ཚུན་འགལ་བ་མ་ཡིན་ཞེ་ན། འགལ་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་རྗེས་སུ་

เล่ม ๑๗๗ · หน้า 173a

དཔག་པ་ནི་རང་ཉིད་ལས་ཚད་མ་ཡིན་མོད་ཀྱི། རྣམ་པ་འདིས་ཀྱང་ཡོད་པའི་རྣམ་པར་ཞེན་པ་བསྟན་པར་ནུས་པ་དེ་ལྟ་བུའི་དོན་དུ་འདི་ཉེ་བར་བཀོད་པ་ཡིན་ནོ། །འོ་ན་གང་གི་ཚེ་གགས་བྱེད་པ་འགའ་ཞིག་ལས་དངོས་པོ་དང་ཕྲད་པར་མི་འགྱུར་བ་དེའི་ཚེ། ཇི་ལྟར་ན་ཡོད་པའི་

རྣམ་པར་ཞེན་པའི་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་གང་གི་ཚེ་སྐྱེས་བུ་མི་འཇུག་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟ་བུར་གྱུར་པའི་རྒྱུའི་ཚོགས་པ་དང་འབྲེལ་པའི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྟགས་དང་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་རྟགས་དང་འབྲེལ་

པ་ལ་རྣམ་པ་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ནི་རང་ལས་ཚད་མ་ཡིན་པར་བཞེད་དོ། །གཏན་ཚིགས་ཀྱི་རྒྱུད་པ་འདི་ཙམ་ལ་ཞེས་བྱ་བ་ནི་རྟགས་ཤེས་པ་དང་འབྲེལ་པ་དྲན་པ་ལ་སོགས་པ་ལའོ། །སྡོད་པ་དང་ལྡན་པ་ཡིན་ན་ཞེས་བྱ་བ་ནི་དུས་གཞན་གྱིས་ཆོད་པ་དང་

ལྡན་པ་ཡིན་ནོ། །དངོས་པོ་རྗེས་སུ་དཔག་པར་བྱ་བ་ལ་སྐད་ཅིག་མ་ཉིད་དུ་འཇིག་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་རག་ལུས་པའི་རྟགས་ཀྱི་སྟོབས་ཀྱིས་རྗེས་སུ་དཔག་པ་བྱུང་བ་ཡིན་ན། འོ་ན་ཇི་ལྟར་ན་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་པའི་མཚན་ཉིད་ཀྱི་འཁྲུལ་པ་ཅན་

ཡིན་ཞེ་ན། དེའི་ཕྱིར་དེའི་འཁྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་སུམ་གྱི་ཚད་མའི་ཕྱིས་འབྱུང་བ་ཅན་དུ་བ་ལ་སོགས་པའི་ཡུལ་ལ་རྟོག་པའི་རྗེས་སུ་འགྲོ་བའི་བློས་བཟུང་ནས་རྟགས་ཀྱི་བློ་རང་གི་མཚན་ཉིད་ཀྱི་སྣང་བས་སྟོང་པ་ཉིད་ཡིན་པར་བཤད་དོ། །གལ་ཏེ་རྟགས་

ལས་སྐྱེས་པའི་བློ་ཚད་མ་ཡིན་པ་ཞེས་བྱ་བ་ནི་རྟགས་ལས་སྐྱེས་པ་རྟགས་ཀྱི་ཡུལ་ཅན་གང་ཡིན་པ་དེ་ཡང་། རྟགས་ལས་བརྒྱུད་ནས་བྱུང་བ་ཡིན་པ་དེ་ལྟར་ན་རྟགས་ལས་སྐྱེས་པ་ཡིན་ནོ། །དེ་ལྟར་ན་བློ་གཉིས་ཀྱང་འདྲ་བར་འགྱུར་བ་ཡིན་ནོ། །རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་འབྱུང་བ་

ཅན་གང་ཡིན་པ་ཡང་ཚད་མར་ཐ་སྙད་དུ་བྱས་པ་ཡིན་ཏེ། ཚད་མའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཁྱབ་བྱེད་ནི་རྒྱུ་དང་རང་བཞིན་གཉི་ག་ཡང་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱི་རྟགས་དག་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་དེ་ཡང་རྣམ་པ་གཉིས་ཡིན་ནོ། །ཁྱབ་པར་

เล่ม ๑๗๗ · หน้า 173b

བྱ་བ་ཡང་རྣམ་པ་གཉིས་ཡིན་ཏེ། སེམས་དེ་རྟགས་ཤེས་པའི་རྒྱུ་མཚན་ནོ། །རྒྱུ་ནི་འབྲས་བུའི་རྟགས་ལ་དམིགས་པའི་ཤེས་པའི་རྒྱུ་མཚན་ཡིན་ལ། རང་བཞིན་ནི་རང་བཞིན་གྱི་རྟགས་ལ་དམིགས་པའི་ཤེས་པའི་རྒྱུ་མཚན་ཡིན་ནོ། །འགྱུར་བར་ནི་འདོད་མོད་ཀྱི། དེ་ཕྱིར་དངོས་པོའི་རྟོགས་

བྱ་ཡིན། །ཁྱབ་བྱ་རྟགས་ཀྱི་ཁྱབ་བྱེད་ཡིན། །ཞེས་བྱ་བ་དེ་སྐད་བརྗོད་པར་བྱ་བའི་སེམས་སྨོས་པ་ཞིག་བྱ་ཞེ་ན། དེའི་ཕྱིར་གང་རྟགས་ཀྱི་རྒྱུ་མཚན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་སེམས་སྨོས་པ་མ་བྱས་ན་དེ་ལ་དངོས་པོ་ལ་ཡོད་པའི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་འབྲས་

བུའི་གཏན་ཚིགས་ཉིད་བཤད་པར་འགྱུར་གྱི་རང་བཞིན་གྱི་གཏན་ཚིགས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་ལ་ཡང་དངོས་སུ་མི་དམིགས་པའི་ཕྱིར་རོ་ཞེས་ཐོས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གང་ལ་འགལ་བ་གཞན་བསྒྲུབས་ནས་དགག་པ་བྱེད་ཅེས་བྱ་བའི་དོན་ཏོ། །དེས་ན་ཚད་མ་ལྡོག་པ་

ཁས་ལེན་པ་མེད་ན་མི་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་བྱ་བར་བལྟ་བར་བྱའོ། །དེ་དང་ཞེས་བྱ་བ་ནི་དགག་བྱར་འདོད་པ་གྲང་བ་ལ་སོགས་པ་དང་ངོ་། །བསྒྲུབ་པར་བྱ་བའི་དོན་དེས་ཞེས་བྱ་བ་ནི་བརྗོད་མ་ཐག་པའི་དགག་པར་བྱེད་པའི་རང་བཞིན་དང་འགལ་

བའམ། དེའི་རྒྱུ་དང་འགལ་བས་སོ། །གཟུགས་དང་གོང་བུ་ཡོད་པར་བརྗོད་པ་ན་ཞེས་བྱ་བ་ནི་དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། གཟུགས་ཡོད་པའི་ཕྱིར་རམ་གོང་བུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་སྦྱོར་བ་འདི་ལ་མ་ངེས་པ་དང་མ་གྲུབ་པའི་སྐྱོན་གཉིས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེ་ལ་གཅིག་ཡོད་པར་

བརྗོད་པ་ཙམ་གཏན་ཚིགས་ཁྱད་པར་ཅན་མ་ཡིན་པ་ལ་འབྲེལ་པ་མེད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །ཅི་སྟེ་གཟུགས་དང་གོང་བུ་ཡོད་པར་བརྗོད་པ་འགལ་བ་མེད་པ་ཅི་འདྲ་བ་འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་པ་དེ་བས་ན་མ་གྲུབ་པ་ཉིད་ཡིན་ཏེ། མེ་ཡོད་པར་བརྗོད་

པ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྐྱོན་དང་པོ་བསལ་བའི་ཕྱིར་འདིར་ཡང་ཁྱབ་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགལ་བ་སྒྲུབ་པར་བྱེད་པ་མི་དམིགས་པ་ཁས་ལེན་པར་མི་བྱད་པས་འགལ་བ་ཡོད་ན་ཡང་རྣམ་པ་གཞན་དུ་ངེས་པ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །

เล่ม ๑๗๗ · หน้า 174a

ཡོད་ན་ཡང་ངེས་པར་མ་བྱས་པ་ནི་མེད་པ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འགལ་བ་དང་འགལ་བ་མེད་པ་སྒྲུབ་པ་དག་ལ་ཁྱད་པར་མེད་པ་ཡིན་པ་དེ་ལྟར་ན་གང་ལས་འཁྲུལ་པར་དོགས། གཏན་ཚིགས་ལ་ཁྱད་པར་ཡོད་ན་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་འགལ་བ་ངེས་པར་འགྱུར་ན་

ཞེས་བྱ་བའི་དོན་ཏོ། །མི་དམིགས་པ་ཉིད་ལས་འགལ་བ་ངེས་པ་ཡང་ཡིན་ན། ཇི་སྐད་དུ་བཤད་པའི་རྣམ་པས་ཁྱད་པར་མེད་པའི་ཕྱིར་རོ། །མ་གྲུབ་པའི་སྐྱོན་ཡང་བསལ་བའི་ཕྱིར་གང་ཡང་དགག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་མེད་པ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་འགལ་

བས་ཡིན་ཞེས་བྱ་བ་ནི་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །མ་གྲུབ་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་མ་གྲུབ་པ་ཉིད་ཡིན་པ་དེའི་ཕྱིར་ཁྱད་པར་མེད་པ་ཡིན་ནོ། །རྒྱུ་མ་གཏུགས་པ་ཅན་གྱི་ཞེས་བྱ་བ་ནི་རྒྱུ་མ་ཚང་བ་མེད་པ་ཅན་ཡིན་པ་དེ་དེ་ཉིད་ཀྱི་ཕྱིར་དམིགས་

པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ཡིན་ནོ། །དེ་ལྟ་བུར་གྱུར་པའི་གྲང་བའི་རེག་པ་ཡོད་ན་མངོན་སུམ་གྱིས་ཡོངས་སུ་གཅོད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མེ་ཉེ་བ་ལ་སྔར་རྒྱུ་མ་གཏུགས་པ་ཅན་ཉིད་ཀྱང་ཁོང་དུ་ཆུད་པར་བྱའི་དེ་ཉིད་ན་ཡོད་ན་རྒྱུ་རྣམས་ཀྱང་མ་ཚང་བ་ཉིད་ཡིན་ནོ། །དེ་ལྟ་

མ་ཡིན་ན་མེ་ཉེ་བ་ཡོད་ན་ཡང་རྒྱུ་མ་ཚང་བ་མེད་པ་ཅན་གྱི་གྲང་བའི་རེག་པ་དམིགས་པར་འགྱུར་རོ། །མེ་དམིགས་ན་དེ་ལས་དེ་ལ་ཉེ་བ་ཉིད་ཅེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་གྲང་བ་དམིགས་པ་ལས་དུས་ཕྱིས་མེ་དམིགས་པ་ན། དེ་ཉེ་བ་ཉིད་ཡིན་ཏེ་མེ་ཉེ་བ་ཉིད་རྒྱུ་མཚན་དུ་བྱས་ནས་གྲང་བ་མ་མཐོང་

བའི་ཕྱིར་ནའོ། །དེ་ནི་ཚད་ཉིད་མིན་ཞེས་བྱ་བ་ནི་མདོ་ཡིན་ནོ། །མི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་རྣམ་པར་བཤད་པ་ཡིན་ཏེ། ཁྱེད་ཀྱིས་སྣང་བ་མཐོང་བ་མེད་པ་འགལ་བ་སྒྲུབ་པའི་ཕྱིར་བཤད་པ་གང་ཡིན་པ་དེ་ཉིད་ཚད་མ་ཉིད་མ་ཡིན་པ་མི་དམིགས་པའི་མིང་ཅན་གྱི་མིང་གི་རྣམ་གྲངས་གཞན་

གྱིས་བསྟན་པར་འགྱུར་རོ། །དེའི་ཕྱིར་རང་སྒྲས་ཀྱང་བརྗོད་པ་དཔེར་ན་མི་དམིགས་པ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་འདི་ན་དུ་བ་མེད་དེ་མི་དམིགས་པའི་ཕྱིར་དང་། འདི་ན་ཤིང་ཤ་པ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མི་དམིགས་པའི་སྒྲ་ནི་རང་གི་སྒྲ་ཉིད་ཡིན་པའི་ཕྱིར་རོ། །

เล่ม ๑๗๗ · หน้า 174b

ཀྱང་གི་སྒྲ་རིམ་པ་བཞིན་དུ་སྦྱར་བ་ལས་ཞེས་བྱ་བ་ནི། ཀྱང་གི་སྒྲ་རིམ་པར་སྦྱར་བ་ན་དོན་གཞན་སྟོན་པར་བྱེད་པར་འགྱུར་རོ། །དེ་ནི་མེད་པ་དང་དེའི་ཐ་སྙད་ཀྱི་ཅི་རིགས་པར་སྒྲུབ་བྱེད་ཡིན་ནོ་ཞེས་བྱ་བ་ནི། རང་བཞིན་མི་དམིགས་པ་ནི་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ཞིང་ཁྱབ་པར་བྱེད་པ་མི་

དམིགས་པ་ལ་སོགས་པ་ནི་མེད་པ་དང་དེའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ནི་དེ་དང་འགལ་དོན་གྱི། །འབྲས་བུ་བརྗོད་པ་ཞེས་བྱ་བ་ནི་དགག་པར་བྱ་བའི་རང་བཞིན་དེ་དང་འགལ་བའི་དོན་གང་ཡིན་པ་དེའི་འབྲས་བུ་གང་ཡིན་པ་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་འདི་ན་གྲང་བའི་

རེག་པ་ཞེས་བྱ་བ་ལ་སོགས་པ་ལ། གྲང་བ་དང་འགལ་བ་ནི་མེ་ཡིན་ལ་དེའི་འབྲས་བུ་ནི་དུ་བ་ཡིན་ནོ། །མི་དམིགས་པ། ཀུན་ལ་སྦྱོར་བ་འབའ་ཞིག་དག །ཐ་དད་དོན་ལ་ཐ་དད་མེད། །ཅེས་བྱ་བ་དེ་ལ་རེ་ཞིག་སྦྱོར་བ་ཐ་དད་པའི་རྒྱུ་ནི་འབྲས་བུ་མི་དམིགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། སོགས་པའི་སྒྲས་ནི་རང་བཞིན་འགལ་བ་ལ་སོགས་པ་གཟུང་ངོ་། །དེ་ལ་རང་བཞིན་འགལ་བ་ལ་སོགས་པ་ལ་དངོས་སུ་མི་དམིགས་པ་སྟོན་པ་མེད་དོ་ཞེས་བྱ་བ་དེ་ནི་གསལ་བ་ཉིད་ཡིན་ནོ། །དགག་པའི་སྒོ་ནས་འབྲས་བུ་མི་དམིགས་པ་ལ་སོགས་པ་བྱེད་པ་ན་གལ་ཏེ་ཡང་འབྲས་བུ་ལ་

སོགས་པ་མི་དམིགས་པ་སྟོན་པར་བྱེད་པ་དེ་ལྟར་ན་ཡང་། དངོས་སུ་དགག་བྱའི་རང་བཞིན་མི་དམིགས་པ་སྟོན་པ་ཡོད་པ་མ་ཡིན་ནོ། །རྒྱུ་མི་དམིགས་པ་ལ་སོགས་པ་ལ་ནི་རང་གི་སྒྲས་མི་དམིགས་པ་བརྗོད་པའི་ཕྱིར་མི་དམིགས་པ་ཉིད་དུ་འདོད་པར་འགྱུར་རོ། །རང་བཞིན་འགལ་བ་དམིགས་པ་

ལ་སོགས་པ་ལ་ཇི་ལྟར་ཡིན་ཞེ་ན། མི་དམིགས་པ་འཕེན་པར་བྱེད་པའི་དོན་བསྒྲུབ་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་དང་ཁྱབ་པར་བྱེད་པ་འགལ་བ་བརྗོད་པ་ཡང་གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། རྒྱུ་འགལ་བ་བརྗོད་པ་ནི་དཔེར་ན་འདི་ན་སྤུ་ལོང་ཞེས་བྱེད་པའི་བྱེ་བྲག་

ཡོད་པ་མ་ཡིན་ཏེ་གདུང་བའི་བྱེ་བྲག་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཁྱབ་པར་བྱེད་པ་འགལ་བ་བརྗོད་པ་ནི་འདི་ན་བ་མོའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་འདི་ནི་རང་བཞིན་འགལ་བ་ལ་སོགས་པ་སྒྲུབ་པའི་སྒོ་ནས་དོན་གཞན་དགག་པ་བྱེད་པ་གང་ཡིན་པ་དེ་དག་དང་

เล่ม ๑๗๗ · หน้า 175a

འགལ་བ་བསྟན་པ་ཡོད་ན་དེ་བརྗོད་པ་ནི་དགག་པ་བསྒྲུབ་པར་བྱ་བ་ལ་ཚད་མ་ཉིད་ཡིན་ནོ། །རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པས་དགག་པ་སྒྲུབ་པ་གང་ཡིན་པ་དེ་དག་ལ། གལ་ཏེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དག་མི་དམིགས་པར་སྟོན་པར་

འགྱུར་བ་དེའི་ཚེ། རང་གི་སྒྲས་མི་དམིགས་པ་ཚད་མ་ཉིད་ཡིན་པར་བརྗོད་པ་ཡིན་ནོ་ཞེས་བཤད་དོ། །གང་གི་ཚེ་རང་བཞིན་འགལ་བ་ལ་སོགས་པ་ལ་འགལ་བ་མ་བསྟན་པ་དང་། རང་བཞིན་མི་དམིགས་པ་ལ་སོགས་པ་ལ་རང་བཞིན་ལ་སོགས་པ་མི་དམིགས་པ་མ་བཤད་པའི་ཚེ། དགག་

པ་ལ་མི་དམིགས་པ་ཚད་མ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འགལ་བ་བརྗོད་པ་མེད་པ་དང་། དེ་ཡང་ཐབས་བཅས་བསྒྲུབས་མེད་པར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་སྨོས་སོ། །བསྒྲུབ་པར་བྱ་བ་དགག་ལ་ཚད། །སྨྲ་གང་ཡིན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །

འགལ་བ་གཉིས་ཀྱིས་ཞེས་བྱ་བ་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཅན་དང་། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱིས་སོ། །འདིས་ནི་རང་བཞིན་འགལ་བ་དམིགས་པ་ལྟར་བཅོས་པ་བསྟན་ཏོ། །དེས་ནི་རང་བཞིན་འགལ་བའི་འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་ལ་

ཡང་རྟོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྒྱུ་དང་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་སྦྱོར་བ་ཡོངས་སུ་གཟུང་ངོ་། །དེ་དག་ཀྱང་གང་གི་ཚེ་འགལ་བའི་དོན་སྟོན་པར་མི་བྱེད་པ་དེའི་ཚེ། གཟུགས་བརྙན་ཉིད་ཡིན་གྱི་ཡང་དག་པའི་ཚད་མ་ཉིད་ནི་མ་ཡིན་ནོ། །དེ་ཡང་བསྒྲིབས་མེད་

པར་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་ལ་བསྒྲིབས་མེད་པར་ཞེས་བྱ་བ་ནི་མདོ་ཡིན་ནོ། །དེ་ལ་འགལ་བ་མ་བརྗོད་ཅིང་དེ་ཡང་བསྒྲིབས་པ་མེད་པ་ཞེས་བྱ་བ་དེ་ལྟར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་རང་བཞིན་མི་དམིགས་པས་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བའི་དོན་དེ་བསྒྲིབས་པ་མེད་པ་

ཞེས་བྱ་བའི་ཐ་ཚིག་གོ། །བསྒྲིབས་པ་ཡང་གང་ཡིན་ཅི་དེ་དག་དགག་པ་ལ་བསྒྲིབས་པ་མེད་པ་ཞེས་བྱ་བ་འདིས་བརྗོད་ཅེ་ན། བསྒྲིབས་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲིབས་པ་མེད་པར་ཞེས་བྱ་བའི་དགག་པའི་བསྡུ་བ་འདི་ལ། ཚིག་གོང་མ་བསྒྲིབས་པ་བསྟན་པར་བྱ་བས་མི་དམིགས་

เล่ม ๑๗๗ · หน้า 175b

པ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ཉིད་ཀྱང་ཇི་ལྟར་ཐོབ་པ་ཡིན་ཞེ་ན། བསྒྲིབས་པའི་དོན་ལ་མཐོང་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་བར་བཏགས་ནས་ཞེས་བྱ་བ་ནི་རྒྱུ་མེད་པ་ལ་འབྲས་བུ་མེད་པ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མི་དམིགས་པ་མི་

བྱེད་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའོ། །སྔ་ན་མེད་པ་ཞེས་བྱ་བའི་སྒྲས་ནི་ཆོས་དང་ཆོས་མ་ཡིན་པ་བརྗོད་དོ། །སྔ་ན་མེད་པ་དང་ལྷ་ཉིད་དང་མཐོ་རིས་ལ་སོགས་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །སྨྲ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་བྱ་བ་

ནི་ཚིག་དང་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྣང་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལས་གཞན་དམིགས་པའི་རྐྱེན་ཡོད་ན་ཞེས་བྱ་བ་ནི། མིག་དང་གཟུགས་དང་སྣང་བ་ལ་སོགས་པ་འཇུག་པར་བྱེད་པའི་ནུས་པ་རྣམས་ཡོད་ན་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་

པོའི་མངོན་སུམ་གྱིས་འཛིན་པར་རུང་བ་ཉིད་ཀྱི་ཕྱིར་དགག་པར་བྱ་བའི་དངོས་པོ་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ལ་སྒྲུབ་པ་པོའི་མངོན་སུམ་བཤད་དོ། །དེ་ལྟར་གལ་ཏེ་ཡོད་ན་མངོན་སུམ་དུ་འགྱུར་ཞིང་དེ་ལས་སྒྲུབ་པ་པོའི་མངོན་སུམ་ལོག་ན་མེད་པའི་ཐ་སྙད་དུ་འཇུག་པར་འགྱུར་ཏེ། དམིགས་པ་

ལོག་པས་ཉེ་བར་མཚོན་པའི་བུམ་པས་དབེན་པའི་ས་ཕྱོགས་ལ་ལྡོག་པའི་སྒྲས་བསྟན་ཏོ། །སྒྲུབ་པ་པོའི་མངོན་སུམ་དེ་ལྟ་བུ་དེའི་ཁྱད་པར་ནི་མ་རྨོངས་པར་དྲན་པའི་འདུ་བྱེད་འདས་པ་དང་ད་ལྟར་གྱིས་ཞེས་བྱ་བ་ལ། མཐོང་བས་བསྒོས་པའི་མེད་པའི་ཐ་སྙད་ཀྱི་དྲན་པའི་ས་བོན་ནི་དྲན་པའི་འདུ་བྱེད་ཡིན་

ན། དེ་སྒྲུབ་པ་པོའི་མངོན་སུམ་གང་ལ་རྨོངས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔར་མཐོང་བ་བུམ་པས་དབེན་པའི་ས་ཕྱོགས་འདས་པ་དང་གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱི་ཕྱིར་ཉེ་བར་བཏགས་ནས་འདས་པ་ཞེས་བསྟན་ཏོ། །དེ་བཞིན་དུ་ད་ལྟར་མཐོང་བ་ད་ལྟར་གྱི་བུམ་པས་དབེན་པའི་ས་ཕྱོགས་

དང་གྲུབ་པ་དང་བདེ་བ་གཅིག་པ་ཅན་ཤེས་པ་གཅིག་དང་འདྲེ་བ་ཅན་ཉིད་ཀྱིས་ཉེ་བར་བཏགས་ནས་ད་ལྟར་དུ་བསྟན་ཏོ། །དེ་ལྟ་མ་ཡིན་ན་དེ་ལ་དང་པོ་དང་ཐ་མར་མེད་པའི་བུམ་པ་ལ་སོགས་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཅི་ལྟར་ན་འདས་པའམ་ད་ལྟར་དུ་འགྱུར། སྒྲུབ་པ་པོའི་མངོན་སུམ་མ་འོངས་པ་ཞེས་

เล่ม ๑๗๗ · หน้า 176a

བསྟན་པ་ནི་དེ་ལོག་ན་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གང་གི་ཚེ་ཡུལ་གྱི་ཆོས་དམིགས་པ་ཡིན་པ་དེའི་ཚེ། སྒྲུབ་པ་པོའི་མངོན་སུམ་གྱི་སྒྲས་བུམ་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་བརྗོད་ཅིང་། ལོག་པའི་སྒྲས་དེས་དབེན་པའི་ས་ཕྱོགས་བཤད་

པ་ཡིན་ནོ། །གང་གི་ཚེ་ཡུལ་ཅན་གྱི་ཆོས་ཉིད་དམིགས་པ་ཡིན་པ་དེའི་ཚེ། སྒྲུབ་པ་པོའི་མངོན་སུམ་སྣང་བའི་ཡུལ་ཅན་གྱི་ཤེས་པ་ཉིད་ཡིན་ནོ། །དེ་ལོག་པ་ཡང་དེས་དབེན་པའི་ས་ཕྱོགས་ལ་སོགས་པའི་ཤེས་པ་ཡིན་ཏེ། དེ་མེད་པའི་ཐ་སྙད་ལ་འཇུག་པར་འགྱུར་རོ། །འདས་པ་དང་ད་

ལྟར་ཡང་ཅི་འདྲ་བར་གྱུར་པ་ཞིག་ཅེ་ན། ཁོ་བོས་བུམ་པས་དབེན་པའི་ས་ཕྱོགས་མཐོང་བ་དེ་ལ་བུམ་པ་མེད་པར་གྱུར་པ་གང་ཡིན་པ་དང་། ད་ལྟར་སྣང་བ་གང་ཡིན་པ་དེ་ལ་བུམ་པ་ཡོད་པ་མ་ཡིན་པ་ཞེས་བྱ་བའོ། །སྐྱེས་བུ་ཅི་ལྟ་བུར་གྱུར་པ་མེད་པའི་ཐ་སྙད་ལ་འཇུག་པར་འགྱུར་ཞེ་ན། མ་རྨོངས་

པར་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་སོ། །དེ་ནི་དེ་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་དུ་འདོད་པའི་ཡུལ་མངོན་སུམ་གྱི་ཚད་མ་དེ་ལས་གྲུབ་པ་ཡིན་ནོ། །དེ་ཡང་གལ་ཏེ་བཟློག་པ་ལ་གནོད་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པར་བྱ་བ་བཟློག་པ་ལ་གཏན་ཚིགས་འཇུག་པ་

ལ་གནོད་པ་ཅན་གྱི་ཚད་མ་གང་ཡིན་པ་དེ་འཇུག་པ་དེས་སྒྲུབ་པར་བྱེད་པའི་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་རྟགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་རྟགས་ལྐོག་ཏུ་གྱུར་པའི་དོན་གང་ལ་ཡོད་པ་དེ་ནི་དེ་དང་ལྡན་པ་ཡིན་ནོ། །དེས་ནི་རང་བཞིན་གྱི་རྟགས་དང་

ལྡན་པ་ཉིད་བཤད་དོ། །འབྲས་བུ་ལྡོག་པའི་སྒོ་ནས་ཞེས་བྱ་བ་ནི་འབྲས་བུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་སྐབས་འགའ་ཞིག་ཏུ་མི་སྐྱེད་པའི་སྒོ་ནས་སོ། །དེ་ཉིད་ནི་དཔེར་ན་དེ་ལས་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །དེའི་འབྲས་བུ་ཉིད་དུ་འདོད་པས་ཞེས་བྱ་བ་ནི་

བདག་གི་འབྲས་བུ་ཉིད་དུའོ། །རིགས་པ་དང་ལྡན་པའི་ལྡོག་པ་མེད་པས་ཞེས་བྱ་བ་ནི། འདི་ལྟར་རིགས་པ་དང་ལྡན་པའི་ལྡོག་པ་ཡིན་པར་འགྱུར་ཏེ། གལ་ཏེ་བུམ་པ་ལ་སོགས་པ་ལ་བློ་ལ་སོགས་པ་ཡོད་ཅིང་བདག་འབའ་ཞིག་པ་དེའི་ཚེ་དབུགས་དབྱུང་བ་ལ་སོགས་པ་སྐྱེ་བ་མ་ཡིན་ཏེ། བདག་

เล่ม ๑๗๗ · หน้า 176b

ལོག་པའི་ཕྱིར་རོ་ཞེས་བྱ་བའི་རིགས་པ་དང་ལྡན་པའི་ལྡོག་པར་འགྱུར་ན། འོན་ཀྱང་བློ་ལ་སོགས་པ་ལ་ཡོད་པ་མ་ཡིན་ནོ། །དེ་མེད་པ་ཉིད་ཀྱི་ཕྱིར་དེ་ལ་དབུགས་དབྱུང་བ་ལ་སོགས་པ་ལོག་པ་ཡིན་གྱི་བདག་མེད་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ། །འགལ་བ་མེད་པའི་དོན་དེ་འདྲ་བས་ལྡོག་པ་སྒྲུབ་

པར་བྱེད་པ་མ་ཡིན་གྱི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་དང་། སྨྲ་བ་ཉིད་ལ་སོགས་པ་འགལ་བ་མེད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་འཇིག་པ་དང་ལྡན་པ་དག་ནི་རྟག་པ་ལས་གཞན་ཉིད་དུ་གྲུབ་པའི་

ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་གནས་སྐབས་གཅིག་གིས་གནས་སྐབས་གཞན་དེ་དང་དེས་འབྱུང་བར་འདོད་པ་དེའི་ཚེ་སྔར་གྱི་གནས་སྐབས་གཞན་འཇིག་ཅིང་ཕྱིས་འབྱུང་བ་ནི་སྐྱེ་བ་ཡིན་ནོ། །སྐྱེ་བ་དང་འཇིག་པ་དང་ལྡན་པའི་གནས་སྐབས་དེ་དག་ནི་རྟག་པའི་གནས་སྐབས་དེ་ལས་གཞན་ཉིད་ཡིན་པར་

འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་རྟག་པ་ཉིད་ཉམས་པར་འགྱུར་རོ། །གནས་སྐབས་ཀྱི་ཁྱད་པར་དག་གཞན་ཉིད་ཡིན་པས་གནས་པ་པོ་ཐེར་ཟུག་ཏུ་གནས་པར་འགྱུར་བ་དེ་ལྟར་ན་གང་ལས་འབྱུང་བ་དང་འཇིག་པར་རྟོག་པ་ཡིན། གཞན་གྱི་འབྱུང་བ་དང་འཇིག་པ་དག་གིས་གཞན་གྱི་འབྱུང་བ་དང་འཇིག་

པ་རྟོག་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ནི་དེ་ལྟ་མ་ཡིན་ན་ཐལ་ཆེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཅེས་འདོད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་བདེན་པ་མ་ཡིན་པས་ན་ངོ་བོ་འགལ་བ་ལ་གཅིག་ཏུ་བདེན་པ་ཉིད་མི་རུང་བའི་ཕྱིར་རོ། །དེའི་འདོད་པས་ཞེས་བྱ་བ་ནི་སྨྲ་བ་པོའི་འདོད་

པས་སོ། །གཞན་ཉིད་དུ་རྟོགས་པར་མི་འགྱུར་ན་ཞེས་བྱ་བ་ནི་དངོས་པོ་ལ་འདོད་པའི་དབང་གིས་འཇུག་པར་མི་འགྱུར་ནའོ། །དེ་ལྟར་ན་ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ཡིན་པའི་ཕྱིར་སྒྲ་མི་རྟག་པ་སྟེ་བུམ་པ་བཞིན་ནོ། །མི་རྟག་པ་ཉིད་དུ་ཉེ་བར་བསྟན་པས་དེ་ཉིད་ཀྱི་ཚེ་སྨྲ་བ་

པོའི་བསམ་པའི་དབང་གིས་ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ཡིན་པའི་ཕྱིར། སྒྲ་རྟག་པ་ཡིན་ཏེ་ནམ་མཁའ་བཞིན་ནོ་ཞེས་རྟག་པའི་སྒོ་ནས་ཀྱང་ཉེ་བར་བསྟན་ནུས་པ་ཡིན་ནོ། །འདིས་ཀྱང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་འདྲེན་མར་བསྟན་པ་ཞེས་བྱ་བ་ནི་རྒྱུ་ལ་ཡང་འབྲས་བུ་

เล่ม ๑๗๗ · หน้า 177a

ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཁྱབ་པར་བྱེད་པའི་སྒྲས་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཟློག་པ་ལ་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་འཇུག་པ་ལ་གནོད་པ་ཅན་གྱི་ཚད་མ་གང་ཡིན་པ་དེ་འཇུག་པས་སོ། །དེ་ཙམ་དང་འབྲེལ་པས་ཞེས་བྱ་བ་ནི་ཁྱབ་བྱ་ཉིད་ཙམ་དང་

འབྲེལ་པས་སོ། །གང་ལ་ཁྱབ་པར་བྱེད་པའི་དངོས་པོར་གྲུབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འབྲས་བུའི་ཡང་ཡིན་ནོ་ཞེས་བྱ་བ་ན་ལྡོག་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་སྐབས་ཡིན་ནོ། །དོན་གྱིས་ཁྱབ་པར་བྱེད་པ་ཡང་མི་དམིགས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། དོན་གྱིས་ཁྱབ་པར་བྱེད་པ་ཡང་དེའི་

རང་བཞིན་ཡིན་པའི་ཕྱིར་རང་བཞིན་སྨོས་པས་གཟུང་བར་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མངོན་སུམ་ཉིད་ཀྱིས་མི་རྟག་པ་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་ཞེས་བྱ་བ་ནི། རྒྱུན་ཆད་པའི་དུས་ན་སྐད་ཅིག་མ་ཐ་མ་མཐོང་བ་དང་ལྡན་པས་དེས་དབེན་པའི་དངོས་པོ་གཞན་གྱི་ཡུལ་ཅན་ལ་དམིགས་པ་

ན་ཁ་དོག་ལ་སོགས་པའི་མི་རྟག་པ་ཉིད་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པས་ངེས་པ་ལས་ཀྱང་དུས་ཕྱིས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་ངེས་པ་སྐད་ཅིག་མ་དང་པོར་འབྱུང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ལས་དུས་ཕྱིས་ཏེ། སྐད་ཅིག་མ་གཉིས་པ་དག་ལ་ངེས་པ་གང་ཡིན་པ་དེ་དག་ཀྱང་

བཟུང་ཟིན་པ་འཛིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་འཇིག་པའི་རང་བཞིན་ཅན་དུ་གྱུར་པ་ཞེས་བྱ་བ་ལ། དེ་བས་ན་ཞེས་བྱ་བ་ནི་མི་རྟག་པ་ཉིད་དོན་གཞན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་གཞན་གྱིས་འཇིག་པར་བྱེད་པ་ན་བདག་ཉིད་མི་གཡོ་བའི་རང་བཞིན་ཅན་

ལའམ་གཡོ་བའི་རང་བཞིན་ཅན་ལ་བྱེད་པར་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ནི་བདག་ཉིད་གཡོ་བ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཉིས་པ་ཡང་ངོ་བོ་ཉིད་ཀྱིས་གཡོ་བའི་རང་བཞིན་ཅན་ཡིན་ན་ཡང་ཞེས་བྱ་བ་སྨོས་སོ། །འོ་ན་ཇི་ལྟར་ན་རང་གི་སྡེ་པ་དག་གིས་སྡུག་བསྔལ་ཉིད་ལ་སོགས་པ་

དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བསྟན་ཞེ་ན། དེའི་ཕྱིར་གང་ཡང་དེ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྒྲའི་དོན་དེ་བློ་ལ་བཞག་ནས་ཞེས་བྱ་བ་ནི་ཆོས་གང་ཡིན་པ་དེ་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བརྟགས་པ་སྟེ། རང་གི་མཚན་ཉིད་ལ་གནས་པའི་མི་རྟག་པ་ཉིད་གང་ཡིན་པ་

เล่ม ๑๗๗ · หน้า 177b

དེ་ཡང་དེ་ཉིད་དུ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་སྒྲའི་དོན་ཏོ། །དེའི་ངོ་བོ་དང་དབེན་པས་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དང་དབེན་པས་ཏེ། འདི་ནི་གཏན་ཚིགས་ཀྱི་གསུམ་པ་ཡིན་ནོ། །དེ་ཉིད་དམ་གཞན་ཉིད་དུ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །དེའི་ངོ་བོས་ནི་དེ་

ཉིད་དུ་རྣམ་པར་གཞག་པ་ཡིན་ལ། དེས་དབེན་པ་ལ་ལྟོས་ནས་ནི་གཞན་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ཆོས་ཀྱི་སྒྲ་ནི་ཆོས་ཅན་ལས་དོན་གཞན་མ་ཡིན་པ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་ཆོས་ཅན་ལས་ཆོས་གཞན་ཡིན་པར་འགྱུར་བ་དེའི་ཚེ་བུམ་པ་ལས་སྣམ་བུའི་སྒྲ་བཞིན་དུ་ཆོས་

ཀྱི་སྒྲ་ནི་ཆོས་ཅན་ལས་གཞན་དོན་གཞན་དུ་གྱུར་པ་ཉིད་སྟོན་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །གང་གི་ཕྱིར་སྒྲའི་བརྗོད་པར་བྱ་བ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཡིན་གྱི་རང་གི་མཚན་ཉིད་ནི་མ་ཡིན་ཏེ། ལྡོག་པའི་ཐ་དད་པ་ཉིད་ཀྱི་སྒྲ་ཚོགས་པ་ཉིད་ཡིན་པ་དེའི་ཕྱིར་རང་གི་མཚན་

ཉིད་ཀྱི་བདག་ཉིད་ཅན་གྱི་དངོས་པོ་དུ་མ་ཅན་གྱི་ངོ་བོ་བརྗོད་བྱ་མ་ཡིན་ནོ། །དངོས་པོ་དུ་མ་ཅན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་རང་བཞིན་ཐ་དད་པ་ཅན་གྱི་ཞེས་བྱ་བ་ཡིན་ཏེ། རང་གི་མཚན་ཉིད་ངོ་བོ་ཐ་དད་པ་ཅན་ཉིད་འགལ་བའི་ཕྱིར་རོ། །དེས་ན་ཐ་དད་པའི་ཁྱད་པར་གཅིག་གི་སྒོ་ནས་ཀྱང་སྣ་

ཚོགས་པའི་བདག་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་བ་ལང་ལ་སོགས་པ་ཁྱད་པར་དང་ལྡན་པ་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་། ཁྱད་པར་གཅིག་གི་སྒོ་ནས་ཀྱང་ཁྱད་པར་དང་ལྡན་པ་འདི་བཟུང་བ་ན། ཁྱད་པར་དེ་ལ་ཕན་འདོགས་པར་བྱེད་པའི་རང་བཞིན་ཉིད་དུ་གཟུང་བར་བྱའོ། །ཁྱད་པར་དང་

ལྡན་པ་ཕན་འདོགས་པར་བྱེད་པ་དེ་ཉིད་ཀྱང་ཁྱད་པར་ཐམས་ཅད་ལ་ལྟོས་ནས་གཅིག་ཉིད་ཡིན་ནོ། །དེ་བས་ན་བདག་ཉིད་ཐ་དད་པ་ཉིད་ཀྱི་ཁྱད་པར་མ་ལུས་པ་རྣམས་ལ་ཕན་འདོགས་པར་བྱེད་པའི་རང་བཞིན་ཉིད་དུ་བཟུང་བ་ཉིད་ཡིན་ནོ། །དེ་ལྟ་བུར་གྱུར་པ་དེ་མངོན་སུམ་གྱིས་བཟུང་བ་ན་ཁྱད་པར་དང་ལྡན་པ་དེའི་

ངེས་པར་ཡོངས་སུ་མ་བཅད་པའི་རང་བཞིན་ཅན་མི་རུང་བའི་ཕྱིར་རོ། །ཟློས་གར་མཁན་གྱི་རྩེད་མོའི་དོན་དུ་ཁ་དོག་དང་དབྱིབས་མཚུངས་པའི་གོང་བུ་ལ་སྒོང་གི་སྒྲས་བསྟན་ཏོ། །རྒྱུའི་ནུས་པའི་དངོས་པོ་ལས་གཞན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ནུས་པ་དང་ལྡན་པ་དེས་ནུས་པ་དེ་ལ་ཕན་མི་

เล่ม ๑๗๗ · หน้า 178a

འདོགས་པའི་ཕྱིར་ནུས་པ་དང་ལྡན་པ་དེའི་ནུས་པ་དེ་ཡིན་ནོ་ཞེས་འབྲེལ་པ་མ་གྲུབ་པའི་ཕྱིར། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་དག་ལ་འབྲེལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ནུས་པ་རྣམས་ལ་ནུས་པ་དང་ལྡན་པ་ཕན་འདོགས་པར་བྱེད་པ་ཡིན་པར་ཞེས་

བྱ་བ་ལ་སོགས་པ་ལ། ནུས་པ་ཐ་དད་པ་གང་གིས་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་ན་ནུས་པ་དེ་དག་ལ་ས་བོན་ལ་སོགས་པ་ཕན་འདོགས་པར་བྱེད་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ནུས་པ་དང་ལྡན་པ་གང་གིས་ནུས་པ་ལ་ཕན་འདོགས་པར་བྱེད་པ་ནུས་པ་དང་ལྡན་པ་ལས་ནུས་པ་དེ་

ལས་ཕན་འདོགས་པར་བྱེད་པའི་ནུས་པ་དེ་མྱུ་གུ་ལ་སོགས་པ་འགྲུབ་པར་བྱེད་པ་དེའི་ནུས་པ་དང་འདྲ་བར་ཐ་དད་པ་ཡིན་ནོ། །ནུས་པ་རྣམས་ལ་ཕན་འདོགས་པར་བྱེད་པའི་ནུས་པ་ཡང་ཐ་དད་པ་ཡིན་ན། དེ་དག་དང་ལྷན་ཅིག་འབྲེལ་པར་མི་འགྱུར་རོ། །དེ་ལ་ཡང་ཕན་འདོགས་པར་བྱེད་པ་རྟོགས་པར་

བྱེད་ན། ནུས་པ་གཞན་ཐ་དད་པར་ཐལ་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེ་ཉིད་ནི་ཇི་སྲིད་ཇི་སྲིད་ཐ་དད་པ་དག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་ལ་ཡང་ནུས་པ་ཐ་དད་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི། ཇི་ལྟར་ནུས་པ་ལ་ཕན་འདོགས་པར་བྱེད་པའི་ནུས་པ་བདག་ཉིད་དུ་གྱུར་པ་ཡིན་པ་

དེ་ལྟར་མྱུ་གུ་ལ་སོགས་པའི་འབྲས་བུ་ལ་ཡང་ནུས་པ་གང་ཡིན་པ་དེ་ནུས་པ་དང་ལྡན་པ་ལས་ཐ་དད་པ་མེད་པ་ཉིད་ནུས་པ་ཡིན་པར་འགྱུར་རོ། །དེ་ཡུལ་དུ་གྱུར་པ་ཡིན་ན། འབྲས་བུ་ལ་རྨོངས་ཞེས་བྱ་བ་ནི་འབྲས་བུ་ལ་ནུས་པ་གང་ཡིན་པ་དེ་ཡུལ་དུ་གྱུར་པ་སྟེ་བཟུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་རྒྱུ་

མཐོང་བ་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །བློ་གྲོས་ཆེན་པོས་ཞེས་བྱ་བ་ནི་དབང་པོ་ལས་འདས་པའི་དོན་མཐོང་བའོ། །ཇི་སྐད་དུ་བརྗོད་ཅེས་བྱ་བ་ནི་བརྡ་ཇི་ལྟ་བ་བཞིན་དུའོ། །བློ་ནི་སྤོབས་པའོ། །ཤེས་པ་མེད་པ་ན་ཞེས་བྱ་བ་ནི་ཤེས་པ་འགགས་པ་ནའོ། །རིགས་པ་ལ་སོགས་པ་ནི་

གསལ་བྱེད་ལ་སོགས་པའོ། །མཐའ་གཉིས་ཆོད་ཡོད་དང་། འབྲེལ་པ་བརྗོད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་འདིར་མཐའ་གཉིས་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པའོ། །དེ་ལ་ཆོད་པར་བྱེད་པ་ནི་ད་ལྟར་གྱི་དངོས་པོ་ཡོད་པ་ཡིན་ཏེ། འདིས་དེ་ཉིད་ལ་ཆོད་པར་བྱེད་པའི་ཕྱིར་རོ། །མཐའ་གཉིས་ཆོད་པ་ཡོད་

เล่ม ๑๗๗ · หน้า 178b

བ་དང་འབྲེལ་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །འབྲེལ་པ་ཡང་ཉེ་བའི་ཕྱིར་ཇི་སྐད་དུ་བཤད་པའི་ཡོད་པ་ཉིད་ཀྱི་འཕྲོད་པ་འདུ་བ་ཡིན་པར་བསྟན་ཏོ། །མི་རྟག་པ་ཉིད་ཀྱི་སྒྲ་གང་ལ་དེ་དག་བརྗོད་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་གིས་ད་ལྟར་རྣམ་པར་མ་ཆོད་

པའི་ཡོད་པ་གང་ཡིན་པའམ། དེའི་འཕྲོད་པ་འདུ་བ་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་མཐའ་ཡང་དེ་ཡིན་ལ། གཉིས་ཀྱང་ཡིན་པས་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཆོད་པ་ནི་ཆོད་པའོ་ཞེས་བྱ་བའི་དོན་བརྗོད་པ་

ཙམ་དུ་བྱས་ཀྱི་ཆོད་པའི་སྒྲ་འདི་ནི་བྱེད་པ་བསྒྲུབ་པ་ཡིན་ནོ། །དེ་ལྟར་ན་ཡོད་པ་ཉིད་དང་གཞི་མཐུན་པར་བསྟན་ཏེ། ད་ལྟར་དང་འབྲེལ་པ་ཅན་གྱི་ཆོད་པ་ཡོད་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མཐའ་གཉིས་ཀྱི་ཆོད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ད་ལྟར་དང་འབྲེལ་བ་ཅན་ཆོད་པར་བྱེད་

པ་དེས་མཐའ་དེ་དག་ལ་ཆོད་པར་བྱེད་པའི་ཕྱིར་རོ། །ཡང་ན་ད་ལྟར་གྱི་མཐའ་གཉིས་གང་ཡིན་པ་དེ་ལ་ཆོད་པ་ཞེས་བྱ་བར་སྦྱར་རོ། །སོགས་པ་སྨོས་པས་བདུན་པ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་དངོས་པོ་རྣམས་ལ་མི་རྟག་པ་ཉིད་གནས་པ་དང་། དངོས་པོ་དག་ལས་མི་རྟག་པ་ཉིད་ཐ་དད་

པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །མཐའ་དེ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་གྲུབ་པའི་སྨྲ་བའིའོ། །གལ་ཏེ་མེད་པའི་ཕྱིར་དངོས་པོ་ལ་དྲུག་པ་ལ་སོགས་པ་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ཡོད་པ་ཉིད་དམ་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ཉིད་ལ་སྦྱོར་བ་ན་ཞེས་བྱ་བ་འདི་དང་སྦྱར་ཏེ། དཔེར་ན་སྔ་

ན་མེད་པ་དང་ཞིག་ནས་མེད་པ་དག་ལ་ཆོད་པར་བྱེད་པ་ཡོད་པ་ཉིད་ལྟ་བུའོ། །དེ་དང་འབྲེལ་པའམ་ཞེས་བྱ་བ་ནི་ཡོད་པ་ཉིད་འཕྲོད་པ་འདུ་བ་ལ་མཐའ་དག་གི་ཆོད་པར་བྱེད་པ་ནི་ཡོད་པ་ཉིད་འཕྲོད་པ་འདུ་བ་འདི་ཡིན་ནོ། །གཞན་ལ་ཡང་ཞེས་བྱ་བ་ནི་ཡོད་པ་ཉིད་ལ་བརྟེན་པའི་དངོས་པོ་ལ་སྔ་ན་མེད་པ་

དང་། ཞིག་ནས་མེད་པ་དེ་དག་གི་བར་ན་གནས་པ་ད་ལྟར་བ་ཆོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་མཐའ་དེ་དག་ལ་དྲུག་པ་ལ་སོགས་པ་སྦྱོར་བ་མཐོང་བ་གང་ཡིན་པ་དེར་མི་འགྱུར་རོ། །དངོས་པོ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་ལ་དངོས་པོ་མེད་

เล่ม ๑๗๗ · หน้า 179a

པ་དེ་ཐ་དད་པའི་རྒྱུ་ཉིད་དུ་ཡོད་པ་མ་ཡིན་པ་དེ་ལྟར་དངོས་པོ་མེད་པ་ལ་ཡང་དངོས་པོ་ཐ་དད་པའི་རྒྱུ་ཉིད་དུ་ཡོད་པ་མ་ཡིན་ཏེ། གཉི་ག་ལ་ཡང་མེད་པར་ཁྱད་པར་མེད་པའི་ཕྱིར་དེ་བས་ན་མཐའ་གཉིས་ཀྱི་ཆོད་པ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །

ཡང་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ལ་ཞེས་བྱ་བ་ནི་ཡོད་པའི་མཚན་ཉིད་ཀྱི་བདུན་པ་ཡིན་ཏེ། སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་སྦྱོར་བ་བྱེད་པས་ན། དེ་དང་ལྡན་པ་ལས་ཡོད་པ་ཉིད་དང་དེ་དང་འབྲེལ་པ་ལས་དྲུག་པ་ལ་སོགས་པ་སྦྱོར་བར་མི་འགྱུར་ཏེ། མཐའ་དག་ལ་ཡོད་པ་ཉིད་དམ་

འཕྲོད་པ་འདུ་བ་ཁྱད་པར་མེད་པར་གྱུར་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་བུམ་པའི་མི་རྟག་པ་ཉིད་ཅེས་བྱ་བ་མེད་པས་ཐ་དད་པ་མ་བྱས་པ་དེ་ལྟར་ཡོད་པ་ཉིད་ལ་སོགས་པ་ཡང་ཡིན་ཏེ། མེད་པ་ཐ་དད་པའི་རྒྱུ་མ་ཡིན་པ་ཉིད་དུ་མཚུངས་པ་ཉིད་ཀྱི་

ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གདོན་མི་ཟ་བར་སྔ་ན་མེད་པ་དང་ཞིག་ནས་མེད་པའི་ཁྱད་པར་ཡོད་པ་ཉིད་ལ་འདོད་པར་བྱའི། དེ་ལྟ་མ་ཡིན་ན་ཇི་ལྟར་ན་ནམ་མཁའ་ལ་སོགས་པའི་ཡོད་པ་ཉིད་རྣམ་པར་གཅོད་པར་བྱས་པར་འགྱུར། གཞན་གྱིས་ཁས་བླངས་པ་ཉིད་ཀྱི་མཐའ་གཉིས་དག་གིས་ཡོད་པ་

ཉིད་དུ་ཁྱད་པར་དུ་བྱས་པ་སེལ་བར་བྱས་ནས། ད་ནི་དངོས་པོའི་གནས་ཐབས་ཉིད་བསལ་བར་བཞེད་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་ལ་སྔ་ན་མེད་པ་དག་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། གཞན་གྱི་ཐམས་ཅད་དུ་དངོས་པོ་ཉིད་ལྡོག་པའི་རྒྱུ་ཉིད་ཡིན་

པར་འདོད་ན་དངོས་པོའི་སྔ་ན་མེད་པ་དངོས་པོ་དང་འབྲེལ་པར་མི་འདོད་དོ། །དེ་ལྟར་ན་དངོས་པོ་ནི་སྔ་ན་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་འབྲས་བུ་ཡོད་པར་སྨྲ་བ་ཉིད་ཡིན་པའི་ཕྱིར་དངོས་པོའི་སྔ་ན་མེད་པ་འདོད་པ་དེའི་ཚེ། དངོས་པོའི་སྔ་ན་མེད་པ་འདི་ཡིན་ནོ་ཞེས་རྣམ་པ་

འགའ་ཞིག་གིས་བློ་རྣམ་པར་གཞག་པའི་འབྲེལ་པ་དེ་ལྡོག་པའི་རྒྱུ་འབྲས་བརྗོད་པ་གང་གིས་བཟློག་པར་ནུས། དེ་སྐད་དུ་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ཉིད་སྒྲ་རྣམས་ཀྱི་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །རྣམ་པ་འགའ་ཞིག་གིས་འབྲེལ་པ་ཡོད་ན་ཡང་སྔ་ན་

เล่ม ๑๗๗ · หน้า 179b

མེད་པ་དང་ཞིག་ནས་མེད་པ་ཉིད་མི་རྟག་པ་ཡིན་པར་འགྱུར་ན། དོན་གཞན་ཀུན་དུ་བརྟགས་པས་ཅི་ཞིག་བྱ། དེ་བྱེད་པ་ཡང་ཡིན་པ་དེའི་ཕྱིར་བུམ་པའི་སྔ་ན་མེད་པ་ཁས་བླང་བར་མི་བྱའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ལྟར་ན་རིགས་པ་དེ་དངོས་པོ་སྔ་ན་མེད་པ་འདོད་པ་མ་ཡིན་ཞེས་བྱ་བ་སྨོས་སོ། །

དེའི་ཞེས་བྱ་བའི་དོན་དམ་པའི་ཐ་སྙད་རིགས་པ་མ་ཡིན་པ་ཉིད་ལ་དེ་དང་ལྷན་ཅིག་འབྲེལ་པ་ཉིད་ཀྱིས་ཁྱབ་པ་མ་ཡིན་ལ། དེ་འདི་ལ་མེད་པ་དེ་ལྟར་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཞིག་སྔ་ན་མེད་པ་ཡོད་པ་མ་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྐྱེ་བ་སྔ་ན་མེད་

པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་སྔ་ན་མེད་པ་དང་བྲལ་བ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཡོད་པ་ཉིད་དང་རང་གི་རྒྱུ་ཉིད་ནི། ཡོད་ཉིད་རང་རྒྱུ་སྟེ། དེ་དང་ལྷན་ཅིག་འབྲས་བུ་འབྲེལ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཁྱེད་ཀྱིས་ཅི་འདྲ་བའི་ཞེས་བྱ་བ་

ལ་སོགས་པས་འཆད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །འཕྲོད་པ་འདུ་བ་ཡང་གཞན་གྱིས་རྟག་པ་ཉིད་དུ་འདོད་དོ། །གང་མེད་པ་དེ་བྱས་པ་ཡིན་ན། འབྲས་བུར་འདོད་པ་གང་ཡིན་པ་སྔ་ན་མེད་པ་རྒྱུས་བསྐྱེད་པར་བྱ་བ་ཡིན་ན་ཞེས་བྱ་བའི་

དོན་ཏོ། །དེ་ཉིད་ནི་བདག་ཉིད་ཡོད་པ་མ་ཡིན་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པར་བྱེད་དོ། །གང་འབྲས་བུ་མ་ཡིན་པ་དེ་ནི་མི་རྟག་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་གཉིས་པའོ། །མི་རྟག་པ་ཉིད་ལ་འབྲས་བུ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་

འབྲས་བུ་ཉིད་མ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྒྲ་གང་དག་ལ་ཐ་དད་པ་མེད་པ་དེ་ལྟར་ན། ཐ་དད་མེད་དོན་མངོན་འདོད་ཅན། །ཞེས་བྱ་བ་ནི་ཐམས་ཅད་ལ་མེད་པར་ཁྱད་པར་མེད་པ་ཡིན་ན་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལ་སོགས་པ་དག་ལ་དོན་ཐ་དད་པ་ཡོད་པ་མ་ཡིན་

ནོ། །རྒྱས་པར་ཞེས་བྱ་བ་ནི་རྣམ་པར་སྤྲོས་ནས་སོ། །མཐོང་བ་གང་ཡིན་པ་དེ་ནི་འགགས་པ་ཡིན་ལ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་ལ་བརྟེན་པ་འདི་ཙམ་ཉིད་ཀྱིས་ནི་སྤྱི་ཉམས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་དང་འབྲེལ་པ་ཡིན་ན་ཡང་མེ་མ་ཡིན་པར་བཅད་པའི་

เล่ม ๑๗๗ · หน้า 180a

སྤྱི་རྟོགས་པའི་ཕྱིར་རོ། །དེས་སྐྱེད་པར་བྱེད་པའི་ཞེས་བྱ་བ་ནི་ཨ་ཀ་རུའི་དུ་བ་ལ་སོགས་པ་སྐྱེད་པར་བྱེད་པའོ། །དེ་ལྟར་ན་ཨ་ཀ་རུའི་དུ་བ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཀྱི་སྤྱི་ཉིད་རྟོགས་པའི་སྒོ་ནས་མི་ཤེས་པར་འགྱུར་རོ། །འདི་ཉིད་ཀྱིས་གྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་ཁྱད་

པར་མཐོང་བའི་ཤེས་པའི་ཡུལ་གྱི་སྒོ་ནས་སོ། །མཐོང་བ་ཞེས་བྱ་བ་འདི་ཉིད་ཀྱི་རྣམ་པར་བཤད་པ་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པ་ཡུལ་ཉིད་ཡིན་པས་ན་ཞེས་བྱ་བ་ལ། འདི་ཡིན་ནོ་ཞེས་བྱ་བའི་ཤེས་པ་གང་ཡིན་པ་དེའི་ཡུལ་ཉིད་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ཡུལ་ཅན་

གྱི་མཐོང་བ་དྲན་པའི་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ལ། མཐོང་བས་བསྒོས་པའི་དྲན་པའི་ས་བོན་ནི་མཐོང་བ་དྲན་པའི་འདུ་བྱེད་དོ། །དེ་ཡང་ཉམས་སུ་མྱོང་བའི་ཡུལ་ལ་དྲན་པ་སྐྱེད་པར་བྱེད་པའི་ཕྱིར་མཐོང་བའི་ཡུལ་ཅན་ཞེས་བརྗོད་དོ། །དེའི་ཡང་སྐྱོན་བཤད་ཟིན་ཏོ་ཞེས་བྱ་བ་ནི་རང་བཞིན་ཐ་དད་

པ་ཡིན་ན། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པ་འཁྲུལ་པར་འགྱུར་རོ་ཞེས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་གསུམ་པ། མངོན་སུམ་ཅིག་ཤོས་ལ་གཅིག་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། མངོན་སུམ་ནི་གང་སྔར་མཐོང་བ་ཡིན་

ལ། ཅིག་ཤོས་ནི་གང་ཕྱིས་དེ་ཉིད་འདི་ཡིན་ནོ་ཞེས་ཁྱད་པར་མཐོང་བའི་སྒོ་ནས་གཟུང་བ་ཡིན་ཏེ། གཅིག་ལ་གྲུབ་པ་གང་ཡིན་པ་དེ་གཉི་ག་ལ་ཡང་ཡིན་ཞེས་བྱ་བའི་དོན་ཏོ། །ཚུལ་གསུམ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་མཐོང་བ་ལ་ཁྱད་པར་གྱི་སྒོ་ནས་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ན།

རྗེས་སུ་འགྲོ་བ་མེད་ན་ཡང་གང་ལས་ཚུལ་གསུམ་ཉིད་ཡིན། ཡུལ་ལ་སོགས་པ་མཐོང་བ་དང་འདྲིས་པ་ཀུན་བརྗོད་པ་ལ་སོགས་པས་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ཡུལ་ལ་སོགས་པ་དེ་ནི་དེའི་མ་འཁྲུལ་པའི་རྟགས་ཀྱང་མ་ཡིན་པ་ཞེས་བྱ་བ་ནི་དྲན་པ་ཡང་ཇི་སྐད་དུ་བཤད་པའི་ཡུལ་ལ་

སོགས་པའི་སྒོ་ནས་སྐྱེ་བའི་ཕྱིར་དེ་ནི་ངོ་ཤེས་པ་ཉིད་ཀྱི་རྟགས་མ་ཡིན་ནོ། །དེ་བས་ན་དྲན་པ་ཡང་ལ་ལར་གྱི་ཕྱི་རོལ་ལ་ལྟོས་ནས་སྐྱེ་བའི་ཕྱིར་རོ། །དེ་ལ་ཡང་ན་ཡུལ་ལ་སོགས་པ་དེ་ནི་དེའི་མ་འཁྲུལ་པའི་རྟགས་ཀྱང་མ་ཡིན་པ་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་དྲན་པ་མེད་པར་ཡང་ལ་ལར་

เล่ม ๑๗๗ · หน้า 180b

མཐུན་པའི་འབད་རྩོལ་གྱི་ངོ་ཤེས་པ་སྐྱེ་བའི་ཕྱིར་རོ། །དེ་བས་ན་དྲན་པ་ལ་ཡང་ཕྱི་དང་ནང་གི་རྒྱུ་མཚན་ལ་ལྟོས་པ་དེ་ཡོད་པ་དེ་ལྟར་ན་ངོ་ཤེས་པ་ལ་དྲན་པ་ཉིད་འགལ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་སྔར་བཤད་པ་དྲན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འཁྲུལ་པ་ཡིན་ནོ། །མཚན་

གཞི་བསྟན་ཏོ་ཞེས་བྱ་བ་ནི་མངོན་སུམ་ནི་མཚོན་པར་བྱ་བའི་གཞི་ཉིད་ཡིན་པའི་ཕྱིར་རོ། །རྟོག་པ་དང་བྲལ་བ་ཅན་ཞེས་བྱ་བའི་མཚན་ཉིད་ཀྱིས་མངོན་སུམ་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བྲལ་བ་ཉིད་བསྟན་ནས་མངོན་སུམ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། རྟོག་པ་དང་

བྲལ་བའི་ཤེས་པ་ནི་མངོན་སུམ་གྱི་མིང་ཅན་ཡིན་ནོ་ཞེས་མིང་དང་མིང་ཅན་གྱི་འབྲེལ་པ་བྱེད་པའི་ཕྱིར་རོ། །རྟོག་པ་ལས་བྲལ་བ་ཞེས་བྱ་བ་ནི་བྱེ་བ་དང་བྲལ་བ་དང་། གྲོལ་བ་ཞེས་བྱ་བས་ལྔ་པ་དེའི་སྐྱེས་བུ་ཡིན་ཏེ། བྲལ་ཞིང་བྱེ་བ་ཞེས་བྱ་བའི་དོན་ཏོ། །འདི་ལ་རྟོག་པ་དང་བྲལ་བ་ཅན་ཞེས་བྱ་བ་

ནི་འབྲུ་མང་པོ་པའོ། །རྟོག་པས་བྲལ་བ་ཞེས་བྱ་བ་ནི་གསུམ་པའི་བསྡུ་བའོ། །སོ་སོ་རང་གིས་རིག་བྱ་ཡིན། །ཞེས་བྱ་བ་ནི་རིག་པའི་རྗེས་སུ་འབྲངས་ནས་རང་གི་གཞུང་ལས་བསྟན་ཏོ། །ཤེས་པ་གཞན་གྱིས་ཞེས་བྱ་བ་ནི་གཞན་གྱི་གཞུང་གིས་ཡིན་ཏེ། གཞན་ནི་གཞན་གྱིས་ཤེས་

པ་ཉམས་སུ་མྱོང་བར་འདོད་པའི་ཕྱིར་རོ། །གང་གི་ཚེ་སྒྲ་ལས་རྣམ་པར་རྟོག་པ་སྐྱེ་བ་དེའི་ཚེ། གང་ལ་མིང་གི་རྟེན་ཡོད་པ་ཞེས་བྱ་བ་དོན་གཞན་སྟོན་པ་ཡིན་ནོ། །གང་གི་ཚེ་རྣམ་པར་རྟོག་པ་ལས་སྒྲ་སྐྱེ་བ་དེའི་ཚེ། མིང་གི་རྟེན་ཞེས་བྱ་བ་དྲུག་པའི་དེའི་སྐྱེས་བུ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་འགྱུར་བ་ཡང་

གང་ཞེ་ན། རྣམ་པར་རྟོག་པ་བརྗོད་པ་དང་འདྲེར་རུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པའི་སྤྱིའི་རྣམ་པ་ཅན་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །སྤྱིའི་རྣམ་པ་ཁོ་ན་བརྗོད་པ་ལ་འདྲེར་རུང་བ་སྣང་བ་ཡིན་གྱི། རང་གི་མཚན་ཉིད་ཀྱི་རྣམ་པ་ནི་མ་ཡིན་ནོ། །དེས་ནི་ཞེས་བྱ་བ་ནི་དེ་མ་ཐག་

པའི་རྣམ་པར་རྟོག་པའི་མཚན་ཉིད་ཀྱིས་སོ། །མཐོང་བ་ལ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ལ་སྟེ་གཉིས་སུ་སྣང་བ་ཉིད་ཡིན་ན་ཡང་བརྗོད་པ་དང་འདྲེར་རུང་བ་སྣང་བ་མེད་པའི་ཕྱིར་རོ། །འདིས་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་ཚད་མ་རྣམ་པར་ངེས་པ་ལས།

เล่ม ๑๗๗ · หน้า 181a

དེ་ཕྱིར་དེ་ལས་ཁྱད་པར་ཅན། །དམིགས་པ་དེ་ཡང་དམིགས་མེད་ཡིན། །དེ་ཕྱིར་མི་དམིགས་པ་འདི་ནི། །མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན། །ཞེས་བྱ་བ་ལ་སོགས་པས་དཔྱད་ཟིན་ཏོ། །མིག་གི་བློ་ཉིད་ལ་ཉེ་བར་བཏགས་ནས་མིག་ཅེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མིག་གི་

ཞེས་བྱ་བ་དེའི་རྣམ་པར་འགྲེལ་པ་ནི་མིག་གི་དབང་པོའི་བློ་གང་ཡིན་པས་ཞེས་བྱ་བ་ཡིན་ནོ། །ཡང་ན་མིག་གིས་ཞེས་བྱ་བ་དེ་ཉིད་ནི་བྱེད་པའི་གསུམ་པ་ཡིན་ཏེ། མིག་གི་དབང་པོའི་བློ་གང་ཡིན་པས་ཞེས་བྱ་བ་དེ་ཁོང་ནས་ཕྱུང་ནས་བཤད་པ་ཡིན་ནོ། །མིག་བྱེད་པར་གྱུར་པའི་སྒོ་ནས་མིག་གི་དབང་པོའི་བློ་

གང་གིས་གཟུགས་ལ་ལྟ་བ་དེ་ནི་དབང་པོ་ལས་སྐྱེས་པའི་བློ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཡང་ཅུང་ཟད་ཅིག་རྣམ་པར་རྟོག་པ། ཁོ་བོའི་རྣམ་རྟོག་དེ་འདྲར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་གནས་སྐབས་འདས་པ་དྲན་པར་བྱེད་པ་ན། གནས་སྐབས་གང་གིས་རྣམ་པར་

རྟོག་པ་སྐྱེ་བ་དེའི་ཚེ་ཁོ་བོའི་རྣམ་པར་རྟོག་པ་དེ་འདྲ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་དྲན་པའི་ཤེས་པས་རིག་པར་འགྱུར་རོ། །དེ་བས་ན་རྟོག་པ་རང་གིས་རིག་པ་དང་ཇི་ལྟར་རིག་པ་བཞིན་དུ་དྲན་པ་ཡིན་ནོ་ཞེས་རྟོག་པར་འགྱུར་ཏེ། ཉམས་སུ་མ་མྱོང་བ་དྲན་པ་མི་རུང་བའི་ཕྱིར་རོ། །ཉམས་སུ་མྱོང་བ་ཡང་

རང་རིག་པས་ཡིན་གྱི། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ན་ཡང་ངོ་། །དབང་པོའི་ཤེས་པ་རྣམ་པར་རྟོག་པར་འགྱུར་བ་དེ་ལ་ཡང་རིག་པ་དང་ཇི་ལྟར་རིག་པ་བཞིན་དུ་དྲན་པར་འགྱུར་རོ། །

དེ་ཉིད་ནི་དེ་གལ་ཏེ་དབང་པོའི་ཤེས་པ་དེ་ཡིན་པར་འགྱུར་ན་ཞེས་བྱ་བ་སྨོས་སོ། །སྔར་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ན་ཡང་རིག་པ་དང་དེའི་ནུས་པ་ལས་བྱུང་བའི་ངང་ཚུལ་ཅན་གྱི་དྲན་པས་ངེས་པར་འགྱུར་ནའོ། །སྔར་བཤད་ཅེས་བྱ་བ་ལ་སོགས་པས་བཟློག་པ་སྟོན་པར་

བྱེད་དོ། །སྔར་བཤད་གནས་སྐབས་ཀྱི་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི། རྣམ་པར་རྟོག་པ་བསྡུས་པས་གནས་སྐབས་ཀྱི་ཞེས་བྱ་བ་ཡིན་ནོ། །དེའི་མིང་དེ་དང་འདྲེས་པའི་ཤེས་པས་གཟུང་བར་འགྱུར་ན་ཞེས་བྱ་བ་ནི་གང་ལ་སྒྲ་སྦྱོར་བའི་དོན་དེའི་མིང་དེ་དང་འདྲེས་པས་ཡུལ་དུ་གྱུར་པ་འཛིན་པར་འདོད་

เล่ม ๑๗๗ · หน้า 181b

པའི་ཤེས་པས་གཟུང་བར་འགྱུར་ནའོ། །དོན་སྒྲ་མ་སྦྱར་བ་ཅན་བརྗོད་པ་དང་འདྲེས་པ་གཟུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་སྦྱོར་བ་ཡིན་ན་ཞེས་བྱ་བ་ནི་སྒྲའོ། །འགྱུར་བ་ནི་འདོད་མོད་ཀྱི་སྤྱི་དངོས་པོར་གྱུར་པ་སྟེ་ཡོད་པ་དེ་ཡང་དབང་པོའི་ཤེས་པས་གཟུང་བར་བྱ་བ་ཡིན་ན་དེ་ལ་ཡང་སྒྲ་དགོད་པའི་

ཕྱིར་དབང་པོའི་ཤེས་པ་བརྗོད་པ་དང་འདྲེས་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་རང་གི་མཚན་ཉིད་ལ་སྒྲ་འགོད་པ་མ་ཡིན་པས་ན་འདི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྤྱི་ལ་སྒྲ་འགོད་པ་ཁས་ལེན་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔ་མ་ཉིད་ཀྱི་གཞུང་བཙུགས་པ་ཡིན་ནོ་ཞེས་བྱ་བ་ནི།

ཁྱད་པར་གཅིག་ལ་མཐོང་བ་ནི། །ཞེས་བྱ་བ་ལ་སོགས་པའིའོ། །མཐོང་བའི་རྣམ་པར་ཤེས་པ་ལ་སྣང་བའི་སྒྲའི་དོན་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རྣམ་པར་ཤེས་པ་ལ་སྣང་བ་སྟེ། རང་གི་མཚན་ཉིད་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་དག་ལ་སྦྱོར་བ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་

བའི་རྣམ་པར་ཤེས་པ་ལ་སྣང་བའི་སྒྲའི་དོན་ལ་སྦྱོར་བ་མ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །སོ་སོར་ངེས་པའི་ཡུལ་ཅན་ཉིད་ཡིན་པས་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པས་ནའོ། །དེ་དག་ལ་འབྲེལ་པ་ཤེས་པ་མེད་པས་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔྱོད་པའི་

བདག་ཉིད་ཅན་གྱི་ཤེས་པ་ལ་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །འདིའི་ཞེས་བྱ་བ་ནི་དོན་གྱིའོ། །རྟའི་སྒྲ་དང་དོན་དག་ཅེས་བྱ་བ་ལ། རྟའི་སྒྲ་དང་དོན་དག་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །དོན་གསལ་བར་སྣང་བ་ཅན་ཞེས་བྱ་བ་ནི་གསལ་བར་སྣང་བ་ཅན་ནོ། །རང་གི་མཚན་ཉིད་ལ་བརྡ་མེད་

པ་ཉིད་བསྟན་པའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཉིད་སྨོས་པ་ལ། མཐོང་བ་དང་ཐོས་པ་ལས་འདས་པ་ཡིན་ན་ཡང་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མཐོང་བ་ལས་འདས་པ་དང་། རྗོད་པར་བྱེད་པ་ཐོས་པ་ལས་འདས་པ་ཡིན་ན་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་དོན་གཞན་ཞིག་དམིགས་

པ་ན། དེ་ལ་རྗོད་པར་བྱེད་པའི་སྒྲ་སྦྱོར་བར་བྱེད་པ་དེའི་ཚེ། སྒྲ་དང་དོན་དག་གི་འབྲེལ་པ་རྟོགས་པ་མེད་པར་ཕྱིས་བདག་ཉིད་རྒྱུ་མཚན་འགའ་ཞིག་གིས་ཉེ་བར་མཚོན་ནས་སྒྲ་དང་དོན་འདས་པ་དག་གི་འབྲེལ་པ་མེད་པ་ཡིན་ན། དེ་ལ་གང་ལས་རང་གི་མཚན་ཉིད་སྣང་བ་ཡིན་ཞིང་གང་གིས་ན་བརྡ་བྱེད་པ་

เล่ม ๑๗๗ · หน้า 182a

ཡིན། དོན་ཉེ་བ་ལ་ཡང་བརྡ་ལ་བྱང་བའི་ཐ་སྙད་འདོགས་པ་པོས་སྒྲའི་སྦྱོར་བ་ཐ་སྙད་ཀྱི་དོན་དུ་བྱས་པ་དམིགས་ནས་དོན་དེ་ལ་སྔར་བརྡར་མ་བྱས་པ་ཅན་སྐྱེས་བུ་རང་ཉིད་ཀྱིས་དཔྱད་ནས་བརྡ་བྱེད་པའི་ཕྱིར། དཔྱོད་པའི་དུས་ན་ཡང་རང་གི་མཚན་ཉིད་མཐོང་བ་ཡོད་པ་མ་ཡིན་ན།

གང་གིས་ན་དེ་ལ་བརྡ་བྱེད་པར་འགྱུར། དབང་པོ་བྱ་བ་མེད་པ་ཅན་གྱི་ཞེས་བྱ་བ་ནི་རང་གི་ཡུལ་ལ་དབང་པོ་ལ་སོགས་པ་འཇུག་པ་མེད་པ་ཅན་མུན་པ་ན་གནས་པས་འགའ་ཞིག་གིས་བརྡ་བྱེད་པ་ན་རང་ཉིད་ཀྱི་ཡིད་ཀྱིས་འབྲེལ་པ་འཛིན་པའི་ཕྱིར། འདིས་ཀྱང་རང་གི་མཚན་ཉིད་ཀྱི་ཡུལ་ལ་བརྡ་བྱེད་

པ་མ་ཡིན་ནོ། །མཐོང་བཞིན་དུ་སྒྲ་ཤེས་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་མིག་གི་རྣམ་པར་ཤེས་པས་འཛིན་པ་དེ་ལྟར་སྒྲ་ལས་བྱུང་བའི་ཤེས་པས་ཀྱང་འཛིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ལོང་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་དགོངས་

སོ། །འགྱུར་བར་ནི་འདོད་མོད་ཀྱི་གལ་ཏེ་ཡང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མི་གསལ་བ་ཡིན་པ་དེ་ལྟ་ན་ཡང་གསལ་བར་སྣང་བ་དང་འབྲེལ་བའི་རང་གི་མཚན་ཉིད་ཁོ་ན་དེའི་ཡུལ་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་སྣང་བ་ཐ་དད་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་བྱེད་པ་ཡིན་ཞེས་

བྱ་བ་ནི་ཐ་དད་པ་རྣམ་པར་འཇོག་པར་བྱེད་པའོ། །གལ་ཏེ་མཐོང་བ་དང་མཉན་པ་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདས་པ་དེ་མ་ཐག་པ་ཡིན་པ་དེ་ལྟ་ན་ཡང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མཐོང་བ་དང་ཐོས་པ་ལས་འདས་པ་ཡིན་ན་ཡང་། ཕྱིས་འགའ་ཞིག་ལས་ཉེ་བར་མཚོན་

ནས་ཞེས་བྱ་བ་ལ་སོགས་པ་དེ་འདིས་ཉེ་བར་བཀོད་པ་ཡིན་ནོ། །གང་གི་ཚེ་རྟོགས་པ་པོས་རྟོགས་པར་བྱ་བ་ལ་སོགས་པ་ལ་མདུན་ན་གནས་པའི་དངོས་པོ་བསྟན་ནས། དོན་འདིའི་རྟོགས་པར་བྱེད་པ་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ལ་ཡང་རང་གི་མཚན་ཉིད་ནི་བརྗོད་པར་བྱ་བ་དང་རྗོད་

པར་བྱེད་པའི་ངོ་བོ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་འཆད་པ་པོ་དང་ཉན་པ་པོའི་རྣམ་པར་ཤེས་པའི་ཡུལ་ཡིན་ཏེ། དེ་དག་གིས་ཀྱང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཡོངས་སུ་གཅོད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་ཡུལ་ནི་བརྗོད་པར་བྱ་བ་ཡིན་ལ། རྣ་བའི་རྣམ་པར་

เล่ม ๑๗๗ · หน้า 182b

ཤེས་པའི་ཡུལ་ནི་རྗོད་པར་བྱེད་པའི་ངོ་བོ་ཡིན་ནོ། །མིག་གི་དོན་སྣང་བ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། མིག་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལ་རྣ་བ་ལ་ཡང་སྒྲའི་རང་བཞིན་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིག་གི་དབང་པོ་དང་རྣ་བའི་དབང་པོ་ཞེས་འཆད་པར་བྱེད་དོ། །དེ་སྐད་དུ་

གལ་ཏེ་ཡང་ཇི་སྐད་དུ་བཤད་པའི་བརྡའི་དུས་ན། མིག་དང་རྣ་བའི་རྣམ་པར་ཤེས་པ་དག་གིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རང་གི་མཚན་ཉིད་འཛིན་པ་དེ་ལྟ་ན་ཡང་དེ་ལས་ཕྱིས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ཕྱིར་སྣང་བ་ཅན་སྐྱེ་བ་གང་ཡིན་པ་དེ་ནི་སྤྱིའི་རྣམ་པ་

འཛིན་པ་ཉིད་ཀྱིས་བརྡར་བྱེད་པ་ཡིན་གྱི། རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ནོ། །དེ་ཉིད་ནི་གཞན་ཤེས་པར་བྱེད་པས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དབང་པོ་བྱ་བ་མེད་པ་ཅན་ཞེས་བྱ་བ་འདིའི་བཤད་པ་ནི་བསྟན་པར་བྱ་བ་མིག་འཛུམས་པ་ཅན་ནོ་ཞེས་བྱ་བའོ། །བསྟན་པར་བྱ་བ་ཞེས་བྱ་བ་

ནི་གང་ལ་དོན་དེ་བརྗོད་པར་བྱ་བའོ། །གཞན་ཞེས་བྱ་བ་ནི་ཉེ་བ་ན་གནས་པའོ། །མཐོང་བ་བཞིན་དུ་ཞེས་བྱ་བ་ནི་དབང་པོའི་ཤེས་པ་བཞིན་དུའོ། །མཐོང་བའི་སྒྲ་ནི་དེའི་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་རོ། །སྒྲ་དང་དོན་སྦྱོར་བར་བྱེད་པའི་ཕྱིར་སྦྱོར་བ་བྱེད་པའོ། །སྣང་བ་གསལ་བ་ཉིད་ཀྱི་ཕྱིར་

མཐོང་བར་བྱེད་པའོ། །འཇུག་པ་རྒྱུན་ཆད་པ་མེད་པ་ཉིད་ཀྱི་ཕྱིར་རྒྱུན་འབྱུང་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཤེས་པ་གཅིག་སྣང་བ་གསལ་བ་རྣམ་པར་རྟོག་པ་རྒྱུན་གྱིས་འབྱུང་བ་མི་འདོད་པ་དེའི་ཚེ་མཐོང་བ་རྣམ་པར་ཆད་པར་འགྱུར་ཏེ། རྣམ་པར་རྟོག་པའི་དུས་ན་མཐོང་བ་མེད་པའི་ཕྱིར་

རོ། །རྣམ་པར་རྟོག་པ་རྣམ་པར་ཆད་པར་འགྱུར་ཏེ་ཞེས་བྱ་བ་རྟགས་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །མཐོང་བའི་དུས་ན་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་། ཅིག་ཅར་ཤེས་པ་གཉིས་མི་རུང་བའི་ཕྱིར་རོ་ཞེས་བསམས་པའོ། །མཐོང་བ་དང་རྣམ་པར་རྟོག་པ་རྣམ་པར་ཆད་པ་དེ་ཉིད་བསྒྲུབ་པའི་

ཕྱིར་རྣམ་པར་རྟོག་པ་ཡིན་པས་ན་མཐོང་བ་མ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྲུབ་པའི་མཐའ་སྨྲ་བ་ལ་གསལ་བར་སྣང་བའི་རྣམ་པར་རྟོག་པ་མི་འདོད་པ་དེའི་ཕྱིར་རྣམ་པར་རྟོག་པ་ཡིན་པས་ན་མ་མཐོང་བའི་ཕྱིར་རོ། །རྣམ་པར་རྟོག་པའི་དུས་ན་མཐོང་བ་རྣམ་པར་ཆད་པ་དེའི་ཕྱིར་

เล่ม ๑๗๗ · หน้า 183a

མཐོང་བ་ཡིན་པས་ན་རྣམ་པར་རྟོག་པ་མ་ཡིན་པའི་ཕྱིར། མཐོང་བའི་དུས་ན་རྣམ་པར་རྟོག་པ་རྣམ་པར་ཆད་པ་ཡིན་ནོ། །གལ་ཏེ་མཐོང་བ་དང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་གཉིས་ལྷན་ཅིག་མི་འཇུག་པའི་ཕྱིར་རོ་

ཞེས་བྱ་བ་སྨོས་པ་ལ། དེ་གཉིས་ཞེས་བྱ་བ་ནི་མཐོང་བ་དང་རྣམ་པར་རྟོག་པ་དག་གོ། །སྣང་བ་ཐ་དད་པས་ཞེས་བྱ་བ་ནི་རང་བཞིན་ཐ་དད་པའི་རྒྱུ་ནི་སྣང་བ་ཐ་དད་པ་ཡིན་པའི་གཏན་ཚིགས་ཀྱི་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པའི་རང་བཞིན་ཐ་དད་དུ་ཟིན་ཀྱང་ཞེས་བྱ་

བར་སྦྱར་རོ། །དེ་ལྟར་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་གསལ་བ་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཡིན་ལ་རྟོག་པ་དང་རྗེས་སུ་འབྲེལ་པ་ནི་བརྗོད་པའི་རྣམ་པར་རྟོག་པ་རྗེས་སུ་འབྲེལ་པ་མི་གསལ་བ་ཡིན་ན། ཤེས་པ་གཅིག་ལ་སྔོན་པོ་ལ་སོགས་པའི་སྣང་བ་དང་སྒྲའི་སྣང་བའི་

སྐབས་ཡོད་པ་མ་ཡིན་ཏེ། སྣང་བ་ཐ་དད་པ་ནི་ཤེས་པ་ཐ་དད་པ་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་ཀྱང་གཅིག་ཏུ་འགྱུར་རོ། །དེ་མ་མཐོང་བར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་དག་གི་ཁྱད་པར་རོ། །

གང་གི་ཚེ་འདི་ཡིན་པ་ཞེས་བྱ་བ་ནི་མཐོང་བའོ། །བ་ལང་ལ་སོགས་པ་ཐག་ཉེ་བའི་ཡུལ་ལ་མངོན་སུམ་དུ་འཇུག་པ་ན་ཞེས་བྱ་བ་ལ་སོགས་པ་ལ། ཐག་ཉེ་བའི་ཞེས་པ་ནི་མདུན་ན་གནས་པའིའོ། །ཡུལ་ལ་ཞེས་བྱ་བ་ནི་བ་ལང་ལ་སོགས་པ་ཤེས་པ་སྐྱེད་པར་རུང་བ་སྟེ། མངོན་སུམ་ལ་སོགས་

པའི་འཇུག་པ་གང་ཡིན་པ་དེ་ནི་གཞན་གྱི་རྣམ་པར་རྟོག་པ་ཉིད་ཡིན་པར་འདོད་དོ། །མངོན་སུམ་གྱི་འཇུག་པ་དེ་ཡོད་ན་བ་ལང་ལ་སོགས་པ་མདུན་ན་སྣང་བ་ལས་དོན་གཞན་གང་ཡིན་པ་དེའི་ཡུལ་ཅན་དེའི་རིགས་ནི་ཐ་དད་པའི་རྣམ་པར་རྟོག་པ་དེ་མངོན་དུ་ཕྱོགས་པར་འགྱུར་བ་ན་སྟེ། གང་གི་ཚེ་བ་ལང་

ལ་སོགས་པ་ཐག་ཉེ་བ་ན་མཐོང་བ་ན་གཞན་འགའ་ཞིག་ལ་རྣམ་པར་རྟོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དོན་འདི་རྗོད་པར་བྱེད་པ་མ་ཡིན་པའི་ངོ་བོ་དང་རྗེས་སུ་འབྲེལ་པའི་རྣམ་པར་རྟོག་པ་གཞན་མངོན་དུ་གྱུར་པ་ཡོད་ན་ཡང་ཞེས་བྱ་བ་ལ་དོན་འདི་ཞེས་བྱ་བ་ནི་བ་ལང་ལ་སོགས་པ་སྣང་བར་གྱུར་པའོ། །བ་ལང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด