ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๖ · หน้า 193a

བྱ་བ་འདིས་རྫས་ཁོ་ན་བརྗོད་པ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞེ་ན། དེའི་འབྲས་བུ་ཅན་དེ་འཚེད་པ་ལ་སོགས་པ་དེའི་འབྲས་བུ་གང་ལ་ཡོད་པའོ། །རྫས་དེ་ཡང་གསལ་བ་གཞན་གྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རྫས་དེ་ལས་འཚེད་པ་པོ་ཞེས་བྱ་

བའི་རྗེས་སུ་འགྲོ་བ་ཅན་གྱི་སྒྲ་དང་ཤེས་པར་མི་འགྱུར་རོ། །སྒྲ་སྨོས་པ་ནི་ཉེ་བར་མཚན་པ་ཡིན་ནོ། །གལ་ཏེ་འཚེད་པ་པོ་ལ་སོགས་པའི་རྫས་ལ་འཚེད་པ་པོ་ཉིད་ལ་སོགས་པ་སྤྱི་ཡོད་པ་དེའི་རྗེས་སུ་འགྲོ་བ་ཅན་གྱི་སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། གལ་ཏེ་འཚེད་པ་པོ་ཉིད་ལ་སོགས་པ་སྤྱི་ཡིན་པར་འདོད་པ་དེའི་ཚེ། འཚེད་པ་པོ་ལ་སོགས་པའི་བྱ་བ་སྒྲུབ་ནུས་པའི་གནས་སྐབས་དང་པོར་ཏེ། རྫས་འབྱུང་བ་དང་དུས་མཉམ་ཁོ་ནར་དེའི་རྫས་ལ་འཕྲོད་པ་འདུ་བས་འབྲེལ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་

ལྟར་ན་བྱིས་པ་དེ་དང་པོ་སྐྱེས་པ་ཡང་འཚེད་པ་ལ་སོགས་པའི་ཤེས་པ་དང་བརྗོད་པའི་ཡུལ་དུ་འགྱུར་རོ་ཞེས་བསམས་པའོ། །དང་པོའི་ཅི་སྟེ་མིན་པ་དེའི་ཚེ་ཕྱིས་ཀྱང་མི་འགྱུར་ཏེ་རྫས་དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །རྫས་ལ་ནི་དུས་ཐམས་ཅད་དུ་འཚེད་པ་པོ་ཉིད་ལ་སོགས་

པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་དང་པོར་མངོན་པར་མི་གསལ་བ་དེ་བས་ན། སྒྲ་དང་ཤེས་པ་དག་གི་རྒྱུ་མཚན་མ་ཡིན་ནོ་ཞེ་ན། ཡོད་ཉིད་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གསལ་འགྱུར་ཞེས་བྱ་བ་ནི་དང་པོ་ཁོ་ནར་གསལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡོད་

ཉིད་སོགས་བཞིན་དུ་སྟེ། དཔེར་ན་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་ལྟ་བུར་ཇི་སྲིད་རྫས་ཡོད་པ་དང་དོན་བྱེད་པའི་དབང་པོ་ཉིད་ན་རུང་བའི་ཡུལ་ན་གནས་པ་གསལ་བར་འགྱུར་རོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡོད་པའི་དོན་ལ་སྟེ་རིགས་

ཀྱི་རྟེན་ལའོ། །འཕྲོད་པ་འདུ་བ་དེའི་ནི་འཕྲོད་པ་འདུ་བ་སྤྱིའོ། །རེས་འགའ་བ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དོན་ལ་སྟེ་

เล่ม ๑๗๖ · หน้า 193b

རིགས་ཀྱི་རྟེན་ལ་འཕྲོད་པ་འདུ་བའི་ཆོས་ཅན་འབྲེལ་བར་རུང་བ་སྤྱི་དེ་དག་ནི་དོན་འདིའི་སྐྱེ་བ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་དག་ཡིན་ནོ། །སྤྱིའི་རྟེན་འདི་ལ་ཞེས་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་བར་བྱ་སྟེ། སྐྱེ་བ་དང་དུས་མཉམ་པ་ཁོ་ནར་རྫས་དང་

སྦྱོར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་གཞུང་ཡིན་ལ་ཞེས་བྱ་བ་ནི་སྤྱིར་སྨྲ་བའི་གྲུབ་པའི་མཐའ་ཡིན་ནོ། །ཅི་སྟེ་གྲུབ་པའི་མཐའ་ལས་འདས་ནས་སྤྱི་ཕྱིས་འབྱུང་བ་ཉིད་དུ་རྟོགས་པ་དེའི་ཚེ། དེ་ལས་འདས་པ་སྟེ་གྲུབ་པའི་མཐའ་ལས་འདས་པ་སྤྱིའི་རྟེན་གྱི་རྫས་

དེ་ནི་ཁྱད་པར་མེད་པའི་ཕྱིར་ཕྱིས་ཀྱང་དེ་དང་འཕྲོད་པ་འདུ་བར་འགྱུར་བ་མ་ཡིན་ཏེ། སྤྱི་དེ་དང་འཕྲོད་པ་འདུ་བར་མི་འགྱུར་རོ། །དཔེར་ན་འབྲས་བུ་ནི་རང་བཞིན་གཅིག་པ་ཉིད་ཡིན་དུ་ཟིན་ཀྱང་། དང་པོ་དམར་པོ་ཉིད་དུ་མི་འགྱུར་ཞིང་ཕྱིས་འགྱུར་བ་དེ་བཞིན་དུ་སྐྱེས་བུའི་འཚེད་

པ་པོ་ཉིད་ལ་སོགས་པའི་སྤྱི་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་དང་འབྲེལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་འབྲེལ་པའི་རང་བཞིན་དང་མི་མཐུན་པའི་སྟེ། འཚེད་པ་པོ་ཉིད་ལ་སོགས་པའི་སྤྱིའི་འབྲེལ་པའི་རང་བཞིན་དང་མི་མཐུན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་

སྤྱིའི་འཕྲོད་པ་འདུ་བའོ། །དེའི་ཞེས་བྱ་བ་ནི་སྐྱེས་བུའིའོ། །རང་བཞིན་མཐུན་པ་ལ་གནས་པ་ནི་དེ་དང་འབྲེལ་པར་མི་འགྱུར་བ་མ་ཡིན་ནོ། །སྤྱི་འཕྲོད་པ་འདུ་བ་དེ་ཉིད་ཀྱང་རང་བཞིན་མི་མཐུན་པ་ལ་གནས་པ་རྫས་འདིས་དེའི་སྤྱི་འཕྲོད་པ་འདུ་བར་འགྱུར་རོ་ཞེས་

བྱ་བ་ནི་རྟོགས་པར་དཀའ་བ་སྟེ་ཁོང་དུ་ཆུད་པར་དཀའོ་གལ་ཏེ་ཨ་མྲ་ལ་སོགས་པའི་འབྲས་བུ་དག་གིས་ཡང་སྔ་མ་དང་ཕྱི་མ་རང་བཞིན་གཅིག་པ་ཉིད་ཡིན་པ་དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་སོ། །རྫས་རྟག་ཏུ་སྤྱི་དང་འབྲེལ་པ་ཁོ་ན་ཕན་འདོགས་པའི་

བྱ་བ་ལ་ལྟོས་པ་ནི་སྤྱི་གསལ་བར་བྱེད་པ་ཡིན་ལ། བྱ་བ་དེ་སྔར་ཡོད་པ་མ་ཡིན་པས་ན་སྔར་སྤྱི་མངོན་པར་གསལ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བྱ་བ་ཕན་འདོགས་ཞེས་བྱ་བ་ལ་སོགས་པ་ལ། འཚེད་པ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་དེ་བྱེད་པའི་ཕན་འདོགས་པ་

เล่ม ๑๗๖ · หน้า 194a

གང་ཡིན་པ་དེ་ལ་ལྟོས་པའི་རྫས་ནི་སྤྱི་གསལ་བར་བྱེད་པ་ཉིད་དུ་ཁས་ལེན་ན། རྫས་དེ་ནི་སྐད་ཅིག་མ་ཉིད་མ་ཡིན་པའི་ཕྱིར་ལྷན་ཅིག་བྱེད་པ་ལ་འགྱུར་བ་མེད་ལྟོས་པ་མེད། ཅི་སྟེ་རྣམ་པར་གྱུར་པ་དེའི་ཚེ་ཡང་། འདི་ནི་ཕུལ་དུ་བྱུང་བ་ཡོད་ནའང་

སྟེ། རྫས་ནི་སྐད་ཅིག་མ་ཉིད་ཐོབ་པར་འགྱུར་རོ། །སྐད་ཅིག་ཉིད་ཕྱིར་སྐྱེས་མ་ཐག་ཏུ་འཇིག་པ་ཅན་གྱི་བྱ་བ་གང་ལས་ཏེ། གང་གིས་དེ་ལ་ཕན་འདོགས་པ་ལ་ལྟོས་པའི་རྫས་རིགས་ཀྱིས་གསལ་བར་བྱེད་པར་འགྱུར། གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་

པར་བྱེད་དེ། ལས་ནི་རྟེན་འཛུགས་པ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བའོ། །དེ་ལ་ཕན་འདོགས་པར་བྱེད་པ་ནི་དེས་བྱས་པའི་ཕུལ་དུ་བྱུང་སྟེ། དེ་ལ་ལྟོས་ནས་སོ། །རང་བཞིན་བརྟན་པ་ནི་སྔ་མའི་རང་བཞིན་ལས་མ་བསྐྱོད་པའོ། །ཕུལ་དུ་དབྱུང་དུ་མེད་པའི་

ཕྱིར་ཞེས་བྱ་བ་ནི་རང་བཞིན་གཞན་བསྐྱེད་པ་མེད་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པ་མེད་པ་ལ་སྟེ། ལས་ལ་ལྟོས་པ་ཅི་ཞིག་ཡོད་དེ། མེད་པ་ཁོ་ནའོ། །ཕུལ་དུ་དབྱུང་དུ་ཡོད་ན་ཡང་སྟེ། རྫས་ཀྱི་བྱ་བ་བྱེད་པ་ཁས་ལེན་པ་ན་ཕུལ་དུ་དབྱུང་བ་མེད་པ་པོའི་ལས་ནི་སྐད་ཅིག་

མ་ཉིད་ཡིན་པའི་ཕྱིར་རྫས་ཕན་གདགས་པར་བྱ་བ་དེ་ཡང་ཕུལ་དུ་བྱུང་བའི་རང་བཞིན་དུ་འགྱུར་བ་གཞན་གྱིས་བསྐྱེད་པར་བྱ་བ་ཡིན་ནོ། །གལ་ཏེ་ཕུལ་དུ་བྱུང་བའི་བྱེད་པས་བྱས་པ་རྫས་ཀྱི་རང་བཞིན་དུ་གྱུར་པ་མ་ཡིན་ན། དེ་ལས་དོན་གཞན་བྱེད་པའི་ཕྱིར་རྫས་ཁོ་ན་ལ་ཕན་

འདོགས་པར་མི་འགྱུར་རོ། །དེ་བས་ན་སྐད་ཅིག་རེ་རེ་ལ་ཕུལ་དུ་བྱུང་བའི་རང་བཞིན་དུ་འགྱུར་བ་གཞན་དང་གཞན་འབྱུང་བའི་ཕྱིར། ལྷས་སྦྱིན་ལ་སོགས་པའི་རྫས་དེ་དག་ཀྱང་སྐད་ཅིག་མར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་སྐད་ཅིག་ཉིད་ཀྱི་ཕྱིར་རོ། །

རང་གི་སྐྱེ་བའི་གནས་འཇིག་པ་ཅན་ཏེ། རང་ཉིད་སྐྱེ་བའི་ཡུལ་འཇིག་པ་ཅན་སྐྱེས་བུའི་ཡུལ་གཞན་དུ་འཕོ་བའི་མཚན་ཉིད་ཅན་གྱི་བྱ་བ་གང་ལ་ལྟོས་པ་སྟེ། བྱ་བ་གང་ལ་ལྟོས་པ་འཚེད་པ་པོ་ལ་སོགས་པའི་རྫས་ནི་སྤྱིའི་གསལ་བར་བྱེད་པར་འགྱུར། དེ་བས་ན་

เล่ม ๑๗๖ · หน้า 194b

དངོས་པོ་ཇི་ལྟ་བ་བཞིན་དུ་རིགས་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདིར་གཞན་གྱིས་འོ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཇི་ལྟར་འཚེད་པ་པོ་ལ་སོགས་པའོ་

འཚེད་པ་པོ་ཉིད་ལ་སོགས་པའི་སྤྱི་ཡོད་པ་མ་ཡིན་པ་དེ་ལྟར་རབ་ཏུ་བསྒྲུབས་པས་ཡིན་ནོ། །འོན་ཀྱང་དེ་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་དང་སྒྲ་འཇུག་པ་དེ་བཞིན་དུ་མེད་པ་གཞན་དག་ལ་ཡང་འགྱུར་རོ། །གཞན་གྱིས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ལ། འཚེད་

པ་པོ་ལ་སོགས་པ་དེ་དག་ལ་ཡང་སྤྱི་མེད་པར་ཇི་ལྟར་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་དང་སྒྲ་དག་འཇུག་པར་འགྱུར། དེ་བས་ན་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་དང་སྒྲ་འཇུག་པའི་ཕྱིར། འཚེད་པ་པོ་ལ་སོགས་པ་དག་ལ་ཡང་། འཚེད་པ་ཉིད་ལ་སོགས་པ་སྤྱི་ཡོད་པ་ཡིན་ནོ་

ཞེ་ན། ཇི་ལྟར་དེ་དག་ལ་འཚེད་པ་པོ་ཉིད་ལ་སོགས་པའི་སྤྱི་ཡོད་པ་མ་ཡིན་ནོ་ཞེས་འདས་མ་ཐག་ཏུ་དེ་དཔྱད་ཟིན་ཏོ། །གལ་ཏེ་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་ཡོད་པ་དེ་མ་ཡིན་པ་དེ་བས་ན། ད་ནི་ཅིའི་ཕྱིར་སྒྲ་དང་ཤེས་པ་དག་རྒྱུ་མཚན་མེད་པ་ཅན་དུ་མི་འགྱུར་ཞེ་ན། གྲུབ་པའི་

མཐའ་སྨྲ་བས་རྒྱུ་མཚན་མེད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ལ་རྒྱུ་མཚན་ནི་ཡོད་མོད་ཀྱི་གང་ཡང་གཞན་གྱིས་འདོད་པ་དེ་ནི་སྤངས་པ་ཡིན་ནོ། །དེ་ཉིད་ནི་འོ་ན་ཅི་ཡིན་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དངོས་པོར་གྱུར་པ་སྤྱི་དེ་ཉིད་རྒྱུ་མཚན་དུ་འགྱུར་བ་མ་ཡིན་ནོ། །འོ་

ན་དེ་དག་གི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་བདག་ཉིད་ཀྱི་བག་ཆགས་རབ་ཏུ་སད་པ་གང་ཡིན་པ་དེ་ལས་རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་ལ། རྣམ་པར་རྟོག་པ་ལས་སྐྱེས་པ་དེ་ལས་རྣམ་པར་རྟོག་པ་ཇི་

ལྟ་བ་བཞིན་གྱི། རྣམ་པར་རྟོག་པ་དང་བརྗོད་པ་དག་གི་དངོས་པོ་ཡོད་པ་ཉིད་ལ་སྟེ། རྗེས་སུ་འགྲོ་བ་ཅན་གྱི་དངོས་པོ་ཡོད་པ་ཉིད་ལ་བརྟེན་པ་ཡང་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །དེ་ཡང་སྟོབས་ཀྱིས་འདོད་པར་བྱ་སྟེ། འདི་ལྟར་བདག་ཉིད་ཀྱི་གཞུང་ལུགས་ཇི་ལྟ་

เล่ม ๑๗๖ · หน้า 195a

བའི་བག་ཆགས་ཀྱི་དབང་གིས་ཏེ། གྲུབ་པའི་མཐའ་ལ་བརྟེན་པའི་རྣམ་པར་ཤེས་པའི་བག་ཆགས་དང་མཐུན་པས་སོ། །འགལ་བའི་ངོ་བོ་གཅིག་ཏུ་སྡུད་པ་ཕན་ཚུན་འགལ་བའི་ངོ་བོ་སྒྲོ་བཏགས་པ་སྟེ། དཔེར་ན་འགྲོ་བ་གཙོ་བོའི་འབྲས་བུ་དང་། དབང་

ཕྱུག་གི་འབྲས་བུ་དང་རྒྱུ་མེད་པ་ཅན་དང་ཀུན་རྫོབ་ཅེས་བྱ་བ་ལྟ་བུའོ། །རྗེས་སུ་འགྲོ་བ་ཅན་ནི་དེ་ལྟ་བུའི་ཁྱད་པར་ཐམས་ཅད་ལའོ། །དེ་དག་ཅེས་བྱ་བ་ཤེས་པ་དང་བརྗོད་པ་དག་གོ། །གཞན་དང་གཞན་མཐོང་བ་ན་ཡང་ཞེས་བྱ་བ་ནི་དོན་ཕན་ཚུན་ཐ་དད་པ་དག་

མཐོང་བ་ན་ཡང་ངོ་། །དེ་ལ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའི་འབྲས་བུ་ཉིད་ཕན་ཚུན་འགལ་བའི་ངོ་བོར་བརྟགས་པའི་དོན་དག་ལའོ། །དེའི་རྒྱུ་ནི་ཤེས་པ་དང་སྒྲ་དེ་དག་གི་རྒྱུའོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། ཕན་ཚུན་འགལ་བ་ནི་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །གཞན་གྱིས་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐམས་ཅད་དུ་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་དང་བརྗོད་པ་ཐམས་ཅད་མ་ངེས་པར་འགྱུར་རོ། །དེ་ཉིད་བསྒྲུབ་པའི་ཕྱིར་རྒྱུ་མཚན་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་ཇི་ལྟ་བའི་བག་

ཆགས་རབ་ཏུ་སད་པ་ལས་རྣམ་པར་རྟོག་པ་སྐྱེ་བ་ལ་སོགས་པ་དེ་དག་རྒྱུ་མཚན་མེད་པ་བཀག་པ་མ་ཡིན་ནམ། རྒོལ་བའི་སྐབས་མེད་དོ་ཞེ་ན། འདི་ལྟར་དེ་དག་གི་ནང་གི་མཚན་ཉིད་འདོད་ལ། རྒྱུ་མཚན་དེ་ཡང་འགའ་ཞིག་དང་ཉེ་བ་དང་སྐལ་བ་མེད་པའི་ཕྱིར་ཐམས་ཅད་

རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྒྱུ་ཉིད་དུ་འགྱུར་རོ་སྙམ་སེམས་སོ། །རྒྱུ་མཚན་མེད་པར་ཡོད་པ་ནི་ཞེས་བྱ་བ་ནི་འདིར་ཕྱི་རོལ་གྱི་རྒྱུ་མཚན་མེད་པའི་ཕྱིར་རྒྱུ་མཚན་མེད་པ་ཞེས་བྱ་བར་བལྟ་བར་བྱའོ། །དེ་དག་རྒྱུ་མཚན་མེད་པ་ཅན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་

བ་ཡིན་ཏེ། ཁྱད་པར་ཅན་ཡིན་པ་ནི་རྒྱུ་མཚན་དག་ཏུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བག་ཆགས་ཀྱི་ཁྱད་པར་རྒྱུ་མཚན་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བ་བཞིན་དུ་མཐོང་བའི་སྒོ་ནས་འོངས་པའི་བག་ཆགས་གང་ཡིན་པ་དེ་ནི་དེ་ཉིད་ལ་དེའི་དངོས་

เล่ม ๑๗๖ · หน้า 195b

པོར་ངེས་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བར་བྱེད་ཀྱི་ཐམས་ཅད་དུ་མ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་གྱི་ཕྱི་རོལ་གྱི་རྒྱུ་མཚན་ཡོད་པ་མ་ཡིན་པ་དེ་ལ་རྣམ་པར་རྟོག་པར་མི་འགྱུར་བ་མ་ཡིན་ཏེ། འགྱུར་བ་ཁོ་ན་

ཡིན་ནོ། །དེ་ཉིད་ནི་རྨི་ལམ་དང་ཞེས་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དེ། རྨི་ལམ་དང་རབ་རིབ་ཅན་དེ་དག་གིས་དམིགས་པའི་དོན་ཏེ། དེ་གོ་རིམས་བཞིན་དུ་བ་ལང་ལ་སོགས་པ་དང་། སྐྲ་ཤད་འཛིངས་པ་དང་སྦྲང་མ་ལ་སོགས་པ་དག་དང་། རི་བོང་གི་རྭ་ལ་

སོགས་པ་དངོས་པོ་མེད་པ་དག་དང་། གཞུང་ལུགས་ཀྱི་བག་ཆགས་ཏེ། བདག་ཉིད་ཇི་ལྟ་བུའི་གྲུབ་པའི་མཐའི་བརྡའི་བག་ཆགས་དེའི་སྟོབས་ཀྱིས་སྒྲོ་བཏགས་པའི་ངོ་བོའི་ཁྱད་པར་གཙོ་བོའི་འབྲས་བུ་ཉིད་ལ་སོགས་པ་དག་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་སྐྱེ་བ་སྟེ།

རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །ཇི་སྐད་དུ་བཤད་པ་དེ་དག་ལ་ཕྱི་རོལ་གྱི་རྗེས་སུ་འགྲོ་བའི་ངོ་བོ་ཡོད་པ་མ་ཡིན་ཏེ། རྨི་ལམ་དང་རབ་རིབ་ཅན་དག་གིས་དམིགས་པའི་དོན་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་མེད་པ་ཉིད་ཀྱང་ལེའུ་གསུམ་པ་

ལས་བསྟན་པར་འགྱུར་རོ། །གྲུབ་པའི་མཐས་སྒྲོ་བཏགས་པ་མེད་པ་ཉིད་ཀྱིས་ཀྱང་ཕན་ཚུན་འགལ་བ་ནི་གཅིག་ལ་ཅིག་ཅར་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཁོ་ན་ཡིན་ནོ། །རྣམ་པར་རྟོག་པ་དེ་དག་ནི་རྨི་ལམ་ལ་སོགས་པ་དམིགས་པ་ཡོད་པ་མ་ཡིན་པ་

དག་ལ་དངོས་པོར་གྱུར་པའི་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་མེད་པར་ཡང་སྐྱེ་བའི་ཕྱིར་དོན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་འགྱུར་བ་ཡང་མ་ཡིན་གྱི། འོན་ཀྱང་སོ་སོར་ངེས་པ་ཁོ་ན་ཡིན་ནོ། །སོ་སོར་ངེས་པའི་རྒྱུ་ཉིད་ནི་རྣམ་པར་ཕྱེ་བ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་

པ་ལ། དེ་ལྟར་དམིགས་པ་དག་ལ་ཞེས་བྱ་བ་ནི་རྣམ་པར་ཕྱེ་བ་དམིགས་པ་དག་ལ་རྣམ་པར་ཕྱེ་བ་ཉིད་དུ་རྣམ་པར་རྟོག་པའི་ཕྱིར་རོ། །རེ་ཞིག་རྨི་ལམ་དང་རབ་རིབ་ཀྱིས་འཁྲུལ་པའི་ཤེས་པ་ལ་གནས་པའི་དོན་དག་དང་། བདག་ཉིད་ཀྱི་གྲུབ་པའི་མཐའ་ཇི་ལྟ་

เล่ม ๑๗๖ · หน้า 196a

བ་བཞིན་དུ་མཉན་པའི་དུས་གྲུབ་པའི་མཐའ་སྒྲོ་བཏགས་པ་དག་དང་། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་སྐྱེ་བའི་དུས་ཀྱི་རི་བོང་གི་རྭ་ལ་སོགས་པ་མེད་པ་དག་ལ་ཡང་རྣམ་པར་ཕྱེ་བའི་དམིགས་པ་ཡིན་ཏེ། ཐ་སྙད་ཀྱི་བག་

ཆགས་དག་ནི་ཐོག་མ་མེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་ནི་གཅིག་རྟོགས་དོན་ཞེས་བྱ་བ་ལ་སོགས་པ་དོན་གཅིག་བསྒྲུབ་པ་ལ་ཁ་ཅིག་ནི་ཞེས་བྱ་བ་འདིར་བསྟན་ཏོ། །གཞན་ཡང་ཇི་ལྟར་དྷ་བ་དང་སེང་ལྡེང་ལ་སོགས་པ་ཕན་ཚུན་ཐ་དད་པ་

དེ་ལ་བ་ལང་ལ་སོགས་པ་ཐ་དད་པར་མཚུངས་པ་ལ། གཞན་གྱིས་ཇི་ལྟར་ཤིང་ཉིད་ནི་དྷ་བ་ལ་སོགས་པ་ཁོ་ན་ལ་འཇུག་པ་ལ། བ་ལང་ལ་སོགས་པ་ལ་ནི་མ་ཡིན་ཞེས་དྲི་བ་དེ་ཉིད་ལ། དཔེར་ན་དྷ་བ་ལ་སོགས་པ་དག་ནི་གང་གིས་དེ་དག་ཉིད་ཤིང་ཉིད་དང་ཉེ་བ་ཡིན་གྱི།

བ་ལང་ལ་སོགས་པ་དང་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་པ་དེའི་ཚེ། ཐ་དད་པ་མཚུངས་པ་ཡིན་ན་རིགས་དངོས་པོའི་ནུས་པའི་མཚན་ཉིད་ཅན་གྱི་ཉེ་བར་གང་གིས་འགའ་ཞིག་ལ་སྟེ། དོན་གྱི་ཚོགས་རྟེན་དུ་མངོན་པར་འདོད་པ་ལ་རབ་ཏུ་འཇུག་སྟེ། ཁྱད་པར་

གནས་པའི་ནུས་པ་དེ་ཉིད་ནི་རྗེས་སུ་འགྲོ་བ་ཅན་གྱི་སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པའི་བློས་ངེས་པའི་དབང་ལས་དངོས་པོ་དག་ལ་རྗེས་སུ་འགྲོ་བའི་ལྡོག་པ་ཁོ་ན་ཡིན་གྱི། དངོས་པོར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བར་དེ་གནས་སོ། །འདིར་

གྲངས་ཅན་གྱིས་གལ་ཏེ་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དངོས་པོའི་རྗེས་འགྲོ་ནི་དངོས་པོ་རྣམས་ཀྱི་ངོ་བོ་གཅིག་པ་ཉིད་དོ། །གཞན་ཞེས་བྱ་བ་ནི་དངོས་པོར་གྱུར་པའོ། །དེའི་ཚེ་གཅིག་གི་འབྲས་བུ་གང་ཡིན་པ་དེ་ནི་གཞན་ལ་སོགས་པའི་རུ་མི་

འགྱུར་རོ། །ཅིའི་ཕྱིར་ཞེ་ན། ས་བོན་དང་ས་དེ་དག་ནི་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། དེ་དག་ནི་ཞེས་བྱ་བ་ནི་དངོས་པོ་དག་སྟེ། དཔེར་ན་ས་བོན་དང་ཆུ་ལ་སོགས་པ་དག་གི་མྱུ་གུ་ཞེས་བྱ་བའི་འབྲས་བུ་གཅིག་ལྟ་བུའོ། །དེའི་

เล่ม ๑๗๖ · หน้า 196b

ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྒྲུབ་པར་བྱེད་པ་དེ་ས་བོན་དེའི་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་གང་ཡིན་པ་དེ་ནི་ས་ལ་སོགས་པ་གཞན་ལ་མེད་ཅིང་བློས་སྒྲོ་བཏགས་པའི་བཟློག་པའི་མཚན་ཉིད་ཅན་ལ་ཡོད་པ་གང་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་ཡིན་ནོ། །ཅིའི་

ཕྱིར་ཞེ་ན། བཟློག་པ་སྟེ་གཞན་ལྡོག་པའི་མཚན་ཉིད་ཀྱི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ས་བོན་གྱི་རང་བཞིན་མཚན་ཉིད་ཁོ་ན་སྐྱེད་པར་བྱེད་པ་ཡིན་ཞིང་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་ནོ། །སྐྱེད་པར་བྱེད་པ་དེ་ཡང་ཞེས་བྱ་བ་ནི་མྱུ་གུ་

སྐྱེད་པར་བྱེད་པའི་རང་གི་མཚན་ཉིད་དོ། །གཞན་ལ་ཞེས་བྱ་བ་ནི་ས་ལ་སོགས་པ་ལའོ། །ས་ལ་སོགས་པའི་གཞན་གྱི་མྱུ་གུ་བསྐྱེད་པར་མི་འགྱུར་རོ། །གལ་ཏེ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་ནི་སྒྲ་ཁོ་ནའི་དོན་ཏོ། །དེའི་ནི་ཞེས་བྱ་བ་ནི་ས་བོན་གྱིའོ། །གཞན་

གྱིར་ཡང་ཞེས་བྱ་བ་ནི་ས་ལ་སོགས་པའིའོ། །ས་ལ་སོགས་པ་དེ་ནི་མྱུ་གུ་སྐྱེད་པར་བྱེད་པའི་ས་བོན་གྱི་རང་བཞིན་དེས་ས་བོན་དེ་ལས་ཐ་དད་པར་མི་འགྱུར་བའི་ཕྱིར་རང་བཞིན་གྱི་རྗེས་སུ་འགྲོ་བ་ཡོད་དོ། །དེ་བས་ན་རང་བཞིན་ཐ་དད་པ་འགའ་ཞིག་ལ་ཡང་ངོ་བོ་ཉིད་

ཀྱི་འབྲས་བུ་གཅིག་བྱེད་པ་ཡིན་ཏེ། དབང་པོ་ལ་སོགས་པ་དང་འདྲའོ་ཞེས་བསྟན་པ་ནི་རིགས་པ་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བདག་གཅིག་ལ་ཞེས་བྱ་བ་ནི་རྒྱུ་ཚོགས་པ་ཐ་དད་པ་མེད་པའི་བདག་ཉིད་

གང་གིས་སྐྱེད་པར་བྱེད་པ་ཉིད་དུ་འདོད་པའི་བདག་ཉིད་དེ་ནི་རྒྱུ་དེ་དག་གི་ནང་ནས་རྒྱུ་གཅིག་ལ་ཡང་ཡོད་པའི་ཕྱིར་ཏེ། གཅིག་པོ་དེ་ཉིད་ཀྱིས་འབྲས་བུ་བྱས་པའི་ཕྱིར་ལྷན་ཅིག་བྱེད་པ་དོན་མེད་པར་འགྱུར། ལྡོག་པ་སྨྲ་བ་ལ་ཡང་གནས་སྐབས་ཐ་མ་ལ་ཐམས་ཅད་

བསྐྱེད་པ་ཉིད་ཀྱི་ཕྱིར་རྒྱུ་གཞན་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཚོགས་པ་དེ་དག་ནི་གནས་སྐབས་ཐ་མ་ཁོ་ན་ལ་དེ་འདྲ་བར་ནུས་པ་ཡོད་དོ། །སྐད་ཅིག་མ་དག་ནི་རྒྱུ་རྐྱེན་ལས་པས་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །གཞན་རྟག་པར་སྨྲ་བ་དག་ལ་ནི་

เล่ม ๑๗๖ · หน้า 197a

རྟག་ཏུ་དེའི་ངོ་བོར་ཡོད་པའི་ཕྱིར་རྒྱུ་གཞན་དོན་མེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གཅིག་ལའང་དེ་ཡོད་ཕྱིར་ཞེས་བཤད་དེ། རྒྱུ་གཞན་དང་བྲལ་བའི་གནས་སྐབས་ལ་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་འཆད་པར་

བྱེད་དེ། གལ་ཏེ་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་དངོས་པོ་དུ་མ་འབྲས་བུ་གཅིག་བྱེད་པ་སྟེ། སྐྱེད་པར་བྱེད་པ་ཡིན་ན་རྒྱུར་མངོན་པར་འདོད་པའི་དོན་དེ་དག་གི་ཐ་དད་པ་མེད་པ་སྐྱེད་པར་བྱེད་པའི་རང་བཞིན་དེ་ནི་རྒྱུ་གཅིག་ཉེ་བ་ལ་ཡོད་དོ། །དེ་བས་ན་གནས་སྐབས་ཐམས་

ཅད་དུ་རྒྱུ་དང་མ་བྲལ་བའི་ཕྱིར། གང་ལ་གནས་པ་དེ་ལ་གཅིག་ཀྱང་སྐྱེད་པར་བྱེད་པར་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་མེད་པའི་ངོ་བོ་དེ་སྤྱི་འབྲས་བུ་སྐྱེད་པར་བྱེད་པ་དེ་ནི་ས་བོན་ལ་སོགས་པ་ཉེ་བ་གཅིག་

ལས་ཀྱང་བྱེད་མི་ནུས་སོ། །ཐ་དད་པ་རྣམས་ཀྱི་ཁྱད་པར་རྣམས་དང་བྲལ་བའོ། །ཐ་དད་པའི་རང་བཞིན་དེ་ལས་ས་བོན་ལས་དོན་གཞན་ས་ལ་སོགས་པའི་ཁྱད་པར་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ཡོད་ན་ཐ་དད་པ་མེད་པ་ཉམས་པའི་ཕྱིར་ཐ་དད་

པ་མེད་པའི་ཕྱིར་རོ། །ཐ་དད་པ་མེད་པ་སྐྱེད་པར་བྱེད་པར་འདོད་པའི་རང་བཞིན་དེ་ཡང་ས་བོན་འབའ་ཞིག་པོ་དེ་ལ་ཡང་ཡོད་པས་ས་བོན་གཅིག་གི་གནས་པ་ལ་ཡང་དེའི་ཞེས་བྱ་བ་ཐ་དད་པ་མེད་པའི་ངོ་བོ་སྐྱེད་པར་བྱེད་པར་འདོད་པའི་འབྲལ་བ་སྟེ། འཇིག་པ་

ཡོད་པ་མ་ཡིན་ཏེ། ཡོན་ཏན་གསུམ་ནི་བདག་ཉིད་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཡོད་པ་ངེས་པའི་ཕྱིར། གང་ཁྱད་པར་གྱི་གནས་ཀྱི་ཁྱད་པར་དེ་དག་ལྷན་ཅིག་གནས་པ་ངེས་པ་མེད་པའི་ཕྱིར་བྲལ་བར་འགྱུར་རོ། །དེ་དག་ཀྱང་ཁས་བླངས་ནས་བཤད་ཀྱི་གཞན་དུ་ན་

གནས་པ་པོ་ནི་རྟག་པ་ཉིད་ཀྱི་ཕྱིར་ལྡོག་པ་མེད་པའི་ཁྱད་པར་དག་ཀྱང་ཇི་ལྟར་བྲལ་བར་འགྱུར་རོ། །དེ་དག་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་ཁྱད་པར་རོ། །ཅིའི་ཕྱིར་མི་འདོད་ཅེ་ན། ལྷན་ཅིག་བྱེད་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་ས་བོན་ལ་

เล่ม ๑๗๖ · หน้า 197b

སོགས་པའི་གནས་པའི་གཅིག་ལ་ཡང་སྐྱེད་པར་བྱེད་པའི་བདག་ཉིད་གནས་པའི་ཕྱིར་རོ། །གནས་པ་མེད་པ་ནི་ཞེས་བྱ་བ་ནི་ཁྱད་པར་ནིའོ། །གནས་པ་གཅིག་གིས་ཀྱང་ཞེས་བྱ་བ་ས་བོན་ལ་སོགས་པ་གཞན་གནས་པས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་རོ། །འགྱུར་

བ་ཡང་མ་ཡིན་པ་ནི་འབྲས་བུ་བསྐྱེད་པར་འགྱུར་བའོ། །དེ་བས་ན་སྤྱི་གནས་ན་ཡང་ལྷན་ཅིག་བྱེད་པའི་ནང་ནས་ཁྱད་པར་གཅིག་དང་བྲལ་ནའང་འབྲས་མེད་ཕྱིར། ཁྱད་པར་རྣམས་ལས་དེ་དག་འབྱུང་སྟེ། འབྲས་བུ་དེ་དག་འབྱུང་གི་སྤྱི་ལས་ནི་མ་ཡིན་ནོ། །འབྲས་བུ་དེ་ནི་མྱུ་གུ་

ལ་སོགས་པའོ། །ཇི་ལྟ་བུར་གྱུར་པ་ཞེ་ན། ལྷན་ཅིག་བྱེད་པ་དུ་མའི་ཐུན་མོང་དུ་གྱུར་པ་སྟེ། ལྷན་ཅིག་བྱེད་པ་དུ་མས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གཅིག་དང་བྲལ་ན་ཡང་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་ཁྱད་པར་གཞན་དང་བྲལ་ན་ཡང་ངོ་། །འདིས་ནི་ལྡོག་

པ་བསྟན་ཏོ། །ཁྱད་པར་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་བས་ན་ཁྱད་པར་ཁོ་ན་དག་ལ་འབྲས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་གྱི་སྤྱི་ལ་ནི་མ་ཡིན་ནོ། །དེ་ནི་མ་བྲལ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གཅིག་གནས་

པ་ལ་མ་བྲལ་ན་ཡང་ཐ་དད་པ་མེད་པའི་ངོ་བོ་ལས་འབྲས་བུ་དེ་འགྱུར་བ་མ་ཡིན་ནོ། །འབྲས་བུ་ནི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་རྣམ་པར་འབྱེད་པར་བྱེད་དེ། འགའ་ཞིག་ལས་འབྱུང་ཞིང་སྐྱེ་བ་དེ་ཉིད་ཆོས་ཉིད་ཡིན་ཏེ་དེ་གང་ལ་ཡོད་པ་དེ་ནི་དེ་ལས་བྱུང་བའི་ཆོས་ཅན་འགའ་

ཞིག་ཏུ་མི་འགྱུར་བ་གང་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་དེ་དང་བྲལ་བའི་ཕྱིར་རོ། །ཐ་དད་པ་མེད་པའི་ངོ་བོ་སྐྱེད་པར་བྱེད་པར་འདོད་པ་ལྷན་ཅིག་བྱེད་པའི་ནང་ནས་གཅིག་གནས་པ་ལ་ཡང་བྲལ་བ་ཉིད་ཡོད་པ་ཡིན་ལ། གང་གིས་ན་ཉེས་པ་འདིར་འགྱུར། འོན་ཀྱང་བདག་ཉིད་

གཅིག་པ་ཡིན་པ་དུ་མ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲས་སོ་ཞེ་ན། འདིར་གང་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གང་ཚོགས་པ་དང་བྲལ་བ་དག་ལས་འབྲས་བུ་ཡོད་པ་མེད་པ་འདྲ་བར་ཁྱད་པར་དེ་ཉིད་ལས་འབྲས་བུ་སྐྱེའོ། །དེ་ལ་ཡོད་ན་ཞེས་

เล่ม ๑๗๖ · หน้า 198a

བྱ་བ་ནི་རྒྱུའི་དངོས་པོར་རུང་བའི་ཁྱད་པར་ཡོད་ན་འབྲས་བུ་ཡོད་པར་འགྱུར་རོ། །དེ་ལས་གཞན་ལས་ཞེས་བྱ་བ་ནི་ཁྱད་པར་ལས་གཞན་པ་སྤྱི་ལས་སོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་ཐམས་ཅད་ཀྱི་རྒྱུར་འགྱུར་བའོ། །གང་གི་

ཕྱིར་དེ་ལྟར་ཡིན་པ་དེ་བས་ན་ཁྱད་པར་ཁོ་ན་སྐྱེད་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཁྱད་པར་དེ་ཁོ་ན་དངོས་པོ་ཡོད་དེ། དོན་དམ་པར་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་སྟེ།

དངོས་པོ་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་བྱེད་པར་རུང་བ་ཉིད་ནི་དངོས་པོའི་མཚན་ཉིད་ཡིན་ལ་མི་རུང་བ་ཉིད་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དོན་བྱེད་ནུས་པ་གང་ཡིན་

ཏེ། འདིར་ནི་དོན་དམ་པ་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དོན་བྱེད་པར་རུང་བའི་དོན་དེ་ཁྱད་པར་གྱི་བདག་ཉིད་དེ་ཡང་རྗེས་འགྲོ་མེད་པ་སྟེ། ཁྱད་པར་ནི་གསལ་བ་གཞན་གྱི་རྗེས་སུ་མི་འགྲོ་བ་ཉིད་ཀྱི་ཕྱིར་རོ། །གང་ཞིག་རྗེས་འགྲོ་སྟེ་སྤྱིའི་བདག་

ཉིད་དེ་ལས་འབྲས་བུ་ཡོད་མིན་དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། དོན་བྱེད་པར་རུང་བ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དོན་བྱེད་པར་མི་རུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ལས་ཞེས་བྱ་བ་ནི་ཁྱད་པར་ཉིད་ལས་སོ། །དེ་གྲུབ་པ་ནི་དོན་

བྱེད་པར་གྲུབ་པའི་ཕྱིར་རོ། །དེ་བས་ན་དེ་ལྟར་གཞན་དག་གིས་བརྟགས་པའི་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་སྐྱེད་པར་བྱེད་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །ད་ནི་གཞན་གྱིས་གཅིག་གི་འབྲས་བུ་གཞན་གྱིར་ནི། མི་འགྱུར་ཤིན་ཏུ་ཐ་དད་ཕྱིར། །ཞེས་བཤད་པ་གང་

ཡིན་པ་དེ་གསལ་བར་བྱ་བའི་ཕྱིར་རྒོལ་བ་དེ་ཉིད་འོན་ཀྱང་རང་བཞིན་གྱི་རྗེས་སུ་འགྲོ་བ་མེད་པས་ཞེས་བྱ་བ་ལ་སོགས་པས་ཟློག་པར་བྱེད་དེ། ལྷན་ཅིག་པའམ་སོ་སོ་ཡིས། །རིམས་ལ་སོགས་པ་ཞི་བྱེད་ལ། །ཞེས་བྱ་བ་ལ་སོགས་པས་ཇི་ལྟར་དེ་གོང་དུ་ཡོངས་སུ་བཙལ་བ་

เล่ม ๑๗๖ · หน้า 198b

དེ་ལྟ་ན་ཡང་ལྷག་པར་བྱ་བའི་དོན་དུ་ཡང་བཀོད་པ་ཡིན་ནོ། །ས་བོན་ལ་སོགས་པ་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་ས་ལ་སོགས་པ་ལ་མེད་པའི་ཕྱིར་ལྷན་ཅིག་བྱེད་པ་གཞན་བསྐྱེད་པར་མི་འགྱུར་བའམ། སྐྱེད་པར་བྱེད་པའི་རང་བཞིན་ལས་

རང་བཞིན་ཐ་དད་པ་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པ་ཡིན་ན་ཐ་དད་པར་ཁྱད་པར་མེད་པའི་ཕྱིར་ནས་ཀྱི་ས་བོན་ལ་སོགས་པ་ཐམས་ཅད་ཀྱང་སཱ་ལུའི་མྱུ་གུ་སྐྱེད་པ་པོར་འགྱུར་རོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། སཱ་ལུའི་ས་བོན་སྐྱེད་པར་

བྱེད་པ་བདག་ཉིད་དེས་ས་ལ་སོགས་པ་དང་ནས་ཀྱི་ས་བོན་ལ་སོགས་པ་ཤིན་ཏུ་ཐ་དད་ཀྱང་ས་ལ་སོགས་པ་འགའ་ཞིག་སཱ་ལུའི་མྱུ་གུའི་རྒྱུ་ཡིན་གྱི། ནས་ཀྱི་ས་བོན་ལ་སོགས་པ་གཞན་པའང་ཡིན་ནོ། །འང་གི་སྒྲ་ནི་ཚིགས་སུ་བཅད་པ་ཁ་བསྐང་བའི་དོན་ནམ། ཁོ་ནའི་དོན་ཡིན་ནོ། །ཅིའི་

ཕྱིར་ཞེ་ན། དངོས་པོ་རྣམས་ཀྱི་རང་བཞིན་འདི་ཡིན་ནོ། །གཅིག་གིས་སྐྱེད་པར་བྱེད་པའི་བདག་ཉིད་གང་ཡིན་པ་དེ་ལས་ཏེ། བདག་ཉིད་ཀྱི་རང་བཞིན་ལས་ཐམས་ཅད་ཐ་དད་པར་འགྱུར་བ་མཚུངས་པ་སྟེ། འདྲ་བ་སྐྱེད་པར་བྱེད་པ་ཐོབ་པར་འགྱུར་བའམ། ཐ་དད་ཁྱད་པར་མེད་

པའི་ཕྱིར་འགའ་ཞིག་ཀྱང་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་དེར་འགྱུར་ན་ཞེས་བརྒལ་བའོ། །ཇི་ལྟར་གཅིག་སྐྱེད་པར་བྱེད་པ་བདག་ཉིད་ལས་ཐ་དད་པ་དེ་དག་ལ་དེ་དང་དེའི་འབྲས་བུ་མ་ཡིན་པ་སྐྱེད་པར་བྱེད་པས་སོ་སོར་ངེས་པའི་མཚན་ཉིད་ཅན་གྱི་ཁྱད་པར་ཡོད་པར་མི་འགྱུར་

བ་ཞིག་ན་འོན་ཀྱང་ཡོད་པ་ཁོ་ན་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་ཁྱད་པར་ཡོད་པའི་ཕྱིར་རོ། །ཐ་དད་པའི་ཁྱད་པར་ཡོད་ན་ཡང་འགའ་ཞིག་ལས་བདག་ཉིད་ཕུལ་དུ་བྱུང་བ་སྟེ། ཁྱད་པར་ཅན་གྱི་འབྲས་བུས་སོ་སོར་ངེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ས་ལ་སོགས་

པ་འགའ་ཞིག་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པ་ཡིན་གྱི་ནས་ཀྱི་ས་བོན་ལ་སོགས་པ་གཞན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་ཁྱད་པར་དེ་ནི་ས་ལ་སོགས་པ་དེའི་ལྷན་ཅིག་བྱེད་པའི་རང་བཞིན་ཡིན་གྱི་ནས་ཀྱི་ས་བོན་ལ་སོགས་པ་གཞན་གྱི་ནི་མ་ཡིན་ནོ། །

เล่ม ๑๗๖ · หน้า 199a

གལ་ཏེ་རྣམ་པར་འབྱེད་པ་འདིས་ཅི་ཞིག་བྱ་ཞེ་ན། དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཅིའི་ཕྱིར་མེ་ནི་སྲེག་པར་བྱེད་པའམ་དྲོ་བ་ཡིན་གྱི། ཆུ་ནི་སྲེག་པར་བྱེད་པའམ་དྲོ་བ་མ་ཡིན་ཞེས་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རང་

བཞིན་འདི་དག་རྒྱུ་གང་ལས་འགྱུར་ཞེས་བྱ་བ་དྲི་བ་དེ་ཙམ་ནི་རིགས་པར་འགྱུར་ཏེ། གདོན་མི་ཟ་བར་རང་བཞིན་ཐ་དད་པ་རྒྱུ་ལས་འགྱུར་གྱི། གང་གི་ཕྱིར་རྒྱུ་མེད་པ་ཅན་རྒྱུ་ལ་ལྟོས་པ་མེད་པ་ནི་ཡུལ་ལ་སོགས་པ་ངེས་པ་མེད་པས་ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ལ་ཐམས་ཅད་ཀྱི་

ཚེ་བདག་ཉིད་ཐམས་ཅད་འབྱུང་བར་ཐལ་བའི་ཕྱིར་རོ། །དེ་བས་ན་རྒྱུར་འདོད་པའི་རང་བཞིན་ནི་རང་གི་རྒྱུ་ལས་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །རང་གི་རྒྱུ་དེ་ཡང་དེས་བསྐྱེད་པའི་བདག་ཉིད་དེ། དེ་ལྟ་བུར་གྱུར་པའི་རང་བཞིན་སྐྱེད་པར་བྱེད་པའི་བདག་ཉིད་དེ་ལས་རང་གི་རྒྱུ་

གཞན་ལས་ཞེས་བྱ་བའི་རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཅན་ཡིན་ནོ། །དངོས་པོ་ཐ་དད་པ་དག་གི་རྒྱུའི་རབ་ཏུ་དབྱེ་བ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ཉིད་ནི་ཐ་དད་པ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་གནས་པའི་ཕྱིར་རོ། །

གཅིག་ཉིད་ལ་ནི་གནོད་པ་ཅན་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐ་དད་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་ཐ་མི་དད་པའི་ཕྱིར་གཅིག་འཇིག་པ་ན་ཅིག་ཅར་ཐམས་ཅད་འཇིག་པ་དང་། སྐྱེ་བ་ན་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་ཞེས་བྱ་བ་ལ་སོགས་

པས་འཆད་པར་བྱེད་དེ། སྣ་ཚོགས་པ་སྟེ། དངོས་པོའི་ཚོགས་ཐམས་ཅད་ཀྱི་རང་བཞིན་ལ་ཐ་དད་པ་མེད་པའི་ཕྱིར་རོ། །རྣམ་པར་དབྱེ་བ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་གཅིག་སྐྱེ་བ་ན་གཞན་སྐྱེ་བ་དང་གནས་པ་ན་གཞན་འགོག་པ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དབྱེ་བས་སྐྱེ་བ་ལ་སོགས་པར་མི་

འགྱུར་གྱི། འོན་ཀྱང་ཅིག་ཅར་ཉིད་དུ་འགྱུར་རོ། །རང་གི་བདག་ཉིད་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་གཅིག་གི་གནས་སྐབས་ཀྱི་ཁྱད་པར་རྣམ་པར་དབྱེ་བ་ལ་སོགས་པ་མ་ཡིན་པ་ལྟ་བུ་སྟེ། དེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་གཅིག་གཟུང་བ་ན་གཞན་མ་བཟུང་བ་ཞེས་

เล่ม ๑๗๖ · หน้า 199b

བྱ་བ་ལ་སོགས་པའོ། །མདོ་ལས་སྐྱེ་འཇིག་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལྟར་ནི་རྣམ་པར་དབྱེ་བ་མེད་པའི་སྐྱེ་བ་ལ་སོགས་པ་ཉིད་ཀྱིས་ཐ་དད་པ་ཉེ་བར་མཚོན་ཅིང་ངེས་པའི་ཕྱིར་རོ། །གཞན་དུ་ན་ཐ་དད་པ་དང་ཐ་དད་པ་མེད་པར་གང་གིས་མཚོན་པར་བྱ། རྣམ་པ་གཅིག་ལ་ཡང་ཞེས་

བྱ་བ་ནི་རྣམ་པ་མཚུངས་པ་ལ་ཡང་ལྡོག་པ་སྟེ། རྣམ་པར་དབྱེ་བ་སོ་སོར་སྐྱེ་བ་ལ་སོགས་པ་དང་ལྡན་པ་དེ་ནི་ཐ་དད་པའི་མཚན་ཉིད་ཡིན་ནོ། །ལྡོག་པ་མེད་པ་སྟེ་རྣམ་པར་དབྱེ་བ་མེད་པས་སོ་སོར་སྐྱེ་བ་ལ་སོགས་པ་དང་ལྡན་པ་དེ་ནི་ཐ་དད་པ་མེད་པའི་མཚན་ཉིད་དོ། །རྣམ་པར་དབྱེ་བས་སྐྱེ་

བ་ལ་སོགས་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་། ཅིའི་ཕྱིར་ཐ་དད་པ་ཡིན་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་གཅིག་ལ་འགལ་བ་སྟེ། སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་ཅིག་ཅར་འགལ་བའི་ཕྱིར་རོ། །དོན་རྣམས་ནི་ཐ་དད་པ་མེད་པ་ཉིད་མ་ཡིན་ཏེ། འོན་ཀྱང་

གལ་ཏེ་ཐ་དད་པ་ཡང་ཡོད་དེ་རྒྱུ་དེས་དེ་ལྟར་མིན་ཏེ། ཅིག་ཅར་སྐྱེ་བ་ལ་སོགས་པར་ཐལ་བར་མི་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས་འདི་ཉིད་རྣམ་པར་འཆད་པ་ཡིན་ཏེ། རྣམ་པ་ཐམས་ཅད་ཀྱིས་ཐ་དད་པ་མེད་པ་སྟེ། གཅིག་པ་སྨྲ་བ་མ་ཡིན་ན་གང་གིས་དེ་ལྟར་

འགྱུར་ཏེ། ཅིག་ཅར་སྐྱེ་བ་དང་འཇིག་པར་འགྱུར་རོ། །འོན་ཀྱང་ཕྱི་དང་ནང་གི་ཐ་དད་པ་འདིའི་བདག་ཉིད་འགའ་ཞིག་སྟེ། གནས་སྐབས་ཀྱི་ཁྱད་པར་གྱི་མཚན་ཉིད་ཐ་དད་གཞན་མ་ཡིན་པ་ཡོན་ཏན་གསུམ་གྱི་བདག་ཉིད་བདེ་བ་དང་སྡུག་བསྔལ་བ་དང་རྨོངས་པའི་བདག་ཉིད་དུ་ཐམས་

ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཤད་པའི་གནས་སྐབས་ཀྱི་མཚན་ཉིད་ལས་ཐ་དད་པའི་ཕྱིར་རོ།། །།བམ་པོ་བཅུ་དགུ་པ། དེ་ལྟར་ཏེ་སྤྱི་རྟག་པ་ཉིད་ཀྱི་ཕྱིར་ཐམས་ཅད་ལ་གནས་ལ་ཁྱད་པར་རྣམས་ནི་མ་ཡིན་ཏེ། ཁྱད་པར་རྣམས་ཀྱང་

འཇིག་པ་ཡིན་ནོ་ཞེས་ཁས་ལེན་ནའོ། །དེ་བས་ན་ཁྱད་པར་གཅིག་འཇིག་པ་ན་སྤྱི་བདག་ཉིད་གནས་པ་གང་ཡིན་པ་དེ་ནི་ཁྱད་པར་དེའི་རང་བཞིན་མིན་ཏེ། ཆོས་འགལ་བ་གནས་པའི་ཕྱིར་སྤྱི་དང་ཁྱད་པར་དག་ནི་ཐ་དད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་ན་གནས་པ་དང་གནས་

เล่ม ๑๗๖ · หน้า 200a

པ་མ་ཡིན་པ་དག་ནི་རྟེན་གྱི་བདག་ཉིད་གཅིག་ཡིན་པར་ཁས་ལེན་ན། བདག་ཉིད་གཅིག་ལ་ཡང་འགལ་བའི་ཆོས་དག་ཁས་བླངས་པ་ཡིན་ནོ། །དེ་བས་ན་ཐ་དད་པ་ཅན་གྱི་ཆོས་གཞན་ཅི་ཞིག་ཡོད་དེ་འགའ་ཞིག་ཀྱང་མེད་དོ། །གཅིག་ལ་ཆོས་འགལ་བ་དག་

ཁས་བླངས་པ་བྱས་པ་མེད་དེ་གང་གི་ཕྱིར་སོ་སོར་སྐྱེ་བ་ལ་སོགས་པས་ཁྱད་པར་ནི་རྣམ་པ་ཐམས་ཅད་དུ་ཐ་དད་པ་དང་ལྡན་པ་ཡིན་ཞིང་། སྤྱི་ཡང་ཐ་དད་པ་ལ་སོགས་པ་སྐྱེ་བ་མེད་པའི་ཕྱིར་ཐམས་ཅད་ལ་ཐ་དད་པ་མེད་པ་ཅན་ཡིན་ནོ་ཞེ་ན། དེའི་ཕྱིར་དོན་དག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཁྱད་

པར་དང་སྤྱིའི་དོན་དག་གི་གོ་རིམས་བཞིན་དུ་རྣམ་པ་ཐམས་ཅད་དུ་ཐ་དད་པ་དང་ཐ་དད་པ་མེད་པ་ཅན་ཁས་བླངས་པའི་ཕྱིར་རོ། །མིང་འབའ་ཞིག་ཅེས་བྱ་བ་ཁྱད་པར་དང་སྤྱི་ཐ་དད་པ་ཞེས་བྱ་བ་དེ་ནི་བརྗོད་པ་ཙམ་སྟེ། འདོད་པར་མི་འགྱུར་ཞིང་དངོས་པོར་ཡང་མི་འདོད་པ་མ་ཡིན་ནོ། །

ཁྱད་པར་དང་སྤྱིའི་བདག་ཉིད་ཅན་གྱི་དངོས་པོ་ཕན་ཚུན་ཐ་དད་པར་འདོད་པ་ཁོ་ན་ཡིན་ནོ། །དེ་ཡང་མིང་ཐ་དད་པར་ཟད་དེ་དོན་ཁས་བླངས་ནས་དེ་སྐད་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གོང་དུ་བཤད་ཟིན་ཏོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དངོས་པོ་འདི་ནི་ཞེས་བྱ་བ་ནི་

ཁྱད་པར་དང་སྤྱི་ཕན་ཚུན་ཐ་དད་པ་ཁོ་ན་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་ཏེ། ཆོས་འགལ་བ་གནས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དེ་ནི་སྤྱི་དང་ཁྱད་པར་བློར་མི་འགྱུར་ཏེ། སྤྱི་དང་ཁྱད་པར་དག་ནི་ཕན་ཚུན་འབྲེལ་པ་ཅན་གྱི་བློར་མི་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བློ་མེད་པས་ཀྱང་སྒྲ་ཡང་སྤངས་པ་ཁོ་ན་ཡིན་ནོ། །དེ་ནི་བློའི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་སྒྲ་རིགས་པ་མ་ཡིན་ནོ་ཞེས་སྒྲ་མེད་པ་ཁོ་ན་བཤད་དོ། །དེ་མེད་པ་ནི་བློའི་མེད་པ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་རོ། །བློ་

མེད་པ་ལ་ཡང་ཤུགས་ཀྱིས་བརྗོད་པ་ཁོ་ན་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། སྤྱི་འདི་ནི་ཁྱད་པར་དག་ལས་དོན་གཞན་དུ་གྱུར་པ་ཁྱད་པར་དག་ལ་ལྟོས་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་དེ་དག་གིས་སྤྱི་དེ་ནི་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དོན་གཉིས་པ་ནི་དེ་བས་

เล่ม ๑๗๖ · หน้า 200b

ན་སྤྱི་ལས་དོན་གཞན་ཁྱད་པར་གྱི་བདག་ཉིད་ཅན་གྱི་དངོས་པོ་འདི་ནི་སྤྱི་དེ་ལ་ལྟོས་པ་མེད་པ་ཡིན་ཏེ། དེས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཏེ། རྟག་པ་ལ་དོན་བྱ་བར་མི་ནུས་པའི་ཕྱིར་རོ། །ཁྱད་པར་འདིའི་སྤྱི་འདི་ཞེས་བྱ་བའམ་སྤྱི་འདིའི་ཁྱད་པར་འདི་ཞེས་བྱ་བའི་སྒྲ་རིགས་པ་མ་ཡིན་ནོ། །གཞན་

སེལ་བ་ལ་ཡང་ཞེས་བྱ་བ་ནི་སྤྱི་ལ་གཅིག་ནི་འཇིག་ན་གནས་པའི་བདག་ཉིད་གང་ཡིན་པ་དེ་དེ་མིན་ཞེས་བྱ་བ་ལ་སོགས་པ་དེ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་དྷ་བའམ་སེང་ལྡེང་འཇིག་པ་ན་ཤིང་མ་ཡིན་པ་ལས་ལྡོག་པ་ཤིང་གཞན་ལ་གནས་པ་ཁོ་ན་ཡིན་ནོ། །མཚུངས་པ་མ་ཡིན་ནོ་ཞེས་

བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། འདིར་ནི་གཞན་སེལ་བ་ནི་རྣམ་པ་གསུམ་ཡིན་ཏེ། རེ་ཞིག་གཅིག་ནི་འདི་ལས་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར་རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ། །གང་གི་དབང་དུ་མཛད་ནས། མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་

བརྟེན་པ་ཅན། །ཞེས་བྱ་བ་གསུངས་སོ། །འདི་ཡང་སྒྲ་དང་རྟགས་ལ་བརྟེན་པའི་ཐ་སྙད་ཀྱི་རྟེན་ཉིད་དུ་རྣམ་པར་གཞག་པ་ཡིན་གྱི་སྒྲས་བརྗོད་པར་བྱ་བ་ཉིད་དུ་ནི་མ་ཡིན་ནོ། །གཉིས་པ་ནི་གཞན་གཅོད་པའི་ཕྱིར་གཞན་རྣམ་པར་གཅོད་པ་ཙམ་ཡིན་ཞིང་། གང་སྔོན་གྱི་སློབ་དཔོན་

དག་གིས་ཐམས་ཅད་ལ་ཁྱད་པར་མེད་པ་རྣམ་པར་གཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་ནི་འདིས་གཞན་སེལ་བར་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ཕྱིར་ཏེ། གང་བསྟན་བཅོས་མཛད་པས་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བཞེད་

པ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་གལ་ཏེ་རང་གི་མཚན་ཉིད་ལྡོག་པའི་དབང་དུ་བྱས་ནས་བརྗོད་པ་དེ་མི་རིགས་ཏེ། དེའི་བདག་ཉིད་དུ་འགྱུར་བ་ཡིན་ན་དེ་ཞིག་པ་འཇིག་པ་ཁོ་ནར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །རང་གི་མཚན་ཉིད་གནས་པ་གང་ཡིན་པ་དེ་ཡང་དེ་ལས་གཞན་ཉིད་དུ་འདོད་

དོ། །དགག་པ་ཙམ་གང་ཡིན་པ་དེ་ཡང་རང་བཞིན་མེད་པ་ཉིད་ཡིན་པ་དེའི་ཕྱིར་དེ་ནི་རྩོད་པ་མ་ཡིན་ནོ། །དེ་ནི་ལྡོག་པའི་ངོ་བོ་ཉིད་མེད་པའི་ཞེས་བྱ་བ་སྨོས་སོ། །གནས་དང་གནས་མིན་རྟོག་པ་མིན། །ཁྱད་པར་གཅིག་ཞིག་པ་ན་ཅི་གཞན་སེལ་བ་གནས་སམ་འོན་ཏེ་ལོག་ཅེས་བྱ་བའི་གནས་

เล่ม ๑๗๖ · หน้า 201a

དང་གནས་པ་མ་ཡིན་པའི་རྟོག་པ་འདི་ནི་རིགས་པ་མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་གཞན་སེལ་བ་ནི་རང་བཞིན་གྱིས་རྗེས་སུ་སོང་བ་ཅན་ཏེ་དངོས་པོའི་རྗེས་སུ་འཇུག་པ་ཅན་ནོ། །རྣམ་པར་རྟོག་པའི་བློའི་རྣམ་པ་མཚན་ཉིད་ཅན་གཞན་ལྡོག་པར་འགྱུར་བ་གང་ཡིན་

པ་དེ་ནི་སྤྱིའི་བློ་སྟེ་རྣམ་པར་རྟོག་པ་ཅན་བློ་ཡང་བསླད་ཅིང་འཁྲུལ་པ་ཡིན་ནོ། །དེ་བས་ན་འོན་ཀྱང་དེ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཏེ། བསླད་པའི་རྒྱུའི་ཕྱིར་ལྡོག་པ་དེ་ནི་སུན་ཕྱུང་བ་ཡང་མེད་པ་སྟེ། འདི་ལ་ཇི་སྐད་དུ་བཤད་པའི་སུན་དབྱུང་བ་ཡོད་པ་མ་ཡིན་ནོ་ཞེས་ཚིག་རྣམ་

པར་སྦྱར་རོ། །རྣམ་པར་རྟོག་པའི་ཤེས་པ་རྣམ་པ་གཅིག་པ་འདི་ནི་ཡུལ་མེད་པ་ཅན་ཁོ་ན་ཡིན་ཏེ། འདི་ལྟར་ལོག་པའི་ཤེས་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ན་ལོག་པ་ཁོ་ན་ཡིན་ཞེ་ན། དུ་མ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དུ་མ་ལ་གཅིག་གི་རྣམ་པ་ཅན་དེ་ནི་ཡུལ་ཏེ་རྣམ་པར་ཤེས་

པའི་རྣམ་པར་རྟོག་པའི་ཡུལ་སྤྱི་ནི་གནས་པའམ་མི་གནས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལོག་པའི་ཤེས་པའི་ཡུལ་དེ་ནི་མེད་པའི་ཕྱིར་རོ། །ཉེས་པ་མཚུངས་པ་ཉིད་གསལ་ནས་ཡང་རྣམ་པ་གཞན་གྱིས་རྒོལ་བ་འདས་པ་ཡོངས་སུ་གསལ་བའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། དེའི་སྐྱེད་པ་པོ་སྟེ་སཱ་ལུའི་མྱུ་གུ་དེ་སྐྱེད་པ་པོ་ནི་སཱ་ལུའི་ས་བོན་དེའི་རང་བཞིན་ཡིན་ན། སཱ་ལུའི་ས་བོན་དེའི་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་ལ་སྐྱེ་བར་བྱེད་པའི་ངོ་བོ་དེ་ལས་ས་ལ་སོགས་པ་གཞན་ཇི་ལྟར་སྐྱེད་བྱེད་ཡིན། དེ་ལ་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའམ།

རྒོལ་བ་དེ་ལ་ལན་འདེབས་པ་ཡིན་ཏེ། སཱ་ལུའི་ས་བོན་ལས་གཞན་ས་ལ་སོགས་པ་ལ་ནི་དེ་སྐྱེད་པར་བྱེད་པ་སྟེ་མྱུ་གུ་སྐྱེད་པར་བྱེད་པའི་ངོ་བོ་མེད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། སཱ་ལུའི་ས་བོན་གཅིག་གིས་སྐྱེད་པར་བྱེད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ནི་གཞན་ས་ལ་སོགས་པ་ནི་

མ་ཡིན་ནོ་ཞེས་སྨྲས་ཏེ། དངོས་པོ་རྣམས་ལ་ཕན་ཚུན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གཞན་དག་ཀྱང་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་ངོ་བོས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སཱ་ལུའི་ས་བོན་གྱི་ངོ་བོ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་མེད་པའི་ཕྱིར་ཏེ། དེའི་རང་གི་ངོ་བོ་ཉིད་མེད་པའི་

เล่ม ๑๗๖ · หน้า 201b

ཕྱིར་རོ། །འདི་ལ་གནོད་པ་ཅན་གྱི་ཚད་མ་ནི་མེད་དོ་སྙམ་ནས་སྨྲས་པ། དེ་དག་ནི་ས་ལ་སོགས་པའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་གི་རང་གི་མཚན་ཉིད་གང་ཡིན་པའི་ངོ་བོ་ཉིད་དེ། རང་བཞིན་དེས་ཕན་ཚུན་ཐ་དད་པ་དང་འབྲས་བུ་གཅིག་སྐྱེད་པར་བྱེད་པ་འདི་ལ་འགལ་བ་ཅི་ཡོད་

དེ། གནོད་པ་ཅན་གྱི་ཚད་མ་ནི་མེད་པའི་ཕྱིར་འགའ་ཞིག་ཀྱང་མེད་དོ། །ས་ལ་སོགས་པ་ནི་སཱ་ལུའི་མྱུ་གུ་སྐྱེད་པར་འདོད་པའི་སཱ་ལུའི་ངོ་བོ་དང་བྲལ་བ་མ་ཡིན་ནམ། སཱ་ལུའི་མྱུ་གུའི་འབྲས་བུ་ཅན་ཉིད་ཡིན་པ་ནི་འགལ་ལོ་ཞེ་ན། དེའི་ཕྱིར་ངོ་བོ་གཅིག་དང་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། སཱ་ལུའི་ས་བོན་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་དང་ས་ལ་སོགས་པ་བྲལ་བ་ནི་དེའི་ངོ་བོ་སྟེ། སཱ་ལུའི་ས་བོན་གྱི་རང་བཞིན་དུ་མི་འགྱུར་རོ། །དེའི་འབྲས་བུ་ཅན་མ་ཡིན་པ་མ་ཡིན་ཏེ། འོན་ཀྱང་དེའི་འབྲས་བུ་ཅན་ཁོ་ན་ཡིན་ཏེ། འདི་ལ་སཱ་ལུའི་འབྲས་བུ་

ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་ས་བོན་ཁོ་ན་མྱུ་གུ་སྐྱེད་པར་བྱེད་པ་ཡིན་པར་འགྱུར་ན་འགལ་བར་འགྱུར་ཏེ་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ནི་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཉིད་ཀྱིས་ཞེས་བྱ་བ་ནི་སཱ་ལུའི་ས་བོན་ཉིད་ཀྱིས་སོ། །དེའི་འབྲས་

བུ་ནི་མྱུ་གུ་ཞེས་བྱའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པ་དྲན་པར་བྱེད་པ་ཡིན་ཏེ། གཅིག་དང་བྲལ་ན་འབྲས་མེད་ཕྱིར། །ཁྱད་པར་རྣམས་ལས་དེ་དག་བྱུང་། །ཞེས་བྱ་བའི་ཚད་མའི་སྟོབས་ཀྱིས་ཁྱད་པར་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་ཏོ། །

བདག་ཉིད་དེས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ངོ་བོ་དེས་སོ། །ས་བོན་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་ས་ལ་སོགས་པ་གཞན་ལ་ཡོད་པ་མ་ཡིན་ནོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་ས་བོན་གྱི་ངོ་བོ་དང་བྲལ་བ་ཙམ་གྱིས་ས་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་

པ་ནི་མ་ཡིན་ནོ། །གལ་ཏེ་དེ་དག་ཅེས་བྱ་བ་ལ་སོགས་པ་དེ་དག་སྟེ། ཁྱད་པར་དག་ལ་ཐ་དད་མེད་པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དེ་དག་ཀྱང་ཞེས་བྱ་བ་ནི་ཁྱད་པར་དག་གོ། །ཐ་དད་པ་མེད་པའི་ངོ་བོ་དེ་ཉིད་ནི་ནུས་པ་

เล่ม ๑๗๖ · หน้า 202a

གཅིག་པོ་དེ་དག་ལྡན་པའི་ཕྱིར་རོ། །དེས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཡིན་ཏེ། ཐ་དད་པ་མེད་པའི་ངོ་བོ་དེས་ཁྱད་པར་དེ་སྐྱེད་བྱེད་མིན་པར་བཤད་དེ། སྤྱིའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཁྱད་པར་དག་གི་སྤྱིའི་ངོ་བོ་ཉིད་ཡོད་དུ་ཟིན་ཀྱང་སྤྱིའི་ངོ་བོ་

དེས་ཁྱད་པར་དེ་དག་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱིའི་ངོ་བོ་དེ་ལས་འཇིག་པ་མེད་པའི་ཕྱིར་རོ། །རྒྱུ་གཅིག་ལ་གནས་པས་ཀྱང་འབྲས་བུ་སྐྱེད་པར་རབ་ཏུ་ཐལ་བའི་ཕྱིར་ཞེས་བྱ་བ་དེ་ཡང་། ཐ་དད་མེད་པའི་ངོ་བོ་དེ། །བྱ་མིན་ཁྱད་པར་རྣམས་དང་བྲལ། །ཞེས་བྱ་བ་ལ་སོགས་པས་གོང་དུ་

བཤད་ཟིན་ཏོ། །ཅིག་ཅར་སྐྱེ་འཇིག་འགྱུར་ཞེས་བྱ་བ་ལ་སོགས་པས་འགལ་བའི་ཆོས་གནས་པས་ཐ་དད་པ་རབ་ཏུ་བསྒྲུབས་ན། སྣང་བ་ཐ་དད་པས་ཀྱང་བསྒྲུབས་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྣང་བ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། གཞན་མི་བརྟེན་པས་ཏེ་སོ་སོར་གསལ་བ་

དང་ཐ་དད་པའོ། །ཡང་གི་སྒྲས་ནི་སྐྱེ་བ་ལ་སོགས་པའི་ཐ་དད་པར་བྱེད་པའོ། །དེ་ཡང་སྔར་བཤད་པ་ཁོ་ན་སྡུད་པར་བྱེད་པ་ཡིན་ནོ། །དེས་ནི་ཞེས་བྱ་བ་ནི་ཐ་དད་པ་མེད་པར་སྨྲ་བའོ། །བློའི་སྣང་བ་ཐ་དད་པ་ནི་བློའི་རྣམ་པ་ཐ་དད་པའོ། །ཆོས་འགལ་བ་གནས་པ་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་ལ་

སོགས་པས་ན་ཐ་དད་པའོ། །དེ་ལ་ཡོད་དེ་སྣང་བ་ལ་སོགས་པ་ཐ་དད་པའོ། །དངོས་པོ་ཐ་དད་པ་ཁས་ལེན་ན་ནི་འགའ་ཞིག་སྟེ་བདེ་བ་དང་སྡུག་བསྔལ་བ་དང་། རྨོངས་པ་དང་སེམས་དང་ལྡན་པ་རྣམས་ཀྱང་ཐ་དད་པར་མི་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་ཐ་དད་པ་མེད་པ་ཡིན་ནའོ། །རྣམ་པར་དབྱེ་བ་

འདིར་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའི་རྣམ་པར་དབྱེ་བའོ། །གཅིག་གི་བདག་ཉིད་དང་འདྲ་བར་ཞེས་བྱ་བ་ནི་དཔེར་ན་བདེ་བའི་བདག་ཉིད་གཅིག་ལ་སྣང་བ་ལ་སོགས་པ་ཐ་དད་པ་མེད་པ་དེ་དང་འདྲ་བར་རོ། །དེ་བས་ན་ཕྱི་དང་ནང་གི་ཐ་དད་པ་འདི་ནི་ཁྱད་པར་ཁོ་ན་ཡིན་ཏེ། ཕན་ཚུན་མཚན་

ཉིད་མི་འདྲ་བ་ཁོ་ན་ཡིན་ནོ། །ཇི་ལྟ་བུར་འགྱུར་ཞེ་ན། ཐ་དད་པར་སྣང་བ་ལ་སོགས་པ་སྟེ། གང་ལ་ཐ་དད་པར་སྣང་བ་ལ་སོགས་པ་ཡོད་པ་ནི་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་ཐ་དད་པ་མེད་པ་ཅན་འདི་ལ་ཡང་སྣང་བ་ཡོད་པ་དེ་བས་ན་ཐ་དད་པ་མེད་པ་ལ་ཡང་ཡིན་ནོ་ཞེ་ན། འདིར་ཞེས་བྱ་བ་

เล่ม ๑๗๖ · หน้า 202b

ལ་སོགས་པ་སྨོས་པ་ལ། འདིར་ཞེས་བྱ་བ་ནི་ཐ་དད་པ་ལའོ། །གཞན་ཞེས་བྱ་བ་ནི་གཉིས་པའོ། །གང་གི་སྟོབས་ཀྱིས་ཐ་དད་པ་མེད་པ་ཅན་གྱི་སྟོབས་ཀྱིས་སོ། །དེ་བས་ན་ཁྱད་པར་ཏེ་རང་གི་མཚན་ཉིད་ཁོ་ན་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །ཁྱད་པར་དེ་ཉིད་དོན་ཏེ་དངོས་པོ་ཡིན་ནོ། །ཤིང་ཉིད་ལ་

སོགས་པ་སྤྱིའི་ཆོས་གཞན་གང་དག་ཡིན་པ་དེ་དག་ནི་དེ་ཉིད་ཀྱི་ལྡོག་པར་བརྟགས་པ་ཡིན་ནོ། །དེ་ནི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ལ་ཁྱད་པར་གྱི་ངོ་བོ་ཉིད་ནི་རྒྱུ་དང་འབྲས་བུ་བཤད་ཅིང་དེ་ཉིད་རང་གི་མཚན་ཉིད་དུ་བརྗོད་དོ། །དེ་སྤོང་ལེན་པའི་འབྲས་བུ་ཅན་ཡིན་ཞེས་བྱ་བ་ནི་དོར་བར་བྱ་བ་དང་

བླང་བར་བྱ་བའི་ཁྱད་པར་དེ་ཉིད་ལ་གོ་རིམས་བཞིན་དུ་སྤོང་བ་དང་ལེན་པའི་འབྲས་བུ་ལ་འཇུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་གྱི་བྱ་བ་བྱེད་པ་དེ་ལ་ཡང་ཁྱད་པར་ཁོ་ན་ཡིན་ཏེ། གང་ལ་ཡང་སྤྱི་རྣམ་པར་གཞག་པ་དེ་ནི་དེ་ཉིད་ཅེས་བྱ་བ་ཁྱད་པར་གཞན་ཏེ་རིགས་མཐུན་པ་ལས་ལྡོག་པ་

ཐ་དད་པ་ཙམ་ཡིན་གྱི། སྤྱི་ཞེས་བྱ་བ་དངོས་པོར་གྱུར་པ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་གྱུར་ན་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་ཏེ། ཁྱད་པར་མ་རྟོགས་པར་དམིགས་པར་འགྱུར་རོ། །གང་གི་ཕྱིར་སྤྱི་དེ་ནི་དོན་ཏེ་དངོས་པོ་ཉིད་དུ་ཡོད་ན་སྣང་བར་འགྱུར་ཏེ། དེའི་ངོ་བོ་དམིགས་

པའི་མཚན་ཉིད་དུ་མི་འགྱུར་ཞིང་རང་གི་ངོ་བོ་མི་འཛིན་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དམིགས་པའི་མཚན་ཉིད་དུ་བྱས་པ་ཉིད་ཀྱི་ཕྱིར་ཏེ། ཁྱད་པར་དག་ལ་ཐ་དད་པ་མེད་པའི་ཤེས་པས་སྤྱི་ངེས་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །བདག་ཉིད་གཟུང་བ་མེད་པ་གཞན་གྱི་ཤེས་པའི་རྒྱུ་ཡིན་ནོ། །

ཇི་ལྟར་གྲངས་ཅན་བས་ཐ་དད་པ་མེད་པར་ཁྱད་པར་མེད་པ་ཡིན་ན་ཐམས་ཅད་སྒྲུབ་བྱེད་མིན། དེ་ལྟར་སངས་རྒྱས་པས་ཀྱང་ཐ་དད་པས་ཁྱད་པར་མེད་པ་ཡིན་ན་ཡང་ངོ་། །ལན་འདི་ཡང་རྒོལ་བ་གང་ཡིན་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྐྱེད་པར་བྱེད་པའི་རང་བཞིན་ལས་ཞེས་བྱ་བ་ལ་སཱ་ལུའི་

མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་ལས་ས་ལ་སོགས་པ་ཐ་དད་པའོ། །འདི་ཞེས་བྱ་བ་ནི་མྱུ་གུའོ། །ཇི་ལྟར་སྐྱེད་པར་བྱེད་པར་འགྱུར། སྐྱེད་པར་བྱེད་པ་ཉིད་དུ་ཁས་ལེན་ན་ཡང་ཐ་དད་པ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་སྐྱེད་པར་བྱེད་པར་འགྱུར་རོ་ཞེས་གང་བཤད་པ་ཡིན་ནོ། །འདིར་བརྒལ་བའི་ལན་

เล่ม ๑๗๖ · หน้า 203a

བསྟན་ནས། ད་ནི་གཉིས་པ་བརྗོད་པ་ཡིན་ནོ། །ཡང་ཅི་ཞིག་རྟོག་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གལ་ཏེ་ཞེས་ཐ་དད་པ་མཚུངས་པ་ཡིན་དུ་ཟིན་ཀྱང་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་པ་དང་། སྐྱེད་པར་མི་བྱེད་པའི་མཚན་ཉིད་ཅན་གྱི་ཁྱད་པར་

མེད་པར་འགྱུར་བ་དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི་བརྒལ་བའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པའི་དོན་སྟོན་ཏོ། །བདག་ཉིད་ཐ་དད་པ་མེད་པར་སྨྲ་བ་གྲངས་ཅན་འདིའི་ཐ་དད་པ་མེད་པར་ཁྱད་པར་མེད་པ་ཡིན་ན་ཡང་ཡིན་ལ་ཇི་ལྟར་ཐམས་ཅད་ཐམས་ཅད་ཀྱི་སྐྱེད་པར་བྱེད་

པ་མ་ཡིན་པ་དེ་ལྟར་སངས་རྒྱས་པའི་ཐ་དད་པ་ཁྱད་པར་མེད་པ་ཡིན་ན་ཡང་ཐམས་ཅད་ཐམས་ཅད་ཀྱི་སྐྱེད་པར་འགྱུར་བ་མ་ཡིན་ནོ་ཞེས་སྦྱར་རོ། །དངོས་ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་དངོས་པོའི་ནུས་པ་ཉིད་ཀྱིས་སོ། །དངོས་པོ་རྣམས་ཐ་དད་པ་མེད་པར་ཁས་ལེན་ན་ཡང་ཐམས་ཅད་དུ་ཐ་དད་

པ་མེད་པར་ཁས་བླངས་པ་གཅིག་པོ་དེའི་བྱ་བ་གཅིག་ལ་བྱེད་པ་འགལ་བར་འགྱུར་རོ། །ཐ་དད་པ་ཙམ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྒྱུ་སྟེ་ཉེ་བར་ལེན་པའི་རྒྱུ་དང་རྐྱེན་དེ་ལྷན་ཅིག་བྱེད་པའོ། །རང་གི་རྒྱུ་དང་རྐྱེན་དེ་དེ་དག་གི་ཁྱད་པར་གྱིས་འབྲས་བུ་གྲུབ་པར་བྱེད་ནུས་པ་ངེས་

པར་བྱས་པའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་དེ་ཉིད་དེའི་ཕྱིར་རོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ནི་སྐྱེད་པར་བྱེད་པར་འདོད་པ་ལས་གཞན་ནི་བྱེད་པ་པོར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ཅན་ཉིད་མ་ཡིན་པའི་ཕྱིར་ཏེ། དེའི་འབྲས་བུ་སྐྱེད་

པར་བྱེད་པའི་རང་བཞིན་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་ཡོན་ཏན་གསུམ་པོ་གཅིག་ནའོ། །དེ་ཉིད་ལ་ཞེས་བྱ་བ་ནི་འབྲས་བུ་གཅིག་ཉིད་ལའོ། །འདི་ལྟར་ཞེས་བྱ་བ་ནི་ཐ་དད་པའི་རྣམ་པ་དེ་ཉིད་ཀྱིས་སོ། །གལ་ཏེ་འདི་ལྟར་སཱ་ལུའི་ས་བོན་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པ་དེ་

ཉིད་ཀྱི་ཚེ་ནས་ཀྱི་ས་བོན་ནི་མ་ཡིན་ལ། ནས་ཀྱི་ས་བོན་གང་ཡིན་པ་དེ་ཉིད་སཱ་ལུའི་ས་བོན་གྱི་བདག་ཉིད་ཡིན་པ་དེ་ལྟར་ན་གཅིག་ལ་གཅིག་ནི་བྱེད་པ་དང་བྱེད་པ་མེད་པ་ཐོབ་པར་འགྱུར་རོ། །གལ་ཏེ་སཱ་ལུའི་ས་བོན་ལ་སོགས་པ་ཉེ་བར་གནས་པ་དེ་དང་དེས་ཡོན་ཏན་གསུམ་ལ་ཐ་དད་པ་ཡང་ཡོད་

เล่ม ๑๗๖ · หน้า 203b

པའི་ཐ་དད་པ་དེའི་ཕྱིར་བྱེད་པ་འགའ་ཞིག་ཀྱང་མེད་ལ། གལ་ཏེ་ཐ་དད་ན་ཡང་བྱེད་པ་མེད་པའི་གཏན་ཚིགས་ཀྱིས་ལྷན་ཅིག་བྱེད་པ་བྱེད་པར་མི་འགྱུར་ཏེ། དེ་དག་ཀྱང་ཕན་ཚུན་ཐ་དད་པའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྣམ་པ་ཐམས་ཅད་དུ་ཐ་དད་པ་མེད་པ་སྟེ། རྣམ་པ་

ཐམས་ཅད་དུ་གཅིག་པ་ཉིད་མ་ཡིན་ཏེ། ཐ་དད་པ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཐ་དད་པའི་ཕྱིར་བྱེད་པ་པོ་ཉིད་མ་ཡིན་ནོ། །རྣམ་པ་འགའ་ཞིག་གིས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་འགའ་ཞིག་གིས་ཀུན་དུ་བརྟགས་པའི་གནས་སྐབས་ཐ་དད་པའི་ཕྱིར་རོ། །དེ་ལྟར་

མ་ཡིན་ན་ནི་གྲངས་ཅན་དེ་ཁོ་ན་ཉིད་སྨྲ་བའི་གནས་སྐབས་ཐ་དད་པ་ཡང་རྙེད་པར་དཀའོ། །གང་གི་ཚེ་སཱ་ལུའི་ས་བོན་གྱི་བདག་ཉིད་དེ་ཡོངས་སུ་གྱུར་པ་ཉིད་དུ་གཞན་དུ་ནས་ཀྱི་ས་བོན་ཀྱང་སཱ་ལུའི་མྱུ་གུའི་རྒྱུ་བྱེད་པའི་རིམ་པས་ཐམས་ཅད་ལ་ཐམས་ཅད་ཉེ་བར་སྦྱོར་བའི་ཕྱིར། བྱེད་པ་པོ་ཉིད་

མེད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་འོན་ཏེ་རིམ་བཞིན་ཞེས་བྱ་བ་སྨོས་ཏེ། རིམ་པ་དེ་སྤྱི་དངོས་པོ་གཅིག་པོ་དེ་ཉིད་ཡིན་ནམ་ཞེས་བྱ་བའི་དོན་ཏོ། །རིམ་པ་ནི་ཐ་དད་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཐ་དད་

པ་ཐམས་ཅད་ནི་འབྲས་བུ་ཐམས་ཅད་ལ་གོ་རིམས་ཏེ། རིམ་བཞིན་དུ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ཡང་གང་གི་ཚེ་གཙོ་བོའི་ནུས་པས་བསྐྱེད་པའི་ཐ་དད་པའི་དངོས་པོར་ཡོད་པ་དེ་དག་ཉིད་ནི་ནུས་པ་གཅིག་དང་ལྡན་ཞིང་དོན་གྱི་བྱ་བ་བྱེད་པ་ཡིན་ནོ་ཞེས་བརྟེན་པ་དེའི་ཚེ་བསྟན་ཏོ། །གང་གི་

གཙོ་བོའི་ནུས་པ་ཁོ་ན་དངོས་པོ་ཡོད་པ་ཡིན་ཞིང་དེ་ཉིད་དོན་བྱེད་པ་ལ་ཉེ་བར་སྦྱོར་བ་ཡིན་གྱི། ཐ་དད་པ་དག་ནི་གནས་སྐབས་འབའ་ཞིག་ཙམ་གྱི་རྒྱུ་ཡིན་ཏེ། དོན་དམ་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་སྟོན་པ་དེའི་ཚེ། དེར་ཉེ་བར་གནས་པའི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། ནུས་པ་ནི་

ཡོན་ཏན་གསུམ་གྱི་མཚན་ཉིད་ཅན་ནོ། །དེར་ཉེ་བར་གནས་པ་ནི་སྔར་སྐྱེད་པར་བྱེད་པ་མ་ཡིན་པར་འདོད་པའི་དོན་ལ་ཉེ་བར་གནས་ནས་དེས། ཕྱིས་ངོ་བོ་གཞན་དུ་ཡོངས་སུ་འགྱུར་བ་ལ་ཉེ་བར་སྦྱོར་བའི་ཕྱིར་འགའ་ཞིག་ཀྱང་བྱེད་པ་པོ་མ་ཡིན་པ་ནི་མེད་པར་འགྱུར་ཏེ་ཞེས་བྱ་བ་འདི་དང་སྦྱར་རོ། །

เล่ม ๑๗๖ · หน้า 204a

གཅིག་སྟེ་གཙོ་བོ་ནིའོ། །གོ་རིམས་གང་ལ་ཐ་དད་པའི་རྟེན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་ནི་དེ་སྤྱི་དངོས་དེ་ཉིད་ཡིན་ནམ་ཞེས་བྱ་བ་དེ་རྣམ་པར་འགྲེལ་པ་ཡིན་ནོ། །ནུས་པ་ཞེས་བཤད་པ་གང་ཡིན་པ་དེ་ལ་ཡོངས་སུ་འགྱུར་བའམ་ཞེས་སྨོས་པ་ལ་ཐ་དད་པ་མེད་པ་སྟེ་

རྣམ་པར་དབྱེ་བ་མེད་པའོ། །ཡོངས་སུ་འགྱུར་བ་ནི་ཐ་དད་པའི་གནས་སྐབས་སྔ་མ་ལས་ཏེ། ཡོངས་སུ་འགྱུར་བའི་ནུས་པའི་གནས་སྐབས་གཞན་ཇི་ལྟར་ཐོབ་པར་འགྱུར། ཅི་སྟེ་གནས་སྐབས་སྔ་མ་ལས་ཕྱིས་ཡོན་ཏན་གསུམ་གྱི་ཁྱད་པར་འདོད་པ་ན། ཁྱད་པར་རྣམ་པ་འགའ་ཞིག་

ཁས་ལེན་པ་ཡིན་པ་དེ་བས་ན། གཙོ་བོ་གཅིག་པ་ཉིད་ཉམས་པའི་ཕྱིར་རོ། །གཞན་ནི་སྤྱི་དང་ཁྱད་པར་དང་ལྡན་པའི་དངོས་པོ་གཅིག་འདོད་དེ། སྤྱི་དང་ཁྱད་པར་དག་ཀྱང་ཕན་ཚུན་ཐ་དད་པ་མེད་པར་འདོད་དོ། །དེ་ལྟ་ཡིན་ན་ནི་སྤྱི་དང་ཁྱད་པར་དང་ལྡན་པ་དེ་ནི་དེ་ལྡན་དངོས་པོའོ། །ཤིན་ཏུ་ནི་ཐ་

དད་ཐ་དད་མེད་པར་འགྱུར་བ་སྟེ། ཁྱད་པར་ལས་སྤྱི་ཐ་དད་པ་མེད་པའི་ཕྱིར་སྤྱི་ཡང་ཁྱད་པར་གྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་ཐ་དད་པ་ཡིན་ཏེ། སྤྱི་མེད་པའི་ཕྱིར་རོ། །སྤྱི་ལས་ཁྱད་པར་རྣམས་ཐ་དད་པ་མེད་པའི་ཕྱིར་གཅིག་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་ཐ་དད་པ་མེད་པ་ཡིན་ཏེ། རྣམ་པ་

ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་དང་སྤྱིའི་བདག་ཉིད་ཅན་གྱི་དངོས་པོ་གཅིག་ནི་ཡོད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་སྤྱི་དང་ཁྱད་པར་དག་རྣམ་པ་འགའ་ཞིག་གིས་ཐ་དད་པར་འདོད་ན་རྣམ་པ་འདི་ལ་ཡང་། འདྲ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདྲ་དང་མི་འདྲ་

བའི་བདག་ཉིད་ཅན་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་དག་གོ། །གལ་ཏེ་ཐ་དད་པའི་དངོས་པོ་དག་ནི་ཞེས་བྱ་བར་སྦྱར་རོ། །ཐ་དད་པ་མེད་པའི་བདག་ཉིད་དེ་གཙོ་བོ་ཞེས་བྱ་བའམ། ཐ་དད་པ་དེ་དག་གི་བདག་ཉིད་དུ་གྱུར་པས་དེ་དང་ལྡན་པར་འགྱུར་བ་སྟེ། ཐ་དད་པ་མེད་པའི་རང་བཞིན་དང་ལྡན་པར་

འགྱུར་བ་ཡིན་ནོ། །ཐ་དད་གང་ལ་ཐ་དད་པ་མེད་པའི་ངོ་བོ་གཙོ་བོ་ཞེས་བྱ་བའི་བདག་ཉིད་ཀྱི་རང་བཞིན་དེ་ཡོད་པ་དེ་ནི་དེས་ཐ་དད་པ་མེད་པའི་རང་བཞིན་གྱི་བདག་ཉིད་ཅན་ཏེ། དེའི་དངོས་པོ་ནི་དེ་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པ་ལ་ཡང་གང་ལས་ཕན་ཚུན་ཐ་དད་པ་ཡིན་ཏེ། མེད་པ་ཁོ་ནའོ། །

เล่ม ๑๗๖ · หน้า 204b

འདིས་ནི་ཤིན་ཏུ་ཐ་དད་པ་མེད་པ་རྣམ་པར་བཤད་པ་ཡིན་ནོ། །ཅི་སྟེ་དེའི་སྤྱི་གཅིག་པའི་བདག་ཉིད་དུ་མི་འགྱུར་ཏེ། ཁྱད་པར་དུ་མའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ནི་དེའི་བདག་ཉིད་དེ་ཐ་དད་པའི་རང་བཞིན་ཡོད་པ་ཉིད་དོ། །དེས་ཀྱང་སྟེ་སྤྱིས་སོ། །དེ་ལྟར་ཞེས་བྱ་བ་ནི་སྤྱིའི་བདག་ཉིད་

དུ་འགྱུར་བའི་རིགས་པ་མ་ཡིན་ཏེ། སྤྱི་ནི་ཁྱད་པར་ཐ་དད་པ་པ་མེད་པ་ཉིད་ཀྱི་ཕྱིར་ཏེ་མཚུངས་པ་ཉིད་དུ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ནི་ཤིན་ཏུ་ཐ་དད་པ་རྣམ་པར་བཤད་པ་ཡིན་ནོ། །དེ་ལྟ་བུའི་ངོ་བོ་ཡིན་ན་ནི་ཞེས་བྱ་བ་ནི་གཙོ་བོ་སྤྱིའི་བདག་ཉིད་ཅན་དུ་འདོད་ན། དེའི་ཆོས་སུ་མི་འགྱུར་ཏེ།

གཙོ་བོ་བདག་ཉིད་ཐ་དད་པའི་ཆོས་སུ་མི་འགྱུར་ཏེ། ཐ་དད་པ་མེད་པའི་གནས་སྐབས་ཀྱི་ཆོས་ཀྱིས་དེ་དང་འདྲ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །གནས་སྐབས་དེ་དང་ལྡན་པ་དག་ནི་ཕན་ཚུན་ཐ་དད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་གཅིག་པོ་འདི་ནི་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། རང་བཞིན་གཅིག་པོ་འདི་ནི་འཇིག་པ་དང་ལྡོག་པ་ཅན་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གནས་པ་འཇུག་པ་ཡིན་ལ་ཞིག་པ་ནི་ལྡོག་པ་ཡིན་ནོ། །དེ་ལྟར་ན་ནུས་པ་གནས་ན་གནས་སྐབས་དག་ལྡོག་པར་འདོད་དོ། །དེས་ནི་དེ་དག་ཕན་ཚུན་ཐ་དད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་

བཤད་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ཏེ། སྤྱི་དང་ཁྱད་པར་དག་ནི་བདག་ཉིད་ཐམས་ཅད་ཀྱི་ཐ་དད་པ་མེད་པ་ཁོ་ན་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་དེ་ཡང་སྟེ། ཁྱད་པར་དང་སྤྱི་དག་ཀྱང་ངོ་། །ཐ་དད་འགྱུར་ཞེས་བྱ་བ་ནི་སྤྱི་དང་ཁྱད་

པར་དག་གོ། །འགའ་ཞིག་ལ་ཡང་སྟེ། སྤྱི་དང་ཁྱད་པར་ཡང་ངོ་། །གྲངས་ཅན་འདི་ཐ་དད་པ་དང་ཐ་དད་པ་མེད་པ་ལ་མ་ངེས་པ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །གཞན་ནི་གཅིག་ཏུ་སྨྲ་བ་ཉིད་ཀྱི་ཕྱིར་ཐ་དད་པ་ནི་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་ནས། ཐ་དད་པ་མེད་པ་ནི་ཇི་ལྟར་ངེས་པ་མེད་པ་ཡིན་

ཞེ་ན། འདིར་རྒྱུ་ནི་སྤྱི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ནུས་པ་དང་ཁྱད་པར་ཏེ་གསལ་བ་ཞེས་བྱ་བ་དེ་ལྟར་ཐ་དད་པ་རྣམ་པར་གཞག་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཡིན་ཏེ། གལ་ཏེ་བདག་ཉིད་གང་གིས་དེ་སྟེ། སྤྱི་དང་ཁྱད་པར་དག་གི་ནང་ནས་འདི་

เล่ม ๑๗๖ · หน้า 205a

ནི་ཁྱད་པར་ཡིན་ལ་འདི་ནི་སྤྱི་ཡིན་ནོ་ཞེས་དེ་ལྟར་རྣམ་པར་གཞག་པའི་བདག་ཉིད་དེས་སྤྱི་དང་ཁྱད་པར་དག་ཐ་དད་པའི་ཚེ། ཤིན་ཏུ་ཐ་དད་པ་ཉིད་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བདག་ཉིད་གང་ལ་ཞེས་བྱ་བ་ལ་གལ་ཏེ་ནུས་པ་དང་གསལ་བའི་

བདག་ཉིད་ཅན་ལ་བདག་ཉིད་དེས་སྤྱི་དང་ཁྱད་པར་དག་ལ་ཐ་དད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་དག་ནི་ཐ་དད་པ་རྣམ་པར་འཇིག་པར་བྱེད་པའི་བདག་ཉིད་དག་ནིའོ། །དེ་དག་གི་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་དག་གིའོ། །རང་

གི་བདག་ཉིད་ཡིན་ཏེ་རང་བཞིན་དུ་གྱུར་པ་ཡིན་ནའོ། །གལ་ཏེ་ཐ་དད་པ་ཅན་དེ་དག་ཕན་ཚུན་ཐ་དད་པ་ཅན་ཡིན་པ་དེའི་ཚེ། ཐ་དད་པ་ཁོ་ན་སྟེ་ལྡོག་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་ཐ་དད་པའི་ཕྱིར་རོ། །འདོད་པར་ནི་འགྱུར་ན་གནས་སྐབས་དང་གནས་སྐབས་ཅན་ཐ་དད་པ་རྣམ་པར་འཇོག་པའི་

རང་གི་ངོ་བོའི་ཁྱད་པར་དུ་བྱེད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེ་ན། རང་གི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་ཁོ་ན་དངོས་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་ཤིན་ཏུ་ཐ་དད་པ་ཡིན་ཏེ། ཁྱད་པར་སྤྱི་མེད་པ་ཅན་དང་སྤྱི་ཁྱད་པར་མེད་པ་ཅན་དུ་

འགྱུར་ཞེས་བྱ་བར་སྦྱར་རོ། །སྤྱི་ནི་ཁྱད་པར་དང་ལྡན་པ་ཉིད་དང་ཁྱད་པར་སྤྱི་དང་ལྡན་པ་ཉིད་དུ་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་བུམ་པ་ལ་སོགས་པ་ཐ་དད་པ་དག་འབྲེལ་པ་མེད་པའི་ཕྱིར་ཕན་ཚུན་དེ་དང་ལྡན་པ་ཉིད་མེད་པ་ཡིན་ནོ། །ཁྱད་པར་དང་ཞེས་བྱ་བ་

ལ་སོགས་པས་དོན་འཆད་པ་ཡིན་ཏེ། སྤྱི་དང་ཁྱད་པར་དག་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་པ་མེད་པའི་ཕྱིར་ཏེ། དེས་སྤྱི་ཁྱད་པར་བློར་མི་འགྱུར་ཞེས་བྱ་བའི་སྐབས་སུ་བཤད་པ་ཡིན་ནོ། །ཡང་གཞན་དག་གིས་བརྟགས་པའི་སྤྱི་རང་གི་མཚན་ཉིད་ལས་ཅི་དད་པ་ཡིན་ནམ་ཞེས་བྱ་བའི་

འབད་པ་འདི་ནི་གནས་པ་མེད་པ་ལ་བྱེད་པ་ཡིན་ནོ། །ད་ནི་གཞན་གྱིས་བརྟགས་པར་འདོད་དེ་དེ་བས་ན། རི་བོང་གི་རྭ་དང་འདྲ་བར་དོན་གྱི་བྱ་བ་མི་བྱེད་པ་ཉིད་ཀྱི་ཕྱིར། དེ་ལ་དོན་བྱེད་པ་དོན་དུ་གཉེར་བ་དག་གིས་ཐ་དད་པ་ཐ་དད་པ་མེད་པར་དཔྱད་པས་ཅི་ཞིག་བྱ། དོན་གྱི་བྱ་བ་བྱེད་པའི་ངང་

เล่ม ๑๗๖ · หน้า 205b

ཚུལ་ཅན་ཉིད་ནི་དེ་དཔྱད་པའི་ཡུལ་ཡིན་ན། ཇི་ལྟར་ཀུན་དུ་བརྟགས་པའི་ལྡོག་པ་ལས་གཞན་དུ་དེ་ནི་རྣམ་པ་འགའ་ཞིག་གིས་ཀྱང་མཚུངས་པ་ཡིན་ནོ་ཞེས་དེ་ལྟར་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་བྱེད་པའི་རུང་བའི་བདག་ཉིད་གང་གིས་མདུན་དུ་བྱས་ནས་

ཏེ། དམིགས་པར་བྱས་ནས་སོ། །དེས་བསྒྲུབ་འབྲས་བུ་འདོད་པ་ཅན་ཏེ། བདག་ཉིད་དེ་བསྒྲུབ་པར་བྱ་བའི་འབྲས་བུ་གང་ཡིན་པ་དེ་མངོན་པར་འདོད་པ་ཅན་གྱིས། སྐྱེས་བུ་འདི་ནི་འཇུག་པར་འགྱུར། དེའི་གནས་དག་སྟེ། དེ་རྟེན་ཐ་དད་ཐ་དད་མེད། །དཔྱད་བྱ་དོན་བྱེད་པར་རུང་བ་དེའི་ཡང་རང་གི་

ངོ་བོས། རང་བདག་ཉིད་ཐ་དད་པ་ཤིན་ཏུ་ཡོད་པ་ཁོ་ན་ཡིན་ནོ། །རྣམ་པར་རྟོག་པའི་བློའི་སྣང་བའི་ངོ་བོར་བྱས་ནས་དེའི་ངོ་བོར་ངེས་པ་ནི། ལྡོག་པ་མཚུངས་པ་ཉིད་དག་ནི། །ཡོད་ཉིད་དེ་འདི་ཙམ་ཁོ་ནས་དོན་བྱེད་པ་དོན་དུ་གཉེར་བ་དག་གིས་ཐ་དད་པ་དང་ཐ་དད་པ་མེད་པར་དཔྱོད་པ་རྫོགས་པ་ཡིན་ནོ། །དེ་བས་ན་

སྤྱི་དོན་གྱི་བྱ་བ་མི་བྱེད་པར་རང་གི་བྱ་བ་མི་བྱེད་པ་རང་གི་མཚན་ཉིད་ལས་ཐ་དད་པ་དང་ཐ་དད་པ་མེད་པ་དཔྱད་པས་ཅི་ཞིག་བྱ། སྤྱི་ནི་དངོས་པོ་ཉིད་མ་ཡིན་ཀྱང་བླ་སྟེ། ཀུན་དུ་བརྟགས་པའི་ལྡོག་པས་ཅི་ཞིག་བྱ་ཞེ་ན། དངོས་པོ་རྗེས་འགྲོ་མེད་ཅེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་དག་ནི་ཕན་ཚུན་ཐ་

དད་པའི་ཕྱིར་རོ། །གལ་ཏེ་བུམ་པའི་དངོས་པོ་སྣམ་བུར་འགྱུར་ན། ཆུ་ལ་སོགས་པ་ལེན་པར་འདོད་པ་སྣམ་བུ་ལ་ཡང་འཇུག་པར་འགྱུར་བ་དེ་བས་ན། འཇུག་པ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །སོགས་པའི་སྒྲས་ནི་ཅིག་ཅར་སྐྱེ་བ་དང་འགོག་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་

རོ། །བ་ལང་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། དོན་བྱེད་པར་རུང་བའི་ཁྱད་པར་ཁོ་ན་ལ་རང་གི་ངོ་བོ་ཡིན་ནོ་ཞེས་བྱ་སྟེ། བདག་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན་དངོས་པོ་སྟེ། དངོས་པོ་ལྷག་པར་བྱས་ནས་འཇུག་པར་འགྱུར་རོ། །དེ་ཉིད་ལ་ཞེས་བྱ་བ་ནི་དོན་གྱི་བྱ་བ་བྱེད་

པ་ཅན་ཏེ་ཁྱད་པར་ལའོ། །དེ་སྐད་ཅེས་བྱ་བ་སྟེ། བ་ལང་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །དོན་བྱེད་པ་དོན་དུ་གཉེར་བ་དག་ནི་རང་གི་མཚན་ཉིད་བསྟན་པའི་བསམ་པས་སྒྲ་སྦྱོར་ཞིང་། རྟོགས་པ་པོ་ཡང་སྣང་བ་དང་རྣམ་པར་བརྟག་པའི་དོན་གཅིག་ཏུ་བྱས་ནས་དེ་ཁོ་ན་བཞིན་དུ་རྟོགས་

เล่ม ๑๗๖ · หน้า 206a

པར་འགྱུར་བ་དེ་བས་ན། ཐ་སྙད་འདོགས་པ་པོ་དག་གི་ཞེན་པའི་དབང་གིས་སྒྲའི་བྱ་བ་ལ་ལྟོས་པས་དེ་སྐད་དུ་བཤད་དོ། །སྒྲ་ལས་བྱུང་བའི་ཤེས་པ་ལ་ཡང་རང་གི་མཚན་ཉིད་སྣང་བ་མེད་པའི་ཕྱིར། རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བཤད་པ་ལ་

འགལ་བ་མེད་དོ། །རྫས་ཉིད་ལ་སོགས་པ་ལ་ནི་འདིས་ཞེས་བྱ་བ་ནི་བ་ལང་ཞེས་བྱ་ལ་སོགས་པའི་སྒྲ་རྣམས་ཀྱིས་བ་ལང་ལ་སོགས་པ་བརྗོད་པ་ནའོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་རྫས་ཉིད་ལ་སོགས་པའི་སྒྲ་རྣམས་ཀྱིས་དེ་དག་ནི་བ་ལང་གི་རྫས་ཉིད་ཅེས་བྱ་བ་

ལ་སོགས་པ་ཐ་དད་པར་བརྗོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་བ་ལང་ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བ་ན་ཡོད་པ་ཉིད་དང་བ་ལང་ཉིད་ལ་སོགས་པ་རྟོགས་པར་འགྱུར་ཞེ་ན། དོན་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ལ་སོགས་པའི་དོན་ལ་ནི་བ་ལང་ཉིད་ལ་སོགས་པ་སྤྱི་དེར་མ་འཁྲུལ་

པའི་ཕྱིར་རོ། །དོན་གྱི་ཤུགས་དེ་ལས་སྤྱི་རྟོགས་པར་འགྱུར་གྱི། ཁྱད་པར་གྱི་སྒྲ་ནི་སྤྱིའི་བྱ་བ་བྱེད་པ་མ་ཡིན་ནོ། །དེ་དག་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྤྱི་བརྟག་པ་ལ་སོགས་པ་ལས་འདི་ཁྱད་པར་སྒྲ་དག་ནི་སྤྱི་ལ་འཇུག་པ་ཡིན་པ་ལྟ་བུར་དཔྱད་ཟིན་ཏོ། །འདིར་ཡང་སྤྱི་གང་ཞིག་ཁྱད་

པར་གྱིས་མ་འཁྲུལ་པ་ཡིན། རེ་ཞིག་གཞན་གྱིས་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་ནི་མེད་པ་ཁོ་ན་ཡིན་ལ། གཞན་ལ་ལྡོག་པའི་མཚན་ཉིད་མེད་པར་དགག་པ་ཙམ་གང་ཡིན་པ་དེ་ཡང་མེད་པ་ཁོ་ན་ཡིན་ནོ། །རྣམ་པར་རྟོག་པའི་བློ་ལ་སྣང་བ་ཡང་ཕྱི་རོལ་གྱི་རྫས་དང་མ་འཁྲུལ་པར་ཡོད་པ་

མ་ཡིན་ཏེ། དེས་ནི་རང་བརྒྱུད་པ་ཉིད་ཡིན་པའི་ཕྱིར་རོ། །སྨྲས་པ་རང་གི་མཚན་ཉིད་ཁོ་ན་རིགས་མཐུན་པ་ལས་ལྡོག་པ་ནི་ཁྱད་པར་ཡིན་ལ། དེ་ཉིད་རིགས་མི་མཐུན་པ་ལས་ལོག་པ་ལ་ལྟོས་ནས་ཐ་དད་པར་བྱས་པ་ནི་སྤྱི་ཞེས་བྱའོ། །དེ་བས་ན་སྤྱི་དང་ཁྱད་པར་དག་ནི་དངོས་སུ་གཅིག་

ཉིད་ཡིན་པའི་ཕྱིར་བྱས་པ་ཉིད་དང་མི་རྟག་པ་ཉིད་བཞིན་དུ་དོན་དམ་པར་མ་འཁྲུལ་པ་ཡིན་པས་འགལ་བ་མེད་ལ། སྒྲའི་བྱ་བའི་ཐ་དད་པ་ཡང་འགའ་ཞིག་ཏུ་སྒྲ་ལས་བྱུང་བ་འགའ་ཞིག་ལ་རྟོགས་པར་འགྱུར་ཞིང་། འགའ་ཞིག་ཏུ་དོན་ལས་ཞེས་བྱ་བ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་

เล่ม ๑๗๖ · หน้า 206b

ནི་དེའི་ཕྱིར་རོ། །འདིས་ནི་སྐྱེས་བུའོ། །བ་ལང་ལ་སོགས་པའི་སྒྲ་ཉེ་བར་བྱས་པ་སྟེ་བ་ལང་ལ་སོགས་པའི་སྒྲ་ཐག་ཉེ་བར་བྱས་པའོ། །དོན་ནི་དོན་བྱེད་པའི་རྟེན་དུ་འགྱུར་བའོ། །དོན་གཞན་ཏེ་སྤྱི་ཉེ་བར་དགོས་པས་སྤྱི་དང་ཁྱད་པར་གྱི་རྣམ་པ་དག་གིས་བློ་གཉིས་གང་ཡོད་པ་དེ་ལ་

དེ་སྐད་ཅེས་བྱའོ། །བ་ལང་ལ་སོགས་པ་འདིའི་བདག་ཉིད་དེ། རང་བཞིན་གང་ཞིག་གཞན་བརྟེན་པ་དང་ཐུན་མོང་མ་ཡིན་པ་རང་གི་ངོ་བོ་དེ་ཉིད་བདག་ཉིད་ཇི་ལྟ་བུའི་སྒྲས་བརྗོད་པ་ཡིན་གྱི་ཞེས་འཆད་པར་འགྱུར་བ་དང་སྦྱར་རོ། །གང་ཞིག་སྟེ་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་དོན་ཏོ། །

མདུན་དུ་བྱས་ནས་ཞེས་བྱ་བ་ནི་དམིགས་པར་བྱས་ནས། ཁྱད་པར་ཅན་གྱི་དོན་བྱེད་པར་དོན་དུ་གཉེར་བའོ། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བ་ལང་གི་རྨོ་བ་དང་བཞོ་བ་ལ་སོགས་པ་དོན་དུ་གཉེར་བ་དག་གིས་བ་ལང་ཉིད་མདུན་དུ་བྱས་ནས་འདུག་པ་ལྟ་བུའོ། །

གཞན་ལ་སྲིད་པའི་ཞེས་བྱ་བ་ནི་བ་ལང་ལས་གཞན་པ་རྟ་ལ་སྲིད་པའི་དོན་ལ་ནི་དོན་དུ་གཉེར་བས་བ་ལང་ལ་མདུན་དུ་བྱས་ནས་མི་འཇུག་པར་འགྱུར་རོ་ཞེས་ངག་གི་དོན་ལ་སྦྱར་བར་བྱའོ། །གཞན་ལ་སྲིད་པའི་དོན་ཡང་ཅི་ཞིག་ཡིན་ཞེ་ན། དཔེར་ན་གཡུལ་དུ་འཇུག་པ་ལྟ་བུའོ་

ཞེས་སྨྲས་སོ། །བདག་ཉིད་ཇི་ལྟ་བུ་ཞེས་བྱ་བ་ནི་ངག་གི་སྒྲ་གང་ཞིག་རྗོད་པར་བྱེད་པ་ཡིན་གྱི། རྫས་ཉིད་ལ་སོགས་པ་བརྗོད་པ་ནི་མ་ཡིན་ནོ་ཞེས་རྟགས་རྣམ་པར་བསྒྱུར་བར་བྱས་ནས་སྦྱར་བར་བྱའོ། །བ་ལང་ལ་སོགས་པའི་ཐ་དད་པ་བ་ལང་ལ་སོགས་པའི་སྒྲས་དེ་བརྗོད་ཅིང་བསྟན་

པ་ན། དེའི་ཚེ་ཞེས་བྱ་བའི་དོན་བྱེད་པ་དོན་དུ་གཉེར་བ་འཇུག་པའི་དུས་སུ་ཐོབ་པར་མངོན་པར་འདོད་པ་ཉིད་མེད་པའི་ཕྱིར་ཏེ། བ་ལང་ཉིད་ལ་སོགས་པའི་སྤྱི་ལ་ཞེས་རྣམ་པར་དབྱེ་བ་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །བདེན་ཏེ་དོན་བྱེད་པ་དོན་དུ་གཉེར་བ་དག་གིས་བ་ལང་ལ་

སོགས་པའི་ཁྱད་པར་བརྗོད་པ་ན། ཁྱད་པར་དེ་དག་ཀྱང་རྫས་ཉིད་ལ་སོགས་པའི་ངོ་བོར་ཐ་དད་པ་མེད་པ་དེ་བས་ན། གཉི་གའི་བདག་ཉིད་ཅན་གྱི་དངོས་པོ་བརྗོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བ་ལང་ལ་སོགས་པ་ལ་རྗེས་སུ་ཞུགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གྲངས་ཅན་དག་ཐ་དད་

เล่ม ๑๗๖ · หน้า 207a

པ་མེད་པར་སྨྲ་བས་བ་ལང་ལ་སོགས་པའི་ཁྱད་པར་དག་ལ་སྤྱི་རྗེས་སུ་ཞུགས་ཤིང་། དེའི་བདག་ཉིད་ཀྱིས་གནས་པའི་ཕྱིར་ཏེ། བ་ལང་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱད་པར་གྱི་རང་བཞིན་ཉིད་སྤྱི་ཡིན་པར་འདོད་དོ་ཞེ་

ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་བདག་ཉིད་དུ་གྱུར་པ་དག་གིས་ཞེས་བྱ་བ་བ་ལང་ལ་སོགས་པའི་རང་བཞིན་གྱི་སྤྱི་དག་ནི། བ་ལང་ལ་སོགས་པ་དང་འདྲ་བར་རྗེས་སུ་བ་མེད་པའི་གཏན་ཚིགས་ཀྱིས་བ་ལང་ལ་སོགས་པའི་ཁྱད་པར་བརྗོད་པ་དེ་ལ་གཉི་གའི་ངོ་བོ་ཉིད་

མེད་པ་སྟེ། སྤྱི་དང་ཁྱད་པར་གྱི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། ཁྱད་པར་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཁྱད་པར་ཁོ་ན་བརྗོད་པ་ཡིན་ནོ། །དེ་ཉིད་ནི་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་འདི་ཡང་གཞན་དང་ཐུན་མོང་

མ་ཡིན་པའི་དངོས་པོ་དེའི་བདག་ཉིད་དུ་འགྱུར་བ་དག་ལ་ཡང་ཐ་དད་པ་དང་ཐ་དད་པ་མེད་པའི་རྣམ་པ་རྣམས་ཀྱིས་བརྒལ་ཅིང་བརྟགས་པ་ཡིན་ནོ། །གཞན་སེལ་བ་སྨྲ་བ་དག་ཀྱང་རང་གི་མཚན་ཉིད་ལ་ཡང་ལྡོག་པའི་མཚན་ཉིད་རྫས་ཉིད་ལ་སོགས་པ་ཐ་དད་པ་མེད་པར་འདོད་པ་དེ་

བས་ན། ཁྱད་པར་དང་ཤིན་ཏུ་ཐ་དད་པ་འགལ་ལོ་ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་བྱ་བ་བྱེད་པའི་དོན་དེ་ནི་ངོ་བོ་ཉིད་ཀྱིས་ཐ་དད་པར་གནས་པ་ཡིན་དུ་ཟིན་ཀྱང་ལྡོག་པའི་མཚན་ཉིད་ཅན་གྱི་རྫས་ཉིད་ལ་སོགས་པ་ཐ་དད་པ་མེད་པ་དང་ཁྱད་པར་འདི་ལ་འགལ་བ་མེད་

པ་ཁོ་ན་ཡིན་ཏེ། དེ་ནི་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་རྣམས་ནི་དོན་དམ་པར་ཐ་དད་པ་ཡིན་ཞིང་གཅིག་པ་ཉིད་དུ་ཉེ་བར་བརྟགས་པ་ཡིན་ཏེ། རྣམ་པ་འདི་ཉིད་ཀྱིས་ཀྱང་ཁོ་བོ་ཅག་ཐ་དད་པ་དང་ཐ་དད་པ་མེད་པར་འདོད་དོ། །དེ་ཉིད་བསྟན་པར་བྱ་བའི་

ཕྱིར་ལྡོག་པ་ཞེས་བྱ་བ་ལ་སོགས་པ་ལ་སྨོས་ཏེ། ལོག་པའི་མཚན་ཉིད་ཅན་གྱི་ཁས་བླངས་སོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ལྡོག་པའི་ངོ་བོ་སྤྱིས་ཐ་དད་པ་མེད་པ་ནི་མ་ཡིན་གྱི། འོན་ཀྱང་སྤྱི་དངོས་པོར་གྱུར་པ་ཁོ་ནས་ཡིན་ནོ་ཞེ་ན། སྤྱིའི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་

เล่ม ๑๗๖ · หน้า 207b

ཏེ། སྤྱི་དངོས་པོར་གྱུར་པའོ། །ཐ་དད་པ་མེད་པ་ཞེས་བྱ་བ་གསལ་བ་དག་ལས་དོན་གཞན་དུ་འགྱུར་བ་མེད་པའོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་ཁྱད་པར་དག་ནི་སྤྱི་ལས་ཐ་དད་པ་མེད་པའི་ཕྱིར་གཅིག་པ་ཉིད་དམ་ཁྱད་པར་དང་འདྲ་བར་ཡང་དུ་མ་ཉིད་དུ་འགྱུར་རོ་ཞེས་གོང་དུ་བཤད་ཟིན་

ཏོ། །སྤྱི་ཁས་བླངས་ནས་ཁྱད་པར་དག་གཅིག་ཉིད་དུ་ནི་བརྗོད་པ་མ་ཡིན་གྱི་འོན་ཀྱང་ཁྱད་པར་གང་ཡིན་པ་དེ་ཐ་དད་པ་མེད་པ་ཡིན་ནོ་ཞེ་ན། རང་གི་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གྱི་ངོ་བོ་རང་གི་བདག་ཉིད་ཀྱིས་བ་ལང་ལ་སོགས་པ་ཐ་དད་པ་མེད་པ་ལ། བ་ལང་

གི་རྫས་དེའི་རྒྱུ་གང་ལ་དོན་བྱེད་པ་རྨོ་བ་དང་བཞོ་བ་ལ་སོགས་པའི་མཚན་ཉིད་ཡོད་པ་དེ་ལ་དོན་དུ་གཉེར་བ་སྟེ་སྐྱེས་བུའོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་བ་ལང་དང་རྟ་ཞེས་བྱ་བའོ། །མཚུངས་པར་ཞེས་བྱ་བ་ནི་གཉི་ག་ལ་དེའི་ངོ་བོར་ངེས་པའོ། །འདི་ལྟར་བ་ལང་གི་དངོས་པོ་གཅིག་

ཀྱང་རྒྱུ་ཉིད་དུ་འདོད་ན་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དོན་གྱི་བྱ་བ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེའི་ནི་དོན་གྱི་བྱ་བ་རྨོ་བ་དང་བཞོ་བའི་རང་བཞིན་བྱེད་པ་ཡིན་ལ། དེ་ལས་གཞན་ལ་ཡང་སྟེ་བ་ལང་གི་རྫས་དེ་ལས་གཞན་པ་རྟ་ཡང་རྨོ་བ་བཞོ་བ་ལ་སོགས་བྱེད་པའི་རང་བཞིན་ཅན་དུ་

མཚུངས་པའི་ཕྱིར། རྟ་དེ་ཡང་བ་ལང་གི་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ཅིའི་ཕྱིར་མི་བྱེད། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་དོན་ཐམས་ཅད་ཐ་དད་པར་བསྒྲུབས་པས་སོ། །མཁའ་གོས་ཅན་ནི་ངོ་ཚ་དང་བྲལ་ཞིང་ངོ་ཚ་མེད་པ་སྟེ། ནམ་མཁའི་གོས་ཅན་ནོ། །མི་རིགས་པ་བརྗོད་པ་ནི་སྨད་

པར་བྱ་བ་ཉིད་ཡིན་པའི་ཕྱིར་ཅི་ཡང་ཞེས་བྱ་བ་སྨོས་སོ། །རིགས་མིན་གྲོང་བ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་རང་བཞིན་མ་ཡིན་ཏེ་གསལ་བ་ཡིན་ནའོ། །ཅིའི་ཕྱིར་ཞེ་ན། མཐའ་གཅིག་པ་ཉིད་སྲིད་ཕྱིར་རོ། །མཐའ་

གཅིག་ཉིད་ནི་ཤིན་ཏུ་ཐ་དད་པའི་རྣམ་པའོ། །རྔ་མོ་ནི་ཞོར་འགྱུར་ཏེ་རང་གི་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཞོར་མི་འགྱུར་བ་ནི་གནས་སྐབས་ཐ་དད་པའི་ཕྱིར་རོ། །མི་རིགས་པའི་རྣམ་པར་བཤད་པ་མི་འཚམ་པ་ཞེས་བྱ་བ་དེ་ནི་རིགས་པ་མེད་པ་ཉིད་ཀྱི་ཕྱིར་མཁས་པའི་སྐྱེ་བོར་

เล่ม ๑๗๖ · หน้า 208a

མི་རུང་བ་ཉིད་ཀྱིས་གྲོང་བ་ཡིན་ནོ་ཞེས་བསམས་པའོ། །མི་རིགས་ཞེས་བྱ་བ་ནི་གྲོང་བའི་རྣམ་གྲངས་ཡིན་པའི་ཕྱིར་བླང་བར་བྱ་བ་དང་དོར་བར་བྱ་བ་མེད་པ་སྟེ། དོར་བ་མེད་པ་དང་བླང་བ་མེད་པའོ། །ཅིའི་ཕྱིར་ཞེ་ན། ཡོངས་སུ་མཐར་ཕྱིན་པ་མེད་པའི་ཕྱིར་རོ། །

གལ་ཏེ་ཅུང་ཞིག་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་ངེས་ཤིང་གཞན་ཡང་སྡུག་བསྔལ་གྲུབ་པར་བྱེད་པ་ཉིད་དུ་ངེས་པ་དེའི་ཚེ། གོ་རིམས་བཞིན་དུ་བླང་བར་བྱ་བ་དང་དོར་བར་བྱ་བ་ཉིད་དུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་ཏེ་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་ལ་

ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་འཁྲུལ་པ་སྟེ། མཐའ་གཅིག་གཟུང་བ་ཉིད་དུ་མི་ནུས་པའི་ཕྱིར་རོ། །དེའི་རྗེས་སུ་འགྲོ་བ་ཡང་སྟེ། རང་བཞིན་ཐ་དད་པའི་ཕན་ཚུན་རྗེས་སུ་འགྲོ་བའི་ངོ་བོ་ཡིན་ཡང་། ཐམས་ཅད་གཉི་གའི་ངོ་བོ་ཉིད་དེ་གཉི་ག་

སྨོས་པ་ནི་དུ་མ་ཉིད་ཉེ་བར་མཚོན་པའོ། །དེ་ལྟ་ཡིན་ན་དེའི་ཁྱད་པར་ཏེ་རྔ་མོ་ནི་རྔ་མོ་ཁོ་ན་ཡིན་གྱི་ཞོ་མ་ཡིན་ལ། ཞོ་ནི་ཞོ་ཁོ་ན་ཡིན་གྱི་རྔ་མོ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་མཚན་ཉིད་སྤངས་པའི་ཕྱིར་རོ། །སྐྱེས་བུ་འདི་སྐད་དུ། ཞོ་འཐུང་ཞེས་ནི་བརྗོད་པ་ན། །ཅིའི་ཕྱིར་རྔ་མོ་བཟའ་བའི་

ཕྱིར་འགྲོ་བར་མི་བྱེད། རྔ་མོ་ཡང་རྣམ་པ་འགའ་ཞིག་གིས་ཞོར་འགྱུར་ཞིང་རྔ་མོ་དེ་ཉིད་ཀྱང་རྔ་མོར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་སྨྲ་བ་ཡིན་ནོ། །གང་གིས་ཞོ་ལ་སོགས་པ་གཞན་ཡང་རྔ་མོར་འགྱུར་རོ། །དེ་བཞིན་དུ་ཞོ་ཡང་རྔ་མོར་འགྱུར་ན་ཞོ་དེ་ཉིད་ཀྱང་ཞོ་མ་

ཡིན་ཏེ། གང་གིས་རྔ་མོ་ལ་སོགས་པ་གཞན་ཡང་ཞོར་འགྱུར་རོ། །དེས་ནི་ཐམས་ཅད་གཉི་གའི་ངོ་བོ་ཉིད་ཡིན་པ་བཤད་པ་ཡིན་ནོ། །དེའི་ཁྱད་པར་གསལ་བའི་ཕྱིར་ཞེས་བྱ་བ་དེ་ནི་དེ་བས་ན་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཞོ་དང་རྔ་མོ་དག་གི་

ཁྱད་པར་རྣམ་པ་གཉིས་སུ་འགྱུར་ཏེ། གལ་ཏེ་ཞོའི་ངོ་བོ་མེད་པ་རྔ་མོར་འགྱུར་བའམ། རྔ་མོའི་རང་གི་ངོ་བོ་ཞོ་ལ་ནི་མི་སྲིད་ཀྱི། རྔ་མོའི་རང་གི་ངོ་བོ་ཁོ་ན་ལ་ངེས་པར་འགྱུར་རོ། །དེ་བཞིན་དུ་ཞོ་ལ་ཡང་བརྗོད་པར་བྱའོ། །རེ་ཞིག་དང་པོ་ཇི་སྲིད་པ་དེ་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་

เล่ม ๑๗๖ · หน้า 208b

པས་སྟོན་པར་བྱེད་དེ། དེ་བས་ན་འདི་ལྟར་ཞོ་དང་རྔ་མོ་དག་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཞེས་བྱ་བར་སྦྱར་རོ། །གཅིག་ལ་ཡང་ཞེས་བྱ་བ་ནི་ཞོའམ་རྔ་མོ་ལའོ། །དེའི་ངོ་བོ་འགའ་ཞིག་མེད་པ་སྟེ། ཞོའི་ངོ་བོ་མེད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་པ་ཡང་མེད་

པ་ནི་དེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེར་འགྱུར་བ་མ་ཡིན་པ་ནི་རྔ་མོའི་རང་གི་ངོ་བོ་ཞོར་འགྱུར་བ་མ་ཡིན་པའམ། ཞོའི་རང་གི་ངོ་བོ་རྔ་མོར་འགྱུར་བ་མ་ཡིན་པ་སྟེ། རྔ་མོའི་རང་གི་ངོ་བོ་ལ་ངེས་པ་དང་ཞོའི་རང་གི་ངོ་བོ་ལ་ངེས་པ་མེད་པའི་ཕྱིར་རོ། །ཅི་སྟེ་ཞོ་དང་རྔ་མོ་དག་ལ་ཕུལ་

དུ་འབྱུང་བ་འགའ་ཞིག་ཡོད་ལ། ཕུལ་དུ་བྱུང་བ་གང་གིས་ཞོ་འཐུངས་ཤིག་ཅེས་བརྗོད་པ་ན། སྐྱེས་བུ་ཁྱད་པར་གྱིས་འཇུག་པར་འགྱུར་བ་སྟེ། རྔ་མོ་ཡོངས་སུ་སྤངས་ནས་ཞོ་ཉིད་ལ་འཇུག་པར་འགྱུར་རོ། །ཕུལ་དུ་བྱུང་བ་དེ་ཉིད་ཞོ་ཡིན་ཏེ། གཞན་ལ་ཞེས་བྱ་བ་ནི་རྔ་མོ་ལ་

མེད་པའི་ཕྱིར་རོ། །གཉི་ག་མེད་པ་སྟེ། དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པར་ཕྱེ་བའོ། །དེ་ཉིད་ནི་མཆོག་སྟེ། དོན་དམ་གཅིག་ཉིད་དུ་བརྟགས་པའོ། །ཞོ་ལས་རྔ་མོ་ལ་སོགས་པ་གཞན་ཡིན་ཏེ། གཉི་གའི་ངོ་བོ་མེད་པ་ཞེས་བཤད་པར་བྱའོ། །འདི་དག་ལ་ཞེས་བྱ་བ་ནི་

ཞོ་དང་རྔ་མོ་དག་ལའོ། །འདི་སྐད་དུ་བརྗོད་པ་ནི་ཞེས་བྱ་བ་ནི་ཞོ་འཐུངས་ཤིག་ཅེས་བརྗོད་པ་ནའོ། །འོ་མ་ནི་རྣམ་པར་འགྱུར་བ་ཞོ་ལ་ཡིན་གྱི། གཞན་ལ་ཞེས་བྱ་བ་རྔ་མོ་ལ་མ་ཡིན་ཏེ། ཕུལ་དུ་བྱུང་བ་དེ་ཉིད་ནི་ཞོ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞེ་ན། དོན་བྱེད་པ་དོན་དུ་གཉེར་བའི་

འཇུག་པའི་ཡུལ་ཏེ། དོན་བྱེད་ཞོ་བསྒྲུབ་པ་གང་ཡིན་པ་དེས་སྐྱེས་བུ་དོན་དུ་གཉེར་བ་ལ་དེ་འཇུག་པའི་ཡུལ་ལོ། །ཅིའི་ཕྱིར་ཞེ་ན། དེ་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། ཞོ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར། འབྲས་བུའི་ཁྱད་པར་ཏེ་དེ་ཡང་ཡིན་ལ་འབྲས་བུའི་

ཁྱད་པར་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཉེ་བར་ལེན་པའི་སྐྱེས་བུའི་ངོ་བོ་སྟེ། རྒྱུའི་ངོ་བོས་མཚོན་པའི་རང་བཞིན་དངོས་པོ་གང་ལ་ཡོད་པ་དེ་ཉིད་ཞོ་ཡིན་པའི་ཕྱིར་རོ། །དེ་འདྲའི་རང་བཞིན་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཞོའི་རང་བཞིན་ནོ། །གཞན་ལ་ཞེས་

เล่ม ๑๗๖ · หน้า 209a

བྱ་བ་ནི་རྔ་མོ་ལའོ། །ཅིའི་ཕྱིར་ཞེ་ན། ཞོ་དོན་དུ་གཉེར་བ་ནི་རྔ་མོ་ལ་འཇུག་པ་མེད་པའི་ཕྱིར་རོ། །བློ་སྒྲ་སྟེ་ཤེས་པ་དང་བརྗོད་པ་ནི་དོན་ངེས་པ་ཅན་གྱིས་ཐ་དད་པར་མི་འགྱུར་རོ། །དེ་མེད་པའི་ཕྱིར་ཏེ་བློ་དང་སྒྲ་ཐ་དད་པ་མེད་པའི་ཕྱིར་གཅིག་ཏུ་བྱེད་པར་སྨྲ་བ་འདི་ལ་

སྲིད་པ་མ་ཡིན་ནོ། །ཐ་དད་པར་གཟུང་ཞིང་མཉན་པ་དག་ནི་རྔ་མོ་ནི་ཞོར་འགྱུར་ཞེས་བྱ་བ་ལ་སོགས་པ་གཅིག་ཏུ་བསྡུས་པ་ན་ཉེ་བར་འགྱུར་རོ་ཞེ་ན། དེ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འགའ་ཞིག་ལ་ཡང་ཞེས་བྱ་བ་ནི་ཞོའམ་རྔ་མོ་ལ་སྟེ། སོ་སོའི་ངེས་པའི་

རྣམ་པ་གཅིག་མཐོང་བའི་ཇི་ལྟར་བློས་དོན་ལ་མོས་པའམ་བརྗོད་པར་འགྱུར་ཞེས་བྱ་བར་སྦྱར་རོ། །བློ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། རྣམ་པ་གཞན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ལ་རྣམ་པ་གཞན་དང་འདྲེ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བློ་གང་ལ་དེ་ཡོད་ཅིང་

དེ་རྣམ་པ་གཞན་དང་འདྲེས་པ་མེད་པ་དང་ལྡན་པ་ཅན་ནོ། །དོན་ཐ་དད་པ་འཛིན་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བརྗོད་པར་འགྱུར་བའི་དོན་སོ་སོར་ངེས་པའི་སྒྲས་ཞེས་བྱ་བར་བསམས་པའོ། །ཅིའི་ཕྱིར་མོས་པར་མི་བྱེད་ཅེ་ན། དངོས་པོ་རྣམས་ཀྱིས་རྣམ་པར་དབྱེ་བ་མེད་པའི་

ཕྱིར་ཞེས་བྱ་བ་སྨོས་སོ། །དེས་བསྡུས་པ་སྨྲ་བ་ཞེས་བྱ་བ་ནི་ཐ་དད་པ་བསྡུས་པ་སྨྲ་བ་རྔ་མོ་ཞོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་མི་འགྱུར་རོ། །གཞན་ཡང་ཞོ་དང་རྔ་མོ་མ་འདྲེས་པ་དག་རྟོགས་ནས་རྔ་མོར་འགྱུར་ཞིང་ཞོར་འགྱུར་རོ་ཞེས་སྡུད་པར་བྱེད་པ་དེའི་ཚེ་ཡང་། རྔ་མོའི་ངོ་བོའམ་

ཞོའི་ངོ་བོ་གཅིག་དང་འདྲེས་པ་ཅན་གྱི་བློ་སྟེ། རྣམ་པར་འདྲེས་པ་མེད་པ་ཅན་ནི་ཞོ་དང་རྔ་མོ་འགའ་ཞིག་ལ་སོ་སོར་ངེས་པའི་ཕྱིར་རོ། །དེའི་སྣང་བའི་ཁྱད་པར་གྱིས་བྱས་པ་ཉིད་ཀྱིས་ཏེ། བློ་ལ་སྣང་བའི་ཁྱད་པར་གྱིས་བྱས་པ་ཉིད་ཀྱིས་ཞོ་དང་རྔ་མོའི་ངོ་བོ་དེ་དག་ནི་རང་བཞིན་ཐ་དད་པར་

འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ཐ་དད་པ་ནི་དུ་མའི་ཐ་སྙད་ཀྱི་ཡུལ་ཡིན་ལ་སྣང་བ་ཐ་དད་མེད་པ་ལ་ནི་གཅིག་གི་ཐ་སྙད་ཀྱི་ཡུལ་ཡིན་ནོ་ཞེས་སྦྱར་བར་བྱའོ། །སྣང་བ་ཐ་དད་པའི་ཡུལ་དག་ཀྱང་ཞོ་དང་རྔ་མོ་དག་ཡིན་ནོ། །དེ་ལྟར་ན་

เล่ม ๑๗๖ · หน้า 209b

གཅིག་པོ་སྟེ། རྔ་མོ་ལ་ནི་ཞོ་ནི་དེ་གཉི་གའི་ངོ་བོ་མ་ཡིན་ཏེ། ཞོ་དང་རྔ་མོའི་བདག་ཉིད་ཀྱི་ངོ་བོ་གང་ལ་གཉི་ག་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ནི་ལོག་པར་སྨྲ་བ་ཡིན་ཏེ། འགྱུར་བར་སྨྲ་བའོ། །ཐ་དད་པའི་མཚན་ཉིད་ཅེས་བྱ་བ་ནི་ལྡོག་པའི་མཚན་ཉིད་དོ། །ངོ་བོ་ཉིད་ནི་རང་

བཞིན་གྱིས་སོ། །སོགས་པའི་སྒྲས་ནི་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་པ་ཅན་ནོ། །དངོས་པོ་རྣམས་ཀྱི་ཞེས་བྱ་བ་གཞན་གྱི་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཐ་དད་པ་ནི་ངོ་བོ་ཉིད་ཀྱིས་གཞན་ལས་ལྡོག་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ནུས་པ་མེད་པ་ཞེས་བྱ་བ་དག་ལའོ། །

ཇི་ལྟར་བཞིན་ཐ་དད་པའི་ཡུལ་ཅན་ཏེ། ལྡོག་པའི་ཡུལ་ཅན་གྱི་སྒྲ་གཞན་སེལ་བ་སྨྲ་བར་བརྗོད་པར་མི་ནུས་ལ། ཉེ་བར་བརྗོད་པ་མེད་པ་དག་ལ་སྒྲ་རྣམས་འཇུག་པར་མི་འགྱུར་རོ་སྙམ་ན། གང་གི་ཕྱིར་དེ་དག་ལ་ཡང་གདོན་མི་ཟ་བར་སྒྲ་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་

དང་སྒྲའི་ཡུལ་ཉིད་དུ་རྣམ་པ་འབའ་ཞིག་གིས་རྣམ་པར་མ་བཞག་པ་དག་ལ་སྟེ། ཉེ་བར་བརྗོད་པ་མེད་པ་ཞེས་བྱ་བའི་དོན་ཐམས་ཅད་ལ་སྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་གལ་ཏེ་འགའ་ཞིག་ཏུ་མེད་པའི་རྣམ་པ་བཀག་པས་ཤེས་པ་བརྗོད་པར་འགྱུར་བ་དེའི་ཚེ། བཀག་པའི་རྣམ་

པ་སྤངས་པའི་དོན་ནི་བསྒྲུབ་པར་འགྱུར་རོ་ཞེ་ན། དེ་ལྟར་ཞེས་བྱ་བ་སྒྲུབ་པ་དང་དགག་པར་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་སྒྲུབ་པ་དང་དགག་པའི་རྟེན་གྱི་ཐ་སྙད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐ་སྙད་དེ་ཉིད་མེད་པ་ནི་མེ་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ།

མེ་ནི་དྲོ་བའི་རང་བཞིན་ནི་ཡིན་ནོ་ཞེས་བྱ་བ་རྗེས་སུ་འགྲོ་བའི་རྟེན་པ་ཅན་གྱི་ཐ་སྙད་ཡིན་ནོ། །དྲོ་བ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པའི་རྟེན་ཅན་ནོ། །ཐ་སྙད་འདི་ཡང་འཇིག་རྟེན་ལ་རབ་ཏུ་གྲགས་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་གི་སྒྲ་སྨོས་ཏེ། དྲོ་བའི་ཐ་སྙད་ནི་དྲོ་

བ་མེད་པ་རྣམ་པར་གཅད་པས། དྲོ་བ་མེད་པའི་མཚན་ཉིད་དེ་ཡང་རྣམ་པ་འགའ་ཞིག་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །དེ་རྣམ་པར་བཅད་ནས་ཇི་ལྟར་དྲོ་བ་རྣམ་པར་གཞག་པ་ཡིན་ཞེ་ན། དེ་ནི་རང་བཞིན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲོ་བ་མེད་པ་ཁོ་ན་དྲོ་བའི་རང་བཞིན་

เล่ม ๑๗๖ · หน้า 210a

ལས་དོན་གཞན་མཚན་ཉིད་མེད་པ་ཡིན་ཏེ། དེ་སྤངས་པའི་ཚུལ་གྱིས་ཞེས་བྱ་བས་རང་བཞིན་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མེད་པ་ཞེས་བྱ་བ་དེ་འཐད་ཀྱི། རང་གི་ངོ་བོ་ཁྱད་པར་གྱི་རང་བཞིན་གཞན་ནི་མ་ཡིན་ནོ། །རྣམ་པ་འགའ་ཞིག་གིས་ཀྱང་རྣམ་པར་རྟོག་པའི་བློ་

དང་སྒྲའི་ཡུལ་ཉིད་དུ་རྣམ་པར་གཞག་པ་མེད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་མེ་མེད་པ་རྟོགས་པ་མེད་པའི་ཕྱིར། རྣམ་པར་གཅོད་པའི་མཚན་ཉིད་མེའི་རང་བཞིན་རྟོགས་པ་མེད་པ་སྟེ། དཔེར་ན་མེའི་རང་བཞིན་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡིན་པ་དེ་བས་ན་འགྲོ་

བ་རྨོངས་ཤིང་ངེས་པ་མེད་པའི་ངོ་བོར་འགྱུར་རོ། །དེ་ལྟར་གྱུར་ན་མེ་ལ་སོགས་པ་དེ་ལ་འགའ་ཞིག་མེད་པ་མ་ཡིན་པ་གང་གིས་མེད་དུ་ཟིན་ཀྱང་གདོན་མི་ཟ་བར་སྒྲ་འཇུག་པར་འགྱུར་རོ་ཞེས་བརྒལ་བ་ཡིན་ཏེ། འོན་ཀྱང་དྲོ་བ་མ་ཡིན་པའི་རེག་བྱ་ཞེས་བྱ་བའི་དངོས་པོ་ཡོད་པ་ཁོ་ན་མེ་ལས་

དོན་གཞན་དུ་འགྱུར་བ་དགག་པ་ཡིན་ནོ། །དྲོ་བ་ནི་མེ་ཡིན་གྱི་དྲོ་བ་མེད་པ་ནི་མ་ཡིན་པའམ། མེ་ལ་དྲོ་བ་མ་ཡིན་པའི་རེག་པ་མེད་དོ་ཞེས་དེ་ལྟར་བཀག་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་པ། ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ཡོད་པ་ཁོ་ན་ཞེས་བྱ་བའི་ཚིག་

ལས་ཡོད་པ་ཉིད་དུ་འདོད་པ་ཡིན་ལ། འགོག་པར་བྱེད་ཅེས་བྱ་བ་མེད་པ་ཉིད་ཡིན་ན། ཇི་ལྟར་གཅིག་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ཡིན་ཞེ་ན། ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ་དེ་ལ་མེ་ལ་དྲོ་བ་མེད་པ་མེད་དོ་ཞེས་བྱ་བ་འདིས་ཐམས་ཅད་ལ་དྲོ་བ་མེད་པ་

མེད་པ་ཉིད་དོ་ཞེས་མི་སྨྲ་ལ། དེ་སྐད་དུ་སྨྲས་པ་ན་ཡོད་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། ཡང་ཐམས་ཅད་ལ་ཡོད་པ་ཉིད་བཀག་པ་ནི་ཆོས་ཐམས་ཅད་བཀག་པ་སྟེ། གཅིག་ལ་ཡོད་པ་དང་མེད་པ་ཉིད་ཁས་བླངས་པར་འགྱུར་རོ། །མེ་དེ་འབའ་ཞིག་ལ་དྲོ་བ་མེད་པ་མེད་དོ་ཞེས་སྨྲའོ། །

དེ་བས་ན་གཞན་ལ་ཡོད་པ་དང་གཞན་ལ་མེད་པ་ཉིད་ནི་འགལ་བ་ཡོད་པ་མ་ཡིན་ནོ། །འདི་ཉིད་ཀྱི་རིགས་པ་ཡང་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་འགོག་པ་ནི་འདི་ན་མེད་དོ་ཞེས་བྱ་བ་ཡིན་ནོ། །དུས་ནི་ད་ལྟ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །ཆོས་ནི་རྣམ་པ་འདིས་

เล่ม ๑๗๖ · หน้า 210b

ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆོས་ཅན་འགོག་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་བཀག་ན་སྟེ་ཆོས་ཅན་བཀག་ན། དེའི་ཡུལ་ཏེ་ཆོས་ཀྱི་ཡུལ་ཅན་གྱི་སྒྲ་ཡུལ་མེད་པ་ཅན་ཉིད་ཀྱིས་འཇུག་པ་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་ཅན་གྱི་སྒྲ་འཇུག་པ་མེད་པའི་ཕྱིར་གང་ལ་ཡུལ་མ་བསྟན་

པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་རོ། །འདི་ན་འདི་མེད་དོ་ཞེས་བྱ་བ་གདོན་མི་ཟ་བར་འདི་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དགག་པའི་ཡུལ་ལ་ཉེ་བར་དགོད་པར་བྱའི། གཞན་དུ་ན་ཡུལ་གང་ལ་འདི་དགག་པ་ཡིན་ཞེས་བྱ་བ་ཤེས་པར་མི་འགྱུར་རོ། །དེས་ཀྱང་གསལ་

བར་བྱེད་པ་ལ་སོགས་པའི་གཞུང་ཐམས་ཅད་ཕྱོགས་སྔ་མར་བྱས་པའི་སྒོ་ནས་སུན་དབྱུང་བར་བྱ་བའི་ཕྱིར་དགོད་པ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་སོགས་པ་ནི་འདྲི་བར་བྱེད་པའོ། །དེ་ལ་ཞེས་བྱ་བ་ནི་ཡུལ་དང་དུས་དང་ཆོས་བཀག་པའོ། །ཡུལ་ལ་སོགས་པ་དག་ཅེས་བྱ་བ་ལ་སོགས་

པའི་སྒྲས་ནི་དུས་གཟུང་ངོ་། །གསལ་བ་ཐ་དད་པའི་ཕྱིར་མང་པོའི་ཚིག་ཡིན་ནོ། །དོན་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཡིན་གྱི་དོན་གྱི་སྒྲས་ཆོས་ཅན་བསྟན་པ་ནི་མ་ཡིན་ཏེ། གཞན་ཡང་ཆོས་ཅན་འགོག་པར་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་པའི་ཆོས་ཅན་

འགོག་པར་མི་བྱེད་ཅིང་ཡུལ་ལ་སོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་རི་བོང་གི་རྭ་མེད་དོ་ཞེས་རི་བོང་གི་རྭ་དང་ལྷན་ཅིག་འབྲེལ་པ་གང་ཡིན་པ་དེ་བཀག་པ་ཡིན་ནོ་ཞེ་ན། དེ་བཀག་ན་ཡང་ཞེས་བྱ་བ་ནི་འབྲེལ་པ་བཀག་པ་ན་ཡང་ཉེས་པ་མཚུངས་པ་ཡིན་ཏེ། ཆོས་ཅན་དང་འདྲ་བའི་

འབྲེལ་པ་ཡང་བཀག་པའི་ཕྱིར་རོ། །དེ་ཉིད་ནི་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྒྲུབ་པར་བྱེད་དེ། འབྲེལ་པ་མེད་པའི་སྒྲ་འཇུག་པར་མི་འགྱུར་རོ། །སོགས་པའི་སྒྲས་ནི་ཡུལ་མ་བསྟན་པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་རོ། །ཡང་ན་ཉེས་པ་མཚུངས་པ་ཡིན་ཏེ། ཇི་

ལྟར་ཞེ་ན་བཀག་པ་ཡིན་ཏེ་མེད་པ་གང་ཡིན་པ་དེ་ཁྱེད་ཉིད་ཀྱིས་བཀག་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །ཇི་ལྟར་བཀག་པ་ཡིན་ཞེ་ན། མེད་པ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པས་འབྲེལ་པ་འདི་བཀག་པ་དེ་དང་འདྲ་སྟེ། འབྲེལ་པ་དང་འདྲ་བར་ཆོས་ཅན་ཡང་བཀག་པ་ཡིན་

เล่ม ๑๗๖ · หน้า 211a

ནོ། །འབྲེལ་བ་ཞེས་བྱ་བ་ལ་སོགས་པ་ལ་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རང་གི་སྒྲས་འབྲེལ་པ་བཀག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ས་ཕྱོགས་འདི་ན་དུས་ད་ལྟ་ནི་དེ་ལྟ་བུའི་བུམ་པ་མེད་དོ་ཞེས་བསྟན་པ་ན་ཡུལ་ལམ་དུས་འདི་དང་བུམ་པ་འབྲེལ་པ་ཡོད་

པ་མ་ཡིན་ནོ་ཞེས་རྟོགས་སོ། །དེ་ལྟར་ན་དེ་ལྟ་བུ་མེད་པའི་རྣམ་པ་འདིས་བུམ་པ་མེད་དོ་ཞེས་བསྟན་པ་ན། དེ་དང་ལྡན་པའི་ཆོས་ནུས་པ་མེད་དོ་ཞེས་རྟོགས་པར་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་རྟོགས་པ་ཡོད་ནའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ་འདི་ན་ཞེས་བྱ་བ་ལ་སོགས་པ་

ལས་འདི་ན་བྱ་བ་ལ་སོགས་པས་ཀྱང་ཇི་སྲིད་སྐྱེས་བུ་འདི་ལ་འབྲེལ་པའམ་ཆོས་ཡོད་པ་མ་ཡིན་ནོ་སྙམ་པའི་བློ་སྟེ། འདི་ན་འདི་མེད་དོ་ཞེས་བྱ་བའི་དགག་པ་ལ་འབྲེལ་པ་མེད་དོ་སྙམ་པའི་བློ་དང་། དེ་ལྟ་བུ་མེད་དོ་ཞེས་བཀག་པ་ལ་ཆོས་མེད་དོ་སྙམ་པའི་བློར་མི་འགྱུར་ན། ཇི་ལྟར་བཀག་པ་ཡིན།

ཆོས་བཀག་པ་ན་ཡང་འབྲེལ་པ་བཀག་པ་ཁོ་ན་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་འབྲེལ་པ་བཀག་པའི་ཕྱིར་རོ། །བདེན་ཏེ་ལྡན་པ་དང་འཕྲོད་པ་འདུ་བའི་མཚན་ཉིད་ཐ་དད་པ་ནི་འབྲེལ་པའམ་ཆོས་ཞེས་ཐ་དད་པ་བསྟན་ཏོ། །རྣམ་པ་འགའ་ཞིག་ཡོད་པ་སྟེ་ཡོད་པ་ཉིད་ཡིན་ན་ཡང་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་

བྱ་བ་འདི་ནི་སྲིད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་པ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུའི་སྒྲ་ནི་ཅི་ལྟ་བུའི་དོན་གྱིས་ཕངས་པ་ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་པའི་ཕྱིར་རོ། །ཡུལ་ལ་སོགས་པ་ན་ཡོད་པ་དག་ལ་མེད་དོ་ཞེས་བྱ་བ་ཇི་ལྟར་མེད་པ་ནི་ཡོད་པའི་ངོ་བོའི་བློ་དང་འགལ་བའི་ཕྱིར་

རོ། །དེ་དང་འདྲ་བ་མེད་པ་དག་ལ་མེད་པའི་བློ་ཁས་མ་བླངས་པའི་ཕྱིར་རོ། །དེ་བས་ན་འབྲེལ་པ་མེད་པ་རྟོགས་པ་ལས་འདི་འདི་ན་མེད་དོ་ཞེས་བྱ་བ་དང་པོར་རྟོགས་པ་དེ་ནི་དེ་མེད་པ་སྟེ། འབྲེལ་པ་མེད་པ་རྟོགས་པ་མེད་པར་མི་འགྱུར་བའམ། དེ་མེད་པ་སྟེ་འབྲེལ་པ་མེད་པར་རྟོགས་པ་ན་འབྲེལ་པ་

མེད་པ་རྟོགས་པ་ཅི་འདྲ་བ་སྐྱེས་བུ་གང་ལ་ཡོད་པ་དེ་ནི་རྟོགས་པར་འདོད་པ་ཇི་ལྟ་བ་བཞིན་དུ་སྟེ། འབྲེལ་པ་མེད་པར་རྟོགས་པ་དེ་ལས་བྱུང་བ་ཅན་ཏེ་སྐྱེ་བའི་བདག་ཉིད་ཀྱི་སྒྲ་འབྲེལ་པ་མེད་པའི་ཡུལ་ཅན་གང་གིས་ལྡོག་པར་བྱེད། གལ་ཏེ་རྣམ་པར་རྟོག་པ་ཉིད་ཀྱི་ཡུལ་ནི་འབྲེལ་པ་མེད་པ་ཡིན་ཏེ། སྒྲ་

เล่ม ๑๗๖ · หน้า 211b

རྣམས་ཀྱིས་ནི་མ་ཡིན་ནོ་ཞེ་ན། རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་པ་དེ་ཉིད་ནི་སྒྲ་རྣམས་ཀྱི་ཡུལ་མ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་ཉིད་ནི་གདོན་མི་ཟ་བར་སྒྲའི་ཡུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་དག་འཇུག་པ་ཡིན་ན་ཞེས་བྱ་

བ་ནི་རྣམ་པར་རྟོག་པའོ། །མདུན་ན་གནས་པའི་སྔོན་པོ་ལ་སོགས་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་པའི་རྣམ་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནམ། རང་གི་མཚན་ཉིད་སྒྲའི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་

པར་བྱ་བ་མ་ཡིན་པའི་དོན་ཞེས་བྱ་བ་ནི་རང་གི་མཚན་ཉིད་དོ། །རྣམ་པར་རྟོག་པའི་སྐབས་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་བློ་གཟུང་ངོ་། །དམིགས་པ་ནི་ཉེ་བར་དམིགས་པར་བྱེད་པའོ། །སྤྱིའི་རྣམ་པ་ཅན་ཁོ་ན་རྟག་ཏུ་རྣམ་པར་རྟོག་པའི་བློ་ཡིན་ལ། གང་ཡང་རང་གི་མཚན་ཉིད་ཐག་ཉེ་བ་ན་རྣམ་པར་རྟོག་

པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་དག་ནི་ཅིག་ཅར་སྐྱེ་བའི་ཕྱིར་བློ་དམན་པ་དེ་དག་ནི་རྣམ་པར་རྟོག་པ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བྱེད་དོ། །དེ་དག་ནི་བསྟན་བཅོས་མཛད་པས་ཚད་མ་རྣམ་པར་ངེས་པ་ལས་རྣམ་པར་དཔྱད་ཟིན་པས་འདིར་མ་སྨོས་སོ། །

གལ་ཏེ་རྣམ་པར་རྟོག་པའི་བློས་ཡུལ་དུ་བྱས་པ་ཉིད་ཀྱི་ཕྱིར་འབྲེལ་པ་བརྗོད་པར་བྱ་བ་ཡིན་ན། འོ་ན་ཇི་ལྟར་ཕྱོགས་ཀྱི་གླང་པོས་དེ་བརྗོད་པར་བྱ་བ་ཉིད་མ་ཡིན་པར་བཤད་ཅེ་ན། དེའི་ཕྱིར་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་གི་ངོ་བོས་ཞེས་བྱ་བ་ནི་འབྲེལ་པའི་ངོ་བོས་སོ། །

འབྲེལ་པས་ན་འབྲེལ་པ་ཞེས་བྱ་བ་ནི་ཕན་ཚུན་ལྟོས་པའི་མཚན་ཉིད་དངོས་པོ་ཙམ་རྫས་སུ་ཡོད་པ་དེའི་རང་གི་ངོ་བོས་ཏེ། ངོ་བོ་དེས་དེའི་བརྗོད་པར་བྱ་བའི་སྒྲ་ཡོད་པ་མ་ཡིན་ནོ། །འབྲེལ་པའི་སྒྲ་ནི་དེའི་རྗོད་པར་བྱེད་པ་ཡིན་པར་འདོད་པར་བྱ་སྟེ། དེ་ལ་རབ་ཏུ་སྦྱོར་བ་ན་གང་དག་གི་ཞེས་བྱ་བ་ནི་འཕེལ་

བར་བྱེད་པ་ཡིན་ནོ། །དེ་བས་ན་རྒྱལ་པོའི་སྐྱེས་བུའི་འབྲེལ་པ་བརྗོད་པ་ན། རྒྱལ་པོའི་སྐྱེས་བུ་དག་ཅེས་བྱ་བའི་འབྲེལ་པ་ནི་ལྡོག་པའི་རྒྱུ་ཡིན་པ་དེའི་ཚེ་འབྲེལ་པའི་ཚུལ་དུ་རྟོགས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བརྗོད་པ་ཡིན་ན་ནི་འབྲེལ་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོ་དང་སྐྱེས་

เล่ม ๑๗๖ · หน้า 212a

བུ་དག་གི་འབྲེལ་པ་ཞེས་བྱ་བ་བརྗོད་པ་ཡིན་ན་ནི། རྒྱལ་པོ་དང་སྐྱེས་བུ་ཕན་ཚུན་ལྟོས་པ་དག་ལས་བྱུང་བ་དང་འབྲེལ་པའི་ངོ་བོ་ཉིད་ནི་འབྲེལ་པ་ཉིད་དུ་བློ་ལ་གནས་པའི་ཕྱིར། བསམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མ་ཡིན་པ་སྟེ། རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་ཕན་ཚུན་

ལྟོས་པའི་མཚན་ཉིད་ཀྱི་འབྲེལ་པ་ཇི་ལྟར་ཤེས་པར་འདོད་པའི་ཚུལ་གྱིས་དེ་ལྟར་རྟོགས་པ་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། འབྲེལ་པ་འདི་འབྲེལ་པའི་སྒྲ་ལས་རྟོགས་པར་འགྱུར་ན་ཡང་། ཇི་སྐད་དུ་བཤད་པའི་རྣམ་པས་འབྲེལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོས་བརྗོད་པར་བྱ་

བ་མ་ཡིན་ནོ། །དེ་བས་ན་མེད་པ་དང་འདྲ་བར་འབྲེལ་པ་ལ་ཡང་ཐལ་བར་འགྱུར་བ་མེད་དོ་ཞེས་བྱ་བ་ལ། མེད་པ་ནི་ཇི་ལྟར་བློས་ཡུལ་དུ་བྱས་པའི་ཕྱིར་བརྗོད་པར་བྱ་བ་ཡིན་པར་འདོད་པ་དེ་ལྟར་འབྲེལ་པ་ལ་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་པ་ནི་རང་གི་ངོ་བོ་བློའི་ཡུལ་

དུ་བྱས་པ་དེ་ལྟར་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་ལ་འབྲེལ་པ་ནི་རང་གི་ངོ་བོར་གཟུང་བར་བྱས་པ་མ་ཡིན་ཞིང་བརྗོད་པར་བྱ་བ་ཡིན་ཏེ། འབྲེལ་པའི་ངོ་བོ་ཐོབ་པ་ཉིད་ནི་ཡུལ་ཉིད་དུ་བྱེད་པའི་ཕྱིར་དང་བརྗོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འབྲེལ་པ་རྫས་ཡོད་མ་ཡིན་པས། །དེ་ཡི་ངོ་བོ་གཟུང་དུ་

མེད། །འབྲེལ་པའི་རང་གི་ངོ་བོར་ནི། །བརྗོད་པར་ཇི་ལྟར་ཡོད་པ་མིན། །དེ་བས་ན་རྣམ་པར་རྟོག་པའི་ཡུལ་འདི་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བར་དེ་གནས་སོ། །དེའི་ཕྱིར་གལ་ཏེ་འབྲེལ་པ་མེད་དོ་ཞེས་བྱ་བའི་བློར་འགྱུར་བ་དེའི་ཚེ་དེ་ལས་བྱུང་བའི་སྒྲ་ཡང་འཇུག་པར་

འགྱུར་བ་ཁོ་ན་ཡིན་ཏེ། དེ་ལྟར་ན་ཡང་མེད་པའི་ཡུལ་ཅན་གྱི་སྒྲ་ཐོབ་པ་ཁོ་ན་ཡིན་ནོ། །ཅི་སྟེ་ཉེས་པ་འདིར་མ་གྱུར་ཅིག་སྙམ་པས་འབྲེལ་པ་མེད་དོ་ཞེས་བྱ་བ་བློས་ཡུལ་དུ་བྱེད་པར་མི་འདོད་ན། དེའི་ཚེ་འདི་ན་བུམ་པ་མེད་དོ་ཞེས་བྱ་བ་འདི་ལ་གང་འགོག་པར་བྱེད་པ་དེ་ལ་ཡུལ་ལ་སོགས་

པ་ནི་མ་ཡིན་ཏེ། དེ་ནི་ཡོད་པ་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་ནི་མ་ཡིན་ཏེ། དེའི་བྱེད་པ་མི་འཛིན་པའི་ཕྱིར་གང་དེ་ནི་མ་ཡིན་ནོ། །གཞན་ཡང་མེད་པ་བརྗོད་པར་བྱ་བ་སྨྲ་བ་གང་ཡིན་པ་དེ་བརྗོད་པ་སྟེ། མེད་པར་བརྗོད་པར་སྨྲ་བ་འདི་མེད་པར་བརྗོད་པར་བྱ་བ་མ་ཡིན་ཞེས་ལན་འདེབས་པ་ནི་མི་སྨྲ་བ་ན་ཇི་

เล่ม ๑๗๖ · หน้า 212b

ལྟར་ལན་གདབ་པར་བྱ་སྟེ། མེད་པའི་སྒྲ་བརྗོད་པ་མེད་པར་ནི་དེ་བརྗོད་པར་བྱ་བ་ཉིད་མ་ཡིན་པར་བསྟན་པར་མི་ནུས་སོ། །འོན་ཏེ་མེད་པའི་ཚིག་འདོད་པ་དེའི་ཚེ་མེད་པའི་ཚིག་འདི་ལ་ཡང་ཇི་ལྟར་མེད་པ་བརྗོད་པ་མ་ཡིན་ཏེ། མེད་པ་ནི་བརྗོད་པར་བྱ་བ་ཡིན་ཞེས་བྱ་བ་མེད་པའི་སྒྲ་འདི་ཉིད་ཀྱིས་བསྟན་པ་ཡིན་ནོ། །

གལ་ཏེ་མེད་པ་ཉིད་ནི་ཡོད་པ་མ་ཡིན་པ་དེ་བས་ན། མེད་པ་ནི་ཡོད་པ་ཉིད་མ་ཡིན་པའི་ཕྱིར་བརྗོད་པ་མ་ཡིན་ནོ་ཞེ་ན། འོན་ཏེ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་བས་ན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པས་ནའོ། །དེ་ཉིད་དེ་མེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་ཇི་ལྟ་བུ་ཡིན། མེད་པ་ཡོད་མ་ཡིན་

ཞེས་བྱ་བ་མེད་པའི་སྒྲ་འདི་ཉིད་སྦྱོར་བར་མི་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ་ན། མེད་པ་ཉིད་ཁས་མ་བླངས་པའི་ཕྱིར་ཏེ། མེད་པ་ནི་འདིའི་དེ་བརྗོད་པར་བྱ་བར་ཡང་ཁས་མ་བླངས་པ་ཉིད་ཡིན་ནོ། །གལ་ཏེ་གཞན་གྱིས་ཀུན་དུ་བརྟགས་པའི་མེད་པ་བཀག་པ་ཡིན་ནོ་ཞེ་ན། རེ་ཞིག་མེད་པའི་ཡུལ་ཅན་གྱི་སྒྲ་འདོད་

པ་དེ་བས་ན་ཇི་ལྟར་ཡང་མེད་པའི་ཐ་སྙད་ལ་འཇུག་པས་ན་གདོན་མི་ཟ་བར་མེད་པའི་ཡུལ་ཅན་གྱི་ཤེས་པ་དང་སྒྲ་དག་འདོད་པར་བྱའོ། །གང་ཡང་དེ་སྐད་དུ་བྱ་བ་བསྟན་པའི་དོན་བཀག་པ་ཡིན་ན་དོན་མེད་པའི་སྒྲ་མི་སྦྱོར་བའི་རྒྱུའི་ཕྱིར། ཡུལ་མེད་པའི་དགག་པའི་སྦྱོར་བ་མེད་དོ་ཞེས་བྱ་བ་འདི་འོག་ནས།

ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་མཐར་ཕྱིན་པ། །ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ཏེ། གཞུང་འདི་ཙམ་གྱིས་ནི་གདོན་མི་ཟ་བར་སྒྲ་འཇུག་པར་འགྱུར་ཞེས་བཤད་པ་གང་ཡིན་པ་དེ་ཉིད་སློབ་དཔོན་གྱིས་གཞུང་འཛུགས་པ་

ཡིན་ནོ། །འདིར་གཞན་གྱིས་སྨྲས་པ། གལ་ཏེ་མེད་པ་དག་གིས་སྒྲ་ཡོད་དུ་ཟིན་ཀྱང་མེད་པ་དེ་དག་ཇི་ལྟར་རང་བཞིན་ཐ་དད་པ་སྟེ། སྒྲ་འཇུག་པའི་རྒྱུ་གང་གིས་སེལ་བའི་ཡུལ་ཅན་མེད་པ་སྒྲུབ་པར་བྱེད་པ་དག་ཏུ་འགྱུར། འདིར་ལན་དུ་སློབ་དཔོན་གྱིས་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པའི་ངོ་བོ་མེད་

པའི་ཕྱིར་ངོ་བོ་བརྗོད་པ་ཅན་ཏེ། རང་བཞིན་བརྗོད་པ་ཅན་གྱི་སྒྲ་རྣམས་ལ་ཐེ་ཚོམ་མེད་དོ། །གང་གི་ཕྱིར་མེད་པའི་ཡུལ་ཅན་གྱི་སྒྲ་དེ་དག་རྣམ་པར་གཅོད་པ་སྟེ། གཞན་སེལ་བ་རྗོད་པར་བྱེད་པ་སྒྲུབ་པ་ཉིད་དུའོ། །སྒྲ་རྣམས་གང་ཡིན་པ་དེ་དག་དངོས་པོའི་བྱ་བ་སྟེ། འཇུག་པ་དག་ལ་ཇི་ངོ་བོ་བརྗོད་པ་སྟེ།

เล่ม ๑๗๖ · หน้า 213a

སྒྲུབ་པའི་ཚུལ་དུ་དངོས་པོ་བརྗོད་པའམ་འོན་ཏེ་ཐ་དད་པ་སྟེ། གཞན་རྣམ་པར་གཅོད་པ་བརྗོད་པ་ཞེས་དོགས་པར་འགྱུར་བ་ལ། མེད་པ་ནི་དབེན་པའི་མཚན་ཉིད་ཁོ་ན་ཡིན་ཏེ་ཞེས་བྱ་བ་རང་བཞིན་དང་བྲལ་བའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་མཚན་དུ་བྱས་ཤིང་ཡུལ་དུ་

བྱ་བའི་ངོ་བོ་འགའ་ཞིག་ཀྱང་མེད་པའི་ཕྱིར་རམ་དེའི་ངོ་བོ་སྟེ། གཟུགས་སུ་ཡོད་པ་ལ་མེད་པ་མི་རུང་བའི་ཕྱིར་རོ། །དེའི་གཟུགས་ཀྱི་ངོ་བོ་ནི་དེའི་ངོ་བོའོ། །ངོ་བོ་གང་ལ་དེ་ཉིད་ཀྱི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་དངོས་སུ་དབེན་པ་སྟེ། གཞན་སེལ་བ་དངོས་པོ་ཐམས་ཅད་ཀྱི་

སྟོབས་ཡིན་ནོ། །དབེན་པ་དེ་ནི་དེ་ལྟ་བུའི་ངོ་བོ་རྗོད་པར་བྱེད་པ་སྟེ། དབེན་པའི་ངོ་བོ་རྗོད་པར་བྱེད་པའོ། །དབེན་པའི་ཡུལ་ཞེས་བྱ་བ་ནི་གཞན་སེལ་བའི་ཡུལ་ཅན་ནོ། །རྣམ་པར་རྟོག་པ་དག་ཀྱང་དབེན་པའི་ཡུལ་ཅན་ཞེས་བྱ་བར་སྦྱར་རོ། །དངོས་པོ་གཅིག་ནི་ལྡོག་པ་ལ་བརྟེན་པར་འགྱུར་རོ། །གང་

གི་རྗེས་སུ་འབྲངས་ཤིང་བརྟེན་པའི་སྒྲ་དང་རྣམ་པར་རྟོག་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་ནི་སྒྲ་དང་རྣམ་པར་རྟོག་པ་དག་གོ། །འདི་ལྟར་མ་བྱས་པ་རྣམ་པར་བཅད་ནས། དངོས་པོ་བྱས་པའི་སྒྲའམ་རྣམ་པར་རྟོག་པ་གང་ཡིན་པ་དེ་ཉིད་མི་རྟག་པ་དང་བདག་མེད་པ་ལ་སོགས་པའི་སྒྲའམ་རྣམ་པར་

རྟོག་པ་དག་ཀྱང་། དེ་དག་དེ་ལྟ་བུར་གྱུར་པ་ཡིན་ན་ཡང་ཐ་དད་པའི་ཡུལ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ལྡོག་པ་གང་ལས་རྣམ་པར་གཞག་པ་དེ་ནི་དེའི་ཁྱད་པར་ཡིན་ཏེ། དཔེར་ན་བྱས་པ་ཞེས་བྱ་བ་རྣམ་པར་

གཅད་པའི་མ་བྱས་པའི་ལྟ་བུ་དང་། དེ་བཞིན་དུ་མི་རྟག་པ་ཉིད་ལ་སོགས་པ་རྣམ་པར་གཅད་པའི་རྟག་པ་ཉིད་ལ་སོགས་པ་ལྟ་བུའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཁྱད་པར་དག་ནི་ཐ་དད་པ་ནི། ཐ་དད་པ་དེ་དག་གིས་ཉེ་བར་བཏགས་པ་མི་རྟག་པ་ཉིད་ལ་སོགས་པའི་དབེན་པ་དག་ཕན་ཚུན་ཐ་དད་པའི་ཁྱད་པར་

དེ་རྣམས་ཀྱིས་ཐ་དད་པ་ཅན་དག་བཞིན་དུ་རྣམ་པར་རྟོག་པའི་བློ་ལ་སོ་སོར་སྣང་ཞིང་སོ་སོར་གསལ་བའི་དབེན་པ་དེ་དག་ལ་སྒྲ་དང་རྣམ་པར་རྟོག་པ་དག་ཉེ་བར་གནས་པའི་ཕྱིར། གོ་རིམས་བཞིན་དུ་བརྗོད་ཉིད་དང་། །འཛིན་པ་པོ་ཉིད་དུ་ཉེ་བར་འདྲེན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་ལྡོག་པའི་ཁྱད་པར་

เล่ม ๑๗๖ · หน้า 213b

ཇི་སྐད་དུ་བཤད་པས་རང་བཞིན་གྱི་གཏན་ཚིགས་ཀྱི་རང་བཞིན་ཉིད་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོ་ཡིན་དུ་ཟིན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གཅིག་པ་ཉིད་དུ་འདྲེས་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་རང་བཞིན་གྲུབ་པར་བྱ་བ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་

འགྱུར་རོ་ཞེས་གང་སྨྲས་པ་ལ། ཉེས་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེའི་རང་བཞིན་ཞེས་བྱ་བར་སྦྱར་རོ། །གཏན་ཚིགས་ཉིད་དུ་བསྟན་པ་ནི་བརྗོད་པ་ནའོ། །ཁྱད་པར་བྱེ་བྲག་ལ་ལྟོས་པ་སྟེ།

ཁྱད་པར་ཐ་དད་པ་ལྟོས་པ་ཅན་ལ་བརྗོད་པར་བྱའོ། །འབའ་ཞིག་ལས་ཞེས་བྱ་བ་ནི་ཁྱད་པར་ལ་ཡང་ལྟོས་པ་མེད་པ་ལའོ། །ཅིའི་ཕྱིར་བརྗོད་པར་བྱ་ཞེ་ན། བསྒྲུབ་པར་བྱ་བ་བསྒྲུབ་པའི་ཕྱིར་རོ། །གཉི་ག་དཔེ་ཡང་འགའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་

བྱས་པ་ཉིད་དེའི་འབྲས་བུ་ཉིད་དེ་ནི་བྱེད་པའི་བྱེ་བྲག་ལ་ལྟོས་པ་ཅན་ཡིན་ལ། དེ་ལ་ལྟོས་པ་མེད་པ་ནི་ཡོད་པ་ཉིད་ཡིན་ནོ། །རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པས་བྱས་པ་ཉིད་ནི་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པར་བསྟན་ཏོ། །དངོས་པོར་གྱུར་པའི་རང་གི་ངོ་བོར་གྲུབ་པ་ལས་གཞན་ཏེ།

གཏན་ཚིགས་ཉིད་དུ་མངོན་པར་འདོད་པའི་སྐྱེད་པར་ནུས་པ་ཁོ་ན་གཞན་གྱི་བྱེད་པ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ནི་ལྟོས་པ་ཡིན་ནོ། །རང་གི་ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་ཏེ། རང་གི་ངོ་བོ་བསྒྲུབ་པར་བྱ་བའི་རྒྱུ་མཚན་གྱི་ཕྱིར་ངོ་བོ་གང་གིས་གཞན་གྱི་བྱེད་པ་ལ་

ལྟོས་པ་དེ་ནི་བྱས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་བྱས་པའི་སྒྲ་འདིས་གཞན་གྱི་ཁྱད་པར་ཅན་གྱིས་རང་བཞིན་བརྗོད་པ་ཡོད་པས་ཀྱང་རང་གི་ངོ་བོ་འདི་འཕངས་པ་ཡིན་ནོ། །དེས་ནི་ཞེས་བྱ་བ་ནི་བྱས་པ་ཉིད་ཀྱི་ཁྱད་པར་བྱེ་བྲག་ལ་ལྟོས་པ་ཉིད་དུ་བསྟན་པས་ནི་རྐྱེན་ཏེ་རྐྱེན་

རྣམས་ཀྱི་བྱེ་བྲག་ཡིན་པ་དེས་ཐ་དད་པའི་ངང་ཚུལ་ཅན་དུ་འགྱུར་བའི་ངོ་བོ་གང་ཡིན་པ་དེ་ནི། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་དེ། གནས་དང་སྩོལ་བ་ལ་སོགས་པའི་རྒྱུའི་བྱེ་བྲག་གི་ཐ་དད་པ་ཅན་གྱི་སྒྲའོ། །སོགས་པའི་སྒྲས་ནི་བསྩལ་མ་ཐག་ཏུ་བྱུང་བ་ཉིད་ལ་སོགས་པ་བཤད་པ་ཡིན་ཏེ།

เล่ม ๑๗๖ · หน้า 214a

དེ་དག་ཀྱང་གཏན་ཚིགས་ཀྱི་བྱ་བའི་ཁྱད་པར་ལ་ལྟོས་པ་ཅན་གྱི་རང་བཞིན་ནོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ཏེ། འགའ་ཞིག་ཏུ་སྟེ་སྦྱོར་བ་ལ་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པ་མེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་སྤྱིར་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འབྲས་བུའི་ངོ་བོས་ཚིག་གཉིས་

ཡིན་ལ། དཔེར་ན་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་དུ་ལྟ་བུའོ། །རང་བཞིན་དུ་འགྱུར་བ་ཡང་དེ་ཡིན་ལ་ཆོས་ཀྱི་བྱེ་བྲག་ཀྱང་ཡིན་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཡོངས་སུ་གཟུང་བའི་སྒོ་ནས་འགའ་ཞིག་ཏུ་རང་བཞིན་གྱི་གཏན་ཚིགས་བརྗོད་པར་བྱ་བའི་སྐབས་ཡིན་ནོ། །དཔེར་ན་དེ་ཉིད་

ལ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྐྱེས་པ་ལྟ་བུའོ། །འདི་ལྟར་སྐྱེ་བའི་རང་བཞིན་དུ་གྱུར་པ་ཉིད་དུ་ཟིན་ཀྱང་། སྐྱེ་བ་ནི་ཆོས་ཀྱི་བྱེ་བྲག་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར་ཆོས་ཀྱི་བྱེ་བྲག་ཉིད་དུ་རྟོགས་ཀྱི། ཡོད་པ་ཉིད་དང་འདྲ་བར་དག་པའི་རང་གི་ངོ་བོ་ཙམ་ནི་རྟོགས་པ་མ་ཡིན་ནོ། །འདི་ཡང་ཁྱད་

པར་ལ་ལྟོས་པ་ཉིད་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །བྱས་པ་ཉིད་ལ་སོགས་པ་ནི་གཞན་དུ་འགྱུར་བའི་ཁྱད་པར་ཡིན་ལ། འདིར་ནི་བདག་ཉིད་དུ་འགྱུར་བ་ཉིད་ཀྱི་ཆོས་ཀྱི་བྱེ་བྲག་ཡིན་ནོ་ཞེས་བྱ་བ་དེ་ཙམ་ནི་ཁྱད་པར་རོ། །ཕྱོགས་འདིས་ཞེས་བྱ་བ་ནི་ཁྱད་པར་ལ་ལྟོས་པ་དང་མི་ལྟོས་པའི་གཏན་ཚིགས་ཀྱིས་རབ་ཏུ་

དབྱེ་བའི་ཕྱོགས་ཀྱིས་སོ། །སྤྱིར་ཆོས་ཅན་གྲུབ་པ་ཁྱད་པར་འགའ་ཞིག་བསྒྲུབ་པར་བྱ་བ་ཡིན་ལ། ཆོས་ཅན་ཡང་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པའོ། །དེ་ལ་གལ་ཏེ་ཡོད་པ་ཉིད་ཅེས་བྱ་བའི་རང་བཞིན་ནི་ཡོད་པ་ཁོ་ན་ཞེས་བྱ་བའི་བར་དུའོ། །བྱས་པ་ཉིད་ལ་སོགས་པ་

ཡང་རང་བཞིན་ཡིན་པས། དེ་ལྡོག་པའི་དོན་དུ་ཡོད་པ་ཉིད་སྨོས་སོ། །འགའ་ཞིག་ལྡོག་པ་ཡོད་པ་ཉིད་དུ་འདོད་པའི་ཕྱིར་རང་བཞིན་སྨོས་ཏེ། བདག་ཉིད་དུ་འགྱུར་བའི་ཡོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཏན་ཚིགས་ཡོད་རང་བཞིན་ཡིན་ན། ཅི་ལྟར་ཡོད་པ་བསྒྲུབ་བྱ་མིན་ཏེ། བསྒྲུབ་

བྱར་ཡང་འགྱུར་རོ། །འདོད་ན་ཡོད་པ་ཉིད་སྤྱི་བསྒྲུབ་པར་བྱ་བ་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་བ་དེ་བས་ན། ཡོད་པ་ཉིད་ཀྱི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ལ། བསྒྲུབ་པར་བྱ་བ་དེ་ཡང་ཁྱད་པར་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དཔེ་བསྒྲུབ་པར་བྱ་བས་སྟོང་པར་འགྱུར་བ་དེའི་ཕྱིར་ཡོད་པ་ཉིད་བསྒྲུབ་

เล่ม ๑๗๖ · หน้า 214b

པར་མི་འགྱུར་རོ། །དེའི་ཚེ་གཏན་ཚིགས་ཡོད་པ་ཉིད་ཡང་ཁྱད་པར་གྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དཔེ་གཏན་ཚིགས་ཀྱིས་སྟོང་པར་འགྱུར་རོ། །དེའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཁྱད་པར་ཏེ་བྱེ་བྲག་རྣམས་ཉམས་ཤིང་ཉེས་པ་དང་བཅས་པར་འགྱུར་རོ། །གཏན་ཚིགས་བསྒྲུབ་བྱ་

དག་ལ་ཡང་། །ཞེས་བྱ་བ་ཡང་འདུན་པའི་ཚིག་གཉིས་པ་ཡིན་ཏེ། གཏན་ཚིགས་དང་བསྒྲུབ་པར་བྱ་བ་དག་ལ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ནི་བདག་མེད་པ་ལ་སོགས་པའོ། །དེ་ཞེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་རབ་ཏུ་སྒྲུབ་པས་ན། །ཞེས་བྱ་བ་སྟེ། གཙོ་བོ་ཡོད་དོ་ཞེས་བྱ་བ་ལ་སོགས་

པས་གཙོ་བོ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཁྱད་པར་དུ་འགྱུར་ན། ཁྱད་པར་ཡང་བསྒྲུབ་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་དེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ། གྲངས་ཅན་གྱི་གཙོ་བོ་ཡོད་དོ་

ཞེས་བྱ་བ་འདིས་གཙོ་བོའི་རང་གི་མཚན་ཉིད་སྒྲུབ་པར་འགྱུར་རོ་ཞེས་གང་སྨྲ་བ་དེ་ཉིད་དང་ལྡན་པའི་ཁྱད་པར་དུ་འགྱུར་ན་ཞེས་སྟོན་ཏོ། །རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་ཡིན་གྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །སྐྱོན་ནི་ཉེས་པ་ཡིན་ཏེ་འོན་ཀྱང་གཏན་ཚིགས་ལ་ཡང་སྐྱོན་

མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་གཏན་ཚིགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཏན་ཚིགས་འདི་ལ་རྗེས་སུ་འགྲོ་བ་མེད་པ་ན་རྗེས་སུ་འགྲོ་བ་མེད་པ་ཅན་ནོ། །གྲུབ་པའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའོ། །ཅིའི་ཕྱིར་ཡན་ལག་མ་ཡིན་ཞེ་ན། དེ་ལས་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། ཐུན་མོང་མ་ཡིན་པའི་གཏན་ཚིགས་དེ་ལས་སོ། །ཡོད་པ་ཉིད་ནི་ཡོད་པ་ཉིད་དོ། །ཆོས་ཅན་གང་ལ་ཁྱད་པར་ཏེ་བྱེ་བྲག་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཙམ་གྱི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཡོད་པ་ཉིད་ཀྱི་ཁྱད་པར་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་བསྒྲུབ་བྱ་སྤྱིའི་ཆོས་ཅན་

ལ། གྲངས་ཅན་ལ་དོན་འགའ་ཞིག་ཀྱང་བསྒྲུབ་པར་མི་འགྱུར། ཡོན་ཏན་གསུམ་ལ་སོགས་པའི་མཚན་ཉིད་གྲུབ་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་རང་གི་ཕྱོགས་ལ་མ་གྲུབ་པས། བསྒྲུབ་པར་བྱ་བ་འབྲས་བུ་མེད་པར་བསྟན་ཏོ། །གཞན་གྱི་འདོད་པ་ཉིད་ཀྱང་བསྒྲུབས་པ་ཡིན་

เล่ม ๑๗๖ · หน้า 215a

ནོ་ཞེས་བསྟན་པའི་ཕྱིར་དེ་འདྲ་བ་ཡང་བཀག་པ་མེད་ཅེས་བྱ་བ་སྨོས་ཏེ། དེ་འདྲ་བ་ཞེས་བྱ་བ་ནི་སྤྱིའི་ཙམ་མོ། །འདིས་ནི་གྲུབ་པ་ལ་སྒྲུབ་པ་བསྟན་ཏོ། །ཡང་ན། དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །དེ་འདྲ་བ་ཡང་བཀག་པ་མེད། །ཡང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ།

གང་གི་ཕྱིར་དེ་འདྲ་བ་བཀག་པ་མེད་པ་དེའི་ཕྱིར་གྲུབ་པ་སྒྲུབ་པའི་ཉེས་པ་ཡིན་པས་དོན་འགའ་ཞིག་ཀྱང་འགྲུབ་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡོད་པ་ཉིད་གྲུབ་པ་ནི་ཡོད་པ་ཉིད་དུ་གྲུབ་པའོ། །ཡོད་པ་ཙམ་ཁྱད་པར་ཅན་ཞེས་བྱ་བ་ནི་ཡོད་པ་ཉིད་

ཙམ་ཁྱད་པར་ཅན་ནོ། །གང་ལ་རང་གི་ངོ་བོའི་ཁྱད་པར་མ་བསྟན་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་ཞེས་བྱ་བ་ནི་དངོས་པོ་ཙམ་སྒྲུབ་པར་བྱེད་པ་ལ། ཡོད་པ་ཉིད་བསྒྲུབ་པ་འགོག་པ་ནི་མ་ཡིན་ནོ། །འོན་ཀྱང་རྒོལ་བ་དེ་འདི་ལྟར་སྤྱི་འགའ་ཞིག་ཡོད་དོ་ཞེས་ཆོས་ཅན་འདི་ལ་ཁྱད་པར་ཏེ། བྱེ་བྲག་

གཞན་འགའ་ཞིག་ལ་རེག་པ་མེད་པ་སྟེ། གཟུང་བ་མེད་ནའོ། །འདིས་ཞེས་བྱ་བ་ནི་རྒོལ་བས་སོ། །གཟུང་བའི་ཁྱད་པར་ཞེས་བྱ་བ་ནི་གཟུང་བའི་བྱེ་བྲག་སྟེ། ཡོན་ཏན་གསུམ་གྱི་བདག་ཉིད་ཅན་རྟག་པ་ཉིད་ལ་སོགས་པས་སོ། །ཁྱད་པར་གཟུང་བ་བསྒྲུབ་བྱ་འདིར་ཏེ། གཙོ་བོ་ལ་སོགས་པའི་ཆོས་

ཅན་ལ། གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ཅན་འགྱུར་བ་སྟེ། འདི་ལ་བསྒྲུབ་པར་བྱ་བའི་ཁྱད་པར་དང་དཔེ་ལ་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་པས་རྗེས་སུ་འགྲོ་བ་མེད་པ་ཅན་ཏེ། དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ཡོད་པ་བསྒྲུབ་པར་བྱ་བ་ཡིན་

ན་སྟེ་གདོན་མི་ཟ་བར་ཁྱད་པར་དག་ནི་བསྒྲུབ་པར་འགྱུར། ཆོས་ཅན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བདེ་བ་ལ་སོགས་པའི་བདག་ཉིད་ཅན་ནམ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། རྨོངས་པ་བདག་ཉིད་ཅན་ཏེ། དེ་ལྟ་བུར་གྱུར་པ་ཡང་གཞན་གྱིས་གཅིག་པུ་ཡན་ལག་མེད་

པ་ཅན་དུ་འདོད་པའོ། །གཞན་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་ལ་སོགས་པ་དང་ལྡན་པའོ། །ཇི་ལྟར་རྣམ་པ་འགའ་ཞིག་གིས་ཀྱང་ཇི་སྐད་དུ་བཤད་པའི་བསྡུས་པ་དང་རྒྱས་པའི་ཆོས་དག་གིས་ཁྱད་པར་དུ་བྱས་པའོ། །དེའི་རང་གི་ངོ་བོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པ་ཁྱད་པར་གྱི་བྱེ་བྲག་ཏུ་

เล่ม ๑๗๖ · หน้า 215b

བྱས་པ་རང་གི་ངོ་བོའོ། །དེ་ཡང་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ལྟར་ཞེས་བྱ་བ་ནི་རང་གི་ངོ་བོ་ཁྱད་པར་ཅན་གྱིས་མཐུན་པའི་ཕྱོགས་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ཞིང་རྗེས་སུ་ཞུགས་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་དཔེའི་ཆོས་ཅན་ནི་མ་གྲུབ་པའི་ཕྱིར་རོ། །གྲུབ་པ་དེས་ཞེས་བྱ་བ་ནི་ཡོད་པ་ཉིད་

ཙམ་གྱིས་ཏེ། ཡོད་པ་ཙམ་ཉིད་ལ་བརྗོད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་ཡིན་ཏེ། དེ་ལྟར་ཐལ་བར་འགྱུར་ཞེས་བྱ་བ་ནི་གང་སྤྱི་དང་ཁྱད་པར་གྱི་རྣམ་པར་རྟོག་པ་ཡོད་པ་ཉིད་དུ་བསྟན་པའོ། །འདི་ལྟར་ཁྱད་པར་ཅན་གྱི་རྟེན་གྱིས་ཁྱད་པར་དུ་མ་བྱས་པའི་མེ་ལ་

སོགས་པ་ཡོད་པ་ཉིད་ཙམ་མམ། རྟེན་གྱི་ཁྱད་པར་དུ་བྱས་པ་བསྒྲུབ་པར་བྱ་བ་ཡིན་གྲང་ན། ཕྱོགས་དང་པོ་ནི་གྲུབ་པ་སྒྲུབ་པ་ཉིད་ཡིན་ཏེ། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལ་ཡང་ཞེས་བྱ་བ་ནི་མེ་ལ་སོགས་པ་བསྒྲུབ་པར་བྱ་བ་ལའོ། །ཕྱོགས་གཉིས་པ་ནི་དཔེ་བསྒྲུབ་པར་

བྱ་བས་སྟོང་པ་ཡིན་ཏེ། རྟེན་གྱིས་ཁྱད་པར་བྱས་པ་ཅན་ཞེས་བྱ་བ་གང་སྨོས་པ་སྟེ། མེ་ལ་སོགས་པ་ནི་བསྒྲུབ་པར་བྱ་བ་ཁྱད་པར་དུ་བྱེད་པ་ཡོད་པ་དེ་ནི་ཁྱད་པར་ཅན་རྟེན་ཡིན་ལ། ཁྱད་པར་ཅན་གྱི་རྟེན་གྱིས་མེ་ལ་སོགས་པ་གང་ལ་ཁྱད་པར་དུ་བྱས་པ་ཡོད་པ་དེ་ནི་ཁྱད་པར་དུ་བྱས་པ་ཅན་ཏེ་བསྒྲུབ་པར་བྱ་

བ་ཉིད་དུ་འདོད་པ་དེ་ལའོ། །མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །རྟེན་གཞན་དང་འབྲེལ་པའི་མེ་ནི་རྟེན་ལ་འཇུག་པ་མ་ཡིན་ནོ། །རྟེན་དེས་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། རྟེན་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་དུ་འདོད་པས། མེ་ལ་

སོགས་པ་ལ་དེ་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། གང་ན་དུ་བ་ཡོད་པ་དེ་ནི་མེའི་སྤྱི་ཡོད་དེ། འདི་ན་ཡང་དུ་བ་ཡོད་པ་དེ་བས་ན་འདི་ན་ཡང་མེའི་སྤྱི་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ནི་མེའི་སྤྱི་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །གལ་ཏེ་རྟེན་གྱི་ཁྱད་པར་བྱས་པ་མེད་ན། འོ་ན་ཇི་ལྟར་ཕྱོགས་ཀྱི་ཆོས་ཤེས་དེ་ལྟར་

ཁྱད་པར་དུ་བྱས་ཤེ་ན། དེ་མི་ལྡན་པ་ཞེས་བྱ་བ་སྨོས་ཏེ། ཆོས་དེ་ཆོས་ཅན་དེ་ལ་མ་འབྲེལ་པར་དོགས་པ་གང་ཡིན་པ་དེ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །གོང་དུ་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་ཞེས་བྱ་བའི་འབྲེལ་པར་ཕྱོགས་ཀྱི་ཆོས་ཉིད་ཅེས་བྱ་བ་ཡིན་གྱི། ཕྱོགས་ཉིད་ཀྱི་

เล่ม ๑๗๖ · หน้า 216a

ཆོས་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བཤད་ཟིན་ཅིང་ལེའུ་བཞི་པ་ལས་ཀྱང་འཆང་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེར་ཞེས་བྱ་བ་ནི་ས་ཕྱོགས་ལ་སོགས་པར་རོ། །དེ་མི་ལྡན་པར་རྣམ་པར་བཅད་པས་ཞེས་བྱ་བ་ནི་ས་ཕྱོགས་ལ་སོགས་པའི་ཆོས་ཅན་

དེ་ལ་བསྒྲུབ་པར་བྱ་བའི་ཆོས་དང་མི་ལྡན་པ་རྣམ་པར་བཅད་པས་སོ། །དེ་བས་ན་སྤྱི་སྒྲུབ་པར་བྱེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཡོད་པ་མ་ཡིན་པ་དང་། དེ་མི་ལྡན་པ་རྣམ་པར་བཅད་པས་སྒྲུབ་པར་བྱེད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་གཙོ་བོ་

ལ་སོགས་པའི་ཆོས་ལ་མི་ལྡན་པ་རྣམ་པར་གཅད་པ་ན་ཡང་ཡོད་པ་ཉིད་ཙམ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟར་འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགའ་ཞིག་ལ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའི་ཆོས་ཅན་ལའོ། །ཅིའི་ཕྱིར་ཞེ་ན། གཙོ་བོ་ལ་སོགས་པའི་སྒྲའི་བརྗོད་པར་

བྱ་བའི་དོན་ཡོན་ཏན་གསུམ་ལ་སོགས་པའི་མཚན་ཉིད་ཅན་མེད་པའི་ཕྱིར་ཡོད་པ་ཉིད་དུ་ཁྱད་པར་མེད་པ་ཅན་ཁོ་ན་ཡིན་ཏེ། ཁྱད་པར་དུ་གྱུར་པའི་རྟེན་མེད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ནོ། །ཆོས་ཅན་རེ་རེ་ལ་ཡོད་པ་ཉིད་དང་ཤེས་བྱ་ཉིད་ལ་སོགས་པ་ཆོས་མ་ཡིན་པ་

ཡོད་པ་ཡིན་ནོ། །དེ་ལ་གལ་ཏེ་ཡང་གཙོ་བོ་ལ་སོགས་པ་ནི་ཡོད་པའི་ཆོས་ཀྱི་ངོ་བོར་མ་གྲུབ་པ་དེ་ལྟར་ན་ཡང་ཤེས་བྱ་དང་བརྗོད་བྱ་གཞལ་བྱ་དག་ཏུ་དངོས་པོ་དང་དངོས་པོ་མེད་པའི་ཆོས་ཉིད་དུ་འདོད་པས་གཙོ་བོ་ལ་སོགས་པ་དེ་ཡང་གྲུབ་པ་ཁོ་ན་ཡིན་ཏེ། དེ་ལ་ཡོད་པ་ཉིད་སྤྱི་བསྒྲུབ་པར་བྱ་བ་

ཡིན་ནོ། །རེ་ཞིག་འདིར་ཡང་ཆོས་ཅན་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རྟོགས་པ་ན་བདེ་བ་ལ་སོགས་པའི་བདག་ཉིད་དུ་གཅིག་ནི་རྟག་པ་ལ་སོགས་པའི་ཁྱད་པར་དག་ཏུ་གྲུབ་པར་རྟག་པ་ཉིད་དུ་མི་ནུས་ཏེ། ཁྱད་པར་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དེ་བས་ནི་འདི་ནི་ཤེས་བྱས་འགའ་

ཞིག་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དེ་བས་ན་ད་ཅི་ཞེས་བྱ་བ་ནི་ཁྱད་པར་མེད་པ་ཡོད་དོ་ཞེས་བྱ་བས་དོན་འདི་འགྲུབ་པ་སྟེ། གཙོ་བོ་ལ་སོགས་པ་གྲུབ་པ་ཡིན་ཡང་བླ་སྟེ། མེད་པ་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་བྱ་ཡོད་པ་ཉིད་ཙམ་བརྗོད་པ་ནི་མ་ཡིན་ཏེ། དེ་ཉིད་ནི་དེ་ལྟར་ན་

เล่ม ๑๗๖ · หน้า 216b

ཡང་ཞེས་བྱ་བ་སྨོས་ཏེ། མངོན་པར་འདོད་པ་ཅུང་ཟད་ཀྱང་གྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་མེ་རྗེས་སུ་དཔག་པ་ན་ཡང་མེ་ཙམ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ་ཞེ་ན། གཞན་དུ་ཞེས་བྱ་བ་སྨོས་སོ། །འདི་ན་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་

སྦྱོར་བ་ལའོ། །མེའི་སྤྱི་དེ་ཉིད་ཅེས་བྱ་བ་གང་གིས་དེ་ལ་ཁྱབ་པའོ། །དེ་ལ་ཞེས་བྱ་བ་ནི་ཕྱོགས་ཀྱི་བྱེ་བྲག་ལའོ། །དེ་ཡང་དེ་དང་མི་ལྡན་པ་བྲལ་བ་ཅན་གྱི་ཞེས་བྱ་བ་ཕྱོགས་དང་མི་ལྡན་པ་དེ་ནི་དེ་མི་ལྡན་པ་སྟེ། དེ་དང་བྲལ་བའི་ཕྱོགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱི་གང་ལ་ཡོད་པ་དེ་

ལ་དེ་སྐད་ཅེས་བྱ་སྟེ། ཕྱོགས་ཁྱད་པར་ཅན་འབྲེལ་པ་ཅན་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་བ་མ་གྲུབ་པ་ཁོ་ན་ནི་ཁྱད་པར་གྱི་ཕྱོགས་དང་འབྲེལ་པ་ཅན་གྱི་སྤྱི་གཞན་ལ་འཇུག་པ་མེད་པའི་ཕྱིར་རོ་ཞེ་ན། འགའ་ཞིག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འགའ་ཞིག་ཅེས་

བྱ་བ་ནི་རིགས་པ་ཤེས་པའོ། །དེ་ལྟ་བུར་གྱུར་པའི་དོན་གྱིས་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་རྟེན་གྱིས་ཁྱད་པར་དུ་བྱས་པ་ཅན་གྱི་སྤྱིས་སོ། །འོན་ཀྱང་གཞན་ཏེ་ཁོང་དུ་ཆུད་པར་བྱ་བ་ལ་ཁོང་དུ་ཆུད་པར་བྱེད་པས་དུ་བ་ནི་མེ་མེད་ན་མི་འབྱུང་བ་སྟེ། མེ་མེད་པར་འབྱུང་བ་མ་ཡིན་པར་བསྟན་པར་བྱ་བ་ཡིན་ནོ། །

ཅི་འདྲ་བའི་ཚིག་གིས་ཤེ་ན། གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འགའ་ཞིག་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པར་ཉེ་བར་སྦྱོར་བ་བསྟན་པས་སོ། །དེ་ནི་དུ་བའོ། །མེ་ཙམ་གྱིས་ཁྱབ་པ་གྲུབ་པས་ཕྱོགས་ཅན་གང་ནས། བདག་

ཉིད་དེ་དུ་བའི་ངོ་བོར་འཁྲུལ་པའི་རྒྱུ་གསལ་བ་ཅན་དུ་སྣང་བར་འགྱུར་བའི་ཕྱོགས་དེ་ཉིད་དུ་ཕྱོགས་འདི་ནི་མེ་དང་ལྡན་པའོ་ཞེས་མེའི་བློ་སྐྱེད་པར་བྱེད་དོ། །དེ་ལ་སྟེ་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཁོང་དུ་ཆུད་པར་དེ་ལའོ། །བསྒྲུབ་པར་བྱ་བ་བསྟན་པས་ཅིར་ཡང་མི་རུང་ཞིང་དགོས་པ་མེད་

དེ་དེ་མེད་པར་ཡང་བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་རོ། །དེ་ཉིད་ནི་དེ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་རྟགས་མཐོང་བ་དེ་ལ་བསྟན་པ་ཙམ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་དང་རྟགས་ཀྱི་འབྲེལ་པ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་གང་ཡིན་པ་

เล่ม ๑๗๖ · หน้า 217a

དེ་བསྟན་པ་ཙམ་གྱིས་དོགས་པ་འདོད་པ་སྟེ། བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་རོ། །གང་གི་ཚེ་ཆོས་ཅན་མ་བསྟན་པ་དེའི་ཚེ། དེ་མ་བསྟན་པར་ཡང་ཇི་ལྟར་དེ་ཁྱད་པར་དུ་བྱས་པ་སྟེ། བསྒྲུབ་པར་བྱས་པའི་ཆོས་ཀྱི་རྗེས་སུ་འགྲོ་བ་ཡིན་པས། གང་གི་ཕྱིར་རྗེས་སུ་འགྲོ་བ་མེད་

པའི་ཉེས་པར་འགྱུར་ཏེ། དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། དུ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་མེ་མེད་ན་མི་འབྱུང་བར་གྲུབ་པའི་ཕྱོགས་གང་ཡིན་པ་དེ་ནི་མི་ལྡན་པ་རྣམ་པར་གཅད་པ་ཡིན་ཏེ། ཕྱོགས་མེ་དང་ལྡན་པར་སྒྲུབ་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱིར་ནི་གཏན་ཚིགས་སོ། །དེ་ནི་ཕྱོགས་སོ། །དེ་

ལྟར་ན་ཞེས་བྱ་བ་ནི་མེ་དང་ལྡན་པ་ཉིད་དུ་བསྒྲུབ་པར་བྱ་བ་ཞེས་བྱའོ། །ཚད་མའི་བྱ་བའི་ཕྱོགས་འབྱུང་བ་ཉིད་ཀྱིས་ཡིན་གྱི། འདི་ལྟར་ཉེ་བར་དགོད་པ་སྔོན་དུ་འགྲོ་བ་ཅན་ཏེ། ཕྱོགས་ཁྱད་པར་ཅན་དང་འབྲེལ་པ་ཅན་གྱི་མེ་ཙམ་ཉེ་བར་དགོད་པ་སྔོན་དུ་འབྲེལ་པ་ཅན་གྱི་རྗེས་སུ་འགྲོ་བ་ཅན་གྱི་རྗེས་

སུ་འགྲོ་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་བསྟན་པ་འདིར་ཏེ། སྒྲུབ་པར་བྱེད་པའི་སྦྱོར་བའི་ཚེ་ཡན་ལག་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱོགས་ཉེ་བར་དགོད་པ་སྔོན་དུ་འགྲོ་བ་ཅན་ཁོ་ན་རྗེས་སུ་འགྲོ་བ་ཡིན་པ་དེའི་ཚེ་དེ་སྔོན་དུ་སོང་བ་ཅན་ཏེ། ཕྱོགས་ཉེ་བར་དགོད་

པ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་འགྲོ་བ་ནི་རིགས་པས་གྲུབ་པ་ཡིན་ན། དམ་བཅས་སྒྲུབ་པར་བྱེད་པས་ཅི་ཞིག་སེལ་བར་བྱེད་དེ། ཕྱོགས་བསྟན་པ་དེའི་ཚེ་ཡང་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་པ་དེའི་ཚེ་ན་དེའི་ཕྱོགས་བསྟན་པ་མེད་པར་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་

རྟགས་ལ་ཁྱབ་པར་བསྟན་པར་བྱའོ་ཞེས་བྱ་བར་གནས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་དེ་དག་བཞེད་དོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་སྐད་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཞན་ལ་ཡང་ཞེས་བྱ་བ་ནི་ཁྱད་པར་གྱི་ཆོས་དང་འབྲེལ་པ་བཏང་ནས། གཟུང་བ་མེད་པ་ཅན་གྱི་རྟེན་

གྱི་ཁྱད་པར་གྱི་ཆོས་ཅན་ཙམ་གཞན་ལའོ། །གཞན་དག་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་པ་སྟེ། དཔེའི་ཆོས་ཅན་ལ་ཞེས་བྱ་བ་འཆད་པར་བྱེད་དེ། དེ་ཡང་མི་རིགས་ཏེ་ཐམས་ཅད་ལ་ཁྱབ་པར་ངེས་པ་བསྟན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་དང་གཏན་ཚིགས་ཏེ་དུ་བ་ལ་སོགས་པ་

เล่ม ๑๗๖ · หน้า 217b

ནི་མ་འཁྲུལ་པ་ཡིན་ནོ། །ཅིའི་ཕྱིར་མ་འཁྲུལ་པ་བསྟན་ཅེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩོད་པའི་གཞིར་འགྱུར་བའི་ཆོས་ཅན་དེ་དག་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་མེད་ན་མི་འབྱུང་བ་ཉིད་དུ་བསྟན་པའི་རྟགས་རབ་ཏུ་གྲུབ་ཅིང་ངེས་པ་དེ་དང་ལྡན་པ་སྟེ། ཁྱད་པར་དུ་བྱ་བའི་ཆོས་དང་

ལྡན་པའི་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །ཇི་ལྟར་ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཡོད་པ་དེ་ལྟར་གཏན་ཚིགས་ལ་ཡང་ཞེས་གང་སྨྲ་བ་དེའི་ལན་ནི། གཟུང་བ་མེད་པ་ཞེས་

བྱ་བ་ལ་སོགས་པ་ལ། གཟུང་བ་མེད་པ་ཅན་ནི་ཉེ་བར་གཟུང་བ་ཡོད་པ་ཉིད་ཀྱི་བྱེ་བྲག་དེའི་ཁྱད་པར་དངོས་པོ་ཙམ་སྟེ། ཡོད་པ་ཉིད་ཙམ་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པ་ཡིན་ན། ཡོད་པ་ཙམ་དེ་ནི་དེའི་དཔེའི་ཆོས་ཅན་གྱི་རྗེས་སུ་འགྲོ་ཞིང་འཇུག་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དངོས་པོ་

ཙམ་གྲུབ་པར་བྱེད་པ་ཡིན་ན་བསྒྲུབ་པར་བྱ་བ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ཙམ་ཁྱབ་བྱེད་ཅེས་བྱ་བ་སྨོས་ཏེ། ཡོད་པ་ཉིད་ཙམ་ཁྱབ་པར་བྱེད་པའོ། །རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པས་འཆད་པ་ལ་དངོས་པོ་ཙམ་ཁྱབ་པར་བྱེད་པ་དང་། སྒྲུབ་པར་བྱེད་པའི་ཆོས་ལ་ཡང་རང་གི་ངོ་བོ་ཁྱད་པར་ཡོངས་སུ་

གཟུང་བ་མེད་པ་སྒྲུབ་པར་བྱེད་པ་ཡོད་པ་ཉིད་བྱེད་པ་ཡིན་ན་ཡང་རྗེས་སུ་འགྲོ་བ་ལ་འགལ་བ་མེད་དོ། །དཔེ་སྒྲུབ་པར་བྱེད་པ་སྟོང་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཡོད་པ་ཉིད་ལའོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ཉིད་ཙམ་ལ་བརྟེན་པ་ཡང་ཞེས་བྱ་བ་སྨོས་

ཏེ། ཡོད་པ་ཙམ་ལ་བརྟེན་པ་ནི་ཡོད་པ་ཉིད་ཙམ་ལ་བརྟེན་པ་སྟེ། གཏན་ཚིགས་ཉིད་དུ་བརྟེན་པ་ལ་ཡང་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་ཉིད་ཀྱང་མ་ཡིན་ཏེ། ཡོད་པ་ཉིད་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ཙམ་ཉིད་བསྒྲུབ་པར་བྱ་བ་ཡིན་ན། སྒྲུབ་པར་བྱེད་པ་འབྲས་

བུ་མེད་པའི་ཕྱིར་རོ། །ཡོད་པ་ཉིད་བསྒྲུབ་པར་བྱ་བའི་སྐྱོན་བསྒྲུབ་པར་བྱ་བའི་སྒོ་ནས་བསྟན་ནས། སྒྲུབ་པར་བྱེད་པའི་སྒོ་ནས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཡོད་པའི་ཆོས་སམ་མེད་པའི་ཆོས་སམ་ཡོད་པ་

เล่ม ๑๗๖ · หน้า 218a

དང་མེད་པའི་ཆོས་ཤིག་སྟོན་ན། དེ་ལ་མ་གྲུབ་པ་ལ་སྟེ་གཙོ་བོ་ལ་སོགས་པའི་ཆོས་ཅན་ལ་ཡོད་ཆོས་མིན་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །གཉི་ག་ལ་སྟེ། ཡོད་པ་དང་མེད་པའི་ཆོས་ལ་བརྟེན་པ་དེ་ནི་ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་འཁྲུལ་པ་སྟེ། མ་ངེས་པ་ཡིན་ནོ། །

མེད་པའི་ཆོས་གང་ཡིན་པ་དེ་ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་འགལ་བ་ཡིན་ཏེ། མེད་པ་ཉིད་ཁོ་ན་བསྒྲུབ་པའི་ཕྱིར་རོ། །ཡོད་པ་ཉིད་བསྒྲུབ་པར་བྱ་བ་གང་ལ་ཡང་མ་གྲུབ་པ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་གཏན་ཚིགས་ཉིད་ཡོད་པ་མ་ཡིན་ན། ཇི་ལྟར་ཡོད་པ་ཉིད་དེ་བསྒྲུབ་པར་འགྱུར། གཏན་ཚིགས་དེ་ཞེས་

བྱ་བ་ནི་ཡོད་པ་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་སོ། །སྐྱོན་གྱི་རྣམ་པ་གང་ལ་སྐྱོན་གྱི་རིགས་ཀྱི་ཡན་ལག་གསུམ་པ་ཡོད་པ་དེ་ནི་གསུམ་དང་ལྡན་པ་ཡིན་ཏེ། དེ་ནི་ཅི་རིགས་པར་མ་འདས་པ་ཡིན་ནོ། །ཉེས་པ་གསུམ་པོ་དེ་ཡང་མ་གྲུབ་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། འགལ་བ་ཞེས་བྱ་བ་ནི་འགལ་

བ་ཉིད་དོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་རྣམ་པར་འབྱེད་པ་ཡིན་ཏེ། གཏན་ཚིགས་ཡོད་པའི་ཆོས་ཤིག་སྟོན་ན་དེ་འབྲས་བུའི་བདག་ཉིད་དུ་འགྱུར་བའམ། དེའི་རང་བཞིན་དུ་འགྱུར་བ་ཞིག་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མ་གྲུབ་པའི་ཕྱིར་རོ། །རྒྱུའི་ཁྱད་

པར་གྱིས་རྒྱུ་འབྲས་བུའི་དངོས་པོ་གྲུབ་པ་ནི་མངོན་སུམ་དང་མི་འགལ་བ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོའི་འབྲས་བུའི་ལྡོག་པའི་མཚན་ཉིད་ཅན་རྒྱུ་ཙམ་རྟོགས་པར་བྱེད་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ནོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་པ་དེའི་ཚེ། ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ། གལ་ཏེ་ཆོས་ཅན་གྱི་

རང་བཞིན་གྱི་ཆོས་ཅན་གཏན་ཚིགས་སུ་སྟོན་ན། གཙོ་བོ་ལ་སོགས་པ་ཇི་ལྟར་ཡོད་པ་མ་གྲུབ་པ་ཅན་དུ་འགྱུར། གང་གི་རྒོལ་བ་འགའ་ཞིག་གཙོ་བོ་ལ་སོགས་པའི་ཆོས་སུ་གཏན་ཚིགས་འདོད་ན་དེ་ཇི་ལྟར་གཙོ་བོ་ལ་སོགས་པའི་དངོས་པོར་མི་འདོད་དེ། དངོས་པོའི་རང་བཞིན་གྱི་ངོ་བོ་ཉིད་དེ་ཆོས་ཉིད་

ཡིན་པའི་ཕྱིར་རོ། །གལ་ཏེ་འོ་ན་ཇི་ལྟར་རང་བཞིན་གྱི་ཆོས་འདི་ནི་ཞེས་ལྡོག་པའི་སྒོ་ནས་བརྗོད་ཅེ་ན། རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགའ་ཞིག་ལ་ལྟོས་ནས་ཞེས་བྱ་བ་ནི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཅན་གྱིས་སོ། །འདི་ལྟར་ཁྱད་པར་གཞན་མི་སྤོང་བས་ཆོས་

เล่ม ๑๗๖ · หน้า 218b

ཅན་རྣམ་པར་གཞག་ནས་དེ་ཉིད་ལ་ཡང་ཁྱད་པར་གཞན་སྤངས་ནས་ཆོས་ཉིད་དུ་རྣམ་པར་གཞག་ལ་དེ་ལྟར་བརྡ་བྱས་ནས། ཆོས་ཅན་ལས་ཐ་དད་པ་ཅན་བཞིན་ཏེ་བཟློག་པ་དང་འདྲ་བར་རྟོགས་པ་པོའི་འདོད་པའི་ངོར་བྱས་ནས་བསྟན་པ་ཡིན་ནོ། །དེ་ཡང་གོང་དུ་ངེས་པར་བྱས་ཟིན་ཏོ་ཞེས་བསྟན་པའི་ཕྱིར་ཆོས་དང་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གཞན་ནི་སྤོང་བ་དང་། མི་སྤོང་བ་དག་དེ་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །ཅི་སྟེ་ཡང་གཉི་གའི་ཆོས་གཏན་ཚིགས་ཡིན་པར་སྨྲ་ན། ཇི་ལྟར་ན་དངོས་པོའི་ཆོས་དངོས་པོ་མེད་པའི་ཆོས་སུ་འགྱུར། གང་གིས་གཉི་གའི་ཆོས་གཏན་ཚིགས་སུ་

འགྱུར་བ་བསྟན་པའི་ཕྱིར་དངོས་པོ་ལ་མི་རྟེན་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གལ་ཏེ་བསྒྲུབ་པའི་སྒོ་ནས་དངོས་པོའི་བདག་ཉིད་ཀྱི་ཆོས་ཁས་བླངས་ནས་མེད་པའི་ཆོས་བརྗོད་པའམ་གཅིག་དགག་པའི་སྒོ་ནས་དེ་ལ་བཟློག་པའི་དངོས་པོ་ལ་བརྟེན་པའི་བདག་ཉིད་ཅན་མ་ཡིན་

པར་དགག་པ་འཇུག་པས་དངོས་པོའི་ཆོས་ཁས་བླངས་ནས་མེད་པ་བརྗོད་ན་ཡང་འགལ་བར་འགྱུར་ན་དེ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ། །གང་གི་ཕྱིར་ལྡོག་པ་ཙམ་སྟེ། གཞན་བཀག་པ་ཙམ་ཆོས་ཉིད་དུ་བརྟགས་པ་ནི་མེད་པ་ལ་ཡང་འགལ་བ་མེད་པའི་ཕྱིར་རོ། །དེ་ལྡོག་པ་སྨོས་པ་ནི་བསྒྲུབ་པའི་སྒོ་ནས་གཟུང་

བའི་ཆོས་གསལ་བ་ཡིན་ནོ། །ཙམ་སྨོས་པ་ནི་དགག་པའི་ཐབས་ཀྱི་ཐོབ་པ་འདི་དངོས་པོ་ལ་བརྟེན་པའི་བདག་ཉིད་ཅན་གསལ་བ་ཡིན་ནོ། །ཅིའི་ཕྱིར་ལྡོག་པ་ཙམ་ཁོ་ནར་འགྱུར་ཞེ་ན། མ་ཡིན་པར་དགག་པ་མ་ཡིན་པས་ཞེས་བྱ་བ་དགག་པ་གཙོ་བོ་མ་ཡིན་པ་ཅན་གྱི་སྒྲུབ་པ་མ་ཡིན་པར་དགག་པ་ཡིན་ཏེ། དེ་

ཡང་མི་རྟེན་པ་ཙམ་ཡིན་ནོ། །དེའི་ཕྱིར་མ་ཡིན་པ་དགག་པ་ཁོ་ན་མི་རྟེན་པ་ཡིན་ཞེ་ན། དངོས་པོ་ལ་མི་རྟེན་པ་ཅན་ཞེས་སྨོས་ཏེ། དགག་པ་ཙམ་ལ་དངོས་པོ་མི་རྟེན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་གཞན་རྣམ་པར་གཅད་ནས་དངོས་པོ་ལ་བརྟེན་པ་དེ་ནི་མ་ཡིན་པ་རྣམ་པར་དགག་པའི་ཡུལ་ཡིན། འདིས་

དངོས་པོ་འགའ་ཞིག་ལ་བརྟན་པ་མ་ཡིན་ནོ། །རྣམ་པར་གཅད་པ་ཙམ་དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཅན་དུ་མི་འགྱུར་རོ་ཞེས་བྱ་བ་གཟུགས་ཅན་མ་ཡིན་པ་ཡིན་པ་དེ་དེ་ཉིད་དེ། གཟུགས་ཅན་བཀག་པའི་མཚན་ཉིད་མེད་པ་ན། ཡོད་པ་རྟེན་རྣམ་པར་ཤེས་པ་དང་ཉེ་བར་བརྗོད་པ་

เล่ม ๑๗๖ · หน้า 219a

མེད་པ་སྟེ་མེད་པ་ལ་ཡང་འགྱུར་བ་ལྟ་བུའོ། །གལ་ཏེ་ཉེ་བར་བརྗོད་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཡིན་ཏེ། ཡོད་པ་བཀག་པ་འདི་ནི་བཟློག་པ་ཡིན་ལ་དེ་ཡང་བྱ་བ་ཡིན་ན་བྱ་བའི་རྟེན་མ་གཏོགས་པར་བྱ་བ་མི་རུང་ངོ་། །དེ་བས་ན་མེད་པ་དགག་པའི་ཡུལ་མ་ཡིན་ནོ། །

དགག་པའི་ཡུལ་ཉིད་དུ་མེད་ན་ཡང་ཇི་ལྟ་བ་ནི་ཆོས་ཀུན་དུ་བརྟགས་པ་ཡིན་ཞེས་བྱ་བར་བསམས་པའོ། །མེད་པ་དག་ནི་སྒྲ་དག་ཀྱང་ཡོད་པར་འགྱུར་རོ་ཞེས་བྱ་བའི་སྐབས་སུ་ཉེ་བར་བརྗོད་པ་མེད་པའི་དགག་པའི་ཡུལ་ཉིད་ཀྱང་བསྟན་པ་ཉིད་མ་ཡིན་ནམ། བདེན་ཏེ་འོན་ཀྱང་ཡུལ་མེད་པ་དགག་པའི་སྦྱོར་བ་མེད་

པའི་ཕྱིར་རོ་ཞེས་བྱ་བ་འདིས་ཕྱོགས་སྔ་མའི་སྒོ་ནས་བསྟན་ལ། དེ་ནི་བྱ་བ་དང་བྱེད་པ་པོའི་འབྲེལ་པའི་སྒོ་ནས་ཞེས་བྱ་བ་ནི་ཁྱད་པར་རོ། །གལ་ཏེ་ཉེ་བར་བརྗོད་པ་མེད་ན་ནི་དགག་པའི་ཡུལ་ཉིད་མ་ཡིན་པ་དེ་བས་ན་ད་ནི་སྤྱིའི་ཉེ་བར་བརྗོད་པ་མེད་པའི་བསྒྲུབ་པའི་ཡུལ་ཡིན་ན་ཡང་བླའོ། །གལ་ཏེ་ཡང་སྟེ་མེད་

པ་བསྒྲུབ་པའི་ཡུལ་ཉིད་མ་ཡིན་ནོ་ཞེ་ན། ད་ཅི་ལྟ་མེད་པ་དགག་པའི་ཡུལ་ཉིད་མ་ཡིན། ཅིའི་ཕྱིར་ཞེ་ན། དགག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པ་ལོག་པ་གང་ཡིན་པ་དེ་ཉིད་དགག་པ་ཡིན་ཏེ། བསྒྲུབས་པ་དང་དགག་པ་དག་ལས་གཞན་མེད་པའི་ཕྱིར་རོ། །ལོག་པ་ཞེས་བྱ་བའི་དངོས་པོར་གྱུར་པའི་

ཆོས་ཀྱིས་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པ་གང་གིས་མེད་པ་དག་ལ་ཡང་མི་འགྱུར། དེ་བས་ན་བཤད་མ་ཐག་པའི་རྣམ་པར་གཅད་པ་ཙམ་ཡོད་པ་དེ་དང་མེད་པ་གཉི་ག་ཡང་ཡོད་པས་བསྒྲུབ་པར་བྱ་བ་ཡོད་པ་ཉིད་དུ་ཇི་ལྟར་བདག་གིར་བྱེད། གང་གི་ཕྱིར་མི་མཐུན་པའི་ཕྱོགས་ལ་འཇུག་པའི་དོགས་པ་རྣམ་པར་

གཅད་པའི་སྒོ་ནས་རྙེད་པར་བྱེད་པ་དེ་ནི་གོ་བར་བྱེད་པ་ཉིད་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པ་ནི་རབ་ཏུ་སྤྱོད་པ་སྟེ། དེ་ལ་དོགས་པ་དེ་རྣམ་པར་གཅད་པའི་སྒོ་ནས་སོ། །ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ་ཡང་མི་མཐུན་པའི་ཕྱོགས་མེད་པ་ཉིད་ཡིན་ན། གཏན་ཚིགས་གཉི་གའི་ཆོས་ཀྱང་མི་མཐུན་

པའི་ཕྱོགས་མེད་པ་ཉིད་ལས་ལོག་པ་ཉིད་མ་ཡིན་ནོ། །རྒོལ་བ་དེ་ཡང་རང་གི་ཚིག་སྟེ་རང་གི་བརྗོད་པ་ཡོད་པ་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་གཉི་གའི་ཆོས་ཉིད་སྨྲ་བ་ན་ཡོད་པ་ཉིད་ལས་གཞན་པ་ཡང་སྟེ། མེད་པ་ལ་ཡང་གཏན་ཚིགས་གཉི་གའི་ཆོས་འདི་འཇུག་པར་བརྗོད་པ་ནའོ། །གལ་ཏེ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด