ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๖ · หน้า 219b

ཡོད་པ་དང་མེད་པ་ལ་ཡང་གནས་པ་དེ་ལྟར་ན་ཡང་གཉི་གའི་ཆོས་ཉིད་དུ་འགྱུར་རོ། །ཡོད་པ་ཉིད་ལ་གཏན་ཚིགས་ཉིད་དུ་སྨྲ་བ་ན། ཡོད་པ་དེ་ལ་མ་འཁྲུལ་པར་བརྗོད་པའི་ཕྱིར་ཇི་ལྟར་འཁྲུལ་པ་མ་ཡིན། ཡོད་པ་ཉིད་ལ་མེད་པའི་ཆོས་ཀྱི་གཏན་ཚིགས་སུ་བརྗོད་པ་ན་ཡང་རྒོལ་བ་འདིའི་གཏན་ཚིགས་སུ་

འགྱུར་ཏེ་ཡོད་པ་ཉིད་ལས་ལྡོག་པ་མེད་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་རོ། །མེད་པ་ཉིད་ཀྱི་ཆོས་སུ་འགྱུར་བ་གང་ཞེ་ན། དངོས་པོ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དངོས་པོ་ཙམ་ཁྱབ་པར་བྱེད་པའི་དོན་བྱེད་ནུས་པ་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་གྱི་དོན་གང་ཡིན་པ་དེ་རྣམ་པར་གཅོད་

པའི་ངེས་པ་མེད་པ་ཉིད་ཀྱི་ཆོས་ཡིན་ཏེ། དངོས་པོ་ཐམས་ཅད་འགོག་པ་ནི་མེད་པ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་འགལ་བ་ཉིད་སྟོན་པར་བྱེད་དེ། དེ་ནི་ཞེས་བྱ་བ་དངོས་པོ་ཙམ་ཁྱབ་པར་བྱེད་པའི་དོན་རྣམ་པར་གཅོད་པ་ཡིན་ཏེ། འདི་ནི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་བསྟན་ཏོ། །

མེད་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཇི་སྐད་དུ་བཤད་པའི་གཏན་ཚིགས་རྣམ་པ་གསུམ་པོ་འདི་ཡང་ཡོད་པ་ཉིད་སྒྲུབ་པར་བྱེད་པ་ལ་སྟེ། ཡོད་པ་ཉིད་བསྒྲུབ་པ་ལ་ཇི་སྐད་དུ་བཤད་པའི་གཏན་ཚིགས་གསུམ་ལས་རྣམ་པ་གཞན་

ནི་ཡོད་པ་མ་ཡིན་ནོ། །ཡོད་པ་ཉིད་འདིའི་ཕྱིར་ཏེ། ཁྱད་པར་གཟུང་བ་མེད་པར་སྒྲུབ་པར་བྱེད་པ་ཉིད་དེ་རྟགས་ཉིད་ཡིན་ནོ། །ཡོད་པ་ཉིད་གྲུབ་པ་ཅན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མ་གྲུབ་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཁྱད་པར་ཇི་ལྟ་བུ་ཅན་དེའི་སྒྲུབ་པར་བྱེད་པ་ཉིད་ཡིན་ཞེ་ན། དེ་ཙམ་ལ་

ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཡོད་པ་ཙམ་ལ་ཁྱབ་པར་བྱེད་པ་མི་རྟག་པ་ཉིད་ལ་སོགས་པ་དངོས་པོའི་ཆོས་ཀྱིའོ། །དེ་ནི་མ་གྲུབ་པ་ཉིད་ཀྱི་སྐྱོན་གསལ་བ་ཡིན་ནོ། །འགལ་བ་དང་མ་ངེས་པ་ཉིད་སྤངས་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་དེས་

རྟགས་ལ་ཁྱབ་པ་རྣམ་པ་འགའ་ཞིག་གིས་རྗེས་སུ་འགྲོ་བའམ་ལྡོག་པའི་སྒོ་ནས་ངེས་པར་བྱས་པས་འགལ་བ་དང་འཁྲུལ་པ་དག་མེད་པ་སྟེ། འགལ་བ་ཉིད་དང་མ་ངེས་པ་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་བསྒྲུབ་པར་བྱ་བ་ལ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་བྱ་བ་ལ་སོགས་པ་བཤད་མ་ཐག་

เล่ม ๑๗๖ · หน้า 220a

པའི་ཐལ་བར་འགྱུར་བ་འདི་ནི་མེད་དོ་བསྒྲུབ་པར་བྱ་བ་ནི་ཆོས་ཀྱི་རྟགས་ལ་ཁྱབ་པའམ། ཆོས་ཅན་ལ་བརྟེན་པ་སྟེ་ཕྱོགས་ཀྱི་ཆོས་ཉིད་ལ་ངེས་པར་མ་བྱས་པ་ཅན་ཡོད་ན་ཡང་དེའི་རང་བཞིན་ཅན་ཉིད་དུ་སྟེ། ཁྱད་པར་དང་ཆོས་ཅན་ལ་བརྟེན་པ་ངེས་པར་བྱས་པའི་རང་བཞིན་ཅན་

ཉིད་དུ་གོ་བར་བྱེད་པར་འདོད་པ་ནི་གོ་བར་བྱེད་པ་འགའ་ཞིག་ཏུ་ཡང་མི་འགྱུར་རོ། །གཏན་ཚིགས་དེ་ཉིད་ཀྱི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རང་གི་ཆོས་ཀྱིས་ཁྱབ་པའི་གཏན་ཚིགས་ནི་གྲུབ་པའི་རང་བཞིན་གོ་བྱེད་ཡིན་པར་བརྗོད་པར་བྱ་སྟེ། ཚུལ་གསུམ་པ་ཉིད་དུ་ངེས་པར་བྱས་པ་ཡིན་ནོ་ཞེས་

བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གསལ་བར་བྱ་བ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་བྱེད་པ་ཉིད་ཀྱིས་ཏེ། འོད་གསལ་བ་ཉིད་ཀྱིས་སྒྲོན་མས་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ཡིན་ན། དེ་ལྟ་བུར་གྱུར་པ་དེ་འགའ་ཞིག་གི་ཚེ་བུམ་པ་ལ་སོགས་

པའི་ནང་ན་གནས་པ་དེའི་ངོ་བོ་རྟོགས་པར་བྱེད་པ་མ་ཡིན་པ་ནི་རང་གི་དོན་བྱ་བ་ཀ་བ་ལ་སོགས་པ་གསལ་བར་བྱེད་པའི་མཚན་ཉིད་ཅན་མི་བྱེད་དོ། །གོ་བར་བྱེད་པའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུ་ནི་བཤད་ཟིན་ཏོ། །འོན་ཀྱང་གོ་བར་བྱ་བ་ཅི་འདྲ་བ་ཞིག་ཡིན་ཞེ་ན། དེ་ལ་ཁྱབ་བྱེད་ངེས་པ་ནི་ཞེས་བྱ་བ་ལ་

སོགས་པ་སྨོས་པ་ལ། གང་དེ་གོ་བར་བྱེད་པ་ཁྱད་པར་བྱེད་པའི་རང་བཞིན་གང་ཡིན། དེས་ཁྱབ་བྱེད་ངེས་པ་ཡིན་ཏེ། ཁྱབ་པར་བྱེད་པ་ཞེས་བྱ་བ་དེ་ལྟར་ངེས་པ་ནི། རྟོགས་པར་བྱ་བའི་རང་བཞིན་ཡིན། དེའི་ཆོས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཆོས་ཅན་གྱི་ཆོས་གོ་བར་བྱ་བ་ཅི་འདྲ་ཞིག་ཅེ་

ན། གོ་བར་བྱེད་པ་ཉིད་དུ་འདོད་པ་དེའི་ཁྱབ་པར་བྱེད་པ་ཉིད་དུ་ངེས་པའོ། །ཇི་ལྟར་ན་ཁྱབ་པར་བྱེད་པ་ཉིད་དུ་ངེས་པ་ཡང་ཡིན་ཞེ་ན། དེའི་ཆོས་སུ་ངེས་པ་ཁོ་ནའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གོ་བར་བྱེད་པ་དེའི་ཆོས་ཉིད་ཀྱི་རང་བཞིན་དུ་ངེས་པ་ནི་དེའི་ཆོས་སུ་ངེས་པ་སྟེ། སྒྲུབ་པར་བྱེད་པ་ནི་བསྒྲུབ་པའི་རང་

བཞིན་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་རྗེས་སུ་འཇུག་པ་དང་རྗེས་སུ་འཇུག་པར་བྱེད་པའི་ངོ་བོ་བཤད་ནས། ལྡོག་པ་དང་ལྡོག་པར་བྱེད་པའི་ངོ་བོ་ནི་འདི་ལྡོག་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལས། འདི་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའི་ཆོས་ཏེ། བདག་ཉིད་ལོག་པ་

เล่ม ๑๗๖ · หน้า 220b

ཡོད་ན་ཁྱབ་པར་བྱ་བ་དེ་ལྡོག་པར་བྱེད་པ་ཡིན་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། ཁྱབ་པར་བྱེད་པའི་ཆོས་ཀྱི་བདག་ཉིད་ལྡོག་པར་གྱུར་པ་ན། ཁྱབ་པར་བྱ་བ་དེ་ལྡོག་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གལ་ཏེ་ཁྱད་པར་བྱེད་པ་འདི་མེད་ན་ཁྱབ་པར་བྱེད་

པ་མི་འབྱུང་བ་དེ་ལྟར་ན། བསྒྲུབ་པར་བྱ་བའི་ཆོས་འདི་ནི་འདིའི་ཁྱབ་པར་བྱེད་པ་གྲུབ་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པའོ། །འདིས་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྗེས་སུ་འཇུག་པ་དང་རྗེས་སུ་འཇུག་པར་བྱེད་པའི་ངོ་བོ་དང་། ལྡོག་པར་བྱེད་པའི་ངོ་བོར་རབ་ཏུ་བསྟན་པས་སོ། །སྒྲུབ་

པར་བྱེད་པའི་སྦྱོར་བ་རྣམ་པ་གཉིས་ཀྱང་ཞེས་བྱ་བ་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་ཏེ། གོ་རིམས་བཞིན་དུ་གོ་བར་བྱེད་པའི་མཚན་ཉིད་དེ། བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱ་བའི་མཚན་ཉིད་དུ་བཤད་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་རྩ་གཅིག་པ། སྦྱོར་བ་རྣམ་

པ་གཉིས་པོ་དེ་ཉིད་ནི་སྦྱོར་བ་རྣམ་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གཞན་དག་ནི་ཞེས་བྱ་བ་ནི་རིགས་པའོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་རྗེས་སུ་འགྲོ་བ་ཅན་ཡིན་ལ། ཆོས་མི་མཐུན་པ་ཉིད་ཅན་ཡང་ལྡོག་པ་ཅན་ཡིན་ནོ། །དེ་དག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་རྣམ་པར་གཞག་

པ་མ་ཡིན་ནམ། གང་ལ་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་ལྡོག་པ་མེད་པ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་འབའ་ཞིག་ཡིན་ཏེ། དེ་ནི་རྗེས་སུ་འགྲོ་བ་ཅན་ལ། གང་ལ་མི་མཐུན་པའི་ཕྱོགས་ལས་གཅིག་ཏུ་ལྡོག་པ་ཡོད་པ་ནི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ཅན་ནི་ལྡོག་པ་ཅན་

ཡིན་ནོ་ཞེ་ན། རྣམ་པར་གཞག་པ་ནི་བདེན་མོད་ཀྱི། དེ་ལྟར་རྣམ་པར་གཞག་པ་ནི་རིགས་པ་མ་ཡིན་ཏེ། ལྡོག་པ་མེད་པར་རྗེས་སུ་འགྲོ་བ་དང་། རྗེས་སུ་འགྲོ་བ་མེད་པར་ལྡོག་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཡིན་ནོ། །འོན་ཀྱང་

སྦྱོར་བའི་བྱེ་བྲག་ལས་རྗེས་སུ་འགྲོ་བ་ཅན་དང་། ལྡོག་པ་ཅན་ཞེས་བརྗོད་པ་དེ་ལྟར་ན་དངོས་པོའི་དབང་གིས་ཀྱང་ཁས་བླང་བར་བྱའོ། །དེ་ཉིད་བསྒྲུབ་པའི་ཕྱིར། སྦྱོར་བའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་གཉིས་ལ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་དང་ལྡོག་པ་ཅན་གྱི་གཏན་ཚིགས་

เล่ม ๑๗๖ · หน้า 221a

དག་ལ་དོན་དུ་སྟེ། རང་གི་ངོ་བོ་ཉིད་དུ་བྱེ་བྲག་ཅུང་ཟད་ཀྱང་མེད་དེ། གཉི་ག་དག་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་ཞེས་བྱ་བ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ལ་འགའ་ཞིག་ཏུ་རྗེས་སུ་འགྲོ་བ་ཉིད་ཅན་གྱི་སྦྱོར་

བས་སྟོན་པར་བྱེད་ལ། འགའ་ཞིག་ཏུ་ལྡོག་པ་དང་ལྡན་པ་ཉིད་ཀྱིས་ཞེས་བྱ་བ་སྦྱོར་བ་ཙམ་ཐ་དད་པ་ཡིན་ན། གལ་ཏེ་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཆོས་མཐུན་པ་ཉིད་དང་། ཆོས་མི་མཐུན་པ་ཉིད་ཅན་ལ་ཆོས་ཉིད་མི་མཐུན་པ་ཉིད་ཅན་རྟོགས་པར་འགྱུར་བ་དེ་བས་ན། དོན་གྱི་བྱེ་བྲག་ཀྱང་ཡོད་དོ་ཞེ་ན། དེ་

ནི་མེད་དེ་གང་གི་ཕྱིར་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་། དོན་གྱིས་ཏེ་ཤུགས་ཀྱིས་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལྡོག་པ་ནི་ཆོས་མི་མཐུན་པ་ཉིད་ཅན་རྟོགས་པར་འགྱུར་བའོ། །ནུས་པ་དེ་ཉིད་དེ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཞེས་བྱ་བ་ནི་ཆོས་མི་མཐུན་

པ་ཉིད་ཅན་ཏེ། གལ་ཏེ་སྒྲུབ་པར་བྱེད་པ་མེད་ན་མི་འབྱུང་བ་དེ་ལྟར་ན་བསྒྲུབ་པར་བྱ་བ་དང་ལྡན་པའི་གཏན་ཚིགས་སུ་འགྱུར་རོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ། དེ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྟེ། གལ་ཏེ་བསྒྲུབ་པར་བྱ་བས་གཏན་ཚིགས་ལ་ཁྱབ་པར་འགྱུར་བ་དེ་ལྟར་ན། དེ་ལོག་པས་

དེ་ལྡོག་པར་འགྱུར་རོ། །ལྡོག་པའི་གཏན་ཚིགས་དེ་དག་དཔྱད་པ་ཡང་རྒྱས་པར་འཆད་པར་འགྱུར་རོ། །དཔེར་ན་མི་རྟག་པ་ཉིད་ལ་བྱས་པའམ་ཞེས་བྱ་བ་ནི་མི་རྟག་པ་ཁོ་ན་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ནི་རྗེས་སུ་འགྲོ་བ་ཅན་གྱི་དཔེ་བརྗོད་པ་ཡིན་ནོ། །འཇིག་པ་མེད་པ་ལ་བྱས་པ་ལྟ་བུའོ་

ཞེས་བྱ་བ་ལ། འཇིག་པ་ཡོད་པ་མ་ཡིན་པ་ནི་འཇིག་པ་མེད་པ་སྟེ། དེ་བས་ན་འཇིག་པ་མེད་པ་འཇིག་པ་མེད་པའི་ངོ་བོ་ཡོད་ན་མ་བྱས་པ་སྟེ། འབྲས་བུ་མ་ཡིན་པ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །དེ་ནི་ལྡོག་པ་ཅན་གྱི་དཔེ་བརྗོད་པའོ། །དེ་ཉིད་ནི་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་

གཉིས་ཀྱིས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱིའོ། །གང་ཅུང་ཟད་ཅེས་བྱ་བ་ནི་ཐམས་ཅད་བསྡུས་ནས་ཁྱབ་པ་རྗོད་པར་བྱེད་པའོ། །དེ་བས་ན་དོན་གྱིས་བྱས་པ་ཉིད་ནི་རྟག་པ་ཉིད་ལས་ལྡོག་པ་ཡིན་ནོ་ཞེས་ལྡོག་པ་རྟོགས་པར་འགྱུར་རོ། །གལ་ཏེ་ཅུང་ཟད་ཀྱང་རྟག་པར་མི་འགྱུར་བ་དེ་ལྟར་ན་

เล่ม ๑๗๖ · หน้า 221b

བྱས་པ་ནི་མི་རྟག་པར་འགྱུར་རོ། །གལ་ཏེ་གང་རྟག་པ་ཉིད་མེད་པ་དེ་ལས་ལྡོག་པ་ཡོད་ཅེ་ན། དེའི་ཐེ་ཚོམ་ཉིད་ཡོད་པ་མ་ཡིན་ཏེ། དེ་མེད་པས་དེ་ལ་འཇུག་པ་མེད་པའི་ཕྱིར་རོ། །སྒྲ་ཡང་བྱས་པ་ཡིན་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་བརྗོད་པའོ། །ཅིའི་ཕྱིར་ཕྱོགས་མ་བསྟན་ཅེས་དོགས་པ་ལ་བྱས་པ་

ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲ་ཡང་བྱས་པ་ཉིད་དུ་བརྗོད་པའི་ཞེས་བྱ་བ་ནི་གང་གི་ཚེ། སྒྲ་ལ་བྱས་པ་ཉིད་མི་རྟག་པ་ཉིད་ཀྱིས་ཁྱབ་པ་བརྗོད་པ་ན། དེ་ལ་ངེས་པར་བདག་ཉིད་ཁྱབ་པར་བྱེད་པ་ཡིན་པར་ཉེ་བར་འཇོག་པར་བྱེད་པའི་ཕྱིར། ཤུགས་ཉིད་ལས་སྒྲ་མི་རྟག་ཅེས་བྱ་བར་འགྱུར་རོ། །

དེ་བས་ན་འདིར་གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པ་ལ། གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་ཞེས་བྱ་བ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལའོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་ལྡོག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཉིད་ཀྱི་ངོ་བོ་

མེད་པ་ལ་བྱས་པ་ཉིད་མེད་དེ་ཞེས་བྱ་བར་སྦྱར་རོ། །དེ་ཡང་འཇིག་པ་མེད་པ་ལ་མ་བྱས་པ་ལྟ་བུའོ་ཞེས་བྱ་བ་འདི་རྣམ་པར་འགྲེལ་པའོ། །སྒྲ་ཡང་བྱས་པ་ཡིན་པས་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་བརྗོད་པའོ། །འདིར་ཡང་དམ་བཅས་པའི་ཚིག་མ་བྱས་པ་ཡིན་ཏེ། གང་གི་ཕྱིར་དེའི་རང་བཞིན་ཉིད་དུ་གྲུབ་པ་ཡིན་

ཏེ་ཞེས་བྱ་བར་མི་རྟག་པ་ཉིད་ཀྱི་རང་བཞིན་དུ་སྟེ། རྒྱུར་གྱུར་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་མེད་ན་ཞེས་བྱ་བ་ལ། མི་རྟག་པ་ཉིད་མེད་པར་འགྱུར་ན་བྱས་པ་ཉིད་མི་འབྱུང་བས་སྒྲ་ལ་ཡོད་པ་ཉིད་དུ་བསྟན་པ་སྟེ། སྒྲ་ཡང་བྱས་པ་ཡིན་པས་ཞེས་བྱ་བ་ཉིད་དུ་བརྗོད་པར་བྱས་པ་ཡིན་ནོ། །དེའི་བདག་ཉིད་ཡོད་པ་ཉིད་ཀྱི་

ཞེས་བྱ་བ་མི་རྟག་པའི་རང་བཞིན་བྱས་པ་སྒྲ་ལ་ཡོད་པ་ཉིད་ཀྱི་ངོ་བོ་ཡིན་པས། ཤུགས་ཀྱིས་སྒྲ་མི་རྟག་ཅེས་བྱ་བར་གྲུབ་པའི་ཕྱིར་རོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་དང་འདྲ་བར་རོ། །མི་རྟག་པ་ཉིད་མེད་པ་ལ་བྱས་པ་ཉིད་མེད་དེ་ཞེས་བྱ་བའི་སྦྱོར་བ་ལ་ཆོས་མི་མཐུན་པ་ཙམ་གྱི་

རྗེས་སུ་འགྲོ་བ་མེད་པ་བསྟན་པ་མ་ཡིན་ནམ་ཞེ་ན། རྗེས་སུ་འགྲོ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་མེད་པར་ཆོས་མི་མཐུན་པ་ཉིད་མི་འཐད་དོ། །དེ་ཉིད་ནི་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར། དེའི་བདག་ཉིད་མ་ཡིན་པ་ངེས་པ་ནི་ཞེས་བྱ་བ་སྨོས་ཏེ།

เล่ม ๑๗๖ · หน้า 222a

མི་རྟག་པའི་རང་བཞིན་ཉིད་ལ་རག་ལུས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལོག་པ་ན་ཞེས་བྱ་བ་ནི་མི་རྟག་པའི་རང་བཞིན་ཉིད་དུ་ངེས་པ་ཉིད་དེ་ལོག་པ་ན་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ངེས་པ་སྟེ། དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་ཚད་མས་

རབ་ཏུ་བསྒྲུབས་པས་བསྒྲུབ་པར་བྱ་བ་ལོག་པས་གཏན་ཚིགས་ལྡོག་པ་བརྗོད་པར་བྱའོ། །གལ་ཏེ་ངེས་པར་རབ་ཏུ་བསྒྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ལོག་པས་ལྡོག་པ་བརྗོད་པ་ཡིན་ནམ། ཚད་མ་གཞན་གྱིས་ངེས་པར་བསྒྲུབས་ན་ལྡོག་པའི་ཚིག་དོན་མེད་པའམ། ཇི་ལྟར་ངེས་པ་ཁོང་དུ་ཆུད་པ་ན་དེ་ལོག་པ་ན་དེ་ལྡོག་

པ་ཡང་མ་ཡིན་ཏེ། གང་གི་ངེས་པར་རབ་ཏུ་བསྒྲུབས་ནས་ཕྱིས་ལྡོག་པ་སྟོན་པར་བྱེད་ཅེ་ན། འདིར་འགའ་ཞིག་སྨྲས་པ་གང་ཡིན་པ་དེ་རེ་ཞིག་བརྗོད་པར་བྱ་སྟེ། ངེས་པར་བསྟན་པར་བྱ་བའི་ཕྱིར་ལྡོག་པ་བརྗོད་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ལྡོག་པའི་ཚིག་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པའི་

དོགས་པ་ལྡོག་པའི་དོན་ཡིན་གྱི་དེས་འབྲེལ་པ་བརྗོད་པ་ནི་མ་ཡིན་ཏེ། བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པ་ནི་སྒྲ་ལ་ཁོང་དུ་ཆུད་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱང་གཞན་ཡིན་ལ། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཀྱང་གཞན་ཉིད་ཡིན་ན། གང་མི་མཁས་པ་འགའ་ཞིག་དེའི་བདག་ཉིད་བསྟན་དུ་ཟིན་

ཀྱང་། མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་། མེད་པ་ཉིད་དྲན་པ་ནི་ཡོད་དེ། དེ་ལ་འདི་སྐད་དུ། གང་གི་ཕྱིར་ཚད་མས་མི་རྟག་པའི་བདག་ཉིད་དུ་བྱས་པ་གྲུབ་པའི་ཕྱིར་དེ་ལོག་པ་ན་དེ་ལྡོག་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གྲུབ་ན་ཞེས་བྱ་བ་ནི་ངེས་པར་གྲུབ་པའི་དུས་ཕྱིས་འབྱུང་

བ་ཅན་གྱི་ལྡོག་པ་གྲུབ་པ་ན་སྟེ། དེའི་བདག་ཉིད་ངེས་པ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དོན་གྱིས་བསྟན་པའི་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཡོད་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནོ། །གཞན་དག་ནི་གཞན་དུ་འཆད་དེ། བསྒྲུབ་པར་བྱ་བ་ཁོ་ན་ལ། སྒྲུབ་པར་བྱེད་པ་ཡོད་པ་ངེས་པ་སྟེ། རབ་

ཏུ་སྒྲུབ་པའི་སྒྲ་ཡང་དོན་གྱིས་འཕངས་པའི་ཚིག་ཡིན་ནོ། །དེ་བས་ན་དེའི་ཕྱིར་ངེས་པར་རབ་ཏུ་བསྒྲུབ་པ་སྟེ། ངེས་པའི་དོན་གྱིས་འཕངས་ནས་ལྡོག་པ་བརྗོད་པར་བྱའོ་ཞེས་དོན་འདི་ཡིན་ནོ། །དེ་ལྟར་གྱུར་པའི་ཚིག་གིས་ལྡོག་པར་བརྗོད་པར་བྱ་བ་གང་ཡིན་པའི་ཤུགས་ལས་ངེས་པར་འཕངས་པ་ཡིན་ནོ། །དེ་

เล่ม ๑๗๖ · หน้า 222b

ཉིད་ཀྱི་ཕྱིར་གལ་ཏེ་དེ་ཞེས་བྱ་བ་སྨོས་པ་ལ། དེ་ཞེས་བྱ་བ་ནི་ངེས་པ་འཕེན་པར་བྱེད་པའི་ལྡོག་པའོ། །གྲུབ་པ་ན་ཞེས་བྱ་བ་ནི་གཞན་ལ་དེ་ལྟ་བུར་གྱུར་པའི་ཚིག་གིས་སྟོན་པ་ནའོ། །དེའི་བདག་ཉིད་དུ་ངེས་པ་ནི་བསྒྲུབ་པར་བྱ་བའི་བདག་ཉིད་དུ་ངེས་པའོ། །དོན་གྱིས་ཏེ་བཤད་པའི་ཤུགས་ཀྱིས་ཏེ་འཕངས་

པ་ཡིན་ནོ། །ཕྱིར་ནི་གཏན་ཚིགས་ཏེ། རྗེས་སུ་འགྲོ་བ་གྲུབ་པ་ཡིན་ནོ། །གཞན་གྱིས་ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཞན་དག་ནི་བྱས་པ་ནི་དུས་གཞན་དུ་གནས་པ་དང་ངེས་པར་འཇིག་པར་འདོད་པ་དེ་བས་ན། བྱས་པ་ནི་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་གདོན་མི་ཟ་བར་མི་རྟག་པ་ཡིན་ཞེས་ཇི་

ལྟར་ཁོང་དུ་ཆུད་པར་བྱ། དུས་གཞན་དུ་གནས་ནས་འཇིག་པར་འགྱུར་རོ་ཞེས་བྱ་བ་དེ་ཅིའི་ཕྱིར་མི་འགྱུར་ཏེ། གང་གིས་དེ་སྐད་དུ་བརྗོད་པར་བྱ་ཞེས་བྱ་བ་ནི། བྱས་པ་ཐམས་ཅད་སྐྱེས་མ་ཐག་ཏུ་འཇིག་པ་ཞེས་བརྗོད་པའོ། །འདི་ལྟར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་གྲུབ་པ་ན་ཡང་བླ་སྟེ། སྐད་ཅིག་མ་ནི་མ་གྲུབ་

པ་ཡིན་ནོ་ཞེས་བྱ་བ་འདི་ནི་འདྲི་བའི་དོན་ཡིན་ནོ། །ལན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་བཞིན་ཡིན་ཕྱིར་ཞེས་བྱ་བ་འདི་ནི། རང་ཉིད་བྱས་པའི་ངོ་བོར་བྱུང་ཞིང་སྐྱེ་བའི་ཕྱིར་རྗེས་སུ་འབྲེལ་བ་ཉིད་བྱས་པའི་རང་བཞིན་གྲུབ་པ་ཡོད་ན། མི་རྟག་པ་ཉིད་ཀྱི་རང་བཞིན་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་

ཏོ། །དེ་བས་ན་བྱས་པ་ནི་མི་རྟག་པ་ཡིན་ནོ། །དེ་གང་ལས་ཤེ་ན། རྒྱུ་མིན་ཕྱིར་ཏེ་གང་གི་ཕྱིར་སྐྱེད་པར་བྱེད་པའི་རྒྱུ་ལས་གཞན་པ་འཇིག་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་རང་བཞིན་དང་རྗེས་སུ་འབྲེལ་པ་ཡིན་ནོ། །དེ་ཉིད་ནི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་ངོ་བོ་ནི་མི་རྟག་པ་ཉིད་ཀྱི་ངོ་བོའོ། །

འོན་ཏེ་དེ་དག་གི་དེའི་རང་བཞིན་ཉིད་གང་ལས་ཡིན་ཞེ་ན། རང་གི་རྒྱུ་ཉིད་ལས་ཞེས་བྱ་བ་སྨོས་ཏེ། སྐྱེད་པར་བྱེད་པའི་རྒྱུ་ཉིད་ལས་འཇིག་པའི་ངང་ཚུལ་ཅན་ཏེ། མི་རྟག་པའི་རང་བཞིན་དག་ཏུ་སྐྱེ་བའི་ཕྱིར་རོ། །དེས་ཀྱང་། རང་བཞིན་ཡིན་ཕྱིར་རྗེས་འབྲེལ་ཉིད། །ཅེས་བྱ་བ་འདི་རྣམ་པར་འབྲེལ་བའོ། །

གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །གལ་ཏེ་རྒྱུ་དང་བཅས་པ་འཇིག་པ་ཡིན་པ་དེ་བས་ན། གདོན་མི་ཟ་བར་འགྱུར་བ་ཅན་དུ་མི་འགྱུར་བ་དེ་བས་ན་དེ་ཉིད་བསྟན་པའི་ཕྱིར། དངོས་པོ་ལྟོས་དང་བཅས་རྣམས་ནི། །ཞེས་བྱ་བ་ལ་

เล่ม ๑๗๖ · หน้า 223a

སོགས་པ་སྨོས་པ་ལ་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་ཅན་མི་མཐོང་། །དེ་ཕྱིར་དངོས་པོ་འཇིག་པ་ནི་ཡང་ལྟོས་པ་མེད་པའི་རང་བཞིན་ཡིན་ནོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ལྟོས་པ་དང་བཅས་པ་ཡིན་ན་ནི་ཞེས་བྱ་

བ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་འཆད་པ་ལ། འགའ་ཞིག་རྟག་པ་ཉིད་དུ་ཡང་འགྱུར་བ་སྟེ། གང་དག་གིས་འཇིག་པ་རྒྱུ་ཐག་ཉེ་བ་ན་མེད་པའིའོ། །གལ་ཏེ་འཇིག་པའི་རྒྱུ་མང་པོ་ཡོད་པ་ཉིད་ཀྱི་ཕྱིར་འགའ་ཞིག་ཏུ་ཡང་ཐག་ཉེ་བ་ན་མེད་པ་མ་ཡིན་ནོ་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་

ཞེས་བྱ་བ་ནི་གང་གི་ཕྱིར་རོ། །དེ་རྒྱུ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་སྟེ། འཇིག་པའི་རྒྱུ་དེ་དག་རྣམས་ཀྱང་གདོན་མི་ཟ་བར་ཐག་ཉེ་བ་མ་ཡིན་པས་ན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རང་གི་རྐྱེན་ལ་ལྟོས་པ་ཐག་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་ཏེ། རང་གི་རྒྱུ་ལ་རག་ལས་པ་ཐག་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །འཇིག་པའི་

རྒྱུ་རྣམས་ཀྱི་རྒྱུ་དག་ནི་ཐམས་ཅད་དུ་ཐག་ཉེ་བ་དག་མ་ཡིན་པ་དེ་བས་ན། འཇིག་པའི་རྒྱུ་ཐག་ཉེ་བ་མ་ཡིན་པས་ན། འགའ་ཞིག་ཀྱང་འཇིག་པར་མི་འགྱུར་རོ། །རྒྱུ་ཉེ་བ་ནི་ཡོད་དུ་ཟིན་ཀྱང་ངེས་པར་འཇིག་པ་མ་ཡིན་ཏེ། གང་གི་ཕྱིར་རྒྱུ་དག་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། འཇིག་པ་ཞེས་བྱ་བའི་

འབྲས་བུ་དང་ལྡན་པའོ། །ཅིའི་ཕྱིར་ཞེ་ན། མ་ཚང་བ་ཞེས་བྱ་བ་ལ་སོགས་པ་ལ་མ་ཚང་བ་ནི་ལྷན་ཅིག་བྱེད་པ་ཉེ་བ་ཅན་མེད་པ་དང་། གགས་བྱེད་པ་ནི་འགལ་བ་ཉེ་བར་འགྱུར་བའོ། །དེ་བས་ན་ཞེས་བྱ་བ་ནི་ལྟོས་པ་དང་བཅས་པའི་གདོན་མི་ཟ་བར་འགྱུར་བ་མེད་པ་ཉིད་ཀྱིས། འཁྲུལ་པ་ཉིད་དུ་བཤད་པ་ཡིན་ནོ། །

འཇིག་པའི་རྒྱུ་ནི་ཐམས་ཅད་དག་སྟེ། འཇིག་པའི་རྒྱུ་གང་ཡིན་པ་དེ་དག་རྟགས་ཉིད་དུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བཞག་མེད་པའི་ཕྱིར་ཏེ་འཇིག་པའི་རྒྱུ་ལས་འཇིག་པའི་རང་བཞིན་གྱི་འབྲས་བུ་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །རྒོལ་བ་གང་དག་ལ་འདི་ཐལ་བར་འགྱུར་བ་དེ་དག་ཡིན་ཞེ་ན། འཇིག་པ་

རྒྱུ་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་རྒྱུ་དང་ལྡན་པར་སྨྲ་བ་གང་ཡིན་པ་དེ་རྣམས་ལའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །འཇིག་པ་ལ་རྒྱུ་མེད་པ་ཉིད་ཀྱི་ཕྱིར། བྱས་པའི་ངོ་བོ་འདི་དེའི་ངོ་བོ་ལ་སྟེ། འཇིག་པའི་ངོ་བོ་ལ་ལྟོས་པ་མེད་པ་

เล่ม ๑๗๖ · หน้า 223b

ཅན་ཏེ། འདིས་ནི་གཏན་ཚིགས་བསྟན་ཏོ། །དེའི་ངོ་བོ་ལ་ངེས་པ་ནི་འཇིག་པའི་ངོ་བོ་ལ་ངེས་པ་ཡིན་ཏེ། འདིས་ནི་སྒྲུབ་པར་བྱེད་པའི་འབྲས་བུའོ། །ཚོགས་པའི་ཐ་མ་གང་ལས་གགས་བྱེད་པ་མི་སྲིད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གགས་བྱེད་པ་ཅན་མི་སྲིད་པ་ཡང་གང་ཡིན་ཞེ་ན། རྒྱུ་མ་ལུས་པ་ཞེས་

བྱ་བ་སྨོས་ཏེ། ལྷན་ཅིག་བྱེད་པ་དག་གྱུར་པ་སྟེ། ཡོངས་སུ་རྫོགས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཔེ་བསྟན་ཏོ། །སྦྱོར་བ་ནི་ངོ་བོ་གང་ལྟོས་པ་མེད་པ་དེ་དག་ནི་དེའི་ངོ་བོ་ལ་ངེས་པ་དག་ཡིན་ཏེ། དཔེར་ན་རྒྱུའི་ཚོགས་ལ་འབྲས་བུ་བསྐྱེད་པ་ལ་གགས་བྱེད་པ་ཅན་མི་སྲིད་པ་ལྟ་བུའོ། །གཞན་ལ་ལྟོས་པ་མེད་པར་

བྱས་པའི་ངོ་བོ་ཡང་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་པས་མ་ངེས་པར་གྱུར་པ་དོགས་པ་སྟེ། འབྲས་བུ་འགའ་ཞིག་ལ་ལྟོས་པ་མེད་དུ་ཟིན་ཀྱང་། གདོན་མི་ཟ་བར་དེའི་ངོ་བོ་མེད་པ་ཞེས་བྱ་བ་གང་ལ་ལྟོས་པ་དེའི་ངོ་བོ་ལ་ངེས་པ་ཡོད་པ་མ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་ཞེ་ན། ས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་སྐྱེད་པར་བྱེད་པ་ན་ལྟོས་པ་མེད་པ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་། གགས་བྱེད་པའི་དུས་འགའ་ཞིག་ཏུ་མྱུ་གུ་མི་སྐྱེད་པའི་ཕྱིར་རོ། །དེ་ཡང་རྒྱུན་ལ་གཅིག་ཉིད་དུ་ངེས་པར་བྱས་ནས་སྨྲ་བ་ཡིན་ནོ། །མ་ཡིན་

ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དེ། དེ་ལ་ཇི་སྐད་དུ་བཤད་པའི་ཚོགས་པ་ལ་མ་ངོས་པ་ཡོད་པ་མ་ཡིན་ཏེ། འབྲས་བུ་བསྐྱེད་པ་ནི་རྒྱུན་གྱུར་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་དེ་ནི་དེ་ལ་འཇུག་པ་མ་ཡིན་ནོ། །འཇིག་པ་ལ་

བྱས་པ་ཡོད་དུ་ཟིན་ཀྱང་དུས་གཞན་ལ་ལྟོས་པ་དེ་བས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པའི་ངོ་བོ་འཇིག་པ་ལ་འགའ་ཞིག་ཏུ་སྟེ། དུས་གཞན་ལ་ལྟོས་པ་མེད་པ་ཡིན་ནོ། །གལ་ཏེ་གྱུར་ན་ནི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་སྔ་མ་བཞིན་དུ་ཕྱིས་

ཀྱང་འཇིག་པར་མི་འགྱུར་རོ། །ས་དང་ས་བོན་ལ་སོགས་པ་ནི་རང་གི་ངོ་བོ་ཉིད་གཅིག་པ་ཡིན་ན། གང་ལས་དེ་དག་རྒྱུན་གྱུར་པ་ལ་ལྟོས་པ་ཉིད་ཡིན། དེ་བས་ན་གཏན་ཚིགས་འཁྲུལ་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་དང་ས་བོན་ལ་སོགས་པ་ནི་རང་གི་ངོ་བོ་གཅིག་

เล่ม ๑๗๖ · หน้า 224a

པ་མ་ཡིན་ཏེ། ཕྱི་མ་དང་འདྲ་བར་སྔར་ཡང་འབྲས་བུ་བསྐྱེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཕྱི་མ་ཕྱི་མར་འགྱུར་བས་ཐ་དད་པ་དག་ཡིན་ནོ། །དེ་ལ་ཞེས་བྱ་བའི་རྒྱུན་གྱུར་པ་ལས་ཐ་དད་པའི་ཚོགས་དེ་ལའོ། །ཚོགས་པ་ཐ་མ་སྟེ་ཕྱིས་བྱུང་བ་འབྲས་བུ་བསྐྱེད་པའི་ཕྱིར་སྐད་ཅིག་མ་

གཞན་གྱིས་བར་ཆད་པ་གང་ཡིན་པ་དེ་ནི་འབྲས་བུ་དང་ལྡན་པ་ཁོ་ན་ཡིན་པའི་ཕྱིར། གང་གིས་གཏན་ཚིགས་འཁྲུལ་པ་ཡིན། དེ་ཉིད་ཀྱང་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚོགས་ལའོ། །དེའི་ཞེས་བྱ་བ་ནི་ཚོགས་པར་གྱུར་པ་དེ་དག་གི་ནང་ནས་སོ། །འོ་ན་ཅིའི་ཕྱིར་སྔར་གྱུར་པའི་དོན་ཇི་ལྟར་ན་རྒྱུ་ཞེས་བརྗོད་ཅེ་

ན། གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་པར་བྱེད་པར་འདོད་པར་གྱུར་པ་ཐ་མ་དེ་ལས་གཞན་ནོ། །དེ་ལས་གཞན་པ་གཞན་ཡང་ཡོད་དོ་ཞེ་ན། སྔར་གྱུར་པ་ཞེས་བྱ་བ་སྨོས་སོ། །དེའི་དོན་ཞེས་བྱ་བ་ནི་ནུས་པའི་སྐད་ཅིག་མའི་དོན་ཏོ། །དེ་བས་ན་རྒྱུའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་ནས།

རྒྱུའི་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྐད་ཅིག་མ་ཐ་མ་ལ་ཡང་གགས་བྱེད་པ་ཡོད་པའི་ཕྱིར་འབྲས་བུ་སྐྱེད་པར་བྱེད་པ་ལ་ངེས་པ་ཡོད་པ་མ་ཡིན་པ་དེ་བས་ན་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ཞེ་ན། དེར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེར་ཞེས་བྱ་བ་ནི་ཚོགས་པ་ཐ་མ་ལའོ། །དེ་

ལ་ཞེས་བྱ་བ་ནི་རྒྱུའི་གྱུར་པའི་སྲིད་གཅིག་པ་ཐ་མ་ལའོ། །འགྱུར་བ་བསྐྱེད་ན་སྐད་ཅིག་མ་དེའི་གཅིག་པ་ཉིད་ཉམས་པའི་ཕྱིར་སྔ་མ་འཕོས་པའི་ཕྱིར་དང་། གཉིས་པར་འགྱུར་བ་ཞེས་བྱ་བ་བསྐྱེད་པའི་ཕྱིར་རོ། །དེ་བས་ན་དེའི་ཐ་མར་མི་འགྱུར་རོ། །ཇི་སྟེ་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་སྐད་ཅིག་

མ་དེའི་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་འཕོ་སར་མི་འདོད་པ་དེའི་ཚེ། དེའི་བདག་ཉིད་ལ་སྟེ། སྐྱེད་པར་བྱེད་པའི་བདག་ཉིད་ལས་སྐད་ཅིག་མ་ཐ་མས་བསྡུས་པའི་རྒྱུ་འཕོ་བ་མེད་པ་ནི་དེ་སྐྱེད་པར་བྱེད་པ་ལ་སྟེ། འབྲས་བུ་སྐྱེད་པར་བྱེད་པ་ལ་གགས་བྱེད་པའི་རྒྱུ་མི་མཐུན་པ་མི་བྱེད་པ་ནི་གགས་

བྱེད་པ་ཉིད་མ་ཡིན་ཞིང་གནོད་པ་བྱེད་པ་མ་ཡིན་པའི་ཕྱིར་རོ། །ནས་ཀྱི་ས་བོན་ལ་སོགས་པ་འབྲས་བུ་སཱ་ལུའི་མྱུ་གུ་སྐྱེད་པ་གང་ལ་ལྟོས་པ་དང་བཅས་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་སྐྱེད་པར་བྱེད་པའི་ས་དང་ཆུ་ལ་སོགས་པ་རྐྱེན་དག་ནི་འགའ་ཞིག་ཏུ་ནས་ཀྱི་ས་བོན་ལ་སོགས་པ་དེ་ལ་ཡང་ཉེ་

เล่ม ๑๗๖ · หน้า 224b

བའི་ཕྱིར་རོ། །དེ་དག་ལྟོས་པ་མེད་དུ་ཟིན་ན་ཡང་སཱ་ལུའི་མྱུ་གུ་སྐྱེད་པར་མི་བྱེད་པ་དེ་བས་ན་དེའི་གནས་སྐབས་ཅན་ནི་མ་ངེས་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་ཇི་ལྟར་ཞེས་བྱ་བ་སྨོས་ཏེ། ལྟོས་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་ཞེས་བྱ་བ་ནས་ཀྱི་ས་བོན་ལ་སོགས་པ་དག་ལ་

སཱ་ལུའི་ས་བོན་གང་ཡིན་པ་དེ་ཉིད་སྐྱེད་པར་བྱེད་པ་སྟེ། སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་ཉིད་དག་མེད་དོ་ཞེས་བྱ་བར་སྦྱར་རོ། །དེའི་རང་བཞིན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་ལ་ལྟོས་པའོ། །དེ་བས་ན་དེ་ལ་གཏན་ཚིགས་མི་འཇུག་པའི་ཕྱིར་མ་ངེས་པ་མ་

ཡིན་ནོ། །འོན་ཏེ་དེ་ལྟར་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། ཁྱད་པར་ལ་ལྟོས་པ་དང་དག་པའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས། འགའ་ཞིག་བྱས་པའམ་ཡོད་པ་ཉིད་ལ་ཡང་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཡང་ཞིག་ཅེས་བྱ་བར་སྦྱར་རོ། །འཇིག་པའི་རང་བཞིན་གང་ཡིན་པ་དེ་ཉིད་ཡོད་པ་མ་

ཡིན་ཏེ་སྐད་ཅིག་མ་རེ་རེར་འཇིག་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེའི་རང་བཞིན་ལ་ལྟོས་པ་ཉིད་ཀྱི་ཕྱིར་ཏེ། འཇིག་པའི་རང་བཞིན་ལ་ལྟོས་པ་ཉིད་ཀྱི་ཕྱིར་འཇིག་པ་དག་མ་ཡིན་ནོ། །འདིས་ནི་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ལ་མ་གྲུབ་པ་ཉིད་སྨྲས་པ་ཡིན་ནོ། །སཱ་ལུའི་ས་བོན་

ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སོགས་པའི་སྒྲས་ནི་ནས་ཀྱི་ས་བོན་ལ་སོགས་པ་བསྡུའོ། །རང་བཞིན་དེ་ནི་ཞེས་བྱ་བ་མངོན་པར་འདོད་པ་དང་ཅིག་ཤོས་ཏེ། འབྲས་བུ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པའི་རང་བཞིན་ཡིན་ནོ། །རང་གི་རྒྱུ་ཡིན་པའི་ཕྱིར་ནས་ཀྱི་ས་བོན་ལ་སོགས་

པ་གང་ཡིན་པ་དེ་ནི་སཱ་ལུའི་ས་བོན་དེའི་རྒྱུ་མ་ཡིན་ཏེ། གང་གི་རྒྱུར་མི་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །དེ་དེའི་རང་བཞིན་དུ་མི་འགྱུར་རོ་ཞེས་བྱ་བ་དེ་ནི། སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་འབྱུང་བ་དང་འབྱུང་བ་ལས་གྱུར་པར་བྱེ་བྲག་མེད་པའི་ཕྱིར་རྒྱུའི་རབ་ཏུ་དབྱེ་བ་ཡིན་ནོ་ཞེ་ན། དེའི་ནུས་པ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། རང་གི་ངོ་བོ་སྟེ་རང་བཞིན་གྱི་རྣམ་པར་དབྱེ་བས་མངོན་སུམ་གྱིས་ཁོང་དུ་ཆུད་པ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་རང་བཞིན་ངེས་པ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བའི་རང་བཞིན་ཉིད་དོ། །དོན་རྣམས་ལ་ནི་ཞེས་

เล่ม ๑๗๖ · หน้า 225a

བྱ་བ་ནི་དངོས་པོ་རྣམས་ལའོ། །གློ་བུར་དུ་ཞེས་བྱ་བ་ནི་རྒྱུ་མེད་པར་རོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། ལྟོས་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ལ་ལྟོས་པ་མེད་པ་ནི་ཡུལ་འགའ་ཞིག་ཁོ་ན་ལ་ཡིན་གྱི་ཐམས་ཅད་ལ་མ་ཡིན་ཞིང་། དུས་འགའ་ཞིག་ཏུ་ཡིན་གྱི་ཐམས་

ཅད་ཀྱི་ཚེ་མ་ཡིན་ལ། ནས་ཀྱི་ས་བོན་ལ་སོགས་པ་རྫས་འགའ་ཞིག་ལ་ཡིན་གྱི་ཐམས་ཅད་ལ་མ་ཡིན་པ་དེ་ལྟ་བུ། གང་འདི་ཡུལ་དང་དུས་དང་རྫས་ངེས་པ་དེ་ལ་མི་རུང་བའི་ཕྱིར་རོ། །ངེས་པ་ཡང་དེའི་ཕྱིར་ཡུལ་ལ་སོགས་པ་ལ་ལྟོས་ནས་ཡོད་པ་ནི་རྒྱུ་དང་ལྡན་པ་ཞེས་བྱ་བར་རྟོགས་སོ། །དེ་ཙམ་ནི་རྒྱུ་

དང་ལྡན་པ་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་རང་བཞིན་པའི་རྒྱུ་ནི་རྒྱུའི་ཁྱད་པར་ཡིན་ནོ། །ཇི་ལྟར་སཱ་ལུའི་ས་བོན་ལ་སོགས་པ་དག་རྒྱུ་ཐ་དད་པའི་ཕྱིར་རང་བཞིན་ངེས་པ་ཡིན་པ་དེ་ལྟར་འདི་ལ་ཡང་བྱས་པའམ་ཡོད་པ་དག་གི་ངེས་པའི་རྒྱུ་བརྗོད་པར་བྱའོ། །གང་གི་ཕྱིར་ཏེ་ངེས་པར་བྱེད་པའི་རྒྱུའི་ཕྱིར་བྱས་

པའམ་ཡོད་པ་འགའ་ཞིག་འདི་ནི་འཇིག་པའི་བདག་ཉིད་ཅན་དུ་འབྱུང་བ་དག་ཡིན་གྱི་གཞན་དུ་ནི་མ་ཡིན་ལ། འདིར་འགའ་ཞིག་ངེས་པར་བྱེད་པའི་རང་བཞིན་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་མི་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་ཏེ། སྐྱེ་བ་གང་ལ་ཡོད་ན་ཐམས་ཅད་ནི་སྐྱེ་བ་

དང་ལྡན་པ་ཐམས་ཅད་རྒྱུ་ཙམ་དག་ལས་སྐྱེས་པ་དག་ལ་ཁྱད་པར་མེད་པར་འཇིག་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞན་ལ་དུས་གཞན་དུ་འཇིག་པར་རབ་ཏུ་གྲགས་པ་ཁོ་ནས་གཟུང་ནས་བཤད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །སྐད་ཅིག་མར་འཇིག་པ་ནི་མ་ཡིན་ཏེ། དེ་ཉིད་ནི་གྲུབ་པའི་

སྐབས་ཉིད་ཡིན་པའི་ཕྱིར་རོ། །དུས་གཞན་དུ་འཇིག་པར་གྲུབ་པ་ན་ཡང་དེ་འཇིག་པའི་བདག་ཉིད་དུ་གྲུབ་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་སྔ་མ་དང་འདྲ་བར་ཕྱིས་ཀྱང་འཇིག་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་འཇིག་པ་མེད་པའི་བདག་ཉིད་དུ་རྒྱུས་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་འདོད་

པས། དུས་ཐམས་ཅད་དུ་གནས་པའི་ངང་ཚུལ་ཅན་དུ་སྐྱེད་པར་བྱེད་དོ་ཞེས་ཁས་བླང་བར་བྱའོ། །དེ་ལྟ་བུར་གྱུར་པའི་བྱས་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་དུས་གཞན་དུ་འཇིག་པར་གྲུབ་པའི་ཕྱིར་རོ། །རེ་ཞིག་ནང་གི་བདག་ཉིད་ཅན་བློ་དང་དབང་པོ་དང་ལུས་རྒྱུན་ཆད་བ་ཅན་དག་དམིགས་ལ། ཕྱི་

เล่ม ๑๗๖ · หน้า 225b

རོལ་གྱི་ཤིང་ལ་སོགས་པ་ཡང་དམིགས་སོ། །རི་ལ་སོགས་པ་དག་ཀྱང་དེ་ལ་བརྟེན་པའི་ཤིང་ལ་སོགས་པ་འཇིག་པའི་ཕྱིར་འཇིག་པ་ཁོ་ནར་འགྱུར་རོ། །དེ་ལྟ་མ་ཡིན་ན་བརྟེན་པ་ཡང་འཇིག་པར་མི་འགྱུར་བའི་ཕྱིར་རོ། །གཞན་དག་ཀྱང་འགའ་ཞིག་ཏུ་ཐ་ན་རྣམ་པར་ཤེས་པའི་འབྲས་བུ་ཡང་མི་སྐྱེད་པའི་ཕྱིར།

རྡོ་རྗེ་ལ་སོགས་པ་དག་ཀྱང་དེའི་རིགས་ཅན་ཉིད་ཡིན་པས་ན་འཇིག་པ་གྲུབ་པ་ཡིན་ནོ། །འཇིག་པ་དང་འཇིག་པ་མེད་པའི་རྣམ་པར་དབྱེ་བ་ནི་རྒྱུས་བྱས་པ་མ་ཡིན་གྱི། འོན་ཀྱང་གལ་ཏེ་སྐྱེ་བ་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་སྐྱེ་བ་ཡོད་པས་ན་སྐྱེ་བ་དང་ལྡན་པ་ཡིན་ལ་དེའི་རང་བཞིན་ནི་སྐྱེ་བ་

དང་ལྡན་པའི་རང་བཞིན་ཏེ། འཇིག་པ་དང་ལྡན་པ་དེ་ཉིད་འཇིག་པ་ཅན་ཡིན་ནོ། །དེ་སྐད་དུ་འགའ་ཞིག་དེ་ལ་དེ་འདྲ་བའི་སྐྱེ་བ་ཡོད་པ་ཉིད་གང་གིས་འགའ་ཞིག་འགག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གཞན་ནི་སྐྱེ་བ་ནི་འཇིག་པ་ཅན་གྱི་རང་བཞིན་གྱི་རྒྱུ་མ་ཡིན་ཏེ། སྐྱེ་བ་ཞེས་བྱ་བ་

ཅུང་ཟད་ཐ་དད་པ་ནི་ཅུང་ཞིག་མ་ཡིན་ན་གང་གིས་འཇིག་པ་ཅན་གྱི་རང་བཞིན་ཅི་ཞིག་བྱེད་པར་འགྱུར། དངོས་པོ་རྣམས་ཀྱི་རང་བཞིན་ཉིད་སྐྱེ་བ་ཡིན་ཏེ། དེ་ཉིད་ལས་གང་ལས་སྐྱེ་བ་འདི་འདྲ་བ་ཞེས་གཏན་ཚིགས་ཀྱི་རྣམ་པར་དབྱེ་བ་དཔྱོད་པར་བྱེད་དོ། །རྒྱུ་མེད་པ་ཅན་གྱི་སྐྱེ་བའི་རང་བཞིན་ངེས་པ་ཡོད་པ་

མ་ཡིན་ཏེ། གང་གི་ཕྱིར་སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་འཇིག་པ་གྲུབ་པས་སྐྱེ་བ་འཇིག་པ་ཅན་གྱི་རང་བཞིན་གྱི་རྒྱུ་མ་ཡིན་པ་དེའི་ཕྱིར་བྱས་པའམ་ཡོད་པ་འདི་ལས་རྒྱུ་ལས་འཇིག་པ་དང་། འཇིག་པ་མེད་པར་སྐྱེད་པར་བྱེད་པ་ཉིད་དུ་འདོད་པ་རང་གི་ངོ་བོའི་རྣམ་པར་དབྱེ་བ་མེད་དོ། །དེ་མེད་པའི་ཕྱིར་ཏེ་གཏན་ཚིགས་ཀྱི་

རྣམ་པར་དབྱེ་བ་མེད་པའི་ཕྱིར་འབྲས་བུ་བྱས་པའམ་ཡོད་པ་ཉིད་ལ་འཇིག་པ་དང་། འཇིག་པ་མེད་པ་ཉིད་དུ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་པས་ན། ནས་ཀྱི་ས་བོན་ལ་སོགས་པ་དང་མཚུངས་པ་ཡིན་ནོ། །བྱས་པ་ཉིད་ལ་ལྟོས་ནས་དེ་སྐད་དུ་སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་འཇིག་པ་གྲུབ་པས་ཞེས་བྱ་བ་ལ་

སོགས་པས་བསྟན་ཏོ། །ཡོད་པ་ཉིད་ལ་ཡང་ལྟོས་པར་མི་རིགས་ཏེ། རྟག་པ་དག་ནི་གཞན་གྱིས་ཡོད་པ་ཉིད་དུ་ཁས་བླངས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཡོད་པ་མ་ཡིན་ཏེ། བྱས་པ་མ་ཡིན་པ་ལ་ཡོད་པ་ཉིད་མི་རུང་བའི་ཕྱིར་རོ། །ཡོད་པ་ཉིད་ཐམས་ཅད་ནི་ཡུལ་དང་དུས་དང་དངོས་པོ་ལ་ངེས་པ་ཡིན་

เล่ม ๑๗๖ · หน้า 226a

ན། རྒྱུ་མེད་པ་ཅན་ཉིད་ནི་དེ་ལ་ངེས་པར་མི་རུང་བའི་ཕྱིར་རོ། །གཞན་གྱིས་རྡུལ་ཕྲ་རབ་དག་དང་ཡིད་ནི་ལུས་ཅན་ཉིད་ཡིན་པའི་ཕྱིར་ཡུལ་ངེས་པ་ཁས་བླངས་པ་ཡིན་ན། དེས་བྱས་པའི་ཕན་བཏགས་པ་མེད་པ་ལ་ཡུལ་འདི་ན་རྡུལ་ཕྲ་རབ་ཡོད་ཀྱི་གཞན་ན་མེད་ལ་དེ་བཞིན་དུ་བདག་གི་

ཕྱོགས་འདི་ན་ཡིད་ཡོད་ལ་གཞན་ན་མེད་དོ་ཞེས་བྱ་བའི་ཡུལ་ངེས་པར་མི་འགྱུར་རོ། །ཡུལ་ཐམས་ཅད་ལ་རྡུལ་ཕྲ་རབ་ལ་སོགས་པ་ཐམས་ཅད་ཡོད་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་གང་དག་ཡོད་པ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་དོན་མཇུག་སྡུད་པ་ཡིན་ནོ། །འཇིག་

པ་ལ་ལྟོས་པ་མེད་པ་འདིས་དངོས་པོ་ཞེས་འགའ་ཞིག་ལ། དུས་འགའ་ཞིག་གི་ཚེ། འཇིག་པ་ཡོད་པ་གང་དེ་དང་འགལ་བ་ཅན་ཅི་ཞིག་བྱེད་དེ་མེད་པ་སྟེ་འགའ་ཞིག་ལ་འགའ་ཞིག་གི་ཚེ་འཇིག་པ་དེ་མེད་པའི་རང་བཞིན་དེ་ཡོད་པ་ཉིད་དུ་གྲུབ་པར་བྱེད་དེ། ཐམས་ཅད་ལ་དུས་ཐམས་ཅད་དུ་འཇིག་པ་ཡོད་པར་གྲུབ་

པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡུལ་དང་རྫས་དེ་ལ་ལྟོས་པ་ཅན་ཡིན་པའི་ཕྱིར་ཏེ། དུས་གང་ལའམ་རྫས་གང་འགྱུར་བའི་དུས་དང་རྫས་དེ་ལ་ལྟོས་པ་ཅན་ཏེ། ལྟོས་པ་མེད་པ་ཉིད་དུ་མི་འགྱུར་རོ་ཞེས་གོང་དུ་བཤད་ཟིན་ཏོ། །འོན་ཏེ་ཞེས་བྱ་བ་ལ་

སོགས་པ་ནི་གཞན་གྱི་ཡིན་ནོ། །རྒྱུ་མེད་པ་ཅན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཡོད་པ་ཉིད་ཀྱི་རྒྱུའི་ངོ་བོ་ཉིད་ལས་དེ་ལྟར་སྐྱེ་བའི་ཕྱིར་ཏེ། འཇིག་པའི་རང་བཞིན་དུ་སྐྱེ་བའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཡོད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡོད་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི། ཡོད་པ་ཉིད་ཐོབ་པར་འགྱུར་

བ་ནི་དེ་འདྲ་བ་ཉིད་དེ། འཇིག་པའི་རང་བཞིན་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་གདོན་མི་ཟ་བར་དངོས་པོ་ཡོད་པ་ཉིད་ནི་རྒྱུ་འགའ་ཞིག་ལས་ཀྱང་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་འདི་བསམ་པ་ནི་ཡོད་པ་ཐམས་ཅད་ནི་རྒྱུ་ལ་རག་ལུས་པ་མ་ཡིན་གྱི། ཕྱོགས་དང་དུས་དང་རྡུལ་ཕྲ་རབ་ལ་སོགས་པ་ཉིད་འགའ་ཞིག་

བསགས་པས་བརྟག་པ་ཡིན་པ་དེ་བས་ན་ཡོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། དེ་དག་གིས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོན་ཏེ་བསྟན་པ་ཉིད་དུ་འདོད་པ་དག་གི་ཡོད་པ་ཉིད་ནི་གློ་བུར་བ་སྟེ། རྒྱུ་མེད་པ་ཅན་ཡིན་པའི་ཡོད་པ་འདི་དོན་འགའ་ཞིག་ལ་དུས་འགའ་ཞིག་གི་ཚེ་ཡུལ་

เล่ม ๑๗๖ · หน้า 226b

འགའ་ཞིག་ཏུ་ལྡོག་པར་མི་འགྱུར་ཏེ། རྫས་དང་ཡུལ་དང་དུས་ངེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེ་ནི་རྟེན་དུ་གྱུར་པ་འགའ་ཞིག་ལ་འབྲེལ་པ་སྟེ་བརྟེན་པར་འགྱུར་བའམ། གང་གང་ལ་སྐྱེད་པར་བྱེད་པ་པོ་ལ་སོགས་པ་ལ་

ཅུང་ཞིག་རག་ལུས་པ་སྟེ་ལྟོས་པའམ། འབྲེལ་པ་མེད་པ་མ་ཡིན་ཞིང་གང་གང་ལ་རག་ལུས་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཉིད་དེ་འདི་ནི་འགའ་ཞིག་ལ་རག་ལུས་པ་ཅན་མ་ཡིན་ནོ་ཞེ་ན། རྫས་དང་ཡུལ་དང་དུས་ལ་ལྟོས་པར་ངེས་པ་ཅན་དུ་མི་འགྱུར་ཏེ། འདི་ལྟར་ནམ་མཁའ་ལ་འདི་ཡོད་པ་ཉིད་ཡིན་གྱི་བདག་

ལ་མ་ཡིན་ལ། བདག་ལ་ཡོད་པ་ཉིད་ཡིན་གྱི་དུས་ལ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་མི་འགྱུར་རོ། །འདི་ལྟར་ཡུལ་འདི་ལ་རྡུལ་ཕྲ་རབ་ཡོད་ཀྱི་གཞན་ལ་མ་ཡིན་ལ། བདག་གི་ཕྱོགས་འདི་ལ་ཡིད་ཡོད་པ་ཉིད་ཡིན་གྱི་ཞེས་བྱ་བ་ལ་སོགས་པས་ཡུལ་ངེས་པར་མི་འགྱུར་རོ། །ཡུལ་ཐམས་ཅད་ལ་

རྡུལ་ཕྲ་རབ་ལ་སོགས་པ་ཐམས་ཅད་དང་ཕྱོགས་ལ་སོགས་པ་དག་ལ་ཡང་འགྱུར་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་འབྲས་བུ་མེད་པ་ལ་དུས་དང་རྫས་ལ་ལྟོས་པར་མི་འགྱུར་ཏེ། དུས་འགའ་ཞིག་གི་ཚེ་ལྷན་ཅིག་བྱེད་པ་འགའ་ཞིག་དང་ལྷན་ཅིག་འབྲས་བུ་མེད་པའི་ཕྱིར་རོ། །གཞན་དུ་དེ་ལ་རག་ལས་པའི་འབྲས་བུ་ཅིག་

ཅར་བསྐྱེད་པར་འགྱུར་རོ། །གང་ཞིག་ལ་ལྟོས་པ་དེ་ནི་དེ་ལས་སྐྱེ་བ་དང་ལྡན་པ་ཡིན་ཏེ་མྱུ་གུ་ལ་སོགས་པ་བཞིན་ཏེ། དེ་བས་ན་ཡོད་པ་ཉིད་འདི་ནི་འགའ་ཞིག་ཏུ་རྟག་པར་མངོན་པར་འདོད་པ་ཡིན་དུ་ཟིན་ཀྱང་གློ་བུར་བ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཉིད་ཀྱི་རྒྱུ་ཁོ་ན་ལས་འཇིག་པ་འབྱུང་བ་ཡིན་ནོ། །འོ་ན་ད་ཇི་ལྟར་འཇིག་པ་རྒྱུ་

མེད་པ་ཅན་དུ་བསྟན་ཞེས་བྱ་བ་འགལ་བ་སྟོན་པའོ། །སྐྱེས་པ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་པ་སྟེ། ཡོད་པ་ཉིད་ཀྱི་རྒྱུ་ལས་འཇིག་པའི་རང་བཞིན་སྐྱེས་པ་དེའི་ངོ་བོ་སྟེ། འཇིག་པའི་རྒྱུ་གཞན་ལ་ཡང་ལྟོས་པ་མེད་པའི་ཕྱིར་འཇིག་པ་རྒྱུ་མེད་པར་བཤད་དོ། །གང་དུ་འདིར་ཡང་འཇིག་པ་

ཞེས་བྱ་བ་དངོས་པོ་ལས་གཞན་འགའ་ཞིག་ཀྱང་མེད་དེ་དངོས་པོ་ཉིད་འཇིག་པ་ཡིན་ནོ་ཞེས་བཤད་དོ། །ཞིག་ནས་མེད་པ་འཇིག་པ་མ་ཡིན་ནམ། དེ་དེ་ལྟར་དངོས་པོའི་ངོ་བོར་འགྱུར་ཞེ་ན། དེ་ཉིད་སྐད་ཅིག་མར་གནས་པའི་ཚུལ་ཅན་དུ་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་ཁོ་ན་ལས་སྐད་

เล่ม ๑๗๖ · หน้า 227a

ཅིག་མར་གནས་པའི་ངང་ཚུལ་ཅན་དུ་སྐྱེས་པའི་ཕྱིར་འཇིག་པ་ཞེས་བྱ་སྟེ། སྐད་ཅིག་མར་གནས་པ་ཁོ་ན་འཇིག་པ་ཡིན་པར་འདོད་ཀྱི། ཞིག་ནས་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྐད་ཅིག་མར་གནས་པ་ཅན་གྱི་ངོ་བོ་དེ་ཉིད་འཇིག་པ་ཡིན་ན་ཡང་ཅིའི་ཕྱིར་རྒྱུན་ཆད་པ་ལས་སྔར་

ཡང་དེ་ལྟར་མི་འཛིན། མ་བཟུང་བ་དེའི་ཕྱིར་སྐད་ཅིག་མར་གནས་པ་ཅན་གྱི་ངོ་བོ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བླུན་པོ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླུན་པོ་སྟེ་མཐོང་བ་གསལ་པོ་དང་བྲལ་བ་དག་གིས་བུམ་པ་ལ་སོགས་པ་དངོས་པོ་འདིའི་རང་བཞིན་སྐད་ཅིག་མར་གནས་

པ་ཅན་དེ་ནི། རྒྱུན་ཆད་པའི་དུས་ཕྱིས་དངོས་པོ་འདི་འཇིག་པ་ཅན་ཡིན་ནོ་ཞེས་ངེས་པ་སྟེ། གསལ་བར་གྱུར་གྱི་སྔར་ཡོད་པ་ཉིད་ཀྱི་དུས་སུ་ནི་མ་ཡིན་ནོ། །མཐོང་ན་ཡང་ཞེས་བྱ་བ་ནི་འཇིག་པའི་རང་བཞིན་མཐོང་བ་ཡོད་ན་ཡང་མཐོང་བའི་དུས་སུ་ངེས་པ་ཡོད་པ་མ་ཡིན་ཏེ། མ་རིག་པའི་མུན་པ་ཉིད་ཀྱི་ཕྱིར་དང་གཞན་རྒྱུན་

འདྲ་བ་སྐྱེ་བའི་ཕྱིར་རོ། །མཐོང་བ་གསལ་བ་མེད་པའི་ཕྱིར་རོ། །དེའི་དབང་གིས་ཏེ་ཕྱིས་ངེས་པའི་དབང་གིས་མི་རྟག་གོ་ཞེས་བྱ་བར་རྣམ་པར་འཇོག་པར་བྱེད་དེ། དཔེ་བསྟན་པའི་ཕྱིར་མི་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྐྱེས་བུ་མཁས་པས་དུག་གི་རྫས་གཟུང་དུ་ཟིན་ཀྱང་འཁྲུལ་པའི་

རྒྱུ་མཚན་ཡོད་པའི་ཕྱིར་སྔར་ངེས་པར་མ་བཟུང་ལ། ཕྱིས་དུག་གིས་བྱས་པའི་འགྱུར་བ་ཁ་ཆུ་འཛག་པ་ལ་སོགས་པ་མཐོང་ནས་དུག་ཏུ་འཇོག་པ་དེ་བཞིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། འཇིག་པ་འདི་ནི་ཞེས་བྱ་བར་སྦྱར་རོ། །དངོས་པོའི་ཡོད་པ་ཉིད་གང་ཡིན་པ་དེ་མ་གཏོགས་པར་འཇིག་

པའི་རྒྱུ་ཅུང་ཟད་ལ་ཡང་ལྟོས་པ་མེད་པའི་ཕྱིར། དེ་ལ་ཁྱབ་པར་བྱེད་པ་སྟེ་ཡོད་པ་ཉིད་ལ་ཁྱབ་པར་བྱེད་པ་ཡིན་ནོ། །འཇིག་པ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །དེའི་རྒྱུ་ནུས་པ་མེད་པའི་ཕྱིར་ཡང་ཞེས་བྱ་བ་ནི་ལན་གྱི་ཚིག་གོ། །དེ་རྒྱུ་ཞེས་བྱ་བ་ནི་འཇིག་པའི་རྒྱུའོ། །མེད་པ་ཞེས་བྱ་

བ་ལ་དངོས་པོ་གྲུབ་པའི་ཕྱིས་མེད་པ་ཞེས་མངོན་པར་འདོད་པ་གང་ཡིན་པ་དེའི་བྱ་བ་དགག་པའི་ཕྱིར་དང་། གཏན་ཚིགས་གཞན་བསྡུ་བའི་ཕྱིར་ཡང་གི་སྒྲ་སྨོས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །སློབ་དཔོན་གྱིས་དངོས་པོ་གྲུབ་པ་ལ་ནི་ཞེས་བྱ་བ་སྨོས་ཏེ། དགོངས་པ་ནི་འཇིག་

เล่ม ๑๗๖ · หน้า 227b

པའི་རྒྱུའི་དངོས་པོ་དེ་ཉིད་དམ་དེ་ལས་གཞན་བྱེད་ཅེས་བྱ་བ་འདི་ཡིན་ནོ། །རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་གྲུབ་པ་ལ་ནི་བྱེད་པ་སྟེ། འཇིག་པའི་རྒྱུ་ནི་དངོས་པོ་དེ་ལ་མི་བྱེད་དེ། དེས་ནི་རང་གི་རྒྱུ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། གང་གི་

ཕྱིར་གཞན་ལ་བྱེད་པ་ནི་དངོས་པོ་དེ་ལ་ཅུང་ཞིག་ཀྱང་མ་ཡིན་ཏེ། དེའི་གནས་སྐབས་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་དང་དེ་མ་ཡིན་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་བཤད་པའི་རྣམ་པ་དངོས་པོའི་ངོ་བོ་དང་དེ་ལས་གཞན་པའི་ངོ་བོ་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཀྱང་གི་

སྒྲས་ནི་མེད་པ་རྣམ་པ་གསུམ་སྡུད་པར་བྱེད་པའོ། །དེ་བས་ན་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་པ་ནི་འཇིག་པ་ལ་ལྟོས་པ་མེད་པའི་ཕྱིར་ནུས་པ་མེད་པ་གྲུབ་པ་ཡིན་ནོ། །བྱ་བ་དགག་པའི་ཕྱིར་ཡང་ཞེས་བྱ་བའི་ཡང་གི་སྒྲས་བསྡུས་པ་གང་ཡིན་པ་དེ་གསལ་བར་བྱ་བའི་ཕྱིར། ཇི་ལྟར་བྱ་བ་འགོག་ཅེ་ན་ཞེས་བྱ་

བ་ལ་སོགས་པ་སྨོས་པ་ལ་འཇིག་པ་ཞེས་བྱ་བ་ནི། འཇིག་པ་རྒྱུ་དང་ལྡན་པར་སྨྲ་བ་དེ་དག་གིས་དངོས་པོའི་ངོ་བོ་མེད་པ་ཡིན་པར་སེམས་སོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། འཇིག་པའི་རྒྱུ་འདི་ནི་མེད་པའི་ངོ་བོ་བྱེད་དོ་ཞེས་བྱ་བ་ཐོབ་པོ། །དེ་ལྟར་གནས་པ་དེ་ལ་གལ་ཏེ་མེད་པ་ཞེས་བྱ་བ་འགའ་ཞིག་

འཇིག་པའི་རྒྱུས་འབྲས་བུའི་རང་བཞིན་དུ་འགྱུར་བ་དེའི་ཚེ་མྱུ་གུ་ལ་སོགས་པ་དང་འདྲ་བར་འབྲས་བུ་ཉིད་ཡིན་པས་ན། དེ་ཉིད་དངོས་པོ་ཡིན་པའི་ཕྱིར་མེད་པའི་ངོ་བོར་མི་འགྱུར་རོ། །དེ་བས་ན་གང་དངོས་པོ་འདི་མེད་པ་འཇིག་པའི་རྒྱུས་བྱེད་དོ་ཞེས་སྨྲ་བ་དེས། དངོས་པོ་མི་བྱེད་དོ་ཞེས་འཇིག་པའི་རྒྱུ་འདིའི་

བྱ་བ་འགོག་པ་བྱེད་པར་མི་འགྱུར་རོ། །བྱ་བ་འགོག་པ་དེ་ལྟ་ན་ཡང་ཅུང་ཞིག་ཀྱང་མི་བྱེད་པའི་འཇིག་པའི་རྒྱུ་འདི་ཅིའི་ཕྱིར། དངོས་པོས་འཇིག་པ་ལ་ལྟོས་པར་བྱ་བ་ཡིན་ཏེ། དེ་ལྟར་ན་དངོས་པོ་ནི་འཇིག་པ་ལ་ལྟོས་པ་མེད་པར་གྲུབ་པ་ཡིན་ནོ། །ལྟོས་པ་མེད་པ་དེ་ཉིད་ཀྱི་ཕྱིར། གང་ཞེས་དེ་ཉིད་རང་བཞིན་

གྱིས་འགྱུར། དངོས་པོ་འགའ་ཞིག་ལ་མཐོང་བར་འགྱུར་བ་དེ་ལ་འཇིག་པའོ། །དེ་ལས་གཞན་པ་དག་ལ་ཡང་། རང་བཞིན་ཉིད་ཀྱིས་འགྱུར་བ་ཡིན། རང་བཞིན་ཙམ་གྱིས་ངོ་བོ་འདི་ལས་དངོས་པོ་གཞན་དག་ལས་མ་མཐོང་ན་ཡང་ཞེས་བྱ་བ་ཤེས་པར་བྱའོ། །དེ་འདི་ཞེས་བྱ་བ་ལ་སོགས་པས་འཆད་

เล่ม ๑๗๖ · หน้า 228a

པར་བྱེད་པ་ལ། འདི་ཞེས་བྱ་བ་ནི་འཇིག་པའོ། །དེ་ལྟར་གཞན་དག་ལ་ཡང་ཞེས་བྱ་བ་ནི་མ་མཐོང་བ་ལ་ཡང་ངོ་། །དངོས་པོའི་ཡུལ་ཅན་གྱིས་ཞེས་བྱ་བ་ནི་བསྒྲུབ་པའི་ཡུལ་ཅན་ནོ། །འབྲས་བུའི་ངོ་བོ་དེས་ཞེས་བྱ་བ་ནི་གཞི་མཐུན་པ་ཉིད་དུ་སྦྱོར་རོ། །དེ་ཡང་ལྔ་པའི་ཚིག་གཉིས་པ་

ཡིན་ཏེ། འབྲས་བུ་དང་ངོ་བོ་དེ་དག་གིས་བྱས་པའོ། །གང་ལ་འབྲས་བུའི་རྟགས་ཀྱི་རྗེས་སུ་དཔོག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་གང་ལ་རང་བཞིན་རྟགས་ཀྱིས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ཞེས་བྱ་བ་ལ། འབྲས་བུའི་རྒྱུ་

ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ཡིན་ལ། རང་བཞིན་གྱི་ཡང་རང་བཞིན་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་རྟགས་ཅན་དེ་ལ་འབྲས་བུ་དང་། རང་བཞིན་གྱི་རྟགས་དེ་དག་དེ་ཉིད་རག་ལུས་པའི་ཕྱིར་རོ། །མི་དམིགས་པའི་དབང་དུ་མཛད་ནས། འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་

ངེས་པ་དང་སྒྲ་དང་ཐ་སྙད་ཀྱི་མཚན་ཉིད་ཅན་གྱི་འཇུག་པ་བློ་སྔོན་ཅན་ཉིད་ཀྱི་ཕྱིར། ཚད་མ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ངོ་བོ་མི་དམིགས་ན། འཇུག་པའི་ཡུལ་དེའི་ངོ་བོ་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་དམིགས་ནའོ། །རྟོག་པ་དང་ལྡན་པ་འཇུག་པར་མི་བྱ་ཞེས་བྱ་བས་ཞེས་བྱ་བའི་

ཆ་འདི་ཙམ་གྱིས་མ་མཐོང་བའི་ཡུལ་ཅན་ལ་ཡང་མི་དམིགས་པ་ནི་ཚད་མར་བཤད། གསུམ་པ་མི་དམིགས་པའི་གཏན་ཚིགས་ནི་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་མཐོང་བའི་ཡུལ་ཞེས་བྱ་བའི་ཁྱད་པར་འདི་སྤངས་ནས། སྤྱིར་བསྒྲུབ་པར་བྱ་བའི་དོན་འགའ་

ཞིག་གིའོ། །ཡོད་པར་ངེས་པ་ཞེས་བྱ་བ་ལ་སོགས་པས་དོན་དེ་ཉིད་སྟོན་པར་བྱེད་དོ། །ཡོད་པའི་སྒྲ་ནི་རེ་རེ་ལ་ཡང་སྦྱར་བར་བྱའོ། །ཚད་མའི་ཕྱིས་འབྱུང་བ་ཅན་གྱི་ཡོད་པ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་ཡོད་པར་ངེས་པའོ། །དེའི་ཕྱིས་འབྱུང་བ་ཅན་ཁོ་ནའི་ཡོད་པ་ཞེས་བྱ་བའི་སྒྲ་ནི་ཡོད་པའི་སྒྲའོ། །དེ་

ཁོ་ན་བཞིན་དུ་ཡོད་དོ་ཞེས་བྱ་བའི་འཇུག་པ་ནི་ཡོད་པའི་ཐ་སྙད་དོ། །ཐམས་ཅད་ཁོ་ན་ཞེས་བྱ་བའི་སྒྲ་ནི་མཐོང་བའི་ཡུལ་ཅན་དང་མ་མཐོང་བའི་ཡུལ་ཅན་ནོ། །མདོ་ལས་འཇུག་པའི་སྒྲར་གསུངས་ལ། །འགྲེལ་པ་ལས་ཀྱང་ཡོད་པར་ངེས། །ཞེས་བྱ་བ་ལ་སོགས་པ་གསུངས་ན། དེ་ཅི་ལྟར་དོན་འབྲེལ་པ་མེད་པ་

เล่ม ๑๗๖ · หน้า 228b

ཅན་མ་ཡིན་ཞེ་ན། ཡོད་པར་ངེས་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིས་འབྱུང་བ་ཅན་བླང་བར་བྱ་བ་དང་དོར་བར་བྱ་བ་དང་། བཏང་སྙོམས་སུ་བྱ་བའི་དོན་ལ་བླང་བ་དང་དོར་བ་དང་བཏང་སྙོམས་སུ་བྱེད་པའི་རྣམ་པར་རྟོག་པ་ཡོད་པར་ངེས་པ་དེ་ལས། སྒྲ་དང་ཐ་སྙད་

དག་འཇུག་པར་འགྱུར་བ་དེའི་ཕྱིར་ཡོད་པར་ངེས་པ་དང་སྒྲ་དང་ཐ་སྙད་གསུམ་པོ་དེ་དག་ཀྱང་ཅི་རིགས་པར་འཇུག་པའི་ཡན་ལག་ཉིད་ཀྱི་ཕྱིར་དང་། འཇུག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར། མདོ་ལས་འཇུག་པ་ཞེས་བྱ་བར་བཤད་དོ། །དེའི་ཕྱིར་མདོ་དང་འགྲེལ་པ་དག་ལ་འགལ་བ་མེད་དོ། །ཅིའི་ཕྱིར་ཤེས་པ་

ལོག་པ་ན་ཡང་ཡོད་པའི་ཐ་སྙད་ལྡོག་པར་འགྱུར། གང་གི་ཕྱིར་ཤེས་པ་དེ་ཉིད་ཡོད་པ་ཉིད་ཡིན་ལ་དེ་མེད་པ་ནི་མེད་པ་ཉིད་ཡིན་ཏེ། དེ་ལྟར་ན་མི་དམིགས་པ་ཉིད་རྣམ་པ་གཉི་ག་ལ་ཡང་བྱེ་བྲག་མེད་པར་མེད་པ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་ཏོ། །མེད་པ་ཉིད་དེ་ཡང་བསྐལ་པའི་ཡུལ་ཅན་གྱི་མི་དམིགས་པ་རྟོགས་

པའི་དབང་གིས་བཤད་པ་ཡིན་ཏེ། རྟོགས་པ་པོས་ནི་དམིགས་པར་མི་འགྱུར་བས་ན་མེད་དོ་ཞེས་བྱ་བར་ངེས་པར་བྱེད་ཀྱི། དངོས་པོའི་དབང་གིས་ནི་མ་ཡིན་ནོ། །འདི་ལྟར་བསྐལ་པའི་དོན་ལ་ཡོད་པ་ཉིད་དང་མེད་པ་ཉིད་ཐེ་ཚོམ་དུ་འགྱུར་ཏེ། གང་གི་ཕྱིར་ཇི་སྲིད་འདི་ལ་རྟོགས་པ་མེད་པ་དེ་སྲིད་དུ་འདི་ལ་བསྐལ་

པའི་དངོས་པོ་དེའི་རྟོགས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ཉིད་དུ་ཟིན་ཀྱང་བསྐལ་པའི་དོན་མི་དམིགས་པས་དེས་དེའི་དོན་མི་བྱེད་པ་སྟེ། སྐྱེས་བུ་དེའི་དོན་མི་བྱེད་པའི་ཕྱིར་རོ། །ཡོད་དུ་ཟིན་ཀྱང་རྟོགས་པ་པོ་ལ་མེད་པ་དང་འདྲའོ། །དངོས་སུ་ནི་མི་དམིགས་པ་ཡིན་ཡང་མེད་པ་དང་ཡོད་པ་མ་

ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ཉིད་ཡིན་ན་ཡང་རང་བཞིན་ལ་སོགས་པས་བསྐལ་པས་འགའ་ཞིག་ཏུ་མི་དམིགས་པ་དེའི་ཕྱིར། མེད་པ་ཉིད་ངེས་པ་ཡང་མ་ཡིན་ལ། ཡོད་པ་ཉིད་དུ་ངེས་པ་ཡང་མ་ཡིན་ཏེ། མི་དམིགས་པ་དེ་ནི་མེད་པ་དག་ལ་ཡང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཡོད་པ་ཉིད་དེ་ཞེས་བྱ་བར་སྦྱར་

རོ། །དམིགས་པའི་མཚན་ཉིད་ཅན་ཅི་འདྲ་བ་ཞིག་ཅེ་ན། དམིགས་པའི་རང་བཞིན་ཅན་གྱི་ཡོད་པ་ཉིད་ཀྱི་ལྡོག་པ་ཞེས་བྱ་བའི་དོན་ཡིན་གྱི། དངོས་སུ་ཡོད་པ་ཉིད་ལྡོག་པ་ནི་མ་ཡིན་ཏེ། དེ་ནི་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་འགའ་

เล่ม ๑๗๖ · หน้า 229a

ཞིག་མི་དམིགས་པ་གང་ཡིན་པ་འདི་ཡང་དངོས་སུ་མེད་པ་ཉིད་ཀྱི་ངོ་བོ་ཡང་ཡིན་ནོ། །ཡང་གི་སྒྲས་ནི་རྟོགས་པ་པོའི་དབང་གིས་ཀྱང་ངོ་། །ཅིའི་ཕྱིར་ཞེ་ན། འཇུག་པར་མི་རུང་བ་ཉིད་དེ་ཡོད་པའི་ཐ་སྙད་དུ་མི་རུང་བ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་མི་དམིགས་པ་ནི་ཡོད་པའི་ཐ་སྙད་དུ་

འགོག་པའི་ཡུལ་འདི་ལ་ཡོད་པའི་ཐ་སྙད་འགོག་པའི་འབྲས་བུ་ཅན་ཉིད་དུ་དེ་ཚད་མར་མཚུངས་པ་ཡིན་ནོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མི་དམིགས་པ་གང་ཡིན་པ་དེ་ནི་མེད་པར་ངེས་པའི་འབྲས་བུ་ཅན་ཡང་ཡིན་ཏེ། གང་ལ་མེད་པར་ངེས་པའི་འབྲས་བུ་ཅན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །

ཡོད་པ་ཉིད་མ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་པ་ལ་ཡོད་པ་ཉིད་མ་ཡིན་ཞེས་བྱ་བ་ནི་མེད་པའི་ཐ་སྙད་དོ། །ཅིའི་ཕྱིར་ཞེ་ན། གང་དམིགས་སུ་རུང་བའི་ངོ་བོ་ལ་དམིགས་པའི་རྒྱུ་གཞན་ཚོགས་པ་དག་ཡོད་ཅིང་སྣང་བ་ནི་མི་དམིགས་པ་སྲིད་པ་མ་ཡིན་ནོ། །བསྐལ་པའི་ཡུལ་མི་དམིགས་

པ་སྔ་མ་ནི་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ལྡོག་པའི་མཚན་ཉིད་ཅན་ཁོ་ན་ཡིན་ན། དེ་ལ་བསྟན་བཅོས་ཀྱི་དབང་དུ་བྱེད་པའི་སྐབས་གང་ཡིན་པ་དེ་ལ་འབྲེལ་པ་མེད་ཅིང་མེད་ན་མི་འབྱུང་བ་ཅན་ཡིན་ཏེ། བསྟན་བཅོས་སྐབས་དང་འབྲེལ་པ་མེད་

པའི་རང་བཞིན་ལ་སོགས་པ་བསྐལ་པའི་དོན་མང་པོ་དག་སྟེ། བསྟན་བཅོས་ཀྱི་དབང་དུ་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་མངོན་སུམ་གྱིས་ཡུལ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབང་པོ་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། འདི་ལྟར་རྟགས་ཅན་ལ་མིན་ཏེ། དེ་དག་

ལ་འབྲས་བུའི་རྟགས་མེད་པའི་ཕྱིར་རོ། །ཚད་མ་གསུམ་གྱི་ཡུལ་ལས་འདས་པ་དེ་དག་ལ་ནི་ཚད་མ་གསུམ་ལྡོག་པའི་མཚན་ཉིད་ཅན་ཡིན་ན། ཇི་ལྟར་མི་དམིགས་ཕྱིར་ན་མེད་དེ་མ་ཡིན་ནོ། །དེ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། དེ་ཞེས་བྱ་བ་ནི་རྒོལ་བའོ། །དོན་ཐམས་ཅད་ལ་

ཞེས་བྱ་བ་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་དག་ལ་ཡང་ངོ་། །ཚད་མ་གསུམ་ལྡོག་པས་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ལྡོག་པ་ལས་སོ། །ལུང་གི་ཚད་མ་ཁས་བླངས་ནས་དེ་སྐད་དུ་བཤད་དོ། །དེ་ནི་ཞེས་བྱ་བ་བསྟན་བཅོས་ནི་དབང་དུ་བྱས་པ་མེད་པ་སྟེ། དབང་

เล่ม ๑๗๖ · หน้า 229b

དུ་བྱེད་པ་མེད་པར་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་མེད་པའི་དོན་འགའ་ཞིག་ལ་འཇུག་པ་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཞན་དུ་ན་ཞེས་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་མ་ཡིན་པའི་དོན་ལ་བརྟེན་ནས་བསྟན་བཅོས་འཇུག་པ་ནའོ། །འབྲེལ་

པ་མེད་པའི་བརྗོད་པ་སྟེ། འབྲེལ་པ་མེད་པའི་མངོན་པར་བརྗོད་པའི་བསྟན་བཅོས་ནི་ཚད་མར་མི་འགྱུར་བའི་ཕྱིར་རོ། །སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཉིད་ལ་བསྟན་བཅོས་འཇུག་པ་ནི་བདེན་ཏེ། འོན་ཀྱང་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་སྐབས་དེ་ལ། ཉེ་བར་མཁོ་བའི་དོན་ཐམས་ཅད་ནི་དངོས་སུའམ་

བརྒྱུད་པས་བསྟན་པར་བྱ་བ་ཡིན་པ་དེའི་ཕྱིར། བསྟན་བཅོས་ནི་དོན་ཐམས་ཅད་ཡུལ་དུ་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྐབས་དེ་ལ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུའི་དོན་དཔྱོད་པའི་སྐབས་སུ་མང་པོ་དག་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ནོ། །དེ་བསྟན་པར་བྱ་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་

སོགས་པ་སྨོས་པ་ལ། སོ་སོར་ངེས་པའི་བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུ་སོ་སོར་ཐ་དད་པ་དག་གོ། །དེ་ནི་སྐྱེས་བུ་དག་མཐའ་ཡས་པའི་ཕྱིར་སེམས་ཀྱི་འཇུག་པ་མཐའ་ཡས་པར་བསྟན་ཏོ། །ངེས་པའི་རྒྱུ་མཚན་ལས་འབྱུང་བ་མ་ཡིན་པའི་ངང་ཚུལ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདིས་

ནི་སྐྱེས་བུ་གཅིག་ལ་ཡང་རྒྱུ་མཚན་ཐ་དད་པའི་ཕྱིར་མང་པོ་ཉིད་དང་གོ་རིམས་ངེས་པ་མེད་པ་ཉིད་བསྟན་ཏོ། །སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཉིད་ཡོད་དུ་ཟིན་ཀྱང་། དེ་ལྟ་བུར་གྱུར་པའི་སེམས་ཀྱི་འཇུག་པ་མ་ལུས་པར་ཚིག་རེ་རེ་ནས། གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ཏེ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །

ཡུལ་དང་དུས་ཀྱིས་ཆོད་པའི་སྐྱེས་བུའི་དོན་གྱི་སྐབས་ལ་ཉེ་བར་མཁོ་བ་མེད་པའི་རྫས་ཀྱི་བྱེ་བྲག་གདོན་མི་ཟ་བར་བསྟན་པར་མི་བྱའོ་དེ་བས་ན་དེ་བསྟན་བཅོས་ཀྱི་ཡུལ་དུ་བྱེད་པ་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་ཡིན་ལ། དེ་ཞེས་བྱ་བ་ནི་རྫས་ཀྱི་བྱེ་བྲག་དེ་དག་ཀྱང་ངོ་། །དེ་ཞེས་བྱ་བ་ནི་

སྐྱེས་པའི་རྟགས་སུ་བསྟན་ཏེ། སྐྱེས་པ་བུད་མེད་དང་ཞེས་བྱ་བ་སྐྱེས་པ་ལྷག་པར་མ་བྱས་པའོ། །མངོན་སུམ་ལྡོག་པ་ཡང་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལྟར་བསྐལ་པ་དག་ལ་ཞེས་བྱ་བ་ཡུལ་ལ་སོགས་པས་བསྐལ་པ་དག་

เล่ม ๑๗๖ · หน้า 230a

ལ་རང་གི་ནུས་པ་ཉེ་བའི་ཕྱིར་ཏེ། རང་གི་རྣམ་པར་ཤེས་པ་གཏོད་པར་བྱེད་པའི་ཕྱིར། ཤེས་པ་སྐྱེས་པའི་ནུས་པ་དེ་ཡོད་པ་མ་ཡིན་ནོ། །དེས་ནི་དབང་པོ་ལས་འདས་ཞེས་བྱ་བའི་ཚིག་དེ་རྣམ་པར་བཤད་པ་ཡིན་ནོ། །རྗེས་སུ་དཔག་པའི་ཡང་དེ་དག་ཡུལ་མ་ཡིན་པར་བསྟན་པར་

བྱ་བའི་ཕྱིར། དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་དག་གི་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་དག་གིའོ། །གང་གིས་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་པས་སོ། །དེ་ནི་རྟགས་ཅན་མིན་ཞེས་བྱ་བའི་ཚིག་དེ་རྣམ་པར་བཤད་པ་ཡིན་ནོ། །དེ་དག་གི་ནི་ཞེས་བྱ་བ་ནི་བསྐལ་པ་དག་ནིའོ། །གང་གི་ཕྱིར་

དེ་ལྟར་ཡིན་པ་དེ་བས་ན་ཡུལ་ལ་སོགས་པས་བསྐལ་པའི་ཡུལ་མི་དམིགས་པ་ཐམས་ཅད་ཀྱང་། ལྡོག་པ་ངེས་པ་སྟེ་མེད་པ་ངེས་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་པའོ། །ཡོད་པའི་ཐ་སྙད་འགོག་པ་ཡང་འདིར་ཚད་མར་ཁས་བླངས་ནས་བཤད་ཀྱི། དངོས་སུ་དེ་ལ་ཡང་ཚད་

མ་མེད་དོ་ཞེ་ན། དེ་བས་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ནི་ཞེས་བྱ་བ་ནི་མི་སྣང་བའི་ཡུལ་ཅན་གྱི་མི་དམིགས་པ་ནིའོ། །ཡོད་མེད་ངེས་པའི་འབྲས་ཅན་མིན། ཕྱིར་ན་སྟེ་ཡོད་པར་ངེས་པའི་འབྲས་བུ་ཅན་དུ་མི་འགྱུར་ཏེ། ཡོད་པའི་ཐ་སྙད་ཀྱི་རྒྱུ་མཚན་མེད་པའི་ངོ་བོ་ཅན་

ཉིད་ཡིན་པའི་ཕྱིར་རོ། །མེད་པར་ངེས་པའི་འབྲས་བུ་ཅན་དུ་ཡང་མི་འགྱུར་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཕྱིར་ནི་གཏན་ཚིགས་སོ། །མི་དམིགས་པ་འདི་ནི་ཚད་མ་ཉིད་མི་འགྱུར། མི་དམིགས་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཚད་མ་དག་ནི་ངེས་པའི་འབྲས་བུ་ཅན་ཏེ་ཡིད་

ཆེས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །མངོན་སུམ་གྱི་ཚད་མ་ཡང་རྣམ་པ་ཀུན་འཛིན་པ་ན་འཇུག་པའི་ཡུལ་གྱི་རྣམ་པར་ངེས་པར་བྱེད་པ་གང་ཡིན་པ་དེ་དག་ལ་ཚད་མ་ཡིན་གྱི། མི་དམིགས་པ་འདི་ནི་འགའ་ཞིག་ཡོད་པ་དང་མེད་པ་ངེས་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་མི་འགྱུར་མོད་ཀྱི། འཇུག་པ་འགོག་པ་ལ་

ཚད་མར་འགྱུར་རོ་ཞེ་ན་བདེན་ཏེ། འོན་ཀྱང་འདི་འཇུག་པ་འགོག་པ་ཡིན་ཡང་སེམས་ལ་ཐེ་ཚོམ་ཡོངས་སུ་གཅོད་པ་ཅན་མ་ཡིན་ནོ། །སེམས་གང་ལ་ཐེ་ཚོམ་ཡོངས་སུ་གཅོད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཐེ་ཚོམ་ཟ་བ་ཡོད་ན་གདོན་མི་ཟ་བར་འདུག་པར་མི་བྱའོ་ཞེས་དེ་ལྟར་སེམས་ལ་ངེས་པ་མེད་དོ་ཞེས་བྱ་

เล่ม ๑๗๖ · หน้า 230b

བའི་དོན་ཏོ། །ཐེ་ཚོམ་ལས་ཀྱང་འགའ་ཞིག་ལ་ཞིང་པ་ལ་སོགས་པའི་སྐྱེས་བུ་འཇུག་པའི་ཕྱིར་རོ། །འོ་ན་ཇི་ལྟར་འཇུག་པ་མེད་པའི་འབྲས་བུ་ཅན་ཉིད་ཀྱིས་འདི་ཚད་མར་བཤད་ཅེ་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་ཁོ་ན་ཡིན་པ་ལ་འཇུག་པར་བྱེད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །

གལ་ཏེ་རྟོག་པ་སྔོན་དུ་གཏོང་བ་ཅན་ངེས་པ་སྔོན་དུ་འགྲོ་བའི་ཐ་སྙད་དུ་བྱེད་པ་ཅན་ཡིན་པ་དེའི་ཕྱིར་ངེས་པར་ཇི་ལྟ་བ་བཞིན་དུ་འཇུག་པ་དོན་དུ་གཉེར་བར་འདོད་པ་ལའོ། །མི་སྣང་བའི་ཡུལ་མི་དམིགས་པ་དེ་ནི་མི་འཇུག་འབྲས་བུ་ཅན་ཞེས་བཤད་ཟིན་ཏོ། །རྟགས་ཀྱི་ཕུལ་དུ་བྱུང་བ་ཡོད་པ་ཅན་ཞེས་བྱ་བ་ལ་མི་

དམིགས་པའི་རྟགས་དེ་ཕུལ་དུ་བྱུང་བའི་ཁྱད་པར་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེ་ཡོད་པ་སྟེ། ཡོད་པ་དེ་ཉིད་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟགས་ཀྱི་ཁྱད་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྟགས་ཀྱི་ཁྱད་པར་ལས་

ཡོད་པ་སྟེ། སྐྱེ་བ་གང་ལ་ཡོད་པ་སྟེ་སྐྱེ་བ་གང་ལ་ཡོད་པ་ཞེས་བྱ་བའི་དོན་ནི་མ་ཡིན་ཏེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་བྱ་བའི་ཁྱད་པར་འདི་ལས་མི་དམིགས་པ་སྐྱེ་བ་མ་ཡིན་ནོ། །འདིར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། འདིར་ཞེས་བྱ་བ་མེད་པའི་ཐ་སྙད་ལ། གཏན་ཚིགས་བྱེ་

བྲག་ལ་ལྟོས་ནས། །ལ་ལར་མེར་ཤེས་འབྲས་བུ་ཅན། །ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གོང་དུ་དཔེར་བྱས་པ་ལྟ་བུའོ། །གང་ཡང་མི་དམིགས་པ་ཚད་མ་ཡིན་ནོ་ཞེས་བཤད་པ་ནི་བྱེ་བྲག་མེད་པར་ཁོང་དུ་ཆུད་པར་མི་བྱའོ། །འོན་ཀྱང་རང་བཞིན་ཞེས་བྱ་བ་ལ་སོགས་པ་བསྐལ་པ་ཅན་ནི་རང་བཞིན་ཡིན་ལ་

ཤེས་བྱེད་ནི་རྟགས་ཡིན་ཏེ། དེ་དག་མི་ཤེས་པ་ནི་རང་བཞིན་ཤེས་བྱེད་མི་ཤེས་ལ། དེ་ལ་མེད་པ་ཉིད་བསྒྲུབ་པར་བྱ་བ་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་འདི་བརྗོད་པ་ཡིན། རང་བཞིན་མི་ཤེས་པ་ནི་མངོན་སུམ་ལོག་པ་ཡིན་ལ། ཤེས་བྱེད་མི་ཤེས་པ་ནི་རྗེས་སུ་དཔག་པ་ལས་ལོག་པ་ཡིན་ནོ། །

མི་སྣང་བའི་ཡུལ་ཅན་གྱིས་མངོན་སུམ་དང་རྗེས་སུ་དཔག་པ་ལོག་པ་ལ་རིགས་པ་འདི་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གང་བསྐལ་པའི་དོན་འགའ་ཞིག་གི་རང་གི་ངོ་བོ་མངོན་སུམ་གྱིས་མི་དམིགས་ཏེ། ཡུལ་ལ་སོགས་པས་བསྐལ་

เล่ม ๑๗๖ · หน้า 231a

པའི་རྒྱུའི་ཕྱིར་རོ། །རང་བཞིན་དེ་ནི་མི་དམིགས་པ་ཙམ་སྟེ་དེའི་ཡུལ་ཅན་གྱིས་མི་དམིགས་པ་ཙམ་མངོན་སུམ་ལོག་པ་ཙམ་དེས་མེད་པ་ཞེས་བྱ་བ་མ་ཡིན་ནོ། །གང་དུ་ཇི་སྐད་བཤད་པ་ལྟ་བུ་ཞེས་བྱ་བ་ནི་དེ་ལྟར་བསྐལ་པ་དག་ལ་རང་གི་ནུས་པ་ཉེ་བའི་ཕྱིར་ཤེས་པ་བསྐྱེད་པའི་ནུས་པ་ཡང་

ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །རང་བཞིན་མི་ཤེས་པ་ཞེས་བྱ་བ་དེ་བཤད་ནས་ཤེས་བྱེད་མི་ཤེས་པ་ལ་ཞེས་བྱ་བ་དེ་བཤད་པའི་ཕྱིར། ཤེས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཤེས་པར་བྱེད་པ་ཞེས་བྱ་བའི་འགྲེལ་པ་ནི་རྟགས་ལས་ཞེས་བྱ་བའོ་དབང་པོ་ལས་འདས་པའི་དོན་རྣམ་

པ་ཐམས་ཅད་དུ་དཔེར་ན་སེམས་འདོད་ཆགས་དང་བྲལ་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་སྤོང་བར་བྱེད་དོ། །དེ་བཞིན་དུ་ཤེས་པར་བྱེད་པ་རྟགས་ལ་མེད་པའི་ཕྱིར་རང་བཞིན་གྱིས་ཁྱད་པར་སྤོང་བར་བྱེད་དོ། །དཔེར་ན་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་འདིར་ནི་ཁྱད་པར་སྤོང་བ་ཡིན་གྱི་ཆོས་ཅན་ཡོད་པ་ཉིད་ཙམ་ནི་མ་ཡིན་

ནོ། །སྦྱིན་པ་དང་འཚེ་བ་ལ་སོགས་པ་ནི་ཟླས་དབྱེ་བའོ། །དེའི་ཡུལ་ཅན་གྱི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །སྦྱིན་པའི་སེམས་དག་ལ་འཚེ་བ་ལ་སོགས་པ་ལས་ལྡོག་པའི་སེམས་དག་ཅེས་བྱ་བའི་དོན་ཏོ།། །།བམ་པོ་ཉི་ཤུ་རྩ་གཉིས་པ། མངོན་པར་མཐོ་བའི་རྒྱུ་ཉིད་ནི་མ་འོངས་པའི་

འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་ཉིད་དུ་འདིར་སེམས་པ་དག་གི་རང་གི་ངོ་བོ་སྤོང་བ་ནི་མ་ཡིན་ཏེ། དེ་དག་ནི་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་མངོན་པར་མཐོ་བའི་རྒྱུ་ཉིད་དེ་རང་བཞིན་གྱི་ཁྱད་པར་ཞེས་བྱའོ། །སེམས་པ་དག་ནི་མངོན་སུམ་ཉིད་ཡིན་པའི་ཕྱིར་དེའི་བདག་ཉིད་དུ་གྱུར་པ་མངོན་པར་མཐོ་བའི་

རྒྱུ་ཉིད་ཀྱང་མངོན་སུམ་ཉིད་ཡིན་པ་དེ་བས་ན་འཁྲུལ་པ་འདི་གང་ལས་ཡིན་ཞེ་ན། དེའི་ཕྱིར་མངོན་སུམ་གྱི་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མངོན་སུམ་གྱི་དོན་ལ་ཕྱིན་ཅི་ལོག་པས་ཞེས་བྱ་བ་འདི་དང་སྦྱར་རོ། །མངོན་པར་མཐོ་བའི་རྒྱུ་མེད་དོ་ཞེས་དེ་ལྟར་སྐུར་པ་འདེབས་པར་བྱེད་ན་ཡང་ངོ་། །ཅི་

ལྟར་ཕྱིན་ཅི་ལོག་པས་ཞེ་ན། དེའི་འབྲས་བུ་མེད་པ་ཅན་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་འབྲས་བུ་མེད་པ་ཅན་ཏེ་མངོན་པར་མཐོ་བའི་འབྲས་བུ་མེད་པ་ཅན་སེམས་པའི་ཁྱད་པར་ལུང་དུ་མ་བསྟན་པར་མཐོ་བ་གང་ཡིན་པ་དེ་དག་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཇི་ལྟར་ཆོས་མཐུན་པ་

เล่ม ๑๗๖ · หน้า 231b

ཅན་ཡིན་ཞེ་ན། འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེའི་འབྲས་བུ་མེད་པ་ཅན་གཞན་གང་ལས་འབྲས་བུའི་དེ་མ་ཐག་པ་མ་མཐོང་ངོ་། །དེ་ཙམ་གྱིས་ཞེས་བྱ་བ་ནི་འབྲས་བུ་དེ་མ་ཐག་པ་མཐོང་བ་ཙམ་གྱིས་དེ་མེད་པ་ཉིད་དེ་འབྲས་བུ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། འབྲས་བུ་དུས་གཞན་ཕྱི་མ་ཕྱི་མ་གནས་སྐབས་གྱུར་པའི་མཚན་ཉིད་ཅན་གྱིས་ཆོད་པ་དག་ནི་རྒྱུ་ལས་སྐྱེས་པ་མཐོང་བའི་ཕྱིར་རོ། །བྱི་བ་དང་ཁྱི་སྨྱོན་པ་ཞེས་བྱ་བ་ཟླས་དབྱེ་བའོ། །བྱི་བ་དང་ཁྱི་སྨྱོན་པ་དག་གི་སོས་བཟུང་བའི་དུག་གང་ཡིན་པའི་སྔར་འགྱུར་བ་མ་མཐོང་བ་དེ་ལས། དུས་གཞན་དུ་བརྒྱལ་བ་ལ་

སོགས་པའི་མཚན་ཉིད་ཅན་གྱི་འགྱུར་བ་མཐོང་བའི་ཕྱིར་རོ། །བྱི་བའི་དུག་ལ་སོགས་པའི་ཕྱིས་འགྱུར་བ་མཐོང་བ་ལས་དེ་འབྲས་བུའི་ནུས་པ་རྗེས་སུ་དཔག་པར་རིགས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་སེམས་པའི་མ་འོངས་པའི་འབྲས་བུ་གང་ཡིན་པ་དེ་ནི་ཤིན་ཏུ་མི་རིགས་པའི་ཕྱིར་མེད་པ་ཉིད་རིགས་པ་ཡིན་ནོ་ཞེ་ན། དེ་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། དེ་ལ་སྦྱིན་པ་ལ་སོགས་པའི་སེམས་པ་དག་ལས་མ་འོངས་པའི་འབྲས་བུ་འབྱུང་བ་འགལ་བ་མེད་པ་སྟེ། གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར། བསྒྲུབ་པར་བྱ་བ་འབྲས་བུ་འབྱིན་པའི་ནུས་པ་མེད་པ་འདི་ལ་མི་དམིགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །གལ་ཏེ་གནོད་པ་ཅན་གྱི་ཚད་མ་མེད་

པའི་ཕྱིར་སྤོང་བ་ནི་ཡོད་པ་མ་ཡིན་ན། ཡོད་པ་ཉིད་ལ་ཚད་མ་གང་ཡིན་ཏེ། ཚད་མ་མེད་པ་དེ་བས་ན་ཡོད་པ་ཉིད་དུ་ངེས་པ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། གནོད་པ་ཅན་དང་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་དེའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ཡང་བླ་སྟེ་ཞེས་བྱ་བ་སྨོས་ཏེ། སྤོང་བ་ནི་རྣམ་པ་ཐམས་ཅད་དུ་རིགས་པ་མ་ཡིན་ནོ། །སེམས་འདོད་

ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་ལ་ཚད་མ་ཡང་སྲིད་པའི་ཕྱིར་མི་སྤོང་ངོ་། །སྲིད་པའི་ཚད་མ་དེ་ཡང་ལེའུ་གཉིས་པ་ལས་བསྒྲུབ་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདི་ལྟར་སྦྱིན་པ་དང་འཚེ་བ་ལས་ལྡོག་པའི་སེམས་པ་དག་ལ་མངོན་པར་མཐོ་བའི་རྒྱུའི་རང་བཞིན་ཡོད་པ་དེའི་ཚེ་དེ་དག་གཟུང་བ་

ན་དེ་ཡང་གཟུང་བར་འགྱུར་ན་གང་བཟུང་བ་ན་གང་མ་བཟུང་བ་གང་ཡིན་པ་དེ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། དེ་ཉིད་གནོད་པ་ཅན་གྱི་ཚད་མ་ཡིན་ལ་ལྷ་ཉིད་ཀྱི་ཁྱད་པར་ལ་སོགས་པ་ཡང་ཅི་སྟེ་ཡོད་ན། དེ་དག་གིས་གདོན་མི་ཟ་བར་དོན་གྱི་བྱ་བ་འགའ་ཞིག་བྱེད་ན། མི་སྣང་བ་དེ་བས་ན་དོན་གྱི་བྱ་བ་མི་བྱེད་པའི་

เล่ม ๑๗๖ · หน้า 232a

ཕྱིར་ཡོད་པ་ཉིད་མ་ཡིན་པ་དེ་ཉིད་གནོད་པ་ཅན་གྱི་ཚད་མར་འགྱུར་རོ་ཞེ་ན། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་བས་ན་ཞེས་བྱ་བ་ནི་དག་ཉེ་བར་དགོད་པའོ། །འདིར་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། བསྐལ་པའི་དོན་འདས་མ་ཐག་པ་དེ་དག་གི་ནང་ནས་སོ། །དོན་ནམ་རང་གི་ངོ་

བོ་འགའ་ཞིག་ལ་ཞེས་བྱ་བ་ནི་ཇི་ལྟར་གཞུང་གི་རིམ་པ་ཡིན་པ་དེ་ལྟར་ན་ཅི་རིགས་པར་སྦྱར་ཏེ། སྦྱིན་པ་ལ་སོགས་པའི་སེམས་པའི་རང་བཞིན་འགའ་ཞིག་ལ་ཤེས་པ་མེད་པ་མ་གྲུབ་པར་འགྱུར་རོ། །ཅི་ལྟར་ཞེ་ན། མཐོང་བ་གསལ་བ་མེད་པའི་ཕྱིར་ཏེ། ཡུལ་དེ་ཉམས་སུ་མྱོང་བ་ལ་ཇི་ལྟར་གཟུང་བའི་རང་བཞིན་གྱི་ངོ་བོ་ངེས་

པར་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །རང་བཞིན་ལ་སོགས་པས་བསྐལ་པའི་དོན་འགའ་ཞིག་ལ་ཤེས་པར་བྱེད་པ་འབྲས་བུ་དེ་མེད་པའི་ཕྱིར། ཤེས་པར་བྱེད་པ་མ་གྲུབ་པར་འགྱུར་རོ། །ཅིའི་ཕྱིར་འབྲས་བུ་ཉིད་མེད་པ་ཡིན་ཞེ་ན། རྒྱུ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་རྣམས་ཀྱིས་ནི་དུས་

ཐམས་ཅད་དུ་སྐྱེས་བུ་ཐམས་ཅད་ཀྱིས་གཟུང་བར་བྱ་བ་བདག་ཉིད་ཤེས་པར་བྱེད་པ་འབྲས་བུ་གདོན་མི་ཟ་བར་བརྩམ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའོ། །རང་བཞིན་ལ་སོགས་པས་བསྐལ་པ་དེ་དག་ནི་དོན་བྱེད་པས་སྟོང་པ་མ་ཡིན་ཏེ། ཚུ་རོལ་མཐོང་བའི་ཡུལ་དུ་གྱུར་པ་མ་ཡིན་པ་ནི་དོན་གྱི་བྱ་བ་བྱེད་

པའི་ཕྱིར་རོ། །འདི་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཤེས་པར་བྱེད་པ་མེད་པས། དེ་མེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི། དབང་པོ་ལས་འདས་པ་ལྷ་ཉིད་ཀྱི་ཁྱད་པར་དང་། མངོན་པར་མཐོ་བའི་རྒྱུ་ལ་སོགས་པ་རང་བཞིན་གྱི་ཁྱད་པར་དག་མེད་པ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་ལོག་པ་

ཙམ་གྱིས་མེད་པ་ཉིད་མི་འགལ་བའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་དབང་པོ་ལས་འདས་པ་དག་ལ་ཤེས་པར་བྱེད་པ་མེད་དོ་ཞེས་བསྟན་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། ཡང་གོ་རིམས་བཞིན་དུ་འགའ་ཞིག་ལ་མངོན་པར་གསལ་བའི་ཕྱིར་རོ། །འདི་ལྟར་ཇི་ལྟར་ཡང་ལ་ལར་མཐོ་བ་དང་དམན་པའི་ཕྱིར་

མཐོང་བའི་རང་བཞིན་ངེས་པ་མེད་པ་ལ་ཡང་དེ་གསལ་བ་ལ་སོགས་པ་འབྱུང་བའི་ཕྱིར་མཐོང་བ་ངེས་པར་བྱེད་དེ། དཔེར་ན་དྲུག་ལ་སོགས་པའི་རྫས་གོམས་པ་ལྟ་བུའོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་ཡང་རབ་ཏུ་གསལ་བར་བྱེད་པ་འབྱུང་བ་ཅན་དག་མངོན་པར་གསལ་བར་བསམ་པར་བྱའོ། །

เล่ม ๑๗๖ · หน้า 232b

རྣལ་འབྱོར་སྒྲུབ་པ་ལས་སྲིད་པའི་ཚད་མ་འཆད་པར་འགྱུར་རོ། །དེ་བཞིན་དུ་ས་བོན་འབྲས་བུ་རྩོམ་པ་མེད་པ་འགའ་ཞིག་གི་དུས་གཞན་དུ་འབྲས་བུ་ཚད་མ་མངོན་པར་གསལ་བར་སྣང་བ་དེ་ལྟར་དབང་པོ་ལས་འདས་པ་དག་ལ་ཡང་བསམ་པར་བྱའོ། །འདི་ལྟར་འདྲ་བ་ལ་སོགས་པ་འགའ་ཞིག་ལ་བདག་གི་

ཡུལ་ཅན་གྱི་ཤེས་པའམ། རིམས་ལ་སོགས་པའི་འབྲས་བུ་སྐྱེད་པར་བྱེད་དོ། །དེ་བས་ན་བསྐལ་པ་དག་ལ་རང་བཞིན་མི་དམིགས་པ་ནི་མེད་པ་ཉིད། སྒྲུབ་པར་བྱེད་པ་མ་ཡིན་ཞིང་འབྲས་བུ་མི་དམིགས་པ་ཡང་མ་ཡིན་ནོ། །དེ་ལ་རྒྱུ་མི་དམིགས་པ་ནི་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུ་

མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་མི་ཤེས་པ་སྟེ། རྒྱུ་མི་དམིགས་པ་ནི་འབྲས་བུ་རང་བཞིན་གྱིས་བསྐལ་པ་ཅན་གྱི་ཡང་། མེད་པ་ཉིད་ནི་སྒྲུབ་བྱེད་ཡིན། །རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བསྐལ་པའི་ཡུལ་གྱི་ངོ་བོ་མེད་པ་བསྒྲུབ་པར་བྱ་བ་ལ་རང་བཞིན་མི་དམིགས་པ་ཉིད་ནི་ཚད་མར་མི་

བརྗོད་ཀྱི། རྒྱུ་མི་དམིགས་པ་ཁོ་ན་ཚད་མ་ཡིན་ནོ། །བསྐལ་པའི་ཡུལ་ལ་རྒྱུ་མི་དམིགས་པ་ཉིད་ཀྱིས་ངེས་པར་མི་ནུས་པ་མ་ཡིན་ནམ། རང་བཞིན་ལ་སོགས་པས་བསྐལ་པ་དག་ནི་འགའ་ཞིག་དང་ལྷན་ཅིག་བྱེད་པ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ངེས་པར་མི་བྱེད་པའི་ཕྱིར་རོ། །དེ་ནི་བདེན་ཏེ་འོན་ཀྱང་མ་

བསྟན་པའི་ཡུལ་མེད་པ་ཙམ་རྟོགས་པའི་ཕྱིར་རྒྱུ་མེད་པ་རང་བཞིན་ལ་སོགས་པ་བསྐལ་པའི་འབྲས་བུ་ཡང་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ་ཞེས་དེ་ཙམ་དུ་བསྟན་པར་ནུས་ཏེ། ཆ་འདི་ཙམ་གྱིས་རྒྱུ་ཉེ་བར་བཀོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྱི་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བསྐལ་

པ་དག་ལ་རང་བཞིན་མི་དམིགས་པ་ནི་མ་བསྟན་པའི་ཡུལ་ཅན་ཡིན་དུ་ཟིན་ཀྱང་། རྣམ་པར་གཞག་པར་ནུས་པ་མ་ཡིན་ནོ། །ལ་ལར་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། གནས་ཁང་ལ་སོགས་པར་མེ་ཤིར་ཟིན་ཀྱང་དུ་བ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་རྒྱུ་ཞིག་ཏུ་ཟིན་ཀྱང་། འབྲས་བུ་མཐོང་

ངོ་ཞེས་བྱ་བ་ནི་འཁྲུལ་པ་ཡིན་ནོ། །རྒྱུ་མེད་པར་འབྲས་བུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་འདིས་ནི་རྒྱུ་གནས་པའི་དུས་ན་འབྲས་བུ་ཡོད་པ་སྟེ། ཇི་སྲིད་རྒྱུ་ཡོད་པ་དེ་སྲིད་དུ་འབྲས་བུ་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་སྐད་དུ་མི་སྨྲ་སྟེ། གང་གི་རྒྱུ་ཞིག་ན་ཡང་ཞེས་བྱ་བ་ལ་སོགས་པས་ཐལ་བར་འགྱུར་ཏེ།

เล่ม ๑๗๖ · หน้า 233a

རྒྱུ་ལས་ཅིག་ཅར་སྐྱེས་པའི་འབྲས་བུ་ནི་རྒྱུ་ཞིག་ན་ཡང་དུས་གཞན་ན་གནས་པའི་ཕྱིར་རོ། །འོ་ན་ཚིག་འདིས་ཅི་བརྗོད་ཅེ་ན། རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཞུང་འདིས་དངོས་པོ་དེ་ལྟར་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ཆོད་པ་དེ་ལྟར་ན་ཡང་། དོན་གྱི་དབང་གིས་དེ་ལྟར་

སྦྱར་བ་ཡིན་ནོ། །དེ་ལྟར་རེ་ཞིག་བསྟན་པ་ཉིད་དུ་ཁས་བླངས་ནས་བཤད་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་ཡིན་པ་དེ་བས་ན་རྒྱུ་ཞིག་པའི་འབྲས་བུ་གནས་པ་དག་མེད་དོ་ཞེས་བྱ་བ་གང་ལ་འཁྲུལ་པ་ཐེ་ཚོམ་ཟ། འདི་ལྟར་མེས་བསྐྱེད་པའི་དུ་བའི་སྐད་ཅིག་མ་གང་ཡིན་པ་དེ་མེ་ཞིག་པ་ན་གནས་པ་ཡོད་པ་མ་ཡིན་ཏེ། མེས་

བསྐྱེད་པའི་དུ་བའི་སྐད་ཅིག་མ་གཉིས་པ་ཡོད་པ་དེ་ཉིད་ཀྱི་ཚེ། རྒྱུར་གྱུར་པའི་མེའི་སྐད་ཅིག་པ་གསུམ་པ་ལ་དུ་བའི་སྐད་ཅིག་མ་ཡང་འཇིག་པ་དེ་ལྟར་ན། གང་ལས་རྒྱུ་ལས་རྒྱུ་འཇིག་པའི་ཕྱིས་འབྲས་བུ་གནས་པ་ཡིན། གང་ཡང་ཕྱིས་འབྲས་བུ་གཞག་པ་ཅན་གྱི་དུ་བ་ནི་དུ་བའི་རྟགས་ཅན་ཉིད་ཀྱི་མེའི་རྟགས་ཅན་མ་

ཡིན་པ་དེ་ཉིད་བསྟན་པའི་ཕྱིར། དངོས་པོ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལྟར་གནས་པ་ཅན་ཞེས་བྱ་བ་ནི་དང་པོའི་རྒྱུ་ཞིག་ན་ཡང་དུས་ཕྱིས་གནས་པ་ཅན་ཏེ། དེའི་རྒྱུ་ཅན་ནི་རྒྱུ་སྔར་འགག་པའི་ཉེ་བར་ལེན་པ་ཅན་ནི་མ་ཡིན་པའོ། །འོ་ན་ཇི་ལྟར་དུ་བ་ཕྱིས་འབྱུང་བ་མེའི་རྒྱུ་ཅན་ཡིན་ཞེས་

བརྗོད་ཅེ་ན། བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་དུ་བའི་སྐད་ཅིག་མ་དང་པོ་ནི་མེ་ཉིད་ཀྱིས་སྐྱེད་པར་བྱེད་ལ་དུ་བའི་སྐད་ཅིག་མ་དེས་ཀྱང་གཞན་ཞེས་བྱ་བ་དེ་ལྟར་བརྒྱུད་པས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་རྒྱུན་ལ་ཕན་འདོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཐོག་མར་རྒྱུན་སྐྱེད་པར་

བྱེད་པའི་ཕྱིར་དེ་འབྲས་བུ་བསྟན་པ་ཏེ། རྒྱུ་དང་པོ་དེའི་ཕྱི་མ་དག་ཀྱང་འབྲས་བུ་ཡིན་ནོ་ཞེས་དེ་ལྟར་ཐ་སྙད་དུ་བྱས་པའོ། །གལ་ཏེ་རྒྱུའི་ཚད་མ་རྣམ་པ་འགའ་ཞིག་གིས་མེད་པ་གྲུབ་པ་དེའི་ཚེ་དེའི་འབྲས་བུ་སྟེ། རྒྱུ་བཀག་པར་གྱུར་པ་དེའི་འབྲས་བུ་ཡོད་དོ་ཞེས་ངེས་པར་མི་འགྱུར་རོ། །འདི་ནི། གལ་ཏེ་གཏན་

ཚིགས་འགའ་ཞིག་གིས། །དེ་མེད་པ་ནི་རྟོགས་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པའི་ཆ་འཆད་པར་འགྱུར་བ་ཡིན་ཏེ། འདི་ནི་དོན་གྱི་སྦྱོར་བའོ། །དེས་ཀྱང་བསྟན་པའི་ཡུལ་ཅན་གྱི་མེད་པ་སྒྲུབ་པར་བྱེད་པར་འདོད་པ་བསྟན་པ་ཡིན་ནོ། །མ་བསྟན་པའི་ཡུལ་ཅན་ནི་དེ་ལྟར་ལྟོས་པར་བྱ་བ་མ་

เล่ม ๑๗๖ · หน้า 233b

ཡིན་ཏེ། གལ་ཏེ་རྒྱུ་མེད་ན་ཡང་འབྲས་བུ་ཡང་གདོན་མི་ཟ་བར་འགྱུར་བ་མ་ཡིན་ཏེ། རྒྱུ་མེད་པར་དངོས་པོ་འབྱུང་བ་མི་སྲིད་པའི་ཕྱིར་ཞེས་བྱ་བ་དེ་ཙམ་ནི་བསྟན་པའི་ཕྱིར་རོ། །དེ་ཡང་དེ་མ་ཐག་པ་ཉིད་དུ་བཤད་ཟིན་ཏོ། །དོན་གྱི་ཞེས་བྱ་བ་ལ་སོགས་པ་ལ་དོན་ཞེས་བྱ་བ་ཁྱབ་པར་བྱེད་པའི་རང་བཞིན་རྟགས་ཅན་ཏེ་

མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། རང་བཞིན་མི་དམིགས་པ་ཡང་སྟེ། ཁྱབ་པར་བྱེད་པ་མི་དམིགས་པ་ཡང་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །རང་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ་འགའ་ཞིག་ཅེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་ཁྱབ་

པར་བྱེད་པ་མི་དམིགས་པ་ན་ཁྱབ་པར་བྱ་བ་འདོད་པ་འདིའི་རང་བཞིན་གྲུབ་པར་འགྱུར་བ་དེའི་ཚེ་ཚད་མར་འགྱུར་རོ། །གལ་ཏེ་གཏན་ཚིགས་འགའ་ཞིག་གིས་ཏེ་རང་བཞིན་མི་དམིགས་པ་ཞེས་བྱ་བས། དེ་མེད་པ་ནི་རྟོགས་པར་འགྱུར། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་དོན་འཆད་པ་ཡིན་ཏེ། གལ་ཏེ་

རྒྱུ་འདི་མེད་པ་གྲུབ་པར་འགྱུར་བ་ཞེས་བྱ་བར་སྦྱར་རོ། །ཁྱབ་པར་བྱེད་པའི་རང་བཞིན་གོ་བར་བྱེད་པ་གཏན་ཚིགས་འགའ་ཞིག་ལས་མེད་པར་འགྱུར་རོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ན་དགག་པ་ལ་གོ་བར་བྱེད་པའི་གཏན་ཚིགས་ནི་མི་དམིགས་པ་

ཙམ་མ་ཡིན་ནོ། །རྒྱུའམ་ཁྱབ་པར་བྱེད་པ་དེ་ནི་གོ་བར་བྱེད་པའི་གཏན་ཚིགས་ལས་མེད་པ་ཉིད་དུ་གྲུབ་པས་གོ་རིམས་བཞིན་དུ་འབྲས་བུའམ་ཁྱབ་པར་བྱ་བ་ལྡོག་པར་བྱེད་དེ། དེ་མེད་པར་མ་གྲུབ་ན་སྟེ། རྒྱུ་དང་ཁྱབ་པར་བྱེད་པ་མ་གྲུབ་ན་འབྲས་བུ་དང་ཁྱབ་པར་བྱ་བ་ལྡོག་པ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །

དེ་ཡང་གོང་དུ་ཇི་སྐད་དུ་བཤད་པའི་བསྟན་པའི་ཡུལ་ཅན་གྱི་མེད་པ་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་རང་བཞིན་མེད་པ་ཉིད་བསྒྲུབ་པར་བྱ་བ་ལ་དེ་མི་དམིགས་པ་ཉིད་ཚད་མ་ཡིན་པར་མ་བརྗོད་དམ། ཇི་ལྟར་ན་དེ་བུམ་པ་ལ་སོགས་པའི་དངོས་པོའི་བདག་ཉིད་མི་དམིགས་པ་ལས་མེད་པ་

གྲུབ་ཅེ་ན། ལེན་དུ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐལ་པའི་ཡུལ་ཉིད་ལ་རང་བཞིན་མི་དམིགས་པ་ཚད་མ་མ་ཡིན་གྱི། སྣང་བ་ལ་ནི་ཡིན་ཞེས་བྱ་བ་བསྡུས་པའི་དོན་ཏོ། །སྣང་བ་ཞེས་བྱ་བ་འདིས་ནི་རང་བཞིན་ལ་སོགས་པས་མ་བསྐལ་པ་བསྟན་ཏོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་

เล่ม ๑๗๖ · หน้า 234a

དངོས་པོ་དེ་ནི་མི་དམིགས་པ་ཡོད་པའི་དངོས་པོ་མེད་པ་སྟེ་ཡོད་པ་ཉིད་རྟོགས་པར་འགྱུར་རོ། །གང་གི་ཚེ་ཞེ་ན་མཐོང་བ་མེད་པ་དག་གི་རྒྱུ་མི་སྲིད་པར་ནི་འགྱུར་བ་ན་མཐོང་བ་མེད་པའི་རྒྱུ་སྟེ་རྒྱུ་གཞན་མ་ཚང་བ་དེ་མི་སྲིད་པར་འགྱུར་བ་ན་སྟེ། དམིགས་པའི་རྐྱེན་གཞན་ཚོགས་པར་གྱུར་ཅེས་

བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བདག་ཉིད་གོ་བར་བྱེད་ཅིང་རྟོགས་པར་བྱེད་པས་ན་དངོས་པོའོ། །གལ་ཏེ་རང་བཞིན་ལ་སོགས་པས་མ་བསྐལ་པས་རང་བཞིན་གྱི་ཁྱད་པར་དུ་འགྱུར་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་འཛིན་པར་བྱེད་པ་པོ་སྟེ། གང་ཞིག་གང་གིས་འཛིན་པ་པོའི་དབང་

པོ་དེས་དམིགས་པ་ཉིད་དུ་འགྱུར་རོ། །འདིས་ནི་སྣང་བའི་ཞེས་བྱ་བ་དེ་རྣམ་པར་བཤད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ་བཤད་པའི་དངོས་པོ་མཐོང་བའི་གེགས་བྱེད་པ་ཅན་ཏེ། རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུ་ལ་གནོད་པར་བྱེད་པ་ཅན་ནོ། །བར་ཆད་ལ་སོགས་པ་དག་ཅེས་བྱ་བའི་སོགས་པའི་སྒྲས་ནི་མ་ཚང་བ་

གཟུང་ངོ་། །གགས་བྱེད་པ་ལ་སོགས་པ་མེད་པ་སྟེ་དམིགས་པའི་རྐྱེན་དག་ཡོད་ན་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཁོ་ནར་འགྱུར་ཏེ། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བུར་གྱུར་པ་མི་དམིགས་པ་ནི་མེད་དོ་ཞེས་ངེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་འདྲ་བར་འགྱུར་བ་སྟེ། དམིགས་པའི་མཚན་ཉིད་

ཀྱིར་གྱུར་པ་ཡོད་ན་དམིགས་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །གང་འདི་ཉིད་ནི་རང་གི་ངོ་བོ་མེད་པར་ངེས་པ་ན་མཐོང་བ་མེད་པ་དག་གིས་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་འདི་ཉིད་བཤད་པར་བྱ་བ་རིགས་པར་བྱའོ། །བསྒྲུབ་པར་བྱ་བ་གང་ལ་ཞེ་ན། རྒྱུ་དང་ཁྱད་པར་བྱེད་པ་དག་མེད་པའི་བསྒྲུབ་པར་བྱ་བ་ལ་

ཡང་ངོ་། །དངོས་པོ་འགལ་བ་ཡོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། ཡང་གི་སྒྲ་ནི་རིམ་པ་གཞན་དང་སྦྱར་ཏེ། དེ་དང་འགལ་བ་དམིགས་ན་ཡང་ཞེས་བྱ་བར་བལྟ་བར་བྱའོ། །གང་མེད་པ་བསྒྲུབ་པར་བྱ་བ་དེ་དང་འགལ་བ་གང་ཡིན་པ་དེ་དམིགས་པ་མེད་པ་ཉིད་དེ་དགག་པར་བྱ་བ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན།

དངོས་པོ་འགལ་བ་ཡོད་ན་ནི། །དེ་ཡོད་པ་ལ་གནོད་བྱེད་ཕྱིར་ཏེ། དགག་པར་བྱ་བར་འདོད་པ་དེ་ཉིད་ཡོད་པ་ཉིད་ལ་གནོད་པར་བྱེད་པའི་ཕྱིར་ཏེ། གཉི་ག་ལྷན་ཅིག་མི་གནས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དངོས་པོ་གང་ཞིག་བདག་ཉིད་འགལ་བ་གང་དང་

เล่ม ๑๗๖ · หน้า 234b

ལྷན་ཅིག་མི་གནས་ཏེ། དཔེར་ན་གྲང་བ་དང་དྲོ་བའི་རེག་པ་ལྟ་བུའོ། །ཅིའི་ཕྱིར་མི་གནས་ཤེ་ན། དེ་དག་གི་ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགལ་བ་དེ་དག་གི་ཉེ་བར་ལེན་པ་གང་ཡིན་པ་དེ་དག་ནི་ཕན་ཚུན་གཅིག་ལ་གཅིག་མི་མཐུན་པ་གང་ཡིན་པ་དེའི་རྟེན་ཡིན་པ་ཉིད་ཀྱིས་ཏེ། དྲོ་བའི་ཉེ་བར་ལེན་པ་ནི་གྲོང་བའི་

ཉེ་བར་ལེན་པ་དང་མི་མཐུན་པའི་རྟེན་ཡིན་པས་སོ། །དེ་བས་གཅིག་གིས་ཀྱང་ཅིག་ཤོས་ཀྱི་ཞེས་བྱ་བའི་དོན་ཏོ། །རྒྱུ་དེས་གྲང་བ་དང་དྲོ་བ་འགལ་བ་དག་གིས་འབྲས་བུ་དག་ནི་གཅིག་ལ་ཡང་ཅིག་ཅར་རྩོམ་པ་འགལ་བའི་ཕྱིར་རོ། །སྔར་མི་དམིགས་པའི་རབ་ཏུ་དབྱེ་བ་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་

ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་མ་ཐག་པའི་རྣམ་པ་གྲང་བ་དང་དྲོ་བ་འགལ་བ་དེ་དག་ནི་གཅིག་ཡོད་ན་ཡང་གཞན་མེད་པ་རྟོགས་པར་འགྱུར་རོ། །ཅི་སྟེ་ཡང་འདིར་མི་དམིགས་པ་ཞེས་མ་ཐོས་པ་དེ་ལྟར་ན་ཡང་རང་བཞིན་འགལ་བ་ཞེས་བྱ་བའི་རྟགས་ནི་མི་དམིགས་པ་ལས་ཐ་དད་པར་བརྗོད་པར་མི་བྱའོ། །

ཅིའི་ཕྱིར་ཞེ་ན། མི་དམིགས་པ་དེ་ཉིད་ལས་འགལ་བ་རྟོགས་པའི་ཕྱིར་དང་། འགལ་བ་ལས་ཀྱང་མེད་པ་བསྒྲུབ་པའི་ཕྱིར་རོ། །འགལ་བ་ཡང་ཇི་ལྟར་ངེས་པར་འགྱུར། གལ་ཏེ་དམིགས་པ་ན་ཅིག་ཤོས་མི་དམིགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་ཅིག་ཤོས་དམིགས་པ་མ་བཀག་པ་ཅན་མེད་པ་མི་འགྲུབ་པའི་ཕྱིར་རོ། །

དེ་ལྟར་ན་དོན་གྱིས་འགལ་བ་གྲུབ་པ་ན་མི་དམིགས་པ་ཁོ་ན་རབ་ཏུ་སྦྱོར་བར་འགྱུར་རོ། །དེ་ལྟ་བུའི་རྣམ་པ་སྟེ་སྣང་བའི་ཡུལ་མི་དམིགས་པ་ལས་མེད་པ་རྟོགས་པར་འགྱུར་བ་དེ་བས་འདི་ཚད་མ་ཡིན་པ་ནི་བླ་སྟེ། དེ་ཡང་ཇི་ལྟར་རྗེས་སུ་དཔག་པ་ཉིད་མ་ཡིན་གྱི་འོན་ཀྱང་ཚད་མ་གཞན་ཁོ་ན་ཡིན་ནོ་ཞེས་བསམས་

པའོ། །ཇི་ལྟར་ཡང་མི་འགྱུར་ཞེས་བྱ་བ་ནི་སློབ་དཔོན་གྱིའོ། །དཔེ་ལ་ལྟོས་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་གཞན་གྱི་ཡིན་ཏེ། རྗེས་སུ་དཔག་པ་ནི་དཔེ་ལ་ལྟོས་པ་ཡིན་ཏེ་རྗེས་སུ་དཔག་པ་འགྲོ་བ་དང་ལྡོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མི་དམིགས་པ་ནི་མ་ཡིན་པ་དེ་བས་ན་རྗེས་སུ་དཔག་པའི་མཚན་ཉིད་དང་མི་ལྡན་པའི་

ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །དཔེ་ལ་ལྟོས་པ་མེད་པ་ཉིད་འདི་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལ་ཞེས་བྱ་བ་ནི་མི་དམིགས་པ་ལའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། དཔེ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གཞན་གྱི་ཡིན་ཏེ། དེ་ནི་

เล่ม ๑๗๖ · หน้า 235a

ནམ་མཁའི་མེ་ཏོག་ལ་སོགས་པའོ། །མེད་པ་ཞེས་བྱ་བ་ཇི་ལྟར་ཚད་མ་གང་གིས་ཁོང་དུ་ཆུད་པར་བྱ་ཞིང་གང་གིས་དེ་ལྟར་འགྱུར་ཏེ། མི་དམིགས་པའི་རྟགས་ཀྱིས་མེད་པ་བསྒྲུབ་པར་བྱ་བ་ལ་དཔེར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མི་དམིགས་པའི་རྟགས་ཁོ་ན་ལས་ནམ་མཁའི་མེ་ཏོག་

ལ་སོགས་པ་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལ་ཞེས་བྱ་བ་ནི་ནམ་མཁའི་མེ་ཏོག་ལ་སོགས་པ་ལའོ། །ཇི་ལྟར་དཔེ་མེད་པ་ཅན་དག་སྟེ། མེད་པ་ཉིད་མ་གྲུབ་པ་ཅན་གང་ལ་དཔེ་ཡོད་པ་མ་ཡིན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་འདི་ལ་ཡང་དཔེ་གཞན་ཡོད་པ་དེའི་ཚེ་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་ཉིད་མ་

གྲུབ་པ་དེ་དཔེ་དང་བཅས་པ་ཉིད་ཡིན་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ལ་ཡང་དཔེ་གཞན་དང་དཔེ་གཞན་ཡོད་པའི་ཕྱིར་རོ། །ཐུག་པ་མེད་པ་ཡིན་པ་དེ་ལྟ་ན། གཅིག་ཀྱང་མ་གྲུབ་ན་ཐམས་ཅད་ལ་རྟོགས་པ་མེད་པར་འགྱུར་རོ། །དེ་བས་ན་ཐུག་པ་མེད་པའི་ཉེས་པ་སྤངས་པའི་ཕྱིར་དཔེ་འགྱུར་བ་ཉེ་བར་

བརྗོད་པ་མེད་པ་མེད་པར་གྲུབ་པ་དཔེ་མེད་པ་ཅན་བྱའོ། །དེ་བས་ན་གཞན་ལ་ཡང་སྟེ་འདི་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་བུམ་པ་མི་དམིགས་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་ལ་ཡང་། དཔེ་ལ་ལྟོས་པ་མེད་པའི་ཕྱིར་མི་དམིགས་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །སློབ་དཔོན་གྱིས་ཐོས་སུ་ཟིན་ཀྱང་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རང་བཞིན་མི་དམིགས་པ་ལ་མེད་པ་བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་མེད་པའི་ཐ་སྙད་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེ་བས་ན་ཐོས་སུ་ཟིན་ཀྱང་ངོ་། །གླེན་པའི་མིང་ནི་ལྷ་དང་ལྷར་འགྱུར་སྐྱེ་དགུའི་བདག་ཅེས་བྱ་བ་གསུམ་གསུངས་པ་དེ་བས་ན། ལྷ་རྣམས་དགའ་བ་

སྟེ་གླེན་པ་དག་གིས་ངེས་པ་གཟུང་བ་གསལ་བ་མེད་པ་གང་གིས་དཔེ་ཡོད་དུ་ཟིན་ཀྱང་དེ་མ་གྲུབ་པར་རྒོལ་ཏེ། གལ་ཏེ་འདིར་མེད་པ་གྲུབ་པར་བྱ་བ་ལ་དཔེ་མ་གྲུབ་པར་ནི་འགྱུར་ན། འོན་ཀྱང་མེད་པའི་ཐ་སྙད་བསྒྲུབ་པ་ཡིན་ནོ། །མེད་པའི་ཐ་སྙད་དེ་ཉིད་བསྒྲུབ་བྱར་བསྟན་པའི་ཕྱིར་སྒྲ་དང་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཏེ། རྒྱུ་དམིགས་པ་མི་དམིགས་པ་སྣང་བ་མི་དམིགས་པ་གང་ཡིན་པ་དེ་ནི་བདག་ཉིད་ཐག་ཉེ་སྟེ། རང་ཉིད་ཐག་ཉེ་བའི་ཕྱིར་བདག་མི་དམིགས་པའི་ངོ་བོར་རྒྱུ་མཚན་གང་ལ་ཡོད་པ་དེ་དག་ནི་རང་གི་རྒྱུ་མཚན་ཅན་ཏེ། མེད་པའི་ཐ་སྙད་དེ་དག་བསྒྲུབ་པར་བྱ་བའི་ཕྱིར་

เล่ม ๑๗๖ · หน้า 235b

ཐམས་ཅད་ནི་འདིར་དཔེ་ཡིན་ནོ། །རང་གི་རྒྱུ་མཚན་གྱི་ཚོགས་པ་རུང་བ་ཐག་ཉེ་བ་ཅན་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། མྱུ་གུ་ལ་སོགས་པ་གང་ལ་རང་གི་རྒྱུ་མཚན་གྱི་ཚོགས་པ་རུང་བ་ཐག་ཉེ་བ་དེ་ཡོད་པ་དང་བ་ལང་གི་ཐ་སྙད་ལ་སོགས་པ་གང་ལ་ལྐོག་ཤལ་ལ་སོགས་པ་གོང་བུའི་རྒྱུ་མཚན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

སྦྱོར་བ་ཡང་གང་ལ་གང་གི་རྒྱུ་མཚན་གྱི་ཚོགས་པ་གགས་མེད་པ་ཅན་ཡོད་པ་དེ་ལ་དེར་འགྱུར་ཏེ། དཔེར་ན་གང་ཅུང་ཞིག་རྒྱུ་མཚན་ཚོགས་པ་གགས་མེད་པ་ཅན་གཞན་ལྟ་བུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མི་དམིགས་པའི་རྒྱུ་མཚན་ཡོད་ན་ཡང་མེད་པའི་ཐ་སྙད་དུ་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་

གྱི་གཏན་ཚིགས་སོ། །འདིར་ཡང་ཅིའི་ཕྱིར་མེད་པའི་ཐ་སྙད་ཁོ་ན་སྒྲུབ་པར་བྱེད་ཀྱི་མེད་པ་ཉིད་ཀྱང་མ་ཡིན་ཞེ་ན། མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཇི་སྐད་བཤད་པ་བཞིན་དུ་སྣང་བ་མི་དམིགས་པ་འདི་ལ་མེད་པ་ཉིད་མི་དམིགས་པ་ཁོ་ན་ཡིན་ནོ། །དེ་བས་ན་འདིར་མེད་པ་བསྒྲུབ་པ་མ་

ཡིན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །གང་གིས་འདི་མེད་པའི་ཐ་སྙད་བསྒྲུབ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་སྣང་བ་མི་དམིགས་པ་འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་བར་འགྱུར་རོ་ཞེས་སྦྱར་རོ། །སྣང་བ་མི་དམིགས་པའི་རྒྱུ་ལས་མེད་པའི་ཐ་སྙད་ཀྱི་འབྲས་བུ་

རྗེས་སུ་དཔག་པ་སྟེ། དེ་ཉིད་ཀྱི་མཚན་ཉིད་གང་ལ་ཡོད་པ་ཞེས་སྤྱིར་གཞན་གྱི་ཚིག་ཅན་དུ་བསྟན་ནས། ཕྱིས་དངོས་པོའི་རྐྱེན་བྱའོ། །དེ་ལྟ་མ་ཡིན་ན་འབྲས་བུ་རྗེས་སུ་དཔག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བུད་མེད་ཀྱི་རྟགས་སུ་འགྱུར་རོ། །རྒྱུ་ཚོགས་པ་ལས་འབྲས་བུ་རྗེས་སུ་དཔག་པ་རུང་བ་

ཉིད་རྗེས་སུ་དཔག་པ་ཡིན་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་བར་འགྱུར་བ་ལེའུ་བཞི་པ་ལས་འཆད་པར་འགྱུར་རོ། །སྣང་བ་མི་དམིགས་པ་ནི་དཔེ་གྲུབ་པར་འགྱུར་ན་མི་སྣང་བ་མི་དམིགས་པ་ཇི་ལྟར་འགྲུབ་ཅེ་ན། ཡོད་པའི་སྒྲ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལ་སོགས་པ་བསྐལ་

པ་དག་ལ་ཚད་མ་ལོག་པས་ཡོད་པའི་སྒྲ་དང་ཐ་སྙད་འགོག་པ་ལ། རྒྱུ་མེད་པའི་ཕྱིར་འབྲས་བུ་མེད་པར་བསྒྲུབ་པར་བྱ་བ་ཡིན་པས་ན། འདིར་ཉེ་བར་བརྗོད་པ་མེད་པ་འབའ་ཞིག་དཔེ་མ་ཡིན་གྱི། འོན་ཀྱང་རྒྱུ་མཚན་ཏེ་རྒྱུ་མ་ཚང་བས་མྱུ་གུ་ལ་སོགས་པ་མེད་པ་ཡང་དཔེ་ཡིན་ནོ། །སྦྱོར་བ་ནི་རྒྱུ་མཚན་མ་ཚང་

เล่ม ๑๗๖ · หน้า 236a

བ་ཅན་གང་ཡིན་པ་དེ་ནི་མི་འགྱུར་ཏེ། དཔེར་ན་ས་ཕྱོགས་ས་བོན་གྱིས་སྟོང་པའི་མྱུ་གུ་ལྟ་བུའོ། །མི་དམིགས་པ་ཡང་ཡོད་པའི་སྒྲ་དང་ཐ་སྙད་ཀྱི་རྒྱུ་མ་ཚང་བ་ཡང་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་ཡང་ཉེ་བར་བརྗོད་པ་མེད་པ་དེ་མེད་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེས་སྨྲས་པ་དེ་

ལ་ཡང་། ཉེ་བར་བརྗོད་པ་མེད་པ་དཔེར་གྱུར་པ་ལ་མི་དམིགས་པ་ཉིད་ཀྱི་ཕྱིར། ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་ཀྱི་མཚན་ཉིད་ཅན་གྱི་འཇུག་པ་འདི་ཉིད་འགོག་པ་ཡིན་གྱི། མེད་པ་བསྒྲུབ་པ་ནི་མ་ཡིན་ནོ། །གང་གི་སྒྲ་ནི་རིམ་པ་བཞིན་དུ་སྦྱར་ཏེ། འགོག་པ་ཡང་ཞེས་བྱ་བར་བལྟ་བར་བྱའོ། །ཡང་གི་སྒྲས་ནི་

ལ་ལར་མེད་པའི་ཤེས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་འཇུག་པ་སྒྲུབ་པར་བྱེད་དོ། །དེ་དག་གི་མེད་པ་ཉིད་ཀྱང་ཇི་ལྟར་གྲུབ་ཅེ་ན། མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྭ་ལ་སོགས་པས་དབེན་པའི་རི་བོང་གི་མགོ་བོ་ལ་སོགས་པ། དམིགས་པའི་མཚན་ཉིད་ཅན་མི་དམིགས་པ་སྟེ། མ་ཡིན་པར་དགག་པའི་

འཇུག་པས་གང་ལ་མཚན་ཉིད་དེ་ཉིད་ཡོད་པ་མེད་པ་ཉིད་དུ་གྲུབ་སྟེ། རི་བོང་གི་རྭ་ལ་སོགས་པས་དབེན་པའི་མགོ་བོ་ལ་སོགས་པ་གྲུབ་པ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པ་ཉིད་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མི་འགྱུར་ན་སྣང་བ་མི་དམིགས་པ་ལ་མེད་པ་ཉིད་ཡུལ་དུ་འགྱུར་བ་གྲུབ་ན། དེའི་རྒྱུ་མཚན་ཅན་

གྱི་མེད་པའི་ཐ་སྙད་ཀྱང་སྒྲུབ་པ་ཁོ་ན་ཡིན་ན་དེ་བསྒྲུབས་པས་ཅི་ཞིག་བྱ། མི་སྣང་བ་མི་དམིགས་པ་ལ་ཡང་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་མེད་པའི་ཕྱིར་ཡོད་པའི་ཐ་སྙད་ལོག་པར་གྲུབ་པ་དེ་ལྟར་ན། དེ་དགག་པ་བསྒྲུབས་པས་ཅི་ཞིག་བྱ། དེ་ལྟར་ན་མི་དམིགས་པ་ལ་སྔར་རབ་ཏུ་གྲགས་པའི་ཡུལ་ཉེ་བར་མཚོན་པར་

བྱེད་པའི་མཚན་ཉིད་ཅན་གྱི་དཔེས་དགོས་པ་ཅུང་ཞིག་ཀྱང་མེད་པ་ཡིན་ནོ་ཞེ་ན། རྒྱུ་མཚན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པ་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྣང་བ་མི་དམིགས་པ་ལ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཏེ་མེད་པ་ངེས་པ་ཁས་བླངས་ཤིང་། མི་སྣང་བ་མི་དམིགས་པ་ལ་དེ་མེད་

པས་ཏེ། མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་གྱི་ཚད་མ་མེད་པ་ཁས་བླངས་པས་སོ། །གང་མེད་པར་ངེས་པ་ལ་མེད་པའི་ཐ་སྙད་བྱ་བ་དེ་ལ་མི་བྱེད་པའི་ཕྱིར་འཇུག་པ་ལུགས་ལས་ལྡོག་པར་བྱེད་པའོ། །མི་སྣང་བའི་མི་དམིགས་པ་ལ་གང་ཐེ་ཚོམ་དུ་གྱུར་པའི་དོན་ལ་མེད་དོ་ཞེས་བྱ་བའི་ཐ་སྙད་བཟློག་པར་བྱ་བ་དེ་ལ།

เล่ม ๑๗๖ · หน้า 236b

མེད་པའི་ཐ་སྙད་འཇུག་པའི་ཕྱིར། ཟློག་པ་ལུགས་ལས་ལྡོག་པར་བྱེད་པའོ། །དེ་ལྟར་སྨོས་པ་དེ་ལ་ཇི་ལྟར་ཁས་བླངས་པ་བཞིན་དུ་བསྟན་ཏོ་ཞེས་བྱ་བས་ནི། སྣང་བ་མི་དམིགས་པ་གང་ལ་འདིས་མེད་པའི་རྒྱུ་མཚན་ཁས་བླངས་པ་དེ་ལ་མེད་པའི་ཐ་སྙད་ལ་འཇུག་པར་བྱའོ་ཞེས་དེ་ལྟར་སྟོན་ཏོ། །མི་སྣང་བ་མི་དམིགས་

པ་གང་ལ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་མེད་པར་ཁས་བླངས་པ་དེ་མེད་པའི་ཐ་སྙད་མ་བྱེད་ཅིག་ཅེས་དེ་ལྟར་བསྟན་ཏོ། །དཔེ་བསྟན་པའི་ཕྱིར་ཉེ་བར་བརྗོད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་བརྗོད་པ་མེད་པ་བཞིན་ཉེ་བར་བརྗོད་པ་དང་འདྲ་བ་སྟེ། ཇི་ལྟར་ཉེ་བར་བརྗོད་པ་མེད་པ་རི་བོང་གི་རྭ་ལ་སོགས་པ་ལ་མེད་

པའི་ཐ་སྙད་ཀྱི་རྒྱུ་མཚན་མི་དམིགས་པ་སྲིད་པའི་ཕྱིར་མེད་པའི་ཐ་སྙད་ཡིན་པ་དེ་ལྟར་འདི་ལ་ཡང་ངོ་། །གཞན་དང་འདྲ་བར་ཞེས་བྱ་བ་ལ་གཞན་གྱི་དང་འདྲ་བ་སྟེ། ཇི་ལྟར་རྒྱུ་མཚན་ཐག་ཉེ་བ་ཅན་གྱི་མྱུ་གུ་ལ་སོགས་པའི་འཇུག་པ་དེ་ལྟར་མེད་པའི་ཐ་སྙད་ཀྱི་ཡང་ཡོད་པ་ཡིན་ནོ། །མི་སྣང་བ་མི་དམིགས་པ་ལ་

ལྟོས་ནས་དཔེ་གཉི་ག་ལ་ཡང་གྲུབ་པ་དོན་གྱི་འདྲ་བ་ཡིན་ཏེ། ཇི་ལྟར་རྒྱུ་མེད་པར་རི་བོང་གི་རྭ་ལས་ཉེ་བར་བརྗོད་པ་མེད་པའི་མེད་པའམ། རྒྱུ་མ་ཚང་བའི་མྱུ་གུ་ལ་སོགས་པའི་གཞན་གྱི་མེད་པ་དེ་དང་འདྲ་བར་ཡུལ་ལ་སོགས་པ་བསྐལ་པ་དག་ལ་མེད་པའི་ཐ་སྙད་དོ་ཞེས་བྱ་བའི་དཔེ་གྲུབ་པར་བསྟན་ཏེ། གལ་

ཏེ་རེ་ཞིག་དམིགས་པ་མེད་པ་སྟེ། མི་དམིགས་པ་ཞེས་བྱ་བ་དེ་ཉིད་ཇི་ལྟར་ཚད་མ་གང་གིས་གྲུབ་པ་སྟེ། མ་གྲུབ་པ་ཡང་རྟགས་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ནི་འོག་ནས། དེ་ལ་ཁྱད་པར་ཅན་དམིགས་པ། །དེའི་ཕྱིར་དེ་ཡང་མི་དམིགས་ཏེ། །དེས་ན་མི་དམིགས་པ་འདི་ནི། །མངོན་སུམ་

བདག་ཉིད་ཁོ་ནར་རྟོགས། །ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །གང་ཡང་མི་དམིགས་པ་ལ་སྔར་རབ་ཏུ་གྲགས་པའི་ཡུལ་ཉེ་བར་མཚོན་པར་བྱེད་པའི་མཚན་ཉིད་ཅན་གྱི་དཔེ་ཉེ་བར་བསྟན་པས་ཅི་དགོས་ཞེས་སྨྲས་པ་འདིར། དྲི་བའི་ཚུལ་དུ་རྗེས་སུ་དཔག་པ་གཞན་ལ་ཡང་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། ཡོད་པ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་ཡང་། ཁྱབ་པར་བྱེད་པའི་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པར་བྱ་བའི་ཆོས་བྱས་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པས་ཏེ། གོ་བར་བྱེད་པ་བསྟན་པར་འདོད་ན་ཅིའི་ཕྱིར་དཔེ་རྟོགས་པར་བྱ་བ་ཡིན་ཞིང་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། ཤེས་

เล่ม ๑๗๖ · หน้า 237a

པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱ་བས་ཁྱབ་པར་བྱ་བ་གཏན་ཚིགས་བསྟན་པས། ཁྱབ་པར་བྱེད་པའི་བསྒྲུབ་པར་བྱ་བའི་ཆོས་གྲུབ་པའི་ཕྱིར་རོ། །གལ་ཏེ་དོན་ངེས་སུ་ཟིན་ཀྱང་སྟེ། འབྲེལ་པ་གཟུང་དུ་ཟིན་ཀྱང་རྗེས་སུ་དཔག་པ་འདི་ལ་དཔེ་ནི་

དྲན་པའི་དོན་ཡིན་ཏེ། ཇི་ལྟར་གཞན་ལ་ཁྱབ་པར་བྱ་བ་ཐག་ཉེ་བ་ན་ཁྱབ་པར་བྱེད་པ་རྟོགས་པར་འགྱུར་བ་དེ་ལྟར་འདི་ལ་ཡང་རྟོགས་པར་འགྱུར་རོ་ཞེས་པ་ལྟར་རྨོངས་པ་དྲན་པ་བསྐྱེད་པའི་ཕྱིར་རོ། །དེ་ནི་དཔེས་རྨོངས་པ་དྲན་པ་བསྐྱེད་པ་དེའོ། །ཅིག་ཤོས་ལ་ཞེས་བྱ་བ་ནི་མི་དམིགས་པ་ལའོ། །དེ་ཉིད་བསྟན་པའི་ཕྱིར་

དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་པར་བྱ་བ་དེ་ནི་མེད་པའི་ཐ་སྙད་དུ་རུང་བའི་རི་བོང་གི་རྭ་ལ་སོགས་པ་གཞན་མི་དམིགས་པ་ཙམ་ལས་མེད་པའི་ཐ་སྙད་རྟོགས་སུ་ཟིན་ཀྱང་། དངོས་པོར་གྱུར་པ་སྤྱིའམ་ཡན་ལག་ཅན་གྱི་རྫས་ལ་སོགས་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པ་དང་

ལྡན་པའི་ཐ་སྙད་དུ་རུང་བ་འདི་ལ་ཡང་རྨོངས་པའི་ཕྱིར་དཔེ་ཉེ་བར་བསྟན་པས་ཡུལ་ཅན་དྲན་པར་བྱ་བ་ཡིན་ནོ། །གལ་ཏེ་སྣང་བའམ་མི་སྣང་བའི་ཡུལ་ཅན་ལ་མི་དམིགས་པ་ཐམས་ཅད་ལ་ཅི་རིགས་པར་མེད་པའི་ཐ་སྙད་དམ་ཡོད་པའི་ཐ་སྙད་འགོག་པ་བསྒྲུབ་པར་བྱ་བ་ཡིན་ན། ཅི་སྟེ་གང་འདི་སློབ་དཔོན་

ཕྱོགས་ཀྱི་གླང་པོ་ལ་སོགས་པས་གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ་མི་དམིགས་པའི་ཕྱིར་རོ་ཞེས་སྦྱོར་བ་མཛད་དེ། མི་དམིགས་པའི་སྦྱོར་བ་དེ་ལ་ཇི་ལྟར་མེད་པའི་ཐ་སྙད་བསྒྲུབ་པའམ་ཡོད་པའི་ཐ་སྙད་དེ་འགོག་པར་འགྱུར་ཏེ། བརྒལ་བ་སྨྲས་མ་ཐག་པ་བློ་ལ་བཞག་ནས་གཉི་ག་ཡང་མི་འཐད་དོ་

ཞེས་བསམས་པའོ། །གྲུབ་པའི་མཐའ་སྨྲ་བས་ཀྱང་རེ་ཞིག་འདིར་རྩོད་པ་སྨྲར་བཅུག་ལ་དེ་ནས་རྗེས་སུ་མཐུན་པའི་ལན་བརྗོད་པར་བྱའོ་སྙམ་པས་ཅི་ལྟར་མི་འགྱུར་ཞེས་སྨོས་སོ། །རྩོད་པར་བྱེད་པའི་བསམ་པ་ནི་དེའི་དོན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཙོ་བོ་ལ་སོགས་པའི་སྒྲ་དེའི་ཡོན་ཏན་

གསུམ་ལ་སོགས་པའི་མཚན་ཉིད་ཅན་གྱི་དོན་འགོག་པ་ཡོད་ན། རྗོད་པར་བྱེད་པ་གཙོ་བོ་ལ་སོགས་པའི་ཆོས་ཅན་གྱི་ཚིག་མི་སྦྱོར་བའི་ཕྱིར་ཏེ། བརྗོད་པར་བྱ་མ་གཏོགས་པར་རྗོད་པར་བྱེད་པའི་སྦྱོར་བ་ནི་ཡོད་པ་མ་ཡིན་ནོ། །གང་གི་ཚེ་གཙོ་བོ་ལ་སོགས་པ་སྒྲ་དག་མི་སྦྱོར་བ་དེའི་ཚེ་མེད་དོ་ཞེས་བྱ་

เล่ม ๑๗๖ · หน้า 237b

བའི་འགོག་པ་བརྗོད་པ་ཁོ་ནའི་སྒྲས་ཁྱད་པར་དུ་བྱེད་དོ། །དེ་ཡང་དགག་པར་བྱ་བའི་དོན་བསྟན་པ་མེད་པར་ཡུལ་མེད་པ་ཅན་གྱི་དགག་པ་ཞེས་བྱ་བ་དགག་པའི་ཚིག་གི་སྒྲ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་གཙོ་བོ་ལ་སོགས་པ་མེད་དོ་ཞེས་བྱ་བའི་དམ་བཅས་པའི་ཚིག་གཉི་ག་ཡང་སྦྱོར་བར་མི་རུང་བའི་ཕྱིར་

གང་ལ་གཅིག་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟར་ན། མི་དམིགས་པ་ཞེས་བྱ་བའི་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་བྱེད་པ་ཡིན་ཏེ། གཙོ་བོ་ལ་སོགས་པའི་ཕྱོགས་སུ་གྱུར་པ་དག་ཀྱང་མེད་པའི་ཕྱིར་ཕྱོགས་ཀྱི་ཆོས་མ་ཡིན་པ་གཏན་ཚིགས་སུ་འགྱུར་བའམ། དམ་བཅས་པའི་ཚིག་དག་ཕན་ཚུན་འགལ་བར་

འགྱུར་རོ། །འདི་ལྟར་གཙོ་བོ་ལ་སོགས་པ་ཞེས་སྦྱོར་བའི་ཕྱིར་དེའི་དོན་ཐག་ཉེ་བ་ཡིན་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ཐག་ཉེ་བ་མ་ཡིན་ཏེ། ཐག་ཉེ་བ་དང་ཐག་ཉེ་བ་མ་ཡིན་པ་གཅིག་ལ་ཅིག་ཅར་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒོལ་བའི་བསམ་པའོ། །ཉེས་པ་དེ་ནི་མེད་དེ་ཞེས་བྱ་བ་

ལ་སོགས་པས་ལེན་འདེབས་པར་བྱེད་དེ། འདི་སྐད་དུ་ཇི་ལྟར་གཞན་དག་གི་ཕྱི་རོལ་གྱི་ངོ་བོ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གཙོ་བོ་ལ་སོགས་པ་བརྟགས་པ་དེ་ཉིད་གལ་ཏེ་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ཡིན་པ་དེའི་ཚེ། ཕྱི་རོལ་གྱི་གཙོ་བོ་ལ་སོགས་པ་མེད་པའི་ཕྱི་རོ་གཙོ་བོ་ལ་སོགས་པའི་སྒྲ་མི་སྦྱོར་བའི་ཕྱིར་རོ་ཞེས་

བྱ་བ་ལ་སོགས་པ་བརྒལ་བ་སྨྲ་བར་འགྱུར་རོ། །འདི་ལྟར་ཕྱི་རོལ་གྱི་སྒྲའི་དོན་ཡིན་པར་མ་ཟད་ཀྱི། འོན་ཀྱང་ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་རྟོག་པ་སྔ་མ་སྔ་མས་རྣམ་པར་རྟོག་པ་ཕྱི་མ་ཕྱི་མ་བསྐྱེད་པའི་ཕྱིར། བག་ཆགས་ཀྱི་ནུས་པ་གཞག་ཅིང་རྣམ་པར་རྟོག་པ་སྔ་མ་དེ་ཡང་བག་ཆགས་

གཞན་ལས་སྐྱེ་སྟེ་དེ་ཡང་གཞན་ལས་ཞེས་བྱ་བ་འཁོར་བ་ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་ཐུག་པ་མེད་པའི་ཉེས་པ་ཡང་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐོག་མ་མེད་པ་ཞེས་བྱ་བ་སྨོས་སོ། །ཐོག་མ་མེད་པ་ཡང་དེ་ཡིན་ལ་བག་ཆགས་ཀྱང་ཡིན་པ་དེ་ལས་བྱུང་བ་ནི། ཐོག་མེད་བག་ཆགས་ལས་བྱུང་

བ། །དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པ་དེས་ཡོངས་སུ་བསྒྲུབས་པ་སྟེ། དེ་ལྟ་བུར་གྱུར་པའི་རྣམ་པར་རྟོག་པའི་གཟུང་བའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྒྲ་དོན་ཏེ་དེ་ཡང་ཆོས་ནི་རྣམ་པ་གསུམ་སྟེ་རང་བཞིན་རྣམ་པ་གསུམ་མོ། །ཇི་ལྟར་ཞེ་ན། ཡོད་མེད་ཅེས་བྱ་

เล่ม ๑๗๖ · หน้า 238a

བ་ལ་སོགས་པ་སྨོས་ཏེ། ཡོད་པ་དང་མེད་པ་དང་གཉི་ག་ཞེས་ཟླས་དབྱེ་བར་བྱས་ནས་དེ་ལ་བརྟེན་པ་ཞེས་བྱ་བ་གཉིས་པ་དེའི་སྐྱེས་བུའོ། །དེ་ལ་དངོས་པོ་མཐོང་བའི་བག་ཆགས་ལས་བྱུང་བ་ནི་ཡོད་པ་ལ་བརྟེན་པ་སྟེ། དཔེར་ན་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ལྟ་བུའོ། །མེད་པའི་

རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བ་ནི་མེད་པ་ལ་བརྟེན་པ་སྟེ། རི་བོང་གི་རྭ་ལ་སོགས་པ་སྐྱེ་བ་མེད་པའི་རྣམ་པར་རྟོག་པའོ། །ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་སྒོ་ལས་བྱུང་བ་ནི་གཉི་ག་ལ་བརྟེན་པ་སྟེ། ཤེས་བྱ་ཉིད་ལ་སོགས་པའི་རྣམ་པར་རྟོག་པའོ། །དེ་བས་ན་གཙོ་བོ་ལ་

སོགས་པའི་རྣམ་པར་རྟོག་པ་དག་གིས་ཡོངས་སུ་བསྒྲུབས་པའི་གཟུང་བའི་རྣམ་པ་གཙོ་བོ་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བ་དེ་ཉིད་ནི་ཆོས་ཅན་ཡིན་ལ། དངོས་པོ་ཉེ་བར་ལེན་པ་མེད་པ་ནི་བསྒྲུབ་པར་བྱ་བ་སྟེ། འདི་ལ་ཕ་རོལ་གྱིས་ཀུན་དུ་བརྟགས་པའི་གཙོ་བོ་ལ་སོགས་པའི་དངོས་པོ་ཉེ་བར་ལེན་པ་

ཅན་མེད་པས་ན། དེ་དངོས་ཉེར་ལེན་ཅན་མེད་པ་བསྒྲུབ་ལའོ། །དེ་ཞེས་བྱ་བ་ནི་བློ་ལ་གནས་པའི་གཙོ་བོ་ལ་སོགས་པ་ཆོས་ཅན་ནོ། །མི་དམིགས་པ་ནི། དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཙོ་བོ་ལ་སོགས་པའི་ཉེ་བར་ལེན་པ་ཅན་ཉིད་དུ་མི་དམིགས་པ་སྟེ། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་

བྱེད་པ་མི་དམིགས་པ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་གཙོ་བོ་ལ་སོགས་པ་མེད་ན་རྣམ་པར་རྟོག་པ་མེད་པ་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་གཙོ་བོ་ལ་སོགས་པ་མེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཡོད་ན་ཡང་ཡོད་པ་མ་ཡིན་ཏེ། རྟག་ཏུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་

གང་གི་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་མི་བྱེད་པ་དེ་ནི། ཇི་ལྟར་དེའི་ཉེ་བར་ལེན་པ་ཅན་དུ་འགྱུར། དེ་ལྟར་གཙོ་བོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ནི་གཙོ་བོ་ལ་སོགས་པ་སྟེ། གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པ་དེ་དག་ནི་གཙོ་བོ་ལ་སོགས་པའི་རྒྱུ་ཅན་

ཉིད་དུ་ཡོད་པ་མ་ཡིན་གྱི། དེ་དག་ནི་རང་གི་ཉེ་བར་ལེན་པ་ཁོ་ན་ལ་རག་ལུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ནི་ཕྱི་རོལ་གྱི་གཙོ་བོ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་བས་ན་འདི་ལྟར་རྣམ་

เล่ม ๑๗๖ · หน้า 238b

པར་རྟོག་པ་ནི་ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་ཉིད་དུ་འགོག་པ་ཡིན་གྱི། རང་གི་ངོ་བོ་ཉིད་དུ་ངེས་པ་ནི་མ་ཡིན་པ་དེ་བས་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྣམ་པར་རྟོག་པས་ཡོངས་སུ་སྒྲུབ་པ་དེ་ཉིད་ཀྱི་ཆོས་ཅན་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཙོ་བོ་ལ་སོགས་པའི་སྒྲ་སྦྱོར་བའི་ཕྱིར་ཏེ།

དེ་བཀག་ན་ནི་ཡུལ་མེད་པ་ཉིད་ཀྱི་ཕྱིར་སྒྲ་སྦྱོར་བ་ཉིད་དུ་མི་འགྱུར་རོ། །དེ་བས་ན་འདི་ལྟར་བློའི་སྣང་བ་ཁས་བླངས་ནས་གཙོ་བོ་ལ་སོགས་པའི་སྒྲ་དག་སྦྱོར་བ་དང་། ཡུལ་ཡོད་པའི་ཕྱིར་དགག་པར་བརྗོད་པའི་སྒྲ་ཡང་ཡོད་པར་མི་རུང་བ་མ་ཡིན་པས། ཕྱོགས་ཀྱི་ཆོས་ཅན་ཉིད་མ་ཡིན་པའི་གཏན་ཚིགས་ཀྱང་

མ་ཡིན་པ་སྟེ། བློའི་སྣང་བ་ཉིད་ཕྱོགས་ཉིད་ཡིན་པའི་ཕྱིར་རོ། །དམ་བཅས་པའི་ཚིག་ལ་འགལ་བ་ཡོད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ནི་ཡུལ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་ཏེ། བློ་སྣང་བ་ཉིད་དུ་ཡོད་པ་ཉིད་དང་ཕྱིའི་ཉེ་བར་ལེན་པ་ཅན་ཉིད་དུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བས་ཐམས་ཅད་བསལ་བ་

ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཇི་ལྟར་སྒྲ་དེ་དག་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ལ་རྣམ་པར་རྟོག་པ་གང་ལས་བྱུང་ཞིང་སྐྱེ་བ་ཡོད་པ་དེ་ལ་སོ་སོར་སྣང་བའི་ངང་ཚུལ་ཅན་གྱི་དོན་གང་ཡིན་པ་དེ་

ཡུལ་ཉིད་དུ་བདག་གིར་བྱེད་དོ། །རྒྱུ་གཞན་ཡང་རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་དེ་ལ་བརྟེན་པའི་འཆད་པ་པོ་ཞེས་བྱ་བར་སྦྱར་རོ། །འདི་དང་འདི་བསྟན་པར་བྱའོ་ཞེས་བྱ་བ་ཡིན་པ་དེ་ལྟར་རྣམ་པར་རྟོག་པ་སྤྱིའི་རྣམ་པར་བརྟེན་པའོ། །དངོས་པོ་ཇི་ལྟར་སྣང་བ་བཞིན་དུ་

ནི་སྤྱིའི་རྣམ་པར་རོ། །དངོས་པོར་སྣང་བ་དེ་སྟོན་པར་འདོད་པ་སྟེ། བརྗོད་པར་འདོད་པ་དེས་སྒྲ་སྦྱོར་བའི་ཕྱིར་ཏེ། གནས་སྐབས་དེ་ལ་རང་གི་མཚན་ཉིད་སོ་སོར་སྣང་བ་ནི་ཡོད་པ་མ་ཡིན་ནོ། །ཉན་པ་པོ་ལ་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་ཏེ། ཇི་ལྟར་འདོད་པ་བཞིན་དུ་སྤྱིའི་རྣམ་པ་

ཅན་གྱི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་རོ། །སྒྲ་ལ་ཉན་པ་པོའི་རང་གི་མཚན་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ནི་སྐྱེ་བ་མ་ཡིན་ཏེ། ལོང་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདོད་པར་མི་འགྱུར་ན་གལ་ཏེ་འཆད་པའི་དོན་སྟོན་པར་འདོད་པ་དེའི་ཚེ་ཉན་པ་པོའི་ཡང་སྒྲ་ལས་

เล่ม ๑๗๖ · หน้า 239a

བྱུང་བའི་རྣམ་པར་རྟོག་པའི་ཤེས་པ་ལ་རང་གི་མཚན་ཉིད་སྣང་བ་མ་ཡིན་པ་དེ་ལྟར་ན་ཡང་རང་གི་མཚན་ཉིད་ཁོ་ན་སྒྲའི་དོན་ཡིན་ནོ་ཞེ་ན། དེའི་ཕྱིར་ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་ལེན་པ་དང་འབྲས་བུ་ནི་ཉེ་བར་ལེན་པ་དང་འབྲས་བུའོ། །དེ་དག་ཉིད་ཀྱི་

ཤེས་པ་སྟེ། རྟོག་པ་དེ་ལ་སྣང་བའི་ངོ་བོ་མ་ཡིན་པ་སྟེ། མེད་པ་ཉིད་ནི་དེའི་ཡུལ་ཅན་ཏེ། སྒྲའི་ཡུལ་ཅན་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཉེ་བར་ལེན་པའི་ཤེས་པ་ནི་འཆད་པ་པོའི་བསྟན་པར་འདོད་པའི་དུས་ན་ཡོད་པའི་རྣམ་པར་རྟོག་པའི་སྒྲའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །

འབྲས་བུའི་ཤེས་པ་ནི་སྒྲ་ལས་བྱུང་བའི་ཉན་པ་པོའི་རྣམ་པར་རྟོག་པའོ། །དེའི་སྒྲའི་དོན་མ་ཡིན་ཏེ། གང་སྒྲ་ལས་བྱུང་བའི་ཤེས་པ་ལ་སོ་སོར་སྣང་བ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ཙམ་གྱིས་ནི། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པ་ཡོངས་བསྒྲུབས་པ། །སྒྲ་

དོན་ཞེས་བྱ་བ་དེ་རྣམ་པར་འགྲེལ་པ་ཡིན་ནོ། །རྣམ་པར་རྟོག་པ་དེ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པ་ལྷག་མའི་ཆ་འཆད་པར་བྱེད་དེ། ཡོད་པ་དང་མེད་པ་དང་གཉི་ག་ཅན་གྱི་རྣམ་པར་རྟོག་པ་ནི་ཡོད་པ་དང་མེད་པ་དང་གཉི་གའི་ཤེས་པ་སྟེ། དེས་བསྒོས་ཤིང་འཕངས་པའི་བག་ཆགས་ཀྱི་

ནུས་པ་དེ་ལས་རྣམ་པར་རྟོག་པ་གང་ལས་བྱུང་ཞིང་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ཀྱང་ཡོད་མེད་གཉི་ག་ལ་བརྟེན་པ་ཞེས་བྱ་བའི་ཚིག་རྐང་དེ་རྣམ་པར་ཕྱེ་བ་ཡིན་ནོ། །ཕྱིར་ཏེ་གཏན་ཚིགས་ཀྱིས་ཡོད་པ་དང་མེད་པ་དང་གཉི་གའི་ཆོས་ཞེས་བརྗོད་དོ། །དེ་ལ་ཡོད་པའི་ཤེས་པས་བསྒོས་

པའི་བག་ཆགས་ལས་བྱུང་བ་ནི་ཡོད་པའི་ཆོས་ཡིན་ལ། མེད་པའི་ཤེས་པའི་བག་ཆགས་ལས་བྱུང་བ་མེད་པའི་ཆོས་ཡིན་ཞིང་གཉི་གའི་ཤེས་པས་བསྒོས་པའི་བག་ཆགས་ལས་བྱུང་བའི་གཉི་གའི་ཆོས་ཞེས་བྱའོ། །དེར་སྣང་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་རྟོག་པ་དེ་

ཉིད་ལ་སྣང་བའི་རྣམ་པ་གང་ཡིན་པ་དེ་ནི་ཡོད་པ་དང་མེད་པ་ཉིད་དུ་ངེས་པ་དེའི་དབང་གིས་ཡོད་པ་དང་མེད་པ་དང་གཉི་ག་ཆོས་ཞེས་བརྗོད་དོ། །དེ་སྐད་དུ་རང་ཉིད་རྣམ་པ་དངོས་པོ་ཉིད་དུ་རྣམ་པར་རྟོག་པས་ངེས་པར་བྱས་པའི་རྣམ་པ་དེ་ནི་ཡོད་པའི་ཆོས་ཞེས་བྱའོ། །དེ་བཞིན་དུ་མེད་པ་དང་གཉི་

เล่ม ๑๗๖ · หน้า 239b

གའི་ཆོས་དག་ལ་ཡང་བལྟ་བར་བྱའོ་ཞེས་བཤད་པར་འགྱུར་རོ། །དེ་བས་ན་བློ་ལ་སྣང་བའི་ཆོས་ཅན་འདི་ལ་བརྟེན་ནས་ཏེ། སྐྱེས་བུ་དག་ཆོས་ཅན་དེ་ལ་དཔྱོད་པའི་གནས་ཉིད་དུ་བརྟེན་ནས། ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་ཉིད་དུ་ཡོད་པ་མེད་པ་ཉིད་སྤྱོད་པར་བྱེད་དོ། །ཅི་ཞེས་བྱ་བ་ལ་སོགས་པ་ལ་གཙོ་བོའི་

སྒྲ་བརྗོད་པ་ལས་ཉན་པ་པོའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་གང་ཡིན་པ་དེ་གཙོ་བོའི་སྒྲ་ལས་སྣང་བ་སྟེ། ཅི་དངོས་པོ་ཉེ་བར་ལེན་པ་ཅན་ནམ་མ་ཡིན་ཞེའོ། །གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བ་དེ་ནི་དངོས་པོ་ཉེ་བར་ལེན་པ་ཅན་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། རྣམ་པར་རྟོག་པའི་སྣང་བ་

དེ་ཉིད་བློའི་རང་བཞིན་ཉིད་དུ་སོ་སོ་རང་གི་རིག་པ་ཉིད་དེ། རང་རིག་པའི་མངོན་སུམ་ཉིད་ཡིན་པའི་ཕྱིར་སྤོང་བར་འོས་པ་མ་ཡིན་པ་ནི་ཆོས་ཅན་ཡིན་ནོ། །གལ་ཏེ་བློ་ལ་སྣང་བ་དེ་ཉིད་ཕྱི་རོལ་གྱི་གཙོ་བོ་ལ་སོགས་པའི་མཚན་ཉིད་ལ་དེ་ཡང་སྤོང་བར་འོས་པ་མ་ཡིན་ནོ། །འོ་ན་ནི་གཙོ་བོ་ལ་སོགས་པ་

ཡང་འགྲུབ་པར་འགྱུར་རོ། །ཅི་སྟེ་གཙོ་བོ་ལ་སོགས་པའི་རང་གི་མཚན་ཉིད་སྤོང་བ་དེའི་ཚེ་སྣང་བ་དེ་ཉིད་སྤོང་བར་འགྱུར་ཏེ་རང་གི་མཚན་ཉིད་དང་རྣམ་པར་རྟོག་པའི་སྣང་བ་དག་ནི་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པའི་བློ་ལ་སྣང་བའི་དོན་དེ་

ཉིད་ཀྱང་རང་གི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། མ་ཐོབ་པ་དང་འགགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ལ་མ་སྐྱེས་པ་དང་འགགས་པ་དག་ཡོད་ན་ཡང་རྣམ་པར་རྟོག་པའི་སྣང་བ་དེ་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་རང་

གི་མཚན་ཉིད་ཁོ་ན་རྣམ་པར་རྟོག་པའི་སྣང་བར་འགྱུར་ན་མ་ཐོབ་པ་དང་འགགས་པ་དེ་ནི་སོ་སོར་སྣང་བ་དང་བྲལ་བར་འགྱུར་རོ། །དངོས་པོ་ལ་ཕྱིན་ཅི་ལོག་པ་ཡང་དེ་ཡིན་ལ། རྣམ་པ་ཡང་ཡིན་པ་དེ་ལ་མངོན་པར་ཞེན་པའི་ངང་ཚུལ་ཅན་གཞན་མུ་སྟེགས་པའི་ཤེས་པ་སྟེ་རྣམ་པར་རྟོག་པ་གང་ཡིན་པ་དེ་

དག་ལ་སྒྲའི་དོན་སྣང་བ་ཡོད་པའི་ཕྱིར། རྣམ་པར་རྟོག་པའི་སྣང་བ་དེ་ཉིད་རང་གི་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདི་སྐད་དུ་གལ་ཏེ་རང་གི་མཚན་ཉིད་ཁོ་ན་རྣམ་པར་རྟོག་པའི་སྣང་བར་འགྱུར་བ་དེའི་ཚེ་རང་གི་མཚན་ཉིད་ནི་གཅིག་ཉིད་ཡིན་པའི་ཕྱིར་གྲུབ་པའི་མཐའ་ཐམས་ཅད་ལ་

เล่ม ๑๗๖ · หน้า 240a

རྣམ་པ་གཅིག་ཁོ་ན་སྐྱེ་བར་འགྱུར་ཏེ། རྟག་པ་དང་མི་རྟག་པ་དང་གཉི་ག་དང་གཉི་ག་མ་ཡིན་པའི་ཁྱད་པར་གྱི་ཐ་དད་པར་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །ཚིགས་སུ་བཅད་པ་གཉིས་ཀྱིས་དོན་འདི་ཉིད་བསྡུས་པར་མཛད་པ་ལ། དོན་དམ་པ་ནི་རང་གི་མཚན་ཉིད་

དོ། །གཅིག་ཕྱོགས་ཉིད་ཡོད་ཅེས་བྱ་བའི་སྒྲ་ནི་མཐར་ཕྱིན་པའི་ཚིག་ཏུ་གྲགས་པ་ཡིན་ཏེ། དཔེར་ན་བསམ་གཏན་ལ་རྩེ་གཅིག་པར་གྱུར་ཅེས་བྱ་བ་ལྟ་བུའོ། །རང་གི་མཚན་ཉིད་ལ་ཕྱོགས་པ་ནི་རང་གི་མཚན་ཉིད་གཅིག་ཏུ་ཡུལ་ཉིད་ཅེས་བྱ་བའི་ཚིག་གོ། །གཞན་དག་ནི་སྒྲ་སྒྲུབ་པ་སྔོན་དུ་སོང་བ་ཅན་

འཆད་པར་བྱེད་དེ། གང་གིས་རྣམ་པར་ཤེས་པ་རྒྱས་པར་བྱེད་ཅིང་སྐྱེད་པར་བྱེད་པ་དེ་ནི་རྒྱས་པར་བྱེད་དེ་ཡུལ་ཞེས་བྱ་བའི་དོན་ཏོ། །གང་ལ་ཡུལ་དོན་དམ་པ་གཅིག་རྒྱས་བྱེད་ཡོད་ཅེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །དེའི་དངོས་པོ་ནི་དེ་ཉིད་དེ། སྒྲ་རྣམས་ཀྱི་ཁས་བླངས་པར་འགྱུར་བ་དེ་ཡོད་ན་དོན་རྣམས་

ལ་ནི་སྒྲ་དེ་དག་གི་རྒྱུ་མེད་པ་ཅན་རྟེན་མེད་པ་ཅན་འཇུག་པར་མི་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་རང་གི་མཚན་ཉིད་མེད་པའི་ཕྱིར་རོ། །ཇི་ལྟ་བུར་གྱུར་པ་དག་ལ་ཞེ་ན། མཐོང་བའི་བྱེ་བྲག་དག་ཐ་དད་པ་སྟེ། གྲུབ་པའི་མཐའ་ཁྱད་པར་ཐ་དད་པ་ཕན་ཚུན་འགལ་བ་དག་གི་ལའོ། །འདས་དང་མ་སྐྱེས་

པ་ལ་ཡང་། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་རྣམས་ལ་སྒྲ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་གོང་མ་དང་སྦྱར་ཏེ་རང་གི་མཚན་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་ཚིག་འགའ་ཞིག་ཀྱང་བརྫུན་པའི་དོན་ཅན་ཉིད་དུ་སྟེ། བརྫུན་པའི་དོན་ཅན་ཁོ་ནར་མི་འགྱུར་ཏེ། གང་ཐམས་ཅད་ནི་རང་གི་

མཚན་ཉིད་ལ་གཅིག་ཏུ་ཕྱོགས་པ་ཉིད་ཡིན་པས་ན་བདེན་པའི་དོན་དུ་འགྱུར་རོ། །ཕྱིར་ཏེ་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱིས་ཚིག་དེ་དག་བློའི་ཡུལ་ཅན་འདོད་དོ། །དེ་ནི་ཞེས་བྱ་བ་གཙོ་བོ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བ་ནི་ཇི་ལྟར་འདོད་པའི་ངོ་བོ་ཉེ་བར་ལེན་པ་ཅན་མེད་པ་བསྒྲུབ་པར་བྱ་བ་

ལ་སྟེ། འདི་ལ་ཇི་ལྟར་འདོད་པ་སྟེ་ཇི་ལྟར་ཀུན་ཏུ་བརྟགས་པའི་ཕྱི་རོལ་གྱི་གཙོ་བོ་ལ་སོགས་པའི་ངོ་བོ་ཉེ་བར་ལེན་པ་ཡོད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །རྣམ་པར་རྟོག་པའི་སྣང་བ་འདི་ལ་འདོད་པའི་ངོ་བོ་ཉེ་བར་ལེན་པ་ཅན་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ལྟར་མི་དམིགས་

เล่ม ๑๗๖ · หน้า 240b

པ་སྟེ། སྒྲུབ་པར་བྱེད་པའི་ཆོས་ཡོད་པའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་མ་གྲུབ་པ་མ་ཡིན་ཏེ། ཕྱོགས་ཀྱི་ཆོས་མ་ཡིན་པ་ནི་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་འདི་ལ་སྒྲ་ལས་ཏེ། །རྣམ་པར་རྟོག་པ་སྣང་བའི་དོན་འདི་ཉིད་ནི་བསྙོན་པར་ནུས་པ་མ་ཡིན་ཏེ། སྒྲ་ལས་བྱུང་བའི་རྣམ་པར་རྟོག་

པའི་སྣང་བའི་དོན་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་སྣང་བའི་དོན་དེ་ཉན་པ་པོའི་བློ་ལ་བསྐྱེད་པའི་ཕྱིར། སྒྲ་སྦྱོར་བའི་ཕྱིར་རོ། །དེ་མེད་ན་སྟེ་རྣམ་པར་རྟོག་པ་ལ་སྣང་བའི་དོན་མེད་ན་ནི་དེ་རུང་བ་སྟེ་སྒྲ་སྦྱོར་བར་མི་རུང་བའི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་

གསུམ་པ། གཞན་ཡང་གལ་ཏེ་སྒྲའི་དོན་ཉིད་ལ་བསྙོན་པ་སྒྲུབ་པ་དེའི་ཚེ། སྒྲ་དོན་བསྙོན་ན་བསྒྲུབ་བྱའི་ཆོས་དེའི་རྟེན་སྒྲ་དང་དོན་གྱི་མཚན་ཉིད་ཅན་གྱི་ཆོས་དེ་ནི་བསྩལ་བའི་ཕྱིར་རོ། །ཆོས་དང་ཆོས་ཅན་གྱི་བདག་ཉིད་ཅན་གྱིས་བསྡུས་པ་བསྒྲུབ་བྱར་མི་འགྱུར་ཞིང་མེད་དོ་ཞེས་བྱ་བ་དེ་ཙམ་གྱིས་ཆོས་ཙམ་

ལུས་པར་འགྱུར་བ་དེ་ཡང་ཡན་གར་ཆོས་ཀྱང་གྲུབ་པ་ཡིན་ཏེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་གྱིས་ནི་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། གཙོ་བོའི་སྒྲའི་བརྗོད་པར་བྱ་བ་ཞེས་བྱ་བ་ནི་གཙོ་བོའི་སྒྲས་བསྟན་པར་བྱའོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །

འདི་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གང་རྟེན་གྱིས་རྣམ་པར་གཅོད་པ་སྟེ་ཁྱད་པར་འདི་ལ་འདི་མེད་པ་ཉིད་དོ། །དེ་ལ་ལྟོས་པ་མེད་པ་ཅན་ཞེས་བྱ་བ་ནི་དེ་ལ་ལྟོས་པ་མེད་པ་དེ་ལྟར་ན་རྩོད་པའི་གཞི་མ་ཡིན་པ་སྟེ་མེད་པ་ཉིད་ཅན་དུ་འགྲུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་གྲུབ་པའི་དུས་སུ་

ཉེ་བར་འདོད་པར་བྱ་བ་ཉིད་དུ་མི་འགྱུར་རོ། །སྒྲ་དོན་བསྙོན་པ་མེད་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལྟར་ན་སྒྲའི་དོན་གྲུབ་པར་མི་བྱེད་པ་དག་གིས་ཞེས་བརྗོད་པར་བྱ་སྟེ། སྒྲའི་དོན་སྒྲུབ་པར་མི་བྱེད་པ་དག་གིས་སྒྲའི་དོན་བསྒྲུབ་པ་ཉིད་ཀྱི་ཕྱིར་དང་བསྙོན་པ་མི་ནུས་པ་ཉིད་ཀྱི་

ཕྱིར་གོ་རིམས་བཞིན་དུ་ཡོད་པ་ཉིད་དང་མེད་པ་ཉིད་དུ་དངོས་པོ་ཉིད་ལ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ནི་ཡོད་པ་དང་མེད་པར་དམ་བཅས་པའི་ཁྱད་པར་གྱིས། དངོས་པོ་ཉིད་ནི་དཔྱད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་འདི་ལ་འབྲས་

เล่ม ๑๗๖ · หน้า 241a

བུ་རག་ལས་ཕྱིར་སྒྲའི་དོན་ལ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་སྒྲའི་དོན་དཔྱད་པར་བྱ་བ་ཡིན་ནོ་ཞེ་ན། དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་དོན་བྱེད་ནུས་པ་མ་ཡིན་ལ། དོན་བྱེད་པར་འདོད་པ་དག་ནི། དེ་འདོད་བརྟག་པས་ཅི་ཞིག་བྱ། །དཔེ་བསྟན་པའི་ཕྱིར་མ་ནིང་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། སྐྱེས་པའི་དབང་པོ་དང་བྲལ་བ་ནི། མ་ནིང་གཟུགས་བཟང་མི་བཟང་ཞེས། །ཡུལ་དེ་ལ་འཁྲིག་པ་མངོན་པར་འདོད་པའོ། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །སྒྲ་དོན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲའི་དོན་མེད་པ་ནི་སྐྱེས་བུའི་དོན་བྱེད་ཅུང་ཟད་ཀྱང་

ཉེ་བར་དགག་པ་སྟེ་དགག་པ་མི་བྱེད་པའམ། ཡོད་པ་ནི་ཡང་དག་པར་བྱེད་པ་སྟེ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཅི་རིགས་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་པ་ཇི་ལྟ་བ་བཞིན་དུ་སྟེ་ཇི་ལྟར་སྐྱེས་བུའི་སྒྲའི་དོན་ལ་དོན་བྱེད་པའི་ནུས་པ་ཉིད་དུ་མངོན་པར་ཞེན་པ་དེ་ལྟར་དེ་ཁོ་ན་ཉིད་དུ་མངོན་

པར་ཞེན་པ་དེ་ལྟར་ཁོ་ན་ཉིད་དུ་མེད་པ་སྟེ། ཡོད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟེ། ཇི་ལྟར་རང་གི་མཚན་ཉིད་གནས་པ་སྟེ་དེ་ལྟར་སྒྲའི་དོན་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྐྱེས་བུ་འདི་ཐམས་ཅད་དུ་སྟེ། དུས་ཐམས་ཅད་དུ་ཡོད་པ་དང་། མེད་

པ་དཔྱད་པ་ལ་འཇུག་པ་ན། རྣམ་པར་རྟོག་པའི་སྣང་བ་ལ་ལྟོས་པ་མེད་པར། དངོས་པོ་གང་ལ་སྐྱེས་བུའི་དོན་འདི་རག་ལུས་པའི་དངོས་པོ་ཉིད་ལ་དམིགས་པར་བྱེད་ཅིང་ཡུལ་དུ་བྱེད་དེ། དཔེ་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མེ་ནི་ཞེས་བྱ་བ་ནི་མེའི་རང་བཞིན་གྱི་མཚན་ཉིད་ཅན་ཉིད་ནིའོ། །སོགས་

པའི་སྒྲས་ནི་སྲེག་པ་དང་འཚེད་པ་ལ་སོགས་པ་གཟུང་ངོ་། །གྲང་བ་ལྡོག་པར་བྱེད་པ་ལ་སོགས་པ་འདི་ལ་སྒྲའི་དོན་ལ་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉམས་སུ་མྱོང་བར་འགྱུར་བ་ཡིན་དུ་ཟིན་ཀྱང་སྟེ། སྒྲའི་དོན་དེ་ནི་རྣམ་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རང་རིག་པས་ཉམས་སུ་མྱོང་བར་འགྱུར་

ཀྱང་དེ་མེད་པ་སྟེ། གྲང་བ་ལ་ཟློག་པར་བྱེད་པ་ལ་སོགས་པས་དེ་མེད་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་སྐྱེས་བུའི་དོན་བྱེད་པར་འདོད་པ་དེ་ནི་མི་ནུས་པ་ལ་སྟེ། དོན་བྱེད་པ་དེ་མི་ནུས་པའི་སྒྲའི་དོན་ལ་གུས་པས་རྗེས་སུ་སྦྱར་ཞིང་གུས་པར་བྱེད་པར་འགྱུར་བ་རིགས་པ་མ་ཡིན་ནོ། །འདོད་ལྡན་རྣམས་

เล่ม ๑๗๖ · หน้า 241b

ཀྱི་སྟེ་འཁྲིག་པར་འདོད་པ་རྣམས་ཀྱིས་མ་ནིང་གཟུགས་བཟང་བ་དང་གཟུགས་མི་བཟང་བ་ཡོངས་སུ་བརྟག་པ་ལ་གུས་པར་མི་འགྱུར་རོ། །གང་ཡང་འདི་སྐད་དུ་སློབ་དཔོན་གྱིས་བརྟགས་པའི་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མུ་སྟེགས་བྱེད་ཀྱིས་ཀུན་དུ་བརྟགས་པའི་ཕྱི་རོལ་གྱི་གཙོ་བོ་

ཉིད་ལ་སོགས་པ་མི་དམིགས་པ་ཆོས་ཡིན་ནོ་ཞེས་སློབ་དཔོན་གྱིས་བཤད་ན། ཁྱོད་ཀྱིས་སྒྲའི་དོན་དངོས་པོ་ཉེ་བར་ལེན་པ་ཅན་ཉིད་དུ་མི་དམིགས་པ་ཆོས་སུ་རྣམ་པར་གཞག་པ་དེ་ལྟར་ན་འགལ་བ་མེད་ཅེས་བྱ་བ་འདི་ནི་འདྲི་བ་པོའི་བསམ་པའོ། །འདོད་པ་གཅིག་པ་བསྟན་པའི་ཕྱིར་རྟོག་པའི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱི་ཕྱིར། གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བའི་རྣམ་པ་སྒྲའི་དོན་ནི་བརྟགས་པ་ཡིན་པར་འདོད་ཀྱི། མུ་སྟེགས་བྱེད་ཀྱིས་ཀུན་བརྟགས་པའི་ཕྱི་རོལ་གྱི་གཙོ་བོ་ལ་སོགས་པ་ནི་མ་ཡིན་ནོ། །དངོས་པོ་ལ་རྟེན་པར་བྱེད་པ་ནི་དངོས་པོ་

རྟེན་ཏེ། དངོས་པོའི་ཉེ་བར་ལེན་པར་བྱེད་པ་ཅན་ཉིད་ཡིན་ན། དེར་མ་གྲུབ་པ་ནི་མི་དམིགས་པའོ། །སྒྲའི་དོན་འདི་དངོས་པོའི་ཉེ་བར་ལེན་པ་མེད་པ་ཅན་དུ་བསྒྲུབ་པར་བྱ་བའི་རྟགས་སུ་གྱུར་པའི་ཆོས་སུ་རིགས་པར་སྨྲ་བའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་པ་ཡིན་ནོ། །གཞན་དག་ནི་

བཤད་པ་ཡིན་ཞེས་བྱ་བ་བུད་མེད་ཀྱི་རྟགས་འཆད་དེ། དངོས་རྟེན་མ་གྲུབ་བཤད་པ་ཡིན། །ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བཤད་ཅེ་ན། ཆོས་ཏེ་སྒྲུབ་པར་བྱེད་པའི་ཆོས་སོ། །རྟོག་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། དེ་ནི་ཞེས་བྱ་བ་ནི་སྒྲའི་དོན་ཏོ། །དངོས་རྟེན་མ་གྲུབ་ཅེས་བྱ་

བའི་རྣམ་པར་འགྲེལ་པ་ནི། དངོས་པོ་ལ་བརྟེན་པ་མི་དམིགས་པ་ཞེས་བྱ་བ་ཡིན་ནོ། །གཞན་གྱིས་ཚད་མ་གསུམ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། ཚད་མ་གསུམ་ལོག་པ་ཞེས་བྱ་བ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ལོག་པ་ན་དངོས་པོ་མེད་པར་མ་གྲུབ་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་

པ་དེ། ཚད་མ་གཞན་ལོག་པ་ན་ཞེས་བྱ་བ་མངོན་སུམ་དང་རྗེས་སུ་དཔག་པ་ལོག་པ་ན་ཡུལ་ལ་སོགས་པས་བསྐལ་པའི་དངོས་པོ་དག་ནི་ལོག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ནི་མ་ལུས་པའི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །ལུང་གིས་ནི་ཅི་ཞིག་ཀྱང་

เล่ม ๑๗๖ · หน้า 242a

མ་ཁྱབ་པ་མེད་དེ་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ལོག་པ་སྟེ། ལུང་གི་ལོག་པ་དེ་ཇི་ལྟར་གོ་བར་བྱེད་པ་མ་ཡིན་ཏེ། བསྐལ་པ་ཅན་དག་གིས་མེད་པ་གོ་བར་བྱེད་པ་ཁོ་ན་ཡིན་ནོ་ཞེས་བསམས་པའོ། །སློབ་དཔོན་གྱིས་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩོད་པ་འདི་

ལ་བཤད་ཟིན་ཏོ། །ཅི་ཞིག་བཤད་ཅེ་ན། ལུང་དག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཉེ་བར་སྦྱར་བར་མ་བྱས་ཤེ་ན། སྐབས་སུ་བབ་པ་ཉིད་མ་ཡིན་པའི་ཕྱིར་ཏེ། སྐྱེས་བུའི་དོན་དཔྱད་པའི་སྐབས་ལ་ཉེ་བར་སྦྱར་བ་ཉིད་མ་ཡིན་པའི་ཕྱིར་རོ། །བསྟན་བཅོས་སྐབས་དང་འབྲེལ་མེད་དང་། །

དབང་པོ་ལས་འདས་རྟགས་ཅན་མིན། །ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །གལ་ཏེ་འོ་ན་ཅིའི་ཕྱིར་ཡང་ཕྱོགས་སྔ་མར་བྱས་ཤེ་ན། ལུང་ནི་ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་ཡིན་པ་བསལ་བའི་ཕྱིར་རོ། །སྔར་ནི་ཁས་བླངས་ནས་ཚད་མར་བཤད་པ་དེ་ཉིད་ཚད་མ་ཉིད་མ་ཡིན་པར་བསྒྲུབ་པའི་ཕྱིར་

གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་དངོས་པོ་སྟེ་རང་གི་མཚན་ཉིད་དང་ལྷན་ཅིག་ཏུ། མེད་ན་མི་འབྱུང་ཉིད་མེད་ཕྱིར། །སྒྲ་དེ་ལ་དོན་གྲུབ་མིན་ཏེ་ཕྱི་རོལ་གྱི་དངོས་པོ་ངེས་པ་མ་ཡིན་ནོ། །འོ་ན་དེ་གང་དག་ལ་ཚད་མ་ཡིན་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་པོ་བརྗོད་

པར་འདོད་པའི་དོན་འགའ་ཞིག་རྣམ་པར་གནས་པ་སྟོན་པར་བྱེད་པ་སྟེ་གོ་བར་བྱེད་པ་ཡིན་ནོ། །དེ་བཤད་པར་བྱ་བའི་ཕྱིར། སྒྲ་ནི་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གང་གི་ཕྱིར་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་

པའི་ཕྱིར་སྒྲ་དེ་དག་ལ་དོན་གྱི་རང་བཞིན་ཏེ། དངོས་པོ་ངོ་བོ་ཉིད་ངེས་པར་གྱུར་ན་སྒྲ་དེ་དག་ནི་སྨྲ་བ་པོ་བརྗོད་པར་འདོད་པ་ལ་རག་ལུས་པས་འཇུག་པ་ཅན་དག་སྟེ། དེ་ལ་རག་ལུས་པ་སྐྱེ་བ་ཅན་ཞེས་བྱ་བའི་དོན་ཏོ། །དེ་མེད་ན་མི་འབྱུང་བ་སྟེ། རྗོད་པར་བྱེད་པ་མེད་ན་མི་འབྱུང་བའོ། །དེ་ཉིད་ཅེས་བྱ་

བ་བརྗོད་པར་འདོད་པ་ཁོ་ན་ནི་གོ་བར་བྱེད་པ་ཡིན་པར་འགྱུར་གྱི་ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ནོ། །སྒྲ་དག་ནི་བརྗོད་པར་འདོད་པའི་གོ་བར་བྱེད་པ་ཡིན་ཡང་དེའི་ཕྱི་རོལ་གྱི་རང་གི་མཚན་ཉིད་མེད་པར་མི་འབྱུང་བ་དེ་བས་ན། སྒྲ་རྣམས་དང་དངོས་པོ་དག་ལྷན་ཅིག་འབྲེལ་པ་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་

เล่ม ๑๗๖ · หน้า 242b

སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཇི་ལྟ་བ་བཞིན་ཏེ་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉེས་པ་ཟད་པ་བརྩེ་བ་དང་ལྡན་པ་ནི་དོན་ཇི་ལྟ་བ་བཞིན་དུ་འགྱུར་བ་ཅན་ཡིན་པའི་ཕྱིར། སྐྱེས་བུའི་འདོད་པ་ཐམས་ཅད་ཅེས་བྱ་བ་སྨོས་སོ། །གལ་ཏེ་

དོན་ལ་རག་ལུས་པ་མེད་ཀྱང་སྒྲས་དོན་གོ་བར་འགྱུར་རོ་ཞེ་ན། དེ་ལ་རག་ལུས་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེ་ལ་རག་ལུས་པ་མེད་པའི་རང་བཞིན་གྱི་སྒྲའི་བདག་ཉིད་ཅན་གྱི་དངོས་པོ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གང་ལ་རག་ལུས་པ་མེད་པ་ནི་

གཞན་དེའི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཕྱི་རོལ་གྱི་དངོས་པོ་ལ་སྒྲ་ཚད་མ་ཉིད་ཡོད་པ་མ་ཡིན་ན། འོན་ཀྱང་གང་འདི་ཡིད་ཆེས་ཚིག་ནི་མི་སླུ་བ་སྤྱི་ལས་ཏེ་གང་དང་གང་ཉེས་པ་ཟད་པའི་ཚིག་དེ་དང་དེ་ནི་མི་སླུ་བ་ཡིན་ཏེ། དཔེར་ན་འདུས་བྱས་ཐམས་ཅད་ནི་སྐད་ཅིག་མ་ཞེས་བྱ་བ་ལ་

སོགས་པ་ལྟ་བུའོ། །ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཉེས་པར་ཟད་པའི་ཚིག་འདི་ཡང་ཡིན་ནོ། །དེ་བས་ན་འདི་ཡང་མི་སླུ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་ན་ཉེས་པ་ཟད་པའི་ཚིག་ནི་མི་སླུ་བ་སྤྱི་ལས་རྗེས་སུ་དཔག་པ་ཉིད་ཡིན་པ་དེ་ལྟར་ན། སློབ་དཔོན་གྱི་ལུང་ནི་ཕྱི་རོལ་གྱི་དོན་ལ་རྗེས་སུ་དཔག་པ་ཉིད་དུ་གསུངས་

པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འདིས་ནི་ཁས་བླངས་ལ་གནོད་པར་སྨྲས་པའོ། །སྐྱེས་བུ་འདི་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དེ། འདི་སྐད་དུ་སློབ་དཔོན་གྱིས་དངོས་སུ་ཚད་མ་ཉིད་དུ་བརྗོད་པས་ལུང་རྗེས་སུ་དཔག་པ་ཉིད་དུ་གསུངས་པ་ནི་མ་ཡིན་གྱི། འོན་ཀྱང་སྐྱེས་

བུའི་འཇུག་པ་ལ་ལྟོས་ནས་བསྟན་པ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་འཇུག་པར་འདོད་པ་འདི་ལུང་གི་ཚད་མ་ལ་མ་བརྟེན་པར་གཞག་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་མངོན་སུམ་དུ་འགྱུར་བ་མ་ཡིན་པ་ལྐོག་ཏུ་གྱུར་པ་གང་དག་ལ་ཡོད་པ་དེ་དག་ལ་སྟེ། ལ་ལ་དག་གིས་འཇུག་

པ་དང་ལྡོག་པ་ཞེས་བྱ་བས་ཅི་རིགས་པར་སྦྱར་རོ། །འཚེ་བ་ལ་སོགས་པའི་སེམས་པའི་ཁྱད་པར་ལྡོག་པའི་མཐོ་རིས་ལ་སོགས་པའི་འབྲས་བུ་ཉིད་ཀྱིས་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར་དང་། འཚེ་བ་ལ་སོགས་པའི་སེམས་པ་ལ་སོགས་པའི་ཁྱད་པར་དག་གིས་འཇུག་པའི་དམྱལ་བ་ལ་སོགས་པ་ཉིད་

เล่ม ๑๗๖ · หน้า 243a

ཀྱིས་ངན་སོང་ཆེན་པོ་ཐོས་པའི་ཕྱིར་རོ། །འདི་ལ་ཡང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་གཞན་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ན། གང་གི་ལུང་ལྟོས་པ་མེད་པར་ཚད་མ་གཞན་ལ་འཇུག་པར་འགྱུར་ཞིང་། གནོད་པ་ཅན་ཡང་ཡོད་པ་མ་ཡིན་ལ་གང་ལ་ལྟོས་པར་

འགྱུར་གནོད་པ་ཅན་མེད་པ་ཉིད་ན་དེ་ཡོད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་འཇུག་པ་དང་ལྡོག་པ་ལས་འབྲས་བུ་འདོད་པ་དང་མི་འདོད་པ་ཡོད་པ་ལ་འགལ་བ་མ་མཐོང་བའི་ཕྱིར་རོ། །འདི་ལུང་གི་དབང་གིས་འཇུག་པར་འདོད་པ་དེ་བས་ན། འཇུག་པར་བྱ་བ་ཡོད་ན་འདི་ལྟར་

ལུང་ཡོངས་སུ་བརྟགས་ནས་འཇུག་པ་ཡིན་པའི་ཕྱིར། སློབ་དཔོན་གྱིས་ལུང་བརྟགས་ནས་ཚད་མར་གསུངས་སོ། །བསྟན་བཅོས་ཐམས་ཅད་ཡོངས་སུ་བརྟགས་པའི་དབང་དུ་བྱས་པ་མ་ཡིན་གྱི། འོན་ཀྱང་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་ཞེས་བྱ་བ་ནི་བསྟན་བཅོས་སོ། །ཚིག་

གི་དོན་དག་ཕན་ཚུན་འབྲེལ་པའི་ཕྱིར་འབྲེལ་པ་དང་། བསྒྲུབ་པར་བྱ་བའི་ཕྱིར་ནུས་པ་འབྲས་བུ་སྒྲུབ་པར་བྱེད་པའི་རྗེས་སུ་མཐུན་པའི་ཐབས་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པས་ཐབས་ཏེ། འབྲེལ་པ་ཡང་དེ་ཡིན་ལ་རྗེས་སུ་མཐུན་པའི་ཐབས་ཀྱང་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱིས་བསྡུས་པའོ། །

གཞན་དག་ནི་འབྲེལ་པའི་སྒྲ་ནི་དབང་དུ་བྱེད་པའི་རྐྱེན་གྱི་མཐའ་ཅན་ཡིན་པར་བརྗོད་དེ། དེ་ཡང་། ངག་གི་ཚིག་དོན་འབྲེལ་པ་མེད། །ཅེས་བྱ་བ་དབང་དུ་བྱེད་པ་སྒྲུབ་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་ན་ངག་གི་སྒྲ་དང་གཞི་མཐུན་པར་འགྱུར་རོ། །གལ་ཏེ་དེ་ལྟ་བུར་གྱུར་པ་ཡིན་ཡང་སྐྱེས་བུའི་

དོན་ནི་རྗོད་བྱེད་ཡིན་པ་དེའི་ཚེ། ངག་ཡོངས་སུ་བརྟགས་པས་དབང་དུ་བྱས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རང་བཞིན་དེ་ལས་གཞན་པ་ཡོངས་སུ་བརྟགས་པས་དབང་བྱས་མིན་ནོ། །འབྲེལ་པ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངག་རྣམས་གཙོ་བོ་དང་གཙོ་བོ་མ་ཡིན་པ་

ཉིད་ཀྱིས། སྒྲུབ་པ་དང་དགག་པ་དང་བཏང་སྙོམས་སུ་བྱ་བའི་དོན་གཅིག་ལ་སྡུད་པ་སྟེ། འཕྲོད་པར་བྱེད་པ་དེས་ཕན་འདོགས་པར་བྱེད་པ་སྟེ། སྟོན་པར་བྱེད་པ་ནི་ངག་རྣམས་ཀྱིས་འབྲེལ་པ་ཡིན་ནོ། །གང་དག་བསྡུར་མེད་པ་ཡང་ཡིན་ཞེ་ན། སེའུ་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

เล่ม ๑๗๖ · หน้า 243b

སེའུ་བཅུ་དང་། ཁུར་བ་དྲུག་དང་འཁར་གཞོང་དང་། པགས་པ་དང་། ཤ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ངག་རྣམས་སོ། །དེ་དག་ནི་དོན་གཅིག་ལ་བསྡུར་མེད་པ་ཡིན་ཏེ། ཕན་ཚུན་མ་འབྲེལ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་འབྲེལ་པ་ཉིད་ཡིན་ན་འཆད་པ་པོ་སྟེ་བསྟན་བཅོས་བྱེད་པ་མི་མཐུན་

པ་སྟེ་འབྲེལ་པ་མེད་པ་བརྗོད་པ་ཉིད་སྟོན་པར་འགྱུར་རོ། །སྐྱེས་བུ་འབྲས་བུ་འདོད་པ་འབྲས་བུ་གང་ལ་ཐབས་ནུས་པ་མེད་པ་ཡོད་པ་དེ་ནི་ཐབས་ནུས་པ་མེད་པ་ཅན་ནོ། །བསྟན་བཅོས་གང་ལ་དེ་ལྟ་བུར་གྱུར་པའི་འབྲས་བུ་ཡོད་པ་དེ་ནི་དཔྱད་པར་བྱ་བའི་ཕྱིར་གུས་པར་མི་འགྱུར་རོ། །དེ་ཡང་རྗེས་སུ་མཐུན་པ་ཐབས་

ཞེས་བྱ་བ་དེའི་ཆོས་མི་མཐུན་པ་ཉིད་ཀྱི་སྒོ་ནས་རྣམ་པར་འགྲེལ་པའོ། །བསྟན་བཅོས་གང་ལ་སྐྱེས་བུའི་དོན་གྱི་འབྲས་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་གཞན་པ་སྐྱེས་བུའི་དོན་གྱི་འབྲས་བུ་མེད་པ་ཅན་དཔྱད་པར་བྱ་བའི་ཕྱིར་གུས་པར་མི་འགྱུར་རོ། །ཐབས་ནུས་པ་མེད་པ་ཅན་གྱི་འབྲས་བུ་ཅན་གྱི་

དཔེ་ནི་དུག་ཞི་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་འདི་ལྟར་ཀླུའི་རྒྱལ་པོ་འཇོག་པོའི་སྤྱི་གཙུག་ན་ཡོད་པའི་རིན་པོ་ཆེས་རྒྱན་བྱས་ན་འདི་དུག་ཞི་བར་བྱེད་དོ་ཞེས་བྱ་བ་དེ་ཡང་བསྒྲུབ་པར་མི་ནུས་པ་ཡིན་ནོ། །སྐྱེས་བུའི་དོན་གྱི་འབྲས་བུ་མེད་པ་ཅན་གྱི་དཔེ་ནི། བྱ་རོག་གི་སོ་བརྟག་པ་ལྟ་བུའོ་

ཞེས་བྱའོ། །དེ་བཟློག་པ་དེ་ཇི་སྐད་དུ་བཤད་པའི་གསུམ་པོ་དེ་དག་བཟློག་ནས་སོ། །སྡུད་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་འབྲེལ་པ་དང་ཞེས་བྱ་བ་དེ་དང་། ཐབས་ནུས་པ་ཅན་དང་ཞེས་བྱ་བ་འདིས་ནི་རྗེས་མཐུན་ཐབས་ཞེས་བྱ་བ་བཤད་པ་ཡིན་ནོ། །འབྲེལ་པ་ལ་སོགས་པ་གསུམ་དང་བྲལ་བ་

གཞན་ལ་གུས་པར་བྱ་བ་ཉིད་ཅེས་བྱ་བ་དད་པ་ནིའོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་དེ་ནི་ཡོངས་སུ་བརྟག་པར་བྱས་པས་ན་སླུ་བ་བསྟེན་པར་མི་འགྱུར་རོ། །སླུ་བ་བསྟེན་པ་མེད་པའི་བསྟན་བཅོས་དེ་ལ་འཇུག་པ་ན་སྐྱེས་བུ་མཛེས་པར་

འགྱུར་རོ། །བསྟན་བཅོས་འདིའི་མི་སླུ་བ་ཡང་གང་ཞེ་ན། མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་སྒྲ་དང་པོ་ནི་བརྗོད་པ་ཡིན་ལ་གཉིས་པ་ནི་ཡུལ་བརྗོད་པ་ཡིན་པ་དེ་བས་ན། དོན་ནི་མཐོང་བ་དང་མ་མཐོང་བའི་དངོས་པོ་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་གྱི་དོན་དེ་དག་ལ་གོ་

เล่ม ๑๗๖ · หน้า 244a

རིམས་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་མེད་པ་བསྟན་བཅོས་འདིའི་མི་སླུ་བ་ཞེས་བྱ་བ་འདི་ཡིན་ནོ། །ཅི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཁོ་ནས་གནོད་པ་བྱེད་པ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྣམ་པ་གཉིས་ཀྱང་ཞེས་བྱ་

བ་སྨོས་ཏེ། དངོས་པོ་སྟོབས་ཀྱིས་ཞུགས་པ་དང་ལུང་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བསྟན་བཅོས་ལ་མངོན་སུམ་དུ་འདོད་པ་སྟེ། མངོན་སུམ་ཉིད་དུ་ཁས་བླངས་པའི་དོན་དག་ལ་དེ་བཞིན་ཉིད་དུ་འགྱུར་བ་སྟེ་མངོན་སུམ་དུ་འགྱུར་བ་ནི་

མངོན་སུམ་གྱིས་གནོད་པ་མེད་པའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་རང་གི་གྲུབ་པའི་མཐའ་ལ་མངོན་སུམ་དུ་འདོད་པའི་དོན་ཕུང་པོ་ལྔས་བསྡུས་པ་སྟོན་པར་བྱེད་དོ། །སྔོན་པོ་ལ་སོགས་པ་ཞེས་བྱ་བ་འདིས་གཟུགས་ལ་སོགས་པ་ཡུལ་ལྔ་བསྟན་ཏོ། །འདིས་ནི་གཟུགས་ཀྱི་ཕུང་པོ་བཤད་པ་ཡིན་ནོ་

བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། ཉམས་སུ་མྱོང་བ་གསལ་བ་ཉིད་ཀྱི་ཕྱིར་བདེ་བ་དང་སྡུག་བསྔལ་གཟུང་གི་འདིར་བཏང་སྙོམས་ཀྱང་བལྟ་བར་བྱའོ། །རྒྱུ་མཚན་ནི་སྐྱེས་བུ་ལ་སོགས་པའི་རྟགས་དེ་འདི་ཉེ་བར་མཚོན་པར་བྱེད་པའོ། །འདིས་ནི་འདུ་ཤེས་ཀྱི་ཕུང་པོའོ། །འདོད་ཆགས་

ལ་སོགས་པ་སྨོས་པས་འདུ་བྱེད་ཀྱི་ཕུང་པོའོ། །སོགས་ཀྱི་སྒྲས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་གཟུང་ངོ་། །བློ་སྨོས་པས་ནི་རྣམ་པར་ཤེས་པའི་ཕུང་པོའོ། །སྔོན་པོ་ལ་སོགས་པ་དང་བདེ་བ་དང་སྡུག་བསྔལ་དང་རྒྱུ་མཚན་ཉེ་བར་མཚོན་པར་བྱེད་པ་དང་འདོད་ཆགས་ལ་སོགས་པ་དང་བློ་དང་ཞེས་བྱ་བ་ནི་

ཟླས་དབྱེ་བའོ། །བསྟན་བཅོས་ལ་མངོན་སུམ་དུ་འདོད་པ་དེ་དག་ནི་མངོན་སུམ་ཁོ་ན་ཡིན་ཏེ། སྔོན་པོ་ལ་སོགས་པ་དག་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་དག་ཀྱང་རང་རིག་པའི་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །རང་རིག་པའི་མངོན་

སུམ་ཡང་འོག་ནས་བསྒྲུབ་པར་འགྱུར་རོ། །དེ་ལྟར་མངོན་པར་འདོད་པ་མ་ཡིན་པ་དག་ནི་མངོན་སུམ་དུ་འདོད་པ་མ་ཡིན་པའི་དོན་ཀྱང་མངོན་སུམ་ཉིད་མ་ཡིན་ཏེ། མངོན་སུམ་གྱིས་གནོད་པ་མེད་པ་ཞེས་བྱ་བའི་སྐབས་ཡིན་ནོ། །མངོན་སུམ་དུ་འདོད་པ་མ་ཡིན་པ་དག་ཀྱང་དཔེར་ན་ཞེས་བྱ་བ་ལ་སོགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด