ཚད་མ་རྣམ་འགྲེལ་གྱི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๙ · หน้า 161a
བྱ་བ་འགྲུབ་པ་མེད་པ་ན་མི་འབྱུང་བ་གང་ཡིན་པ་དེ་ལ་གནོད་ན་ནི་དེ་མེད་ན་ཁྱབ་པར་བྱ་བ་ཡང་ལྡོག་པ་ཡིན་པའི་ཕྱིར་རོ། །ནམ་མཁའི་ཡོན་ཏན་ཉིད་མེད་ན་ནི་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་མ་ཡིན་ཏེ་དེས་ན་དེ་མེད་ཀྱང་བསྒྲུབ་བྱ་འགོག་པ་མ་ཡིན་ནོ། །གཞན་ཡང་། གལ་
ཏེ་བསྟན་བཅོས་ཁས་བླངས་ཕྱིར། །བསྟན་བཅོས་མཐོང་བ་མ་ལུས་བསྒྲུབ། །དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཚད་མ་ཀུན་ལས་བཏུས་པའི་བཤད་པ་བྱེད་པ་ན་རེ། བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་སུ་མཐོང་བ་མ་ལུས་པ་བསྒྲུབ་
བྱ་ཡིན་ཏེ། དེ་ལྟ་མ་ཡིན་ན་བསྟན་བཅོས་ཁས་བླངས་པ་དོན་མེད་པ་ཉིད་དོ། །དེའི་དོན་མི་སྒྲུབ་ན་ནི་བསྟན་བཅོས་ཁས་བླངས་པ་འགར་ཡང་ཉེ་བར་མཁོ་བ་མ་ཡིན་ཞིང་ཁས་བླངས་པར་ཡང་མི་འོས་སོ། །རང་དབང་དུ་ཚད་མ་ཡིན་ན་ནི་ཚད་མས་ཅུང་ཟད་ཀྱང་བྱར་མེད་དོ། །དེས་ན་བསྟན་བཅོས་
ཁས་བླངས་ནས་དེའི་དོན་གྲུབ་པར་བྱ་བ་ཉིད་དོ། །དེས་ན་དེ་དང་འགལ་བ་ནི་སྐྱོན་ཉིད་དོ་ཞེས་ཟེར་རོ། །འདི་ལ་བརྗོད་པ། མ་གྲུབ་པའི་གཏན་ཚིགས་དང་དཔེ་བསྟན་པ་དག་ཀྱང་དམ་བཅའ་བར་འགྱུར་ཏེ། དེ་དག་ཀྱང་རེས་འགའ་བསྟན་བཅོས་ཀྱི་དོན་དུ་འགྱུར་བའི་ཕྱིར་རོ། །འགྱུར་མེད་ཉེས་པ་
ཅི་ཡོད་ཅེ་ན། ཐམས་ཅད་དམ་བཅའ་བ་ཉིད་དུ་འགྱུར་ཏེ་དེས་ན་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ཀྱི་དོན་མ་ཡིན་པ་གང་ཡིན་པ་དེ་གཏན་ཚིགས་སུ་བརྗོད་པར་བྱ་བ་ཡིན་པས་དེ་ལ་མ་གྲུབ་པ་ལ་སོགས་པའི་ཉེས་པའི་གོ་སྐབས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ།
དེ་ཡང་རང་གི་ཁ་ནས་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་རང་གི་ཁ་ནས་ཁས་བླངས་པའི་དམ་བཅའ་བ་མ་ཡིན་ན་གཞན་གྱི་ཁ་ནས་ཁས་བླངས་པ་མ་ཡིན་པར་གསལ་བ་ཉིད་དོ། །གཞན་བྱེ་བྲག་ལ་སོགས་པ་ལྟར་ན་ཡང་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར། མ་གྲུབ་པའི་སྒྲུབ་པར་
བྱེད་པ་བསྟན་པ་ཡང་ཡིན་པར་འགྱུར་རོ། །དེའི་ལྟར་ན་ཡང་གལ་ཏེ་བསྟན་བཅོས་ཀྱི་དོན་བསྟན་པ་མ་ཡིན་པ་དམ་བཅའ་བར་མི་འགྱུར་ཡང་། བསྟན་པ་ནི་འགྱུར་བ་ཉིད་དོ། །འདི་ལྟར་རྣམ་པར་བཤད་པ་ལས། དམ་བཅའ་བ་ནི་ལུང་ཡིན་པར་བརྗོད་དོ། །གལ་ཏེ་དམ་བཅས་པ་གང་ཡིན་པ་དེ་ནི་ལུང་
เล่ม ๑๗๙ · หน้า 161b
ཡིན་གྱི་ལུང་ནི་དམ་བཅའ་བ་ཉིད་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དམ་བཅའ་བ་ནི་ལུང་གི་དོན་སྟོན་པས་ལུང་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་དམ་བཅའ་བར་འགྱུར་ཏེ། དེ་ཡང་ལུང་
གི་དོན་ཡིན་པའི་ཕྱིར་རོ། །བསྟན་བཅོས་ཀྱི་དོན་མཐའ་དག་བསྒྲུབ་བྱ་ཡིན་པ་དེ་ནི་བདེན་མོད་ཀྱི། དེ་ལྟར་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་ནི་དམ་བཅའ་བ་མ་ཡིན་ཏེ། བསྒྲུབ་བྱ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་རིགས་པའི་སྒོ་ལས། དེ་ལ་ཡང་རང་ཉིད་བསྒྲུབ་པར་བྱ་བ་
ཉིད་དུ་འདོད་པ་འགལ་བའི་དོན་གྱིས་མ་བསལ་བ་ནི་ཕྱོགས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་འདོད་ཕུགས་ཉིད་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་ལས་ཡིན་ན་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ནི་ལས་མ་ཡིན་ཏེ། དཔེར་ན་འོ་མས་འབྲས་ཆན་བཅའ་བོ་ཞེས་བྱ་བ་
ལ་འོ་མ་བཞིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་ཀྱང་རང་གི་ངོ་བོ་ཁོ་ནར་ཞེས་ངེས་པར་བཟུང་བའི་ཕྱིར་རོ། །རིགས་པ་ཅན་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བའོ་ཞེས་བྱ་བ་ལ། བསྒྲུབ་པར་བྱ་བ་ཉིད་དུ་ཞེས་དངོས་པོ་གཙོ་བོར་བྱེད་པའི་ངེས་པར་གཟུང་བའི་ཕྱིར། བསྒྲུབ་པར་བྱ་བ་
བསྟན་པ་ནི་དམ་བཅའ་བ་མ་ཡིན་ནོ་ཞེ་ན། །འདི་ལ་བརྗོད་པ། གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ། །མ་ཡིན་འདོད་པ་མོས་ཕྱིར་ན། །བསྒྲུབ་བྱ་རིགས་པས་ཐོབ་པ་ནི། །ཚིག་ལས་ལྡོག་པ་མ་ཡིན་ནོ། །བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་གལ་ཏེ་རིགས་པ་ཡིན་ན་དེ་ཅི་ལྟར་རིགས་
པ་ཐོབ་པ་ཚིག་ལས་ལྡོག་རིགས་པ་སྟོན་པའི་ཚིག་ནི་རིགས་པ་ཉིད་འགོག་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཚིག་གིས་བསྟན་པའི་རིགས་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་ལ་བསྒྲུབ་བྱ་མ་ཡིན་པའི་སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་འདི་གཉིས་ནི། །འགལ་བ་མི་
འཁྲུལ་ཅན་འགྱུར་ཏེ། །བསྟན་བཅོས་ཁས་བླངས་ཕྱིར་ཞེས་དང་། །དེ་བཞིན་འདོད་སོགས་བརྗོད་དེའོ། །གལ་ཏེ་འདོད་པ་བརྗོད་པ་ལ་སོགས་པའི་རིགས་པས་སྒྲུབ་པ་བྱེད་པ་བསྒྲུབ་པར་བྱ་བ་མ་ཡིན་པར་བསྒྲུབ་པ་དང་དེ་བཞིན་དུ་བསྟན་བཅོས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་འདིས་བསྒྲུབ་པར་
เล่ม ๑๗๙ · หน้า 162a
བྱ་བ་ཉིད་ཡིན་པ་དེ་ལྟ་ན་གཅིག་ལ་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་དེ་གཉིས་ཐེ་ཚོམ་སྐྱེད་པར་བྱེད་པར་འགྱུར་རོ། །དེ་ལྟ་ཡིན་དང་བསྟན་བཅོས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་འདི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་བསྟན་བཅོས་ལ་མཐོང་བ་སྒྲུབ་པར་བྱེད་པ་ཉིད་དུ་
འདོད་པ་ཡིན་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་པར་ག་ལ་འགྱུར། འོན་ཏེ་བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་རིགས་པ་མ་ཡིན་ལ་དེ་ལྟར་ན་རྒོལ་བས་འདོད་པས་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ནི་མ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་མི་འདོད་སྒྲུབ་མིན་ན།
རྒོལ་བ་མི་འདོད་ཆོས་གཞན་ཡང་། །སྒྲུབ་མིན་དེ་ཚེ་བསྒྲུབ་བྱ་བ། །མིན་ལ་གནོད་པས་ཅི་ཞིག་འགལ། །ནམ་མཁའི་ཡོན་ཏན་ཉིད་ཀྱང་རྒོལ་བས་འདོད་པ་ནི་མ་ཡིན་ཏེ་དེས་ན་བསྒྲུབ་བྱ་མ་ཡིན་ནོ། །རྟོགས་པ་དང་ལྡན་པ་སྐབས་དོར་ནས་སྐབས་མ་ཡིན་པ་ལ། ཕུགས་ཀྱིས་འདོད་པ་ཅི་ལྟར་
བྱེད། །གལ་ཏེ་བསྟན་བཅོས་ཁས་བླངས་ནས་རང་གིས་བརྗོད་པའི་གཏན་ཚིག་ཀྱིས་འགལ་བར་འགྱུར་ན། གདོན་མི་ཟ་བར་ཉེས་པ་ཅན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་ཉིད་དང་ཕྱིར་རྒོལ་བའི་འདོད་པ་བསྒྲུབ་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་ཚད་མ་དང་ཡང་འགལ་བ་
ཡིན་ཏེ། གལ་ཏེ་སྒྲ་ནམ་མཁའི་ཡོན་ཏན་མ་ཡིན་ན་སྐྱེས་པའི་གནས་ཉིད་དུ་ཐོས་པར་འགྱུར་རོ། །ནམ་མཁའི་ཡོན་ཏན་ཉིད་ཡིན་ན་ནི་དེ་དང་ལྡན་པའི་ཕྱིར་གཞན་དུ་ཡང་ཐོས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་དུ་དེ་འཛིན་པའི་ཕྱིར་གཟུགས་བཞིན་ནོ། །ཐག་རིང་ན་འདུག་པས་ཅི་ཕྱིར་ཐོས་ཤེ་ན།
འོ་ན་དེའི་ཚེ་གཟུགས་ཀྱང་ནམ་མཁའི་ཡོན་ཏན་དུ་འགྱུར་རོ། །གཞན་ཡང་ནམ་མཁའི་དེ་གཅིག་གམ་དུ་མ་ཡིན་པར་འགྱུར། གལ་ཏེ་གཅིག་ཡིན་ན་དཔག་ཚད་སྟོང་ཕྲག་ཏུ་ཡང་དེའི་ཡོན་ཏན་ཐོས་པར་འགྱུར་རོ། །དུ་མ་ཉིད་ཡིན་ན་བརྗོད་པའི་ཡུལ་ཉིད་དུ་ཐོས་པར་འགྱུར་རོ། །དེའི་ཕྱིར་སྒྲ་ནམ་མཁའི་
ཡོན་ཏན་ཡིན་པར་གང་ལས་ཀྱང་རྟོགས་པ་མ་ཡིན་ནོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་མ་ཡིན་ན་གནས་པ་ཉིད་དུ་མི་འགྱུར་རོ། །དོན་ནི་གདོན་མི་ཟ་བར་གནས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་ལ་གཟུགས་དང་རིག་པ་དང་རོ་དང་དྲི་རྣམས་ཀྱི་རྟེན་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་
เล่ม ๑๗๙ · หน้า 162b
ཡིན་ནོ། །སྒྲའི་ནི་ནམ་མཁའི་ཡིན་ཏེ་རྟེན་པ་མ་ཡིན་པར་མི་འཐད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ས་ལ་སོགས་པ་རྣམས་ཀྱང་གཏན་ཚིགས་དེ་ཉིད་ཀྱིས་ནམ་མཁའ་ལ་བརྟེན་པ་ཉིད་དོ། །མ་ཡིན་ཏེ་ཡོན་ཏན་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟེན་པ་ཉིད་ཡིན་ན་ཡོན་ཏན་མ་ཡིན་པ་དེ་ཉིད་མི་འགྲུབ་ལ་
རྟེན་པ་མ་ཡིན་པ་ཉིད་ན་སྒྲ་ཡང་ཡོན་ཏན་ཉིད་དུ་མི་འགྲུབ་པོ། །ས་ལ་སོགས་པ་ནི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་ཡོན་ཏན་མ་ཡིན་ནོ་ཞེ་ན། ནམ་མཁའ་རྟེན་ཡིན་ན་དེ་ཉིད་མི་འགྲུབ་པོ། །གཟུགས་ལ་སོགས་པ་དང་ས་ལ་སོགས་པ་དག་ནི་ནམ་མཁའ་ལ་བརྟེན་པ་ཉིད་དུ་འགྱུར་རོ། །ས་ལ་
སོགས་པ་དང་གཟུགས་ལ་སོགས་པ་ནི་ནམ་མཁའ་ལ་འཕྲོད་པ་འདུ་བ་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནི་ས་ལ་འདུ་བ་ཡིན་ནོ་ཞེ་ན། འཕྲོད་པ་འདུ་བ་ཞེས་བྱ་བ་འདི་ཅི་ཞིག །དབྱེར་མེད་པར་འགྱུར་བར་གནས་པ་ཉིད་དུ་ཞེ་ན། འོ་ན་སྒྲ་ནམ་མཁའི་ཡོན་ཏན་མ་ཡིན་ཏེ། དེ་
དང་ལྷན་ཅིག་ཏུ་དབྱེར་མེད་པར་མ་རྟོགས་པའི་ཕྱིར་རོ། །དྲི་ཡང་ས་ལ་དེ་བཞིན་ནོ། །འོན་ཏེ་ནམ་མཁའ་ལ་དམིགས་པའི་ཕྱིར་སྒྲ་ནི་དེ་ལ་བརྟེན་པ་ཡིན་ལ། དེའི་གནས་ཀྱང་དེ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་ཤིང་བལ་ལ་སོགས་པ་ཡང་དེར་དམིགས་པའི་ཕྱིར་ནམ་མཁའ་ལ་བརྟེན་པར་འགྱུར་ཏེ།
དེས་འཛིན་པའི་ཕྱིར་རོ། །ཡང་བའི་ཕྱིར་རང་ཉིད་གནས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྒྲ་ཡང་དེ་བཞིན་དུ་འགྱུར་བས་ན་ནམ་མཁའི་ཡོན་ཏན་མ་ཡིན་པ་ཉིད་དོ། །འོན་ཏེ་ཤིང་བལ་ལ་སོགས་པ་ནི་ས་ལ་ཡང་གནས་སོ། །ནམ་མཁའ་ལ་གནས་པ་ནི་ནམ་མཁའ་བྱས་པ་མ་ཡིན་ཏེ། རླུང་གིས་
གཟུང་བ་ཡིན་པའི་ཕྱིར་རོ་ཞེ་ན། སྒྲ་ཡང་དེ་བཞིན་ཡིན་པས་ནམ་མཁའི་ཡོན་ཏན་ཉིད་མ་ཡིན་ནོ། །འདི་ལྟར། རླུང་གིས་བདས་པར་འགྱུར་བ་ཡིན། །སྒྲ་ནི་གཞན་དུ་ཐོས་པ་ཡིན། །དེ་ཡི་རྟེན་ནི་རླུང་ཉིད་དོ། །གཞན་བརྟགས་པས་ནི་ཅི་ཞིག་བྱ། །ཅི་ལྟར་རླུང་གིས་གཟུང་བ་ཤིང་བལ་ལ་
སོགས་པ་རླུང་གི་ཡོན་ཏན་མ་ཡིན་པ་དེ་བཞིན་དུ་སྒྲ་ཡང་ངོ་། །ཇི་ལྟར་རས་བལ་ནམ་མཁའ་ལ། །རླུང་གིས་ཁྱེར་བ་དེ་བཞིན་དུ། །སྒྲ་ཡང་རླུང་གིས་བཟློག་ཕྱོགས་ནི། །གང་དུའང་སྒྲ་ནི་རིག་གམ་ཅི། །འོན་ཏེ་ཡོན་ཏན་དང་ལྡན་པ་མེད་པའི་ཕྱིར་སྒྲ་ནི་རླུང་གིས་བདའ་བར་མི་ནུས་པ་ཉིད་དོ། །
เล่ม ๑๗๙ · หน้า 163a
ཤིང་བལ་ནི་འགལ་བ་མེད་དེས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཉི་མ་དང་གྲིབ་མ་ལ་སོགས་པ་ཡང་ཁྱེར་བར་འགྱུར་རོ་ཞེ་ན། འོ་ན་ནི་དེ་ཅི་སྟེ་ཁྱེར་བར་འགྱུར། དེའི་རྟེན་གྱི་རྫས་ཉིད་དེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་འབྱོར་པར་འདུས་པའི་ཕྱིར། །རླུང་གིས་འདེད་
པར་འགྱུར་ན་ནི། །རྟོག་འདིའང་སྒྲ་ལ་ཡོད་མིན་ཏེ། །ནམ་མཁའ་ཅི་ལྟར་ཁྱེར་བར་འགྱུར།། །།བམ་པོ་བཞི་པ། འོན་ཏེ་ནམ་མཁའ་ཁྱེར་ན་ནི། །དེ་ལྟ་ན་ནི་བྱ་མེད་མིན། །དེ་ནི་ཁྱབ་དང་ཁྱེར་བ་ནི། །སྲིད་ཅེས་ཤིན་ཏུ་འཐད་པར་དཀའ། །གཞན་ཡང་། གལ་ཏེ་འབྱོར་པ་འདུ་བ་
ཡིས། །ཁྱེར་བ་ཡིན་པར་འདོད་ན་ནི། །རླུང་དང་འབྱོར་བ་འདུ་བ་ཡིས། །འདུས་པ་ཡིན་པར་ཅིས་མི་འགྱུར། །སྒྲ་ནི་རླུང་གི་ཡོན་ཏན་ཉིད་ཡིན་པར་འགྱུར་ཏེ། དེའི་སྒོ་ནས་དེ་ཡུལ་གཞན་དུ་འགྲོ་བའི་ཕྱིར་རོ། །རླུང་གི་ཡོན་ཏན་ནི་རེག་པ་ཉིད་དོ་ཞེ་ན། རྫས་ནི་ཡོན་ཏན་གཅིག་ཉིད་དུ་མ་ངེས་པའི་
ཕྱིར་རོ། །ས་ནི་གཟུགས་དང་རོ་དང་དྲི་དང་རེག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་གྱི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཡིན་ཡང་དྲི་རླུང་གིས་ཁྱེར་བར་མཐོང་བ་ཡིན་ནོ། །དེ་ལྟ་ན་ཡང་འབྱོར་བའི་ས་ལ་འདུ་བ་ཉིད་ཀྱིས་ཁྱེར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དམིགས་ཀྱང་
ས་དམིགས་པ་མེད་པའི་ཕྱིར་རོ། །དེ་ལས་སྐྱེས་པ་འབའ་ཞིག་ཉིད་རླུང་གིས་བདས་པ་ཡིན་ན་ཅི་འགལ། ཡོན་ཏན་ནི་བྱ་བ་མེད་པའི་ཕྱིར་རོ། །འབའ་ཞིག་ཁྱེར་བའི་ཕྱིར་ནི་བྱ་བ་མེད་པ་དེ་ཉིད་མི་འགྲུབ་ལ། ལྷན་ཅིག་ཏུ་ཁྱེར་ན་ནི་བྱ་བ་དང་བཅས་པར་མི་འགྲུབ་པོ་ཞེ་ན། མ་ཡིན་ཏེ། ལྷན་
ཅིག་པ་ཁྱེར་བར་མ་གྲུབ་པའི་ཕྱིར་རོ། །ཡོན་ཏན་བྱ་བ་དང་ལྡན་པ་ཅི་ལྟར་འགྱུར་ཞེ་ན། འདི་སྐྱོན་གཞན་ཡིན་པར་འགྱུར་རོ། །གལ་ཏེ་བསྟན་བཅོས་ལ་ལ་ཡི། །རིགས་མིན་ཡོན་ཏན་སོགས་བཀག་པས། །རིགས་པ་གཞན་ཡང་མི་འདོད་པ། །འདི་ནི་རྒྱལ་པོའི་ལུགས་ཡིན་ནོ། །གཞན་
ཡང་། རང་གི་གནས་སུ་འཇིག་པ་ལ། །ཁྱེར་བ་ཞེས་བྱ་ཡོད་མ་ཡིན། །བྱ་དང་ལྡན་པ་ཞེས་བྱ་ནི། །འཇིག་པའི་དངོས་པོ་ལ་ཡོད་མིན། །དེ་འདྲའི་སྐད་ཅིག་ཡུལ་གཞན་དུ། །སྐྱེ་བ་ཡོན་ཏན་ལ་ཅིས་མེད། །གཞན་དག་སྒྲ་ནི་ཆུ་རླབས་དང་། །འདྲ་བར་འདོད་པ་མིན་ནམ་ཅི། །གཞན་ཡང་།
เล่ม ๑๗๙ · หน้า 163b
ཡོན་ཏན་ལས་གཞན་ཡོན་ཏན་ཅན། །ཚད་མ་ཡིས་ནི་འཐད་མ་ཡིན། །རེག་བྱ་ལ་སོགས་ཐ་དད་པ། །གཞན་པ་དམིགས་སུ་ཡོད་དམ་ཅི། །གལ་ཏེ་དྲི་འབྱོར་པར་འདུ་བས་ན། གང་གིས་ས་དང་ལྷན་ཅིག་འདོད་པ་ཡིན་ན་སྒྲ་ཡང་ས་ལ་སོགས་པའི་ཡོན་ཏན་ཉིད་དོ། །དེས་ན་ས་ལ་སོགས་པ་དང་
ལྷན་ཅིག་འདོད་པ་ཡིན་པས་ནམ་མཁའ་བརྟག་པས་ཅི་བྱ། གཞན་ཡང་ས་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་ལས་ཀྱིས་བརྟག་པར་བྱ་བ་ཡིན་དུ་ཆུག་ཀྱང་ནམ་མཁའ་གོ་སྐབས་འབྱེད་པའི་ཕྱིར་རོ་ཞེ་ན། སྐབས་འབྱེད་པ་ཞེས་བྱ་བ་འདི་ཅི་ཞིག་གནས་པ་ལ་གནས་མེད་པ་ལ། །ས་ལ་སོགས་
པ་ནི་ཡུལ་ཕན་ཚུན་གནས་པའི་གེགས་བྱེད་པ་ཡིན་ཏེ། དེ་བས་ན་གོ་སྐབས་འབྱང་བར་བྱེད་པའི་འབྱུང་བ་ཆེན་པོ་འབའ་ཞིག་ཡོད་དགོས་ལ་དེ་ཡང་ནམ་མཁའ་ཡིན་ནོ་ཞེ་ན་དེ་ཡང་གྱི་ན་སྟེ། འདི་ལྟར། གལ་ཏེ་འབྱུང་བ་གཞན་གནས་ནས། །གནས་པ་ལ་ནི་གགས་ཡོད་མིན། །ཕན་ཚུན་
ཡོད་པ་མིན་ན་ཡང་། །གནས་པ་ལ་ནི་གགས་ཡོད་མིན། །གལ་ཏེ་འབྱུང་ཆེན་པོ་གཞན། །མེད་པར་འབྱུང་ཆེན་གཞན་གནས་ན། །འབྱུང་བ་ཆ་གཞན་མེད་པ་ཙམ། །ནམ་མཁའ་ཞེས་ནི་བྱ་བར་བརྗོད། །གལ་ཏེ་ནམ་མཁའ་མེད་ན་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་གཞན་དག་གང་
དུ་གནས་ཤེ་ན། གལ་ཏེ་འབྱུང་བ་ཆེན་པོ་གཞན་མེད་ན། ནམ་མཁའ་ཡང་གང་དུ་གནས་ཞེས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་ནམ་མཁའ་ནི་རྟེན་མེད་པའི་ངོ་བོ་དང་། གཞན་གྱི་རྟེན་དུ་འགྱུར་བ་ཡང་ཡིན་ནོ་ཞེ་ན། འོ་ན་རླུང་ཡང་རྟེན་མེད་པའི་ངོ་བོ་དང་གཞན་གྱི་རྟེན་དུ་འགྱུར་བ་ཡང་ཡིན་པའི་ཕྱིར་
དོན་གཞན་ཡོངས་སུ་རྟོགས་པ་ལེགས་པ་མ་ཡིན་ནོ། །གཞན་ཡང་། ཅི་ལྟར་ནམ་མཁའ་འགའ་ཞིག་ཏུ། །ལྷུང་བའི་ངོ་བོ་འཛིན་མ་ཡིན། །འགྲོ་བ་དང་ལྡན་རླུང་གི་གཞི། །ནམ་མཁའ་ཡིན་པར་ཅི་ལྟར་རྟོགས། །གལ་ཏེ་རླུང་ནི་ནམ་མཁའ་ལས། །འགྲོ་ལ་གེགས་མེད་འདི་ལན་མིན། །
འགྲོ་བ་ལ་ནི་གེགས་མེད་པ། །གེགས་བྱད་པ་དང་བྲལ་བས་ཡིན། །འོན་ཏེ་ཁྱབ་དང་རྟག་པ་ཡི། །ནམ་མཁའ་གཞན་གྱིས་ཅི་ལྟར་འཛིན། །དེས་ན་འདི་ལ་རྟེན་མེད་ཅིང་། །གཞན་གྱི་རྟེན་དུ་གྱུར་ཡིན་ན། །གཟུགས་མེད་པ་དང་ཁྱབ་པའི་ཕྱིར། །བདག་ཀྱང་དེ་ཡི་རང་བཞིན་ཉིད། །དེ་ཉིད་གཞན་
เล่ม ๑๗๙ · หน้า 164a
གྱི་རྟེན་དུ་ནི། །ཅི་ཡི་ཕྱིར་ན་རྟོག་མ་ཡིན། །གང་ལ་དེ་འདྲའི་བདག་མེད་པ། །དེ་ལ་ནམ་མཁའ་ཅི་བྱར་ཡོད། །ཡུལ་ཡང་ཁྱབ་ཕྱིར་ནམ་མཁའ་ཡི། །བྱ་བ་དེ་ལས་བརྟག་པར་གྱིས། །ཕན་ཚུན་དུ་ནི་ཁྱབ་པས་ན། །ཁྱབ་རྣམས་གཅིག་ཉིད་ཅི་སྟེ་མིན། །གལ་ཏེ་
ནམ་མཁའ་ལ་ནི་སྣང་བ་ཞེས་ཐ་སྙད་བྱ་བ་ཡིན་གྱི་བདག་ལ་སོགས་པ་ལས་ནི་མ་ཡིན་པས་དེ་ཅི་ལྟར་གཅིག་པ་ཉིད་ཡིན་ཞེ་ན། གལ་ཏེ་ཐ་སྙད་ཀྱི་རྗེས་སུ་བླངས་པ་དེ་ཐ་སྙད་ཇི་ལྟ་བ་བཞིན་དུ་དོན་རྟོགས་པས་ན་དེ་དང་རྗེས་སུ་མཐུན་པ་ཉིད་དུ་རིགས་པ་ཡིན་ནོ། །བུ་ག་ཉིད་ནམ་མཁའ་ཡིན་ཏེ་བུ་ག་
མེད་པར་བྱེད་པ་མེད་པ་ན་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། གང་གི་ཚེ་བུ་ག་མེད་པར་བྱེད་པ་ཡོད་པ་དེའི་ཚེ་ནམ་མཁའ་གར་སོང་། ནམ་མཁའ་བློ་ནས་བྱུང་བར་ནི་མི་དམིགས་སོ། །དེ་མེད་ན་ཡང་དེ་དང་གཞན་ཡང་མེད་པའི་ཕྱིར་ནམ་མཁའ་གར་སོང་། ཞིག་གོ་ཞེ་ན། རྟག་པ་ནི་བཟང་པོ་དེ་ཉིད་ན་
ཡོད་དོ་ཞེ་ན། བུ་ག་ཡང་མེད་ལ་ནམ་མཁའ་ཡང་ཡོད་དོ་ཞེས་བྱ་བ་ནི་འགལ་ལོ། །དེ་ན་ཡང་ཡོད་པ་ཉིད་དེ་དེ་ལྟར་མ་ཡིན་ན་དེ་གནས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། ཅི་སྟེ་གནས་པ་ཞེས་བྱ་བ་ནི་འདི་ཅི་ཞིག །ཅི་བཟུང་བའམ། འོན་ཏེ་ཐོགས་པར་མ་བྱས་པ་ཉིད་ཡིན། གལ་ཏེ་གཟུང་བ་ཡིན་ན་དེ་ནི་མ་ཡིན་
ཏེ། བུམ་པ་ལ་སོགས་པ་ནི་ནམ་མཁས་འཛིན་པ་མ་ཡིན་གྱི་འོན་ཀྱང་སས་འཛིན་པ་ཡིན་ནོ། །འོན་ཏེ་ཐོགས་པར་མ་བྱས་པ་ཡིན་ན། དེ་ཡང་མི་བདེན་ཏེ། འདི་ལྟར། གང་ལས་འདི་ནི་ཐོགས་འགྱུར་བ། །དེ་མེད་ན་དེ་དེར་འགྱུར་གྱི། །ནམ་མཁའ་ལ་ནི་ཐོགས་མེད་པ། །བསལ་གནས་ནམ་མཁའ་ལྡང་
བ་ཡིན། །དེ་ཕྱིར་འབྱུང་བ་ཆེན་པོ་བཞི། །མེད་ན་ནམ་མཁའ་ཞེས་བརྗོད་དེ། །འབྱུང་ཆེན་དེ་ལས་གཞན་དག་ཏུ། །བསྙད་པ་ཚད་མ་དང་ལྡན་མིན། །འདིས་ནི་ཕྱོགས་ཀྱང་བརྗོད་པ་ཡིན་ཏེ། དེ་ཡང་ཁྱབ་པ་ཉིད་ཀྱིས་སྐབས་འབྱེད་པ་ལ་སོགས་པ་ཉིད་མ་ཡིན་ནོ། །འདི་ལྟར། ཁྱབ་ལ་ནུབ་
ཕྱོགས་ལ་སོགས་པར། །རྟོགས་མིན་གཞན་པ་ལས་མ་ཡིན། །དེ་ལ་གཞན་འགྲོ་ཡོད་མིན་ཏེ། །དེ་ནི་མེད་པར་ཐལ་ཕྱིར་རོ། །གལ་ཏེ་ཁྱབ་པའི་ཡུལ་དེ་ཉིད་ཤར་ཡིན་ན་དེ་ལས་གཞན་དུ་གནས་པའི་ནུབ་ཏུ་ཅི་ལྟར་འགྱུར། འོན་ཏེ་དེ་ལས་རང་བཞིན་གཉི་ག་ཡིན་ན། དེ་ལྟ་ཡིན་ན་གཉི་གར་
เล่ม ๑๗๙ · หน้า 164b
རྟོགས་པར་ཐལ་བར་འགྱུར་རོ། །འོན་ཏེ་སོ་སོར་ངེས་པའི་གསལ་བྱེད་ཡོད་པ་ལས་ཡུལ་གྱི་རང་བཞིན་དུ་མ་ལས་རང་བཞིན་འགའ་ཞིག་གསལ་བར་འགྱུར་ཏེ། དཔེར་ན་ཕ་དང་བུ་ལ་སོགས་པའི་རང་བཞིན་དག །བུ་ལ་སོགས་པ་ལ་ལྟོས་ནས་ཕ་ལ་སོགས་པ་མངོན་པར་གསལ་བ་བཞིན་ནོ་
ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཡུལ་གྱི་རང་བཞིན་ངེས་པ་ནི། །གཞན་གང་ལས་ནི་གསལ་འགྱུར་བ། །དེ་ཉིད་ལས་ནི་ཤར་ཕྱོགས་སུ། །དངོས་རྣམས་རང་བཞིན་རིགས་པར་འགྱུར། །གང་ལས་ཕྱོགས་ཀྱི་རྣམ་པར་དབྱེ་བ་དེ་ཤར་དང་ནུབ་ལ་སོགས་པ་ན་གནས་པའི་སྐྱེས་
བུ་ལ་ལྟོས་ནས་ནུབ་ལ་སོགས་པར་འགྱུར་བ་དེ་ཉིད་ལས་དངོས་པོ་ཉིད་དེ་ལྟར་འགྱུར་བར་ཅི་སྟེ་ཁས་མི་ལེན། སྐྱེས་བུ་ལ་སོགས་པ་ཡུལ་གཞན་ལ་ལྟོས་ནས་ཤར་གྱི་ཡུལ་ན་གནས་པའི་ཕྱིར་ཤར་ཕྱོགས་ཉིད་ཡིན་ནོ། །དེ་ཡང་ཉི་མ་ལ་ལྟོས་པ་ཡིན་པའི་ཕྱིར་ཕྱོགས་བརྟགས་པས་ཅི་བྱ།
གལ་ཏེ་ཉི་མ་ལ་སོགས་པ་དག་ལས་ཕྱོགས་མངོན་པར་གསལ་བར་ཡིན་ན། ཉི་མ་ལ་སོགས་པའི་ཤར་ཕྱོགས་ཀྱི་ཉི་མ་ལ་སོགས་པ་ཡང་། དེས་ཡིན་པའི་ཕྱིར་འདི་ནི་ཕན་ཚུན་རྟེན་པའི་ཕྱིར་སྐྱོན་དེ་ཡིན་ནོ། །དེ་ཙམ་གྱིས་ཐ་སྙད་རབ་ཏུ་འགྲུབ་པའི་ཕྱིར་གཞན་ལ་ལྟོས་པའི་འབད་པས་ཅི་བྱ།
གལ་ཏེ་ལྟོས་པ་མེད་པར་ཡང་འདི་ནི་དྲང་པོའི་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འགྱུར་བའི་ཕྱིར་ཡུལ་དོན་གཞན་ཉིད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། དེར་ཡང་དྲང་ཞེས་ལྟོས་བྱ་བའི། །ཁྱད་པར་མཐོང་བ་ཡོད་པ་ཡིན། །ཕྱི་ནས་ཤིན་ཏུ་གོམས་པས་ན། །གཞན་མེད་པར་ནི་
དེ་ལྟར་རྟོགས། །འདི་ལ་ཁྱོད་ལ་དྲང་པོ་ཡིན་ནོ་ཞེས་འཇིག་རྟེན་ན་ཐ་སྙད་དམིགས་པ་ཡིན་ནོ། །དེ་ལས་ཀྱང་ཤིན་ཏུ་གོམས་པ་ལས་ཕྱིས་དེའི་རྗེས་སུ་འབྲངས་ཏེ་ལྟོས་པར་བྱ་བ་མེད་པར་ཡང་འགྱུར་རོ། །འདི་ག་ལས་ཤེ་ན། གཞན་དུ་ཡང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་
ལས་རྒྱུ་དང་རྒྱུ་ཅན་གྱི་དངོས་པོ་ཡིན་ནོ། །འདི་ལྟར། རྒྱ་མཚོའི་དཀྱིལ་ན་གནས་པའི་མི། །འཁྲུལ་པ་སྐྱེས་པར་གྱུར་པ་དག །གཟའ་དང་སྐར་མ་མཐོང་བ་ཡིས། །ཕྱོགས་ཀྱི་རྣམ་དབྱེ་ངེས་པར་འགྱུར། །སྐར་མ་ལ་སོགས་དང་འབྲེལ་ལས། །ཕྱོགས་གཞན་པ་ནི་མཐོང་བ་མེད། །རང་གི་
เล่ม ๑๗๙ · หน้า 165a
ངོ་བོར་སྣང་བ་ནི། །དེ་རྟོགས་པར་ནི་ཇི་ལྟར་བརྗོད། །འདི་ལྟར་ཤར་ཕྱོགས་ཞེས་བྱ་བས་ནི་ཉི་མ་འཆར་བ་དང་འབྲེལ་པ་ཉིད་ལ་ངེས་པར་གནས་པར་འགྱུར་བ་ཡིན་ནོ། །དེ་ནི་མ་ཡིན་ཏེ། ཉི་མ་བཞིན་དུ་མཐོང་ཡང་ཕྱོགས་ལ་རྨོངས་པ་སྐྱེས་པའི་ཡིད་ཅན་རྣམས་
སྔར་རྟོགས་པའི་ཕྱོགས་དེ་ཉིད་ཤེས་པར་འགྱུར་གྱི། ཉི་མ་འཆར་བའི་དབང་གིས་ནི་མ་ཡིན་ནོ། །འདི་ལྟར་ཉི་མ་འཆར་བ་ཡང་ནུབ་ཕྱོགས་ལ་བརྟེན་པར་རྟོགས་པ་ཡིན་ནོ། །ཞེ་ན་དེ་ལ་ཡང་བརྗོད་པ། །གང་ལ་མ་འཁྲུལ་ཡིད་ཀྱིས་ནི། །ནུབ་དང་འབྲེལ་འདོད་གྱུར་པ་ལ། །ཀུན་དགའ་གྲོང་
སོགས་ཀྱིས་མཚན་པའི། །ཡུལ་དེར་དེ་ཉིད་ཡིན་པར་གོམས། །གྲོང་དང་ཀུན་དགའ་ར་བ་ལ་སོགས་པ་གང་དག་སྔོན་གྱི་གནས་སྐབས་སུ་ཉི་མ་འཆར་བ་ལ་ལྟོས་ཏེ་ནུབ་ཕྱོགས་ལ་སོགས་པའི་ཉེ་བར་མཚོན་བརྟག་པར་རྒྱུན་དུ་དམིགས་པ་དེ་ལ་གོམས་པས་ཉམས་པའི་ཕྱིར་ཉི་མ་འཆར་བའི་རྗེས་སུ་
མི་འབྲང་གི །འོན་ཀྱང་དེས་ཉེ་བར་མཚོན་པ་དེ་ཉིད་ཕྱོགས་ཡིན་ནོ་ཞེས་བག་ཆགས་བརྟེན་པ་དང་འབྲེལ་པ་ལས་ཐ་སྙད་དུ་བྱེད་དོ། །དེའི་ཕྱིར། ཐོག་མེད་བག་ཆགས་དང་འབྲེལ་པ། །མངོན་དུ་ཕྱོགས་པའི་སེམས་རྣམས་ཀྱི། །དེ་ནི་དོན་དང་བྲལ་བའི་ཕྱིར། །རྟོགས་པ་འབའ་ཞིག་ཉིད་ཡིན་ནོ། །
ཤིན་ཏུ་སེམས་གཏད་པ་ལ་ཕྱོགས་པ་གཡིང་བ་ཐག་གཅད་པའི་ཡིད་དང་ལྡན་པ་ལ་ཡང་ཕྱོགས་ལ་སོགས་པའི་རང་བཞིན་ངེས་པ་ནི་མེད་དེ། འོན་ཀྱང་དཔྱོད་པ་དང་བྲལ་བའི་ཕྱིར། འཇིག་རྟེན་དེའི་རང་བཞིན་ངེས་པ་མེད་པ། སོང་བའི་རྗེས་སུ་འགྲོ་བའི་ཚུལ་གྱིས་ཡིད་ཉམས་པ་ཉིད་ཀྱིས་ཐ་སྙད་བྱེད་
པའི་ཕྱིར་འདིར་ཅི་བྱར་ཡོད། གལ་ཏེ་ཐོག་མེད་ཕྱིར་བདེན་ན། །མེད་པ་པ་ཡང་བདེན་པར་འགྱུར། །དབང་ཕྱུག་ལ་སོགས་རྟོགས་པ་ཡང་། །ཐོག་མ་མེད་ཕྱིར་ཅིས་མི་བདེན། །དེས་ན་ཕྱོགས་སོགས་གནས་པ་ཡི། །ལུགས་འདི་ལེགས་པ་ཉིད་མ་ཡིན། །འདི་ནི་བསྟན་བཅོས་ངན་གོམས་ལས། །
ཉེར་འོངས་ཐ་སྙད་ཙམ་དུ་ཟད། །ཐོག་མ་མེད་ཕྱིར་བསྟན་བཅོས་རྣམས། །ཐམས་ཅད་བདེན་པར་འགྱུར་མིན་ཏེ། །ཕན་ཚུན་འགལ་བས་གནོད་བྱ་དང་། །གནོད་པར་བྱེད་པའི་ངོ་བོའི་ཕྱིར། །དེའི་ཕྱིར་དོན་རྣམས་ཉིད་ཕན་ཚུན་ལྟོས་ནས་ཤར་རོ་ནུབ་པོ་ཞེས་བྱ་བ་ལ་སོགས་པའི་མིང་དུ་ཐ་སྙད་ཀྱི་
เล่ม ๑๗๙ · หน้า 165b
དོན་དུ་རྒན་པོ་དག་གིས་བཀོད་པ་ཡིན་ནོ། །འདུ་བྱེད་པ་ཡང་ཐོག་མ་མེད་པ་ཅན་ཡིན་པའི་ཕྱིར་ཐ་སྙད་ཉིད་སད་པར་འགྱུར་བས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །ཐ་དད་པར་ཉེ་བར་བསྟན་པའི་ངོ་བོ་དེ་ཉིད་དུས་ལ་སོགས་པར་བརྗོད་པ་ལ་སྟོན་པ་ཡིན་ཏེ། འདི་ལྟར་འབྱུང་ངོ་། །ད་ལྟར་ཡོད་དོ། །
འབྱུང་བར་འགྱུར་རོ་ཞེས་བྱ་བར་རྟོགས་པ་ལས་ལྷས་བྱིན་ལ་སོགས་པའི་འདས་པ་དང་། མ་འོངས་པ་ལ་སོགས་པའི་དུས་གསུམ་པར་འཇོག་ན་དུས་བྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལས་ཀྱང་དུས་གཞན་གནས་པར་ཐལ་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དུས་ནི་རང་གི་
ངོ་བོ་ཉིད་ཀྱིས་སྔ་མ་ཡིན་གྱི་དུས་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །ཕྱོགས་ཀྱང་དེ་བཞིན་ཏེ་རང་གི་ངོ་བོར་འགྱུར་བའི་ཆོས་ཀྱི་བྱེ་བྲག་གིས་ཐ་སྙད་བྱེད་པ་ཡིན་ཏེ། ཤར་ནི་དབང་པོའི་ཕྱོགས་སོ་ཞེས་སོ་ཞེ་ན། དེ་ལྟ་ན་ཤིང་ལ་སོགས་པའི་དོན་རྣམས་ཀྱང་རང་ཉིད་སྔ་མ་དང་ཕྱི་མ་ལ་སོགས་པ་ཡིན་
གྱི་སྔ་མ་ཉིད་ལ་སོགས་པས་དུས་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་ངོ་བོ་ལ་སོགས་པའི་སྔ་མ་ཉིད་ལ་སོགས་པ་ནི་རང་ལས་མ་ཡིན་ཏེ། འོན་ཀྱང་དེ་དང་འབྲེལ་པའི་དོན་ལ་ལྟོས་པ་ཡིན་ནོ། །འདི་ལྟར། རྒྱལ་པོ་གང་དག་སྔར་འདས་པ། །དེ་དང་འབྲེལ་པ་ལ་ལྟོས་ན། །དེ་ལ་དུས་
འདས་ཡུན་རིང་ཞེས། །བྱ་བ་ཉིད་དུ་རྣམ་པར་འཇོག །འདིར་བརྗོད་པ། གལ་ཏེ་དུས་ཀྱིས་འདས་པ་སོགས། །དངོས་དང་འབྲེལ་པ་ལས་ཡིན་ན། །དངོས་པོ་ཡི་ནི་འདས་ཉིད་དེ། །དུས་ལ་ལྟོས་པར་འགྱུར་བས་ན། །ཕན་ཚུན་རྟེན་པས་གཅིག་ཉིད་དང་། །གནས་པ་མེད་པར་འགྱུར་བ་ཡིན། །
གལ་ཏེ་ཅིག་ཅར་འདས་པ་ཉིད། །ཡིན་ན་ཐུག་པ་མེད་པར་འགྱུར། །ཅིག་ཅར་འབྱུང་བ་གཉིས་དག་ནི། །ཕན་ཚུན་དང་ནི་རྒྱུ་མ་ཡིན། །གལ་ཏེ་དེ་དག་གཞན་ལས་ནི། །དེ་ལའང་གཞན་ཕྱིར་ཐུག་མེད་འགྱུར། །གཞན་ཡང་གལ་ཏེ། སྒྲ་ནི་ནམ་མཁའི་ཡོན་ཏན་ཡིན་ལ། རླུང་གི་ཡོན་ཏན་རེག །མེའི་
ཡོན་ཏན་གཟུགས། ཆུའི་ཡོན་ཏན་རོ། །སའི་ཡོན་ཏན་དྲི་ཡིན་ལ། དུས་ཀྱི་ཡོན་ཏན་གང་ཡིན་པར་བརྗོད་པར་བྱ། བདག་ལ་སོགས་པ་ཡང་དེ་བཞིན་ནོ། །འོན་ཏེ་དུས་ཀྱི་ཡོན་ཏན་ཆེན་པོ་ཉིད་ལ་སོགས་པ་ཡིན་ནོ། །དེ་ནི་བདག་ལ་སོགས་པའི་ཡང་ཡིན་ནོ། །དེས་ན་བདག་ཉིད་ཀྱི་སོ་སོར་ངེས་པ་
เล่ม ๑๗๙ · หน้า 166a
འགའ་ཞིག་བརྗོད་པར་བྱའོ། །འོན་ཏེ་དོན་རྣམས་གནང་བ་དང་འགོག་པ་ཡིན་ནོ་ཞེ་ན། དེ་དག་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་རྒྱུའི་དབང་ཉིད་ལས་ཡིན་ནོ། །དེ་ཡང་རང་གི་རྒྱུ་ལས་ཡིན་པའི་ཕྱིར་རྒྱུ་བརྒྱུད་པ་ཐོག་མ་མེད་པ་ཉིད་ཡིན་ནོ། །གཞན་ཡང་། གལ་
ཏེ་ཁྱབ་དང་རྟག་པ་ཡིས། །གནང་དང་བཀག་པར་ནུས་ན་ནི། །བདག་ཀྱང་དེ་ལྟར་མཐོང་འགྱུར་ཏེ། །ཁྱད་པར་གཞན་ནི་འདོད་མེད་ཕྱིར། །འདི་ལྟར་དུས་དང་ཡུལ་དང་བདག་དང་ནམ་མཁའ་ཞེས་བྱ་བ་འདི་དག་ནི་རྟག་པ་ཉིད་ལ་སོགས་པར་མཚུངས་པ་ཡིན་ནོ། །དེས་ན། ཡུལ་དང་དུས་ནི་མཚུངས་
གྱུར་པ། །བྱ་བ་དང་ནི་མི་ལྡན་ཕྱིར། །འདིས་བྱས་འདིར་ནི་མ་ངེས་ཞེས། །ཆོས་མིན་མཐུན་པ་ཅི་ལྟར་རིག །དེའི་ཕྱིར་ནམ་མཁའ་ལ་སོགས་པར་སྨྲ་བ་ནི་མ་ཡིན་པ་ཉིད་དོ། །དེས་ན། སྨྲ་བ་ནམ་མཁའི་ཡོན་ཏན་ནི། །ཚད་མས་འཐད་པ་མ་ཡིན་ནོ། །གཞན་ཡང་། སྒྲ་ནི་ནམ་མཁའ་དང་རླུང་
ལས་འབྱུང་བ་ཡིན་ན་འདི་རླུང་གི་ཡོན་ཏན་ཉིད་དུ་ཅིས་མི་བརྗོད། འདི་ནི་ནམ་མཁའ་ཉིད་དུ་ཐོས་པ་ཡིན་ཏེ། དེས་ན་འདི་ནི་ནམ་མཁའི་ཉིད་ཡོན་ཏན་ཉིད་དུ་རྟོགས་སོ་ཞེ་ན། འབར་སོགས་ནམ་མཁར་མཐོང་མིན་ན། །ཅེ་ན་དེ་དེའི་ཡོན་ཏན་དུ་མི་བརྗོད། །དེ་རྟེན་གཞན་ཡང་ཡོད་ཅེས་འཐད་མིན་
ཏེ། །སྒྲ་ལའང་རྔ་སོགས་གཞན་དག་ཡོད་པ་ཉིད། །གལ་ཏེ་གང་ཞིག་གང་དུ་གནས་པར་དམིགས་པ་དེ་དེའི་ཡོན་ཏན་ཡིན་ན། འབར་བ་ལ་སོགས་པ་ཡང་ཅི་སྟེ་ནམ་མཁའི་ཡོན་ཏན་མ་ཡིན། དེ་ལ་ནི་རྩིག་པ་དང་ཤིང་ལ་སོགས་པ་རྟེན་གཞན་ཡོད་པའི་ཕྱིར་དེར་གནས་པར་རྟོགས་པས་ནམ་
མཁའི་ཡོན་ཏན་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉི་ག་ལ་གནས་པས་གཉི་གའི་ཡོན་ཏན་དུ་འགྱུར་རོ། །སྒྲ་ལ་ཡང་པ་ཊ་ཧ་དང་དུང་ལ་སོགས་པ་ཡོད་པ་ཡིན་ནོ། །ཡུལ་གཞན་དུ་ཐོས་པའི་ཕྱིར་རོ་ཞེ་ན། འདི་ནི་སྣང་བ་ལ་སོགས་པ་དག་ལ་ཡང་མཚུངས་སོ། །དེ་ལ་ནི་ནོར་བུ་ལ་སོགས་པ་
རྟེན་ན་ཡང་དམིགས་པའི་ཕྱིར་རོ་ཞེ་ན་སྒྲ་ཡང་བརྡུངས་པའི་རྫས་ཡོད་པས་དེ་མཚུངས་སོ། །དེའི་ཕྱིར་སྒྲ་ནི་ནམ་མཁའི་ཡོན་ཏན་མ་ཡིན་ཏེ། དེར་གནས་པར་དམིགས་ཀྱང་དེར་གནས་པ་མ་ཡིན་ཏེ། སྣང་བ་ལ་སོགས་པ་བཞིན་ནོ། །ནམ་མཁའ་ནི་གནས་པར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ། ཐོགས་
เล่ม ๑๗๙ · หน้า 166b
པ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་ནོ། །སྣང་བ་ཡོད་ན་ནམ་མཁའ་ཤེས་པ་ཡིན་ཏེ། གང་དུ་སྣང་བ་ཉིད་ཡོད་པ་དེར་ནམ་མཁའ་བཏགས་པའི་ཕྱིར་ནམ་མཁའ་ནི་བརྟགས་པར་ཡོད་པ་མ་ཡིན་ནོ། །དེས་ན་སྒྲ་ནམ་མཁའི་ཡོན་ཏན་ཡིན་ནོ་
ཞེས་བྱ་བ་ནི་ལེགས་པར་བརྗོད་པ་མ་ཡིན་ནོ། །དེས་ན་ནམ་མཁའི་ཡོན་ཏན་ཉིད་ལ་གནོད་ཀྱང་སྐྱོན་འགའ་ཡང་མེད་དོ། །གཞན་ཡང་། ཕྱོགས་མཚན་ཕྱི་རོལ་དོན་ཅན་གྱི། །རང་ཉིད་སྒྲ་ཡང་དོན་མེད་འགྱུར། །རང་ཉིད་ཀྱི་སྒྲ་ནི་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་བྱེད་པའི་
འདོད་པ་བསྒྲུབ་བྱ་ཉིད་དུ་འགྱུར་བ་དེ་བཟློག་པ་དོན་ཉིད་དེ། དགོས་པ་གཞན་ནི་མེད་དོ། །གལ་ཏེ་དེ་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་ན་ནི། དེ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལྟ་ན་ནི་ཕྱོགས་ཀྱི་མཚན་ཉིད་དོན་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་འདོད་འཇུག་དོན། །
འོ་ན་དོགས་འདི་གང་ལས་ཡིན། །དེ་ནི་ཚད་མས་བཀག་མེད་ན། །འཛིན་པ་གང་གིས་བཟློག་པར་འགྱུར། །གལ་ཏེ་ཚད་མས་བཀག་ན་ཡང་། །ཚིག་ལས་གང་གིས་འཇུག་པར་འགྱུར། །དེ་དག་སྔར་ཡང་གྲུབ་མཐའ་ནི། །རང་གི་འདོད་པ་ཉིད་ཀྱིས་འཛིན། །དེ་ནི་ཕྱིས་ཀྱང་ཅི་ཞིག་ལྟར། །
གཞན་འཛིན་པ་ནི་ཅིས་མི་འཐོབ། །གལ་ཏེ་རྟོགས་པ་པོ་རྟོག་པ་སྔོན་དུ་བྱེད་པ་ལས་ཡིན་ན་བརྟག་པ་དེ་ཉིད་དེའི་བསྟན་བཅོས་ཁས་ལེན་པའི་རྒྱུ་མཚན་ཡིན་པ་དེས་ན་ཅི་ལྟར་བསྟན་བཅོས་ལ་འདོད་པས་འཇུག་པར་བྱེད་པའི་ཕྱིར་རང་ཉིད་སྨོས། བསྟན་བཅོས་ཐམས་ཅད་ནི་བརྟག་བཟོད་པ་མ་
ཡིན་ཏེ། དེས་ན་ཚད་མས་གནོད་པ་ཡོངས་སུ་མ་དག་པ་ལ་འཇུག་པ་མ་ཡིན་པ་ཉིད་པས་ན་འདོད་པས་འཇུག་པ་ག་ལ་སྲིད། འདི་ལྟར། རྟོག་པ་སྔོན་བྱས་བྱེད་པ་ནི། །འདོད་པ་ཙམ་ལས་འཇུག་མ་ཡིན། །རྣམ་པར་དཔྱོད་བྱེད་སྐྱེས་བུ་ནི། །བློ་བཟང་གིས་ནི་དང་པོའི་རྟེན། གལ་ཏེ་རྟོགས་
ལྡན་མིན་ན་ནི། །འདོད་ཉིད་དེ་ཡི་རྒྱུ་མཚན་ཏེ། །དེ་ཡི་དང་པོ་ཁས་ལེན་པ། །དེ་ཙམ་གྱིས་ནི་ཞུགས་པའི་ཕྱིར། །དེས་ནི་གཉིས་པ་གསུམ་པ་ཡང་། །དེ་བཞིན་དུ་ནི་འགྱུར་བ་ཡིན། །དེ་དག་དེ་དོན་དུ་སློབ་ན། །མི་འདོད་པར་ནི་བསབ་བྱ་ཡིན། གལ་ཏེ་སྔ་མ་བཞོན་འདི་ཡང་ཁྱོད་ཀྱི་འདོད་པ་
เล่ม ๑๗๙ · หน้า 167a
ཉིད་ཀྱིས་བཟུང་བའི་ཕྱིར་བསྟན་བཅོས་འདོད་པས་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ཉིད་སྨོས་པས་བསྒྲུབ་པར་བྱ་བ་ཡིན་ན། དེའི་ཚེ་བརྟགས་ནས་ཁས་བླང་བར་བྱ་བ་ཡིན་ཏེ། འདིར་འདོད་པ་ཙམ་ནི་སྐབས་སུ་འགྱུར་བ་མ་ཡིན་ནོ་ཞེས་འདོད་པས་འཇུག་པ་དང་འགལ་བའི་རིགས་པ་བསྟན་པར་རིགས་པ་ཡིན་
ནོ། །དེས་ན་གལ་ཏེ་བསྟན་བཅོས་ལས་མཐོང་བ་བསྒྲུབ་བྱ་ཡིན་ན། རང་ཉིད་སྨོས་པ་མི་རིགས་པ་ཉིད་དོ། །དེ་ལྟར་ན་འོ་ན་བསྟན་བཅོས་ཀྱི་དོན་སྤངས་ནས་རང་ཉིད་འདོད་པའི་དོན་བསྒྲུབ་པ་ལ་ཡང་། གལ་ཏེ་ཚད་མས་གནོད་ན་དེ་ལས་སུ་ཡང་མི་འགྱུར་འཇུག་པ་ཉིད་དོ། །གལ་ཏེ་མི་གནོད་དོ་ཞེ་ན་ཡང་རང་ཉིད་འཇུག་
པས་ན་རང་ཉིད་སྨོས་པས་ཅི་བྱ་ཞེ་ན། ལན་དུ། འདོད་གནོད་མེད་དང་བསྒྲུབ་བྱ་མིན། །ཐུག་པ་མེད་པར་བསྟན་པས་ན། །ལོག་པར་རྟོགས་པ་བསལ་བའི་ཕྱིར། །འདིར་ནི་རང་ཉིད་སྒྲ་བྱས་སོ། །བསྟན་བཅོས་ཐམས་ཅད་ནི་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཡིན་ཏེ། དེས་ན་འདིར་ཡང་བསྟན་བཅོས་ལས་
མཐོང་བ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ལོག་པར་རྟོགས་པ་མེད་པ་ཡིན་ནོ། །རྣམ་པ་གང་གིས་ཤེ་ན། འདོད་པ་ལ་གནོད་པ་མེད་པ་དང་། བསྒྲུབ་པར་བྱ་བ་ཉིད་མ་ཡིན་པ་དང་། ཐུག་པ་མེད་པར་བསྟན་པས་སོ། །བསྟན་བཅོས་ལས་མཐོང་བ་ནི་གནོད་ཀྱང་འདོད་པ་ལ་གནོད་པ་ཡོད་པ་མ་ཡིན་ནོ། །མེད་ན་མི་འབྱུང་བ་མ་ཡིན་
པ་ཉིད་ཀྱང་བསྒྲུབ་བྱ་མ་ཡིན་ལ། མེད་ན་མི་འབྱུང་བ་མ་ཡིན་པ་ཡིན་ཡང་དེ་བསྒྲུབ་བྱ་ཡིན་ན་ནི་ཐུག་པ་མེད་པར་ཐལ་བ་ཞེས་བྱ་བའི་རིགས་པའི་ནི་རང་ཉིད་སྨོས་པས་བསྟན་པ་ཡིན་ནོ། །དེས་ན་འདི་ནི་མ་ཡིན་ནོ། །གཞུང་ལུགས་ཀྱིས་བྱས་ཁྱད་པར་ནི། །ཡོངས་སུ་སྤངས་ནས་རབ་གྲགས་པའི། །ཆོས་ཅན་དག་ནི་
གཟུང་དོན་དུ། །གཞན་ནི་རང་ཉིད་སྒྲ་བརྗོད་ཟེར། །གཞུང་གིས་བཀོད་པའི་ཁྱད་པར་ནམ་མཁའི་ཡོན་ཏན་ཉིད་ཀྱིས་མཚན་ཉིད་ཀྱི་ཆོས་ཅན་གང་ཡིན་པ་དེ་ཡོངས་སུ་སྤངས་ནས། རང་ཉིད་རབ་ཏུ་གྲུབ་པ་བསྟན་བཅོས་བྱེད་པས་བསྒྲུབ་པ་མ་ཡིན་པའི་ཆོས་ཅན་གང་ཡིན་པ་དེ་སྤྱི་ནས་བཟུང་བའི་ཕྱིར་རང་ཉིད་སྨོས་པ་
ཡིན་ཏེ་འདི་ལྟར་ཆོས་ཅན་གང་ཞིག་རང་ཉིད་རྣམ་པར་གནས་པ་ཡིན་གྱི། གཞན་གྱིས་བྱས་པ་ནི་མ་ཡིན་པ་དེ། ཆོས་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཤུགས་ཀྱིས་བསྟན་པ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར། དཔྱད་པ་ཉིད་ཀྱི་སྐབས་ཀྱིས་ན། །རབ་གྲགས་རྟེན་ནི་གྲུབ་འགྱུར་ཏེ། །རབ་འདོད་
เล่ม ๑๗๙ · หน้า 167b
བརྟགས་པའི་ཁྱད་པར་ནི། །དངོས་རྣམས་ལ་རྩོད་མེད་ཕྱིར་རོ། །ཆོས་ཅན་འགའ་ཞིག་ལ་རྟག་པ་དང་། མི་རྟག་པ་ཉིད་ལ་སོགས་པར་དཔྱོད་པ་བྱེད་པ་ནི་གྲུབ་པའི་རང་བཞིན་ལ་བྱེད་པ་ཡིན་ནོ། །དེའི་རང་བཞིན་ཉིད་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་ནི་རེ་ཞིག་དེ་ཉིད་དཔྱད་པར་བྱ་བ་ཡིན་ཏེ། ཆོས་ཅན་མ་གྲུབ་པ་
ན་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །འོན་ཏེ་སྒྲའི་རང་བཞིན་བསྒྲུབ་པ་ཉིད་དོ་ཞེ་ན། འོ་ན་ནི་དེ་ཉིད་ཆོས་ཅན་གྱི་རང་བཞིན་དུ་བླང་བར་བྱ་བ་ཡིན་ཏེ། མ་གྲུབ་པའི་ཁྱད་པར་བླངས་པས་ཅི་ཞིག་བྱ། འོན་ཏེ་རྒོལ་བ་དེ་ལྟ་བུ་ཉིད་མི་རྟག་པར་སྒྲུབ་པར་འདོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཉན་པོ་དེར་འདོད་མེད་ཕྱིར་ཏེ། །
དེ་ལས་དེ་འགྲུབ་མིན་པའི་ཕྱིར། །ནམ་མཁའི་ཡོན་ཏན་དང་ལྡན་པ། །བསྒྲུབ་བྱར་བརྗོད་པའི་དོན་མེད་མིན། །རྟོག་པ་སྔོན་དུ་བྱེད་པ་དག་གི་ཚིག་ནི་དོན་མེད་པར་འཇུག་པ་མ་ཡིན་ནོ། །རེ་ཞིག་ཕྱིར་རྒོལ་བ་ནི་ནམ་མཁའི་ཡོན་ཏན་ཉིད་ཀྱི་ཁྱད་པར་ཅན་གྱི་མི་རྟག་པ་སྒྲུབ་པར་འདོད་པ་མ་ཡིན་ནོ། །མི་འདོད་པ་
ཉིད་དམ་བཅའ་བ་ཙམ་གྱིས་གྲུབ་པ་ཡང་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནམ་མཁའི་ཡོན་ཏན་མ་ཡིན་པའི་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བར་ཡང་འགྲུབ་པར་འགྱུར་ལ། ཅི་ལྟར་འདོད་པའི་དོན་གཞན་ཡང་འགྲུབ་པར་འགྱུར་རོ། །འོན་ཏེ་རྒོལ་བ་དེ་ལྟ་བུ་ཉིད་དུ་འདོད་དོ་ཞེ་ན། དེ་ལྟ་ཡིན་ན་དེ་ལྟ་བུ་དཔྱོད་པ་དང་
བྲལ་བ་འདོད་པ་ཙམ་གྱིས་འཇུག་པ་སུས་ཟློག་སྟེ། དེས་ན་འདི་ནི་མ་ཡིན་ནོ། །ཅི་སྟེ་གྲུབ་པར་བསྟན་པ་ཡིས། །ཆོས་ཅན་བསྒྲུབ་བྱ་མིན་བརྗོད་ན། །རང་གི་ངོ་བོ་ཉིད་བསྟན་པ། །ཞེས་བྱ་འདི་ཉིད་ཀྱིས་དེ་རྟོགས། །འདི་ལྟར། གྲུབ་དང་སྒྲུབ་པའི་ངོ་བོར་ནི། །བསྟན་པ་དག་ནི་ཡོད་མིན་ན། །བསྒྲུབ་བྱ་ཉིད་དུ་བསྟན་
པ་ཞེས། །བྱ་བ་འདི་ནི་འབྲས་ལྡན་འགྱུར། །ཅི་སྟེ་འདི་སྐད་འཆད་པར་བྱེད་དེ། རང་ཉིད་གྲུབ་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བརྗོད་པས་ན་ཆོས་ཅན་གྱི་རང་གི་ངོ་བོ་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་དེ། དེ་ལྟ་མ་ཡིན་ན་དེ་རང་ཉིད་སྨོས་པས་ཁྱད་པར་དུ་བྱས་པས་དོན་གྱི་རིགས་ཅི་ཞིག་འགྲུབ་པར་འགྱུར། འདི་ལྟར་རེ་
ཞིག་ཆོས་ཅན་འགྲུབ་པར་བསྟན་པ་ཙམ་གྱི་ཕྱིར་ནི་སྨོས་པ་མ་ཡིན་ཏེ། དཔྱོད་པའི་སྐབས་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རབ་ཏུ་གྲུབ་པ་ཉིད་ཡིན་གྱི། བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བསྒྲུབ་བྱ་ཉིད་མ་ཡིན་པར་བསྟན་པའི་ཕྱིར་རང་ཉིད་སྨོས་པ་ཡིན་ཏེ། དེས་ན་ཆོས་ཅན་བསྒྲུབ་བྱ་མ་ཡིན་ནོ་ཞེ་ན། དེ་ཡང་
เล่ม ๑๗๙ · หน้า 168a
མི་འཐད་དེ། འདི་ལྟར། གང་ཞིག་གྲུབ་ཀྱང་སྒྲུབ་བྱེད་པའི། །རྟོགས་ལྡན་དེ་ནི་འགའ་ཡོད་མིན། །དེ་ཚེ་རྟོགས་པ་དེ་ཉིད་ནི། །ཅི་ལྟར་བསྒྲུབ་བྱར་རྟོགས་པར་འགྱུར། །དེ་ལྟ་ན་ནི་འོ་ན་རང་གི་ངོ་བོ་ཁོ་ནས་ཞེས་སྨོས་པ་དོན་མེད་པ་ཉིད་དེ་དཔྱད་པའི་སྐབས་ཉིད་ཀྱིས་གྲུབ་པ་བསྒྲུབ་
པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །གྲུབ་པ་ནི་རྩོད་པའི་གནས་སུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །དེ་བཞིན་དུ་དཔྱོད་པའི་ཡང་རྟེན་མ་ཡིན་ནོ། །གྲུབ་པ་ཡང་དེ་བཞིན་ནོ་ཞེ་ན། འདིར་བརྗོད་པ། རང་གི་ངོ་བོ་སྨོས་པ་
ནི་གྲུབ་པ་བཟློག་པའི་དོན་དུ་མ་ཡིན་ཏེ། སྒྲུབ་བྱེད་ཉིད་དུ་བསྟན་པའི་མ་གྲུབ་པའི་བཟློག་པའི་དོན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཁོ་ནས་ཞེས་ངེས་པར་བཟུང་བ་ཉིད་དུ་འབྲས་བུ་གཅིག་ཏུ་བསྟན་ཏེ་དེ་ལྟ་མ་ཡིན་ན་གཉི་ག་སོ་སོར་བསྟན་པར་འགྱུར་རོ། །འོ་ན་ཅིའི་ཕྱིར་གྲུབ་པ་སྒྲུབ་པའི་ངོ་བོ་
དག་ཅེས་བཤད་ཅེ་ན། མ་གྲུབ་པ་ཆོས་ཅན་གྲུབ་པ་ངོ་བོར་སྟོན་པ་དང་། དེ་བཞིན་དུ་ཆོས་སྒྲུབ་པར་བྱེད་པའི་ངོ་བོར་སྟོན་པ་ཞེས་བཤད་པར་བྱའོ། །ཆོས་ཅན་གྲུབ་པའི་ངོ་བོ་བསྟན་པ་དེ་ཡང་འབའ་ཞིག་པར་ཏེ། དཔེར་ན། བདག་ནི་འདུ་བ་ཅན་གྱི་རྒྱུའོ་ཞེས་སམ་དེ་བཞིན་དུ། ནམ་མཁའི་ཡོན་ཏན་གྱི་སྒྲ་
ནི་མི་རྟག་པའོ་ཞེས་ཆོས་ཅན་གྱི་ཁྱད་པར་ཉིད་དུ་སྟོན་པའོ། །ཡང་ན་གང་དུ་ཆོས་ཅན་ཁྱད་པར་ཅན་དུ་བྱས་པ་དེར། ནམ་མཁའི་ཡོན་ཏན་གྱི་སྒྲ་མི་རྟག་སྟེ་ཞེས་བརྗོད་པའི་ཕྱིར་ན་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་ནམ་མཁའི་ཡོན་ཏན་མ་ཡིན་ནོ་ཞེས་ཇི་ལྟར་ཤེས་ཏེ། སྒྲ་གང་ཡིན་པ་དེ་ནམ་མཁའི་
ཡོན་ཏན་ཡིན་ནམ་འོན་ཏེ་ནམ་མཁའི་ཡོན་ཏན་གྱི་སྒྲ་གང་ཡིན་པ་དེ་མི་རྟག་པ་ཡིན་པར་སྒྲུབ་ཅེས་མི་ཤེས་པར་འགྱུར་རོ་ཞེ་ན། སྒྲ་མཚུངས་ཀྱང་དེ་ཡང་སྐབས་ཉིད་ལས་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟར་ཡང་བསྟན་ཟིན་ཏོ། །འོ་ན་ཅི་ལྟར་སྒྲ་མཉན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་རང་གི་ངོ་བོ་སྨོས་པའི་རྣམ་པར་
གཅད་པར་བྱ་བར་བསྟན་པར་འགྱུར་ཏེ། དེས་རྣམ་པར་གཟུང་བའི་དོན་ཡིན་ན་ནི་དེ་མི་འཐད་དོ་ཞེ་ན། དེ་ནི་བདེན་ཏེ། དེ་ལྟར་ན་ཡང་དེ་ལ་གཞན་གྱི་ཕྱིར་བྱས་པ་གཞན་གྱི་དོན་དུ་ཡང་འགྱུར་བ་ཡིན་པའི་ཕྱིར་ཁས་བླངས་ནས་དེ་སྐད་བརྗོད་དེ་ཅི་སྟེ་ཡང་བསྒྲུབ་བྱར་བྱེད་པ་དེ་ལྟ་ན་ཡང་རང་གི་ངོ་བོ་སྨོས་པ་ཟློག་པར་
เล่ม ๑๗๙ · หน้า 168b
བྱེད་པའི་ཕྱིར་སྐྱོན་མེད་དོ། །ཟློག་པ་ཅི་ལྟར་ཐོབ་ཅེ་ན། དེ་ལ་རྩོད་པ་མཐོང་བའི་ཕྱིར་དེ་ཡང་ཕྱིས་བསྟན་པར་བྱའོ། །རྗེས་སུ་དཔག་པ་སྤྱི་ཡི་ནི། །ཡུལ་ཅན་ཉིད་དུ་བཤད་པ་ཡིན། །འདིར་ནི་དེ་སྐད་མ་བརྗོད་ཀྱང་། །ཕྱོགས་ལས་འགལ་བ་ཅུང་ཟད་མེད། །སློབ་དཔོན་གྱི་རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་
ཡིན་ནོ། །ཆོས་ཅན་གྲུབ་ཟིན་པའམ་དེ་ལས་གཞན་འགའ་ཞིག་བསྒྲུབ་པར་བྱ་བ་ཡིན་ན་ནི་སྤྱིར་མི་འགྱུར་ཏེ། དེས་ན་གལ་ཏེ་རང་ཉིད་སྨོས་པ་ཆོས་ཅན་བསྒྲུབ་བྱ་ཡིན་པ་མ་སྤངས་པ་དེ་ལྟ་ན་ཡང་སྐྱོན་ཡོད་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཡིན་པ་ཉིད་ཀྱིས་སྤངས་པའི་ཕྱིར་རོ། །གཞན་ཡང་།
གལ་ཏེ་ཆོས་ཅན་བསྒྲུབ་པར་བྱས། །དེ་ལ་ཅིར་འགྱུར་དེ་མི་ནུས། །ཅི་ལྟར་རྟགས་རྗེས་འགྲོ་མེད་ཕྱིར། །འདི་དག་གི་སྐྱོན་མིན་ནམ་ཅི། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་སྐྱོན་འདོད་མིན་དེ་ལྟ་ན། །གཏན་ཚིགས་ལ་སོགས་ཉེས་པ་ཡང་། །ཕྱོགས་ཀྱི་སྐྱོན་དུ་ཐལ་འགྱུར་ཏེ། །ཐམས་ཅད་
ཕྱོགས་ལ་གནོད་ཕྱིར་རོ། །དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཕྱོགས་ཀྱི་སྐྱོན་འདོད་གཞན་མིན་ཏེ། །མངོན་སུམ་ལ་སོགས་འགལ་བ་བཞིན། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་འགལ་བའི་དོན་གྱིས་མ་བསལ་བ་ལ་ཕྱོགས་ཡིན་ནོ་ཞེས་ཕྱོགས་ཀྱི་མཚན་ཉིད་མ་ཡིན་ནམ། དེ་ལ་གལ་ཏེ་ཆོས་ཅན་
ཉིད་ཕྱོགས་སུ་བྱས་ན་སྐྱོན་ཅི་ཡོད། འོན་ཏེ་ཆོས་ཅན་ཉིད་བསྒྲུབ་པར་ནུས་པ་མ་ཡིན་ཏེ། རང་གི་མཚན་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཆོས་ཅན་ཡོད་པར་བསྒྲུབ་པ་ནི་རང་གི་མཚན་ཉིད་བསྒྲུབ་པར་འགྱུར་ན། ཐམས་ཅད་གཏན་ཚིགས་ནི་ཁྱད་པར་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་
ཞེ་ན། འོ་ན་ནི་དཔེ་མེད་པའི་ཕྱིར་དེར་གཏན་ཚིགས་ཉིད་ནུས་པ་མེད་པ་ཡིན་ཏེ་དེས་ན་གཞན་གྱི་སྐྱོན་ནི་གཞན་གྱི་སྐྱོན་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །འོན་ཏེ་འདི་ནི་ཕྱོགས་ཀྱི་ཡང་སྐྱོན་ཉིད་དེ་འགྲུབ་པར་མི་རུང་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འོ་ན་གཏན་ཚིགས་ཀྱི་སྐྱོན་ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འགྱུར་
ཏེ། དེའི་སྐྱོན་གྱིས་ཕྱོགས་ཉིད་འགྲུབ་པར་མི་རུང་བའི་ཕྱིར་རོ། །འོན་ཏེ་དཔེར་ན་སྒྲ་མི་རྟག་གོ་ཞེས་བྱ་བ་ལྟ་བུར་གང་ལ་སྒྲུབ་པར་བྱེད་པའི་གཏན་ཚིགས་གཞན་སྲིད་པ་དེར་ནི་མིག་གིས་གཟུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ། །འདི་ལྟར་ཕྱོགས་ལ་ནི་སྒྲུབ་པར་མི་
เล่ม ๑๗๙ · หน้า 169a
རུང་བ་ཉིད་ཀྱི་སྐྱོན་ཡོད་པ་མ་ཡིན་ཏེ། གཏན་ཚིགས་གཞན་གྱིས་འགྲུབ་པའི་ཕྱིར་རོ། །གང་དུ་གཏན་ཚིགས་འགའ་ཡང་མེད་པ་དེ་ནི་ཕྱོགས་ཀྱི་སྐྱོན་ནོ། །སྲིད་པའི་རང་གི་བསམ་པ་ཕྱོགས་ཀྱི་ཚིག་གིས་བསྟན་པར་བྱ་བ་ཡིན་ན་དེ་ནི་ཅི་ལྟར་ཚད་མས་གནོད་ན་མི་སྲིད་པ་ཡིན་
པ་དེ་བཞིན་དུ་རང་གི་མཚན་ཉིད་ཡིན་ཡང་ཡིན་པ་དེས་ན་འདི་ནི་ཕྱོགས་ཀྱི་ཉེས་པ་ཉིད་ཡིན་ནོ་ཞེས་བྱ་བར་རིགས་སོ་ཞེ་ན། འདིར་བརྗོད་པ། ཕྱོགས་ཀྱི་མི་སྲིད་པ་ཉིད་འདི། །ཅི་ག་གཏན་ཚིགས་ལ་ལྟོས་སམ། །འོན་ཏེ་དེ་རང་ལ་གནས་ཡིན། །དེ་ནི་གཉི་ག་ལྟར་ཡང་ཡིན། གལ་ཏེ་རྟགས་དང་འབྲེལ་པས་
སྐྱོན། །དེར་འགྱུར་དེ་ཉིད་རྟགས་སྐྱོན་ཉིད། །དེ་ནི་རང་རྟེན་སྐྱོན་མིན་ཏེ། །མཐོང་བ་ཡིས་ཀྱང་འགྲུབ་ཕྱིར་རོ། །རང་གི་རང་བཞིན་གྱིས་གྲུབ་པར། །མི་རུང་ཡིན་ན་མངོན་སུམ་གྱིས་ཀྱང་འགྲུབ་པར་མི་འགྱུར་རོ། །རྗེས་སུ་དཔག་པས་མི་འགྲུབ་པོ་ཞེ་ན། འོན་ཏེ་རྗེས་སུ་དཔག་པ་ཉིད་ཀྱི་སྐྱོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་མ་གྲུབ་
པའི་ཆོས་ཅན་སྒྲུབ་པར་བྱེད་ན་དེར་ཡང་གཏན་ཚིགས་ཀྱི་སྐྱོན་ཉིད་དེ། དེར་ཡང་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གྲུབ་པ་ལ་སྒྲུབ་པའི་སྐྱོན་ནི་རྗེས་སུ་དཔག་པས་གྲུབ་པ་ལ་ཡིན་ཏེ། དེ་ནི་ཕྱོགས་ཀྱི་སྐྱོན་ཉིད་དོ། །དེའི་ཕྱིར་རང་ཉིད་ཀྱི་རྗེས་སུ་དཔག་པ་ལས་གྲུབ་པ་ནི་གཞན་ལ་ལྟོས་ནས་
ཕྱོགས་ཡིན་ནོ། །ལུང་གིས་གྲུབ་པ་ནི་ཕྱོགས་མ་ཡིན་ཏེ། གལ་ཏེ་མངོན་སུམ་གྱིས་གྲུབ་པའི་རང་གི་མཚན་ཉིད་ནི་གཏན་ཚིགས་ཀྱི་སྐྱོན་གྱི་ཕྱོགས་ཉིད་མ་ཡིན་པ་མ་ཡིན་ནམ། ལུང་གིས་གྲུབ་པ་ལ་ཇི་ལྟར་ལུང་གི་ཡུལ་ནི་སྤྱི་ཡིན་ལ། སྤྱིས་ཀྱང་རྗེས་སུ་འགྲོ་བ་ཡོད་པ་ཡིན་པས་དེ་ཇི་ལྟར་ཕྱོགས་ཀྱི་སྐྱོན་
ནི་རྗེས་སུ་ཡིན་ནོ་ཞེ་ན། འདི་ཉིད་བརྗོད་པ་མ་ཡིན་ནམ་གཏན་ཚིགས་ཀྱི་སྐྱོན་གྱིས་ནི་ཕྱོགས་ཉིད་ཀྱི་སྐྱོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེ་ཙམ་ལས་གྱུར་པ་ཉིད་དོ་འདི་ལ་ཡང་དེ་ཙམ་ལས་གྱུར་པ་ནི་ཡོད་པ་ཉིད་དོ། །འདི་ལྟར། གལ་ཏེ་ལུང་གིས་དེ་གྲུབ་ན། །གཏན་ཚིགས་ཀྱིས་ནི་ཅི་ཞིག་དགོས། །ལུང་
གིས་གྲུབ་པ་མིན་ན་ནི། །ཅི་ལྟར་ལུང་གིས་གྲུབ་ཅེས་བྱ། །འོན་ཏེ་གཞན་མ་གྲུབ་ཀྱང་རང་ཉིད་ནི་ལུང་ལས་གྲུབ་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། གལ་ཏེ་ལུང་ནི་ཚད་ཡིན་ན། །ཕ་རོལ་ལ་ཡང་གྲུབ་པ་ཉིད། །དེ་སྟེ་ལུང་ནི་ཚད་མིན་ན། །རང་ཉིད་ལ་ཡང་མ་གྲུབ་ཉིད། །དེ་ཕྱིར་རང་ལ་
เล่ม ๑๗๙ · หน้า 169b
རྗེས་སུ་དཔག་པ་ཉིད་ཕྱོགས་ཡིན་ནོ། །གལ་ཏེ་རང་ཉིད་ལ་མངོན་སུམ་གྱིས་གྲུབ་པའི་མེ་ཡང་ཕྱོགས་གཞན་ལ་ཅི་སྟེ་མ་ཡིན་ཞེ་ན། མ་ཡིན་ཏེ། རང་བཞིན་དེས་ཕྱོགས་མ་ཡིན་པའི་ཕྱིར་རོ། །དེ་ནི་སྤྱིའི་ཚུལ་གྱིས་ཕྱོགས་ཡིན་གྱི་ཁྱད་པར་གྱི་ཚུལ་གྱིས་ནི་མ་ཡིན་ནོ། །རང་ཉིད་གཞན་གྱིས་ནི་དེ་མངོན་
སུམ་གྱིས་གྲུབ་པ་མ་ཡིན་ནོ། །དེས་ན་མངོན་སུམ་གྱིས་གྲུབ་པ་ལ་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི། འདི་ལྟག་རྨེན་བསལ་བ་ན་མིག་འབྲས་འབྱུང་བར་འགྱུར་བ་ཡིན་ཏེ། གལ་ཏེ་མངོན་སུམ་གྱིས་གྲུབ་པ་ལ་ལ་ཕྱོགས་མེད་ན། དེའི་ཚེ་དེས་མ་
གྲུབ་པ་ལ་ཤིན་ཏུ་ཡང་མེད་པར་འགྱུར་ཏེ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་ཡང་མངོན་སུམ་ཡོད་པ་མ་ཡིན་པའི་ཕྱིར་ཅི་ལྟར་ཕྱོགས་ལ་མངོན་སུམ་གྱིས་གནོད་པར་འགྱུར། གནོད་པ་ཞེས་བྱ་བ་དོན་འཇིག་པར་བྱེད་པ་ནི་མ་
ཡིན་ཏེ། འོན་ཀྱང་མེད་དོ་ཞེས་ཤེས་པར་བྱེད་པ་ཡིན་ནོ། །དེ་ལ་འགག་པ་གང་ཅི་སྙེད་པ་དེ་དག་ཐམས་ཅད་ནི་མ་དམིགས་པ་ལས་ཡིན་པའི་ཕྱིར། མི་དམིགས་པར་གནོད་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པས་གནོད་པ་ཉིད་དོ། །དེ་སྐད་དུ་མེད་པ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། བཤད་པ་
རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་གང་བརྗོད་པ་དེ་ལ་སྤྱིའི་ཡུལ་ལ་ནི་མངོན་སུམ་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་མེ་ལ་སོགས་པའི་སྤྱི་བསྒྲུབ་པར་བྱ་བ་གང་ཡིན་པ་དེར་དེའི་གསལ་བའི་ཡུལ་ཅན་གྱིས་མངོན་སུམ་མེད་ན་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ཏེ།
རྗེས་སུ་དཔག་པ་ནི་དེའི་གསལ་བ་ལ་མངོན་སུམ་འཇུག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་སྤྱི་ལ་མངོན་སུམ་འཇུག་ན་ནི་དེར་རྗེས་སུ་དཔག་པས་ཅི་བྱ། རང་གི་མཚན་ཉིད་རྗེས་སུ་དཔག་པས་འགྲུབ་པ་ན་སྤྱིའི་རང་བཞིན་ལ་བརྟེན་པར་འགྱུར་བ་ཡིན་ཏེ། ཁྱད་པར་དུ་མ་རྟོགས་པའི་རང་
གི་མཚན་ཉིད་ཁོ་ན་སྤྱི་ཡིན་ནོ། །དེས་ན་མངོན་སུམ་གྱི་ཡུལ་ལ་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཀྱང་རྗེས་སུ་དཔག་པས་རྟོགས་པ་ནི་མངོན་སུམ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཡིན་ནོ། །དེས་ན་དེ་ནི་མངོན་སུམ་གྱིས་མི་རྟོགས་སོ། །མེ་ནི་ཚང་བང་ལ་སོགས་པར་མངོན་སུམ་གྱིས་
เล่ม ๑๗๙ · หน้า 170a
རྟོགས་པ་ཉིད་དོ་ཕྱོགས་མངོན་སུམ་གྱིས་གནོད་པ་བྱ་བ་འདིར་ཡང་དོན་འདི་ཉིད་དོ། །དེ་ལས་བཟློག་པའི་བསམ་པ་ལ་མངོན་སུམ་ཞུགས་པའི་ཕྱིར་གང་ལ་གསལ་བ་མེད་པ་དེར་ན་སྤྱི་མི་སྲིད་པ་ཉིད་དོ། །སྤྱི་ནི་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་།
སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་བཀག་པ་ཉིད་ཕྱོགས་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །བཀག་པ་བཟློག་པ་ཡང་ཡུལ་གང་བཀག་པ་དེ་ཉིད་ཀྱི་སྒོ་ནས་བཟློག་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ཏེ་གཞན་ནི་དེ་དང་མི་འགལ་བའི་ཕྱིར་རོ། །གལ་ཏེ་མངོན་སུམ་རྗེས་སུ་དཔག་
པས་གསལ་བར་ཅི་ལྟར་དོགས་པར་འགྱུར་ཏེ། དེའི་རྗེས་སུ་དཔག་པ་སྒྲའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་སེལ་བར་བྱེད་པ་མ་འབྲེལ་པ་བརྗོད་པ་ཡིན་པས་ན་ཟློག་པར་བྱེད་དོ། །ཡང་ན་མཐོང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་ཞེན་པའི་ཕྱིར་སྐྱོན་མེད་དོ། །ཆོས་ཅན་
གྲུབ་པ་སྒྲུབ་པ་ནི་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། དེར་གཏན་ཚིགས་ཉིད་སྐྱོན་ཅན་དུ་འགྱུར་བའི་ཕྱིར་རོ། །གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བ་གང་ཡིན་པ་དེ་ནི་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། དེའི་གཏན་ཚིགས་ཀྱི་སྐྱོན་ཡིན་པ་ཉིད་ཀྱིས་ན་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ནས་སེལ་བའི་ཕྱིར་རོ། །གཏན་ཚིགས་
ཀྱིས་བསམ་པ་ནི་ཕྱོགས་ཀྱི་མཚན་ཉིད་ཀྱང་བསལ་བར་བྱ་བ་མ་ཡིན་ཏེ། དོན་མེད་པའི་ཕྱིར་དང་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བཤད་པ་ནི། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང་། །ལྡོག་པ་དག་ནི་སྤང་བྱའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན། །གཏན་
ཚིགས་དང་དཔེའི་མཚན་ཉིད་ཀྱིས་བསལ་བ་ཉེས་པ་གཞག་སྟེ། ཉེས་པ་གཞན་སྤང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བརྗོད་པ་ཡིན་ནོ། །འདི་ལྟར་མཚན་ཉིད་མཐའ་དག་མ་ཁྱབ་པ་དང་ལྡོག་པ་སྤང་བར་བྱ་བའི་དོན་དུ་ཡིན་ནོ། །མཚན་ཉིད་གཞན་གྱིས་བསལ་བའི་ཉེས་པ་གང་ཡིན་པ་དེ་ནི་མ་སྤངས་ཀྱང་
མཚན་ཉིད་མ་ཁྱབ་པ་དང་། ཧ་ཅང་ཁྱབ་པར་འགྱུར་བ་ཡིན་པས་མཚན་ཉིད་དེ་ཙམ་ཡིན་མོད། གཞན་གྱིས་ཅི་བྱ། གང་གི་དོན་དུ་དེ་བྱས་པ་དེ་ནི་གཞན་གྱིས་སྤང་བའི་ཕྱིར་རང་ཉིད་སྨོས་པ་ནི་དོན་མེད་པར་འགྱུར་རོ། །འོ་ན་མ་ཁྱབ་པ་དང་ལྡོག་པ་དེ་གང་གིས་སེལ་ཅེ་ན། འདིར་སྨོས་པ། རང་ཉིད་ཚིག་ཕྲད་
เล่ม ๑๗๙ · หน้า 170b
ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དང་། །ལྡོག་པ་སེལ་བར་བྱེད་པ་ཡིན། །འདོད་སྒྲ་ཁྱབ་མེད་སེལ་བར་བྱེད། །འདི་ཙམ་གྱིས་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱིར་གཞན་གྱིས་ཅི་དགོས། གལ་ཏེ་རང་ཉིད་ཅེས་མ་བྱས་པ་ནི་བསྟན་བཅོས་པའི་འདོད་པ་ཡང་ཐལ་བར་འགྱུར་རོ། །ཚིག་ཕྲད་
མ་བྱས་ན་ནི་ཡང་མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པར་འགྱུར་ལ། རང་གི་ངོ་བོས་ཞེས་བྱ་བ་མ་བྱས་ན་ནི་མ་གྲུབ་པའི་ཆོས་ཅན་ཕྱོགས་སུ་ཐལ་བར་འགྱུར་རོ། །དེ་ལས་གཞན་པའི་སྐྱོན་ནི་མེད་པས་ན། དེའི་དོན་དུ་རང་ཉིད་སྨོས་པ་དོན་མེད་པར་འགྱུར་ཏེ། ཉེས་པ་མ་ཡིན་པའི་སྤོང་བའི་དོན་ཅན་དུ་
འགྱུར་བའི་ཕྱིར་རོ། །འོ་ན་ནི་ཅིའི་ཕྱིར་མ་བསལ་བས་སྨོས། གལ་ཏེ་བསལ་བ་ཡང་འགའ་ཞིག་དེར་ཕྱོགས་སུ་བྱེད་ན་གཏན་ཚིགས་ཀྱི་སྐྱོན་ཉིད་དུ་འགྱུར་བས་དེ་ཉིད་ཀྱིས་བཟློག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། མ་བསལ་བའི་ཚིག་དང་ལྷན་ཅིག་སྨོས་པ་ནི་ལྡོག་པ་འགོག་པར་བྱེད་པའི་ཕྱིར་རོ་ཞེས་
བསམ་པ་ཡིན་ནོ། །མ་བསལ་བའི་ཚིག་མེད་པར་ནི་ལྡོག་པ་བསལ་བར་ནུས་པ་མ་ཡིན་ནོ། །ཉེས་པ་དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ནས་བཀག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་ནི་ཕྱོགས་ཙམ་ལས་འགྱུར་བ་ཡིན་པའི་ཕྱིར། དེ་ནི་གཏན་ཚིགས་ཀྱི་སྐྱོན་མ་ཡིན་ནོ། །གལ་ཏེ་འདོད་པ་ཡང་བསལ་བ་ཡིན་
ན། ཕྱོགས་མ་ཡིན་ན་འོ་ན་ཅིའི་ཕྱིར་འདོད་པ་སྨོས་ཤེ་ན། བཤད་པ། འདོད་སྒྲས་ཁྱབ་མེད་སེལ་བ་ཡིན། །བསལ་བ་ཉིད་ཁྱབ་པར་འདོད་པ་ནི་མ་ཡིན་ཏེ། མ་བསལ་བ་ཡང་ཁྱབ་པའི་ཡུལ་དུ་སྲིད་པའི་ཕྱིར་རོ། །ཡང་ན་འདོད་སྒྲས་ཁྱབ་མེད་སེལ་བ་ཡིན་ཞེས་བཤད་པའི་ཕྱིར་ཁྱབ་པའི་དོན་དུ་ཡིན་
ནོ། །དེས་ན་མ་བསལ་བ་ཡང་ཁྱབ་པ་ཡིན་ནོ། །དེས་སྨྲས་པ་ནི་མ་བསལ་བ་དང་བཅས་པ་དག་ཅེས་བྱ་བའོ། །གལ་ཏེ་མ་བསལ་བའི་ཚིག་མ་བྱས་པ་ནི་འདོད་པ་སྨོས་པས་ནི་དེ་ཡང་ཁྱབ་པར་འབྱུང་བ་ཡིན་ནོ། །མ་བསལ་བའི་ཚིག་དང་ལྷན་ཅིག་ཡིན་ན་སྲིད་པར་ག་ལ་འགྱུར། དེས་ན་གལ་ཏེ་
བསྟན་བཅོས་ལས་མཐོང་བའི་དོན་ཡང་བསྒྲུབ་པར་བྱ་བ་ཡིན་ནི། དེ་རང་ཉིད་ཀྱི་ཚིག་དང་བྲལ་བའི་མཚན་ཉིད་དེ་ཙམ་གྱིས་རྟོགས་པའི་ཕྱིར་གཞན་གྱིས་ཅི་བྱ། དེ་ལ། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་མེད་ཉིད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་
เล่ม ๑๗๙ · หน้า 171a
ཉིད་འཇུག་པ་མེད་ཕྱིར་རོ། །འདིར་ནི་དེ་ཁོ་ནའི་དོན་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་ཁས་བླངས་པ་ཕྱོགས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསལ་བ་ལ་སོགས་པ་དག་ཀྱང་ཁས་བླངས་པ་ཡིན་པའི་ཕྱིར་དེ་དག་ཀྱང་ཕྱོགས་སུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། བསལ་
བ་གནོད་པའི་ཕྱིར་དང་། གྲུབ་པ་ལ་སོགས་པ་ལྷག་མ་ལ་མཚན་ཉིད་མི་འཇུག་པའི་ཕྱིར། འདོད་པ་ཉིད་ལ་མཚན་ཉིད་འཇུག་གི །གཞན་དུ་ནི་མ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ། འདི་བསྟན་པས་ཅི་ཞིག་བྱ། འདིར་ཅི་ཞིག་བསྒྲུབ་ཅེས་བསྒྲུབ་པ་བསྟན་པ་ཡིན་ནོ་ཞེ་ན། མ་གྲུབ་སྒྲུབ་བྱེད་མིན་དོན་
བརྗོད། །རྒོལ་བས་ཁས་བླངས་པ་གཟུང་ངོ་། །ཞེས་བསྒྲུབ་པར་སྔར་ཉིད་བསྟན་ཟིན་པ་ཡང་མ་ཡིན་ནམ། དེ་ཉིད་ཀྱི་མཇུག་བསྡུ་བ་ཡིན་ནོ་ཞེས་ཀྱང་རྒྱས་པ་མ་ཡིན་ཏེ། གང་ཞིག་འདིར་ནི་དོན་འདི་ཡིན་ནོ་ཞེས་བསྟན་ཟིན་པ་དེ་ལ་མཇུག་བསྡུ་བས་ཅི་ཞིག་བྱ། གཞན་དག་སྨྲས་པ་ནི་ཕྱོགས་ཀྱི་མཚན་
ཉིད་བྱས་པ་འདི་ནི་རྣམ་འགྲེལ་བྱེད་པ་ཉིད་ཀྱིས་ཡིན་ནོ། །འདི་ལྟར། རྣམ་འགྲེལ་གྱི་མཚན་ཉིད་ནི་མདོ་རྣམས་ལ་མི་རིགས་པར་བརྒལ་བ་དང་། དེའི་ལན་དང་ཁྱད་པར་བརྗོད་པ་ཡིན་ཏེ། དེས་ན་འདི་ནི་ཁྱད་པར་བརྗོད་པ་ཡིན་ནོ་ཞེས་སོ། །དེ་ཡང་མ་ཡིན་ཏེ། བསྒྲུབ་པར་བྱ་བར་ཁས་བླངས་པ་ཞེས་བྱ་
བས་ནི་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་དང་། བསྟན་བཅོས་བྱེད་པའི་འདོད་པས་མ་བཟློག་པ་ཉིད་དོ། །འོན་ཏེ་སྒྲུབ་པར་བྱེད་པ་ཉིད་དུ་ཞེས་འཆད་པར་བྱེད་པ་ཡིན་ཏེ། སྒྲུབ་བྱེད་ཉིད་དུ་འདོད་པ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་ནོ་ཞེ་ན་དེ་ཡང་མ་ཡིན་ཏེ། དེ་ནི་བསྒྲུབ་པར་བྱ་བ་ཉིད་དུ་ཡང་འདོད་པ་ཁོ་
ནའོ། །འོན་ཏེ་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་ཁས་བླངས་པ་ཞེས་ངེས་པར་བཟུང་བ་ཡིན་ན། དེའི་ཚེ་དེ་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་བཟློག་པའི་དོན་ཡིན་པའི་ཕྱིར་མ་བརྗོད་ཀྱང་། འདོད་པས་ཁྱབ་པ་བསྒྲུབ་བྱར་མི་འགྱུར་རོ། །འོ་ན་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་པ་ནི་ཕྱོགས་ཁོ་ནའོ་ཞེ་ན་དེ་ལྟ་ཡིན་
ན། སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་ཁས་བླངས་པ་ཕྱོགས་པ་ཉིད་དུ་གྱུར་པས་ད་ནི་གཉི་ག་མི་སྲིད་པ་མ་ཡིན་ཏེ། འདི་མིང་གཅིག་གི་དབང་དུ་བྱས་པ་མ་ཡིན་ནོ། །བསྟན་བཅོས་བྱེད་པའི་འདོད་པ་ཡང་འགྱུར་ཏེ། དེ་ལ་ཡང་ཁས་བླངས་པ་ཡོད་པའི་ཕྱིར་རོ། །འོན་ཏེ་
เล่ม ๑๗๙ · หน้า 171b
ཉེ་བའི་ཕྱིར་རྒོལ་བ་ཉིད་ཀྱིས་ཁས་བླངས་པ་ཐོབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། བསྟན་བཅོས་བྱེད་པའི་འདོད་པ་ཡང་རྒོལ་བས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་ཁྱབ་པའི་རིགས་པས་ཞེས་ཅི་སྟེ་ཁས་མི་ལེན། བློས་བྱས་པའི་ཉེ་བ་བསྟན་བཅོས་བྱེད་པའི་འདོད་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཉེ་བ་
ཉིད་ནི་མ་ངེས་པ་ཡིན་ནོ། །བསལ་བ་བསྒྲུབ་པར་བྱ་བར་ཁས་བླངས་པར་ཡང་འགྱུར་རོ། །གལ་ཏེ་བསལ་བས་ནི་གནོད་པས་བསྒྲུབ་པར་བྱ་བར་ཁས་བླངས་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་འོས་པས་ན་བསྒྲུབ་བྱ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་
བཅས་པའི་ཞེས་བྱ་བ་འདི་ཡང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །མཚན་ཉིད་ཀྱི་རྗེས་སུ་འབྲང་བས་ན་ཅི་ལྟར་འོས་པ་དང་མི་འོས་པ་རིག །དེའི་ཕྱིར་དེ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་འོ་ན་འདི་ནི་རིགས་པའི་སྒོ་ནས་ཕྱོགས་ཀྱི་མཚན་ཉིད་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་འགལ་བའི་དོན་གྱིས་
མ་བསལ་བ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའོ། །དེ་ལ་འདི་ལྟར་བརྗོད་དེ། གལ་ཏེ་རང་གི་ཚིག་ཕྲད་དང་ངོ་བོའི་སྒྲ་དག་ལྡོག་པ་སེལ་བར་བྱེད་པ་ཡིན་ན། རིགས་པའི་སྒོ་ལ་དེ་མེད་པའི་ཕྱིར་ཅི་ལྟར་ལྡོག་པ་བཀག་པར་འགྱུར་ཞེ་ན། བསྒྲུབ་བྱར་ཁས་བླངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེར་ཡང་བསལ་བ་
གནོད་པའི་ཕྱིར་དང་། ལྷག་མ་ལ་ཕྱོགས་ཀྱི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་སྐྱོན་མེད་དོ། །འདོད་པར་འགྱུར་བ་ཞེས་བྱ་བ་ནི་བྱུང་བར་གྱུར་པའི་དུས་བརྗོད་པ་ནས་སྟའི་རྐྱེན་ཉིད་ཡིན་པས་བསྒྲུབ་བྱ་ཉིད་དུ་འདོད་པར་འགྱུར་བ་ལ་མི་འཇུག་པ་ན་དེ་ཉིད་ཀྱིས་དེ་བཟློག་པའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་
དེ་ལྟ་ན་འདོད་པ་སྨོས་པས་སྒྲུབ་པར་བྱེད་པར་བཀོད་པ་བསལ་བས། ཚིག་ཕྲད་སྨོས་པ་དོན་མེད་དོ་ཞེ་ན། དེ་ནི་བདེན་ཏེ། རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་བཟུང་དོན་ནི་རྟོགས་ན་ཡང་། །བྱེད་པའི་མཐའ་དང་འབྲེལ་པའི་ཕྱིར། །དུས་གཞན་བཅད་ཕྱིར་བཤད་པ་ཡིན། །གལ་ཏེ་གཙོ་བོར་འགྱུར་
བའི་བྱེད་པ་པོའི་མཐའ་དང་འབྲེལ་པ་མ་ཡིན་ན་ནི་རང་ཉིད་འདོད་པ་ཞེས་བྱ་བས་དུས་གཞན་གཅོད་པར་འགྱུར་བ་ཞིག་ན། འབྲེལ་པ་ཡིན་པ་དེས་ན་དུས་གཞན་དུ་འདོད་པས་ཡུལ་དུ་བྱས་པ་ཡང་ཕྱོགས་ཉིད་དུ་འགྱུར་རོ། །གལ་ཏེ་དེ་ལྟ་ན་ནི་རིགས་པའི་སྒོར་ཡང་དེ་བཟློག་པའི་ཕྱིར་ཚིག་ཕྲད་སྨོས་
เล่ม ๑๗๙ · หน้า 172a
པ་དེ་བྱ་བར་འགྱུར་རོ་ཞེ་ན། འདི་ལ་སྨྲས་པ། འདོད་རྐྱེན་འདིར་ནི་ཡན་ལག་མིན། །འདོད་པར་གྱུར་པའི་ཚིག་དག་ལ། །ཡན་ལག་ཡིན་ཏེ་དེ་ཡིས་ནི། །གཏན་ཚིགས་མ་གྲུབ་ལ་སོགས་འགོག །ཚད་མ་ཀུན་ལས་བཏུས་པ་འདིར། །བསྟན་པར་བྱ་བ་ནི་ཕྱོགས་ཡིན་ནོ། །
ཅི་ལྟར་འགྱུར་བ་ཞེ་ན། འདོད་པར་གྱུར་པ་ཞེས་བྱེད་པའི་མཐའ་གཙོར་འགྱུར་བ་ཡིན་ཏེ། དེས་ན་དུས་གཞན་དང་འབྲེལ་པར་འགྱུར་རོ། །དཔེར་ན་ལྷས་བྱིན་འོངས་པ་མཐོང་བར་འགྱུར་རོ་ཞེས་བྱ་བ་བཞིན་ནོ། །དེས་ན་ངེས་པར་བཟུང་བས་དུས་གཞན་དུ་འདོད་པ་གཅོད་པ་ཡིན་ནོ། །འདོད་རྐྱེན་
འདིར་ནི་ཡན་ལག་མིན། །དེས་ན་འདོད་འགྱུར་ཚིག་དག་ལ། །ཡན་ལག་ཉིད་ཡིན་ཞེས་བྱ་བའི་བཟློག་པ་དང་འབྲེལ་པ་ཡིན་ཏེ། འདོད་པར་གྱུར་པའི་ཚེ་གང་དག་ནི་ཡན་ལག་མ་ཡིན་ཏེ། གཙོ་བོ་ཉིད་ཡིན་པ་འདིར་ཡན་ལག་ཡིན་ནོ་ཞེས་བྱ་བ་བཤད་པར་བྱའོ། །ཡང་ན་ཚད་མ་ཀུན་ལས་བཏུས་པ་འདིར་
ནི་འབྱུང་བའི་དུས་སུ་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ལ། རིགས་པའི་སྒོར་འདོད་པར་བྱེད་པའི་ཚིག་ལ་ནི་ཡན་ལག་ཉིད་ཡིན་པས་ན། སྟའི་རྐྱེན་དེས་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་འགོག་པ་ཉིད་དོ། །དེས་ན་འདིར་ཚིག་ཕྲད་མ་སྨོས་སོ། །དེའི་ཕྱིར་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་
བ་ཡིན་པའི་ཕྱིར་ནི། རང་ཉིད་སྨོས་པ་མ་ཡིན་ལ། བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་ཀྱང་མ་ཡིན་ཏེ། སྔར་བཤད་པའི་རིགས་པ་ཉིད་ལས་སོ། །རྗོད་བྱེད་མིན་ཕྱིར་ཡང་མི་རིགས། །དེ་རང་བདག་ཉིད་ཀྱིས་འདོད་དེ། །བསྟན་བཅོས་ཀུན་ལ་ལྟོས་མེད་པར། །དེ་འདོད་པ་ནི་བསྒྲུབ་བྱ་ཉིད། །
བསྟན་བཅོས་གང་འགའ་ཞིག་ཏུ་བདག་ཉིད་གནས་པར་བྱ་བ་དང་། རང་ཉིད་རབ་ཏུ་གྲུབ་པ་ནི་ཆོས་ཅན་ཡིན་ནོ་ཞེས་བྱ་བར་ནི་རང་ཉིད་སྨོས་པས་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་མི་འཐད་དེ། དེ་རང་བདག་ཉིད་ཀྱི་འདོད་པ་ཡིན་གྱི། འཆད་པ་པོ་གཞན་གྱི་འདོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་མཐའ་
དག་ལ་མེ་ལྟོས་པར་དེའི་འདོད་པ་བསྒྲུབ་བྱ་ཉིད་དོ། །དེས་ན་མི་འདོད་དང་འབྲེལ་བའི། །འདོད་པ་ལ་ཡང་གནོད་པ་ནི། །ཅི་ལྟར་སྒྲུབ་ལ་གནོད་མེད་ཕྱིར། །ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཉིད། །དེས་ན་འགའ་ཞིག་བསྒྲུབ་པ་ན། །བསྟན་བཅོས་བྱེད་པའི་འདོད་པ་དང་འབྲེལ་པ་ལ་གནོད་ཀྱང་།
เล่ม ๑๗๙ · หน้า 172b
བསྒྲུབ་བྱ་ཅི་ལྟ་བ་ལ་གནོད་པ་མེད་པའི་ཕྱིར་ཕྱོགས་དང་གཏན་ཚིགས་སྐྱོན་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་པའི་སྐྱོན་ལ་ནི་སུན་འབྱིན་པ་བརྗོད་པ་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་བྱེད་པ་འདོད་པ་ལ་གནོད་ན་བསྒྲུབ་པ་དེས་ཅི་ཞིག་བྱ་སྟེ་ནུས་པ་ཉམས་པའི་ཕྱིར་རོ་ཞེ་ན། འདི་ལ་ནི་བསྟན་བཅོས་ལ་ལར་འགལ་ཞེས་
བརྗོད་ཟིན་ཏོ། །གཞན་ཡང་། ཐམས་ཅད་རླག་པར་འགྱུར་བ་ལས། །ཅུང་ཟད་ཅིག་ནི་ཐོབ་པ་བླ། །བུམ་པ་ཁྲོན་པར་ལྷུང་བས་ན། །ཐག་པའང་སྐྱུར་བར་རིགས་མ་ཡིན། །དེའི་ཕྱིར། རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དག །ལྡོག་པ་ལ་ནི་གནོད་བྱེད་ཡིན། །ཞེས་བྱ་བ་བཤད་པ་
ཡིན་ནོ། །དེ་ལས་མ་བསལ་བའི་ཚིག་ལུས་པས་དེ་འཆད་པ་ནི། ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་དགག་མེད་ཡིན་པར་འདོད། །འདི་ལ་རིགས་པ་ཅི་ཡོད་ཅེ་ན།། །།བམ་པོ་ལྔ་པ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཚད་མ་གཅིག་གིས་ཕྱིན་ཅི་ལོག་ཏུ་བསྒྲུབས་པས་ན་དེ་མེད་ན་ནི་
ཚད་མ་གཏན་ཚིགས་ཀྱི་རྟེན་མ་ཡིན་ནོ། །དེས་སྨྲས་པ་ནི། བསལ་བ་གཏན་ཚིགས་རྟེན་མ་ཡིན། །གལ་ཏེ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོད་ན་ཅིའི་ཕྱིར་ཕྱོགས་མ་ཡིན། དེ་སྟེ་མ་ཡིན་ན་དེའི་ཚེ་གཏན་ཚིགས་ཀྱི་ཉེས་པར་འགྱུར་བས། མ་བསལ་བ་སྨོས་པས་ཅི་ཞིག་བྱ་ཞེ་ན། དེ་ནི་བདེན་མོད་ཀྱི་
འོན་ཀྱང་ཕྱོགས་ཀྱི་ཉེས་པས་དང་པོ་ཉིད་དུ་བསལ་བས་ན་གཏན་ཚིགས་ཀྱི་སྐྱོན་ལ་ཅི་ནས་ཀྱང་མི་ལྟོས་པར་འགྱུར་བར་བྱ་བའི་ཕྱིར་ཡིན་ནོ། །དེས་ན་འདི་ནི་ཕྱོགས་ཀྱི་སྐྱོན་ཉིད་དེ། དེ་ཙམ་ལ་འགྱུར་བའི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་བསལ་བ་ལ་ནི་སྒྲུབ་པར་བྱེད་པ་འགའ་ཞིག་
ལ་ལྟོས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་སྒྲུབ་པར་བྱེད་པ་དེ་ལ་ཡང་ཡིད་ཆེས་པ་མེད་པར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ཀྱི་ཡུལ་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །ཐེ་ཚོམ་གྱིས་ནི་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་པ་ཙམ་ཞིག་མཚོན་པ་ཡིན་གྱི། ཐེ་ཚོམ་མངོན་དུ་གྱུར་པ་ཉིད་ནི་མ་ཡིན་
ཏེ། ཐེ་ཚོམ་མངོན་དུ་མ་གྱུར་ཀྱང་རྗེས་སུ་དཔག་པ་ལ་གློ་བུར་དུ་མ་རྟོགས་པ་ཉིད་དོ། །ཡང་ན་གང་ལ་ཐེ་ཚོམ་བསྐྱེད་པར་ནུས་པ་ཡོད་པ་དེར་གཏན་ཚིགས་ཀྱི་ཡུལ་ཉིད་ཡིན་པར་འགྱུར་ཏེ། སྒྲུབ་པ་དང་གནོད་པར་བྱེད་པའི་ཚད་མ་དག་གིས་རང་གི་ངོ་བོ་དང་དེ་ལས་བཟློག་པ་དག་ཏུ་ངེས་པ་ནི་མ་ཡིན་ནོ། །
เล่ม ๑๗๙ · หน้า 173a
གལ་ཏེ་ཚད་མ་དག་གིས་མི་གནོད་པ་གཏན་ཚིགས་བརྗོད་པའི་ཡུལ་ཡིན་ན་དེ་ལྟ་ན་གནོད་པ་རྣམ་གཉིས་ཡིན་པའི་ཕྱིར། ཅི་ལྟར་སློབ་དཔོན་གྱིས་རྣམ་པ་བཞིར་བསྟན་ཞེ་ན། འདིར་བརྗོད་པ། རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམ་བཞིར་བཤད། །རྗེས་སུ་
དཔག་པའི་གནོད་པ་ནི་རྣམ་པ་གསུམ་དུ་བསྟན་པ་བཞི་པ་ནི་མངོན་སུམ་གྱིས་གནོད་པ་ཡིན་པའི་ཕྱིར་གནོད་པ་རྣམ་པ་བཞིར་བསྟན་གྱི་གནོད་པར་བྱེད་པའི་གནོད་བྱེད་རྣམ་པ་གཉིས་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ལུང་དང་གྲགས་པ་དག་གིས་གནོད་པ་ཡང་རྟགས་ཉིད་ལས་ཡིན་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་རྗེས་
སུ་དཔག་པའི་དབྱེ་བར་མི་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། འདི་ལྟར་དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཡིད་ཆེས་པའི་ཚིག་ནི་འབྲས་བུ་དང་མཐུན་པ་ཡིན་ལ། གྲགས་པ་ནི་རང་བཞིན་དང་མཐུན་པ་ཡིན་ནོ། །ཅིའི་ཕྱིར་རྟགས་འདི་དངོས་ཉིད་མ་ཡིན་ཞེ་ན། བཤད་པ།
ཡང་དག་ངེས་ལྡན་བརྗོད་འདོད་པ། །བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཕྱིར་ན་རང་གི་ཚིག་དང་ནི། །བསྟན་བཅོས་གཅིག་ཏུ་བཤད་པ་ཡིན། །ཚད་མས་གྲུབ་པའི་ཡིད་ཆེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། ཕ་རོལ་པོ་ཉེས་པ་ཐམས་ཅད་དང་བྲལ་བ་ནི་ཐམས་ཅད་མཐོང་བ་མ་ཡིན་པས་རྟོགས་
པར་མི་ནུས་པའི་ཕྱིར་ཏེ། ཐ་སྙད་འཆོལ་བས་རྗེས་སུ་དཔག་པ་ལས་ཀྱང་ངེས་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་མེད་པས་ཡིད་ཆེས་པར་ཁས་བླངས་པ་ཡིད་ཆེས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་པའི་ཕྱིར་ན་གང་མཚུངས་པར་བསྟན་པའི་དོན་དུ་རང་གི་ཚིག་དང་ལྷན་ཅིག་ཏུ་སྨོས་པར་བྱས་སོ། །
འདི་ལྟར། དེ་ལྟར་བདག་ནི་ཚད་མིན་ན། །ཚིག་འདི་འཇུག་པར་མི་འགྱུར་བར། །དེ་བཞིན་བསྟན་བཅོས་གྲགས་དོན་ལ། །དེར་བསྟན་མིན་ན་དཔྱོད་པ་ཡང་། །གལ་ཏེ་བདག་ཉིད་ཚད་མར་ཁས་མི་ལེན་ན་ནི་ཚིག་མི་འཇུག་པ་ཉིད་དུ་ཐལ་བར་འགྱུར་རོ། །དཔེར་ན་སྨྲས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་
བྱ་བ་ལ། གལ་ཏེ་བདག་གིས་ནི་ཐམས་ཅད་བརྫུན་ཉི་ཚེ་བརྗོད་པ་ཡིན་ནོ་ཞེས་ཁྱོད་ཀྱིས་ཁས་ལེན་པ་ཡིན་ན་ནི་དེའི་ཚིག་ལས་ནི་རྟོགས་པར་བྱ་བ་ཡིན་ཏེ། ངའི་ཚིག་ལས་ནི་ཅུང་ཟད་ཀྱང་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པར་འགྱུར་རོ། །དེ་ལྟ་ན་ནི་བདག་ཉིད་དུ་ཁོ་བོ་ཅག་ངལ་བར་བྱས་ནས་ཏེ། དོན་
เล่ม ๑๗๙ · หน้า 173b
དེ་ནི་མ་བརྗོད་ཀྱང་གྲུབ་པའི་ཕྱིར་རོ། །གང་ཡང་མཁས་པའི་རྟོགས་པས་བསྒྱུར་བའི་བློ་ཅན་གྱིས་བརྗོད་པ་དེ་ཡང་གསལ་བ་ཉིད་དེ་ཇི་སྐད་དུ་སྨྲ་བ་ཐམས་ཅད་བརྫུན་ཡིན་ནོ་ཞེས་བྱ་བ་དེ་ནི་འགོག་མིན་ཏེ། གལ་ཏེ་དེ་ཡང་འགོག་ན་ནི། །སྐབས་ཀྱི་དོན་མི་འགྲུབ་མི་འགྱུར། །ཞེའོ། །འདི་ལྟར་དུས་
གསུམ་འགོག་པ་ལ་ཡང་ནི་ཚིག་འདི་འབྲེལ་པ་ཉིད་མ་ཡིན། ཚིག་འདི་ཚད་མ་མ་ཡིན་ན། བརྐུས་ནས་བོར་བར་འགྱུར་བ་ཡིན། །གལ་ཏེ་བརྗོད་པ་ཐམས་ཅད་བརྫུན་པ་ཡིན་པ་དེ་ལྟར་བསྟན་པ་ཡིན་ན་རང་གི་ཚིག་དང་འགལ་བ་ལས་མི་འཐད་པ་ཉིད་དོ། །ཚིག་འཇུག་པས་བདག་ཉིད་ཚད་མར་
གྱུར་པར་ཁས་བླངས་པ་ཡིན་པ་དེས་ན་ཇི་ལྟར་དེ་ཚད་མ་མ་ཡིན་པར་སྟོན། ཕྱིས་འགྱོད་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་ཡང་འགལ་བ་ཉིད་དེ་མ་བསྟན་པ་ཉིད་བླ་སྟེ། བདག་ཉིད་དུབ་པས་ཅི་བྱ། མ་དཔྱད་པར་བྱས་པ་ཡིན་ནོ། །འདི་ཉིད་སྐྱོན་ཏེ་བརྟགས་པ་ལ་སོགས་པ་ཡིན་ནོ། །འོན་ཏེ་བརྫུན་སྨྲའོ་ཞེས་
བྱ་བ་འདི་ད་ལྟར་དང་མ་འོངས་པ་འགོག་པ་ཡིན་ནོ་ཞེ་ན། དེའི་ཚེ་ཡང་བརྗོད་པ་འདིས་ཅི་བྱ། འབྱུང་བར་འགྱུར་བ་ལ་ནི། ཉན་པ་ཉིད་མེད་པས་ཅིའི་དོན་དུ་བརྗོད། ཛབ་མཁན་གྱི་ཛབ་ཚིག་དང་འདྲ་བས་སྐྱོན་མེད་དོ་ཞེ་ན། །མ་ཡིན་ཏེ་རྩོད་པའི་སྐབས་ཡིན་པའི་ཕྱིར་རོ། །རྩོད་པའི་དོན་ནི་དངོས་པོ་ལ་གཏན་
ལ་ཕེབས་པ་ཡིན་ནོ། །དེས་ན་དེའི་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་ཁས་མ་བླངས་ན་བསྟན་བཅོས་ལས་གྲགས་པའི་དོན་ལ་དཔྱོད་པ་ཡང་མི་འཛུག་པས་ན་བསྟན་བཅོས་དང་ཚིག་དག་ནི་མཚུངས་པ་ཉིད་དོ། །མཚུངས་པར་བསྟན་ཕྱིར་བསྟན་བཅོས་དེའི། །སྐབས་རྟེན་ཉིད་ན་གནོད་བྱེད་ཅེས། །དོན་འདི་
བསྟན་པའི་ཆེད་དུ་འདི། །རང་གི་ཚིག་དང་ལྷན་ཅིག་བཤད། །གལ་ཏེ་བསྟན་བཅོས་ཁས་མ་བླངས་ན་ཅི་ལྟར་དེའི་དོན་ལ་དཔྱོད་གལ་ཏེ་བསྟན་བཅོས་མེད་ན་ཆོས་ཅན་ཉིད་མེད་པར་འགྱུར་བའི་ཕྱིར་དཔྱོད་པ་མི་འཇུག་པ་ཡིན་ན་དེའི་ཚེ་བསྟན་བཅོས་གནོད་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་
ཕྱིར་ལྷན་ཅིག་བཤད་དོ། །ལྷན་ཅིག་བཤད་པ་མ་ཡིན་པ་ནི་ཕ་རོལ་པོ་དག་བསྟན་བཅོས་རང་གི་ཚིག་པས་ནུས་པ་ལྷག་པར་འདོད་པའི་ཕྱིར་དེ་ལྟ་བུ་ཉིད་དུ་འགྱུར་རོ། །དེས་ན་འདི་ལ་དཔེ་དག་ཀྱང་། །མཚུངས་པ་ཉིད་དུ་བསྟན་པ་ཡིན། །ཚད་མ་རྣམས་ནི་ཡོད་མིན་ན། །བསྟན་བཅོས་ཚིག་ནི་རུང་ཕྱིར་རོ། །
เล่ม ๑๗๙ · หน้า 174a
དེ་ཉིད་ཀྱི་ཕྱིར་མཚུངས་པར་བསྟན་པའི་དོན་དུ་དཔེ་འདྲ་བར་བཤད་དེ། ཚད་མ་སྤོང་ན་བསྟན་བཅོས་དང་ཚིག་མི་འཐད་པའི་ཕྱིར་རོ། །ཚད་མ་འགོག་ན་བསྟན་བཅོས་ཀྱང་ཚད་མར་མི་འགྱུར་བའི་ཕྱིར་ཅི་ཞིག་ཁས་ལེན་ཏེ། དེས་ན་ཕན་ཚུན་འགལ་བ་ཙམ་ཉིད་དུ་འགྱུར་རོ། །རང་
གི་ཚིག་འགལ་མ་གསལ་བའི། །ལུང་ལ་ཕྱོགས་ཙམ་བསྟན་པ་ཡིན། །དེ་ལ་མ་འོངས་པ་ན་ཆོས། །བདེ་བ་མི་སྒྲུབ་ཅེས་བྱ་ཡིན། །གལ་ཏེ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་བསྟན་བཅོས་དང་འགལ་བ་ཡིན། ཚད་མའི་ཆོས་ཅན་ནི་བསྟན་བཅོས་ཉིད་ལས་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཚད་
མ་འགའ་ཡང་མེད་པ་མ་ཡིན་ན་ཆོས་ཅན་ལ་སོགས་པ་ག་ལས་འགྲུབ་པར་འགྱུར་ཏེ། དེས་ན་རང་གི་ཚིག་དང་འགལ་བ་ཡིན་ནོ། །ཅི་སྟེ་འགའ་ཞིག་གྲུབ་པར་ཁས་ལེན་ན། གང་ལས་དེ་གྲུབ་པ་དེ་ཉིད་ཚད་མར་འགྱུར་ཏེ། གཞལ་བྱ་བསྒྲུབ་པ་ནི་ཚད་མ་ཉིད་ལས་ཡིན་པའི་ཕྱིར་རོ། །ཚད་མ་མེད་ན་ནི།
འགའ་ཡང་ཤེས་པ་མེད་དོ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །དེས་ན་འདི་བསྟན་བཅོས་དང་འགལ་བ་ནི་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་ཁས་མ་བླངས་པས་སྨྲ་ན་འགྱུར་བ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །བསྟན་བཅོས་ཁས་བླངས་སོ་ཞེས་ཅི་ལྟར་རྟོགས་པར་བྱ་ཞེ་ན། འདི་ནི་བདེན་ཏེ་དེ་ཉིད་ཀྱི་ཕྱིར་འདིར་
བསྟན་བཅོས་དང་འགལ་བ་ལ་བསལ་བའི་དཔེ་མ་ཡིན་ཏེ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། རྣམ་འགྲེལ་བྱེད་པས་བསལ་བའི་དཔེ་བཤད་པ་ནི། མ་འོངས་པ་ན་ཆོས་བདེ་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །རྣམ་པ་འདི་ལྟ་བུའི་ཡུལ་ལ་ནི་གདོན་མི་ཟ་བར་བསྟན་བཅོས་ཁས་བླངས་པར་བྱ་བ་
ཡིན་པའི་ཕྱིར་འདི་ཉིད་བསྟན་བཅོས་དང་འགལ་བ་ལ་བསལ་བའི་དཔེ་ཡིན་ནོ། །དེའི་ཕྱིར་འདིར་རང་གི་ཚིག་བཞིན་དུ་ཕན་ཚུན་འགལ་བ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་གང་དུ་ཆོས་ཅན་ཚད་མས་གྲུབ་པ་དེར་བསྟན་བཅོས་ཁས་བླངས་པས་གནོད་པར་བྱེད་པ་ཉིད་དེ་ཚད་མ་ཡིན་པའི་ཕྱིར་རོ། །བསྟན་བཅོས་
ལ་ཡང་གྲུབ་པའི་ཆོས་ཅན་ལ་ནི་དེ་ཁས་བླངས་པ་དེའི་དབང་ཉིད་ཀྱིས་དེའི་གནོད་པར་བྱེད་པར་འགྱུར་རོ་ཞེ་ན། འདིར་བཤད་པ། དེ་ལ་བརྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང་། །གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །བསྟན་བཅོས་
เล่ม ๑๗๙ · หน้า 174b
དང་རང་གི་ཚིག་དག་ནི་ཁས་བླངས་པ་ཐམས་ཅད་ཚད་མས་གྲུབ་པའི་ཕྱིར་ཁྱད་པར་གཞན་ནི་གཅིག་ཀྱང་མེད་དོ། །དེས་ན་གཉི་ག་ཡང་སྟོབས་མཚུངས་པའི་ཕྱིར་གེགས་ཉིད་ཡིན་གྱི། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ནི་མ་ཡིན་ནོ། །དཔེར་ན་རང་གི་ཚིག་བཞིན་ཏེ། །དེ་ཡང་དེ་ཚེ་རང་
ཚིག་དག །དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །དེ་ལྟ་མིན་ན་རིགས་བྲལ་གྱི། །དམ་བཅའ་ནུས་པ་མཚུངས་པ་ཡིས། །དམ་བཅའ་ཅི་བཞིན་དོན་ཅན་གྱི། །རྗེས་དཔག་ལ་ནི་ཅི་ལྟར་གནོད། །ལུང་རྣམས་ཚད་མ་ཡིན་པ་ནི། །སྔར་ཉིད་རྣམ་པར་བཟློག་པ་ཡིན། །དེ་ཡི་
ཕྱིར་ན་ཁས་བླངས་ནས། །དཔྱོད་པ་དག་ལ་སྐྱོན་འདི་འདོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །དེས་ན་གནོད་ཕྱིར་རྗེས་དཔག་ལ། །ཁས་བླངས་ཕྱི་རོལ་འགྱུར་མིན་ཡང་། །ཡུལ་གྱི་ཁྱད་པར་བསྟན་པ་ཡིན། །ཕྱིར་ན་ཐ་དད་བྱས་པ་ཡིན། །དེ་ཉིད་ཀྱི་ཕྱིར་གནོད་པར་བྱེད་པར་ཁས་
བླངས་པའི་ཕྱིར་ལུང་རྗེས་སུ་དཔག་པ་ལས་ཕ་རོལ་དུ་འགྱུར་བ་མ་ཡིན་ཡང་། ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པར་བྱས་སོ། །རྗེས་སུ་དཔག་པ་ནི་གནོད་པར་བྱེད་པ་ཉིད་ཡིན་ལ་བསྟན་བཅོས་ནི་གེགས་བྱེད་པ་ཉིད་དོ། །གེགས་བྱེད་པ་དེ་ཡང་ཁས་བླངས་པ་ཡིན་གྱི་གཞན་དུ་ནི་མ་
ཡིན་ནོ། །དེ་ལྟ་མིན་ན་ཐལ་ཆེས་པའམ། །ལོགས་ཤིག་བྱས་པ་དོན་མེད་འགྱུར། །རང་གི་ཚིག་ཀྱང་ཐ་དད་པ། །ཚིག་ཙམ་བརྗོད་ལ་གེགས་བྱེད་ཡིན། །གལ་ཏེ་དགོས་པ་མེད་ཀྱང་རང་གི་ཚིག་དང་བསྟན་བཅོས་ཀྱི་ཚིག་དག་རྗེས་སུ་དཔག་པ་ལས་ཐ་དད་པར་བྱེད་པ་ཡིན་ན་ནི། །དོན་མེད་པའི་ཕྱིར་སྨྲ་བ་པོ་མི་
མཁས་པར་འགྱུར་རོ། །འོ་ན་ནི་རིགས་པའི་སྒོར་རང་གི་ཚིག་དང་ཁས་བླངས་པ་དང་འགལ་བ་དག་ཅི་ལྟར་ཕན་ཚུན་ཐ་དད་པར་བྱས་ཏེ། གལ་ཏེ་ཅི་ལྟར་སྨྲ་བ་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་ལྟ་བུར་ཁས་བླངས་པའི་དོན་བརྗོད་པའི་རང་གི་ཚིག་གིས་གནོད་པའམ། དཔེར་ན་འུག་པ་ལ་སྒྲ་རྟག་གོ་ཞེས་བསྒྲུབ་པ་
ལྟ་བུར་སྔར་ཁས་བླངས་པས་གནོད་པ་ཡིན་ནོ་ཞེས་ཏེ། ཡུལ་ཐ་དད་པར་མེད་ན་ནི་སོ་སོར་བསྟན་པ་དོན་མེད་དོ་ཞེ་ན། བདེན་ཏེ་ཐ་དད་པ་མེད་པ་ཁོ་ནའོ། །དེ་ལྟ་མོད་ཀྱི་སྔར་གཞག་པའི་ཕྱིས་ཉམས་པར་བྱེད་པ་ནི་ཁས་བླངས་པ་དང་འགལ་བ་ཡིན་ལ། ངག་དེ་ཉིད་རང་གི་དོན་ཉམས་པར་བྱེད་པ་ནི། རང་གི་ཚིག་
เล่ม ๑๗๙ · หน้า 175a
དང་འགལ་བ་ཡིན་ནོ། །དེ་ཡི་བསྟན་བཅོས་ཚད་མར་ནི། །ཁས་བླངས་ཕྱིར་ན་དངོས་ཀུན་ལ། །གནོད་བྱེད་ཅེ་ན་གལ་ཏེ་དེ། །མིན་འདོད་གནོད་བྱེད་ཡིན་ནམ་ཅི། །རང་ཚིག་འགལ་ན་རང་ཚིག་དང་། །བསྟན་བཅོས་འགལ་ཐ་དད་མེད་འགྱུར། །གལ་ཏེ་དེ་མི་འདོད་ན་ཅི་གནོད་
པར་བྱེད་པ་ཡིན་ནམ། གལ་ཏེ་མ་ཡིན་ནོ་ཞེ་ན། དེས་འདོད་ན་ཡང་གནོད་པར་བྱེད་པར་ཅི་ལྟར་འགྱུར། འདོད་པ་ཚད་མ་མ་ཡིན་ན་ནི་ཚད་མར་བྱེད་པ་ཉིད་མ་ཡིན་ནོ། །སྔར་ཁས་བླངས་པ་ཕྱིས་གཞན་དུ་བྱས་པ་མ་ཡིན་ནོ་ཞེ་ན། བྱས་ན་འགལ་བ་ཅི་ཞིག་ཡོད། རང་གི་ཚིག་དང་འགལ་བ་ཉིད་དོ་ཞེ་ན། དེ་
ལྟ་ན་འོ་ན་རང་གི་ཚིག་དང་འགལ་བར་ཁས་བླངས་པས་ན་རང་གི་ཚིག་དང་འགལ་བ་དང་བསྟན་བཅོས་དང་འགལ་བ་དག་ཐ་དད་པར་མེད་པ་ཉིད་དུ་འགྱུར་ཏེ། བསྟན་བཅོས་དང་འགལ་བ་ལ་མི་འདྲ་བ་མེད་དོ། །སྐྱེས་བུའི་འདོད་པས་བྱས་པས་ན། །འདི་ཚད་ཉིད་ནི་ཡོངས་སུ་རྫོགས། །གལ་ཏེ་སྐྱེས་བུའི་
འདོད་པས་བསྟན་བཅོས་ཚད་མར་བྱས་ན་དེ་ནི་རང་གི་ཚིག་ལ་ཡང་མ་ཚང་བ་མེད་པར་ཡོད་དོ་དེས་ན་རང་གི་ཚིག་ལས་བསྟན་བཅོས་ཁྱད་པར་མེད་དོ། །ཅི་སྟེ་བསྟན་བཅོས་ནི་རང་གི་དོན་བསྒྲུབ་པའི་ཕྱིར་ཁས་བླངས་པས་ན་ཚད་མ་ཡིན་ནོ། །རང་གི་ཚིག་ནི་གཞན་གྱི་དོན་དུ་ཡིན་ཏེ་དེས་ནི་དེ་ཙམ་ཡིན་ཏེ་གཞན་
གྱི་དོན་ལ་ནི་འབད་པ་ཆེན་པོ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་ཡོངས་སུ་བརྟགས་ཡིན་ན། །དེ་ནི་ཚད་མ་གནོད་བྱེད་ཡིན། །གལ་ཏེ་བརྟགས་པར་མི་འཇུག་ན། །རང་གི་ཚིག་ལས་ཁྱད་པར་མེད། །གལ་ཏེ་བརྟགས་ནས་ཁས་བླངས་ན། །དེའི་ཚེ་དོན་དེ་ཚད་མ་ཉིད་ཀྱིས་གྲུབ་
པ་ཡིན་པའི་ཕྱིར་ཚད་མས་གནོད་པ་ཉིད་དོ། །མ་བརྟགས་ན་ནི་དེ་ཚིག་ཙམ་ཉིད་ཡིན་པས་རང་གི་ཚིག་དང་འགལ་བ་བསྟན་བཅོས་དང་ཁྱད་པར་མེད་དོ། །དེས་ན་གྲགས་པ་དོན་དག་ཡང་། །བསྟན་བཅོས་དོར་ན་ཉེས་པ་མེད། །ལྐོག་གྱུར་དག་ལས་བསྟན་བཅོས་ནི། །མི་འདོད་དཔྱོད་པ་ཉིད་མི་འཇུག །ཚད་
མས་རབ་ཏུ་གྲུབ་པའི་ཆོས་ཅན་ལ་དཔྱོད་པ་གེགས་མེད་པའི་བསྟན་བཅོས་འདོར་ཡང་ཉེས་པ་མེད་དོ། །འོན་ཀྱང་ཁས་བླངས་པ་དང་འགལ་བ་འགའ་ཞིག་སྟེ། ཁས་བླངས་པ་འགལ་བའི་ཕྱིར་རོ། །འདི་བསྟན་བཅོས་དང་འགལ་བའི་ཡུལ་བསལ་བ་ནི་མ་ཡིན་ནོ། །བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་ལ་
เล่ม ๑๗๙ · หน้า 175b
ནི་བསྟན་བཅོས་དོར་ན་དཔྱོད་པ་འཇུག་མི་སྲིད་པའི་ཕྱིར་བསྟན་བཅོས་དང་འགལ་བའི་ཡུལ་བསལ་བ་ནི་དེ་ཉིད་ཡིན་ནོ། །བསྟན་བཅོས་མི་འདོད་ན་ནི་དེ་ལ་སེམས་པ་མི་འཇུག་པ་ཁོ་ནའོ། །དེ་ལྟ་ན་བསྟན་བཅོས་ལ་བརྟེན་ནས། ཆོས་ཅན་ལ་སོ་སོར་གཞག་པ་དེས་ན་དེ་གནོད་པ་ཅན་ཡིན་ནོ། །གལ་ཏེ་
བསྟན་བཅོས་ཚད་མ་ཅན་མ་ཡིན་པས་ཇི་ལྟར་སོ་སོར་འཇོག་ཅེ་ན། ཚད་མ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་རང་གིས་ཁས་བླངས་པ་ཁོ་ནས་ཚད་མར་བྱས་པ་ཆོས་ཅན་རྣམ་པར་འཇོག་པར་བྱེད་པ་ཡིན་ལ་ཆོས་གཞན་ལ་ཡང་དེ་ཉིད་ཀྱིས་བསྒྲུབ་པའི་ཕྱིར་རང་གི་ཚིག་དང་འགལ་བ་དང་བསྟན་
བཅོས་དང་འགལ་བ་ཐ་དད་པ་མེད་པར་འགྱུར་རོ། །འདི་ལ་བརྟགས་པ་ཕལ་ཆེར་ནི། །འགལ་བ་བརྗོད་ཡིན་འདི་ལྟ་སྟེ། །ཆགས་སོགས་ཆོས་མིན་ཅ་བ་དང་། །ཁྲུས་ཀྱིས་ཆོས་མིན་དག་འགྱུར་བའོ། །འདི་སྐད་དུ་ཡང་། སེམས་ཀྱི་ནང་ན་གནས་པའི་སྐྱོན། །འཇུག་ངོགས་ཁྲུས་ཀྱིས་དག་མི་འགྱུར། །
དེ་ནི་ལན་བརྒྱར་བཀྲུས་བྱས་ཀྱང་། །ཆང་བུམ་བཞིན་དུ་གཙང་མི་འགྱུར། །ཞེས་བརྗོད་པ་དང་། དེ་བཞིན་དུ་ཡང་བརྗོད་པ་ནི། །རང་གི་སྒོ་ནས་ཀུ་ཤ་འཁྱིལ། །བིལ་བ་ཅན་དང་སྔོན་པོའི་རི། །ཀན་ཁ་ལོ་ཡི་འཇུག་ངོགས་སུ། །ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན། །ཞེས་བྱ་བ་ལྟ་བུའོ། །གལ་ཏེ་འགའ་
ཡང་གནོད་པ་མ་ཡིན་གྱི་འགལ་བ་ཙམ་དུ་ཟད་པ་ཡིན་ན། འོ་ན་ཁས་བླངས་པ་དང་འགལ་བ་དེ་ཅིའི་དོན་དུ་ཡིན་ཞེ་ན། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་བྱེད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །མཐོང་བ་དང་མ་མཐོང་བ་དག་
ཚད་མ་དང་རང་གི་ཚིག་གིས་མི་འགལ་བའི་བསྟན་བཅོས་ཁས་བླང་བར་བྱ་བ་ཡིན་གྱི། དེ་ལྟ་མ་ཡིན་པར་ཁས་ལེན་ན་ནི་རྟོག་པ་སྔོན་དུ་བྱེད་པ་ཅན་དུ་མི་འགྱུར་རོ། །གྲགས་པས་བསལ་བ་ཡང་ཕྱོགས་མ་ཡིན་ནོ། །དེ་ལ་གྲགས་པ་ནི་རང་བཞིན་གྱི་རྟགས་ཡིན་ནོ། །གལ་ཏེ་ཡིད་ཆེས་པའི་ཚིག་དོན་
མེད་པར་མི་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་ཁས་བླངས་པའི་ཕྱིར་རོ། །དེར་ནི་ཁས་བླངས་པའི་འབྲེལ་པ་ཡོད་པ་ཡིན་གྱི། ཚད་མས་གྲུབ་པ་ནི་མ་ཡིན་པས། འབྲས་བུའི་གཏན་ཚིགས་དངོས་པོ་ཉིད་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་གྲགས་པ་ཡང་དངོས་པོའི་འབྲེལ་པ་ཅན་ཡིན་ན། དེའི་ཚེ་རང་བཞིན་
เล่ม ๑๗๙ · หน้า 176a
གྱི་གཏན་ཚིགས་དངོས་ཉིད་ཡིན་པར་འགྱུར་རོ། །འོན་ཏེ་ཁས་བླངས་པས་བྱས་པ་ཡིན་ན་དེའི་ཚེ། ཚིག་བཞིན་དུ་ཁས་བླངས་པ་ཉིད་པས་དེ་ཅི་ལྟར་འདི་གནོད་བྱེད་གཞན་ཡིན་པར་འགྱུར། གལ་ཏེ་འདི་ནི་ཡིད་ཆེས་པས་གནོད་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཁས་བླངས་པ་གནོད་བྱེད་
དག་སྐྱེ་བོ་རྣམས་འདིར་ཡིད་ཆེས་ཡིན་ཞེས་འཆད་པར་འགྱུར་བ་ཡིན་ནོ། །མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་མ་བསལ་བ། །ཞེས་བྱ་བ་ནི་གྲགས་པའི་སྒྲ་རེ་རེ་དང་འབྲེལ་པ་ཡིན་ཏེ། དེས་ན་གནོད་པ་ནི་རྣམ་པ་གསུམ་ཁོ་ན་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། རྗེས་སུ་དཔག་
པའི་དབྱེ་བ་ཡང་། །གནོད་པ་དེ་ནི་རྣམ་བཞིར་བཤད། །ཅེས་སྨོས་པའི་ཕྱིར་དང་། སློབ་དཔོན་གྱིས་ཀྱང་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ལོགས་ཤིག་ཏུ་དཔེར་བརྗོད་པའི་རྣམ་པ་བཞིར་བསྟན་པ་གཞུང་མ་ཚུགས་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། འདི་ནི་འཇིག་
རྟེན་ཐམས་ཅད་དང་། །འགལ་ཡིན་སྔ་མ་རང་ཉིད་དང་། །ཡང་ན་རང་བཞིན་འབྲས་བུ་ཡི། །ངོ་བོས་ཐལ་འགྱུར་འདི་བྱས་སོ། །འཇིག་རྟེན་ཐམས་ཅད་ངོ་བོས་ཐལ་འགྱུར་འདི་བྱས་སོ། །འཇིག་རྟེན་ཐམས་ཅད་ཀྱི་གྲགས་པས་གནོད་པ་ནི་གྲགས་པས་གནོད་པ་ཡིན་ལ། འབའ་ཞིག་གི་གྲགས་པས་གནོད་
པ་ནི་ཅིག་ཤོས་སོ། །ཡང་ན་འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ངོ་བོ་ཉིད་དང་། འབྲས་བུའི་ངོ་བོ་གཉིས་ཐལ་བས་སྒྲུབ་པར་བྱེད་པ་ནི་གཉིས་བསྟན་པ་ཡིན་ནོ། །འདི་ལྟར་རྒོལ་བས་ནི་དངོས་ཀྱི་སྒྲུབ་བྱེད་དང་། ཐལ་བའི་སྒྲུབ་བྱེད་གཉིས་ཉིད་བྱ་བ་ཡིན་གྱི་རྒོལ་བའི་ཚིག་དག་ལ་ཡང་རྣམ་པ་གཞན་ནི་མ་ཡིན་ནོ་ཞེས་
བསྟན་པའི་དོན་དུ་ཡིན་ནོ། །ཡང་ན། གང་ཕྱིར་ཀུན་ཚེ་ཐ་སྙད་པས། །སྒྲ་དོན་རྗེས་སུ་འབྲེང་བ་ཡི། །བསྟན་བཅོས་མ་ཡིན་དེས་དེ་ལ། །ཐ་དད་ཕྱིར་འདིར་ལོགས་སུ་བྱས། །དངོས་མ་ཡིན་ཡང་གྲགས་པ་ནི། །གདོན་མི་ཟ་བར་ཁས་བླང་བར་བྱ་བའི་ཕྱིར་ལོགས་ཤིག་ཏུ་བྱས་སོ། །གལ་ཏེ་བསྟན་བཅོས་དང་རང་
གི་ཚིག་དག་ཁྱད་པར་འགའ་ཡང་མེད་པའི་ཕྱིར། །བསྟན་བཅོས་དང་འགལ་བ་རང་གི་ཚིག་དང་འགལ་བ་ཉིད་ཡིན་ནོ། །དེས་ན་གཞན་རྟོགས་པར་བྱེད་པ། བསྟན་བཅོས་ལས་རབ་ཏུ་གྲགས་པའི་ཆོས་ཅན་ལ་རྩོད་པ་བྱེད་པས་ནི། གདོན་མི་ཟ་བར་བསྟན་བཅོས་ཀྱི་ཚིག་དང་། རང་གི་ཚིག་དག་ཚད་མར་ཁས་བླང་
เล่ม ๑๗๙ · หน้า 176b
བར་བྱ་བ་ཉིད་མ་ཡིན་ནམ། དེའི་ལྟར་ན་གདོན་མི་ཟ་བར་ཁས་བླང་བར་བྱ་བ་མ་ཡིན་པ་ཡིན་ཞེ་ན་དེ་ཡང་མ་ཡིན་ཏེ། གཞན་གྱིས་ཁས་བླངས་པས་བཤད་པའི་ཕྱིར་རོ། །རྒོལ་བ་གཞན་དག་ནི་རྩོད་པ་སྒྲུབ་པས་ན་ཆོས་ཅན་གཞན་ལ་རྩོད་ཀྱང་བསྟན་བཅོས་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་ཁས་ལེན་
ཏེ། དེས་ན་གདོན་མི་ཟ་བར་བསྟན་བཅོས་ཁས་བླང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་བརྗོད་པ་ཡིན་ནོ། །ཡང་ན་གྲགས་པ་ནི་བརྗོད་པར་འདོད་པའི་ཡུལ་ཅན་ཡིན་ལ། བསྟན་བཅོས་ནི་དོན་དམ་པའི་ཡུལ་ཅན་ཡིན་པའི་ཕྱིར་སོ་སོར་ཉེ་བར་བཀོད་དོ། །དེ་ལ་མ་ཡང་ཡིན་ལ་མོ་གཤམ་
ཡང་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་དོན་གནོད་པ་ནི་མ་ཡིན་ནོ། །དེའི་ཕྱིར། ཡུལ་ནི་སྤྱི་དང་ཅིག་ཤོས་ཀྱིས། །ཐ་དད་པར་ནི་བརྗོད་འདོད་པ། །བསྟན་བཅོས་གྲགས་པས་གནོད་པ་ཡི། །རྣམ་དབྱེ་ཡིན་ཕྱིར་ཐ་དད་ཉིད། །ཞར་ལ་འཕྲོས་པ་སོང་ཟིན་ཏེ། །སྐབས་ཉིད་ལ་འཇུག་པར་བྱའོ། །
གྲགས་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། རེ་ཞིག་གལ་ཏེ་ཁྱབ་པ་དང་ཉི་ཚེ་བའི་འཇིག་རྟེན་གྱི་གྲགས་པ་མཐའ་དག་གཟུང་ནས་ནི་དེའི་ཚེ། རྟག་པ་ཉིད་ལ་སོགས་པ་ཡང་འཇིག་རྟེན་མཐའ་དག་ལ་གྲགས་པ་ཡིན་ཏེ། དེས་ན་ཚད་མས་བཀག་པ་ན་ཡང་འཇིག་རྟེན་གྱི་གྲགས་པས་གནོད་པར་འགྱུར་ལ། ཚད་
མ་དང་འགལ་བ་གཞན་དག་ལ་ཡང་འགྱུར་རོ། །གྲགས་པའི་སྒྲས་བརྗོད་པར་བྱ་བའི་དོན་གཞན་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མི་མགོའི་ཐོད་པ་མི་གཙང་ངོ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་འགྱུར་རོ། །འོན་ཏེ་བསྟན་བཅོས་ལས་བརྗོད་པ་གནོད་པར་མི་རིགས་སོ་ཞེ་ན། དེ་ལྟ་ཡིན་ན་རྟག་པ་དང་
བདག་ལ་སོགས་པ་གནོད་ན་ཡང་སྐྱོན་དུ་འགྱུར་རོ་ཞེ་ན། འདི་ལ་སྨྲས་པ། འདོད་པའི་སྒྲ་ཡི་བརྗོད་བྱ་བ། །གཡོ་མེད་གང་ཡིན་གྲགས་པ་ཡིན། །གྲགས་པ་ཉིད་ནི་ཐ་སྙད་དེ། །དེས་བསྐྱེད་ཕྱིར་ན་དེ་སྐད་བརྗོད། ཁྱད་པར་འཕགས་པར་འགྲུབ་པ་ནི་རབ་ཏུ་གྲགས་པ་ཡིན་པས་ན། དེས་བསྐྱེད་པར་འདོད་
པའི་སྒྲས་བརྗོད་པར་བྱ་བ་ཉིད་གཡོ་བ་མེད་པའི་ཕྱིར་ཁྱད་པར་དུ་འཕགས་པ་གྲུབ་པའི་རང་བཞིན་ཉིད་དོ། །རྟག་པ་ཉིད་ལ་སོགས་པ་ནི་གཡོ་བ་ཉིད་དོ། །བསྟན་བཅོས་ཀྱིས་ནི་དེ་འགྱུར་བ་མེད་པར་བྱ་ནུས་པ་མ་ཡིན་ཏེ་ཚད་མས་གྲུབ་པ་བསྟན་བཅོས་ཀྱིས་བཟློག་པར་ནུས་པ་མ་ཡིན་ཏེ། ཚད་མས་གནོད་པ་
เล่ม ๑๗๙ · หน้า 177a
ཉིད་ཀྱིས་ན། །ཚད་ཉིད་ཡིན་པར་བཟློག་ཕྱིར་རོ། །འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ནི་དེ་ལྟར་གཡོ་བ་མ་ཡིན་ཏེ། གནོད་པར་བྱེད་པའི་རྗེས་སུ་དཔག་པར་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྟོན་པར་འགྱུར་རོ། །དོན་ལ་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་སྐྱེས་བུའི་འདོད་པ་
ཙམ་དང་རྗེས་སུ་འབྲེལ་པ་འགོག་པའི་རྗེས་སུ་དཔག་པ་ནི་འཇུག་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཤད་པ། དོན་ལ་སྐྱེས་བུའི་འདོད་པ་དང་། །རྗེས་འབྲེལ་འདོད་སྒྲའི་བརྗོད་བྱ་ཉིད། །བཀག་མེད་ཕྱིར་ན་གནོད་མེད་དག །སྐྱེ་བོ་རྣམས་འདོད་ཡིད་ཆེས་ཡིན། །བ་ལང་ཉིད་ལ་སོགས་པ་སྤྱིའི་རང་བཞིན་
དུ་བརྟགས་པ་འདོད་པའི་སྒྲས་བརྗོད་པར་བྱ་བ་ནི་དགག་པར་མི་ནུས་སོ། །བརྟགས་པའི་དོན་གྱིས་མགུ་བ་འདོད་པ་ཙམ་གྱིས་བརྟགས་པ་ནི་དགག་པར་ནུས་པ་མ་ཡིན་ན་རིག་པ་ནི་དགག་པར་མི་ནུས་ཏེ། དེ་བཞིན་དུ་འདི་ཡང་ངོ་། །གལ་ཏེ་ཚད་མས་གྲུབ་པའི་དངོས་པོ་ཉིད་གནོད་པར་བྱེད་པ་མ་ཡིན་ནམ་ཞེ་ན། འདིར་
སྨྲས་པ། རང་རིག་པ་ཉིད་ཚད་མ་ཡིན་ལ། སྒྲའི་ཉེ་བར་ལེན་པ་དང་འབྲས་བུའི་དངོས་པོར་གྱུར་པ་བརྗོད་པར་བྱ་བ་ཉིད་ནི་དེས་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་བརྗོད་བྱ་ཉིད་མངོན་སུམ་གྱིས་སྒྲུབ་པ་ཁོ་ན་ཡིན་ཏེ། དེས་ན་མངོན་སུམ་གྱིས་གསལ་བའི་ཕྱོགས་ཉིད་དོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མངོན་སུམ་
གྱིས་གྲུབ་པ་ཡིན་གྱི་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་གཞན་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་བརྗོད་བྱ་རྗོད་བྱེད་ཀྱི་ངོ་བོ་དེ་ཙམ་ཡིན་པས། དེ་ཅི་ལྟར་ན་གཞན་དུ་ཁས་ལེན་ཞེ་ན། འདིར་སྨྲས་པ། བརྗོད་བྱ་ཉིད་འདིར་འབྱུང་བ་དང་། །བྱུང་གྱུར་པར་གནས་གསལ་བ་དག །ཁྱབ་པའི་སྤྱི་ཡིན་དེས་ན་དེ། །མངོན་སུམ་གྱིས་
ནི་ག་ལ་རྟོགས། །འོན་ཀྱང་ཐོག་མེད་བག་ཆགས་ལས། །བྱུང་བ་དེ་ལྟའི་ཐ་སྙད་ནི། །ཡོད་ཕྱིར་དེ་ནི་ཡོད་དོ་ཞེས། །བྱ་བར་རྟོགས་པ་འབའ་ཞིག་གོ། །དེ་ལྟར་ཡང་དེ་ཡང་ཐ་སྙད་བརྟེན་པ་ཞེས་འཆད་པར་འགྱུར་རོ། །གཞན་སེལ་བའི་མཚན་ཉིད་ཀྱི་སྤྱི་ནི་སྒྲའི་བརྗོད་བྱར་འདོད་ལ། དེ་ཡང་དགག་པར་ནུས་པ་མ་
ཡིན་ཏེ། བག་ཆགས་སོ་སོར་ངེས་པས་ན་དེ་ལྟ་བུའི་རྟོགས་པ་སྐྱེ་བའི་ཕྱིར་རོ། །བག་ཆགས་དེ་ནི་འདོད་པ་ཙམ་གྱིས་བྱས་པའི་བརྡ་ངེས་པས་ན་སྤྱི་ངེས་པར་བྱེད་པ་ཡིན་ནོ། །འདི་ལྟར། བྲམ་ཟེ་ལ་སོགས་གསལ་བ་ཡིས། །གསལ་མིན་ངེས་པ་འདོད་པ་ཡིས། །བརྡ་འཇུག་ཅན་གྱི་སྒྲ་ཡིས་ནི། །དེ་ལས་གཞན་
เล่ม ๑๗๙ · หน้า 177b
ལ་བཟློག་ཕྱིར་རོ། །བྲམ་ཟེ་ལ་སོགས་པའི་རིགས་ཁ་དོག་དང་དབྱིབས་ངེས་པའི་གསལ་བས་གསལ་བར་བྱ་ནུས་པ་མ་ཡིན་ནོ། །དེས་ན་དེ་དག་ནི་གསལ་བ་ངེས་པ་ལ་བརྟེན་པས་ཉེ་བར་མཚོན་པ། གསལ་བ་ལ་ངེས་པའི་བརྡའི་སྟོབས་ཀྱིས་གསལ་བར་འགྱུར་བ་ཡིན་ནོ། །གལ་ཏེ་འདིར་ད་ལྟར་འགའ་ཞིག་
གིས་བརྡར་བྱས་པ་ནི་མ་ཡིན་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་སྲིད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། བསྟན་པ་ཉིད་བརྡ་ཡིན་པའི་ཕྱིར་རོ། །གཞན་ཡང་བྲམ་ཟེ་དང་བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་འདི་ནི་རྒྱུ་མ་ཡིན་ནོ། །འདིར་ནི་དེའི་རྒྱུ་མཚན་མཐོང་བའི་རྒྱུ་གང་ཡིན་པ་དེས་བསྒྲུབ་པར་
བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གདོལ་པ་ལ་སོགས་པའི་རིགས་དང་འདི་ལ་ཕན་ཚུན་རྣམ་པར་དབྱེ་བ་ཅི་ཞིག་ཡོད། འདིས་ནི་བ་ལང་ཉིད་ལ་སོགས་པའི་རིགས་ཀྱང་གསལ་བ་ཡིན་ནོ། །དེ་དག་ཀྱང་བོང་བུ་ལ་སོགས་པའི་རིགས་དག་ལས་ཁྱད་པར་མེད་དོ། །ཉེ་བར་མཚོན་ནས་འཇུག་པའི་ཕྱིར་རོ་ཞེ་ན། འདི་
ལ་ཞོ་དག་ལ་སོགས་པར་ནུས་པ་ཙམ་ཞིག་དགོས་པ་ཡིན། དེས་ན་ཉེ་བར་མཚོན་ཉིད་དེ། །མི་ཙམ་འབྲེལ་པར་མི་འགྱུར་མིན། །དེ་བཞིན་དུ་དབྱངས་ལ་སོགས་པའི་རིགས་ཀྱང་དེ་དང་། སྒྲ་གཅིག་གི་ཡུལ་ཡིན་པ་ཉིད་ཀྱིས་མཚོན་པ་ཡིན་ནོ། །དེས་ན་རིགས་ནི་རྣམ་པར་རིགས་པའི་ཡུལ་ཉིད་དོ། །དེའི་ཕྱིར།
ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་ཏེ་གྲགས་པའི་སྒྲ་ཡིས་བརྗོད། །གྲགས་པ་ཙམ་ལ་བརྡའི་དངོས་པོ་ཐོབ་པ་ཡིན་པའི་ཕྱིར། ཐ་སྙད་ལས་སྐྱེས་པའོ། །ཆོས་དེ་ནི་གྲགས་པའི་སྒྲར་བརྗོད་དོ། །ཆོས་འདི་འབའ་ཞིག་གྲགས་པ་ཡིས། །མཚན་ཉིད་སྒྲུབ་པར་བྱེད་པའི་ཚད་མའི་སྒྲར་བརྗོད་པར་ནི་མ་ཟད་ཀྱི་
འོན་ཀྱང་། མངོན་སུམ་སོགས་ཀྱིས་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །མངོན་སུམ་ལ་སོགས་པ་ལ་ཡང་གཞལ་བའི་དོན་ཉིད་ཕྱོགས་ལྟར་སྣང་བ་ཞེས་བྱ་བ་དོན་གཞན་གྱིས་གནོད་པར་བྱེད་པ་ཡིན་ནོ། །དེའི་འདོད་པའི་སྒྲའི་བརྗོད་བྱ་བ་ལང་ལ་སོགས་པ་ནི་དགག་པར་མི་ནུས་པའི་ཕྱིར་
རོ། །དེ་ཉིད་ཀྱིས་འགོག་པ་ལ་གནོད་པ་ཡིན་ནོ། །ཐ་སྙད་ཀྱི་དོན་དུ་སྦྱར་བའི་སྒྲས་ཉེ་བར་བཀོད་པའི་རིག་བྱེད་ལས་བྱུང་བ་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་ཐམས་ཅད་དང་འགལ་བ་མེད་པ་ཅན་ནི། སྨྱོན་པ་མ་ཡིན་པས་དགག་པར་བྱ་བ་མ་ཡིན་ནོ། །དེ་ཉིད་བཤད་པ་ནི། དེ་ལ་བརྟེན་ནས་འབྱུང་བ་ཅན། །འདོད་
เล่ม ๑๗๙ · หน้า 178a
པས་འཇུག་ཕྱིར་བཀག་མེད་པ། །བྱས་པ་འམ་མ་བྱས་པ་རྣམས་ཀྱི། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང་། །ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དེ་ལ་བརྟེན་ནས་འབྱུང་བ་ཅན་ཐ་སྙད་ལས་སྐྱེས་པ་ལྔ་ཉིད་ལ་སོགས་པ་བྱས་པ་དང་མ་བྱས་པ་རྣམས་ཀྱི་རུང་བ་ཉིད་ཡིན་ནོ། །རང་ཉིད་འབྱུང་བར་
འགྱུར་བ་རྣམས་ནི་ཐམས་ཅད་ལ་རུང་བ་ཡིན་ཏེ། ཐམས་ཅད་ལ་མི་མཐུན་པ་མེད་པའི་ཕྱིར་རོ། །མི་མཐུན་པ་མེད་པ་ཉིད་རུང་བ་ཡིན་ནོ་དེས་ན། དོན་ཙམ་དང་ནི་རྗེས་འབྲེལ་ཅན། །འབྱུང་བ་འམ་ནི་འབྱུང་འགྱུར་བ། །སྒྲ་ཡི་རུང་བ་ཉིད་དེ་ཡིས། །མི་མཐུན་པ་དག་གནོད་པར་འགྱུར། །སྒྲ་རྣམས་ཀྱི་བྱུང་བ་འམ་
འབྱུང་བའི་སྒྲའི་རུང་བ་ཉིད་ནི་འགོག་པས་བཟློག་པར་ནུས་པ་མ་ཡིན་ཏེ། མཐོ་རིས་འདོད་པས་མེའི་སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་ཁྱི་ཤ་ཟ་བ་ལ་སོགས་པ་ལ་དགག་པར་མི་ནུས་ཏེ། དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པའི་ཕྱིར་རོ། །དོན་དེར་ཡང་མི་མཐུན་པ་མེད་པས་རུང་བ་ཉིད་དོ། །བརྡ་བྱེད་པ་
ལ་མི་མཐུན་པའི་དོན་ནི་འགའ་ཡང་མཐོང་བའམ། བསྟན་པས་རྟོགས་པ་མ་ཡིན་ནོ། །ཙམ་གྱི་སྒྲ་ནི་ཁྱད་པར་མེད་པར་གཟུང་བའི་དོན་ཏེ། དཔེར་ན་བྲམ་ཟེ་ཙམ་ལ་ཟན་སྦྱིན་ནོ། །ཟན་ཙམ་སྦྱིན་པར་འདོད་དོ་ཞེས་བྱ་བ་ཁྱད་པར་ཡོངས་སུ་འཛིན་པར་བྱེད་པ་མ་ཡིན་པ་བཞིན་ནོ། །རུང་བ་ཙམ་དོན་དང་རྗེས་སུ་འབྲེལ་
པ་གང་ཡིན་པ་དེ་ལ་ནི་འགོག་པ་འགའ་ཡང་རིགས་པ་མ་ཡིན་ནོ། །དེས་ན་འགོག་པ་རུང་བ་ཉིད་དེས་གནོད་པ་ཡིན་ནོ། །རུང་བ་ཉིད་དགག་པ་ནི་མངོན་སུམ་གྱིས་བསྒྲུབ་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཉིད་འཇུག་པར་འགྱུར་གྲང་ན། དེ་ཡང་དཔེ་མེད་པའི་ཕྱིར་སྲིད་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །གལ་ཏེ་
སློབ་དཔོན་གྱིས་སྒྲ་ལས་བྱུང་བའི་གྲགས་པས་ཞེས་གསུངས་ཀྱི་རུང་བ་ཉིད་ཀྱིས་ནི། གནོད་པར་མ་གསུངས་པ་མ་ཡིན་ནམ། འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ནི་རུང་བ་ཉིད་མ་ཡིན་ནོ། །དེ་ལྟ་བུའི་གྲགས་པ་ཡང་མ་ཡིན་ཏེ། རུང་བ་ཉིད་ནི་གྲགས་པའི་སྒྲའི་རྒྱུ་ཡིན་གྱི་གྲགས་པ་ཉིད་ནི་མ་ཡིན་ནོ་ཞེ་ན། འདི་ལ་བཤད་
པ། གྲགས་པ་མེད་ཀྱང་དངོས་པོ་ལ། །རུང་ཉིད་དེ་ཡི་སྟོབས་ཉིད་ལས། །དེ་ལས་སྒྲ་ཀུན་འབྲེལ་དེས་ན། །དེ་ལ་དེ་ནི་གྲུབ་པ་ཡིན། །སློབ་དཔོན་གྱི་དགོངས་པ་ཡང་འདི་སྟེ་སྒྲ་ལས་བྱུང་བའི་གྲགས་པ་སྨོས་པས་ནི་རུང་བ་ཉིད་བསྟན་པ་ཡིན་གྱི། གྲུབ་ཟིན་པའི་བརྗོད་བྱ་ཉིད་ནི་མ་ཡིན་ནོ། །རུང་བ་ཉིད་ནི་འདོད་པ་
เล่ม ๑๗๙ · หน้า 178b
ཙམ་དང་རྗེས་སུ་འབྲེལ་པ་ཡིན་ལ། དེ་ཡང་བརྡ་ལ་མི་མཐུན་པ་མེད་པ་ཉིད་དོ། །སྒྲ་ནི་དངོས་པོ་ཐམས་ཅད་ལ། །འདོད་པ་ཙམ་གྱིས་འཇུག་པ་ཡིན། །དེ་ཙམ་གྱིས་འཇུག་སྒྲ་གང་དེ། །ཅི་ལྟར་འགར་ཡང་བཟློག་པར་ནུས། །དངོས་རྣམས་ངོ་བོ་ཉིད་ཀྱིས་ནི། །རྗོད་བྱེད་འཇུག་པར་བྱེད་མ་ཡིན། །
བརྡ་ལས་མི་མཐུན་མེད་པ་ནི། །རུང་བ་ཉིད་ཅེས་བྱ་བར་བརྗོད། །འདོད་པ་ཙམ་གྱིས་སྤྲུལ་པ་གང་། །དེ་ནི་དོན་ཙམ་རྗེས་འབྲེལ་ཉིད། །དོན་ཙམ་ལ་ཡང་ལྟོས་མེད་ན། །བརྡ་འདོད་པར་ནི་ཅི་ལྟར་འགྱུར། །ཕྱོགས་འདིས་གང་ཚེ་བུམ་པ་ལ། །ཟླ་བའི་སྒྲ་ཡི་བརྗོད་བྱ་ཉིད། །འགོག་པ་དེར་ནི་གྲགས་པ་
ཡི། །གནོད་པ་ཡིན་ཞེས་མངོན་པར་འདོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །གལ་ཏེ་མི་མཐུན་པ་མེད་པའི་རུང་བ་ཉིད་ཇི་ལྟར་འབྱུང་བ་འམ། འབྱུང་བར་འགྱུར་བ་ཡིན་ཞེ་ན། འདི་ལྟར་བརྗོད་པ། དོན་ནི་འབྱུང་དང་འབྱུང་འགྱུར་ཕྱིར། །རུང་བ་ཉིད་ཀྱིས་དེ་ལྟ་ཉིད། །ངོ་བོ་ཉིད་
ལས་མ་གཏོགས་པ། །རུང་ཉིད་ཅེས་བྱ་རྟོགས་པ་མེད། །དེ་ལ་དོན་གང་ཞིག་སྒྲ་གང་གིས་བརྗོད་པར་བྱ་བ་ཉིད་དུ་འདོད་པ་དེ་ནི་སྒྲ་དེས་བརྗོད་པར་རུང་བ་ཡིན་ཏེ། དཔེར་ན་ཤིང་གི་སྒྲས་བརྗོད་པར་རུང་བ་ཉིད་བཞིན་ནོ། །འགའ་ཡང་གང་དུ་ཡང་མི་མཐུན་པ་ནི་མེད་དོ། །གལ་ཏེ་དཔེ་ཉིད་མ་གྲུབ་སྟེ། །དེ་ཡང་
སྤང་བ་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སུ་ཞིག་བརྗོད་བྱ་རྗོད་བྱེད་ཀྱི། །དངོས་པོ་ཐ་སྙད་ཞུགས་པ་སྤོང་། །དེས་ན་འཇུག་པས་དོན་དེ་ནི། །རྟོགས་པར་མཐོང་བ་ཉིད་ཡིན་ནོ། །བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ནི། །འདི་ཉིད་དུ་ཟད་དོ། །དེ་སྐད་དུ་ཡང་། སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོགས་འགྱུར་
དོན་གང་ཡིན་པ་དེ། །སྒྲ་ཡི་དོན་ནི་ཡིན་བརྗོད་དེ། །དོན་གྱི་མཚན་ཉིད་གཞན་ཡོད་མིན། །ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དམ་བཅའ་བའི་དོན་མངོན་སུམ་གྱིས་གནོད་པ་ཉིད་ཡིན་པས་ན། གྲགས་པའི་གནོད་པས་ཅི་ཞིག་བྱ་ཞེ་ན། འདིར་སྨྲས་པ། འདི་ཅི་ཙམ་ཞིག་བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་
རིགས་པ་འདིས་ཡུལ་ལམ་དུས་འགའ་ཞིག་ལ་ཡང་སྒྲ་ཐམས་ཅད་བརྗོད་པར་འདོད་པ་ཡིན་ལ། འདི་ལ་ནི་མངོན་སུམ་འཇུག་པ་མ་ཡིན་ནོ། །འདི་ནི་བུམ་པ་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་འགོག་པ་གང་ཡིན་པ་དེའི་ཚེ་ཡང་གྲགས་པས་བསལ་བ་ཡིན་ནོ་ཞེས་སྨྲས་ཟིན་ཏོ། །གལ་ཏེ་དེ་ལྟར་འདི་ལ་སྒྲ་དེའི་དོན་
เล่ม ๑๗๙ · หน้า 179a
དུ་སྣང་བ་མེད་དོ་ཞེས་བརྗོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་གཞན་ལ་སྣང་བ་མ་ཡིན། ད་ལྟ་ཡང་མ་ཡིན། རུང་བ་ཙམ་ཡང་མ་ཡིན་ནོ་ཞེས་བརྗོད་ན་ནི། དེ་ནི་མ་ཡིན་ཏེ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་ཅི་སྟེ་མི་སྲིད་དེ། ཡུལ་དང་དུས་གཞན་དུ་མི་གཞན་གྱིས་སྒྲ་དང་དོན་དག་
རྣམ་པ་གཞན་དུ་བརྗོད་བྱ་རྗོད་བྱེད་དུ་མཐོང་བའི་ཕྱིར། ངེས་པ་ག་ལ་ཡོད། རིགས་པ་འདིས་ཐམས་ཅད་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཉིད་དུ་མཐོང་བའི་ཕྱིར་ཉེས་པ་མེད་དོ། །གྲགས་པས་གནོད་པ་ཉིད་ཀྱིས་ན། །ཁྱི་ཤ་ཟོ་ཞེས་བྱ་བ་ཡི། །དོན་འདི་གང་གིས་འགོག་བྱེད་པ། །དེ་ལ་རུང་བ་ཉིད་ཀྱིས་གནོད། །
གལ་ཏེ་དེ་ཉིད་ཤ་སོགས་ཀྱི། །དོན་འདི་ཁྱོད་ལ་སྣང་ཞེས་ནི། །བརྗོད་ན་མངོན་སུམ་གྱིས་གནོད་པར། །འགྱུར་གྱི་གཞན་དུ་ག་ལ་འགྱུར། །འདིར་མངོན་སུམ་གྱིས་གནོད་པ་ནི་ཡོད་པ་མ་ཡིན་ནོ། །གྲགས་པས་གནོད་པ་འབའ་ཞིག་ཏུ་འགྱུར་གྲང་ན། དེ་ཡང་བརྡའི་སྟོབས་ཀྱིས་རུང་བ་ཡིན་ལ། རུང་བ་ནི་ཁྱི་ཤ་ལ་
སོགས་པ་ལ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་བརྡ་གཞན་གྱི་དབང་དུ་འགྱུར་བའི་འཇིག་རྟེན་པའི་སྒྲ་གང་ཡིན་པ་དེ་དག་ཉིད་ལ་ངེས་པ་མེད་པ་འདིར་འགྱུར་གྱི། རིག་བྱེད་པ་ངོ་བོ་ཉིད་ཀྱི་དོན་དང་འབྲེལ་པ་གང་ཡིན་པ་དེ་དག་ཡང་ངེས་པ་མེད་པ་ཅི་ལྟར་འགྱུར། ཐ་སྙད་ཀྱི་དོན་ཅན་གྱི་བརྡ་ནི་མཐོང་བའི་ཡུལ་ཉིད་ལ་
རིགས་ཏེ། དབང་པོ་ལས་འདས་པ་ལ་ནི་རྟོགས་པ་མེད་པའི་ཕྱིར་བརྡ་བྱ་བར་ཅི་ལྟར་ནུས། ལུང་ཙམ་གཅིག་པུ་སྐྱབས་ཡིན་པའི་ཕྱིར། རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པར་འགྱུར་རོ། །བརྡ་གཞན་དུ་བྱེད་པ་ཡང་ལུང་དེའི་རྗེས་སུ་འབྲང་བ་ཉིད་ཡིན་ནོ་ཞེ་ན། འདིར་བརྗོད་པ། རིག་བྱེད་ཀྱང་ནི་རང་བཞིན་གྱིས།
དོན་ལྡན་འདི་ནི་གང་གིས་གྲུབ། །དེར་ཡང་རྨོངས་སྡང་འཇིག་སོགས་ཀྱིས། །མི་ཤེས་པ་དག་བརྡ་བྱེད་འགྱུར། །ཇི་ལྟར་གཅིག་གིས་སྲེག་བྱེད་ལ་སོགས་པ་དག་ལ་མེ་ལ་སོགས་པའི་མིང་འདོད་པས་བྱས་པ་དེ་བཞིན་དུ་ཁྱི་ལ་སོགས་པ་ལ་ཡང་འགྱུར་རོ། །དོན་འདི་ངོ་བོ་ཉིད་ཀྱིས་ཡིན་ནོ་ཞེས་ཀྱང་མི་འགྲུབ་
སྟེ། དོན་དེ་ནི་འཇིག་རྟེན་གྱི་རྗེས་སུ་འབྲང་བ་ཉིད་ཀྱིས་འཇོག་པའི་ཕྱིར་རོ། །འཇིག་རྟེན་ན་ནི། ཡུལ་དང་དུས་སོགས་དབྱེ་བ་ཡིས། །སྣ་ཚོགས་འགྱུར་དོན་མཐོང་ཕྱིར་ཏེ། །འདིར་ནི་ཡུལ་དང་དུས་ལ་སོགས། །ཁྱབ་པའི་དོན་ཡང་ངེས་མ་ཡིན། །ཡུལ་དང་དུས་དེར་ཡང་རེས་འགའ། །མི་ཤེས་པ་ཉིད་བརྡ་
เล่ม ๑๗๙ · หน้า 179b
བྱེད་པའི་ཉེ་བར་སྟོན་པ་སྲིད་དོ། །ཉེ་བར་སྟོན་པ་བརྒྱུད་པ་ཙམ་ཉིད་ན་མུན་པ་བརྒྱུད་པ་ཉིད་དོ། །དེས་ནི་དེའི་མོས་པ་བཟློག་པའི་ཕྱིར་རམ། དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད། སྔོན་གྱི་དོན་འཛིན་པར་བྱེད་པ་སྤངས་པའི་ཕྱིར། བརྡ་གཞན་དུ་བྱེད་པར་འགྱུར་བས་འགལ་བ་མེད་དོ། །ཡང་ན། དེ་ལ་ཡང་
ནི་མངོན་སུམ་གྱིས། །དེས་རྟོགས་པ་དང་ལྡན་མིན་ཏེ། །རྗེས་དཔག་མེད་པར་རི་བོང་ཅན། །ཟླ་བའི་སྒྲར་ནི་རྟོགས་མ་ཡིན། །སྒྲ་ལས་དོན་རྟོགས་པར་ནི་མངོན་སུམ་ཡིན་པར་མི་འཐད་དེ། ཇི་སྐད་དུ་རིག་བྱེད་སྨྲ་བ་དག་ན་རེ། ཚིག་ལས་དོན་རྟོགས་པ་ནི་མངོན་སུམ་ཡིན་ནོ་ཞེས་འཛེར་བ་བཞིན་ནོ། །གལ་ཏེ་
རེ་ཞིག་འདི་སྐད་དུ་རྟོགས་པ་ནི་མངོན་སུམ་ཡིན་ཏེ་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་འདིའི་གཞུང་ལ་གནོད་དོ། །ཤེས་པ་གཞན་གྱི་དམིགས་པར་ཡང་སྟེ། བློ་མངོན་སུམ་མ་ཡིན་ནོ་ཞེས་བྱ་བར་གནས་པ་ཡིན་ནོ་ཞེས་བྱ་བར་གནས་པའི་ཕྱིར་རོ། །ཁས་ལེན་ན་ཡང་འདིར་ཡང་
བརྗོད་པར་བྱ་བ་ཡིན་ཏེ། དུ་བ་ལས་མེ་རྟོགས་པ་ཡང་མངོན་སུམ་ཡིན་ཞེས་སོ། །འོན་ཏེ་རྗེས་སུ་དཔག་པའི་རང་བཞིན་མེད་པར་འགྱུར་རོ་ཞེ་ན། གློ་བུར་དུ་དུ་བ་ལས་མེ་རྟོགས་པ་ཡང་དེ་ལྟར་འགྱུར་རོ། །འོན་ཏེ་དེར་སྔར་མཚམས་སྦྱོར་བ་ཡོད་པར་འགྱུར་རོ་ཞེ་ན། འདི་ལ་ཡང་བརྡའི་དུས་སུ་ཡོད་དོ། །དེ་ལྟ་མ་
ཡིན་ན་བཤད་པའི་རྗེས་སུ་མ་འབྲངས་པར་ཡང་འགྱུར་ཏེ། བཤད་པ་ཉིད་བརྡ་ཡིན་ནོ། །འོན་ཏེ་བཤད་པ་ནི་འདོད་རྒྱལ་དུ་བྱས་པའི་རང་བཞིན་ཉིད་མ་ཡིན་པ་དེས་ན་སྐྱོན་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སྡང་བ་ལ་སོགས་པས་གཞན་དུ་ཡང་འཆད་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་ཟིན་ནོ། །སྡེབ་སྦྱོར་བའི་ཡིན་
པའི་ཕྱིར་ཡི་གེ་དང་དབྱིངས་ལ་སོགས་པ་ནི་ངེས་པ་ནི་ཚིག་ཏུ་སྒྲུབ་པ་ཡིན་ནོ། །སྦྱོར་བ་དམ་པས་འཆད་དོ་ཞེ་ན། དེ་ལྟར་བཤད་པ་བརྒྱུད་པ་ལས་འབྱུང་བ་ལོང་བ་བརྒྱུད་པ་ཡིན། དེས་ན་མངོན་སུམ་གྱིས་མིན་ཞིང་རྗེས་དཔག་མེད་པའི་ཕྱིར་འཐད་པར་དཀའ། དེས་ན་རི་བོང་ཅན་ཟླ་བའོ་ཞེས་བྱ་བ་འདི་ལ་ཡང་མངོན་
སུམ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སྒྲ་དང་རྟགས་དག་ནི་དེ་ཡོད་པ་དང་མེད་པ་དག་ལ་མཐོང་བ་དང་མ་མཐོང་བ་དྲན་པ་ལ་ལྟོས་ཏེ། རང་གི་ཡུལ་རྟོགས་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་གང་གི་ཕྱིར་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ་ཞེས་སྨྲ་བ་དེ་འདི་སྐད་དུ་རྟོགས་པ་ཉིད་མེད་དོ་ཞེས་བརྗོད་པ་
เล่ม ๑๗๙ · หน้า 180a
ནི་མ་ཡིན་ནོ། །དེ་སྐད་སྨྲ་བ་ནི་རྟོགས་པས་གནོད་པར་འགྱུར་ལ། རྟོགས་པ་ཡང་མངོན་སུམ་ཉིད་ཡིན་ནོ། །གལ་ཏེ་རྟོགས་པ་ཡོད་པ་ཡིན་པ་དེ་ལྟ་ཡང་བདེན་པ་ཉིད་མ་ཡིན་ཏེ། ཟླ་བ་གཉིས་སུ་རྟོགས་པ་བཞིན་ཞེས་བྱ་བ་དེ་ལ་གྲགས་པས་གནོད་པ་བསྟན་པར་བྱ་བ་ཡིན་ནོ། །སྔ་
མ་སྔ་མ་མཚམས་སྦྱོར་བའི། །གྲགས་པས་རྗེས་སུ་དཔག་པ་ཉིད། །དེས་ན་བསྟན་བཅོས་མཛད་པས་འདི། །རྗེས་སུ་དཔག་པས་གནོད་བཞེད་པར། །བརྡའི་དུས་སུ་འབྲེལ་པར་རྟོགས་པའི་ཕྱིར་རྗེས་སུ་དཔག་པ་ཉིད་དེ། དེས་ན་འགྲོ་བའི་གྲགས་པས་རང་བཞིན་རྟགས་ཞེས་བྱ་བ་འདི་གྲུབ་པ་ཉིད་དོ། །
གལ་ཏེ་འདི་རྗེས་སུ་དཔག་པ་ཞེས་བྱ་བར་ནི་རིགས་ན། རང་བཞིན་གཏན་ཚིགས་གོ་ཇི་ལྟར། སྔོན་གྱི་མཐོང་བ་དང་ལྷན་ཅིག་པའི་སྒྲ་ལས་སྐྱེས་པའི་རྟོགས་པ་ནི་རྗེས་སུ་དཔག་པའི་རང་བཞིན་གྱིས་གནོད་པ་བྱེད་པ་ཡིན་ནོ། །སྒྲ་ནི་དོན་གྱི་རང་བཞིན་མ་ཡིན་ནོ། །གལ་ཏེ་བརྗོད་བྱ་རྗོད་བྱེད་དག །རྒྱུ་དང་འབྲས་
བུ་དངོས་ཡིན་ན། །དེ་ཚེ་སྒྲ་ལས་རྟོགས་འགྱུར་ཏེ། །དེ་ལྟ་ཡིན་ན་རྗེས་དཔོག་འགྱུར། །རྗེས་སུ་དཔག་པ་ལ་རྟོགས་པའི་ཕྱིར་འབྲེལ་པ་དང་ལྡན་པ་ཡིན་ནོ། །སྒྲ་དོན་གྱིས་འབྲེལ་པ་དེ་ཡང་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་འབྱུང་བའི་དངོས་པོ་ཡིན་ནོ། །སྒྲ་ནི་དོན་དམ་པར་རྐན་ལ་སོགས་པའི་བྱེད་པ་ཙམ་
ལས་སྐྱེ་བ་ཡིན་གྱི་དོན་གྱིས་བསྐྱེད་པ་ནི་མ་ཡིན་ནོ། །དེས་ན་ལག་བརྡ་ལ་སོགས་པ་ལྟར་འདོད་པས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །འདོད་པས་བརྟགས་པའི་རྒྱུ་དང་། འབྲས་བུའི་དངོས་པོ་ནི་ཐག་པ་དང་། ཕུར་པའི་འབྲེལ་པ་བཞིན་དུ་དོན་དམ་པ་ལ་མ་ཡིན་ནོ། །གདོན་མི་ཟ་བར་
དེ་ལྟར་རྟོགས་པ་ཡང་མ་ཡིན་ཏེ། དེས་ན་འདི་དངོས་ཀྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་རང་བཞིན་གྱི་རྟགས་ཡིན་ཞེ་ན། ཉེ་བར་ལེན་པར་གྱུར་པའི་དོན་གང་ཞིག་བརྡ་གསལ་བར་བྱ་བ་དང་། འདོད་པས་དེ་ལྟ་བར་བྱེད་པ་དེ་ནི། དོན་དམ་པར་རྒྱུ་མ་ཡིན་ཏེ། གཞན་བརྗོད་པར་འདོད་པའམ། བརྗོད་
པར་འདོད་པ་མེད་ན་དོན་དེ་བརྗོད་པར་འདོད་པ་མེད་ཀྱང་ཡོད་པའི་ཕྱིར་རོ། །གང་ཞིག་མེད་པར་གང་ཡོད་པ་དེ་ནི་དེའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར། འདི་ནི་ཉེར་ལེན་ཉིད་དུ་ནི། །འདོད་པ་ཙམ་གྱིས་བརྗོད་བྱ་ཡིན། །དེ་ཙམ་ལས་ནི་བྱུང་འགྱུར་བའི། །རང་བཞིན་བརྗོད་པར་བྱ་བ་ཡིན། །ཉེ་བར་ལེན་པ་ཉིད་དུ་རྣམ་པར་
เล่ม ๑๗๙ · หน้า 180b
གཞག་པ་ཉིད་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་ཉེ་བར་ལེན་པ་ཉིད་དུ་ཐ་སྙད་བྱེད་པ་ཉིད་ནི་གྲགས་པ་ཡིན་ནོ། །ཐ་སྙད་གྲགས་པ་ཡིན་པའི་ཕྱིར། ཉེ་བར་ལེན་པ་ཡང་གྲགས་པ་ཉིད་དོ། །དེས་ན་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཉེ་བར་ལེན་པ་ཉིད་དུ་སྣང་བས་གནོད་པ་ཡིན་ནོ། །གལ་ཏེ་འགའ་ཞིག་གང་གིས་
ཉེ་བར་ལེན་པ་དང་། འབྲས་བུ་ཉིད་དུ་མི་སྣང་བ་དེ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། སྒྲ་དེ་ལས་དེ་མི་སྣང་བའི་ཕྱིར་རོ། །གལ་ཏེ་དོན་དེ་འདོད་ཀྱང་ཉེ་བར་ལེན་པ་དང་། འབྲས་བུའི་རྟོགས་པ་ལ་མི་སྣང་བ་ཡིན་ན་ནི། བརྗོད་བྱ་མ་ཡིན་པར་འགྱུར་རོ། །གལ་ཏེ་མི་སྣང་བ་ཉིད་མ་ཡིན་ནམ། ཕྱི་རོལ་གྱི་དོན་ཉིད་
ནི་ཉེ་བར་ལེན་པ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྗོད་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། འདོད་པ་ཡོད་ན་སྣང་བའི་ཕྱིར་རོ། །འོ་ན་གང་གི་ཚེ་དོན་མཐོང་བ་ཡོད་ན། དེ་བརྗོད་པར་འདོད་པ་མེད་ཀྱང་ཤིན་ཏུ་གོམས་པ་ལས་སྦྱོར་བ་དེའི་ཚེ་ཉིད་ལན་ཅི་སྟེ་མི་སྣང་ངམ། འོན་ཏེ་དེ་ལས་ཕྱི་རོལ་གྱི་
དོན་སྣང་བ་མེད་པའི་ཕྱིར་རྟོགས་པ་པོ་དེ་སྐད་བརྗོད་ན། དེ་ལྟ་ན་རྗེས་སུ་དཔག་པ་ཡང་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་དུ་མི་འགྱུར་ཏེ། དེ་ལ་མི་སྣང་བ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་རྣམ་པར་རྟོག་པ་དེ་ལས་ཀྱང་དེར་ལྷག་པར་ཞེན་པས་དངོས་པོ་ཉིད་ལ་འཇུག་པའི་ཕྱིར་དེ་སྐད་བརྗོད་ན། དེ་ལྟ་ཡིན་ན་བརྗོད་པར་བྱ་བ་ཉིད་
ལ་ཡང་དེ་བཞིན་ཉིད་དོ། །ཕྱི་རོལ་གྱི་དོན་ཐམས་ཅད་ཀྱི་ཚེ་འཐོབ་པ་ནི་མ་ཡིན་ཏེ། གྲགས་པ་ནི་དོན་དམ་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚད་མ་མ་ཡིན་པ་ཉིད་ཀྱིས་བརྗོད་བྱ་དང་། རྗོད་བྱེད་ཀྱི་དངོས་པོ་མེད་པར་འགྱུར་བ་ཡང་མ་ཡིན་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ནི་དེ་ལྟ་བུ་ཉིད་དུ་གྲགས་པའི་ཕྱིར་རོ། །དེའི་
ཕྱིར། དོན་གང་ཉེ་བར་ལེན་ཉིད་དུ། །གནས་ལྡན་དེ་ནི་བརྗོད་བྱ་ཉིད། །འདོད་སྐྱེས་ཉིད་ལེན་ཉིད་དེ་ལས། །དགག་པར་ནུས་པ་མ་ཡིན་ནོ། །དོན་རྣམས་ཐམས་ཅད་དེ་འདྲ་བའི། །གྲགས་ཡུལ་བརྗོད་བྱ་ཡིན་པར་འདོད། །དེས་ན་འདོད་པར་རག་ལས་པས། །འཇུག་པའི་སྒྲ་ལ་ངེས་ཡོད་མིན། །ཞེས་བྱ་བ་
ནི་བསྡུ་བའོ། །དེས་ན་རུང་བ་སློབ་དཔོན་གྲགས་པའི་སྒྲར་བཞེད་པ་ཡིན་ནོ། །དེ་ཉིད་ག་ལས་ཤེ་ན། འདིར་སྨྲས་པ། དེས་ནི་ཐུན་མོང་མ་ཡིན་པ། །ཉིད་ཀྱི་སྒྲར་ནི་བསྟན་པ་དེ། །གལ་ཏེ་མ་ལུས་རུང་ཉིད་ལས། །བརྗོད་བྱ་མིན་བཞེད་ན་མི་འགྱུར། །དེ་ཉིད་ཀྱི་ཕྱིར་བཤད་པ། གཞན་དུ་འདིར་ནི་གནོད་པ་ཡི། །
เล่ม ๑๗๙ · หน้า 181a
གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། །གལ་ཏེ་སློབ་དཔོན་རུང་བ་ཉིད་བཞེད་པ་མ་ཡིན་ན། ཅི་ལྟར་གནོད་པར་བྱེད་པའི་རྗེས་སུ་དཔག་པའི་གཏན་ཚིགས་ཐུན་མོང་མ་ཡིན་པར་འགྱུར་ཏེ། ཡོད་པ་ཉིད་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་མ་ཡིན་པ་བུམ་པ་ལ་སོགས་པ་དག་ལ་གྲུབ་པའི་ཕྱིར་
རོ། །གང་གི་ཚེ་ཐམས་ཅད་དེའི་བརྗོད་པར་བྱ་བ་ཉིད་ཡིན་པ་དེའི་ཚེ་ནི་འགྱུར་བ་ཉིད་དེ། གང་ལ་ཡང་ཟླ་བ་མ་ཡིན་པར་མ་གྲུབ་པའི་ཕྱིར་རོ། །སློབ་དཔོན་གྱིས་ནི་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་མེད་ལ་སྒྲ་ལས་བྱུང་བའི་གྲགས་པའི་དོན་དང་འགལ་བས་གསལ་བ་དེ་ནི་ཕྱོགས་མ་ཡིན་ནོ་
ཞེས་གསུངས་ཏེ། ཡུལ་གང་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་མེད་དོ། །མེད་པ་ན་སྒྲ་ལས་བྱུང་བའི་གྲགས་པའི་རྗེས་སུ་དཔག་པ་གནོད་པར་བྱེད་པ་ཡོད་པ་དེ་ནི་ཕྱོགས་མ་ཡིན་ནོ། །དེ་སྐད་དུ་གསུངས་པ་ནི་འདི་དགག་པར་མི་ནུས་པ་ཉིད་དམ། བཟློག་
པའི་ཚད་མ་མེད་པར་ངེས་པ་ཉིད་དུ་སྟོན་པ་ཡིན་ནོ། །ཚད་མ་མེད་པར་ནི་འགོག་པ་མ་ཡིན་ལ། ངེས་པར་བྱེད་པ་ཡོད་ན་མི་ངེས་པ་ཡང་མ་ཡིན་ནོ། །འདིར་ནི་ཕྱི་མ་སྔ་མ་དང་བཅས་པ་སྔ་མ་ཕྱི་མ་དང་བཅས་པ། འདི་གཉིས་ཕྱི་མ་སྔ་མ་ཡི། །དོན་ལ་བྱེད་པ་འཇུག་པ་ཡིན། །གང་གི་ཚེ་རེ་ཞིག་སྒྲ་ལས་བྱུང་
བའི་གྲགས་པ་གཙོ་བོར་ཡིན་ལ། ཆ་ཤས་སྔ་མར་ཁྱད་པར་ཉིད་ཡིན་པ་དེའི་ཚེ་ནི་བཟློག་པའི་ཚད་མ་མེད་པར་ངེས་པ་ཡིན་ལ། གང་གི་ཚེ་ཆ་ཤས་ཕྱི་མ་ཁྱད་པར་ཉིད་ཡིན་ལ། སྔ་མ་གཙོ་བོར་ཡིན་པ་དེའི་ཚེ་ནི་འགོག་པར་མི་ནུས་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པས་ཐུན་མོང་མ་ཡིན་པ་ཉིད་དུ་ཆུག་པ་དེ་ལྟ་
ན་ཡང་ཅི་ལྟར་དགག་པར་མི་ནུས། རྗེས་སུ་དཔག་པ་ཁོ་ན་ནི་ཚད་མ་མ་ཡིན་ཏེ། མངོན་སུམ་ཡང་སྲིད་པའི་ཕྱིར་རོ་ཞེ་ན། འདིར་ལན་དུ། དེ་འགོག་རྗེས་དཔག་ལས་འགྱུར་ཏེ། །སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །གལ་ཏེ་སྒྲ་ལས་འབྱུང་བའི་གྲགས་པའི་རང་བཞིན་གང་ཡིན་པ་དེ་མངོན་སུམ་ཉིད་མ་ཡིན་
ནམ། དེས་ན་རྗེས་སུ་དཔག་པ་མེད་པར་འགྱུར་བས། ཐུན་མོང་མ་ཡིན་པར་བརྗོད་པ་དོན་མེད་པ་སྟེ་མ་ཡིན་ཞེ་ན། མ་ཡིན་ཏེ། སྒྲའི་དོན་ལ་དབང་པོ་མི་འཇུག་པའི་ཕྱིར་རོ། །སྒྲའི་དོན་མངོན་དུ་བྱ་བར་ནུས་པ་མ་ཡིན་ནོ། །སྒྲ་ལས་བྱུང་བའི་གྲགས་པའི་དོན་གྱི་རུང་བ་ཉིད་སྒྲའི་དོན་དུ་ངེས་པ་ཐ་སྙད་ཀྱི་རྒྱུ་ཡིན་པས།
เล่ม ๑๗๙ · หน้า 181b
གལ་ཏེ་སྣང་བ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་ལས་ཐ་སྙད་དུ་བྱ་བ་མ་ཡིན་པས་ན། རུང་བ་ཉིད་དགག་པ་དང་། སྣང་བའི་སྒྲ་དང་འབྲེལ་པ་ཅན་ནམ། འབྲེལ་པ་ནི་མངོན་སུམ་གྱི་ཡུལ་མ་ཡིན་ནོ། །སྒྲ་ནི་ཉན་པའི་རྣམ་པར་ཤེས་པ་ལ་སྣང་བ་ཡིན་ལ་དེའི་དོན་ནི་རྣམ་པར་རྟོག་པའམ། མིག་གི་རྣམ་པར་ཤེས་པ་
བསྣང་བ་ཡིན་ནོ། །འདི་དག་ཕན་ཚུན་ཡུལ་འཆོལ་བར་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་མེ་དང་དུ་བ་དག་ཀྱང་རང་ཡུལ་ཅན་གྱི་རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་ཅི་ལྟར་དེར་འགྱུར། དྲི་དང་དྲི་དང་ལྡན་པ་ལ་སོགས་པ་ཡང་དེ་བཞིན་ནོ་ཞེ་ན། དེར་ཡང་སྐྱོན་དུ་འགྱུར་མོད་དེ་ལྟ་ན་ཡང་དེ་བསྒྲུབ་པར་འགྱུར་བ་ནི་
མ་ཡིན་ནོ། །དེ་དག་ནི་དབང་པོའི་རྣམ་པར་ཤེས་པས་འཛིན་པ་དེས་ན་ཉེས་པ་མེད་དོ། །འདི་ལ་ནི་རང་རིག་པས་ཤེས་པའི་རང་གི་མཚན་ཉིད་འཛིན་གྱི། རྗོད་པར་བྱེད་པ་ཉིད་ནི་མ་ཡིན་ལ། འབྲེལ་པ་ཁྱབ་པ་ལ་ཡང་མངོན་སུམ་ལ་སྣང་བ་མ་ཡིན་ནོ། །སྒྲའི་ཐ་སྙད་ལ་ནི་མི་སྣང་བ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་མངོན་
སུམ་གྱི་ཡུལ་མ་ཡིན་ནོ། །མངོན་སུམ་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་རྗེས་སུ་དཔག་པའི་ཡུལ་ཉིད་དོ། །གལ་ཏེ་བརྟགས་ནས་གཞན་ལས་སྐྱེས་པའི་རྗེས་སུ་དཔག་པར་གཞན་གནོད་པར་བྱེད་པ་ཡིན་པར་འགྱུར་རོ། །གལ་ཏེ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཐུན་མོང་མ་ཡིན་
མོད། གཏན་ཚིགས་གཞན་ཡོད་པར་འགྱུར་རོ་ཞེ་ན། བཤད་པ་ག་ལ་ཡོད་པ་ཉིད་ཀྱང་སྟེ། རྗེས་འགྲོ་མེད་དེར་གཏན་ཚིགས་རྣམས། །ཐུན་མོང་མ་ཡིན་པ་ཉིད་ཅེས། །དེ་ལྟར་གཏན་ཚིགས་དཔེར་བརྗོད་པ། །འབྲས་བུ་དང་ནི་ལྡན་པར་འདོད། །གང་ལ་དངོས་པོ་མ་ལུས་པ་ཁྱབ་པའི་ཡོད་པ་ཉིད་ཐུན་མོང་མ་ཡིན་
པར་བྱས་པ་དེར་ཁྱབ་པ་མེད་པར་ཉོན་མོངས་པ་གཞན་དག་སྨོས་སུ་ཅི་ཡོད། སྟོབས་དང་ལྡན་པའི་ཕྱོགས་བཟློག་པར་ནུས་པ་དེ་དོན་དུ་གཉེར་བ་ནི་དེ་ལས་གཞན་ལ་བཟོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཏན་ཚིགས་དང་ལྡན་པར་བསྟན་ཏེ། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་སོ། །དེ་ལྟ་
མ་ཡིན་ན་ཕྱོགས་ལྟར་སྣང་བ་འགོད་པའི་སྐབས་སུ་གཏན་ཚིགས་ཉེ་བར་དགོད་པའི་སྐབས་ག་ལ་ཡོད། གཞན་དུ་ནི་སྒྲ་མཉན་པར་བྱ་བ་མ་ཡིན་པ་འམ། བུམ་པ་རྟག་པ་ཡིན་ནོ་ཞེས་བྱ་བར་ཡང་གཏན་ཚིགས་དགོད་པར་ཐལ་ལོ། །ཅི་སྟེ་ཚད་མས་གནོད་པ་ལ་གཏན་ཚིགས་མི་སྲིད་ན། འདིར་ཡང་དེ་ལྟར་འགྱུར་
เล่ม ๑๗๙ · หน้า 182a
བའི་ཕྱིར་འདི་ནི་གྱི་ནའོ། །གལ་ཏེ་འདི་དགག་པར་མི་ནུས་པ་ཉིད་དུ་སྟོན་པ་ཡིན་ནོ་ཞེས་བརྗོད་པས་ན་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདིར་ཡང་ཐལ་བར་འགྱུར་ཞེ་ན། འདིར་བརྗོད་པ། སྒྲ་ལས་བྱུང་བའི་གྲགས་པ་འདི། །དངོས་ཀྱི་ཚད་མ་མིན་པར་བརྗོད། །དེས་ན་གཉེན་པོ་མེད་
པ་ལ། །གྱུར་ཕྱིར་འདི་ལ་ཉེས་པ་མེད། །འདིར་གནོད་པར་བྱེད་པར་སྲིད་ཀྱི་མངོན་སུམ་དང་། རྗེས་སུ་དཔག་པ་དག་ལས་ནི་མ་ཡིན་ཏེ། དེས་ན་འདིར་བསལ་བ་ཡིན་ནོ། །རྗེས་སུ་དཔག་པ་གཉེན་པོ་མེད་པ་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །འོ་ན་ཅི་ལྟར་གཉེན་པོ་མི་སྲིད་དོ། །ཐམས་ཅད་
ནི་བརྗོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ།། །།བམ་པོ་དྲུག་པ། སྒྲ་ནི་བརྡ་ལ་བརྟེན་པ་ཅན། །དེ་ཡང་འདོད་ཙམ་བརྟེན་པ་ཡིན། །སྒྲ་ཡིས་གྲུབ་པ་མི་འགྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པའི་ཚིག །སྒྲ་ལས་བྱུང་བའི་རང་བཞིན་ཐམས་ཅད་གྲུབ་པ་ཉིད་ཡིན་ཏེ། འདོད་པ་ཙམ་
གྱི་བརྡ་སྦྱར་བའི་སྒྲ་ཙམ་ལས་འགྱུར་བ་ཡིན་པའི་ཕྱིར་རོ། །སྒྲ་ནི་གང་དུ་ཡང་འཇུག་པར་མི་ནུས་པ་མ་ཡིན་ནོ། །དོན་འདི་ཉིད་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་ལ་སོགས་པས་བརྗོད་པ་ཡིན་ནོ། །གཞན་དུ་ན་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་པར་མི་ནུས་སོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་རྗེས་སུ་དཔག་པ་
མེད་པས་ན་སྒྲ་ལས་བྱུང་བའི་གྲགས་པ་གནོད་པ་མེད་པ་ཡིན་ལ། གནོད་པ་མེད་པ་ཉིད་ཡིན་པས་ཀྱང་རྗེས་སུ་དཔག་པ་མེད་པའི་ཕྱིར་ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྒྲ་བྱུང་གྲགས་པ་འདོད་ཙམ་གྱིས། །འཇུག་པ་རང་ཉིད་ལས་མི་འགྲུབ། །མ་ཡིན་ཡོད་ཉིད་རང་ཉིད་ལས། །ཚད་མ་མ་
ཡིན་པ་ཉིད་དོ། །སྒྲ་ལས་བྱུང་བའི་གྲགས་པ་འདོད་པ་ཙམ་གྱིས་རྗེས་སུ་བྱེད་པ་གཞན་ལས་མི་མཐུན་པའི་ཕྱོགས་མེད་པར་རྟོགས་པ་ལྟོས་པ་ནི་མ་ཡིན་གྱི། དེ་སྟོབས་དང་ལྡན་པའི་ཕྱིར་རང་ཉིད་ལས་ཡིན་ནོ། །འགོག་པར་བྱེད་པ་ཡོད་པ་ཉིད་ཀྱང་རང་ཉིད་ལས་མ་འབྲེལ་པས་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་
པའི་ཕྱིར་རོ། །གལ་ཏེ་ཡོད་པ་ཉིད་ནི་བརྗོད་བྱ་མ་ཡིན་པར་རྟོགས་པ་དེས་ན་བརྗོད་བྱ་མ་ཡིན་པས་ཁྱབ་པའི་ཕྱིར་ཅི་སྟེ་འགོག་པར་བྱེད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདོད་པ་ཙམ་གྱིས་འབྱོར་པ་ནི་དགག་པར་མི་ནུས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཡོད་པ་ཉིད་བརྗོད་བྱ་མ་ཡིན་ན་ཡོད་པའི་སྒྲ་ཉིད་
เล่ม ๑๗๙ · หน้า 182b
ཀྱིས་ཇི་ལྟར་བརྗོད་པར་བྱ། དེའི་ཕྱིར་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔོག་པ་གནོད་པ་མེད་པའི་སྒྲ་ལས་བྱུང་བའི་གྲགས་པ་ནི་གནོད་པར་བྱེད་པ་ཉིད་དོ། །གལ་ཏེ་གནོད་པར་བྱས་པ་ཡང་གནོད་བྱེད་དུ་དོགས་ན། དེ་ལྟ་ཡིན་ན་འགར་ཡང་གནོད་བྱ་གནོད་བྱེད་ཀྱི་དངོས་པོར་མི་འགྱུར་བས་ན་འགྲོ་བ་རྟོགས་པ་
མེད་པ་ཉིད་དུ་འགྱུར་རོ། །དེས་ན་སྒྲ་ལས་བྱུང་བའི་གྲགས་པ་ཉིད་གནོད་པར་བྱེད་པ་ཡིན་གྱི། དེ་ལས་བཟློག་པ་ནི་མ་ཡིན་ནོ། །དེས་ན། རྗེས་སུ་དཔག་པས་སྒྲུབ་རྣམས་ལ། །འགལ་བ་འཁྲུལ་པ་མེད་པ་ཅན། །མེད་པར་སྟོན་ཡིན་དེ་ལྟ་བུའི། །རྟོགས་པ་རྗེས་དཔོག་ཡིན་ཕྱིར་རོ། །སྒྲ་ལས་བྱུང་བའི་གྲགས་པ་
གཉེན་པོའི་ཕྱོགས་མེད་པར་བསྟན་པས་ནི་ཅི་ལྟར་རྗེས་སུ་དཔག་པ་འདི་གཉེན་པོའི་ཕྱོགས་མེད་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། གཉེན་པོ་སྲིད་ན་ནི་དེ་ཡང་ཚད་མ་མ་ཡིན་པའི་ཕྱིར་གནོད་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། སྒྲ་ལས་བྱུང་བའི་གྲགས་པ་ཉིད་བཞིན་ནོ། །དེས་ན་ཡང་མི་
མཐུན་པའི་ཕྱོགས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དཔེར་ན་འདི་ན་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལ། འདི་ན་མེ་མེད་དེ་ཡོད་པའི་ཕྱིར་མེ་དང་བྲལ་བའི་ཕྱོགས་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་འདོད་པ་ཙམ་ཉིད་ཀྱིས་སྦྱར་བས་རྗོད་པར་བྱེད་པ་ཡིན་པའི་ཕྱིར་བུམ་པ་ལ་
ཡང་ཟླ་བ་ཉིད་ཡོད་པས་དཔེ་མེད་པར་འགྱུར་གྱི། འདིར་ནི་མེ་མེད་པའི་ཕྱོགས་ཡོད་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སྒྲ་ལས་བྱུང་བའི་གྲགས་པ་ཡིས། །གནོད་པ་ཡོད་པ་ཐུན་མོང་ཉིད། །མ་ཡིན་འདིར་ཡང་འབྲས་བུ་ཡི། །གཏན་ཚིགས་ཀྱིས་གནོད་ཅི་སྟེ་མིན། །དུ་བ་དང་ལྡན་ས་ཕྱོགས་སུ། །རྗེས་སུ་
དཔག་པས་བསྒྲུབས་པའི་མེ། །དེ་ཅི་མི་འགོག་པ་དག་ལ། །གནོད་བྱེད་ཡིན་པར་མ་རྟོགས་སམ། །མི་མཐུན་ཕྱོགས་ཀྱིས་གནོད་པར་ནི། །དོགས་པ་སྔར་ཉིད་བཟློག་ཟིན་ཏོ། །དེས་ན་ཚད་མ་ཐམས་ཅད་ལ། །དགྲ་ཟླ་སྲིད་པ་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་ལས། །འགལ་བ་མི་འཁྲུལ་ཅན་ཡོད་
མིན། །དེ་ལྟ་མ་ཡིན་ཏེ་ཚད་མ་ལ་གནོད་པ་སྲིད་པ་ཡིན་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །གང་དུ་མ་མཐོང་བ་དེ་ལ་ཡིད་བརྟན་པ་མེད་དོ་ཞེ་ན། མ་ཡིན་ཏེ་མི་དམིགས་པ་ཙམ་ནི་ཚད་མ་མ་ཡིན་པའི་ཕྱིར་རོ། །གནོད་པ་ཡོད་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་
เล่ม ๑๗๙ · หน้า 183a
མ་ཡིན་པའི་ཕྱིར་རོ། །འདིས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ཀྱང་བསལ་བ་ཡིན་ནོ། །འདི་ལྟར་དེ་ཡང་མ་དམིགས་པ་ཙམ་གྱིས་རྟོགས་སམ། འབྲེལ་པས་ཡིན། གལ་ཏེ་མ་དམིགས་པར་རྟོགས་པར་བྱེད་ན་ནི་ཚད་མ་མ་ཡིན་པའི་ཕྱིར་ཅི་ཡང་མ་ཡིན་ནོ། །འོན་ཏེ་འབྲེལ་པས་
ཡིན་ན། དེ་ལས་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པ་ཉིད་དོ། །དེ་ལ་ནི་འབྲེལ་པ་དང་ལྡན་པ་གཞན་སྲིད་པ་མ་ཡིན་ཏེ། གཅིག་ལ་ཡོད་པ་དང་མེད་པ་དག་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་འགལ་བ་འཁྲུལ་པ་ཅན་མི་སྲིད་དོ། །གལ་ཏེ་ཐུན་མོང་མ་ཡིན་པའི་
ཕྱིར་རྗེས་སུ་དཔག་པ་ལ་འགལ་བ་མི་འཁྲུལ་པ་ཅན་མེད་པ་སྟོན་པ་ཡིན་ན་དེའི་ཚེ་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། འབྲས་བུའི་གཏན་ཚིགས་དང་རང་བཞིན་གྱི་གཏན་ཚིགས་ཀྱིས་རབ་ཏུ་འགྲུབ་པ་འགལ་བའི་དོན་གྱིས་གསལ་བ་དེར་ཡང་ཕྱོགས་མ་ཡིན་ནོ་ཞེས་འདི་རྗེས་སུ་དཔག་པ་ཉིད་ལ་
ཅི་སྟེ་མི་བརྗོད། དེ་བཞིན་དུ་མངོན་སུམ་ལ་ཡང་བརྗོད་པར་བྱའོ་ཞེ་ན། འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ལྟར་འདི་ཉིད་ཀྱི་མངོན་སུམ་དང་། རྗེས་སུ་དཔག་པ་ལ་ཡང་བརྗོད་པ་ཡིན་ནོ། །གང་ཞིག་མངོན་སུམ་ལ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། རྟོགས་པ་ཡིན་པའི་ཕྱིར་སྐྲ་དང་སྦྲང་བུ་ལ་སོགས་པའི་རྣམ་པ་
ཅན་རབ་རིབ་ཅན་གྱིས་རྟོགས་པ་བཞིན་ནོ་ཞེས་ཟེར་བ་དེ་ལ་ལན་འདི་གདབ་སྟེ། འབྲེལ་པ་གྲུབ་པས་དངོས་པོ་ནི། །མེད་པ་མིན་པར་སྒྲུབ་པར་བྱེད། །འདི་ལྟར་འབྲེལ་པ་ཡོད་པ་ནི། །ཀུན་ལ་དངོས་པོ་ཡོད་པ་ཡིན། །གལ་ཏེ་འབྲེལ་པ་དང་མི་ལྡན་པའི་རྟོགས་པ་ལ་དངོས་པོ་ཡོད་པར་ཐེ་ཚོམ་ཟ་བའམ།
གཞན་དུ་བརྗོད་པ་ནི་གྲུབ་པ་ཉིད་བསྒྲུབ་པར་འགྱུར། འོན་ཏེ་བཟློག་པ་ལ་ཡིན་ན་ནི་དེའི་ཚེ་ཐམས་ཅད་ལ་དངོས་པོ་ཡོད་པའི་ཕྱིར་བཟློག་པའི་ཕྱོགས་ཐུན་མོང་མ་ཡིན་པ་ཉིད་དོ། །གལ་ཏེ་མངོན་སུམ་ལ་རྗེས་སུ་དཔག་པ་འམ། གཞན་པའི་གནོད་པར་བྱེད་པ་མི་སྲིད་པ་མ་ཡིན་ནམ། དེ་ནི་མངོན་དུ་མཐོང་བ་ཡིན་
པའི་ཕྱིར་རོ། །མངོན་དུ་མཐོང་བ་ཇི་ལྟར་མེད་པར་བསྒྲུབ་པར་ནུས་ཏེ། དེ་ཉིད་ཀྱི་ཚེ་དེ་ཉིད་མཐོང་བ་དང་མི་མཐོང་བ་ནི་སྲིད་པ་མ་ཡིན་ནོ། །དེས་ནི་མི་དམིགས་པའམ། གཏན་ཚིགས་གཞན་གྱིས་མེད་པར་བསྒྲུབ་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ནོ་འདི་ལྟར། མངོན་དུ་བྱས་པའི་རྟོགས་པ་ནི། །འགའ་
เล่ม ๑๗๙ · หน้า 183b
ལའང་གནོད་པ་ཡོད་མིན་ན། །དེ་ལྟ་ཡིན་ན་ཁྱད་མེད་ཕྱིར། །ཐམས་ཅད་ཚད་མ་ཉིད་དུ་ཐལ། །སྒྲ་ལ་སོགས་པ་མངོན་དུ་བྱེད་པའི་རང་བཞིན་འཁྲུལ་པའི་རྟོག་པ་ལ་ཡང་གནོད་པར་བྱེད་པ་མེད་པར་འགྱུར་རོ། །དེས་ན་མངོན་དུ་བྱེད་པ་ཙམ་གྱིས་ནི་ཚད་མ་མ་ཡིན་ནོ། །འདིས་ནི་གནོད་པ་མེད་པ་ཉིད་ཀྱང་
བསལ་བ་ཡིན་ནོ། །མངོན་དུ་བྱེད་པ་བཞིན་དུ་གནོད་པ་མེད་པ་ཉིད་ཀྱི་ངོ་བོ་ཡང་ཧ་ཅང་མ་ཁྱབ་པ་མ་ཡིན་ནོ། །མི་སླུ་བ་ཅན་གནོད་པ་མེད་པར་གྱུར་པ་ཚད་མ་ཡིན་ནོ་ཞེ་ན། དེ་ནི་ཨ་རུ་ར་ཟོས་ན་ལྷས་འཁྲུ་བར་བྱེད་དོ་ཞེས་པའི་ཚུལ་དུ་འགྱུར་རོ། །གལ་ཏེ་མི་སླུ་བ་དང་ལྡན་པ་ཡིན་ན་གནོད་པ་མེད་པས་ཅི་
བྱ་སྟེ། མི་སླུ་བ་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དོན་བྱེད་པའི་ཡུལ་ལ་གནོད་པ་བྱེད་པ་ཉིད་འཛིན་པ་ཡིན་ན། དེ་ལྟར་ཡིན་ན་དེའི་མི་སླུ་བ་ཉིད་པས་སྐྱོན་མེད་དོ། །མི་སླུ་བ་དེ་ཡང་སྣང་བ་ནི་མ་ཡིན་ཏེ། སྣང་བའི་རང་བཞིན་འབྲེལ་པ་ཡོད་པ་ཡིན་པའི་ཕྱིར་མི་སྣང་ཡང་རྟོགས་པར་བྱ་བ་ཡིན་
ནོ། །འབྲེལ་པ་དེ་ནི་རྗེས་སུ་དཔག་པ་ལ་ཡང་ཡོད་པའི་ཕྱིར་དེ་ལ་གཉེན་པོ་སྲིད་ན་གཉི་ག་ལ་འགྱུར་བའམ། ཡང་ན་ནི་འགལ་བ་ཡང་མ་ཡིན་པའི་ཕྱིར་མཚུངས་སོ། །དེའི་ཕྱིར་མངོན་སུམ་ཡང་མངོན་དུ་བྱེད་པས་ནི་ཚད་མ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་
བ་ལས་ཚད་མ་ཉིད། །འབྲེལ་པ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉི་ག་མཚུངས། །ཞེས་བཤད་དོ། །འབྲེལ་པ་ཉིད་ཚད་མའི་རྒྱུ་ཡིན་ནོ། །གལ་ཏེ་དགོས་པ་འདི་ཙམ་དུ་ཟད་ན་མངོན་སུམ་དེ་ཉིད་དུ་གཉེན་པོ་མེད་པར་བསྟན་པའི་ཕྱིར། རྗེས་སུ་དཔག་པ་མེད་པ་ལ་ཞེས་ཅི་སྟེ་མ་བརྗོད་རིམ་
གྱིས་ཐོབ་པའི་གོ་རིམས་བཟློག་པས་དགོས་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་བཟང་སྟེ། འདི་ལྟར། སྒྲ་བྱུང་གྲགས་པའི་ཚད་མ་ཉིད། །གནོད་པ་དང་ནི་མི་ལྡན་པ། །བསྟན་ཕྱིར་བཟློག་པའི་ཚད་མ་དག །དཔེ་ལས་འདི་ཉིད་དུ་བཤད་དོ། །གལ་ཏེ་མངོན་སུམ་མམ་རྗེས་སུ་དཔག་པ་དེར་གེགས་བྱེད་
པའི་ཚད་མ་སེལ་བར་བརྗོད་ན་ནི། སྒྲ་ལས་བྱུང་བའི་གྲགས་པའི་རྗེས་སུ་དཔག་པ་ལ་དོན་གྱིས་བསྟན་པར་མི་འགྱུར་ཏེ། དེས་ན་དོན་འདིས་དང་པོར་ཐོབ་པར་རྒལ་བ་ཡིན་ནོ། །གཞན་ཡང་། གང་དུ་བརྟན་མིན་རྗེས་དཔག་ལའང་། །བཟློག་པའི་རྗེས་དཔག་ཡོད་མིན་པ། །དེར་ནི་བརྟན་པའི་རྗེས་དཔག་
เล่ม ๑๗๙ · หน้า 184a
ལ། །ཤིན་ཏུ་རིང་བར་ངེས་བྱས་ཉིད། །གང་དུ་སྒྲ་ལས་བྱུང་བའི་གྲགས་པ་གཏིང་བརྟན་པ་མ་ཡིན་པའི་རྗེས་སུ་དཔག་པ་ལ་ཡང་ཐུན་མོང་མ་ཡིན་པ་ཉིད་དུ་བྱེད་པའི་རྒྱུས་བཟློག་པའི་ཚད་མ་མེད་པ་དེ་ཤིན་ཏུ་རྩ་བ་བརྟན་པ་ནི་བཟློག་པའི་ཚད་མ་མེད་པར་འབད་མི་དགོས་པར་གྲུབ་པོ། །གལ་
ཏེ་མི་མཐུན་པ་མེད་པ་ཉིད་རུང་བ་ཡིན་ནོ་ཞེས་བྱ་བའི་རིགས་པས་ཐམས་ཅད་འདོད་པའི་སྒྲས་བརྗོད་པར་རུང་བ་དེའི་ཕྱིར་འདིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཉིད་དུ་འགྱུར་ཏེ། དེ་ལྟར་མངོན་སུམ་གྱིས་དམིགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་མཐུན་པ་ཉིད་ཀྱང་མེད་པའི་ཕྱིར་རོ། །
ཇི་ལྟར་དེའི་མི་མཐུན་པ་ཉིད་རྟོགས་པ་མེད་པ་དེ་བཞིན་དུ་རྗེས་སུ་མཐུན་པ་ཉིད་ཀྱང་མངོན་སུམ་མམ། གཞན་ལས་རྟོགས་པ་མ་ཡིན་ནོ། །དེས་ན་སྒྲ་ལས་བྱུང་བའི་གྲགས་པའི་རྗེས་སུ་དཔག་པ་འདི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པར་ཅི་ལྟར་འགྱུར། དེ་ལ་འདོད་པ་ཙམ་ལས་བྱུང་བའི་ཆོས།
དངོས་པོ་མ་ཡིན་པ་ལ་གནོད་པར་བྱེད་པ་དེར་ཅི་འབྲེལ་པའི་སྟོབས་ལས་བྱུང་བ་གནོད་པར་འགྱུར་རམ་ཞེས་བྱ་བ་འདི་ཙམ་ཞིག་འདིར་དགོས་པར་བསྟན་པ་ཡིན་ནོ། །གལ་ཏེ་འདོད་ཙམ་གཞན་གྱི་དྲིང་འཇོག་ཆོས། །གདོན་མི་ཟ་བར་གནོད་བྱ་མིན། །དེ་ནི་ཉེ་བ་ཉིད་ཀྱིས་ན། །ཀུན་གྱི་ཚེ་ན་རྟོགས་ཕྱིར་རོ། །དངོས་
པོའི་སྟོབས་ལས་འབྱུང་གང་ཡིན། །དེ་ནི་ལ་ལར་མེད་ཀྱང་སྲིད། །གང་ཕྱིར་རྒྱུ་རྣམས་འབྲས་བུ་ལ། །ངེས་པ་ཉིད་ནི་ཡོད་མ་ཡིན། །དེས་ན་དངོས་པོ་ལས་བྱུང་བའི། །ཚད་མ་གནོད་བྱེད་དོགས་པར་འགྱུར། །དེ་ཕྱིར་གནོད་བྱེད་སྤངས་པ་འདི། །དེ་ཉིད་དུ་ནི་རིགས་པ་ཡིན། །སྣུམ་ཁུར་དང་ནི་དབྱིག་པའི་ཚུལ། །
ལན་དུ་བརྗོད་པ་གང་ཡིན་པ། །དེ་ནི་ཡོད་མིན་དང་པོ་ལས། །རྒལ་བས་དེ་ཡི་རིམ་ལས་འདས། །འདིར་བཤད་པ། གང་དུ་ཐ་སྙད་ཙམ་ལས་གྲུབ་པ་ཡིན། །འབྲེལ་པས་རྗེས་དཔོག་དངོས་པོས་འཇུག་མིན་པ། །གནོད་པ་མེད་དེར་གཞན་ལ་གནོད་པ་ནི། །ཡོད་པར་འགྱུར་ཞེས་ཇི་ལྟར་དཔྱོད་པར་འགྱུར། །
དོན་འདི་འདི་ལྟར་སྟོན་པར་བྱེད་པས་ན། །རིགས་པའི་ཆོས་ཀྱི་རྗེས་འགྲོ་ཉམས། །རག་ལས་པ་དག་འདོར་བ་ཡང་། །དེ་སྤངས་པས་བྱས་ནས་ནི་འཇུག་པ་མཐོང་། །བདེ་བླག་གྲུབ་པའི་མངོན་པར་འདོད་པ་དེ། །སད་པའང་དེ་དང་མཚུངས་པར་གྲུབ་པ་ཉིད། །དངོས་པོས་འཇུག་ལ་འདི་འདྲ་ཡོད་མིན་ཏེ། །གཞི་
เล่ม ๑๗๙ · หน้า 184b
འཛིན་པ་ནི་སྐྱོན་པར་ནུས་མ་ཡིན། །དེ་ལྟར་ལམ་ངན་ཞུགས་པའི་རྟོགས་པ་ཐམས་ཅད་མེད་འགྱུར་བའི། །ཚུལ་འདི་ཐོབ་པ་མ་ཡིན་རྣམས་ཀྱིས་འཕྲོགས་པ་མིན་གྲང་ཡང་། །འདི་ལ་ཇི་ལྟར་བློ་ངན་མིན་ཉམས་མེད་པ་རྣམས་ཀྱི་ལྟ་བར་འགྱུར་བའམ་གསལ་བ་ཉིད་མཐོང་བར་མི་འགྱུར་རོ། །དེའི་ཕྱིར་འདི་ཉིད་དུ་
གནོད་པ་མེད་པར་བསྟན་པ་ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །དེས་ནི་རྗེས་སུ་དཔག་པ་ལས། །གྲགས་པ་ཐ་དད་ཡུལ་ཅན་ཉིད། །གང་ལ་ཞེས་བྱ་བ་ལ་སོགས་པས་སོ། །གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་མེད་
ཅེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཞེས་བྱ་བ་དང་འབྲེལ་ལོ། །ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དངོས་པོ་སྒྲུབ་པ་ལ་སྟོན་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་མེད་ན། འོ་ན་གང་གིས་ཟློག་པར་བྱེད་པ་ལ་གནོད་པ་བྱེད་ཅེ་ན།
མེད་པ་ནི་འགལ་བའི་དོན་སྒྲ་ལས་བྱུང་བའི་གྲགས་པས་གསལ་བ་ཡིན་ནོ། །རྗེས་སུ་དཔག་པ་འགོག་པ་འདིས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་འདི་རྗེས་སུ་དཔག་པ་ཡིན་ན། རྗེས་སུ་དཔག་པ་འགོག་པས་བཟློག་པར་འགྱུར་རོ། །རྗེས་སུ་
དཔག་པར་མི་འདོད་པ་ཡང་མ་ཡིན་ཏེ། འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་བརྗོད་པའི་ཕྱིར་རོ། །འདི་ལྟར་འདི་སྒྲ་ལས་བྱུང་བའི་གྲགས་པ་ཙམ་འབའ་ཞིག་གནོད་པར་བྱེད་པ་ཡིན་གྱི། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །རུང་བ་ཙམ་ཉིད་ན་མངོན་དུ་ཕྱོགས་པར་ནུས་
པ་མ་ཡིན་ཏེ། དེ་ལ་ནི་དངོས་པོ་ཙམ་སྣང་བའི་ཕྱིར་རོ། །འོན་ཏེ་ཡང་གལ་ཏེ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་དངོས་པོ་ཙམ་སྣང་བ་ཡིན་གྱི་བརྗོད་བྱ་རྗོད་བྱེད་ཀྱི་ངོ་བོ་མ་ཡིན་ན། འོ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཡང་མི་སྣང་བ་ཉིད་དོ། །དེ་ལ་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པ་ཡང་ཡིན་པ་དེ་བཞིན་དུ་བརྗོད་བྱ་རྗོད་
བྱེད་ཀྱི་དངོས་པོ་ཡང་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་འདི་ཐམས་ཅད་ཀྱི་ཡུལ་ཡིན་གྱི། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ནི་མ་ཡིན་ནོ། །འདི་ལྟར། བརྗོད་བྱ་རྗོད་བྱེད་ངོ་བོ་འདི། །ཡུལ་དང་དུས་ཀྱིས་མི་གཞན་ལ། །འཁྲུལ་འགྱུར་དེས་ན་དེ་ལ་ཅི། །རྒྱུ་འབྲས་ཉིད་ཡོད་མ་ཡིན་ནོ། །
เล่ม ๑๗๙ · หน้า 185a
རྒྱུ་དང་འབྲས་བུའི་དངོས་པོ་ལ་གལ་ཏེ་དོན་དམ་པར་མངོན་སུམ་གྱི་ཚད་མས་མ་གྲུབ་པ་དེ་ལྟ་ན་ཡང་། འགྲོ་བ་མཐའ་དག་ལ་བྱེ་བྲག་མེད་པར་གྲུབ་པའི་དབང་གིས་ན་མངོན་སུམ་ལྟ་བུར་སྣང་ངོ་། །འདི་ལྟར། ང་ཡིས་སྔོན་མཐོང་དུ་བ་དེ། །མེ་ཡི་རྒྱུ་དང་ལྡན་པ་ཡིན། །གཞན་དུ་འདི་
ཉིད་འདི་ཞེས་པའི། །ཤེས་པ་སྐྱེ་བར་ཇི་ལྟར་འགྱུར། །གལ་ཏེ་སྔར་མ་བརྟགས་པ་དེ་ལྟ་ན་ཡང་ངས་སྔར་མཐོང་བ་ཉིད་དོ། །འོ་ན་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྔར་རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། རྣམ་པར་རྟོག་པ་མེད་བཞིན་བདག་གིས་མཐོང་ངོ་ཞེས་རྟོགས་པའི་
ཕྱིར་རོ། །དུས་གཞན་དུ་བྱུང་བའི་རྣམ་པར་རྟོག་པའི་སྔར་བྱུང་བའི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པའི་རྒྱུ་མཚན་མ་ཡིན་ཏེ། དེ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕྱིས་ཀྱི་དུས་སུ་བྱུང་བའི་རྣམ་པར་རྟོག་པ་ཡུལ་མེད་པ་ཉིད་ཡིན་པས་ཅི་ལྟར་ན་དེས་རྣམ་པར་རྟོག་པ་མེད་པ་ཉིད་དུ་རྣམ་པར་འཇོག །
འདས་པའི་ཡུལ་ནི་མངོན་སུམ་དུ་འགྱུར་བ་མ་ཡིན་ཏེ། དེས་ན་ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཉིད་དུ་རྣམ་པར་འཇོག་ཅེ་ན། མ་ཡིན་ཏེ། མི་དམིགས་པ་འདས་པའི་ཡུལ་ཅན་ཉིད་དུ་མི་འགལ་བའི་ཕྱིར་རོ། །འདི་ལྟར་འདས་པ་དང་ད་ལྟར་བར་སྒྲུབ་པ་པོའི་མངོན་སུམ་ལོག་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་མེད་
པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་མཐའ་དག་ནི་དེ་ལྟ་བུ་ཉིད་དེ། དེ་ལྟར་མ་ཡིན་ན་ཐ་སྙད་མེད་པར་འགྱུར་བའི་ཕྱིར། འགའ་ཡང་འདུག་པར་ཡང་མི་བྱ་འགྲོ་བར་ཡང་མི་བྱ་བར་འགྱུར་རོ། །དེའི་ཕྱིར། གང་ཚེ་འདས་དང་ད་ལྟར་གྱི། །མངོན་སུམ་ལོག་པར་འགྱུར་བ་ལ། །རྟོགས་
པ་པོ་ཡི་དྲན་པ་ཡི། །འདུ་བྱེད་རྨོངས་པ་མེད་གྱུར་པ། །དེ་ཚེ་དེས་ནི་མེད་གྱུར་པའི། །ཐ་སྙད་རབ་ཏུ་འཇུག་པ་ཡིན། །དངོས་པོ་འདི་རྣམས་བཅད་པར་ནི། །འགྲོ་བ་ཀུན་ལ་འགྲུབ་པ་ཡིན། །བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་དངོས་པོ་ནི་ངས་མངོན་སུམ་གྱིས་བཟུང་ངོ་ཞེས་རྟོགས་པ་སུ་ཡང་མེད་དོ། །འདི་
ལྟར། མཐོང་བ་ཙམ་གྱིས་མ་བསྟན་པར། །སྒྲ་དོན་བརྗོད་བྱ་རྗོད་བྱེད་དུ། །འཛིན་མིན་བསྟན་པ་དེ་ཡང་ནི། །དེ་ལྟར་ཉིད་དུ་རྟོགས་པ་མེད། །མཐོང་བ་མེད་པ་ཉེ་བར་བསྟན་པ་འདི་ནི་བརྗོད་པར་བྱ་བའོ། །འདི་ནི་རྗོད་པར་བྱེད་པའོ་ཞེས་སྒྲ་དང་དོན་དག་འབྲེལ་པ་རྟོགས་པ་ནི་འགའ་ཡང་མེད་དོ། །ཉེ་བར་བསྟན་
เล่ม ๑๗๙ · หน้า 185b
པ་ཡང་གལ་ཏེ་འགའ་ཞིག་སྨྲ་བ་ན་འདོད་པ་ཉིད་དོ། །གཞན་དུ་ན་འཆད་པའི་རྣམ་པར་རྟོག་པ་མེད་པར་འགྱུར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་གཞན་དུ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །གལ་ཏེ་མིང་གི་ལས་ནི་མངོན་སུམ་ཞེས། །བྱེ་བྲག་པ་དག་རྗོད་པར་བྱེད། །འདི་ལྟར་འདི་ནི་མཆོད་སྦྱིན་ཞེས། །
དངོས་པོའི་བརྡ་ཡི་དུས་སུ་ནི། །མཐོང་ཞིང་ཐོས་ན་དེ་བཞིན་དུ། །མངོན་སུམ་ཉིད་ལས་རྟོགས་པར་འགྱུར། །བརྡ་བྱེད་པའི་དུས་ན་གང་གི་ཚེ་ལྷས་བྱིན་ལ་སོགས་པ་མིང་བྱ་བར་འདོད་པའི་ཡུལ་གྱི་དངོས་པོ་མདུན་ན་གནས་པ་མཐོང་བ་དང་། ལྷས་བྱིན་ཞེས་བྱ་བ་ལ་སོགས་པའི་རང་བཞིན་རྣ་བའི་ཡུལ་
དུ་དཔྱོད་པ་དེའི་ཚེ། ཐ་སྙད་བྱེད་པའི་སྐྱེ་བོ་དག་འདིའི་མིང་ནི་འདི་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །རིགས་ཐ་དད་པ་མངོན་སུམ་གྱིས་གཟུང་བ་དག་ལ་འབྲེལ་པ་ངེས་པར་མི་འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར། གཞན་དུ་དྲན་དང་མྱོང་བ་དག །ཕན་ཚུན་དུ་ནི་འབྲེལ་འགྱུར་བར། །ཡོངས་སུ་ངེས་པར་མི་
འགྱུར་ཏེ། །རིགས་མི་མཐུན་པར་གནས་ཕྱིར་རོ། །དེ་ནི་དེ་ལྟར་མ་ཡིན་ཏེ། །འདི་ལྟར་གལ་ཏེ་མིང་ཅན་དག །འབྲེལ་པ་མངོན་སུམ་གྱིས་འཛིན་ན། །དུས་གཞན་དག་ཏུ་གཞན་ཉིད་དུ། །འཛིན་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་མིང་དང་མིང་ཅན་གྱི་འབྲེལ་པ་མངོན་སུམ་གྱི་ཚད་མས་རྟོགས་པ་ཡིན་
ན། ཅི་ལྟར་ཡུལ་གཞན་དུ་མི་གཞན་ལ་གཞན་དུ་འགྱུར། མངོན་སུམ་གྱིས་གྲུབ་པ་ནི་སྔོན་པོ་ལ་སོགས་པ་འམ། དངོས་པོ་དང་འབྲེལ་པ་གཞན་ཡང་རུང་སྟེ། གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་མིང་དང་མིང་ཅན་གྱི་རྟོགས་པ་ནི་ཉེ་བར་བསྟན་པའི་རྗེས་སུ་འགྲོ་བ་དང་ལྡན་པར་མཐོང་བ་
ཉིད་དོ། །འདི་ལྟར། རེ་ཞིག་འདི་ཡི་མིང་འདི་ཞེས། །འདིས་བརྗོད་འདི་ནི་གསལ་ཉིད་དེ། །འདི་ཡི་མིང་འདི་ཡིན་ཉིད་དེ། །ཡོངས་སུ་གསལ་བར་མི་ཤེས་སོ། །རེས་འགའ་འདི་ནི་དུས་གཞན་ཚེ། །གཞན་ཉིད་དུ་ནི་བྱེད་པར་འགྱུར། །གཞན་དང་གཞན་དུ་འདོད་པ་ཞེས། །བྱ་བ་གང་གིས་འགོག་
པར་བྱེད། །བདག་ཀྱང་འདི་ལྟ་ཉིད་ཞུགས་ཏེ། །འདོད་པ་འགའ་ཡང་གང་གིས་ཀྱང་། །དགག་པར་ཚང་བ་ཉིད་ཡིན་ཡང་། །ནམ་ཡང་ནུས་པ་མ་ཡིན་ནོ། །གལ་ཏེ་དང་པོ་དང་ཐ་མར་གནས་ཐུར་དུ་སྐྱེས་བུ་གསུམ་གྱི་རྗེས་སུ་སོང་བ་ཅན་དགྲ་བོ་ལ་མེད་པའི་མིང་གང་གིས་ཕར་བར་བྱའོ་ཞེས་བྱ་བའི་རིགས་
เล่ม ๑๗๙ · หน้า 186a
པས་ཅི་ལྟར་འདོད་པ་མི་བཟློག་ཅེ་ན། མ་ཡིན་ཏེ། དེའི་མཚན་མ་ཉིད་དང་ལྡན་པ་དང་དུ་མ་ཉིད་ཡིན་པས་ཅི་ལྟར་ལོག །འདི་ཡང་ཉེ་བར་བསྟན་པ་ཙམ་སྟེ། འདི་ལས་འདས་ཏེ་ཉེ་བར་སྟན་པར་མ་མཐོང་བ་ནི་མ་ཡིན་ནོ། །དེས་ན་མིང་གི་ལས་ནི་མངོན་སུམ་མ་ཡིན་ནོ། །དེའི་ཕྱིར་བརྗོད་བྱ་
རྗོད་བྱེད་ཀྱི་དངོས་པོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལྟར་མ་ཡིན་པའི་ཕྱིར། སྒྲ་ལས་བྱུང་བའི་གྲགས་པའི་རྗེས་སུ་དཔག་པ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་མ་ཡིན་ནོ། །དེས་ནི་དངོས་རྣམས་ཡོད་མེད་པའི། །རྗེས་སུ་འཇུག་ཅན་རྗེས་དཔག་ལས། །ཐ་དད་དེ་དབང་མི་འཇུག་པ། །
དེ་འདོད་ལས་སྐྱེས་ཡིན་ཞེས་བསྟན། །སྒྲ་ལས་བྱུང་བའི་གྲགས་པའི་རྗེས་སུ་དཔོག་པ་འདི་ནི་འདོད་པ་ཙམ་གྱིས་འཇུག་པ་ཡིན་ལ། དངོས་པོའི་སྟོབས་ཀྱིས་བྱུང་བ་ནི་མ་ཡིན་ནོ། །དེས་ན་དངོས་པོ་གོ་བར་བྱེད་པ་མ་ཡིན་ནོ། །མེ་ལ་སྦྱིན་སྲེག་སོགས་སྒྲ་ལ། །ཅི་ལྟར་དོན་འདི་བརྟགས་པ་ལྟར། །དེ་བཞིན་ཁྱི་
ཤ་ལ་སོགས་པ། །གཞན་ཡང་འདོད་པས་བརྟགས་པར་གྱིས། །འདོད་པས་བརྟགས་པ་ལ་བརྟེན་པ་ཅན་གྱི་དོན་དག་ལ་དངོས་པོ་ངེས་པ་ཅི་ཞིག་ཡོད། འོན་ཏེ་མ་མཐོང་བ་དང་འགལ་བ་མི་རྟོག་སྟེ། གཞན་རྟོག་ན་ནི་མ་མཐོང་བ་བསྟན་པར་འགྱུར་བ་མ་ཡིན་ནོ། །གང་དུ་འདི་རྟོགས་མངོན་འདོད་པའི། །
འབྲས་བུ་འཐོབ་པར་འགྱུར་བ་མེད། །དེ་ལྟ་མིན་ན་མིང་གིས་ནི། །ཀུན་གྱིས་ཐམས་ཅད་འགྲུབ་པར་འགྱུར། །ཞེ་ན། དེ་ནི་བདེན་ཏེ་ངེད་ཀྱང་དེ་ལྟར་དམ་བཅའ་བ་ཡིན་ནོ། །འོན་ཀྱང་ཁྱེད་ཅག་ཉིད་དོན་མེད་པར་འདི་གཞག་པ་ལ་སྦུགས་ཆེན་པོར་འཇུག་པར་ཟད་དོ། །འདི་ལྟར། གལ་ཏེ་དོན་ནི་བརྒྱུད་པ་
ཡིས། །ངེས་པ་ལ་ནི་སྡོད་བྱེད་ན། །དེ་ཉིད་ཉེ་བར་བསྟན་པར་འགྱུར། །དོན་ལ་ལོང་བ་བརྒྱུད་པ་ཉིད། །གལ་ཏེ་དོན་ནི་རིག་བྱེད་པ། །དབང་པོ་ལས་འདས་མཐོང་ཡོད་ན། །དེ་ལྟར་ཡིན་ན་ཕན་ཚུན་དུ། །འགལ་བ་པ་ནི་ཉིད་དུ་འགྱུར། །ཁྱེད་ལས་དབང་པོ་ལས་འདས་པ་མཐོང་བ་གཞན་ཡོད་པའི་སྐབས་
རྙེད་པར་དཀའ་བ་མ་ཡིན་ནོ། །འོ་ན་དོན་འདི་ཡང་འགའ་ཞིག་གིས་བརྟགས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱིས་ཡིད་ཆེས་པ་མ་ཡིན་པས་ན་གཞན་དག་ཀྱང་བརྟག་པར་བྱ་བ་ཡིན་ནོ། །རང་གི་ཤེས་པས་དེ་མི་ཤེས་པ་ལ་བསྟན་པ་ཡིན་ནོ་ཞེ་ན། དེ་ཉིད་ཤེས་མོད་ཁྱོད་ལ་དཔྱད་པས་ཅི་བྱ། །དེ་མ་དཔྱད་པར་སླུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด