ཚད་མ་རྣམ་འགྲེལ་གྱི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๙ · หน้า 186b
བར་བྱེད་པ་ཞེས་བྱ་བར་ཡང་འགྱུར་དེས་ན་སེམས་སོ་ཞེ་ན། འོ་ན་ཉེ་བར་བསྟན་པ་ཙམ་གྱིས་ཡིད་ཆེས་པ་འོར་ཅིག །རང་བཞིན་དང་རྐྱེན་གྱི་རྗེས་སུ་མཐུན་པར་རྟོག་གོ་ཞེ་ན། རང་བཞིན་དང་རྐྱེན་གྱི་དོན་དེ་ཡང་ཉེ་བར་བསྟན་པ་ཉིད་ལས་གྲུབ་པ་མ་ཡིན་ནམ། དེས་ན་དེ་ཡང་སྦྱོར་བ་མཐོང་བ་ཉིད་ལས་བསྒྲུབ་པར་བྱ་
བ་ཡིན་ལ། སྦྱོར་བ་ཡང་རང་བཞིན་དང་རྐྱེན་གྱི་དོན་ལས་སྐྱེས་པ་ཡིན་པའི་ཕྱིར། ལོང་བ་བརྒྱུད་པ་དང་ཕན་ཚུན་བརྟེན་པར་འགྱུར་རོ། །དེ་ལྟར་ན་ཆོས་སུ་མི་འགྱུར་རོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །གཞན་ཡང་དེ་ལྟར་ན་ཆོས་སུ་འགྱུར་རོ་ཞེས་བྱ་བ་འདི་ཡང་ཉེ་བར་བསྟན་པ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །གལ་
ཏེ་རི་བོང་ཅན་ནི་ཟླ་བ་ཡིན་ནོ། །ཡོད་པའི་ཕྱིར་གྲུབ་པའི་བརྗོད་བྱ་བཞིན་ནོ། །དེས་ན་རྗེས་སུ་དཔག་པ་འདི་ཇི་ལྟར་དངོས་པོའི་སྟོབས་ཀྱིས་ཞུགས་པ་མ་ཡིན་ཞེ་ན། འདི་ལ་བཤད་ཟིན་ཏེ། གཞན་ཡང་། རི་བོང་ཅན་ཟླར་མི་འདོད་པར། །དེ་གྲགས་གང་ཞིག་འདོད་པར་འགྱུར། །དེ་ཕྱིར་དེ་ལ་དཔེ་མེད་ཅན། །
དེ་ནི་ཐུན་མོང་མ་ཡིན་འདོད། །གྲགས་པ་མཐའ་དག་སྤོང་བར་བྱེད་པ་ལ། །དཔེ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བཤད་ཟིན་པ་ཡིན་ནོ། །རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཡིན་པར་འགྲོ་བ་མཐའ་དག་གི་གྲགས་པ་ལས་འབྱུང་བ་དེ་ལྟར་མི་འདོད་པ་དེ་ནི་གྲགས་པ་
གཞན་ཡང་མི་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེས་ན་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་དཔག་པ་ནི་དེ་ལ་ལྟོས་ཏེ་དཔེ་མེད་པ་ཅན་ཡིན་ནོ། །དེ་ལ་གཏན་ཚིགས་ཐམས་ཅད་ཀྱང་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བཤད་ཟིན་པ་ཉིད་དོ། །དེས་ན་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་
ཞེས་བྱ་བ་འདིའི་དོན་ཅི་ཡིན་ཞེ་ན། ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་རི་བོང་ཅན་ཟླ་བ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཟླ་བ་ཉིད་བསྒྲུབ་པར་ནུས་པ་མ་ཡིན་ནོ། །འོ་ན་གང་གིས་བསྒྲུབས་མ་བསྒྲུབས་ན་ཡང་ཅི་ལྟར་གནོད་པར་བྱེད་པ་མ་ཡིན་ཞེ་ན། སྒྲ་ལས་བྱུང་བའི་གྲགས་པ་དང་པོའི་
དབང་གིས་བྱུང་བ་མ་ཡིན་པས་སྙམ་དུ་བསམ་པའོ། །གལ་ཏེ་ཟླ་བ་གཅིག་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་ན་གྲགས་པ་མཐའ་དག་སྙོན་པའི་རྒོལ་བ་ལ་ལྟོས་ནས་རྗེས་སུ་དཔག་པ་འདི་ཐུན་མོང་མ་ཡིན་པ་ཉིད་དུ་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་རྙེད་ཅེ་ན། འདི་ནི་ཅུང་ཟད་ཀྱང་མ་
เล่ม ๑๗๙ · หน้า 187a
ཡིན་ཏེ། འདི་ལྟར། དཔེ་གཅིག་ཉིད་དབང་བྱས་ནས་ནི། །དེ་སྐད་བཤད་མིན་མཚན་ཉིད་ཕྱིར། །དེ་བཞིན་དུ་ཏྲིག་ཤིང་མིན་ཞེས། །བརྗོད་པ་ལ་ཡང་གནོད་ཕྱིར་རོ། །ཤ་བ་ནི་ཤིང་མ་ཡིན་ཏེ། །ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཡང་ཤིང་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལན་མ་ཡིན་ནོ། །
དཔེ་གཅིག་པ་ཉིད་ཀྱི་དབང་དུ་བྱས་ནས་མཚན་ཉིད་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་དཔེ་གཅིག་ཉིད་ཀྱི་དབང་དུ་བྱས་ནས་མཚན་ཉིད་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་འདིས་ནི་ཅི་ཡིན། དཔེ་དེ་བསྒྲུབ་པར་མི་བྱ་བ་ནི་མ་ཡིན་ནོ། །དེ་སྟེ་དཔེ་གཞན་ཡང་ནང་དུ་འདུས་ཏེ་མཚན་ཉིད་བྱ་བ་ཡིན་ནོ། །དེ་ལྟར་
མཚན་ཉིད་བྱས་པའི་བསྟན་བཅོས་ནི་ཚེགས་མེད་པར་འགྲུབ་པར་འགྱུར་བས་ན་རྟོགས་པ་པོ་ནུབ་པར་མི་འགྱུར་རོ་ཞེ་ན། འོ་ན་གང་དུ་དཔེ་གཞན་མེད་པ་དེར་ནི་མཚན་ཉིད་མི་འཇུག་གམ། འདི་ལྟར་ལྷུན་པོ་མན་དར་མོ་ན་དང་། །ཏི་སེ་ཨུ་རལ་ལ་ལ་སོགས། །དེ་ཡི་རང་བཞིན་ཡིན་པའི་ཕྱིར། །དཔེ་འགའ་
ཡང་ནི་ཡོད་མ་ཡིན། །འདིར་བཤད་པ། མཚན་ཉིད་གང་དེ་མ་ཁྱབ་དང་། །ཧ་ཅང་ཁྱབ་པ་དང་བྲལ་བར། །བསྒྲུབ་བྱ་དེས་ནི་གཞན་གྱིས་ནི། །བརྗོད་པས་ན་ནི་མ་ཁྱབ་པར། །འདི་ལྟར་ཤ་པ་ནི་ཤིང་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་བྱ་བ་འདིར་ཡང་གྲགས་པ་གནོད་པར་བརྗོད་པར་བྱ་བ་ཡིན་ན། དེ་ཇི་ལྟར་
གཞན་གྱིས་བརྗོད་པའི་རིགས་པ་ལས་འཇུག་པར་འགྱུར། ཤིང་གཅིག་ཉིད་ནི་མ་ཡིན་ཏེ། བླག་ཤ་ལ་སོགས་པ་ཡང་ཡོད་པའི་ཕྱིར་རོ། །འོན་ཏེ་ཐུན་མོང་བ་ཉིད་ཀྱི་རྗེས་སུ་དཔག་པ་ཡོད་པ་ཉིད་ཀྱིས་དེས་གནོད་པར་འགྱུར་རོ་ཞེ་ན། འདིར་བཤད་པ། འདིར་ཡང་ག་པུར་དངུལ་སོགས་ལ། །འཇིག་རྟེན་ན་ནི་
མཐོང་བའི་ཕྱིར། །བརྡ་ལས་འཇུག་པར་འགྱུར་བ་ལ། །ཐུན་མོང་མིན་པ་ཉིད་ཀྱང་ཅི། །ཟླ་བའི་སྒྲའི་བརྗོད་བྱ་ཉིད་ཀྱང་དངུལ་ལ་སོགས་པ་ལ་མཐོང་བ་ཉིད་དོ། །དེས་ན། ཟླ་བ་གཅིག་ཉིད་ཇི་ལྟར་ཡིན། །བརྡ་ལས་འཇུག་པའི་སྒྲ་དག་ནི། །གང་དུའང་མི་འཇུག་པ་མེད་དོ། །དེས་ན་དེར་ཡང་རྗེས་སུ་དཔག་པས་
གནོད་པ་ཉིད་པས་ན་གྲགས་པ་བསལ་བ་ཞེས་བྱ་བ་མེད་པར་འགྱུར་རོ། །འོན་ཏེ་དངུལ་ལ་སོགས་པ་ལ། །ཟླ་བའི་སྒྲས་བརྗོད་པ་ནི་གྲགས་པ་ལ་བརྟེན་པ་མ་ཡིན་ཏེ། འོན་ཀྱང་སྤོས་ཀྱི་སྦྱོར་བ་སྨྲ་བ་ལ་སོགས་པ་འགའ་ཞིག་གིས་ཅི་ལྟར་རུང་བར་བརྟགས་པ་དེ་དངོས་པོ་ལ་འཇུག་པ་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ།
เล่ม ๑๗๙ · หน้า 187b
གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་གྲུབ་ཁས་ལེན་རི་བོང་ཅན། །མ་ཡིན་པ་ལའང་བཟློག་མེད་ཕྱིར། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ག་པུར་ལ་སོགས་པ་དག་ལ་དོན་དམ་པར་གྲུབ་པ་མ་ཡིན་ཏེ། སྤོས་སྦྱོར་འཆད་པ་ལ་སོགས་པ་དེ་ཉིད་ཀྱིས་སྦྱོར་བ་ཡིན་ན། འོ་ན་
རི་བོང་ཅན་ལ་དེ་དངོས་པོ་ལས་གྲུབ་པར་འགྱུར་བ་དེས་ན་ཇི་ལྟར་གྲགས་པས་གནོད་པའི་དཔེར་འགྱུར། འོན་ཏེ་དེ་ནི་གྲགས་པས་གྲུབ་པ་ཉིད་དོ། །དེས་ན་གྲགས་པས་གནོད་པ་ཡིན་ནོ་ཞེ་ན། གྲགས་པས་གྲུབ་པར་ཁས་ལེན་ན་ནི། ག་པུར་ལ་སོགས་པ་རི་བོང་ཅན་མ་ཡིན་པ་ལའང་བཟློག་པ་མེད་པ་ཁོ་ནའོ། །
འདི་ལྟར་དེ་ལ་ཡང་མ་གྲགས་པ་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པས་གནོད་པ་ཉིད་དུ་འགྱུར་གྱི། གྲགས་པས་གནོད་པར་ནི་མི་འགྱུར་རོ། །འོན་ཏེ་ག་པུར་ལ་སོགས་པ་ལ་ཚིམ་པར་བྱེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་འཇུག་པ་ཡིན་ཏེ། དེས་ན་དེ་དཔེ་མེད་མ་ཡིན་ནོ། །དེས་ན་ཐུན་མོང་མ་ཡིན་པ་ཉིད་དོ་ཞེ་ན།
འདི་ལ་བཤད་པ། དངོས་པོ་ལ་ནི་གྲུབ་པ་དེ། །རི་བོང་ཅན་ལའང་བཟློག་པ་མེད། །དངོས་དེ་མེད་ན་རི་བོང་ཅན། །བཟློག་ཀྱང་ཉེས་པ་ཡོད་མ་ཡིན། །གལ་ཏེ་ག་པུར་ལ་སོགས་པ་ལ་ཟླ་བའི་སྒྲས་བརྗོད་པ་ཉིད་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བ་ཡིན་ན། རི་བོང་ཅན་ལ་ཡང་བཟློག་པ་མེད་དེ། རྒྱུ་མཚན་དེ་ཡོད་པའི་
ཕྱིར་རོ། །འོན་ཏེ་དངོས་པོ་དེ་མ་གྲུབ་པའི་ཕྱིར་བཟློག་པ་མ་ཡིན་ན། དེའི་ཚེ་རི་བོང་ཅན་ལ་བཟློག་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ། དངོས་པོ་དང་འབྲེལ་པ་དངོས་པོ་མེད་ན་མེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་མ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དངོས་མེད་ངེས་བརྡ་ཅན། །སྒྲ་ལས་བྱུང་བའི་ཆོས་རྣམས་དང་། །དོན་
རྣམས་རུང་བ་ཉིད་ཡིན་ཏེ། །དོན་ལ་དགག་པ་མེད་ཕྱིར་རོ། །དོན་ཐམས་ཅད་ནི་དངོས་པོ་ངེས་པ་ཅན་མ་ཡིན་པའི་བརྡ་ཙམ་ལས་བྱུང་བའི་ཆོས་རྣམས་ཀྱི་རུང་བ་ཉིད་ཡིན་པའི་ཕྱིར་རུང་བ་ཉིད་དེས་གནོད་ན་གྲགས་པས་བསལ་བའི་མཚན་ཉིད་ཀྱི་སྐྱོན་ནོ། །གལ་ཏེ་སྒྲ་ཐམས་ཅད་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བ་མ་ཡིན་
ནམ། མན་ད་ཙ་ཏའི་སྒྲ་ལ་སོགས་པ་དག་ལ་ཡང་སྤྱི་འམ། ཁྱད་པར་གྱི་རང་བཞིན་གྱི་རྒྱུ་མཚན་འགའ་ཞིག་ཡོད་པ་ཉིད་ཀྱིས་གྲགས་པ་ཙམ་ཉིད་ནི་མ་ཡིན་ནོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ། སྒྲ་ཐམས་ཅད་ལ་འཇུག་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱུ་མཚན་དང་ལྡན་པ་དེ་ལ་འཇུག་གོ་ཞེས་བྱ་བ་ལ་ཚད་མ་མེད་དོ། །
เล่ม ๑๗๙ · หน้า 188a
རྒྱུ་མཚན་ལ་ཡང་རྒྱུ་མཚན་ལ་ལྟོས་པས་ཐུག་པ་མེད་དོ། །འདི་ལྟར། གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །རྒྱུ་མཚན་དང་ལྡན་པ་ཞེས་བྱ་བ་ཚིག་གི་ལྷག་མའོ། །གྲགས་གྲུབ་ཁས་ལེན་རི་བོང་ཅན། །མ་ཡིན་པ་ལའང་བཟློག་མེད་ཕྱིར། །གྲགས་པ་ཙམ་གྱིས་
སྒྲའི་དོན་གྲུབ་པར་ཁས་ལེན་ན་རི་བོང་ཅན་མ་ཡིན་པ་ལའང་བཟློག་པ་མེད་དོ། །གང་ཡང་རུང་བ་ལ་འཇུག་པའི་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ནི་སོ་སོར་ངེས་པ་ཉིད་ཡིན་པར་རིགས་པ་མ་ཡིན་ཏེ། སོ་སོར་ངེས་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་ལ་ཅི་ལྟར་རྒྱུ་མཚན་ལ་རྒྱུ་མཚན་མེད་པ་ཁོ་ནར་འཇུག་པ་དེ་བཞིན་དུ།
རྒྱུ་མཚན་དང་ལྡན་པར་ཡང་འགྱུར་རོ། །རྒྱུ་མཚན་ལ་ནི་འདོད་པ་ལས་གཞན་གྱིས་འཇུག་པ་མ་ཡིན་ནོ། །འོན་ཏེ་དེ་ལས་ནི་རང་བཞིན་ཉིད་ཀྱིས་འཇུག་ན་གཞན་དུ་ཡང་རང་བཞིན་གང་གིས་བཟློག་པར་བྱ། འོན་ཏེ་དེ་དང་ལྷན་ཅིག་དོན་དམ་པའི་འབྲེལ་པ་ཡོད་པ་དེས་ན་སྦྱིན་པ་ལ་སོགས་པ་དེ་ཉིད་ལ་འཇུག་གོ་
ཞེ་ན། འདི་ཇི་ལྟར་རྟོགས་པར་བྱ། འདོད་པ་ཙམ་གྱིས་འཇུག་བཞིན་པའི་སྒྲ་ནི་ད་ལྟར་བའི་སྒྲ་འདོད་པ་ཙམ་གྱིས་མཐོང་བ་ཉིད་དོ། །དེ་ཅི་ལྟར་གཞན་ལ་རྣམ་པ་གཞན་དུ་འཇུག །འཇུག་བཞིན་པར་མཐོང་བ་དེས་ན་འཇུག་པ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདོད་པ་ཙམ་གྱིས་བཅུག་ཟིན་པ་ཡང་སྲིད་
པའི་ཕྱིར་རོ། །འདོད་པ་ཙམ་གྱིས་ཞུགས་པ་ལས་ཁྱད་པར་གཞན་མཐོང་བ་ནི་མེད་དོ། །འདོད་པ་མ་དམིགས་པའི་ཕྱིར་རོ་ཞེ་ན། མ་དམིགས་པ་འདི་ནི་འདས་པའི་འདོད་པ་ལ་ཡང་སྲིད་པ་ཡིན་ནོ། །མ་དམིགས་པ་འདོད་པ་ཐམས་ཅད་ཀྱི་གནོད་པ་བྱེད་པ་ནི་མ་ཡིན་ཏེ། ད་ལྟར་ཉེ་བར་གནས་པའི་ཁྱད་པར་ཉིད་
ཀྱིས་གནོད་པར་བྱེད་པ་ཡིན་གྱི་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་འདིར་འདས་ནས་ཡུན་རིང་དུ་ལོན་པ་འགའ་ཞིག་གི་འདོད་པ་བྱུང་བ་ཡིན་ལ། དེའི་ཉེ་བར་བསྟན་པ་ལས་ད་ལྟར་བ་རྣམས་ཐ་སྙད་བྱེད་པའི་ཕྱིར་འདི་ལ་འགལ་བ་ཅི་ཞིག་ཡོད། དེས་ན་རྒྱུ་མཚན་བཞིན་དུ་རྒྱུ་མཚན་དང་ལྡན་པ་ལ་
ཡང་འདོད་པས་འཇུག་པ་ཡིན་པས་རྒྱུ་མཚན་བརྟགས་པ་དོན་མེད་པས་ཅི་ཞིག་བྱ། གཞན་དག་སྨྲ་བ་ནི་སྔར་རྒྱུ་མཚན་ལ་ཞུགས་པའི་ཕྱིས་རྒྱུ་མཚན་ཅན་ལ་འཇུག་པ་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ཉིད་དང་བ་ལང་ཉིད་ཅེས་རྒྱུ་མཚན་འགའ་ཞིག་ལ་ཡང་འཇུག་པར་
เล่ม ๑๗๙ · หน้า 188b
མཐོང་བ་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ནི་སྒྲ་གཞན་ཡིན་པའི་ཕྱིར་རོ། །གང་ཞིག་གང་ལ་སྦྱར་བ་དེ་ནི་དེའི་རྗོད་པར་བྱེད་པ་ཡིན་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ཐམས་ཅད་ནི་སྦྱོར་བ་མཐོང་བའི་སྟབས་ལས་བྱུང་བར་འགྲུབ་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པར་རྟོགས་ན་ནི་དངོས་པོའི་རྐྱེན་གྱི་མཐའ་ཅན་
རྫས་ལ་འཇུག་པ་ཉིད་དོ། །དངོས་པོའི་རྐྱེན་དང་བྲལ་ན་རྫས་ལ་འཇུག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་རྫས་ལ་འཇུག་པ་ཅི་ལྟར་དངོས་པོའི་རྐྱེན་ཡོད་ན་རྒྱུ་མཚན་ཙམ་རྗོད་པར་བྱེད་པ་ཡིན། གང་གི་ཚེ་རྒྱུ་མཚན་ཙམ་ལ་འཇུག་པ་དེའི་ཚེ་ནི་དངོས་པོའི་རྐྱེན་དོན་དེ་ཉིད་གསལ་བར་བྱེད་པའི་ཕྱིར་རིགས་པ་ཡིན་
ནོ། །དངོས་པོའི་རྐྱེན་མེད་པར་ནི་རྫས་དང་དངོས་པོའི་རྗོད་པའི་བ་ལང་གི་སྒྲ་གཉིས་ཐ་དད་པར་རྟོགས་པ་མ་ཡིན་ནོ། །དེས་ན་དངོས་པོའི་རྐྱེན་གྱིས་རྣམ་པར་འབྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྐྱེན་ཐམས་ཅད་ནི་རང་གི་དོན་ཉིད་འཇུག་པ་མ་ཡིན་ནོ། །རྫས་ལ་འཇུག་པ་དེ་གཉིས་ལ་དངོས་པོའི་རྐྱེན་བྱས་
ནས་དེའི་ཁྱད་པར་རྒྱུ་མཚན་རྟོགས་པའི་ཕྱིར་འགལ་བ་འགའ་ཡང་མེད་དོ། །རང་བཞིན་དང་རྐྱེན་གྱིས་རྣམ་པར་དབྱེ་བ་ནི་དོན་དམ་པ་ཡང་ཡིན་ཏེ། སྦྱོར་བ་ལས་ཚོགས་པ་ཉིད་རྗོད་བྱེད་དུ་རྟོགས་པ་ཡིན་ནོ། །རང་བཞིན་དང་རྐྱེན་ལ་སོགས་པའི་རྣམ་པར་དབྱེ་བ་ནི་བྱིས་པས་རྟོགས་པར་བྱ་བའི་དོན་དུ་རྣམ་པ་
འབའ་ཞིག་ལྟར་བརྟགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བྱིས་པས་བདེ་བླག་ཏུ་རྟོགས་པར་བྱ་མི་ནུས་པའི་ཕྱིར་རོ། །དེས་ན་རྒྱུ་མཚན་ལ་བརྟེན་ནས་རྒྱུ་མཚན་ཅན་ལ་འཇུག་པ་ཞེས་བྱ་བ་འདི་ལ་ཚད་མ་འགའ་ཡང་མེད་དོ། །གཞན་དག་སྨྲ་བ་ནི་སྒྲ་ནི་རྒྱུ་མཚན་དང་ལྡན་པ་ཉིད་ལ་འཇུག་གོ། །རྒྱུ་མཚན་ནི་བརྗོད་པར་
བྱ་བ་མ་ཡིན་པ་བཞིན་དུ་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། རྒྱུ་མཚན་དེ་ལས་འབྱུང་བ་ནི་མ་ཡིན་ནོ་ཞེའོ། །དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར། གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །རྟོགས་པས་གྲུབ་པར་ཁས་ལེན་ན། །རི་བོང་ཅན་ལའང་བཟློག་མེད་ཕྱིར། །གལ་ཏེ་རྒྱུ་མཚན་
ལ་ལར་གྲུབ་ན་དེ་ནི་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་ནོ། །སྒྲས་རྒྱུ་མཚན་མ་རྟོགས་ན་ཇི་ལྟར་དེས་རྣམ་པར་བཅད་པ་ལ་འཇུག །གལ་ཏེ་དེས་རྣམ་པར་བཅད་པ་རྟོགས་ན་དེ་ཡང་བློ་ལ་གནས་པས་ན་ཅི་ལྟར་བརྗོད་པར་བྱ་བ་མ་ཡིན། རྒྱུ་མཚན་ཅན་ལ་སྒྲས་རྟོགས་པ་ཡིན་པའི་ཕྱིར་བརྗོད་པར་བྱ་བ་ཉིད་
เล่ม ๑๗๙ · หน้า 189a
ཡིན་ལ། དེ་ནི་རྒྱུ་མཚན་ལ་ཡང་མཚུངས་པ་ཡིན་ནོ། །འོན་ཏེ་རྫས་ཉིད་གཙོ་བོར་རྟོགས་པ་ཡིན་ལ། མངར་བ་ལ་སོགས་པའི་ཡོན་ཏན་ནི་རྟོགས་སུ་ཟིན་ཀྱང་བརྗོད་བྱ་མ་ཡིན་ཏེ། མེད་ན་མི་འབྱུང་བ་ཉིད་ཀྱིས་རྟོགས་པ་ཡིན་པའི་ཕྱིར་རོ་ཞེ་ན། གཙོ་བོ་ཕལ་པ་ལ་སོགས་པ། །
བརྗོད་འདོད་མེད་ན་མི་འབྱུང་ཡིན། །གང་གི་དབང་དུ་བྱས་ན་ནི། །འཇུག་པ་དེ་ཉིད་གཙོ་བོར་རིགས། །དེ་ལ་རེས་འགའ་ཉིད་ནི་མངར་བ་ཉིད་གཙོ་བོ་ཉིད་ཡིན་ལ་རེས་འགའ་ནི་རྫས་ཡིན་པའི་ཕྱིར་རོ། །བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ནི་འཇིག་རྟེན་གྱི་རྣམ་པར་གཞག་པས་ཡིན་ནོ། །མངར་བས་དོན་དུ་གཉེར་
ཡིན་ན། །རྟག་ཏུ་བུ་རམ་བཟའ་བར་གྱིས། །གལ་ཏེ་ནད་ཀྱིས་དོན་གཉེར་ན། །དེ་ཡི་དོན་ཅན་སྦྲང་རྩི་ཟོ། །གང་གི་ཚེ་ལྟོ་ལ་ངན་གྱི་རིགས་ཅན་གྱི་ཟ་བ་པོའི་འགའ་ཞིག་ཡོད་ན་དེའི་དོན་དུ་བུ་རམ་བསྟན་པས་མངར་བ་རྟོགས་པར་བྱེད་ལ། གང་གི་ཚེ་བད་ཀན་སེལ་བ་ལ་སོགས་པ་ནུས་པའི་ཁྱད་པར་ཅན་སྦྲང་
རྩི་ལ་སོགས་པ་འབའ་ཞིག་སྟོན་པར་བྱེད་པ་དེའི་ཚེ་ནི་རྫས་ཙམ་བསྟན་པ་གཙོ་བོ་ཡིན་ནོ། །དེའི་ཕྱིར་གཉིས་ཀ་ཡང་རྟོགས་པ་ཡིན་ལ། །གཙོ་བོ་དང་ཕལ་པའི་ཁྱད་པར་ནི་འགའ་ཞིག་གི་ཚེ་འགའ་ཞིག་རྣམ་པ་འགའ་ཞིག་གིས་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་ལ་གཉིས་རྟོགས་པ་ན་རྒྱུ་མཚན་
གཞན་ནི་མེད་པའི་ཕྱིར་གྲགས་པ་ཙམ་ཞིག་ལུས་པ་ཡིན་ནོ། །ཅི་སྟེ་ཡང་རྒྱུ་མཚན་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། དེ་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དཔེར་ན་ལྷས་བྱིན་གྱི་ཁྱིམ་གང་ཡིན་ཞེས་པ་ལ། གང་ན་བྱ་རོག་ཡོད་པའོ་ཞེས་བྱ་བ་ལ། བྱ་རོག་ཀྱང་ཁྱིམ་གྱི་ཚིག་གིས་བརྗོད་པར་བྱ་བ་ནི་མ་ཡིན་པ་
བཞིན་ནོ། །ཇི་ལྟར་བརྗོད་པར་བྱ་བ་མ་ཡིན་པ་བཞིན་དུ་དེ་མེད་ཀྱང་ལྷས་བྱིན་གྱི་ཁྱིམ་ཉིད་ཡིན་པ་དེས་ན་བླང་བར་བྱ་བ་མ་ཡིན་པ་ཉིད་དོ། །དེ་བཞིན་དུ་བྲམ་ཟེ་ལ་སོགས་པའི་སྒྲ་ལ་ཡང་མི་ལ་སོགས་པར་སྟོན་པར་བྱེད་པ་ཡིན་ནོ། །བྱ་རོག་གིས་དེ་ཉེ་བར་མཚོན་པ་ཡང་མ་ཡིན་ཏེ། དེ་ནི་མི་རྟག་པའི་ཕྱིར་རོ། །
རྟོག་པ་སྔོན་དུ་བྱེད་པ་ནི་བྱ་རོག་གིས་ཉེ་བར་མཚོན་པའི་ལྷ་གང་ལ་སོགས་པ་གཞན་ཉིད་རྒྱུ་མཚན་དུ་བྱེད་དེ། དེ་ལྟ་མ་ཡིན་ན་དེ་ཐ་སྙད་མི་འགྲུབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་བརྗོད་པ་མ་ཡིན་པའི་བྱ་རོག་ཉེ་བར་མཚོན་པ་ཡིན་ཞེ་ན། མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་འདི་ནི་བྱ་རོག་གི་
เล่ม ๑๗๙ · หน้า 189b
སྒྲ་ཉིད་ཀྱིས་བསྟན་པ་ཡིན་ནོ། །རིགས་ལ་སོགས་པའི་རྒྱུ་མཚན་ལ་ནི་སྟོན་པར་བྱེད་པའི་རྗོད་བྱེད་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ཡང་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ་ཞེ་ན། ཟེར་བ་ནི་གང་ཞིག་ལོགས་ཤིག་ཏུ་རྟོགས་པར་འགྱུར་བ་ཡིན་ལ། གང་གི་སྒྲ་དེ་ཉིད་ལས་རྟོགས་པ་
ནི་བརྗོད་པར་བྱ་བ་ཉིད་དོ། །སྒྲས་བློ་ལ་སྐྱེད་པ་ནི་བརྗོད་བྱ་ཉིད་དུ་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ལ་སྒྲས་རྟོགས་པ་ཉིད་ཡིན་གྱི། བརྗོད་བྱ་ཉིད་ནི་མ་ཡིན་ནོ་ཞེ་ན། རྟོགས་པ་གྲུབ་པར་ཁས་ལེན་ན་ནི། །བརྗོད་པར་བྱ་བ་ཉིད་མ་ཡིན་པ་ཉིད་རི་བོང་ཅན་ལ་ཡང་བཟློག་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་བཞིན་དུ་རྒྱུ་
མཚན་ཅན་ལ་ཡང་བརྗོད་བྱ་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་ཉིད་ལས་བརྗོད་བྱ་ཡིན་ན་ནི་རྒྱུ་མཚན་ལ་ཡང་མཚུངས་སོ། །གལ་ཏེ་ཏིལ་མར་བྱིན་ཅིག་ཅེས་བྱ་བས་སྣོད་རྟོགས་པ་ཡིན་ཡང་ཏིལ་གྱི་སྒྲའི་བརྗོད་པར་བྱ་བ་ནི་མ་ཡིན་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཐམས་ཅད་
ཀྱི་ཚེ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །རང་གི་སྣོད་ཁྱེར་འོངས་པ་ན་ཡང་ཏིལ་མར་སྟེར་བའི་དོན་དུ་གཉེར་བ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་བརྗོད་བྱ་མ་ཡིན་པ་སྒྲ་གཞན་གྱིས་མི་རྟོགས་པ་ནི་ཉེ་བར་མཚོན་པ་ཡིན་མི་སྲིད་དོ། །མཚོན་པར་གྱུར་པས་ནི་འགའ་ཞིག་མཚོན་པར་ནུས་ཀྱི། མཚོན་པར་གྱུར་པ་
མ་ཡིན་པས་མཚོན་ན་ནི། ཧ་ཅང་ཐལ་བའི་ཕྱིར་རོ། །འོན་ཏེ་དང་པོ་དེས་ཉེ་བར་མཚོན་པའི་ཕྱིར་ཕྱིས་ཤིན་ཏུ་གོམས་པ་ལས་དེའི་ཚེ་དེ་རྟོགས་པ་མེད་ཀྱང་དེས་རྣམ་པར་བཅད་པ་ཉིད་ལ་སྒྲ་འཇུག་གོ་ཞེ་ན། དེ་ལྟ་ན་འོ་ན་མེ་ལ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་སྒྲ་ཁྱི་ཤ་བཟའ་བ་ལ་སོགས་པ་ལ་ཡང་
འཇུག་པར་འགྱུར་ཏེ། བྱ་རོག་བཞིན་དུ་དེ་ལ་དེའི་རྒྱུ་མཚན་ཞུགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཅི་ལྟར་བ་ལང་གི་སྒྲས་དོན་དགུ་ལ་འཇུག་པ་དེ་ནི་དེ་ལ་གྲགས་པ་ཡིན་ནོ་ཞེ་ན། ཁྱི་ཤ་ལ་ཡང་ཡུལ་དང་དུས་གཞན་དུ་མི་འཇུག་གོ་ཞེས་བྱ་བ་འདི་གང་ལས་དེའི་ཕྱིར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཞེས་
བྱ་བ་འདི་དངོས་པོ་འདི་ངེས་པ་མ་ཡིན་པ་ཉིད་དེ། འདོད་པས་བཀོད་པའི་བརྡའི་སྟོབས་ལ་བརྟེན་པའི་ཕྱིར་རོ། །དེས་ན་རིག་བྱེད་སྐྱེས་བུས་མ་བྱས་པ་ཡིན་ཡང་ཉེས་པ་དང་ལྡན་པ་འགའ་ཡང་ལྡོག་པ་མ་ཡིན་ཏེ། ཐམས་ཅད་ལ་རུང་བ་ཉིད་བཟློག་པ་མེད་པའི་ཕྱིར་རོ། །རུང་བ་ཉིད་དང་འགོག་པ་ལ། །བདག་
เล่ม ๑๗๙ · หน้า 190a
འགོག་མེད་ལས་སྐྱེས་པའི་ཕྱིར། །གྲགས་ཡིན་བྱ་བའི་རྗེས་སུ་དཔག །རུང་བའི་ཡུལ་ཅན་གྱིས་གནོད་བྱེད། །འདི་ནི་བརྡ་རྗེས་འཇུག་པ་ཡི། །སྒྲ་རྣམས་ལ་ནི་དོན་ངེས་པ། །ཡོད་མིན་ཅེས་བརྗོད་དེ་དག་རྣམས། །དེར་འགོག་པ་ནི་འགལ་བ་ཡིན། །གང་ཞིག་ཁྱི་ཤ་ལ་སོགས་
པ་མེ་ལ་སྦྱིན་སྲེག་བྱེད་པ་དོན་མ་ཡིན་ནོ་ཞེས་བྱ་བ་དེ་ལས་རུང་བ་ཉིད་ཀྱིས་ཡུལ་ཅན་གྱི་རྗེས་སུ་དཔག་པས་གནོད་པར་འགྱུར་རོ། །འདི་ལྟར་བརྡ་ཙམ་གྱིས་འཇུག་པའི་སྒྲ་རྣམས་ལ་ནི་དོན་ངེས་པ་མེད་པ་ཉིད་དོ། །བརྗོད་པར་བྱ་བ་གཅིག་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདི་ཡང་ངེས་པ་ཅི་ཞིག་ཡོད། དེ་ལ་གང་
དག་ཁྱི་ཤ་ཟ་བར་རྟོགས་པ་ནི་གྲགས་པ་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་དེ་ནི་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ཏེ། རིག་བྱེད་སྐྱེས་བུས་མ་བྱས་སོ་ཞེས་བྱ་བ་འདི་ཡང་གྲགས་པས་གནོད་པ་ཡིན་ཏེ། གང་གི་ཕྱིར་རིག་གི་རི་ལ་ནི་རིག་གི་རིག་བྱེད་བྱས་པ་ལས་མ་ནི་ནི་ས་རི་ལ་བྱས་སོ་ཞེས་གྲགས་པའི་ཕྱིར་རོ། །
འོན་ཏེ་བྱས་པ་ནི། དྲན་པ་ལ་འཇུག་པ་ཡིན་གྱི་བསྒྲུབ་པ་ལ་ནི་མ་ཡིན་ནོ། །འདི་ལྟར་ལེགས་པར་བྱས་པ་ལ་ཡང་བྱེད་པའི་སྒྲ་མཐོང་སྟེ། རྒྱབ་ཏུ་གྱིས་ཤིག་རྐང་པར་གྱིས་ཤིག་ཅེས་བྱ་བ་བཞིན་ནོ་ཞེ་ན། མ་ཡིན་ཏེ་འདིར་གཞན་དུ་མི་སྲིད་པའི་ཕྱིར་དེ་ལྟར་རྟོགས་པ་ཡིན་ནོ། །འོན་ཏེ་དེ་ལྟ་མ་ཡིན་པ་
ལ་ཚད་མ་མེད་པའི་ཕྱིར་རྟོགས་པ་མེད་པ་ཡིན་ནོ་ཞེ་ན། ལུང་ཐམས་ཅད་ཀྱང་སྐྱེས་བུས་མ་བྱས་པར་ཐལ་བར་འགྱུར་ཏེ། དེར་བརྟག་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བདེ་བར་གཤེགས་པ་ལ། དེས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་དམ་སྒྲ་རྣམས་ཀྱི་ནི་དོན། །དོན་དམ་པ་ཉིད་
འགོག་པ་ལ། །གནོད་པ་མེད་པར་བསྟན་པ་ཡིན། །རྒྱུ་མཚན་ལས་བྱུང་བའི་མཉན་པ་ནི་འགའ་ཡང་མེད་དོ་ཞེས་གལ་ཏེ་བརྗོད་ན་ནི་དེ་ལ་སྐྱོན་ཡོད་པ་ལ། དོན་དམ་པར་འབྲེལ་པའི་སྟོབས་ཀྱིས་མ་ཡིན་ནོ་ཞེས་སོ་གལ་ཏེ་བརྗོད་པ་ཡང་དེ་ལ་གནོད་པ་མེད་པ་ཁོ་ནའོ། །དཔྱོད་པ་པ་ལ་སོགས་པ་གང་
དག་བརྡ་ལས་འབྱུང་བ་རྣམས་ཀྱང་མ་ཡིན་ནོ་ཞེས་སྨྲ་བ་དེ་ཉིད་ལ་གནོད་པར་འགྱུར་རོ། །དེ་ལ་གྲགས་པ་བས་ནི་རིགས་པ་མ་ཡིན་ནོ། །དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང་། །ཐ་དད་བྱས་ཡིན་སྔ་མ་བཞིན། །ཇི་ལྟར་ཁས་བླངས་པ་དང་།
เล่ม ๑๗๙ · หน้า 190b
རང་གི་ཚིག་སྐབས་ཀྱི་རྟེན་ཉིད་དུ་ཁས་བླངས་པ་གནོད་པར་བྱེད་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ། དམ་བཅས་པའི་དོན་གནོད་པར་བྱེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཕྱིན་ཅི་ལོག་གནོད་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། གཉིས་དག་སྟོབས་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་གྲགས་པ་ཡང་དོན་
དམ་པའི་དོན་གྱི་གནོད་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་རྟོགས་པ་ཙམ་གྱིས་གྲགས་པ་སྤོང་བ་ལ་གནོད་པར་བྱེད་པ་ཡིན་ཏེ། དེས་ན་དོན་དམ་པར་ནི་མ་ཡིན་ཏེ། གྲུབ་པ་ཐ་དད་བཤད་པ་ལ། །དགོས་པ་བསྟན་ཕྱིར་འདི་གཉིས་ནི། །རྒྱུ་དང་བཅས་པ་རབ་བརྗོད་དེ། །མངོན་སུམ་རྗེས་དཔག་
གནོད་ལ་མིན། །དེ་ལ་སློབ་དཔོན་གྱིས་འདི་སྐད་གསུངས་སོ། །རང་གི་ངོ་བོ་ཉིད་ཀྱིས་བསྟན་པར་བྱ་བ་རང་ཉིད་འདོད་པ་ནི། གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་དང་གྲགས་པས་མ་བསལ་ན་ཕྱོགས་ཡིན་ནོ། །དཔེར་ན་སྒྲ་ནི་མཉན་པ་ཉིད་མ་ཡིན་ནོ། །བུམ་པ་ནི་རྟག་པའོ་ཞེས་བྱ་
བ་ལྟ་བུའོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་བྱ་བ་ནི་ཚད་མ་དང་བཅས་པ་ཙམ་གྱིས་འགལ་བ་ཡིན་ལ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ལ་འགལ་བའི་དོན་སྒྲ་ལས་བྱུང་བའི་གྲགས་པས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་མངོན་སུམ་དང་རྗེས་སུ་དཔག་པས་
གནོད་པ་བཞག་སྟེ་ལུང་བསྟན་པས་གནོད་པའི་རྒྱུ་དང་བཅས་པར་གསུངས་ཏེ། དམ་བཅས་པ་ཙམ་གྱིས་ཞེས་བྱ་བ་དང་། སྒྲ་ལས་བྱུང་བའི་གྲགས་པས་ཞེས་བྱ་བར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་སློབ་དཔོན་ཡུལ་ཐ་དད་པར་སྟོན་པར་བཞེད་པ་མ་ཡིན་ན་ནི་འདི་གཉིས་རྒྱུ་དང་བཅས་པར་གསུངས་པར་མི་
འགྱུར་རོ། །དེའི་ཕྱིར་རིགས་པ་སྨྲ་བ་མཐའ་དག་གིས་གཙོ་བོ་རིགས་པའི་དབང་ཕྱུག་དམ་པའི་དགོངས་པ་ནི་འདི་ཉིད་ཡིན་ནོ། །སྦྱོར་བར་བྱེད་པ་རྣམ་པར་འབྱེད་པ་ལ་ཐུགས་གཅིག་ཏུ་གཞོལ་ཞིང་གསུངས་པ་ལ་མཁས་པ་ནི་དགོས་པ་ཡོངས་སུ་རྒྱས་པ་ལས་གཞན་གསུང་མི་སྲིད་དོ། །འདི་ལྟར། འབིགས་
བྱེད་ནང་ནས་མི་བཟད་མུན་ཆེན་རྒྱ་ཆེན་འཇོམས་པའི་ཐུགས་མངའ་བ། །དགེ་ལེགས་རིགས་མཐོར་འོད་ཟེར་ཚོགས་ཆེན་རྟག་ཏུ་འགྱེད་པར་མཛད་པ་པོ། །ལམ་བྲལ་མི་གཤེགས་གཞན་གྱིས་ཐོགས་མེད་སློབ་དཔོན་སྔོན་མེད་ཉི་མ་ཡིན། མུ་སྟེགས་གཞུང་གི་ལམ་ཞུགས་མཚན་མོ་རྒྱུ་བའི་ཚོགས་
เล่ม ๑๗๙ · หน้า 191a
རྣམས་ཐམས་ཅད་བཤིག །དེའི་ཕྱིར་ཡུལ་ཐ་དད་པ་ཉིད་རིགས་སོ། །ལྷག་མ་ནི་སྔར་བཤད་ཟིན་ཏོ། །མངོན་སུམ་གྱིས་གནོད་འདི་ལ་ཡང་། སྒྲ་ནི་དུ་མའི་དངོས་ཉིད་དུ། །གྲགས་པའི་ངོ་བོ་ཉིད་གང་ཞིག །སྣ་ཚོགས་སུ་ནི་སྣང་བ་ཡི། །བློ་ནི་སྐྱེ་བ་མེད་པའི་ཕྱིར། །མཉན་
ལ་གཉིས་མེད་སྣང་གྱུར་པ། །གལ་ཏེ་རྟོགས་པའི་ཕྱིར་སློབ་དཔོན་གྱིས་མ་གསུངས་ཀྱང་། མངོན་སུམ་གྱིས་གནོད་པ་འདིར་ཡང་བརྗོད་པར་བྱ་བ་ནི་ཡོད་པ་མ་ཡིན་ནོ། །དེར་ཡང་བརྗོད་པར་བྱ་བ་ནི་སྒྲ་མཉན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་འབྲེལ་པ་འགོག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་སྣ་ཚོགས་སུ་སྣང་
བའི་བློ་སྐྱེ་བ་མེད་པའི་ཕྱིར་ཉན་པ་ལ་གཉིས་སུ་མེད་པར་སྣང་བའི་རང་བཞིན་གང་ཡིན་པའོ། །རིགས་དང་འབྲེལ་པ་ལ་སོགས་པ་ནི་སྒྲའི་སྣང་བ་དང་ལྷན་ཅིག་སྤྱོད་པར་སྣང་བ་མ་ཡིན་ལ། མི་སྣང་བ་ཡང་ཅི་ལྟར་མངོན་སུམ་ཡིན་ལ་མངོན་སུམ་ཡིན་པ་སྤངས་པས་ཀྱང་མངོན་སུམ་གྱིས་གནོད་པར་ཅི་ལྟར་
འགྱུར། འདི་ཡང་དེ་བཞིན་དུ་སྟོན་པར་འགྱུར་རོ། །དེའི་ཕྱིར་སྣང་བའི་རང་བཞིན་ཉིད་སྤོང་ན་མངོན་སུམ་གྱིས་གནོད་པའི་མཚན་ཉིད་ཀྱི་སྐྱོན་ཡིན་ནོ། །དེ་དོན་དོན་བཤད་འདི་ཉིད་ནི། །སྤོང་ན་མངོན་སུམ་གྱིས་གནོད་འགྱུར། །དེའི་དོན་ཉིད་དུ་སློབ་དཔོན་གྱིས། །མངོན་སུམ་དོན་དང་རྗེས་དཔག་དང་། །
ཡིད་ཆེས་གྲགས་པས་མ་བསལ་བ། །ཞེས་དོན་སྨོས་སོ། །རང་བཞིན་དེ་ཉིད་དོན་ཡིན་པའི་ཕྱིར་རོ། །སྤྱི་ལ་སོགས་པ་ནི་དོན་མ་ཡིན་ཏེ། མངོན་སུམ་ལ་སྣང་བའི་ནུས་པ་མེད་པའི་ཕྱིར་རོ། །གང་ལ་དེ་ཡང་མངོན་སུམ་མ་ཡིན་ནོ། །དེ་སྤོང་བ་ནི་མངོན་སུམ་གྱིས་གནོད་པ་མ་ཡིན་ནོ། །འདི་ཉིད་བཤད་
པ་ནི། ངོ་བོ་དེ་ཉིད་དེ་ལ་དོན། །ལྷག་མ་ལྡོག་པའི་མཚན་ཉིད་ཅན། །སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ནི་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །སྤོང་ཡང་གནོད་པ་ཡོད་མིན་ཞེས། །མཉན་བྱ་སྨོས་པས་བསྟན་པ་ཡིན། །མདུན་ན་
གནས་པའི་རང་བཞིན་དུ་གསལ་བར་སྣང་བ་ཉིད་དོན་ཡིན་ནོ། །སྤྱི་དང་འབྲེལ་པ་ལ་སོགས་པ་དག་ནི་ལྡོག་པ་ལས་དེ་ལྟ་བུའི་རང་བཞིན་དུ་བརྟགས་པ་ཡིན་གྱི། དོན་གྱི་རང་བཞིན་ནི་མ་ཡིན་ན་མ་ཡིན་ཏེ། རིགས་མི་མཐུན་དང་མི་འདྲ་བ་ཉིད་ལ་མཐོང་བའི་ཕྱིར་དང་། རང་བཞིན་གཉིས་དང་མི་ལྡན་པའི་སྤྱི་
เล่ม ๑๗๙ · หน้า 191b
གཞན་མཐོང་བ་མེད་པའི་ཕྱིར་རོ། །གལ་ཏེ། རིགས་མཐུན་རྣམས་ཀྱང་ཕན་ཚུན་དུ། །མི་འདྲ་ཞེས་བྱ་འདི་དང་ལྡན། །དེས་ན་ཇི་ལྟར་རིགས་མཐུན་ལ། །རིགས་མི་མཐུན་པའི་ཐ་སྙད་མེད། །ཇི་ལྟར་བ་ལང་བ་ལང་མིན། །གཞན་དག་ལས་ནི་ལྡོག་པར་མཐོང་། །དེ་བཞིན་རྟ་དང་བ་ལང་དག །
བ་རྟ་རིགས་མཐུན་གཞན་དག་ལས། །དེས་ན་ལོག་པ་ཙམ་གྱིས་ནི། །འཆོལ་པ་མེད་པར་འགྲུབ་མི་འགྱུར། །དངོས་པོའི་རང་བཞིན་ཅན་གྱིས་ནི། །རྣམ་པར་ཕྱེ་བར་གནས་པའི་ཕྱིར། །དེ་དོན་གཉེར་བའི་ཐ་སྙད་ནི། །མ་འཆོལ་བར་ནི་འཇུག་པར་བྱེད། །རང་གི་ངོ་བོར་རྟོགས་པ་ལ།
འཆོལ་པ་སྲིད་པ་མ་ཡིན་ནོ།། །།བམ་པོ་བདུན་པ། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར། གལ་ཏེ་སྤྱི་སོགས་ངོ་བོ་ཡིས། །འབའ་ཞིག་ཚེ་ན་རྟོགས་ན་ནི། །རང་གི་ངོ་བོར་རྟོགས་པ་ལ། །འཆོལ་བར་ཐལ་བ་མེད་པ་ཉིད། །རང་གི་ངོ་བོས་སྣང་མིན་ལའང་། །གལ་ཏེ་འཆོལ་མེད་
ཡོད་ན་ནི། །མུན་པར་མཐོང་བ་དག་ལ་ཡང་། །མ་འཆོལ་བར་ནི་བལྟ་བར་གྱིས། །སྤྱི་ནི་གསལ་བས་གསལ་བྱ་ཡིན། །ཐ་དད་པར་ནི་མ་རྟོགས་པའི། །གསལ་བའི་རང་བཞིན་གསལ་བྱེད་མིན། །དེས་ན་ཐ་སྙད་ཅི་ལྟར་འགྱུར། །ཇི་སྲིད་དུ་རིགས་མཐུན་པ་དང་མི་མཐུན་པའི་གསལ་བ་
རྣམས་འཆོལ་བ་མེད་པ་མ་ཡིན་པ་དེ་སྲིད་དུ་སྤྱི་མ་འཆོལ་བར་མི་རྟོགས་ལ། ཇི་སྲིད་སྤྱི་འཆོལ་བ་མེད་པར་མ་རྟོགས་པ་དེ་སྲིད་དུ་ཡང་གསལ་བ་མི་འཆོལ་བར་མི་རྟོགས་པར་ཕན་ཚུན་བརྟེན་པའི་ཉེས་པར་འགྱུར་བའི་ཕྱིར་སྤྱི་མི་རྟོགས་པ་ཉིད་དོ། །གལ་ཏེ་ཁྱད་པར་མ་བཟུང་བར་ཁྱད་པར་
ཅན་གྱི་མངོན་སུམ་དང་འགལ་བའི་དཔེར་བརྗོད་ཅེ་ན། སྒྲ་འདིས་ཀྱང་བརྗོད་པར་འདོད་པའི་དབང་གིས་མངོན་པར་བསམས་པའི་དོན་ཉིད་བརྗོད་པའི་ཕྱིར་སྐྱོན་མེད་དོ། །རྗོད་པར་བྱེད་པ་ཉིད་ཀྱིས་ཅིའི་ཕྱིར་མ་བརྗོད་ཅེ་ན། མ་ཡིན་ཏེ། གང་གི་ཕྱིར། རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །
གྲུབ་པས་དེ་ལ་བརྟེན་ཕྱིར་དང་། །དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །མཉན་བྱས་དབང་པོའི་སྤྱོད་ཡུལ་བཤད། །སྒྲ་རང་གི་མཚན་ཉིད་ཀྱི་སྒྲ་ཡང་རང་གི་མཚན་ཉིད་བརྗོད་པ་མ་ཡིན་ཏེ། སྒྲ་ཐམས་ཅད་ནི་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ་རང་གི་མཚན་ཉིད་ཀྱི་སྒྲ་སྤྱི་ལ་འཇུག་བྱར་ལྷག་
เล่ม ๑๗๙ · หน้า 192a
པར་ཞེན་པས་རང་གི་མཚན་ཉིད་ཁོ་ན་ཉེ་བར་མཚོན་པར་བྱེད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་མཉན་པར་བྱ་བའི་སྒྲའི་དབང་པོས་གཟུང་བ་ཉིད་ཉེ་བར་མཚོན་པ་རང་བཞིན་རང་གི་མཚན་ཉིད་བརྗོད་པ་ཡིན་ཏེ། རང་གི་མཚན་ཉིད་ཀྱི་མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །དབང་པོའི་གཟུང་
བར་བྱ་བ་ཉིད་ལས་གཞན་པའི་སྤྱི་ཡང་གྲུབ་པ་ནི་མ་ཡིན་ནོ། །ཚད་མར་གྲུབ་པ་ཉིད་དུ་བསྟན་པའི་དགོས་པ་ཡང་ཡོད་པ་ཉིད་དེ། ཚད་མས་གྲུབ་པས་གནོད་པར་བྱེད་པ་ཉིད་དེ་ལ་བརྟེན་པའི་ཕྱིར་ཏེ། གནས་པར་བྱེད་པའི་ཕྱིར་ཏེ། དེའི་སྟོབས་ཀྱིས་གནོད་པའི་ཕྱིར་རོ། །ཚད་མས་གྲུབ་པའི་དོན་ནི་དེ་
ལས་གཞན་ཚད་མས་མ་གྲུབ་པའི་དོན་གྱི་གནོད་པར་བྱེད་པ་ཡིན་ནོ། །དེ་ནི་འགལ་བར་རྟོགས་པ་ན་གཞན་མེད་པར་རྟོགས་པར་བྱེད་པ་ཡིན་ལ། དེ་མེད་པར་རྟོགས་པར་བྱེད་པ་ཉིད་གནོད་པ་ཡིན་གྱི། འཇོམས་བྱ་འཇོམས་བྱེད་ཀྱི་ངོ་བོ་ནི་མ་ཡིན་ནོ། །དེས་ན་འདི་ནི་ཚད་མ་མ་ཡིན་ལ། ཚད་མ་འདིས་ནི་སྒྲ་
རང་གི་མཚན་ཉིད་གྲུབ་པ་ཡིན་ནོ་ཞེས་ཡན་ལག་དང་བཅས་པར་བསྒྲུབ་པ་གསལ་བར་བསྟན་པ་ནི་དགོས་པ་ཡིན་ནོ། །རྗེས་སུ་དཔག་པས་གསལ་བ་ཡང་བུམ་པ་རྟག་གོ་ཞེས་བྱ་བ་ལྟ་བུའོ། །དེ་ཁོ་ན་མཚོན་པ་མེད་པའི་གྲངས་ཅན་དངོས་པོ་ཡོད་པ་ཉིད་གསལ་བར་མཐོང་ནས་རྟག་པར་ཁས་ལེན་པ་དེ་ནི་རྗེས་སུ་
དཔག་པས་གནོད་པ་ཡིན་ནོ། །དེ་ལྟ་ཡིན་ན་རྒྱུ་རྣམས་ཀྱི། །རྟག་ཏུ་ནུས་པ་མེད་པར་འགྱུར། །དེས་ན་རྒྱུ་ཡི་དངོས་པོ་ནི། །མེད་པས་ཚོར་བ་དོན་མེད་དོ། །རྒྱུ་མེད་པར་གྱུར་ན་མངོན་པར་འདོད་པ་ཚོལ་བ་ནི་དོན་མེད་པར་འགྱུར་ཏེ། བྱ་རྒྱུ་འགའ་ཡང་མེད་པའི་ཕྱིར་རོ། །གསལ་བ་བྱེད་དོ་ཞེ་ན། གཞན་པ་ཡང་དོན་གྱི་
རང་བཞིན་ཉིད་མ་ཡིན་ནམ། དོན་རྟག་པ་ཡིན་ན་གསལ་བ་ཡང་རྟག་པ་ཡིན་པའི་ཕྱིར་རོ། །རྟག་ཏུ་གནས་པ་ཉིད་ཡིན་པས་བྱ་བ་ཅུང་ཟད་ཀྱང་མེད་དོ། །འོན་ཏེ་གསལ་བྱེད་ཀྱི་ཚིག་གི་དོན་མ་ཡིན་ན་འོ་ན་ནི་དེའི་དངོས་པོ་ལས་ཐ་དད་པར་འགྱུར་ཏེ་འགལ་བའི་ཆོས་གནས་པའི་ཕྱིར་རོ། །ཐ་དད་པ་མེད་ན་ནི་དངོས་
པོ་ཡང་འབྲས་བུར་ཐལ་ལོ། །བུམ་སོགས་འཇིམ་གོང་ལ་སོགས་ལ། །ཡོད་པའི་ཚད་མ་ཡོད་མ་ཡིན། །འབྲས་བུ་ཡིན་ཕྱིར་དེ་ཡོད་ན། །འབྲས་བུ་ཡོད་ན་བྱར་ཅི་ཡོད། །གསལ་བ་ཡོད་ཉིད་མེད་པར་མེད། །གསལ་བ་མེད་ཀྱང་ཡོད་པར་འགྱུར། །སྒྲོན་སོགས་ལས་བཞིན་ཐམས་ཅད་ལ། །གལ་ཏེ་གསལ་
เล่ม ๑๗๙ · หน้า 192b
བར་འདོད་ན་ནི། །རྫ་མཁན་སོགས་བཞིན་ཐམས་ཅད་ལས། །ཅི་སྟེ་སྐྱེས་པར་འདོད་མ་ཡིན། །འཇིམ་གོང་སྟོང་ཕྲག་བརྒྱ་དག་ཏུ། །ལྕིགས་ཀྱང་དེ་ནི་མཐོང་བ་མེད། །མཐོང་མེད་དེར་ནི་དེར་ཡོད་ན། །བོང་བུའི་རྭ་ཡང་དེར་འགྱུར་རོ། །ཕྱིས་དེ་མཐོང་བ་མེད་ཅེ་ན། །ཕྱིས་མཐོང་དེ་ཚེ་ཡོད་པར་
འགྱུར། །གལ་ཏེ་བུམ་པ་ཕྱི་ནས་དམིགས་པ་ཡིན་ན། གསལ་བ་བཞིན་ཕྱིས་ནི་ཡོད་པ་ཡིན་མོད་སྔར་ཅི་ལྟར་ཡོད། གཞན་དུ་གསལ་བ་བློ་མི་འབྱུང་བའི་ཕྱིར་སྤྱི་ཉིད་དང་པོར་རྟོགས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་ཡང་རེས་འགའ་ཡང་ཁྱད་པར་ཅན་དུ་འགྱུར་བ་ཡིན་ཏེ། ཕན་ཚུན་ཁྱད་པར་དང་
ཁྱད་པར་ཅན་གྱི་དངོས་པོ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་སྤྱི་སྲིད་པ་ཉིད་ཡིན་ན་གསལ་བ་ཐེ་ཚོམ་ཟ་བ་ལ་ཡང་ཅི་སྟེ་མི་རྟོགས་གང་ཞིག་རྣམ་པར་གཅོད་པར་བྱེད་པ་དེ་ནི་ཁྱད་པར་ཡིན་ལ། རྣམ་པར་གཅོད་པར་བྱེད་པ་ཡང་ཐེ་ཚོམ་བཟློག་པར་ནུས་པ་གང་ཡིན་པ་དེ་ཡིན་ནོ། །འདི་ལྟར། གང་
གི་ངོ་བོ་ཡོད་པའི་ཕྱིར། །དོན་གྱི་བདག་ཉིད་ལྡོག་པ་མིན། །རང་བཞིན་ཡོད་པ་མིན་པ་ནི། །རང་བཞིན་ཉིད་ཀྱིས་ལྡོག་པ་ཡིན། །ཁྱད་པར་སྟོང་ཕྲག་ཡོད་ཀྱང་ནི། །སྔ་མ་ལྡོག་པར་འགྱུར་མ་ཡིན། །གསལ་བ་བཟློག་ཕྱིར་དེ་ལས་ནི། །སྤྱི་ངེས་པར་ནི་འགྱུར་བ་ཡིན། །འདི་བ་ལང་ངོ་སྙམ་པའི་
ངེས་པ་ནི་རང་བཞིན་ངེས་པར་གཟུང་བ་ཉིད་ལས་འཇུག་པ་ཡིན་ནོ། །སྤྱི་ནི་མཚུངས་པ་ཉིད་ཡིན་ལ། །གསལ་བ་རྣམས་ཀྱང་དབྱིབས་དང་ནི། །ནུས་པའི་དབྱེ་བས་མཚུངས་པ་ཉིད། །དེས་ན་རིགས་ནི་དོན་མེད་ཉིད། །གལ་ཏེ་ལྐོག་ཤལ་ལ་སོགས་པའི་དབྱིབས་དང་འགལ་བ་ལ་སོགས་པའི་ནུས་
པའི་ཕྱིར་ངེས་པའི་རྒྱུ་ཡིན་ལ། དེ་ཉིད་སྤྱི་ཡིན་ནོ། །དེ་ཡང་གསལ་བ་དག་ལས་ཐ་མི་དད་པ་ཉིད་དོ། །ནང་ན་ཐ་དད་པ་ཡོད་ན་ཇི་ལྟར་སྤྱི་ཡིན་ནོ་ཞེ་ན། སྤྱི་སྨྲ་བ་ལ་ཡང་ཅི་ལྟར་གསལ་བ་ཡིན། མི་འདྲ་བ་ཉིད་ཀྱིས་སོ་ཞེ་ན། རྟ་དང་བ་ལང་ལ་སོགས་པ་ལ་ཅི་སྟེ་མ་ཡིན་ཏེ་དེ་དག་ལ་ནུས་པ་མེད་པའི་
ཕྱིར་རོ་ཞེ་ན། འདི་དག་ཕན་ཚུན་མི་འདྲ་བ་ཉིད་ཡིན་ན་ཅི་ལྟར་ནུས་པ་ཡོད་པ་ཡིན། དངོས་པོའི་རང་བཞིན་ཉིད་ལན་འདེབས་སོ་ཞེ་ན། རྐང་པ་བརྐྱང་པ་ཙམ་ནི་འདིའི་སྐྱབས་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྤྱི་མེད་པ་ཁོ་ནར་ཁ་དོག་དང་དབྱིབས་ཙམ་གྱིས་མ་འཆོལ་བའི་ཐ་སྙད་འགྲུབ་པའི་ཕྱིར་སྤྱི་མེད་ན།
เล่ม ๑๗๙ · หน้า 193a
ཅི་ལྟར་ཞེས་བྱ་བ་འདི་བརྗོད་པར་མི་བྱ་སྟེ། དངོས་པོའི་རང་བཞིན་ཉིད་ལན་འདེབས་པར་འགྱུར་རོ་ཞེས་བྱ་བའི་ལན་བྱ་རོག་གིས་མ་ཟོས་པའི་ཕྱིར་རོ། །ལྐོག་ཤལ་ལ་སོགས་པའི་དབྱིབས་ནི་འཆོལ་བ་ཡོད་པ་མ་ཡིན་ཏེ། གཞན་ལ་མ་མཐོང་བའི་ཕྱིར་རོ། །བྲམ་ཟེ་ལ་སོགས་
པ་གང་ལ་དབྱིབས་ལ་སོགས་པ་འཆོལ་བ་ཡོད་པ་དེར་ནི། སྒྲེ་བོའི་བརྡ་ཙམ་ཞིག་སྐྱབས་ཡིན་ཏེ། ཆང་མི་འཐུང་བ་ལ་སོགས་པས་ཀུན་དུ་སྤྱོད་པ་བཟང་བ་ཙམ་དུ་ཟད་དོ། །དེའི་ཕྱིར་རིང་དུ་སོང་ཡང་དེ་ལས་གཞན་ལ་ལྡོག་པ་ཉིད། སྤྱི་རྣམ་པར་དབྱེ་བའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་པས་གཞན་ནི་
དོན་མེད་དོ། །གཞན་ཡང་། བྲམ་ཟེ་གསོད་དང་སྦྱིན་སོགས་ལ། །སྡིག་དང་བསོད་ནམས་རྣམ་གཞག་པ། །བསྟན་བཅོས་ཉིད་ལས་དེ་ཡི་ཕྱིར། །ཚད་མ་དཔྱད་པ་དོན་མེད་ཡིན། །ཞེས་འདི་ནི་བཤད་ཟིན་ཏེ། དེས་ན་སྡིག་པ་དང་བསོད་ནམས་སྐྱེད་པར་བྱེད་པ་ཉིད་ལ་སོགས་པ་སྤྱིའི་ཆོས་
རྣམས་ནི་སྤོང་ཡང་སྤོང་བ་ལ་གནོད་པ་ཡོད་པ་མ་ཡིན་ནོ། །འདིས་མཉན་བྱའི་སྒྲས་བསྟན་པ་ཡིན་ཏེ་དེ་དག་དབང་པོའི་ཤེས་པ་ལ་མི་སྣང་བའི་ཕྱིར་རོ། །རྗེས་སུ་དཔག་པས་གནོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡང་བསྟན་པ་ཡིན་ནོ། །གལ་ཏེ་རང་བཞིན་དེས་གནོད་ན་སྐྱོན་ཡིན་ནོ་ཞེས་བྱ་བ་ནི་འདི་
བསྟན་པར་བྱ་བ་མ་ཡིན་ན་སྒྲ་རང་གི་མཚན་ཉིད་མེད་དེ་ཞེས་བྱ་བ་འདི་ཉིད་ཅི་སྟེ་མི་བརྗོད་དེ་ལ་ཕན་པའི་མཐའ་ཅན་འབྲེལ་པའི་རྒྱུ་མཚན་ཅན་གྱི་སྒྲ་བརྗོད་པས་ཅི་ཞིག་བྱ་དེ་ལྟར་བརྗོད་ན་ནི་འདིར་འབྲེལ་པ་བཟློག་པ་ཉིད་དུ་འདོད་པར་འགྱུར་རོ། །དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ལས་རྟོགས་པར་བྱ་བ་
ཡིན་པས་ན། དེ་ཅི་ལྟར་འདི་མི་འཐད་པའི་ཕྱིར་རོ་ཞེ་ན། འདི་སྐྱོན་གཞན་ཡིན་ལ་རག་མོད། མ་དམིགས་བཞིན་དུ་ཡོད་མོད་ཞེས་བརྗོད་པར་མི་ནུས་སོ། །གལ་ཏེ་མ་དམིགས་པ་ནི་དམིགས་པ་མེད་པ་མ་ཡིན་ནམ། དེས་ན་དམིགས་པ་ཉིད་མེད་པ་ཡིན་གྱི། དོན་མེད་པར་ནི་ཅི་ལྟར་འགྱུར་ཞེ་ན། གལ་
ཏེ་དེ་ལྟ་ན་རི་བོང་གི་རྭ་ལ་སོགས་པ་ཡང་མེད་པ་མི་འགྲུབ་པོ། །དེས་ན་མེད་པ་ནི་རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བ་གཏན་ཚིགས་སུ་མི་འགྱུར་རོ། །དེས་ན་རི་བོང་གི་རྭ་དོན་དུ་གཉེར་བར་ལེན་པར་ལེན་པར་འགྱུར་རོ། །འདི་ལྟར། དེ་དེ་ལ་ཡོད་དེས་ན་འདི། །དེ་རྒྱུ་ཉིད་དུ་འཛིན་པར་འགྱུར། །དེ་སྐྱེད་མེད་པར་
เล่ม ๑๗๙ · หน้า 193b
འགྱུར་བ་ནི། །དེ་མེད་དེས་ན་མེད་འདོད་ན། །དེས་བསྐྱེད་པ་ཡི་ནུས་པ་ཉིད། །ཡོད་པ་ཉིད་ཕྱིར་རྟོགས་པར་འགྱུར། །དེ་ལྟ་མིན་ན་ད་རྟོགས་པས། །དེ་ཡོད་པས་ནི་རྟོགས་མི་འགྱུར། །འོན་ཏེ་གང་ལས་གང་སྐྱེས་པ། །དེ་ལ་དེ་ཡོད་པར་རྟོགས་ན། །སྐྱེས་པའི་སྔོན་རོལ་ཤེས་མེད་པ། །དེ་ལས་
དེ་མིན་ཅི་ལྟར་རྟོགས། །དེ་ལྟ་སྐྱེ་བ་ཡོད་པ་དང་། །འབྲེལ་པ་རབ་ཏུ་འགྲུབ་མ་ཡིན། །ཅི་ལྟར་རྒྱུ་ལས་འབྲས་ཡིན་པ། །དེ་ཡོད་ལས་ཀྱང་དེ་འབྱུང་འགྱུར། །འབྲས་གང་གང་ཞིག་སྔོན་འགྲོ་ཅན། །དེ་ནི་དེའི་ཞེས་གནས་ཕྱིར་རོ། །དེ་ཡོད་སྔོན་འགྲོ་ཅན་འབྲས་བུ། །དེ་དེ་ཉིད་ཀྱིས་ཅི་ལྟར་འགྱུར། །
གཞན་བཞིན་འབྲས་བུ་ཐམས་ཅད་ནི། །ནུས་ལས་འབྱུང་བའི་ཕྱིར་ཞེ་ན། །ནུས་པ་ཉིད་ལས་ནུས་འབྱུང་འགྱུར། །ཐ་དད་མེད་ན་ཅི་ལྟར་འགྱུར། །གལ་ཏེ་ནུས་ལས་གསལ་སྐྱེ་ན། །ནུས་ལ་གསལ་བ་གཞན་ནས་ཅི། །གཞན་ནམ་མེད་པས་བསྐྱེད་བྱ་མིན། །གལ་ཏེ་ཡོད་ན་ཅི་ལྟར་བསྐྱེད། །
གསལ་བ་བློ་ཡིན་དེ་ཡང་ཡོད། །དེས་ན་དེ་ནི་བསྐྱེད་བྱ་མིན། །འོན་ཏེ་གསལ་བ་མྱོང་ཡིན་ན། །བསྐྱེད་བྱ་མིན་དེ་ཅི་ལྟར་སྐྱེ། །དེས་ན་འབྲས་བུ་རང་གིས་ནི། །བསྐྱེད་པ་པོས་གསལ་ཚད་ལྡན་མིན། །བུམ་པ་མུན་ནང་གནས་པ་ལ། །རིག་པའི་ཚད་མ་རྗེས་དཔག་ཡོད། །བུམ་སོགས་འཇིམ་
གོང་ལ་སོགས་ལ། །ཡོད་ལ་རིག་པའི་ཚད་མ་མེད། །དེས་ན་ཐམས་ཅད་གསལ་བ་བཞིན། །བྱས་པའི་ཕྱིར་ན་མི་རྟག་ཉིད། །དེས་ན་རྟགས་ཉིད་ཕྱོགས་སུ་ནི། །བྱས་ཏེ་རྗེས་དཔག་ཅེས་བྱས་གནོད། །འོ་ན་མངོན་སུམ་གྱི་དོན་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པ་དང་གྲགས་པས་རང་གི་ཆོས་
ཅན་ལ་མ་བསལ་བ་ཞེས་རང་གི་ཆོས་ཅན་སྨོས་པ་ལ་དོན་ཅི་ཡོད། འདི་ལྟར། ཚད་མས་གནོད་པ་ཕྱོགས་མིན་ཞེས། །འདོད་པ་འདི་ནི་རིགས་པ་ཡིན། །ཆོས་ཅན་དེ་འམ་གཞན་དག་ལ། །བྱ་བ་འདི་ནི་གང་ལ་དགོས། །ཆོས་ཅན་གཞན་ལ་གནོད་པ་ནི། །གནོད་པ་མ་ཡིན་པར་མི་འགྱུར་རོ། །རྣམ་
པ་ཐམས་ཅད་དུ་གནོད་པ་ནི་བསྒྲུབ་པར་ནུས་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་ཡུལ་མེད་པས་ཕྱོགས་མ་ཡིན་ནོ་ཞེས་རིགས་སོ་ཞེ་ན། འདིར་བཤད་པ། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་དེ་ལྡན་ལ་གནོད་འགྱུར་གྱི། །ཆོས་གཞན་གྱི་ནི་ཆོས་གཞན་མིན། །
เล่ม ๑๗๙ · หน้า 194a
ཐམས་ཅད་དུ་རང་དང་གཞན་གྱི་འདོད་པས་ཆོས་དེ་ཆོས་ཅན་ལ་ཡོད་པ་ཉིད་ཡིན་པ། དེ་ལྟ་ན་ཡང་རྒོལ་བ་རང་ཉིད་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཆོས་གང་ཡིན་པའི་ཆོས་དེ་དང་ལྡན་པའི་ཆོས་ཅན་ལ་གལ་ཏེ་གནོད་པ་ཡིན་ན་དེའི་ཚེ་གནོད་པའི་སྐྱོན་དུ་འགྱུར་བ་ཡིན་གྱི། ཆོས་
གཞན་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ལ་ནི་མ་ཡིན་ནོ་ཞེས་རང་གི་ཆོས་ཅན་སྨོས་སོ། །གཞན་དུ་ཆོས་ཅན་གཞན་ལ་ནི། །གནོད་ཀྱང་འདི་ལ་ཅི་ཞིག་དགག །འདི་ལ་རིགས་པ་ནི་འདི་ཡིན་ཏེ། །ཆོས་དེ་དང་ལྡན་པའི་ཆོས་ཅན་ཉིད་ལ་གནོད་ན་གནོད་པ་ཡིན་གྱི། ཆོས་གཞན་དང་ལྡན་པ་གནོད་
པས་ནི་མ་ཡིན་ནོ། །དོན་འདི་མཚན་ཉིད་ཀྱིས་རྟོགས་ཀྱང་། །རང་གི་ཆོས་ཅན་སྨོས་པ་ནི། །ཆོས་ཅན་ལ་ནི་གནོད་པས་ཀྱང་། །གནོད་འགྱུར་ཞེས་ནི་གྲུབ་དོན་ཏེ། །རྟེན་ནི་འགལ་བར་གྱུར་པ་ཡིས། །དེར་བརྟེན་པ་ནི་འགལ་བའི་ཕྱིར། །རང་གི་ངོ་བོ་ཁོ་ནར་བསྟན་པར་བྱ་བ་དང་རང་ཉིད་འདོད་པ་ཞེས་
བྱ་བའི་མཚན་ཉིད་ཁོ་ན་ལས་འགྲུབ་པ་ཡིན་ཏེ། རྒོལ་བས་རང་ཉིད་འདོད་པ་ནི་རང་གི་ཆོས་དང་ལྡན་པའི་ཆོས་ཅན་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དེ་དང་རྗེས་སུ་མཐུན་པ་ལ་གནོད་པས་དེ་ཉིད་ཀྱི་སྐྱོན་དུ་ཐལ་བ་ཡིན་གྱི། གཞན་དུ་སྲིད་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྟེན་འགལ་བའི་སྒོ་ནས་དེའི་
ཆོས་ཀྱང་མེད་པར་ཐལ་བའི་ཕྱིར་ཆོས་ཅན་ལ་གནོད་ན་ཡང་གནོད་པར་ཇི་ལྟར་འགྱུར་བ་བསྟན་པའི་དོན་ཏོ། །གཞན་དུ་དེ་ལྟའི་རྣམ་ཅན་ཆོས། །བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། །དེ་གནོད་ཉིད་ཡིན་པར་སེམས་ལ། །དེས་ན་རང་གི་ཆོས་ཅན་སྨོས། །དེ་ལྟའི་རྣམ་ཅན་ཆོས་ཞེས་བྱ་བ་ནི་སྐབས་
ཀྱི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་དེ་ཉིད་གནོད་ན་སྐྱོན་དུ་འགྱུར་གྱི་ཆོས་ཅན་ལ་གནོད་པ་ཡང་སྐྱོན་ཡིན་ནོ་ཞེས་བྱ་བར་ནི་སེམས་པར་མི་འགྱུར་རོ། །འདི་ཡང་དོན་གྱིས་གྲུབ་མིན་ནམ། །བདེན་ཏེ་འགའ་ཞིག་ཆོས་ཅན་ནི། །འགའ་ཞིག་བཀག་པ་ལ་ཡང་ནི། །སྐྱོན་དང་ལྡན་པར་ཁས་ལེན་ཏོ། །
གལ་ཏེ་ཆོས་དེ་ལ་གནོད་པས། །སྐྱོན་དང་ལྡན་པར་ཡིན་ན་དེའི་ཆོས་ཅན་གྱི་སྒོ་ནས་སམ་དངོས་སུ་ཡང་བླ་སྟེ། རྣམ་པ་ཐམས་ཅད་དུ་བསྒྲུབ་བྱའི་ཆོས་དགག་པ་སྐྱོན་ཡིན་ནོ་ཞེ་ན། འདི་ནི་བདེན་ཏེ། དེ་ལྟ་མོད་ཀྱི་འདི་ནི་གཞན་གྱི་ལོག་པར་རྟོགས་པ་དགག་པའི་དོན་ཡིན་ནོ། །འདི་ལྟར་ཁ་ཅིག་ཆོས་ཅན་
เล่ม ๑๗๙ · หน้า 194b
འབའ་ཞིག་ལ་གནོད་ན་ཡང་སྐྱོན་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །དཔེར་ན་མཁའ་སོགས་གཞན་དག་གིས། །སྔོན་མེད་རང་བཞིན་བསྐྱེད་མེད་མིན། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བཤད་པ་ལ་སུན་འབྱིན་པ། །དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །ངོ་བོའང་དངོས་མེད་རྗོད་བྱེད་བཞིན། །
དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །རྒོལ་བས་སྨྲས་པ་ནམ་མཁའ་ལ་སོགས་པ་དག་ནི། ལྷན་ཅིག་བྱེད་པ་དག་གིས་སྔོན་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་འབྲས་བུ་ཅིག་ཅར་མི་སྐྱེད་པའི་ཕྱིར་རོ། །གལ་ཏེ་བསྐྱེད་པར་བྱར་
མེད་པའི་རང་བཞིན་ཡིན་ན་ནི། སྒྲ་ལ་སོགས་པའི་འབྲས་བུ་ཅིག་ཅར་ཁོ་ནར་བྱེད་པར་འགྱུར་རོ། །འདིའི་ཕྱིར་རྒོལ་བས་སྨྲས་པ། ཅི་ལྟར་འདི་ནམ་མཁའ་ལ་སོགས་པ་སྔོན་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པར་བསྒྲུབ་པ་དེ་བཞིན་དུ། ནམ་མཁའ་ལ་སོགས་པའི་ཆོས་ཅན་རྣམས་དངོས་པོ་ཉིད་
མེད་པར་ཡང་སྒྲུབ་པར་བྱེད་དོ་ཞེའོ། །ཆོས་ཅན་འགའ་ཞིག་ལ་གནོད་པ་ནི་སྐྱོན་མ་ཡིན་ནོ། །འདི་ལྟ་བུ་ནི་རྒོལ་བའི་སྐྱོན་མ་ཡིན་ཏེ། དེས་ན་ནམ་མཁའ་ལ་སོགས་པ་དངོས་པོར་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་སྒྲུབ་པར་འདོད་པ་ཡིན་ནོ། །དེས་དངོས་པོར་གྱུར་པ་མ་ཡིན་པའི་ནམ་མཁའ་ཆོས་
ཅན་ལ། ནམ་མཁའ་ལ་སོགས་པ་ནི་སྔོན་མེད་པའི་རང་བཞིན་བརྗོད་དུ་མེད་པ་ཡིན་ཏེ། ཅིག་ཅར་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྐྱོན་མེད་དེ། རྣམ་པར་རྟོག་པ་ལ་གནས་པའི་ཆོས་ཆོས་ཅན་ལ་བསྒྲུབ་བྱ་སྒྲུབ་པའི་ཕྱིར་ཏེ། དངོས་པོར་གྱུར་པ་ནི་དེའི་ཆོས་ཅན་མ་ཡིན་ནོ། །དེས་ན་དེ་འབའ་ཞིག་ལ་གནོད་ཀྱང་
གནོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་གི་ཆོས་ཅན་སྨོས་སོ། །ཆོས་ཅན་གཞན་ལ་གནོད་པས་ནི་ཆོས་དེ་མི་འགྲུབ་པ་མ་ཡིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་འགྲུབ་པ་ལ་གནོད་པ་མེད་པའི་ཕྱིར་ཉེས་པ་མ་ཡིན་ནོ། །ཡང་ན་སྔོན་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པ་མ་ཡིན་ཏེ། ཅིག་ཅར་སྒྲ་
ལ་སོགས་པའི་རྒྱུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་ཡིན་ཏེ། ནམ་མཁའ་ནི་མི་རྟག་པ་ཡིན་ཏེ་ཞེས་བྱ་བའོ། །དེ་ལ་གཞན་དག་ན་རེ་ཆོས་ཅན་ནམ་མཁའ་རྟག་པ་ལ་གནོད་པར་འགྱུར་རོ་ཞེའོ། །གནོད་མེད་དེ་ལྟར་ན་ཡང་མི་རྟག་པའི་ནམ་མཁའ་ཆོས་ཅན་དུ་འགྱུར་རོ། །གཏན་ཚིགས་ཀྱིས་གདོན་
เล่ม ๑๗๙ · หน้า 195a
མི་ཟ་བར་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་འགྱུར་བ་ཡིན་ནོ། །ཆོས་ཅན་རྟག་པ་ནི་སྐབས་ཀྱི་བསྒྲུབ་བྱའི་གཞི་མ་ཡིན་ཏེ། དེས་ན་དེ་ལ་གནོད་པས་སྐྱོན་ཅི་ཡོད། གལ་ཏེ་དེ་ལ་གནོད་ན་ཆོས་འདི་མི་འགྲུབ་ན་ནི་འདི་སྐྱོན་དུ་འགྱུར་རོ། །འདི་ལྟར་ནམ་མཁའ་
རྟག་པ་མ་ཡིན་ཏེ། དབྱངས་ཀྱི་དབྱེ་བ་ཡོད་པའི་ཕྱིར་རོ། །བད་ཀན་སོགས་ཀྱིས་མགྲིན་པའི་བུ་ག་ཉམས་པར་གྱུར་པ་ན། མགྲིན་པའི་སྦུབས་ཀྱི་ནམ་མཁའ་ནི། །ཉམས་པས་དབྱངས་ནི་ཐ་དད་འགྱུར། །འདི་ལྟར་གཟེང་དག་དོག་པ་དང་ཡངས་པར་མཐོང་བ་ཡིན་ལ། དེའི་གནས་སྐབས་
མ་ཡིན་པ་ཉིད་ཀྱང་མི་རྟག་པ་ཉིད་ཡིན་ནོ། །འོན་ཏེ་དེ་ནི་འདིར་དངོས་པོ་ཉིད་གཞན་ཡོད་པ་ཉིད་ཡིན་ནོ། །ནམ་མཁའ་ནི་ཡངས་པ་ལ་སོགས་པ་དེ་ཉིད་ཡིན་ནོ་ཞེ་ན། སྔ་མ་ཅི་སྟེ་མི་དམིགས་གེགས་ཡོད་པའི་ཕྱིར་རོ་ཞེ་ན། རྟག་པ་ཅི་ལྟར་གེགས་བྱ་བར་འགྱུར་ཏེ་འདི་ནི་གྱི་ནའོ། །གཞན་ཡང་སྣམ་
བུ་ལ་སོགས་པའི་ཡན་ལག་ཅན་ནི་མི་སྐྱེ་བ་ཉིད་དོ། །འོན་ཀྱང་སྣལ་མ་སྣལ་མ་གཞན་ལ་བརྒྱུད་པ་ཙམ་ཉིད་དོ། །ཅིའི་ཕྱིར་དྲང་བ་དང་ལོགས་ཤིག་ཏུ་མི་འགྱུར་ཞེ་ན། མགྲིན་པའི་སྦུབས་དྲངས་པ་ན་ཡང་ལུས་ལོགས་ཤིག་ཏུ་ཅི་སྟེ་མི་འགྱུར། དེས་ན་འདི་ནི་གྱི་ནའོ། །དེའི་ཕྱིར་གཞན་གྱི་
དངོས་པོ་ཉིད་ལས་ནམ་མཁའ་ནི་མི་རྟག་པ་འམ། དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཉིད་དུ་ངེས་པ་ཡིན་ནོ། །ཡང་ན་ཐོགས་པ་དང་བཅས་པའི་དངོས་པོ་དང་མ་འདྲེས་པའི་སྣང་བ་ལ་སོགས་པ་ཉིད་ནམ་མཁའ་ཡིན་ཏེ་དངོས་པོ་གཞན་དང་མ་འདྲེས་པའི་མི་རྟག་པ་ཉིད་ནམ་མཁའ་
ཡིན་ནོ་ཞེས་བྱ་བ་ནི་གནས་པའི་ཕྱོགས་སོ། །དེ་ལྟ་བུར་འགྱུར་བའི་ཆོས་ཅན་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཅན་ཉིད་དུ་སྒྲུབ་པ་ཡིན་ནོ། །དེས་ན་དེ་ལས་གཞན་པའི་ཆོས་ཅན་གནོད་པ་ལ་སྐྱོན་མེད་པ་ཉིད་དོ། །འདི་ལྟར། འདིས་ནི་གཉི་ག་སྒྲུབ་པ་ཉིད། །ཡིན་ན་ཆོས་ཅན་ལ་གནོད་གང་། །
བསྒྲུབ་པར་བྱ་བའི་ཆོས་འགོག་པས། །དེ་ལ་གནོད་པར་འགྱུར་བ་ཡིན། །གལ་ཏེ་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་ཆོས་ཅན་གང་ལ་གནོད་པས་སྐབས་ཀྱི་ཆོས་དེ་བཀག་པར་འགྱུར་བ་དེ་ཉིད་ལ་སྐྱོན་དུ་འགྱུར་བ་ཡིན་ནོ་ཞེས་རང་གི་ཆོས་ཅན་ལ་སྨོས་པས་
เล่ม ๑๗๙ · หน้า 195b
འདི་བརྗོད་པ་ཡིན་ནོ། །དེ་དང་འབྲེལ་པ་མེད་པ་ཀུན་བརྟགས་པའི་ཆོས་ཅན་ལ་གནོད་པས་ནི་མ་ཡིན་ནོ། །འདི་ལྟར། དེ་ལྟ་ཉིད་དུ་ཆོས་ཅན་ཡང་། །བསྒྲུབ་བྱ་ཉིད་ཕྱིར་འབའ་ཞིག་མིན། །ཆོས་ཅན་ནི་རང་གི་ངོ་བོས་གྲུབ་པ་ཉིད་དོ། །མ་གྲུབ་པའི་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་གྲུབ་པ་ནི་ཉེ་
བར་མཁོ་བ་མེད་པའི་ཕྱིར་རོ། །དེས་ཁྱད་པར་དུ་བྱས་པ་ཉིད་དུ་དེ་བསྒྲུབས་པར་འདོད་པ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །དེས་ན་འབའ་ཞིག་བཀག་པ་ལ་སྐྱོན་མེད་དོ། །གལ་ཏེ་རང་བཞིན་གང་གིས་ཆོས་ཅན་དེའི་གཞི་ཉིད་དུ་འདོད་པའི་རང་བཞིན་ལ་གནོད་ན་ངེས་པར་སྐྱོན་དུ་འགྱུར་རོ་ཞེ་ན། མ་
ཡིན་ཏེ། དངོས་པོའི་རང་བཞིན་ནམ་རྟག་པའི་རང་བཞིན་གྱི་འམ་མངོན་པར་མི་འདོད་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཆོས་ཅན་བསྒྲུབ་བྱའམ། །གཏན་ཚིགས་ཤུགས་ཀྱིས་རང་བཞིན་ནི། །གཞན་འགྱུར་དངོས་སྤྱོད་བདག་ཅག་ལ། །དེ་བཀག་པས་ནི་ཅི་ཞིག་བྱ། །དངོས་པོའི་སྟོབས་
ལས་འོངས་པ་འགའ་ཞིག་ཏུ་འཇུག་པ་ནི་དངོས་པོ་སེམས་པ་ལ་སྤྱོད་པ་འགས་ཀྱང་དགག་པར་ནུས་པ་མ་ཡིན་ཏེ། ཚད་མ་དང་ལྡན་པ་ནི་ཚད་མས་འཐད་པའི་དངོས་པོའི་རྗེས་སུ་འབྲང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འདིར་གནོད། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །བདེ་སོགས་གཞན་གྱིས་
བསྐྱེད་ནུས་ཕྱིར། །མ་ཡིན་ཞེས་བྱ་སྔ་མ་ཡིན། །བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་རང་བཞིན་ནི་གཙོ་བོའི་སྒྲ་ལ་སོགས་པ་གསལ་བའི་རྒྱུར་འདོད་དོ། །དེས་ན་ཅིག་ཅར་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པ་དེ་དངོས་པོ་མེད་པ་ཉིད་དུ་འགྱུར་ཏེ། གཙོ་བོའི་རང་བཞིན་རྟག་པ་ཉིད་
ལ་གནོད་པ་ན་དངོས་པོ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར། གལ་ཏེ་འདི་ལ་གཏན་ཚིགས་ནི། །དེས་ན་འགལ་བར་འགྱུར་བ་ཉིད། །རིམ་བཞིན་བྱེད་དང་མི་རྟག་ཉིད། །འགལ་བ་མེད་ཕྱིར་མི་མཐུན་ཕྱོགས། །ལྡོག་ན་ཐེ་ཚོམ་ཟ་བས་ན། །འདི་ནི་ལྷག་ལྡན་ཁྱད་པར་འདོད། །
འདི་རིམ་མ་ཡིན་པས་བཀག་པ་ལ་རིམ་གྱིས་བྱད་པ་ཉིད་ནི་གཏན་ཚིགས་ཡིན་ནོ། །རིམ་བཞིན་བྱེད་པ་དང་མི་རྟག་པ་ཉིད་ལ་ཡང་འགལ་བ་མེད་པའི་ཕྱིར་ཏེ། དེས་ནི་མི་རྟག་པ་ཉིད་མེད་པ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཆོས་ཅན་ལ་གནོད་པ་ཡིན་དེ་ལ་གནོད་པས་ནི་ཆོས་ལ་གནོད་པར་
เล่ม ๑๗๙ · หน้า 196a
འགྱུར་བ་མ་ཡིན་ནོ། །དེས་ན་རང་གི་ཆོས་ཅན་སྨོས་སོ། །གང་ཕྱིར་རང་ཉིད་འདོད་པའི་ཆོས། །བསྒྲུབ་བྱ་དེ་ཕྱིར་དེ་རྟེན་ནི། །གནོད་ཡིན་འབའ་ཞིག་པ་ཉིད་དམ། །འཇིག་རྟེན་ལ་མིན་ཞེས་བསྟན་ཏོ། །འབའ་ཞིག་པ་གནོད་པའམ། དེ་ལས་གཞན་པའི་གཞིར་འགྱུར་
བའི་ཆོས་ཅན་ལ་གནོད་པས་ནི་རྒོལ་བ་འདོད་པའི་བསྒྲུབ་བྱ་གནོད་པ་མ་ཡིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་ལ་ཉེ་བར་མཁོ་བའི་ཆོས་ཅན་ལ་གནོད་པ་སྐྱོན་ཡིན་ནོ། །དེའི་ཕྱིར། རང་ཉིད་སྒྲ་ཡི་ཆོས་ཅན་ལ། །གནོད་པས་གནོད་མིན་ཞེས་བསྟན་པ། །དེ་བཞིན་རང་གི་ཆོས་ཅན་གྱིས། །ཆོས་ཅན་
གཞན་ལ་ཡང་ཞེས་བརྗོད། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཆོས་ཀྱི་ཁྱད་པར་ཅན་དུ་བསྒྲུབ་པར་འདོད་པའི་ཆོས་ཅན་གང་ཡིན་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་དང་གྲགས་པ་དང་འགལ་བའི་གནོད་པ་མེད་ན་དེ་ནི་ཕྱོགས་ཡིན་ན་གཞན་དུ་ནི་ཕྱོགས་ལྟར་སྣང་བ་
ཡིན་ནོ་ཞེས་སྔར་བཤད་པ་ཉིད་ཀྱི་དོན་གསུངས་པ་ཡིན་ནོ། །གལ་ཏེ་ཁྱད་པར་ཅན་རབ་ཏུ་མ་གྲུབ་པ་དང་། གཉི་ག་རབ་ཏུ་མ་གྲུབ་པ་དང་། ཁྱད་པར་རབ་ཏུ་མ་གྲུབ་པ་ཞེས་བྱ་བ་ཕྱོགས་ལྟར་སྣང་བ་གཞན་ཡང་ཡོད་པ་མ་ཡིན་ནམ། ཁྱད་པར་ཅན་རབ་ཏུ་མ་གྲུབ་པ་ནི་དཔེར་ན། བདག་ནི་ཁྱབ་
པའོ་ཞེས་བྱ་བ་ལྟ་བུའོ། །ཁྱད་པར་རབ་ཏུ་མ་གྲུབ་པ་ནི་གྲངས་ཅན་ལ་སྒྲ་འཇིག་པའོ་ཞེས་བྱ་བའོ། །གཉི་ག་རབ་ཏུ་མ་གྲུབ་པ་ནི་བདག་ནི་འདུ་བ་ཅན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ཅི་ལྟར་འདི་དག་ཉེ་བར་མ་བཀོད་ཅེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཡན་ལག་ཕྱི་མ་ལ་གནས་ཕྱིར། །ཕྱོགས་
ཀྱི་སྐྱོན་དུ་འདི་མི་འཐད། །ཕྱོགས་ཙམ་ཉེ་བར་བཀོད་པ་ཡིས། །དེ་ཡི་སྐྱོན་ཉིད་རྣམ་གནས་ཕྱིར། །དེ་ལ་བདག་ནི་ཁྱབ་པ་ཡིན་ནོ་ཞེས་གལ་ཏེ་འགའ་ཞིག་ཁྱབ་པ་དང་ལྡན་པའི་བདག་ནི་བསྒྲུབ་བྱར་བྱེད་ན་ཕྱོགས་ལ་སྐྱོན་ཅི་ཞིག་ཡོད། ཆོས་ཅན་མེད་པས་གཏན་ཚིགས་ཀྱི་རྟེན་མ་གྲུབ་པའི་ཕྱིར་རོ་
ཞེ་ན། འོ་ན་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། ཕྱོགས་ནི་མ་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་འཇིག་པའོ་ཞེས་བྱ་བ་ཁྱད་པར་གང་དུ་མ་གྲུབ། གང་དུ་སྒྲ་ལའོ་ཞེ་ན། དེ་ནི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་ཀྱི་ཕྱིར་ཏེ་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་
เล่ม ๑๗๙ · หน้า 196b
དུ་བསྒྲུབ་པར་བྱ་བའི་དོན་ཅི་ཞིག་ཡིན། འོན་ཏེ་བཟློག་པར་གྲུབ་པས་ན་མ་གྲུབ་པར་བརྗོད་དོ་ཞེ་ན། གལ་ཏེ་རྨོངས་པ་ལ་བཟློག་པར་གྲུབ་པ་དེ་ལྟ་ན་ཡང་དེ་ཙམ་གྱིས་ཕྱོགས་ཀྱི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཚད་མས་ཕྱིན་ཅི་ལོག་ཏུ་གྲུབ་ན་ནི་དེའི་ཚེ་ཕྱོགས་དེ་ཚད་མས་གནོད་པ་ཉིད་ཡིན་
པའི་ཕྱིར། ཚད་མ་དང་འགལ་བའི་མཚན་ཉིད་ཀྱི་སྐྱོན་དེ་ཉིད་ཡིན་གྱི་སྐྱོན་གཞན་ནི་མ་ཡིན་ནོ། །འོན་ཏེ་དཔེ་ལ་ཡིན་ན་དེའི་ཚེ་དཔེ་བསྒྲུབ་བྱས་སྟོང་པ་ཡིན་པའི་ཕྱིར་དེ་ཉིད་ཀྱི་ཉེས་པ་ཡིན་གྱི། ཕྱོགས་ཀྱི་ནི་མ་ཡིན་ནོ། །གཉི་ག་རབ་ཏུ་མ་གྲུབ་པ་ནི་གཉི་གའི་ལྟར་ཡང་ཉེས་པ་ཡིན་པའི་ཕྱིར་འདི་
ཐམས་ཅད་ནི་གཏན་ཚིགས་ཀྱི་སྐྱོན་ཉིད་དོ། །འོན་ཏེ་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི་ཕྱོགས་ཀྱི་སྐྱོན་དུ་འགྱུར་ཏེ། འདིར་ཐམས་ཅད་དུ་ཕྱོགས་ཉིད་མི་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་ལྟ་བུ་ནི་གཏན་ཚིགས་ལ་སོགས་པའི་སྐྱོན་ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འགྱུར་ཏེ། གང་ཞིག་ཕྱོགས་ལ་མི་གནོད་པའི་
གཏན་ཚིགས་ལ་སོགས་པའི་སྐྱོན་དེ་ནི་འགའ་ཡང་མེད་དོ། །གང་གི་ཕྱིར། སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱིས། །ཕྱོགས་ཉིད་ཀྱི་ནི་སྐྱོན་དུ་འགྱུར། །དེ་ལྟ་ན་ཡང་དམ་བཅའ་བ། །ཙམ་དང་འབྲེལ་པ་ཕྱོགས་སྐྱོན་ཡིན། །དེ་ལ་གནོད་པ་ཙམ་གྱིས་ནི་དེ་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། སྒྲུབ་པར་བྱེད་
པའི་སྐྱོན་ཡང་སྐྱོན་དུ་ཐལ་བར་འགྱུར་རོ། །འོན་ཏེ་སྒྲུབ་པར་བྱེད་པའི་སྐྱོན་ནི་དེ་ལ་གནོད་པ་ཡིན་ཡང་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་དུ་རྟོགས་པ་མེད་པའི་ཕྱིར་རོ། །འོན་ཏེ་ཕྱོགས་ཀྱི་རང་གི་ངོ་བོ་དང་དེའི་དུས་ལས་འདས་ནས་སྒྲུབ་པར་བྱེད་པའི་དུས་ན་དང་རང་གི་ངོ་བོ་ཐ་དད་
པར་འགྱུར་བའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་གྱི། འོན་ཀྱང་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པ་གཏན་ཚིགས་ཉིད་ཀྱི་སྐྱོན་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་ནི་མཚུངས་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ནི་འབྲེལ་པ་ཡིན་ལ་དེ་ཡང་གཉིས་ལ་གནས་པའི་ཕྱིར་གཉི་གའི་ཡང་ཡིན་ནོ། །ཅི་སྟེ་
ཡང་བསྒྲུབ་བྱ་ལ་ལྟོས་ཏེ་དེ་བཞིན་དུ་མ་གྲུབ་པ་ནི་ཕྱོགས་ཀྱི་སྐྱོན་ཡིན་གྱི། སྒྲུབ་པར་བྱེད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །སྒྲུབ་པར་བྱེད་པ་ལ་ལྟོས་པ་ནི་སྒྲུབ་པར་བྱེད་པ་ཉིད་ཀྱི་སྐྱོན་ཡིན་ནོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །གལ་ཏེ་གཉི་ག་ཕན་ཚུན་ལྟོས་ནས་སྒྲུབ་པར་བྱེད་པ་ཡིན་ན་ནི་ཅི་ལྟར་ཕྱོགས་
เล่ม ๑๗๙ · หน้า 197a
ཀྱི་སྐྱོན་ཡིན། ཆོས་ཅན་ཆོས་སྒྲུབ་པ་ལ་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཙམ་གྱིས་ཚོགས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ངེས་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཁོ་ནར་བསྟན་པར་བྱ་བ་ཞེས་བརྗོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཆོས་ཅན་མ་གྲུབ་ན་གྲུབ་པ་མི་སྲིད་
པའི་ཕྱིར་རོ་ཞེས་བཤད་ཅེ་ན། གཞི་མ་གྲུབ་པས་ན་དེ་ལ་གཏན་ཚིགས་ཉིད་མི་སྲིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དེས་ན་མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་སྤྱི་ཡང་ཕྱོགས་ཉིད་དོ། །དེས་ན་གཏན་ཚིགས་ལ་མི་ལྟོས་པ་ཉིད་ཀྱི་སྐྱོན་ནི་ཕྱོགས་ཀྱི་སྐྱོན་ཡིན་ནོ། །དེས་ན། ཡན་ལག་ཕྱི་མ་ལ་ལྟོས་སྐྱོན།
གང་ཡིན་དེ་ཡི་རྗེས་བྱེད་པས། །དེ་ཡིན་ཞེས་བཤད་དེ་ཡི་ཕྱིར། །རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །འདི་ནི་བཤད་ཟིན་ཏོ། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་ཀྱི་སྐྱོན་དུ་འགྱུར་མ་ཡིན། །དེ་ལྟ་མིན་ན་རྒྱུ་སོགས་ཀྱི། །སྐྱོན་ཡང་ཕྱོགས་སྐྱོན་ཐལ་བར་འགྱུར། །ཐམས་ཅད་ཕྱོགས་ལ་གནོད་
ཕྱིར་རོ། །དེས་ན་དེ་ཙམ་དང་འབྲེལ་པ། །ཕྱོགས་ཀྱི་སྐྱོན་ཡིན་གཞན་མིན་ཏེ། །མངོན་སུམ་ལ་སོགས་གནོད་པ་བཞིན། །ཞེས་སོ་དེས་ན་གཞི་མ་གྲུབ་པ་ནི་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ་ཞེས་རིགས་སོ། །གལ་ཏེ་སྒྲ་མཉན་བྱ་མ་ཡིན་ནོ། །བུམ་པ་རྟག་པའོ་ཞེས་བྱ་བ་དང་། རྗེས་སུ་དཔག་པ་ནི་
ཚད་མ་མ་ཡིན་ནོ། །རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་འདིས་ནི། ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་པའི་གནོད་པ་ཉིད་བསྟན་པ་མ་ཡིན་ནམ། ཆོས་ཅན་དང་ཆོས་ཀྱི་ཁྱད་པར་དང་། ཆོས་ཅན་གྱི་རང་གི་ངོ་བོ་ལ་གནོད་པ་ནི་མ་ཡིན་ནོ། །དཔེ་མ་བསྟན་པར་ནི་བདེ་བླག་ཏུ་རྟོགས་པ་ཡང་མ་ཡིན་པ་
དེ་ལ་འདིར་རྒྱུ་ཅི་ཡོད་ཅེ་ན། འདིར་བཤད་པ། འདིས་སྒྲུབ་ཡན་ལག་གྱུར་པ་ཡི། །ཆོས་ཅན་ཆོས་ཀྱི་ཁྱད་པར་དང་། །ཆོས་ཅན་རང་གི་ངོ་བོ་ལ། །གནོད་པ་དག་ནི་བསྟན་པ་ཡིན། །ཆོས་ཀྱི་རང་གི་ངོ་བོ་བཟློག་པ་སྟོན་པ་ལྷུར་བྱེད་པའི་དཔེ་འདི་ཉིད་ཀྱིས་རང་གི་ངོ་བོ་དང་ཁྱད་པར་ཐམས་ཅད་
བསྟན་པ་ཡིན་ནོ། །ཅི་ལྟར་གཞན་གྱིས་གཞན་བསྟན་ཅེ་ན། བསྒྲུབ་བྱ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་གསལ་བ་སོ་སོར་ནི་དཔེར་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལ་ཉེ་བར་བསྟན་པ་ལ་ནི་དགོས་པ་ཡང་མེད་དེ། དཔེར་བརྗོད་པ་གཅིག་བསྟན་པས་ཆོས་དེ་བདེ་བར་ཤེས་པའི་ཕྱིར་རོ། །
เล่ม ๑๗๙ · หน้า 197b
དཔེར་བརྗོད་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ནོ། །གལ་ཏེ་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཅི་ལྟར་ཆོས་དེར་འགྱུར་ཞེ་ན། དེ་ནི་སྨྲས་པ་ལ་ལྟོས་ནས་ཁྱད་པར་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་དེ་ཉིད་ཡིན་ཏེ། གཞན་དུ་སྒྲུབ་པར་བྱེད་པ་འབྲས་བུ་མེད་པར་འགྱུར་རོ། །དེས་ན་དོན་ནི་བསྟན་པ་ཡི། །དོན་
དུ་དཔེ་ནི་ཕྱོགས་ཙམ་བརྗོད། །ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །མཐོང་བ་ལ་བརྟེན་གཞན་ཡོད་མིན། །མ་མཐོང་ཁྱད་པར་ཅན་མིན་ན། །དམ་བཅའ་བ་ལ་སོགས་པ་མེད། །ཁྱད་པར་ཅན་མིན་གཞན་ཡོད་ནི། །བསྒྲུབ་ན་གྲུབ་པ་སྒྲུབ་པ་ཉིད། །དཔེར་བརྗོད་པ་ནི་འདི་དག་སྟེ། །ཡན་ལག་
ཅན་ནི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ། །ཡན་ལག་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་དང་རྫས་མ་ཡིན་པར་ཐལ་བའི་
ཕྱིར་རོ་ཞེས་བྱའོ། །ཆོས་ཅན་གྱི་རང་གི་ངོ་བོ་སེལ་བས་ནི་ཕྱི་མ་ཤོས་ཅིག་ཡིན་ལ། ཆོས་ཅན་དང་ཆོས་ཀྱི་ཁྱད་པར་སེལ་བས་ནི་གོ་རིམས་བཞིན་དུ། དང་པོའི་དཔེར་བརྗོད་པ་གཉིས་ཡིན་ནོ། །གང་ཞིག་གང་གི་རང་བཞིན་ལས། །ཐ་དད་དེ་ནི་དེ་བཞིན་དམིགས། །དེ་ཡི་ངོ་བོར་དམིགས་མེད་ན། །
ཐ་དད་པར་ནི་གྲུབ་མི་འགྱུར། །ཐ་དད་པར་དམིགས་པ་མེད་པ་ནི་ཐ་དད་པར་མངོན་སུམ་དུ་འགྱུར་བ་མ་ཡིན་ནོ། །ཐ་དད་པ་མེད་པར་དམིགས་པ་དང་། ཐ་དད་པར་ཁས་ལེན་པ་དེས་ན་འདི་ནི་འགལ་བ་ཡིན་ནོ། །གལ་ཏེ་ཡན་ལག་གཞན་ཡིན་ནོ། །མངོན་སུམ་ཉིད་ཡིན་གནོད་པ་མེད། །གང་དུ་ཡན་
ལག་ཅན་མངོན་སུམ། །དེ་དངོས་དེ་དག་ཀྱང་དེ་བཞིན། །དེ་ལྟ་མ་ཡིན་ཏེ། ཡན་ལག་ཅན་མངོན་སུམ་ཡིན་ཡང་ཡན་ལག་མངོན་སུམ་མ་ཡིན་ན་ནི། གཞན་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཡང་ན་ཡན་ལག་དག་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པར་ཐལ་བའི་ཕྱིར་རོ། །
གཞན་ཉིད་ཡིན་ན་ནི་དེ་དག་མངོན་སུམ་མ་ཡིན་ན། ཡན་ལག་ཅན་ཡང་མངོན་སུམ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཡན་ལག་མངོན་སུམ་མ་ཡིན་པར་ནི་ཡན་ལག་ཅན་མངོན་སུམ་དུ་འགྱུར་བར་རིགས་པ་མ་ཡིན་ཏེ། ཡན་ལག་ཅན་དང་པོ་བཞིན་ནོ། །འོན་ཏེ་ཡན་ལག་ཅན་རགས་པ་མངོན་སུམ་
เล่ม ๑๗๙ · หน้า 198a
ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། གཅིག་ཉིད་ནི་རགས་པར་འགལ་ལོ་ཞེས་བཤད་ཟིན་ཏོ། །དེས་ན་ཡན་ལག་གི་ཚོགས་ཙམ་ཉིད་ཡན་ལག་ཅན་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེས་ན་ཡན་ལག་ཅན་ནི་མེད་དོ་ཞེས་བྱ་བར་གནས་སོ། །དེ་བཞིན་དུ་རྫས་ནི་ཡོད་པ་མ་ཡིན་ཏེ།
ཞེས་བྱ་བ་ནི་ཡོན་ཏན་ལས་གཞན་པ་ཞེས་བྱ་བར་འབྲེལ་ཏོ། །ཡོན་ཏན་དང་རྫས་དག་རྫས་དང་རྫས་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཡོན་ཏན་རྫས་ཉིད་དམ། རྫས་ཡོན་ཏན་ཉིད་དུ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཐ་དད་པ་ཡིན་ན་ནི་ཕན་ཚུན་ལྡོག་པའི་ཕྱིར། རྫས་ཡོད་པས་གནས་
པའི་རང་བཞིན་དུ་གཟུང་བ་ཡིན་ལ་ཡོན་ཏན་རྣམས་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་རིགས་སོ། །དེས་ན་ཕན་ཚུན་སྤངས་པས་གནས་པ་གཉིས་པོ་དག་གཅིག་ནི་ཡོན་ཏན་ལ་ཡིན་ལ་གཞན་ནི་རྫས་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལས་ཡིན། ཕན་ཚུན་སྤངས་པ་མ་ཡིན་ན་ཡང་ག་ལས་རྣམ་པར་
དབྱེ་བ་ཡོད། འོན་ཏེ་ཡོན་ཏན་ལ་ནི་ཡོན་ཏན་ཉིད་ལ། རྫས་ལ་ནི་རྫས་ཉིད་དོ་ཞེས་བྱ་བ་རྣམ་པར་དབྱེ་བ་ཡིན་ནོ་ཞེ་ན། དེ་ཡང་འཐད་པ་མ་ཡིན་ཏེ། རང་གི་རང་བཞིན་ལས་གཞན་པའི། །ཡོན་ཏན་ཉིད་སོགས་ཡོད་མ་ཡིན། །ཡོན་ཏན་ཉིད་ནི་གཞན་ཡིན་ན། །དེར་ཡང་ཡོད་ཉིད་ཡོད་པར་འགྱུར། །
དེས་ན་རྫས་དང་ཁྱད་མེད་པ། །ཐལ་བ་སྔ་མ་བཟློག་པ་མེད། །ཡོད་ཉིད་ཡོད་ན་ཐ་དད་དང་། །གཞན་པ་ཐམས་ཅད་རྫས་སུ་འགྱུར། །ཕན་ཚུན་སྤངས་པས་གནས་པ་ཉིད་ཡིན་ན། །རྫས་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པར་འགྱུར་རོ་ཞེས་བྱ་བ་འདི་གནས་སོ། །ཐ་དད་པ་ལ་ནི་རྫས་ཉིད་
དང་ལྡན་པས་ནི་རྫས་ལ། ཡོན་ཏན་ཉིད་དང་ལྡན་པས་ནི་ཡོན་ཏན་ནོ་ཞེས་ཐ་དད་པར་འདོགས་པར་འགྱུར་ན་དེ་ཡང་ཡང་དག་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་གཟུགས་དང་རོ་དག་བཞིན་པས་རྫས་དང་ཅིག་ཤོས་སུ་འགྱུར་རེ་སྐན། ཡོན་ཏན་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་
ཞེ་ན། མ་ཡིན་ཏེ་ཡོན་ཏན་གྱི་གསལ་བས་གསལ་བར་བྱ་བས་ཡོན་ཏན་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཡོན་ཏན་ཉིད་དང་རྫས་ཉིད་ནི་མཚུངས་པའི་རྣམ་པ་ཙམ་ཡིན་ནོ། །དེའི་ཁྱད་པར་ནི་དེ་དང་རིགས་མི་མཐུན་པའི་གསལ་བས་གསལ་བ་ཉིད་ཅེས་བྱ་བ་ཡིན་ལ་གསལ་བ་རིགས་མི་
เล่ม ๑๗๙ · หน้า 198b
མཐུན་པ་ཡང་རིགས་མི་མཐུན་པ་གནས་པ་ཉིད་ཀྱིས་ཡིན་པའི་ཕྱིར་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་རོ། །འོན་ཏེ་རིགས་རྣམས་ནི་རང་ཉིད་ཁོ་ནས་ཕན་ཚུན་མི་འདྲ་བ་ཉིད་དོ་ཞེས་བརྗོད་ན། དེ་ལ་ཡང་མི་མཐུན་པ་གནས་པ་ཉིད་ལྡོག་པའི་རྒྱུ་ཡིན་ནོ། །རང་གི་ངོ་བོས་ལྡོག་པ་ཉིད་ཡིན་ན་ནི།
གསལ་བ་རྣམས་ཀྱང་དེ་ལྟར་འགྱུར་བའི་ཕྱིར་རིགས་གཞན་དོན་མེད་དོ། །གལ་ཏེ་ཡོན་ཏན་ཞེས་རྣམ་པ་མཚུངས་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཡོན་ཏན་ཉིད་ལ་སོགས་པ་ནི་ཡོན་ཏན་ཉིད་ཡིན་ནོ་ཞེ་ན། དེ་ནི་བར་མ་དོའི་ཤ་ལྷག་པའི་སྤྱིས་ཅི་བྱ་སྟེ། རང་གི་དགོས་པ་སྤྱིའི་རྣམ་པ་ཅན་གྱི་རྟོགས་
པའི་རྒྱུ་མཚན་ནི་སོ་སོར་ངེས་པ་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །དེ་ལྟར་ཡིན་ན་རྫས་དང་རྫས་མ་ཡིན་པ་དག་རང་གི་ངོ་བོས་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་རྫས་ཡོད་ན་རྫས་དང་རྫས་མ་ཡིན་པ་དག་ཁྱད་པར་མེད་པ་ཉིད་དོ། །མེད་ན་ནི་ཁྱད་པར་ཡོད་དོ་ཞེས་བྱ་བར་མི་རིགས་
ཏེ། རྫས་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། ཡོན་ཏན་ནི་དེ་ལས་སམ་གཞན་ཡིན་པའི་ཕྱིར་རོ། །རང་གི་ངོ་བོ་དང་ཁྱད་པར་གཉི་ག་གསལ་བའི་སྒོ་ནས་དཔེར་བརྗོད་པ་ནི། འདི་ལྟ་སྟེ་ངག་ཐམས་ཅད་ནི་བདེན་པའི་དོན་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཚིག་ཀུན་བདེན་པའི་དོན་མིན་ཞེས། །ངག་
དང་བདེན་མིན་པ་ཉིད་ཀྱི། །དེ་ཡི་ངོ་བོ་ཁྱད་པར་དག །སྤོང་བ་བརྗོད་འདོད་ལ་སྐྱོན་ཡིན། །གང་གི་ཚེ་ངག་ཉིད་མི་བདེན་པ་ཉིད་སྤྱིར་བཟློག་པར་འདོད་པའི་ཚེ་གཉི་གའི་རང་བཞིན་འགལ་བ་ཡིན་ནོ། །གང་གི་ཚེ་ཆོས་ཅན་དག་གི་ཆོས་རྟག་པ་ཉིད་དམ་མི་བདེན་པ་ཉིད་བརྗོད་བྱ་མི་བདེན་པ་ཡིན་པ་
དེའི་ཚེ་ནི་གཉི་གའི་ཁྱད་པར་གསལ་བ་ཡིན་ཏེ། ངག་ཐམས་ཅད་ཀྱི་ཁྱད་པར་དང་བརྗོད་པར་བྱ་བ་མི་བདེན་པ་ཉིད་གསལ་བའི་ཕྱིར་རོ། །བརྗོད་པའི་ཤུགས་ཀྱིས་སྨྲ་བ་པོ་ཚད་མར་གྱུར་པ་ཡིན་ཏེ། དེའི་ཕྱིར་དེས་ནི་ངག་ཉིད་དང་མི་བདེན་པའི་བརྗོད་པར་བྱ་བ་ཉིད་གསལ་བ་ཡིན་ནོ། །ཆོས་ཅན་གྱི་
ཁྱད་པར་ཡང་འདིར་མི་རྟག་པ་ཉིད་ལ་སོགས་པ་འགའ་ཞིག་ཡིན་པར་ལྟའོ། །གལ་ཏེ་མི་རྟག་པ་ཉིད་དུ་གྲུབ་པ་མ་ཡིན་ན་ནི་སྨྲ་བ་པོ་ཚད་མར་ཁས་ལེན་པ་དགོས་པ་མེད་པ་ཉིད་དོ། །གལ་ཏེ་རྟག་པ་ཉིད་ཡིན་པར་གྱུར་ན་སྨྲ་བ་པོས་འགའ་ཡང་བྱེད་པ་མ་ཡིན་པའི་ཕྱིར་སྨྲ་བ་པོ་དག་མེད་པ་ཉིད་དུ་
เล่ม ๑๗๙ · หน้า 199a
འགྱུར་རོ། །དེས་ན་འདི་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །གལ་ཏེ་ངག་ནི་རྟག་གྱུར་ན། །སྨྲ་བ་པོ་ནི་དོན་མེད་པར། །ངག་གི་རང་བཞིན་སྒྲུབ་མེད་ན། །གྲུབ་པ་ཉེ་བར་འཇོག་པར་འགྱུར། །ངག་གི་རང་བཞིན་སྒྲུབ་པར་བྱེད་པ་མ་ཡིན་པའི་སྨྲ་བ་པོ་ནི་ངག་ལ་ཕན་
འདོགས་པར་བྱེད་པ་ཉིད་མ་ཡིན་ནོ། །དེར་གྱུར་པ་མ་ཡིན་པའི་ཕན་པར་བྱེད་པ་ནི་དེ་ལ་ཅི་ཡང་བྱས་པའི་ཕྱིར་ཕན་པར་བྱེད་པ་མ་ཡིན་པའི་སྨྲ་བ་པོ་ནི་ངག་གིས་ལྟོས་པར་བྱ་བ་མ་ཡིན་ནོ། །ལྟོས་པར་བྱ་བ་ཡང་ཡིན་ཏེ། དེས་ན་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་དེའི་ཁྱད་པར་
གསལ་བའི་སྒོ་ནས་འདི་ཕྱོགས་ལྟར་སྣང་བ་ཡིན་ནོ་ཞེས་གནས་སོ། །དེ་ལ་རྣམ་འགྲེལ་མཛད་པས་ནི་དཔེར་བརྗོད་པའི་ཕྱོགས་ཙམ་ཞིག་བསྟན་ཏེ། ཕྱོགས་འདིས་དཔེར་བརྗོད་པར་བཤད་པ་ལྷག་མ་རྟོགས་པའི་དོན་དུའོ། །ཡན་ལག་ཅན་གཞན་ཉིད་ཙམ་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི།
འོན་ཀྱང་བྱ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ་འདུ་བ་ཅན་གྱི་རྒྱུ་ནི་རྫས་ཡིན་ནོ་ཞེས་བྱ་བའི་རྫས་ཀྱི་མཚན་ཉིད་དང་ལྡན་པ་དང་། དེ་བཞིན་དུ་མཐོང་བ་ལ་བརྟན་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །གལ་ཏེ་ཡན་ལག་ཅན་གཞན་ཉིད་ཙམ་དུ་བསྒྲུབ་པ་ཡིན་ན། དེའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ཙམ་
དུ་དེ་གྲུབ་པ་ཡིན་ནོ། །ཡན་ལག་ནི་དོན་དམ་པར་ཡོད་པ་ཡན་ལག་ཅན་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་པའི་ཕྱིར་གཞན་ཉིད་ཙམ་བསྒྲུབ་པར་བྱ་བ་ཡིན་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །བལྟར་མི་རུང་བ་མེད་པའི་འབྲས། །མཐོང་ནས་ཡན་ལག་ཅན་འདོད་དོ། །ཁྱད་པར་ཅན་མིན་གཞན་ཡོད་
ནི། །གྲུབ་ན་གྲུབ་པ་སྒྲུབ་པ་ཉིད། །རྡུལ་ཕྲ་རབ་ལ་སོགས་པའི་ཡན་ལག་ལས་ཐ་དད་པ་ཙམ་དུ་ནི་བློ་འཁྲུལ་པའི་རྣམ་པའི་རྣམ་པ་གྲུབ་པ་ཉིད་དོ། །དེ་ཉིད་གྲུབ་ན་ནི་ངེས་པར་གྲུབ་པ་ལ་བསྒྲུབ་པར་བྱ་བ་ཉིད་དོ། །ཧ་ཅང་རིང་པོ་ན་གནས་པ་མ་ཡིན་པ་ཕན་ཚུན་ཉེ་བ་ཉིད་དུ་གནས་ཤིང་མ་
འདྲེས་པའི་སྒྲའི་ཡུལ་དག་ལ་སེམས་གཅིག་གི་རྣམ་པར་སྣང་བའི་རྟོགས་པ་ནི་མཐོང་བ་ཉིད་དོ། །དེས་ན་དེ་ཙམ་གྱིས་ནི་རྣམ་པར་ཤེས་པའི་རྣམ་པ་ལས་ཐ་དད་པའི་ཡན་ལག་ཅན་མི་འགྲུབ་པོ། །དེས་ན་དེར་རྫས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལ་ཡང་ཡོན་ཏན་རྩི་བ་ཉིད་
เล่ม ๑๗๙ · หน้า 199b
དང་། བྱ་བ་ཐུར་དུ་འགྲོ་བ་ཉིད་དང་། དེ་དག་གི་འདུ་བ་ཅན་གྱི་རྒྱུ་ཡིན་པ་ཞེས་བྱ་བའི་མཚན་ཉིད་དང་ལྡན་ན་རྣམ་པར་ཤེས་པའི་རྣམ་པ་ལས་ཐ་དད་པར་འགྲུབ་པོ། །དེ་ལྟར་ཡིན་དང་། གལ་ཏེ་འདི་ལྕི་འོག་འགྲོ་འགྱུར། །སྲང་ནི་དམའ་བ་དག་ཏུ་འགྱུར། །ལྕི་བ་ཉིད་ཀྱིས་རབ་ཏུ་སྦྱར་བའི་འོག་ཏུ་
འགྲོ་བ་ཡོད་ན། གདོན་མི་ཟ་བར་དེས་དྲན་པས་ན་སྲང་མགོ་ཡང་དམའ་བར་འགྱུར་ན། ཡན་ལག་ཅན་རྟོགས་པར་བྱེད་པ་དེ་ནི་ཡོད་པ་ཡང་མ་ཡིན་ནོ། །དེས་ན་འདི་རྫས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེས་ན་ཡོན་ཏན་བྱ་མེད་པ། །དེ་ཕྱིར་འདུ་བ་ཅན་རྒྱུ་མིན། །འདི་
ཡོན་ཏན་དང་ལས་གང་དག་གི་འདུ་བ་ཅན་གྱི་རྒྱུ་བ་ཡིན་པ་དེ་མེད་ན་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་མཇུག་བསྡུ་བའོ། །དེ་ཕྱིར་འབྲས་བུ་ངོ་བོ་དག །མཐོང་བ་མེད་ཕྱིར་དེ་མཐོང་མིན། །དེ་ལ་ནི་བལྟར་རུང་བ་ཉིད་ཀྱང་མེད་པ་ཉིད་དོ། །དེས་ནི་རྣམ་པ་གཉིས་ཏེ། ཉེ་བར་བཏགས་པ་ལས་དང་། དངོས་
པོ་རེ་ཞིག་ཉེ་བར་བཏགས་པས་ནི་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ལྕི་བ་ལ་སོགས་པའི་ཕྱིར་རོ། །ཉེ་བར་བཏགས་པ་ལས་ཅིག་ཤོས་ཀྱང་མ་ཡིན་ཏེ། ཡན་ལག་ཅན་གྱི་རང་བཞིན་ཐ་དད་པར་མཐོང་བའི་ཕྱིར་རོ། །རྣམ་པར་ཤེས་པའི་རྣམ་པ་རགས་པ་ཉིད་དུ་དམིགས་པའི་ཕྱིར་ཏེ། དེ་ལས་
འཕགས་པ་མཐོང་བ་མེད་པའི་ཕྱིར་རོ། །དེས་ན་མེད་ན་མི་འབྱུང་བ། །གཞན་གྱི་ཁྱད་པར་གནོད་པ་ཡིན། །སྨྲས་པ་གཞན་ཙམ་ལ་ལྟོས་ཏེ། །རྫས་ཀྱི་མཚན་ཉིད་དང་ལྡན་པས་ནི་གཞན་གྱི་ཁྱད་པར་ཡིན་ནོ། །དེ་ཡང་མེད་ན་མི་འབྱུང་བ་ཉིད་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་
གཞན་ཙམ་ནི་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟར། ལྕི་བ་ཉིད་དང་འོག་འགྲོ་བ། །སྤངས་ན་སྣང་བ་ཙམ་དུ་འགྱུར། །སྣང་བ་ཙམ་ཉིད་རྣམ་ཤེས་ལས། །ཐ་དད་པར་ནི་འཐད་པར་དཀའ། །རབ་རིབ་ཀྱིས་མཐོང་བའི་ནུས་པ་ཕྱིན་ཅི་ལོག་ཏུ་བྱས་པའི་མིག་ཅན་རྣམས་ལ་ཡང་། སྐྲ་དང་
ཤ་སྦྲང་དང་སྦྲང་བུ་ལ་སོགས་པ། མེད་པར་མོས་པའི་ཕྱོགས་སུ་གནས་པ་དག་མངོན་སུམ་དུ་སྣང་བ་ཡིན་ཏེ། དེ་དག་དེ་ལྟར་སྣང་བ་ཉིད་ཀྱིས་ནི་མེད་པར་མི་འགྱུར་བ་མ་ཡིན་ནོ། །འདིར། ཕྲ་མོ་ནས་བརྩམས་རྫས་ཕྲེང་དག །བཅལ་ཉིད་ཕྱིར་ན་རྫས་གཞན་གྱི། །ལྕི་ཉིད་མི་རྟོགས་
เล่ม ๑๗๙ · หน้า 200a
རས་བལ་གྱི། །འདབ་གཞག་བཞིན་ཞེས་གཞན་དག་ཟེར། །ཕྲ་མོ་རྡུལ་གཉིས་པ་ལ་སོགས་པའི་རྫས་ཀྱི་ཕྲེང་བ་དག་གཞལ་བའི་ཚད་དང་འབྲེལ་པའི་ཕྱིར། རྫས་དུ་མའི་ནང་ན་གནས་པའི་རྫས་གཞན་གྱི་ལྕིད་མཚོན་པར་མི་ནུས་པའི་ཕྱིར་སྲང་མདའ་དམའ་བ་མི་
འཛིན་པ་ཡིན་ནོ། །འདི་ལྟར་ཁ་བའི་གོང་བུ་གཉིས་སྦྱར་བ་ན། གལ་ཏེ་ཡོན་ཏན་དང་བྱ་བ་དང་ལྡན་པའི་རྫས་གཞན་སྐྱེ་བ་ཡིན་པ་དེ་ལྟ་ན་ཡང་རྡུལ་གཉིས་པ་ལ་སོགས་པའི་རྫས་ཀྱི་ཕྲེང་བ་ཡང་དེ་ན་ཡོད་པ་ཉིད་དོ། །དེས་ན་ལྕིད་དང་ལྡན་པ་དུ་མའི་ནང་ན་གནས་པ་དེའི་ལྕིད་མི་ཚོར་བ་ཡིན་
ཏེ། རས་བལ་གྱི་ཁུར་གྱི་ནང་དུ་གཞག་པའི་རས་བལ་གྱི་འདའ་བའི་ལྕི་བ་ཉིད་བཞིན་ནོ། །མ་རྟོགས་ཀྱང་དེའི་ལྕི་བ་ཉིད་དང་ཐུར་དུ་འགྲོ་བ་ཉིད་མེད་པ་ཉིད་ནི་མ་ཡིན་ཏེ། དེས་ན་དེ་ཡོན་ཏན་དང་བྱེད་པ་མེད་པ་དེའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མ་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་
ལྟར། གལ་ཏེ་ལྕི་ཉིད་མི་རྟོགས་ན། །བློ་ལྷག་དེ་ནི་ག་ལ་རྟོགས། །དེ་རིག་འདི་ཉིད་ལ་རེ་བམ། །དེ་ལོག་ན་ནི་ཅི་ལྟར་འགྱུར། །ལྕི་བ་ཉིད་དང་འོག་ཏུ་འགྲོ་བ་ཉིད་མེད་ན་ནི་སྣང་བ་ཙམ་དུ་གྲུབ་པར་འགྱུར་རོ། །དེ་བསྒྲུབ་པས་ནི་བསྒྲུབ་པར་བྱ་བ་འགྲུབ་པ་མ་ཡིན་པ་བཞིན་ནོ། །གཞན་ཡང་།
དེ་ལྟར་ས་རྡུལ་ཚོགས་དག་ལ། །དེ་ཡི་ཅིག་ཅར་ལྡན་པ་དང་། །སོ་སོར་ལྡན་པའི་རྡུལ་ཚོགས་དག །སོ་སོར་ལྷན་ཅིག་བཅལ་བ་ན། །དེ་ཕྱིར་ལྕིད་ནི་ཐ་དད་འགྱུར། །རིམ་གྱིས་ལྡན་པའི་རྡུལ་གྱི་ཚོགས་ལ་ནི་ལྕི་བ་ཉིད་དང་ལྡན་པའི་ཡན་ལག་ཅན་དུ་མ་ཡོད་པ་ལས་འགྱུར་བའི་ལྕིད་ཆེན་
པོ་དང་ལྡན་པ་ཡིན་པ་ཅིག་ཅར་དང་ལྡན་པ་ལ་ནི། ཡན་ལག་ཅན་གཅིག་ཉིད་དུ་ཟད་པའི་ཕྱིར་ལྕིད་ཆེན་པོ་ཉིད་མེད་དེ། དེས་ན་ཐ་དད་པར་ཐལ་བའི་ཕྱིར་རོ། །ཐ་དད་པར་ནི་དམིགས་པ་ཡང་མ་ཡིན་ནོ། །རས་བལ་གྱི་འདབ་མ་དུ་མའི་ཚོགས་གཞག་ན་ནི་རྟོགས་པ་ཡིན་ཏེ། དེས་ན་འདི་ནི་
དཔེ་མ་ཡིན་ནོ། །འོན་ཏེ་སྔར་ཡན་ལག་ཅན་ཐམས་ཅད་ཞིག་པ་ན་མཐར་ཡན་ལག་ཅན་གཅིག་ཉིད་གནས་པ་ཡིན་ཏེ། དེས་ན་ཡན་ལག་ཅན་དུ་མ་མེད་པས་ན། ཅིག་ཅར་ལྡན་པ་དང་རིམ་གྱིས་ལྡན་པའི་ས་རྡུལ་གྱི་ཚོགས་དག་ལྕིད་མཚུངས་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ལྟར་ན་
เล่ม ๑๗๙ · หน้า 200b
རྫས་ཕྲེང་གཞལ་བའི་ཕྱིར་ཞེས་བྱ་བ་མི་འཐད་པར་འགྱུར་རོ། །ཐ་མའི་ལྕི་བ་ཉིད་མི་རྟོགས་པ་ཡང་མི་འཐད་དོ། །འོན་ཏེ་རྩོམ་པར་བྱེད་པའི་ཡན་ལག་སོ་སོར་གྱུར་པ་དག་གི་ལྕིད་ཅི་ཙམ་ཡིན་པ་དེས་བརྩམས་པའི་ཡན་ལག་ཅན་ཡང་དེ་ཙམ་ཉིད་ཡིན་ནོ། །དེས་ན་སྲང་མདའི་ཁྱད་པར་དུ་མི་འགྱུར་
རོ་ཞེ་ན། དེ་ལྟར་ན་འོ་ན་ཡན་ལག་ཐམས་ཅད་ཞིག་ན་ཡན་ལག་ཅན་སྐྱེ་བའི་ཕྱིར། རྡུལ་ཕྲ་རབ་རྣམས་ཀྱང་འཇིག་པས་རྡུལ་ཕྲ་རབ་བརྟགས་པ་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་དང་འགལ་ལོ། །འོན་ཏེ་རྣམ་པར་དབྱེ་བས་འཇིག་པ་ཡིན་ན་རྡུལ་ཕྲ་རབ་དག་ལ་ནི་རྣམ་པར་དབྱེ་བ་སྲིད་པ་
མ་ཡིན་ཏེ་ཆ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཆ་མེད་པར་མི་རིགས་པའི་ཕྱིར་རོ། །ལུས་ཅན་དག་ནི་གདོན་མི་ཟ་བར་ཕ་རོལ་དང་ཚུ་རོལ་གྱི་ཡུལ་གྱི་རྣམ་པར་དབྱེ་བ་ལྡན་པར་འགྱུར་དགོས་སོ། །དེའི་ཕྱིར་ཡན་ལག་ཅན་འཇིག་པ་ཞེས་བྱ་བར་མི་འཐད་དོ། །འོན་ཏེ་ཡང་རྡུལ་ཕྲ་རབ་རྣམས་
ཀྱང་འཇིག་མོད་ངེད་ལ་ཆད་པ་ཅི་ཡོད་ཅེ་ན། དེ་ལྟར་ན་འོ་ན། མ་ཤ་ལ་སོགས་རིམ་པ་ཡིས། །གྲངས་མཚུངས་པ་ནི་མི་རུང་ངོ་། །མ་ཤའི་གོང་བུ་རྣམས་ཞིག་པས་ཡན་ལག་ཅན་གཅིག་ཉིད་ཡིན་ཕྱིར་མ་ཤ་ལྔའི་གང་བུར་མི་འགྱུར་ཏེ། མ་ཤ་གཅིག་ཉིད་དོ་ཞེས་བྱ་བར་འགྱུར་རོ། །ལྔ་ཞེས་བྱ་
བ་ལ་སོགས་པའི་གྲངས་ནི་ལྕི་བ་དུ་མ་ཡོད་ན་འགྱུར་བའི་ཕྱིར་རོ། །གཅིག་ཉིད་ཡིན་ན་ནི་གྲངས་གཅིག་ཉིད་དུ་འགྱུར་ཏེ། ཡན་ལག་ཅན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ལྕི་བ་ཉིད་གཅིག་ཡིན་ཡང་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་གྲངས་དོན་དམ་པར་མི་འགྱུར་རོ། །དེའི་ཕྱིར་
ཡན་ལག་རྣམས་ཡན་ལག་ཅན་གྱིས་འཇིག་ན། མ་ཤ་ལ་སོགས་པ་དང་མཚུངས་པའི་རྒྱུ་མཚན་དེ་ལ་བརྟེན་པའི་གྲངས་འཐད་པ་མ་ཡིན་ནོ། །དེས་ན་ཡན་ལག་རྣམས་རིམ་གྱིས་སྐྱེ་བའི་ཕྱིར་དུ་མ་ཡོད་པས་གདོན་མི་ཟ་བར་ལྕིད་ཁྱད་པར་ཡོད་པར་འགྱུར་རོ། །འོན་ཏེ་ཡུངས་ཀར་ལས་སྔོན་
རོལ་གྱིས་གོང་མ་ཐམས་ཅད་ནི་མི་རྟོགས་པ་ཡིན་ཏེ། །ཅིག་མི་རྟོགས་པ་བཞིན་དུ་ཐམས་ཅད་ཀྱང་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། རས་བལ་འདབ་གཅིག་མ་རྟོགས་པས། །འདབ་བལ་དེ་ཡི་ཚོགས་པ་ཡང་། །མི་རྟོགས་པ་ནི་འགྱུར་བ་མིན། །དེས་ན་འདི་
เล่ม ๑๗๙ · หน้า 201a
ནི་འབྱོར་མ་ཡིན། །གཅིག་མ་རྟོགས་པས་དེའི་ཚོགས་ཀྱང་མི་རྟོགས་པ་ནི་མ་ཡིན་ཏེ། འདབ་བལ་གཅིག་གི་ལྕིད་མ་རྟོགས་ཀྱང་ཁུར་བུའི་ལྕིད་རྟོགས་པའི་ཕྱིར་འདབ་བལ་གྱི་ཚོགས་པ་ཉིད་རས་བལ་གྱི་ཁུར་བུའི་ཐ་སྙད་ལ་བརྟེན་པ་ཡིན་ནོ། །གཞན་ཡང་།
གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ། ཚོགས་ཆེན་གོང་ནས་གོང་དུ་ནི། །འཕེལ་བརྟན་འབྲས་བུའི་ཕྲེང་བ་ཡི། །ལྕི་བ་རྟོགས་པ་མ་ཡིན་ན། །ཡུངས་ཀར་བར་གྱི་ལྕི་དག་ཀྱང་། །ཆུང་ངུ་ཤིན་ཏུ་རྟོགས་དཀའ་བས། །འབྲས་བུའི་ལྕིད་ནི་མི་རྟོགས་ཕྱིར། །དེ་ཡི་རྒྱུ་ཉིད་གཞལ་བྱར་
འགྱུར། །ཡུངས་ཀར་ནི་འོལ་མ་སིའི་བཞི་ཆའོ། །ཡུངས་ཀར་དེ་ནས་བརྩམས་ཏེ་ཚོགས་ཆེན་པོ་གོང་ནས་གོང་དུ་འཕེལ་བའི་འབྲས་བུའི་རྫས་ཀྱི་རྒྱུ་མཚན་ཅན་གྱི་ལྕིད་མི་རྟོགས་ན། ཡུངས་ཀར་ལས་སྔ་མ་སྔ་མ་ཇེ་ཆུང་དུ་འགྱུར་བ་དག་ཤིན་ཏུ་ཡང་ཆེར་མི་རྟོགས་པ་ཉིད་དུ་འགྱུར་རོ། །
དེས་ན་འབྲས་བུའི་ཕྲེང་བའི་ལྕིད་མི་རྟོགས་པའི་ཕྱིར། འོས་གཞན་མེད་པས་དེའི་རྒྱུ་ཉིད་གཞལ་བར་བྱ་བ་ཡིན་ནོ་ཞེས་བྱ་བར་ཤིན་ཏུ་གསལ་བར་རིགས་པ་མ་ཡིན་ནོ། །ལྕིད་ཀྱི་ཁྱད་པར་དང་ལྡན་པར་རྟོགས་པ་ཉིད་གཞལ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གོང་མ་གོང་མའི་འབྲས་
བུའི་ལྕིད་མི་རྟོགས་ན་ལྕིད་དེ་རྒྱུའི་ཡིན་པར་འགྱུར་རོ། །དེ་ཡང་གཞལ་བ་ན་དེའི་རྒྱུའི་ལྕིད་ཡིན་ལ། དེའི་ཡང་དེའི་རྒྱུའི་ཡིན་པའི་ཕྱིར་རྡུལ་ཕྲ་རབ་ཀྱི་བར་གྱི་རྒྱུ་གཞལ་བྱར་འགྱུར་རོ། །དེ་དག་ལ་ནི་རྒྱུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །འདི་ལྟར། ཐ་མའི་ཡན་ལག་ཅན་ཞིག་ན། །
དེ་དག་ཀྱང་ནི་ལྕིད་དེ་ཉིད། །དེ་དང་ཞིག་པར་གྱུར་ཀྱང་ནི། །ཕྱིས་ཀྱང་ལྕིད་དེ་ཉིད་མཐོང་བ། །དེས་ན་རྗེས་སུ་དཔག་པ་ལས། །ལྕིད་ཉིད་རྡུལ་བྲན་དག་ལ་རྟོགས། །དེས་ན་ཡན་ལག་ཅན་རྫས་ནི། །རྫས་ཀྱི་མཚན་ཉིད་དང་ལྡན་མིན། །གཞན་ཡང་འདབ་བལ་གྱི་ལྕིད་ཉིད་མི་རྟོགས་
ཀྱང་ཡོད་པ་ཉིད་དོ། དེ་བལྟར་རུང་བའི་ཕྱིར་རོ། །ཡན་ལག་ཅན་ནི་མཐོང་བ་མ་ཡིན་གྱི་འོན་ཀྱང་དེ་ནི་འབྲས་བུ་མཐོང་བ་ཉིད་ཡོད་པས་ཡོད་པར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་རུང་བ་མ་ཡིན་ཏེ། འདི་ལྟར། དོན་དེ་མཐོང་མེད་རས་འདབ་བཞིན། །དེ་ཡི་
เล่ม ๑๗๙ · หน้า 201b
འབྲས་བུ་འང་རྟོགས་པ་མེད། །ལྕིད་ཉིད་རྟོགས་མེད་བཞིན་དུ་དེའི། །ཡོན་ཏན་ཐམས་ཅད་རྟོགས་མེད་ཕྱིར། །མ་ཤ་ལ་སོགས་ལྷག་ཡོད་མིན། །དམའ་བ་ཉེ་བར་མཚོན་པ་ཡིན། །གཟུགས་སོགས་ལྷག་དང་ལྷག་ཅི་བཞིན། །རང་གི་དབང་པོས་མཐོང་མེད་ཕྱིར། །མངོན་སུམ་དང་རྗེས་
སུ་དཔག་པ་དག་གིས་མ་རྟོགས་པ་ཅི་ལྟར་ཡོད་དོ་ཞེས་རྟོགས་པར་བྱ། གལ་ཏེ་ལྕི་བ་ཉིད་མ་རྟོགས་ཀྱང་། །རྣམ་པ་གཞན་གྱིས་རྟོགས་པ་ཡང་སྲིད་པའི་ཕྱིར་ཅི་ལྟར་མེད་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ་གཟུགས་ལ་སོགས་པ་གཞན་ཡང་རྟོགས་པ་མེད་པའི་ཕྱིར་ན་མ་ཤ་ལ་སོགས་པ་ཡན་
ལག་ཅན་རྣམས་ལས་ལྷག་པ་ནི་ཡོད་པ་མ་ཡིན་ནོ།། །།བམ་པོ་བརྒྱད་པ། འོ་ན་ཇི་ལྟར་སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ་ཞེས་སློབ་དཔོན་གྱིས་དངོས་པོར་ངེས་པ་ཉིད་བརྗོད་ཅེ་ན། མ་ཡིན་ཏེ། ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །དམའ་བ་དེ་འབའ་ཞིག་བརྗོད་པ་ཡིན་
ཡང་གཞན་དག་ཀྱང་སྟོན་པར་བྱེད་པ་ཡིན་ནོ། །ཅི་ལྟར་ཐམས་ཅད་མི་རྟོགས་པ་ཞེས་བྱ་བར་ཤེས་པར་བྱ་ཞེ་ན། འདི་ལ་ཤེས་པར་བྱ་བ་ཅི་ཞིག་ཡོད། མིག་ལ་སོགས་པས་ཅི་ལྟར་ཅི་ལྟ་བ་བཞིན་གཟུགས་ལ་སོགས་པའི་ལྷག་དང་ལྷག་པ་རྟོགས་པ་མེད་པའི་ཕྱིར་རོ། །ཡན་ལག་ཅན་ཡོད་
ཀྱང་གཟུགས་དང་རོ་ལ་སོགས་པའི་ཡན་ལག་རྣམས་ལས་ལྷག་པ་ནི་རྟོགས་པ་ཡོད་དོ། །དེའི་ཡོན་ཏན་དང་ལས་དང་ལྡན་པ་བལྟར་རུང་བའི་ཡན་ལག་ཅན་མེད་པ་ཉིད་ཡིན་པའི་ཕྱིར། ཆོས་ཀྱི་ཁྱད་པར་གནོད་པའི་སྒོ་ནས་ཕྱོགས་ཀྱི་སྐྱོན་ཡིན་ནོ། །ཕྱོགས་འདི་ཡང་ཁས་བླངས་པ་དང་། རང་
གི་ཚིག་དང་རྗེས་སུ་དཔག་པ་དང་། གྲགས་པས་གནོད་པ་ཡིན་ནོ། །ཁས་བླངས་རང་གི་ཚིག་སོགས་ཀྱི། །གནོད་པ་དག་ནི་སྲིད་པས་ན། །ཅི་སྐད་བཤད་པའི་ཕྱོགས་ཀྱིས་ནི། །དཔེར་བརྗོད་གཞན་ཡང་རྟོགས་བྱ་བ། །རང་གི་ངོ་བོ་གནོད་པ་ལ་སོགས་པ་བཞིན་ནོ། །ཡན་ལག་ཅན་གྱི་
གནོད་པར་བྱེད་པའི་རིགས་པས་བསྟན་པ་ནི་འདི་ལས་གཞན་སློབ་དཔོན་གྱིས་གསུངས་པའི་དཔེར་བརྗོད་པ་དག་ཀྱང་རྟོགས་པར་བྱ་བ་ཡིན་ནོ། །དེ་ཡང་སྔར་བསྟན་པ་ཉིད་དོ། །གལ་ཏེ་བསྒྲུབ་པར་བྱ་བ་བསྟན་པའི་ཕྱོགས་དེ་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཅན་རྣམས་ཀྱི་ཕྱོགས་ཀྱི་
เล่ม ๑๗๙ · หน้า 202a
ཡིན་ཏེ། འདི་ལས་སྐྱོན་ཅི་ཡོད་ཅེ་ན། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ཀྱང་དེར་ཐལ་བར་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བར་གྱུར་པའི་ཕྱིར་བསྒྲུབ་བྱ་མ་ཡིན་ནམ། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ནི་བསྒྲུབ་པར་བྱ་བར་འགྱུར་བ་ཡིན་པས་ན། དེ་
ཅི་ལྟར་དེ་གཉིས་དམ་བཅའ་བར་ཐལ་ཞེ་ན། གལ་ཏེ་ད་ལྟར་བསྒྲུབ་པར་བྱ་བ་བསྟན་པ་ཞེས་བྱ་བར་འགྲུབ་ན། དེ་བདེན་པ་ཞིག་ན། བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །དེ་ལྟའི་བདག་ཉིད་གཞན་དག་ལ། །དེ་ལྟར་བཀོད་དེ་དེ་ཡི་ཚེ། །མི་འདོད་ན་ཡང་བསྒྲུབ་བྱར་འགྱུར། །བྱ་བའི་
རྐྱེན་ཐམས་ཅད་ནི་དུས་གསུམ་གྱི་ཡུལ་ཅན་ཡིན་ནོ། །དེས་ན་ཕྱིས་བསྒྲུབ་པར་བྱ་བར་འགྱུར་བ་བསྒྲུབ་བྱར་འགྱུར་རོ། །ཅི་ལྟར་ཕྱིས་བསྒྲུབ་པར་བྱ་བ་འདི་ཉིད་དུ་འགྱུར་ཞེ་ན། དེའི་ཚེ་དེ་ལྟ་བུའི་བདག་ཉིད་མ་ཡིན་པར་བསྟན་པའི་ཕྱིར་རོ། །དེ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་མོད་ཀྱི། དེའི་
ཚེ་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བསྟན་པས་ན། དེའི་ཚེ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །མ་གྲུབ་པ་ནི་གཞན་ལ་སྒྲུབ་པར་བྱེད་པར་ཡང་མི་འགྱུར་ཏེ་དེས་ན་དེ་ཕྱི་ནས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །དེས་ན་ཕྱིས་ཀྱི་ཚེ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་དེ་དམ་བཅའ་བར་འགྱུར་རོ། །
གལ་ཏེ་ཅི་ལྟར་བསྒྲུབ་པར་བྱ་བའི་སྒྲས་བུམ་པར་བྱ་བ་ཞེས་བྱ་བ་ལྟ་བུ་བྱེད་པ་པོ་ལ་ལྟོས་པའི་བསྒྲུབ་བྱ་རྟོགས་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འགྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡང་རྟོགས་པར་འགྱུར་བ་མ་ཡིན་པའི་ཕྱིར་ཇི་ལྟར་སྒྲུབ་པར་བྱེད་པ་མ་གྲུབ་པ་དམ་བཅའ་བར་ཐལ་ཞེ་ན།
གལ་ཏེ་འདི་ཤེས་པར་བྱེད་པའི་སྐབས་མ་ཡིན་ན་འདིར་བདེན་པ་ཞིག་ན། ཤེས་བྱེད་སྐབས་ཀྱིས་མ་གྲུབ་པ། །ཐམས་ཅད་རྟོགས་པར་བྱེད་པ་ཡིན། །དེའི་ཕྱིར་བསྒྲུབ་པར་བྱ་བའི་སྒྲ། །འདོད་པའི་ཁྱད་པར་ལ་བརྟེན་མིན། །ཤེས་པར་བྱེད་པའི་སྐབས་ཀྱིས་གསལ་བར་བྱ་བ་བྱེད་པ་
པོ་ལ་ལྟོས་པའི་བསྒྲུབ་པར་བྱ་བ་ལ་གཞན་པའི་བསྒྲུབ་པར་བྱ་བ་ཐམས་ཅད་བསྒྲུབ་པར་བྱ་བའི་སྒྲས་སྡུད་པར་བྱེད་པ་ཉིད་དོ། །དེས་ན་བསྒྲུབ་པར་བྱ་བ་གཞན་རྣམ་པར་གཅོད་པར་ནུས་པ་མ་ཡིན་ནོ། །བྱེད་པ་པོའི་བསྒྲུབ་པར་བྱ་བ་རྣམ་པར་གཅོད་པ་ནི་ཤེས་པར་བྱེད་པའི་གཏན་ཚིགས་
เล่ม ๑๗๙ · หน้า 202b
ཀྱི་སྐབས་ཡིན་པའི་ཕྱིར་རོ། །འགའ་ཞིག་རྒྱུ་དང་བཅས་པས་འགྱུར་བ་བཞིན་དུ་རྒྱུ་མེད་པ་རྣམས་ཀྱང་འགྱུར་བ་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་དུ་འགྱུར་བར་ཐལ་བའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་མ་ཡིན་པའི་སྒྲུབ་པར་བྱེད་པ་ཕྱོགས་ཡིན་ཞེས་བྱ་བའི་རྒྱུ་མཚན་གཞན་ཡང་
ཡོད་པ་མ་ཡིན་ཏེ། དེས་ན་བསྒྲུབ་བྱའི་སྒྲ་ནི་འདོད་པའི་ཁྱད་པར་ལ་བརྟེན་པར་ནུས་པ་མ་ཡིན་ནོ། །བྱེད་པ་པོའི་བསྒྲུབ་པར་བྱ་བ་ལས་བཟློག་པ་ནི་ཤེས་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་དེ་དང་མཚུངས་པ་མ་ཡིན་ནོ། །དེས་ན་དཔེ་དང་གཏན་ཚིགས་དག །མ་གྲུབ་དཔེར་ནི་བྱས་པ་ཡིན། །
གཞན་དུ་རི་བོང་རྭ་ལ་སོགས། །མ་གྲུབ་ཀུན་ཀྱང་བསྒྲུབ་བྱར་འགྱུར། །དེ་ལྟར་ཡང་། དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཞེས་སོ། །སྒྲ་ནི་མི་རྟག་པ་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་གྲངས་ཅན་ལ་ལྟོས་ནས་སམ། ཡང་ན་མིག་གིས་
གཟུང་བར་བྱ་བའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བའོ། །གལ་ཏེ་སྐབས་ལ་མ་ལྟོས་པར་དམ་བཅའ་བའི་མཚན་ཉིད་བྱས་པ་ཡིན་ལ། དེ་བཞིན་དུ་རི་བོང་གི་རྭ་ལ་སོགས་པ་ཡང་བསྒྲུབ་བྱ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ཡང་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅས་པའོ་ཞེས་བྱ་
བ་འདིར་ཡང་ཤེས་པར་བྱེད་པའི་སྐབས་དང་འབྲེལ་པ་ཡིན་ལ་བསྒྲུབ་པར་བྱ་བ་ཐམས་ཅད་དམ་བཅའ་བར་ཐལ་བ་མ་ཡིན་ཏེ། འོན་ཀྱང་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་ཏེ། ལས་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ། །ལས་ཀྱང་བྱེད་པ་པོའི་ཕུགས་འདོད་ལས་ཡིན་ནོ་ཞེས་བྱ་བས་གང་ལ་ཁྱད་
པར་དུ་འཕགས་པ་ཡོད་པའི་ཁྱད་པར་ཅན་ཡིན་ནོ། །སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ནི་བྱེད་པ་ཡིན་པའི་ཕྱིར་ཕུགས་འདོད་མ་ཡིན་ནོ། །དཔེར་ན་འབྲས་ཆན་ཟོ་ཤིག་ཅེས་བྱ་བ་ལ་འོ་མ་ཟོས་པའི་བྱ་བས་བྱེད་པ་པོ་ཡིན་ཡང་། བྱེད་པ་ཉིད་དུ་བརྗོད་པར་འདོད་པས་ན་ལས་ཉིད་མ་ཡིན་པ་བཞིན་
ནོ། །དེ་བཞིན་དུ་འདོད་པར་གྱུར་པ་ལས་ཡིན་གྱི་འདོད་པར་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་མཚོན་པར་བྱ་བ་ཉིད་ཀྱི་སྐབས་སུ་བབ་པར་འགྱུར་བའི་ཡན་ལག་ལྔ་པོ་དག་ལས། དམ་བཅའ་བའི་མཚན་ཉིད་ནི་ཡན་ལག་གཞན་གྱི་མཚན་ཉིད་ཀྱི་ཡུལ་སྤངས་ཏེ་གནས་པ་ཡིན་པའི་ཕྱིར།
เล่ม ๑๗๙ · หน้า 203a
སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་པའི་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་བཞིན་དུ་གྲུབ་པའི་མཐའ་རྣམ་པ་བཞི་པོ་རྒྱུད་ཐམས་ཅད་པ་དང་། མི་མཐུན་པའི་རྒྱུ་དང་དབང་དུ་བྱེད་པ་དང་། ཁས་བླངས་པའི་ཚུལ་གྱིས་མཚན་
ཉིད་བསྒྲུབ་པའི་ཕྱིར། ཁས་བླངས་པའི་གྲུབ་པའི་མཐའི་མཚན་ཉིད་ཀྱི་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པར་རྟོགས་པའི་ཕྱིར། ཧ་ཅང་ཐལ་བ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། འདི་ཐམས་ཅད་ནི་དེ་ལྟ་མ་ཡིན་ཏེ། ཐམས་ཅད་རྣམ་འགས་མ་གྲུབ་ཕྱིར། །དེས་ན་ལས་ལ་སོགས་
པ་ཡི། །ཁྱད་པར་ཉེ་བར་བཀོད་པ་ཡི། །ལན་གྱིས་རྣམ་འབྱེད་ནུས་མ་ཡིན། །སྔ་མ་གྲུབ་པའི་རང་བཞིན་ཕྱིར། །བསྒྲུབ་བྱའི་ཡན་ལག་ཅེས་རུང་མིན། །གང་གིས་ཁས་བླངས་མཚན་ཉིད་འགྱུར། །དེ་ཡང་གྲུབ་མཐའ་ཉིད་དུ་མཚུངས། །དེ་གཏན་ཚིགས་ཉིད་དུ་ཁས་བླངས་ཀྱང་བསྒྲུབ་
པར་བྱ་བ་གདོན་མི་ཟ་བར་ཁས་ལེན་པར་འགྱུར་བ་ཡིན་ཏེ། མ་གྲུབ་པ་ནི་གཏན་ཚིགས་མ་ཡིན་པའི་ཕྱིར་རོ། །བྱ་བའི་རྐྱེན་རྣམས་ནི་དུས་གསུམ་གྱི་ཡུལ་ཅན་དུ་བསྟན་ཟིན་ཏོ། །ཁས་ལེན་པའི་སྒྲ་ཡང་དུས་གསུམ་གྱི་ཡུལ་ཅན་ནི་རྐྱེན་ཅན་ཉིད་དོ། །བྱ་བ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་
པའི་ཕྱིར་རོ། །དེས་ན་ཐམས་ཅད་གྲུབ་མཐའ་མཚུངས་པ་ཉིད་དེ། དེས་ན་གྲུབ་མཐའི་ཚུལ་ནི་ལན་མ་ཡིན་ནོ། །འོན་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མཚན་ཉིད་ཀྱི་སྐབས་སུ་སྒྲུབ་པར་བྱེད་པའི་མཚན་ཉིད་སྤངས་པས་བསྒྲུབ་བྱ་ཉེ་བར་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར་
བསྒྲུབ་པར་བྱ་བ་ཉིད་དམ་བཅའ་བ་ཡིན་གྱི། སྒྲུབ་པར་བྱེད་པར་བསྟན་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དོན་མ་གྲུབ་པའི་ཕྱིར་ན་མཚན་ཉིད་བསྒྲུབ་པའི་སྔོན་རོལ་དུ་ཡན་ལག་གི་མཚན་ཉིད་ཐམས་ཅད་མ་གྲུབ་པའི་ཕྱིར་རོ། །དེས་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཞེས་བྱ་
བས་བསྒྲུབ་པར་བྱ་བ་བསྟན་པ་ཐམས་ཅད་དམ་བཅའ་བར་འགྱུར་ཏེ། དེ་ལས་མ་གཏོགས་པ་ནི་སྒྲུབ་པར་བྱེད་པ་ཉིད་ཡིན་པར་འགྱུར་རོ། །ཡང་ན་སྒྲུབ་པར་བྱེད་པའི་བསྟན་པ་ལས་མ་གཏོགས་པའི་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཉིད་དོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་བྱ་བར་
เล่ม ๑๗๙ · หน้า 203b
ཇི་ལྟར་ནུས། འོ་ན་ནི་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདི་ལ་ལན་དུ་འཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་བསྒྲུབ་པར་བྱ་བར་ཞེས་ལས་ལ་བྱ་རྐྱེན་མ་ཡིན་ནམ། ལས་ཀྱང་བྱེད་པའི་འདོད་ཕུགས་ཡིན་ནོ། །ཐབས་ཉིད་དུ་འདོད་པ་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པས་དེ་ཅི་ལྟར་དེ་བསྒྲུབ་བྱ་
ཉིད་དུ་འགྱུར་ཞེ་ན། འདི་ནི་མེད་དེ་སྒྲུབ་པར་བྱེད་པ་ཉིད་ཐབས་ཉིད་ཀྱིས་བསྒྲུབ་བྱ་ཉིད་དུ་འདོད་པའི་ཕུགས་ཡིན་པའི་ཕྱིར་རོ། །འདིར་ཁྱད་པར་དུ་འཕགས་པའི་རྐྱེན་ནི་ཁས་བླངས་པ་ཡང་མ་ཡིན་ནོ། །ཁ་ཅིག་ནི་སྦྱོར་བའི་རྣམ་པར་དབྱེ་བ་ཁས་ལེན་པའི་ཕྱིར་ཏེ། གཞན་དག་གི་ནི་ཁྱད་པར་དུ་
འཕགས་པ་སྤོང་བའི་ཕྱིར་རོ། །འབྱུང་བའི་རྐྱེན་ནམ། གཅིག་གི་ཚིག་ཀྱང་དེར་གཙུག་ལག་ཏུ་འགྱུར་བ་མ་ཡིན་ཏེ། རེ་ལྡེ་དག་ཏུ་བྱེད་པར་འགྱུར་རོ། །རེ་ལྡེ་རྣམས་སུ་བྱེད་པར་འགྱུར་རོ་ཞེས་བྱ་བ་འདོད་པ་ཡིན་པའི་ཕྱིར་རོ། །ཁས་ལེན་པའི་གྲུབ་མཐའ་ཡང་ཡོད་པ་ཉིད་དོ། །དེས་ན་བསྒྲུབ་པར་བྱ་
བ་བསྟན་པ་ནི་དམ་བཅའ་བའོ་ཞེས་བྱ་བ་འདི་ནི་མི་རུང་ངོ་། །འདིར་ཆོས་སམ་ཆོས་ཅན་ནམ་ཚོགས་པ་བསྒྲུབ་བྱ་ཡིན་གྲང་ན། དེ་ལ། ཆོས་བསྒྲུབ་བྱ་ནི་ཆོས་མཐུན་མེད། །ཆོས་ཅན་གཏན་ཚིགས་དོན་མེད་འགྱུར། །གལ་ཏེ་ཆོས་བསྒྲུབ་པར་བྱ་བ་ཡིན་ལ་བསྟན་པ་དམ་བཅའ་བ་ཡིན་ན་ནི་རྟག་པ་ཉིད་
ཅེས་བྱ་བ་དམ་བཅས་པ་ཡིན་པར་འགྱུར་རོ། །དེ་ལ་བསྒྲུབ་པར་བྱ་བ་དང་ཆོས་མཚུངས་པས་དེའི་ཆོས་ཡོད་པའི་དཔེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་དཔེའི་མཚན་ཉིད་འགལ་བར་འགྱུར་ཏེ། གང་གིས་བུམ་པ་ལ་སོགས་དེའི་ཆོས་ཡོད་པར་འགྱུར་བ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་ལ་ནི། སྐྱེ་བ་
དང་ལྡན་པ་ལ་སོགས་པ་དེའི་ཆོས་ཡོད་པ་ཡང་མ་ཡིན་ནོ་ཆོས་ཅན་ཡིན་ན་ནི་གྲུབ་པའི་ཕྱིར་བསྒྲུབ་བྱ་གྲུབ་པ་ནི་གཏན་ཚིགས་སོ་ཞེས་བྱ་བ་མི་འཐད་པར་འགྱུར་རོ། །འོན་ཏེ་གཉིས་ཀ་བསྒྲུབ་བྱ་ཡིན་ན་ཕྱོགས་གཉི་ག་ལ་འགྱུར་བའི་སྐྱོན་ཡོད་དོ། །གལ་ཏེ་ཚོགས་པ་བསྒྲུབ་པར་བྱ་བ་མ་ཡིན་ནམ།
ཚོགས་པ་ནི་གྲུབ་པ་མ་ཡིན་ལ། སྐྱེ་བ་དང་ལྡན་པ་ལ་སོགས་པའི་ཆོས་མ་ཡིན་པ་ཡང་མ་ཡིན་ནོ་ཞེ་ན། འདིར་བཤད་པ། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ན་འང་། །གཉིས་པོ་ཕན་ཚུན་ཁྱད་པར་ཅན། །བསྒྲུབ་བྱ་དེ་ཚེ་གཏན་ཚིགས་དང་། །དཔེ་ཡི་མཚན་ཉིད་མ་གྲུབ་གྱུར། །དཔེ་དང་ཆོས་མཐུན་
เล่ม ๑๗๙ · หน้า 204a
པས་བསྒྲུབ་བྱ་སྒྲུབ་པ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ལ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པའི་དཔེ་ནི་དཔེའོ་ཞེས་བྱ་བ་ནི་དཔེའི་མཚན་ཉིད་དོ། །འདི་ནི་ཚོགས་པ་བསྒྲུབ་པར་བྱ་བ་ཉིད་ཡིན་ན་མི་འབྱོར་པར་འགྱུར་རོ། །འདི་ལྟར་
ཚོགས་པ་ནི་ཚོགས་པ་ཅན་ལས་ཐ་དད་པ་མ་ཡིན་པའི་ཕྱིར་གཉིས་པོ་དེ་ཉིད་བསྒྲུབ་པར་བྱ་བར་འགྱུར་རོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་སྐྱེ་བ་ཅན་ལ་སོགས་པས་ནི། དཔེ་ལ་ཆོས་མཐུན་པ་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་གཏན་ཚིགས་ནི་ཆོས་ཅན་ལ་ཡོད་པར་གཞན་
དག་ལ་མ་གྲུབ་པས་ན་གཏན་ཚིགས་ཀྱི་མཚན་ཉིད་མེད་དོ། །མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་དང་བུམ་པ་ལ་སོགས་པའི་དཔེ་དག་ཆོས་མཐུན་པ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་དཔེའི་མཚན་ཉིད་ཀྱང་མེད་པས་དཔེ་དང་གཏན་ཚིགས་ཀྱི་མཚན་ཉིད་མ་གྲུབ་པོ། །ཚོགས་པ་
ལ་མི་སྲིད་པའི་ཕྱིར་བསྒྲུབ་བྱའི་སྒྲ་ཆོས་ཅན་ལ་འཇུག་པར་འགྱུར་ཏེ། ཚོགས་པ་ལ་འཇུག་པའི་སྒྲ་ནི་ཡན་ལག་རྣམས་ལ་ཡང་འཇུག་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ་ཞེ་ན། དེ་ཡང་མི་རུང་སྟེ། མི་སྲིད་ཕྱིར་ན་བསྒྲུབ་བྱའི་སྒྲ། །གལ་ཏེ་ཆོས་ཅན་ལ་འཇུག་འདོད། །བསྟན་བཅོས་ཅི་བྱ་ཅི་
རིགས་པར། །རང་ཉིད་འཇུག་པར་འགྱུར་བ་ཡིན། །དེའི་ཚེ་མཚན་ཉིད་བརྗོད་པས་ཅི་ཞིག་བྱ་སྟེ། ཅི་ལྟར་ཉེ་བར་བརྗོད་པའི་མཚན་ཉིད་དོན་ལ་མི་སྲིད་པའི་ཕྱིར་གཞན་དུ་བརྗོད་པར་བྱ་བ་དེ་བཞིན་དུ། གཏན་ཚིགས་ལ་སོགས་པའི་རང་བཞིན་ཡང་ཅི་ལྟར་གོ་བར་བྱེད་པར་འགྱུར་བ་གཞན་དུ་
རྟག་པར་འགྱུར་རོ་དེ་བཞིན་དུ་དཔེའི་མཚན་ཉིད་ཀྱང་ཡིན་པས་ན་བསྟན་བཅོས་དོན་མེད་དོ། །གལ་ཏེ་ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི་གཏན་ཚིགས་ཤེས། ཁྱོད་ཀྱང་ཉེ་བར་བཏགས་ནས་ཕྱོགས་ཀྱི་སྒྲ་ཆོས་ཅན་ལ་འཇུག་པར་འདོད་པ་མ་ཡིན་ནམ། དེ་ལྟར་ཡང་ཕྱོགས་ནི་ཆོས་ཅན་ཏེ། ཡན་
ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་ཏེ། འདིར་ཡང་སྐྱོན་དེ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདི་ལྟར། ཤེས་པར་འདོད་པའི་ཁྱད་པར་ཅན། །ཆོས་ཅན་ཕྱོགས་ཀྱི་རང་བཞིན་ཉིད། །གང་ཚེ་དེ་ཆོས་གཏན་ཚིགས་ནི། །ཅི་ལྟར་འདིར་ནི་ཉེར་བཏགས་ཉིད། །བསྒྲུབ་པར་བྱ་བའི་ཆོས་
เล่ม ๑๗๙ · หน้า 204b
ཀྱི་མཚན་ཉིད་ཤེས་པར་འདོད་པ་ཁྱད་པར་ཅན་གྱི་ཆོས་ཀྱི་ཆོས་གང་ཡིན་པ་དེ་ནི། དངོས་སུ་ཕྱོགས་སུ་འཛིན་པ་ཡིན་ལ། དེའི་ཆོས་གཏན་ཚིགས་ཡིན་པ་དེའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་ཚོགས་པ་མ་གྲུབ་པ་ནི་ཅི་ལྟར་དེའི་ཆོས་ཤེས་པར་བྱ་བར་འགྲུབ་ཅེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར།
གལ་ཏེ་ཚོགས་པ་གྲུབ་འགྱུར་ན། །འདི་ནི་ཅི་ལྟར་ཕྱོགས་སུ་འགྱུར། །བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ནི། །ཟན་ཆོས་ཅན་ཙམ་ཉིད་ཕྱོགས། །གང་གི་ཚེ་ཚོགས་པ་གྲུབ་པ་དེའི་ཚེ་ན། འདི་ཤེས་པར་འདོད་པའི་ཁྱད་པར་ཅན་མ་ཡིན་པའི་ཕྱིར། ཕྱོགས་མ་ཡིན་པ་ཉིད་དོ། །དེ་ལྟར་ཡང་། དེ་ལ་ཡང་རང་
ཉིད་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་གྲུབ་ན་ནི་ཇི་ལྟར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན། དེའི་ཕྱིར་ཕྱོགས་ཆོས་ཞེས་བྱ་བའི་དོན་ཅི་ཞེ་ན། བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་ཟ་བའི་ཆོས་ཅན་གྱི་ཆོས་སོ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་ཡང་ཇི་ལྟར་ཚོགས་པ་མ་གྲུབ་
ན། དེའི་ཆོས་མི་འགྲུབ་པར་འགྱུར། འོ་ན་ཇི་ལྟར་ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བཤད་ཅེ་ན། འདི་བརྗོད་པ། ཉེ་བར་བཏགས་པ་རབ་འཇུག་ནི། །རྩོད་པ་སྤོང་བའི་དོན་དུ་ཡིན། །ཆོས་ཅན་ཆོས་ཞེས་བརྗོད་ན་ནི། །མཚན་ཉིད་ཧ་ཅང་ཐལ་བར་འགྱུར། །འདིར་རྩོད་པར་བྱེད་དེ།
ཕྱོགས་ཆོས་ཞེས་བྱ་བ་འདི་ནི་རུང་བ་མ་ཡིན་ཏེ། གཏན་ཚིགས་ཀྱི་རང་གི་ངོ་བོ་སྤྱོད་པའི་དུས་ན། ཕྱོགས་སྲིད་པ་ནི་མ་ཡིན་ནོ། །ས་ཕྱོགས་ལ་སོགས་པའི་ཆོས་ཅན་ཙམ་ལ་གཏན་ཚིགས་མཐོང་ནས་ཁྱབ་པ་དྲན་པ་ནི། ཕྱིས་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་ལ་སོགས་པའི་བློར་འགྱུར་རོ། །
སྔར་ནི་བློ་དེ་མེད་པའི་ཕྱིར་ཆོས་ཅན་ཙམ་རྟོགས་པས་ལུས་པར་འགྱུར་བ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟའོ་ཞེ་ན་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །ཐེ་ཚོམ་ཟ་བ་ལ་གཏན་ཚིགས་འཇུག་པ་མ་ཡིན་ནམ། ཅི་ལྟར་ངེས་པ་མེད་ཅེ་ན། མ་ཡིན་ཏེ་གྲུབ་པ་དང་གསལ་བ་ཙམ་བཟློག་
པར་འདོད་པའི་ཕྱིར་རོ། །ངེས་པ་དང་གསལ་བ་ལ་ནི་གཏན་ཚིགས་འཇུག་པ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་དང་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་གྱི་ཆོས་ཞེས་བྱ་བ་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེའོ། །འདི་བརྗོད་པ་ཆོས་ཅན་གྱི་ཆོས་ཞེས་སྨོས་ན། དཔེའི་ཆོས་ཅན་གྱི་ཆོས་ཀྱང་
เล่ม ๑๗๙ · หน้า 205a
གཏན་ཚིགས་ཉིད་དུ་འགྱུར་བས་མིག་གིས་གཟུང་བ་ཉིད་ཀྱང་གཏན་ཚིགས་སུ་འགྱུར་རོ། །དེས་ན་ས་ཕྱོགས་སུ་འགྱུར་བའི་ཆོས་ཅན་གཟུང་བར་བྱ་བའི་ཕྱིར་ཕྱོགས་སྨོས་སོ། །ཇི་ལྟར་ཆོས་ཅན་ཉིད་ཕྱོགས་སུ་འགྱུར་ཞེ་ན། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་
བཤད་དོ། །གལ་ཏེ་གཏན་ཚིགས་འཛིན་པའི་དུས་ན། ཚོགས་པ་བློ་ལ་གནས་པ་མ་ཡིན་པ་དེ་ལྟ་ན་ཡང་ཕྱིས་འགྱུར་བ་ཡིན་ནོ། །གལ་ཏེ་ཕྱིས་འགྱུར་བ་དེ་དང་པོ་ཅི་ལྟ་ཡོད་ཅེ་ན། དེ་ཉིད་ཀྱི་ཕྱིར་ཉེ་བར་བཏགས་པ་ཡིན་ཏེ། གཞན་དུ་ན་དངོས་ཉིད་དོ། །ཉེ་བར་བཏགས་པ་ནི་བློས་སྒྲོ་བཏགས་པའོ། །
ཅི་ལྟར་མེད་པ་ལ་བློར་འགྱུར་ཞེ་ན། ཅི་ཡིད་ལ་བསམས་པ་ལ་ཡང་དབུལ་པོར་འགྱུར་རམ། སྣལ་མ་འདི་དག་གིས་རས་ཡུག་ཆེན་བཏགས་སོ་ཞེས་བྱ་བ་ནི་མཐོང་བ་མ་ཡིན་ནོ། །དེ་ལ་གལ་ཏེ་རས་ཡུག་ཆེན་ཡིན་ན་བཏག་པར་བྱ་བ་མ་ཡིན་ལ། གལ་ཏེ་བཏག་པར་བྱ་བ་ཡིན་ན་རས་ཡུག་ཆེན་མ་
ཡིན་ཏེ། རས་ཡུག་ཆེན་ཡང་ཡིན་ལ་བཏག་པར་བྱ་བ་ཡང་ཡིན་ནོ་ཞེས་བྱ་བ་ནི་འགལ་ལོ། །དེ་ལ་སྨྲ་བ་པོའི་བསམ་པ་ནི་འདི་ཡིན་ཏེ་རས་ཡུག་ཆེན་དུ་འགྱུར་བ་འདི་བཏག་པར་བྱའོ་ཞེས་བྱ་བའོ། །འདི་ལ་ཡང་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། སྣལ་མ་ཞེས་བརྗོད་ན་རས་ཆེན་དང་། ཡུག་
ཕྲན་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །དེའི་ཕྱིར་དེ་སྐད་སྨོས་པ་ནི་གཞན་བཟློག་པའི་དོན་དུ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་བསྒྲུབ་བྱ་གྲུབ་པར་འགྱུར་བས་ཕྱོགས་སུ་འགྱུར་བ་གང་ཡིན་པ་དེའི་ཆོས་ཡིན་པའི་ཕྱིར། དཔེའི་ཆོས་ཅན་གྱི་ཆོས་ཐལ་བ་ཡང་མེད་དོ། །དེས་ན་བསྒྲུབ་
པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་ཆོས་ཅན་གྱི་ཆོས་བྱ་བའི་དོན་ཡིན་ནོ། །འོ་ན་ཅི་ལྟར་དེའི་ཆ་ནི་བསམ་པའི་དབང་གིས་དེའི་ཆོས་ཡིན་གྱི། དེའི་ཕྱོགས་གཅིག་ནི་མ་ཡིན་ཏེ། ཕྱོགས་ཞེས་བྱ་བའི་སྒྲ་སྤྱི་ལ་མི་བྱ་བའི་ཕྱིར་རོ་ཞེས་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ། གཞན་གྱི་ཉེས་པ་གཞན་དག་ལ། །
ཅི་ལྟ་བུར་ན་སྐུད་པར་བྱེད། །འདི་དག་ཐམས་ཅད་མ་རུངས་པའི། །བདག་ཉིད་འཆད་པ་པོ་ཡི་སྐྱོན། །གཞན་གྱིས་ཀར་ཀ་ཏི་ཀ་ཟོས་པས་གཞན་གྱི་སྣ་གཅོད་པར་བྱེད་པ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཚོགས་པ་ནི་ཕྱོགས་ཡིན་ནོ། །དེ་ལ་གལ་ཏེ་དེའི་ཆས་ཁྱབ་པ་ཞེས་བྱ་བའི་
เล่ม ๑๗๙ · หน้า 205b
ཕྱིར་བཤད་ན་ནི་དེའི་ཚེ་ཆོས་ཅན་ཡང་དེའི་ཆ་ཉིད་པས་དེ་ཁྱབ་པ་ཡིན་པར་འགྱུར་བའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པ་མཚོན་པར་མི་འགྱུར་རོ། །དེས་ན་དེའི་ཆ་ནི་དེའི་ཆོས་ཡིན་གྱི་ཞེས་སྨོས་སོ། །ཆའི་སྒྲ་སྤྱིར་རྗོད་པར་བྱེད་པ་ཡིན་ཡང་། སྨྲ་བ་པོའི་བསམ་པའི་དབང་གིས་ཆོས་ཉིད་
ཆ་ཡིན་པར་གཟུང་སྟེ། ཕྱོགས་ཀྱི་ཆོས་ནི་གཞན་ཆོས་ཅན་གྱི་ཁྱབ་པར་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱོགས་གཅིག་ནི་མ་ཡིན་ཏེ་ཞེས་བྱ་བ་འདིའི་དོན་ནི། ཕྱོགས་གཅིག་ཙམ་ནི་མ་ཡིན་ཏེ་ཕྱོགས་ཀྱི་སྒྲ་སྤྱི་བརྗོད་པ་མ་ཡིན་པའི་ཕྱིར་རོ། །ཕྱོགས་ཀྱི་སྒྲས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་
བའི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པ་ཡིན་ནོ། །དེས་ན་ཕྱོགས་ཀྱི་སྒྲ་ནི་སྤྱི་རྗོད་པར་བྱེད་པ་མ་ཡིན་ནོ། །སྤྱིའི་དོན་རྟོགས་པ་ནི་ཤུགས་ཀྱིས་ཡིན་ནོ། །ཆོས་ཅན་དེའི་ཆ་ནི་ཤུགས་ཀྱིས་དེའི་ཆོས་ཉིད་དོ། །དེ་ཉིད་ནི་དེའི་ཆོས་མ་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་སྒྲས་གཙོ་བོར་མཚུངས་པའི་ཆ་
ཤས་ཀྱི་དངོས་པོ་སྤྱི་བརྗོད་པ་ཡིན་ན་དེའི་ཚེ་དེའི་ཆས་ཁྱབ་པ་ཞེས་བྱ་བ་ཆོས་ཅན་གྱི་མཚན་ཉིད་ཀྱི་ཆས་ཁྱབ་པ་ཞེས་བྱ་བར་ཡང་འགྱུར་རོ། །དེ་ལྟར་ནི་འདོད་པ་ཅན་མ་ཡིན་ཏེ། དེས་ན་དེ་ལྟར་འཆད་པ་ཡིན་ནོ། །དེའི་ཕྱིར་དེས་ནི་འགར་ཡང་མི་སྲིད་པའི་ཕྱིར་གཞན་དུ་འགྱུར་བའི་སྒྲ་གཞན་
བརྟགས་པ་མེད་དོ། །གཞན་ཡང་འདི་ནི་བརྗོད་པ་འདོད་པ་རྗེས་སུ་གནང་བ་ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ནོ། །རང་གི་ཕྱོགས་ཀྱི་ཉེས་པ་མ་སྤངས་པར་གཞན་གྱི་ཕྱོགས་ཀྱི་སྐྱོན་བརྗོད་པ་ནི། འདོད་པའི་རྗེས་སུ་སྣང་བའོ། །ཡང་ནི་ངེད་ལ་ནི་དགོས་པ་ཡོད་པ་ཡིན་ཏེ། ཉེ་བར་
བཏགས་སུ་རུང་བའི་ཆོས་ཅན་ཡིན་པར་གཟུང་བའོ། །ཁྱེད་ལ་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཉེ་བར་བཏགས་པར་མི་རིགས་སོ། །དངོས་སྲིད་གཞན་དུ་ཉེ་བར་བཏགས་པར་རྟོགས་པ་ནི་མ་ཡིན་ནོ། །གཞན་ཡང་བསྒྲུབ་པར་བྱ་བ་བསྟན་པ་ནི་ཕྱོགས་སོ་ཞེས་བྱ་བ་འདིར་སྔར་ངེས་པར་གཟུང་
བར་འགྱུར་རམ། འོན་ཏེ་ཕྱིས་ངེས་པར་གཟུང་། བསྒྲུབ་པར་བྱ་བ་བསྟན་པ་ཉིད་དམ་བཅའ་བ་ཡིན་གྱི་སྒྲུབ་པར་བྱེད་པ་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར། དེ་ལ། དེ་སྔར་ངེས་
เล่ม ๑๗๙ · หน้า 206a
གཟུང་དོན་མེད་འདིར། །ཕྱི་ངེས་བཟུང་ན་མི་འདོང་འགྱུར། །གང་གལ་ཏེ་སྔར་ངེས་པར་བཟུང་ན་ནི་དོན་མེད་པར་འགྱུར་ཏེ། དེས་བཟློག་པར་བྱ་བ་གཏན་ཚིགས་བསྟན་པ་དམ་བཅའ་བ་ཉིད་ཡིན་པ་ནི་ཁྱད་པར་སྒྲུབ་པར་བྱེད་པ་གཏན་ཚིགས་ཀྱི་མཚན་ཉིད་དང་དཔེའི་མཚན་
ཉིད་ཀྱིས་བཀག་པའི་ཕྱིར་ཏེ། དམིགས་ཀྱིས་གཟུང་བའི་ཡུལ་བསྡོམ་སྟེ། སྤྱིར་བཏང་བ་འཇུག་པའི་ཕྱིར་རོ། །ཕྱིས་ངེས་པར་འཛིན་ན་ནི། བསྒྲུབ་པར་བྱ་བའི་གཏན་ཚིགས་དང་། དཔེ་བསྟན་པ་ཡང་དམ་བཅའ་བ་ཉིད་དུ་འགྱུར་བས་མི་འདོད་པར་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བ་ཉིད་
བསྟན་པ་དམ་བཅའ་བ་ཡིན་གྱི། གྲུབ་པ་བསྟན་པ་ནི་མ་ཡིན་ནོ་ཞེས་པར་བཟུང་ན་སྐྱོན་ཅི་ཡོད། དེ་ནི་སྒྲུབ་པར་བྱེད་པ་ལ་སོགས་པ་དག་གིས་འཕངས་པ་མ་ཡིན་ནོ་ཞེ་ན། དེ་ལ་འདི་སྐད་བརྗོད་དེ། སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། །སྒྲུབ་པར་བྱེད་པ་
ཐམས་ཅད་ནི་མ་གྲུབ་པ་སྒྲུབ་པར་བྱེད་པའི་ཕྱིར་ཉེ་བར་ལེན་པ་ཡིན་ནོ། །གྲུབ་ན་སྒྲུབ་པར་བྱེད་པས་ཅི་ཞིག་བྱ་དེས་ན་སྒྲུབ་པར་བྱེད་པའི་མཚན་ཉིད་བཤད་པའི་ཤུགས་ཉིད་ཀྱིས་མ་གྲུབ་པའི་དོན་བསྒྲུབ་པར་བྱ་བ་རྟོགས་པ་ཉིད་ལས་གྲུབ་པ་ལ་ཐལ་བར་མི་འགྱུར་བའི་ཕྱིར་ཏེ། བཟློག་པའི་དོན་དུ་ནི་
ངེས་པར་བཟུང་བ་མ་ཡིན་ནོ། །གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །སྒྲུབ་པར་བྱེད་པ་དོགས་པའང་མེད། །འདི་སྙམ་དུ་བསྒྲུབ་བྱ་ཉིད་དུ་བསྟན་པ་དམ་བཅའ་བ་ཞེས་སྔར་ངེས་པར་གཟུང་བས་ན། སྒྲའི་བྱ་བ་ལ་ལྟོས་ཏེ་མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་གསལ་བའི་
དོན་ཡིན་ཏེ། སྒྲུབ་པར་བྱེད་པས་ནི་དེར་ནུས་པ་མ་ཡིན་ནོ་སྙམ་ན་འདི་ལ་བཤད་པ། གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་ཁྱབ་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ལ་ནི་དགོས་པ་མ་ཡིན་ནོ། །ཅི་ལྟར་སྒྲའི་བྱེད་པ་ལ་ལྟོས་ཏེ་མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་བསྒྲུབ་
པར་བྱ་བ་ཉིད་ཁོ་ནར་བསྟན་པ་ཞེས་བྱ་བས་སྤངས་པ་དེ་བཞིན་དུ་དཔེ་བརྗོད་པའི་ཤུགས་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱིས། བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཚུལ་གྱིས་ཡིན་ལ་
เล่ม ๑๗๙ · หน้า 206b
དཔེ་ཡང་དེ་བཞིན་ནོ་ཞེས་བཤད་པར་ནུས་པའི་ཕྱིར་ན་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །སྔར་ངེས་བཟུང་ན་དེ་ཡིས་ནི། །དམ་བཅའི་མཚན་ཉིད་བརྗོད་དོན་མེད། །དེ་ཕྱིར་ཤུགས་ཀྱིས་དེ་རྗོད་པ། །ཁྱབ་པའི་འབྲས་ཅན་ཡིན་པར་རྟོགས། །སྔར་ངེས་པར་བཟུང་
ན་དོན་མེད་པར་འགྱུར་བས་ན། འོས་མེད་པར་ཕྱི་མར་ངེས་པར་གཟུང་བ་ཡིན་ལ་དེ་ཡང་ཁྱབ་པའི་འབྲས་བུ་ཅན་ཡིན་ནོ། །འདི་ལྟར་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཁོ་ནའོ་ཞེས་བྱ་བས་གལ་ཏེ་མཚན་ཉིད་གཞན་གྱིས་ཁྱབ་པ་ཉིད་ཡིན་པ་དེ་ལྟ་ན་ཡང་། དམ་བཅའ་བ་ཁོ་ན་
ཡིན་གྱི་དམ་བཅའ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་མ་འབྲེལ་པ་རྣམ་པར་གཅོད་པ་དག་གིས་འབྲས་བུར་འགྱུར་བའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་དག་གི་དོན་དུ་འགྱུར་ཏེ། གཞན་དུ་དོན་མེད་དོ། །གལ་ཏེ་རང་ཉིད་ཀྱིས་བརྗོད་པ་མ་ཡིན་ནམ། དེ་ལྟར་
ཡང་། དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཞེས་བྱ་བ་ལ་གཞན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ལ་སོགས་པས་ཁྱབ་པས་ལན་བཏབ་པ་ན། སྔར་མ་གྲུབ་པའི་རང་བཞིན་ཕྱིར། །ཞེས་བྱ་བ་དང་། དེ་བཞིན་དུ། ཐམས་ཅད་རྣམ་འགས་མ་གྲུབ་ཕྱིར། །
ཞེས་བྱ་བ་ལ་སོགས་པས་ལན་དུ་བརྗོད་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་ནི་མེད་དེ། འདིས་ནི་ཕན་ཚུན་འགལ་བ་ཡིན། །དེ་ལྟར་ཐལ་བར་འགྱུར་བ་ཉིད། །དེ་བྱེད་རང་གི་འདོད་པ་ནི། །རབ་ཏུ་སྒྲུབ་པར་བྱེད་མ་ཡིན། །འདི་ནི་ཕན་ཚུན་འགལ་བ་སྟོན་པ་ཙམ་དུ་ཟད་ཀྱི། གཏན་ཚིགས་
འདིས་བསྒྲུབ་པར་བྱ་བའི་དོན་བསྒྲུབ་པ་ནི་མ་ཡིན་ནོ། །ཕན་ཚུན་འགལ་བ་ཙམ་ནི་འདོད་པ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་ཕྱིས་ངེས་པར་གཟུང་བ་ཉིད་དོ། །དེ་ལྟ་ཡིན་དང་མ་འབྲེལ་པའི་རྣམ་པར་བཅད་པའི་ཕྱིར་ཇི་སྙེད་དམ་བཅའ་བ་ཉིད་དུ་མི་འགྱུར་བ་དེ་ཐམས་ཅད་སེལ་བར་བྱེད་པ་
ཡིན་ཏེ། དམ་བཅའ་བ་ཁོ་ནའི་དམ་བཅའ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་ཉིད་ཀྱིས་དམ་བཅའ་བ་མ་ཡིན་པ་དེ་ཡང་སེལ་ཏོ། །རེ་ཞིག་ཕྱོགས་ཀྱི་མཚན་ཉིད་གསལ་བ་ཡིན་ནོ། །ད་ནི་ཕྱོགས་ལྟར་སྣང་བའི་མཚན་ཉིད་གསལ་བའི་ཕྱིར་བཤད་པ། གཏན་ཚིགས་དམ་བཅའ་
เล่ม ๑๗๙ · หน้า 207a
འགལ་བ་ནི། །དམ་བཅའི་སྐྱོན་ཞེས་པ་རུ་མིན། །དེ་ཉིད་དཔེ་ཉིད་མ་སྦྱངས་དག །ཆོས་མི་མཐུན་པས་བརྗོད་པ་ཡིན། །གང་དག་ཇི་སྐད་དུ་དམ་བཅའ་བ་དང་། གཏན་ཚིགས་དང་འགལ་བ་ནི་དམ་བཅའ་བ་འགལ་བ་སྟེ། དཔེར་ན་སྒྲ་རྟག་སྟེ་ཐམས་ཅད་མི་རྟག་
པའི་ཕྱིར་རོ་ཞེས་བྱ་བ་བཞིན་ཏེ། སྒྲ་རྟག་པ་ཞེས་བྱ་བ་ནི་དམ་བཅའ་བའོ། །ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གལ་ཏེ་ཐམས་ཅད་མི་རྟག་པ་ཡིན་ན་སྒྲ་རྟག་པར་ཅི་ལྟར་འགྱུར། སྒྲ་མེད་ན་ནི་ཐམས་ཅད་དུ་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་སྒྲ་ཡང་མི་རྟག་ན་
དེ་ལྟར་སྒྲ་རྟག་པ་ཡིན་ཞེས་བྱ་བ་སྨྲས་པ། དེ་ལ་སྨྲས་པ་འདི་ནི་དམ་བཅའ་བའི་སྐྱོན་མ་ཡིན་ཏེ། འདི་ལྟར། འགལ་བ་འདོད་དང་འབྲེལ་མེད་དེ། །ཕན་མེད་ལྷན་ཅིག་གནས་པ་མིན། །དེ་ལྟ་ན་ནི་རྟགས་ཀྱི་སྐྱོན། །ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར། །དམ་བཅའ་བ་དང་གཏན་
ཚིགས་དག་འགལ་བ་ཡིན་ན་འགལ་བ་ཞེས་བྱ་བའི་དམ་བཅའི་སྐྱོན་དུ་འགྱུར་རོ། །འགལ་བ་དེ་ཡང་འདོད་པ་དང་མ་འབྲེལ་བ་ཡིན་ནོ། །འདོད་པ་དང་མ་འབྲེལ་པ་དེ་ཡང་ཕན་པ་མེད་པ་དང་། ལྷན་ཅིག་ཏུ་ཡང་གནས་པ་མ་ཡིན་ནོ། །གལ་ཏེ་གཏན་ཚིགས་སྐྱོན་དང་ལྡན་པའི་ཕྱིར་དོན་
དེ་ལ་ཕན་འདོགས་པ་མ་ཡིན་པ་དེ་ཙམ་གྱིས་བསྒྲུབ་པར་བྱ་བ་དང་། འགལ་བ་ནི་དེའི་ཚེ་རྟགས་ཀྱི་སྐྱོན་ཐམས་ཅད་དམ་བཅའ་བའི་སྐྱོན་དུ་ཐལ་བ་ཉིད་ན་འགྱུར་བ་ཡང་མ་ཡིན་ཏེ། གང་གི་ཕྱིར། ཕྱོགས་སྐྱོན་གཞན་ལ་ལྟོས་པ་ནི། །མ་ཡིན་ཞེས་ཀྱང་བསྟན་ཟིན་ཏོ། །གལ་ཏེ་གཞན་
ཡང་ལྟོས་པ་ཡང་ཕྱོགས་ཀྱི་ཉེས་པ་ཡིན་ན་དེའི་ཚེ་འགའ་ཡང་སྒྲུབ་པར་བྱེད་པའི་སྐྱོན་ཉིད་ཡིན་པར་མི་འགྱུར་ཏེ། དམ་བཅའི་དོན་ལ་གནོད་པས་དམ་བཅའ་བའི་སྐྱོན་གྱི་ནང་དུ་འདུས་པའི་ཕྱིར། སྒྲུབ་པར་བྱེད་པའི་སྐྱོན་རྣམས་ལོགས་སུ་མི་སྨོས་པ་ཉིད་དུ་འགྱུར་རོ། །སེམས་རྨོངས་
པ་མེད་པས་སུ་ཞིག་གཅིག་གི་ནང་དུ་འདུས་བཞིན་དུ་ལོགས་ཤིག་ཏུ་བརྗོད། དེའི་ཕྱིར་འདི་ལྟ་བུ་ནི་ཕྱོགས་ཀྱི་ཉེས་པ་མ་ཡིན་ནོ། །འོན་ཏེ་ལྷན་ཅིག་མི་གནས་པའི་རང་བཞིན་གྱིས་འགལ་བ་ཡིན་ན་དེའི་ཚེ། འདོད་ལ་མེད་ན་འང་མ་གྲུབ་ཡིན། གལ་ཏེ་གཏན་ཚིགས་འདོད་པའི་ཕྱོགས་ལ་
เล่ม ๑๗๙ · หน้า 207b
མེད་ན་དེའི་ཚེ་མ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་པ་ཉིད་ཀྱིས་དེ་བཟློག་པར་འགྱུར་གྱི་དམ་བཅའ་བའི་ཉེས་པ་ནི་མ་ཡིན་ནོ། །ཅི་སྟེ་དེས་དམ་བཅའ་བའི་དོན་ཟློག་པར་བྱེད་པ་དེ་ལྟ་ཡིན་ན། ཚད་མ་གང་གིས་དེ་བསྒྲུབ་པ་ཚད་མ་དེས་དམ་བཅས་པ་གསལ་བའི་སྐྱོན་དུ་འགྱུར་གྱིས། འགལ་བ་ཞེས་བྱ་
བ་ནི་མ་ཡིན་ནོ། །མི་རྟག་གཏན་ཚིགས་དང་ལྡན་པས། །སྒྲ་ལ་དེ་ལྟར་རྗོད་བྱེད་ན། །དེ་ལྟར་དེ་ནི་བཟློག་པར་འགྱུར། །གལ་ཏེ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་དང་ལྡན་ན་ནི། སྒྲ་ལ་དེ་ལྟར་རབ་ཏུ་བརྗོད་པ་ཡིན་ན། གང་གི་ཕྱིར་འདི་ལ་དཔེ་བསྟན་པ་ཉིད་ལས། དོན་གཞན་ཅི་ཞིག་མཐོང་བ་
ཡོད། །འདི་གཏན་ཚིགས་བསྟན་པ་ནི་འོན་ཀྱང་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བ་འདིར་ཡང་འདི་སྐད་དུ་སྒྲ་ནི་རྟག་སྟེ། མི་རྟག་པ་ནི་ཐམས་ཅད་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །མ་སྦྱངས་པའི་ཕྱིར་དེ་སྐད་ནི་མ་བརྗོད་དོ། །དེ་
ལྟར་ཡང་། དེ་ནི་དཔེ་ཉིད་མ་སྦྱངས་དག །ཆོས་མི་མཐུན་པས་བརྗོད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །འདི་ལ་ནི་དཔེ་བཤད་པ་ལས་གཞན་ནི་མཐོང་བ་མེད་དོ། །དེ་གཉི་ག་ལས་ཤེ་ན། འདི་ལྟར་གལ་ཏེ་སྒྲ་ཉིད་ལ་མི་རྟག་པ་ཉིད་སྟོན་པ་ཡིན་ན། དེ་ལྟ་ན་འདི་གཏན་ཚིགས་སུ་འགྱུར་བ་
ཡིན་ན་དེ་ལྟར་ནི་མི་འཐད་དེ། འདི་ལྟར། ཁྱད་པར་ལ་ནི་གཞན་བརྗོད་ནས། །སྤྱི་ནི་རྗེས་སུ་འཇུག་པས་ན། །དེ་ཁྱབ་མ་ཡིན་སྤྱི་རྗེས་སུ། །འཇུག་ལ་འབྲས་བུའང་ཅི་ཞིག་ཡོད། །སྦྱོར་བ་ཐམས་ཅད་ནི་སྒྲ་ལས་བྱུང་བའི་རིགས་པའི་རྗེས་སུ་འབྲང་བས་རྟོགས་པ་ཡིན་ནོ། །སྒྲ་ལས་བྱུང་
བའི་རིགས་པ་ཡང་སྒྲུབ་པ་དང་དགག་པ་དང་ངེས་པའོ། །བསྒྲུབ་པ་ཡང་གནོད་པར་བྱ་བ་དང་གནོད་པར་བྱེད་པའོ། །ངེས་པ་ཡང་དེ་བཞིན་ནོ། །དེ་ལ་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་དངོས་པོ་ནི་སྤྱི་དང་ཁྱད་པར་བསྒྲུབ་པ་དག་གོ། །དེ་ལྟར་རེས་འགའ་ནི་སྔར་གནོད་པར་བྱ་བ་
ཡིན་ལ། རེས་འགའ་ནི་གནོད་པར་བྱེད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཁྱད་པར་ནི་གནོད་པར་བྱེད་པ་ཡིན་ལ། སྤྱི་ནི་གནོད་པར་བྱ་བ་ཡིན་ནོ་ཞེས་གནས་ཏེ། ཐ་སྙད་ནི་དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་ལ་ཡང་སྒྲ་རྟག་པ་ཡིན་ནོ་ཞེས་བྱ་བར་སྒྲ་ལ་རྟག་པ་ཉིད་ཀྱི་ཁྱད་པར་གཞན་བསྒྲུབས་
เล่ม ๑๗๙ · หน้า 208a
པ་ཡིན་ལ། མི་རྟག་པ་ཉིད་ནི་སྤྱིའི་ཆོས་ཅན་ལ་བསྒྲུབས་པའི་ཕྱིར། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་འཐད་པ་ཡིན་ནོ། །ཇི་ལྟར་ཡང་ཀཽཎྜི་ནྱ་ལ་དར་བ་བྱིན་ལ། བྲམ་ཟེ་ཐམས་ཅད་ལ་ཞོ་བྱིན་ཅིག་ཅེས་ཞོ་སྦྱིན་པ་སྤྱིར་འཇུག་པ་དང་དར་བ་སྦྱིན་
པ་ཁྱད་པར་དུ་བསྒྲུབས་པས་གནོད་པ་བཞིན་ཏེ། དམིགས་ཀྱིས་བསལ་བའི་ཡུལ་བཞག་སྟེ། སྤྱིར་བཏང་བ་ནི་འཇུག་པ་ཡིན་ཞེས་སོ། །དེའི་ཕྱིར་སྤྱི་རྗེས་སུ་འཇུག་པ་ཁྱད་པར་དེ་ཁྱབ་པ་མ་ཡིན་ནོ། །སྤྱི་རྗེས་སུ་འཇུག་པ་ལ་ནི། འབྲས་བུ་ཡང་ཡོད་པ་མ་ཡིན་ནོ། །འདི་ནི་
ཚིག་གི་ཤུགས་ཀྱིས་ཡིན་ཏེ། ཚིག་ནི་སྐབས་དང་བཅས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་འདི་འདོད་པ་ཡིན་ན་ནི། དེའི་ཚེ་སྒྲ་ནི་རྟག་སྟེ། མི་རྟག་པའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ། །གཞན་དུ་དོན་དུ་མ་བྱས་པའི་ཁྱད་པར་དག་གི་ནི་ཡུལ་གཅིག་ལ་འཇུག་པ་ཡང་ཡིན་ནོ། །དེ་
ལྟར་ཡིན་དང་འགལ་བར་ཡང་འགྱུར་རོ། །རྨོངས་པའི་ཕྱིར་དེ་ལྟར་ཡང་འགྱུར་རོ་ཞེ་ན། དེ་ལྟ་བུ་ནི་འགའ་ཡང་མི་སྲིད་དེ། དེ་ཉིད་དུ་རྟག་པ་ཉིད་བསྒྲུབས་ནས་དེ་ཉིད་ཀྱི་ཚེ་ཡང་མི་རྟག་པ་ཉིད་དུ་བརྗོད་པའི་རྨོངས་པ་ནི་མི་སྲིད་དོ། །གང་ལ་ངག་བྱང་བ་ཙམ་ཡང་མེད་པ་དེ་ནི་རྩོད་པ་ལ་
དབང་དུ་བྱ་བ་ཡང་མ་ཡིན་ནོ། །འོན་ཏེ་དམ་བཅའ་བ་དང་གཏན་ཚིགས་འགལ་བའི་དཔེ་འགའ་ཞིག་ཇི་ལྟར་རུང་བའང་བརྟག་པར་བྱ་བ་ཡིན་ཏེ། བརྒྱ་ལ་འགའ་ཞིག་འདི་སྐད་བརྗོད་ན། དེའི་ཚེ་དམ་བཅའ་བ་དང་། གཏན་ཚིགས་འགལ་བའི་ཕྱིར། དམ་བཅའ་འགལ་བའི་སྐྱོན་ཡིན་ནོ་ཞེ་
ན། དེའི་ཚེ་ནི་འདོད་པ་ཉིད་དེ། སྦྱོར་བ་ནི་སྒྲ་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་ནི་ངེས་པའི་ཕྱིར་སྒྲ་ཉིད་དུ་འགྱུར་རོ། །དེས་ན་རྟག་པ་ཉིད་བསལ་བས་སྐྱོན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ། དེའི་ཕྱིར་སྒྲ་ལས་གནས་པ་ཡི། །མི་རྟག་ཉིད་ཀྱིས་སེལ་ཞེས་
གསུངས། །སློབ་དཔོན་གྱིས་གལ་ཏེ་སྒྲ་ལ་གནས་པ་ཡིན་ན། འདིར་གཏན་ཚིགས་ཀྱིས་དམ་བཅའ་བའི་དོན་སེལ་བར་འགྱུར་རོ་ཞེས་གསུངས་སོ། །སྒྲ་ལ་གནས་པ་ཉིད་ཀྱིས་ནི་སེལ་བར་འགྱུར་ཏེ། འགལ་བ་དག་ལྷན་ཅིག་ཏུ་མི་གནས་པ་འདི་ནི་གཞན་དུ་བསྟན་པ་ཡིན་ཏེ། དེས་
เล่ม ๑๗๙ · หน้า 208b
ན་སེལ་བ་མ་ཡིན་ནོ། །དེས་ན་འདི་ནི་ཆོས་མི་མཐུན་པའི་དཔེས་བསྟན་པ་ཙམ་དུ་ཟད་དོ། །དེ་ནི་གཏན་ཚིགས་མེད་པར་འགྱུར་རོ་ཞེ་ན། བཤད་པ། གཏན་ཚིགས་ཉེར་གཏོང་བདག་ཉིད་ལས། །གང་དུ་ལྔ་པས་བསྒྲུབ་བྱ་ཡི། །མི་མཐུན་ཕྱོགས་ལ་མི་འཁྲུལ་པ། །བརྗོད་པ་དེ་ནི་དཔེ་
ཡིན་ཏེ། །གཏན་ཚིགས་ཉེར་གཏོད་བདག་ཉིད་ལས་གང་མི་རྟག་པ་དེ་ནི་ཐམས་ཅད་ཡིན་ལ། སྒྲ་ནི་ཐམས་ཅད་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་རྟོགས་ཤེ་ན་བཤད་པ། ཡུལ་གཞན་ལ་ནི་འགལ་སྨྲ་བས། །སྒྲ་ནི་གཞན་དུ་བརྗོད་པ་ཡིན། །སྤྱི་ནི་ཁྱད་པར་མི་སྤོང་ཕྱིར། །དེ་ཡང་
འཐད་པ་མ་ཡིན་ནོ། །རྟག་པ་ཉིད་དང་འགལ་བ་མི་རྟག་པ་སྒྲ་ལས་གཞན་པའི་ཡུལ་ལ་སྨྲ་བ་ཉིད་ཀྱིས་སྒྲ་གཞན་དུ་སྨྲ་བ་ཡིན་ནོ། །ཐམས་ཅད་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །སྒྲ་ནི་རྟག་པའི་ཕྱིར་དེ་ལས་གཞན་ནོ་ཞེས་ཐམས་ཅད་མ་ཡིན་པ་ཉིད་ནི་འདིའི་གཏན་ཚིགས་ཡིན་ཏེ།
གཞན་ཉིད་དུ་བསྟན་པའི་ཕྱིར་རོ། །གཏན་ཚིགས་གཞན་ཉིད་དེ་ཡང་མ་གྲུབ་སྟེ། སྒྲ་ཡང་ཐམས་ཅད་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ནི། །སྤྱི་ནི་ཁྱད་པར་མི་སྤོང་ཕྱིར། །དེ་ཡང་འཐད་པ་མ་ཡིན་ནོ། །ཁྱད་པར་སྤངས་ན་ནི་སྤྱིའི་བདག་ཉིད་རྙེད་པ་མ་ཡིན་ཏེ། ཁྱད་པར་རྣམས་ཉིད་ཀྱི་
ནང་གི་ཁྱད་པར་སྤངས་པའི་ཡུལ་ལ་ངེས་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་ཀྱི་སྒྲས་ནི་ཚང་བ་བརྗོད་པ་ཡིན་ན་སྒྲ་ནི་ཕྱོགས་གཅིག་ཡིན་པས་ཚང་བ་ཉིད་མ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། དེ་ལྟར་ན་སོ་སོར་བསལ་ན་འགའ་ཡང་ཐམས་ཅད་དུ་མི་འགྱུར་རོ། །ཤིང་ཤ་པ་ཉིད་ནི་ཤིང་མ་ཡིན་
ནོ་ཞེས་ཁྱད་པར་སྤོང་བ་མཐོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། དཔེར་ན་སྐབས་འགར་ཤིང་ཤ་པ། །ཉིད་ནི་ཤིང་མིན་ཞེས་པ་བཞིན། །ཐམས་ཅད་མཉན་པ་གཅིག་ཉིད་ལ། །འཇུག་པ་འགོག་འགྱུར་དེ་ཙམ་གྱིས། །ཐམས་ཅད་མེད་མིན་ཁྱད་པར་ཀུན། །དེ་མིན་ན་དེ་མེད་འགྱུར་ཕྱིར། །འོན་ཏེ་
བརྗོད་པར་འདོད་པས་སྒྲ་གཅིག་པུ་ཉིད་ཐམས་ཅད་མ་ཡིན་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་ཐམས་ཅད་མ་ཡིན་པའི་སྒྲ་སྒྲའི་རྣམ་གྲངས་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གྱིས་ཕྱོགས་གཅིག་ཡིན་པས་མ་གྲུབ་པར་འགྱུར་ཏེ། སྒྲ་མི་རྟག་པ་སྟེ་བཅོམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །
เล่ม ๑๗๙ · หน้า 209a
གལ་ཏེ་སྒྲ་ལ་བཅོམ་ཉིད་ཇི་ལྟར་མ་གྲུབ་རང་གི་ངོ་བོ་མེད་པར་ནི་འགའ་ཡང་ཡོད་པར་འགྱུར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཆོས་ཅན་གྱི་རང་གི་ངོ་བོར་གྲུབ་མོད་ཀྱི། གཏན་ཚིགས་ཉིད་དུ་མ་གྲུབ་པའི་ཕྱིར་མ་གྲུབ་པར་བརྗོད་དོ། །གཏན་ཚིགས་ཉིད་ནི་ཐ་དད་པ་ཡིན་ན་འགྱུར་
གྱི་གཞན་ནི་མ་ཡིན་ནོ། །ག་ལས་ཤེ་ན་ཤེས་བྱ་ཤེས་བྱེད་ནི་གོར་མ་ཆག་པར་ཐ་དད་པར་འགྱུར་བའི་ཕྱིར་རོ། །སྒྲ་ནི་སྒྲས་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་པར་བྱ་བ་མ་གྲུབ་པའི་ཕྱིར་རོ། །མ་གྲུབ་པ་ནི་མ་གྲུབ་པས་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་སྟེ་གྲུབ་པོ་ཞེ་ན། དེ་ལྟ་ན་ཡང་བསྒྲུབ་
པར་བྱ་བ་མ་ཡིན་ཏེ། གྲུབ་པ་ནི་སྒྲུབ་པས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་གཅིག་ཏུ་མི་འདོད་མོད་ཆོས་ཅན་དང་སྒྲུབ་པར་བྱེད་པ་གཅིག་པ་ལ་འགལ་བ་ཡོད་ཅེ་ན། འགལ་བ་ཡོད་དེ་སྒྲ་ཡོད་པའི་ཕྱིར་མི་རྟག་གོ་ཞེས་བརྗོད་ན་ཚོགས་པ་བསྒྲུབ་བྱར་
མི་འགྱུར་རོ། །གལ་ཏེ་ཤུགས་ཀྱིས་སྒྲ་ཉིད་མི་རྟག་པར་འགྱུར་བའི་ཕྱིར་ཚོགས་པ་ཉམས་པ་མེད་དོ། །སྒྲ་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བརྗོད་པས་ན། གཞན་ལ་མི་རྟག་པ་ཉིད་དུ་རྟོགས་པ་འམ། འབའ་ཞིག་རྟོགས་པ་ནི་མ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་དུ་བ་མེ་དང་ལྡན་པར་མི་འགྱུར་
བ་ནི་མ་ཡིན་ནོ་ཞེ་ན། དེ་ལ་ནི་སྤྱི་དང་ཁྱད་པར་གྱི་ངོ་བོས་ཐ་དད་པ་ཡོད་པའི་ཕྱིར་འགྱུར་བ་ཉིད་དོ། །འདིར་ཡང་གལ་ཏེ་སྒྲ་འདི་ནི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་བ་ལང་གི་སྒྲ་གཞན་ནོ་ཞེས་དེ་ལྟར་བྱེད་ན་དེའི་ཚེ་གཏན་ཚིགས་སུ་འགྱུར་བ་ཞིག་ན། འདིར་ནི་སྒྲ་ཐམས་ཅད་ནི་རྟག་སྟེ་སྒྲ་ཡིན་པའི་
ཕྱར་ཞེས་བྱ་བ་སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་པ་ཉིད་དོ། །གལ་ཏེ་སྒྲ་ཆོས་ཅན་ཉིད་སྒྲུབ་པར་བྱེད་པ་ཡིན་ན་ཅི་འགལ། གལ་ཏེ་འབྲེལ་པ་ཡོད་ན་ཅི་ལྟར་སྒྲུབ་བྱེད་མ་ཡིན། ཅི་སྟེ་ཡང་མེད་དོ་ཞེ་ན། དེ་ལྟར་ཡིན་ན་མ་ངེས་པ་ཉིད་ཡིན་ཏེ། དེས་ན་མ་གྲུབ་པ་ཉིད་ཅེས་བྱ་བའི་སྐྱོན་ནི་མེད་དེ། ཐུན་
མོང་མ་ཡིན་པ་ཉིད་ཀྱིས་མ་ངེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཅན་གཏན་ཚིགས་ཡིན་པ་ལ་ནི་མ་ངེས་པ་ཉིད་ཀྱི་སྐྱོན་དུ་འགྱུར་གྱིས། མ་གྲུབ་པ་ཉིད་ནི་མ་ཡིན་ནོ། །འོན་ཏེ་ཡང་བསྟན་པར་བྱ་བ་ཉིད་དང་ལྡན་པར་མ་གྲུབ་པའི་ཕྱིར་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་དེ། འདི་ལྟར་གང་ཞིག་
เล่ม ๑๗๙ · หน้า 209b
ཡང་བསྟན་པར་བྱ་བའི་ཁྱད་པར་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་སྒྲ་མི་རྟག་གོ་ཞེས་སམ། སྒྲ་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བརྗོད་པར་བྱ་བ་ཡིན་གྱི། ཡང་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྒྲ་ནི་མི་རྟག་ཅེས་བརྗོད་ན། །གཏན་ཚིགས་གཞན་ལ་ལྟོས་པར་
འགྱུར། །དེ་སྤང་ཕྱིར་ན་སྒྲ་ཡིན་ཞེས། །བྱ་བ་འདི་ནི་ཡང་བརྗོད་དོ། །སྒྲ་ཡིན་ཕྱིར་ན་འཇོག་གོ་ཞེས། །འདི་ཡང་སྒྲ་ཡི་སྒྲ་སྦྱར་བ། །ཆོས་ཅན་གཞན་ནི་སེལ་བ་ལ། །ནུས་པ་དང་ནི་འབྲེལ་པ་ཡིན། །གལ་ཏེ་སྒྲ་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བརྗོད་ན། ཆོས་ཅན་གཞན་ལ་ལྟོས་པར་འགྱུར་
བས་ན། དེ་བསལ་བའི་ཕྱིར་གཉི་གར་ཉེ་བར་བཀོད་པས་སྐྱོན་མེད་དོ་ཞེ་ན། འདིར་སྨྲས་པ། གལ་ཏེ་སྒྲ་ཉིད་ནུས་ན་ནི། །གཏན་ཚིགས་གཞན་དག་དོན་མེད་ཡིན། །འོན་ཏེ་ནུས་པ་མེད་ཕྱིར་ན། །ཡང་བརྗོད་དེས་ནི་ཅི་ཞིག་བྱ། །དེའི་ཕྱིར་ཡང་བསྟན་པ་ལ་བརྗོད་པར་འདོད་པ་གང་ཡིན་པ་དེ་
འདིར་མེད་པའི་ཕྱིར་ན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་སྐྱོན་འདི་ལ་ཅི་སྟེ་མི་བརྗོད་ཅེ་ན། ཉེས་པ་དེ་ཡང་བསྡུ་བའི་སྒོ་ནས་ཉེས་པ་མེད་པར་བརྗོད་པའི་སྐབས་སུ་འགྱུར་བ་ཉིད་དོ། །ངེས་པར་བརྗོད་པའི་སྐབས་སུ་ནི་ཕམ་ཟིན་པ་ལ་ཕམ་པ་མེད་པའི་ཕྱིར་དང་། བརྒལ་
ཞིང་བརྟགས་ལ་ལྟོས་པའི་ཕྱིར་ན་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཅན་ནི་རང་གི་ཆོས་ཀྱི་སྒྲུབ་བྱེད་དུ་མི་རིགས་པ་ཉིད་དོ། །ནུས་སོ་ཞེ་ན་ནི་རྩོད་པ་མེད་པར་ཐལ་ལ། དེ་ལྟ་ན་ཡང་གཏན་ཚིགས་དོན་མེད་པར་འགྱུར་རོ། །དེས་ན། ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །ཆོས་ཅན་གཏན་ཚིགས་
དངོས་འགྱུར་ན། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཆོས་ཅན་རང་སྒྲུབ་བྱེད་མ་གྲུབ། །ཤེས་བྱ་ཤེས་བྱེད་ནི་ཐ་དད་པར་མཐོང་བས། དེ་མེད་ན་གཏན་ཚིགས་ཉིད་དུ་མི་འགྲུབ་པོ། །གསལ་བ་ཉིད་ཀྱིས་གསལ་བྱེད་དུ་གྱུར་པའི་མར་མེ་ནི། རང་བཞིན་དེ་མ་རྟོགས་ན་རང་གི་དོན་བསྒྲུབ་པར་ནུས་
པ་མ་ཡིན་ནོ། །ཤེས་པར་བྱེད་ན་ནི་ཐ་དད་པ་ཡིན་ན། ཤེས་བྱ་ཤེས་པར་བྱེད་པ་ཡིན་ན་འདིར་ནི་ཆོས་ཅན་གྱི་རང་བཞིན་ལས་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེས་ན་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་པས་མ་གྲུབ་པ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་ལས་ཀྱང་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་པར་
เล่ม ๑๗๙ · หน้า 210a
འགྱུར་རོ་ཞེ་ན་མ་ཡིན་ཏེ། ཐ་དད་ན་རྗེས་སུ་འགྲོ་བ་སེམས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་ཐ་དད་པ་ཉིད་མེད་པའི་ཕྱིར་དེ་ཙམ་གྱིས་ཉེས་པ་དང་ལྡན་པར་འགྱུར་བས་རྗེས་སུ་འགྲོ་བ་སེམས་པའི་བྱ་བས་ཅི་བྱ། དེའི་ཕྱིར་ཆོས་ཅན་ནི་རང་གི་སྒྲུབ་བྱེད་དུ་མ་གྲུབ་པོ། །
གལ་ཏེ་མར་མེ་ལ་སོགས་པ་རང་གི་སྒྲུབ་པར་བྱེད་པ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། གྲུབ་པ་ནི་བདེན་ཏེ། ལྐོག་ཏུ་མ་གྱུར་པས་སྒྲུབ་པ་ནི་མ་ཡིན་པ་དེས་ན་མི་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ། །མར་མེ་མཐོང་བ་ན་ནི་རང་གི་ངོ་བོ་ལ་རྩོད་པ་མེད་དོ། །འདིར་ནི་སྒྲ་མཐོང་ཡང་མི་རྟག་པ་
ཉིད་ལ་རྩོད་པ་ཡོད་པ་ཉིད་དོ། །གལ་ཏེ་རྩོད་པ་མེད་ན་ནི་སྒྲ་ཉིད་བཞིན་དུ་མངོན་སུམ་དུ་གྲུབ་པ་ཁོ་ནར་འགྱུར་རོ། །དངོས་པོ་ཀུན་ལ་ཆོས་དང་ནི། །ཆོས་ཅན་རྣམ་དབྱེ་མེད་པའི་ཕྱིར། །ཀུན་ལ་ཉེས་མཚུངས་ཤེ་ན་མིན། །ཀུན་རྫོབ་ཏུ་ཁྱད་ཡོད་ཕྱིར་རོ། །གལ་ཏེ་བྱས་པ་ཉིད་དང་སྒྲ་
ཉིད་ཀྱང་མར་མེ་བཞིན་དུ་མངོན་སུམ་དུ་འགྲུབ་པ་མ་ཡིན་ནམ། ཅི་སྟེ་ཆོས་ཀྱི་དབྱེ་བ་རྟག་པས་བསྒྲུབ་བྱ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཐ་དད་པ་ཡིན་ན། དེ་ནི་མར་མེ་ལ་ཡང་མཚུངས་ཏེ། དེ་ལ་ཡང་མར་མེའི་རང་བཞིན་ཞེས་རྟོགས་པ་ཐ་དད་པ་ཡོད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ།
ཀུན་རྫོབ་ཏུ་ཐ་དད་པའི་ཕྱིར་རོ། །མར་མེའི་རང་བཞིན་ཞེས་བྱ་བ་འདིར་ཡང་ཇི་ལྟར་ཐ་དད་པར་བརྟགས་པ་དེ་བཞིན་དུ་བསྒྲུབ་བྱ་སྒྲུབ་བྱེད་དུ་འགྱུར་བ་ནི་མ་ཡིན་ནོ། །བྱེད་པ་དང་བཅས་པ་དང་བྱེད་པ་མེད་པའི་གནས་སྐབས་ལ་ནི་མར་མེའི་ཐ་སྙད་ཡིན་ལ་རང་བཞིན་ཞེས་བྱ་བ་ནི་རང་བཞིན་
ཙམ་ལ་ཡིན་ནོ། །དེ་ལ་རང་བཞིན་ནི་དོན་བྱ་བ་བྱེད་པ་ལས་ཡིན་ཏེ། རང་བཞིན་གྱིས་དོན་བྱེད་པའི་ཕྱིར་རོ། །མེར་མ་ནི་ཆོས་ཅན་ནོ། །བྱེད་པ་མེད་པ་ནི་རང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་བྱ་བ་མེད་པས་བྱེད་པ་མེད་པ་ཡིན་ནོ་ཞེས་ནི་མི་རིགས་ཏེ། ཧ་ཅང་ཐལ་
བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་བརྗོད་པས་ནི་དོན་འགའ་ཡང་འགྲུབ་པ་མ་ཡིན་ནོ། །ཐ་དད་པར་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་སྤྱི་དང་ཁྱད་པར་གྱི་དངོས་པོས་ཀྱང་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་གྱི་ངོ་བོ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །བྱས་པ་དང་མི་
เล่ม ๑๗๙ · หน้า 210b
རྟག་པ་དང་། སྒྲ་རྣམས་ནི་ལྡོག་པས་བྱས་པའི་ཐ་དད་པ་ཡོད་པ་ཉིད་དོ། །འདི་ལྟར། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །དོན་གྱི་བདག་ཉིད་གཅིག་པོ་དེ་ནི་མངོན་སུམ་གྱིས་མངོན་སུམ་
དུ་བྱས་པ་དེའི་ཕྱིར་འདི་ལ་བརྟག་པར་བྱ་བ་གཞན་ཅི་ཞིག་ཡོད། གལ་ཏེ་ཆོས་ཅན་ཙམ་མངོན་སུམ་གྱིས་གྲུབ་པ་ཡིན་གྱི། མི་རྟག་པ་ཉིད་ལ་སོགས་པའི་ཆོས་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་མི་རྟག་པ་ཉིད་དང་ལྷན་ཅིག་གཅིག་ཉིད་ཡིན་པའི་ཕྱིར་རོ། །མི་རྟག་པ་ཉིད་ཅེས་བྱ་བ་དེ་ལས་གཞན་
ནི་ཡོད་པ་མ་ཡིན་ནོ། །མི་རྟག་གཞན་ཉིད་ཡིན་ན་སྒྲ། །ཆོས་ཅན་དུ་ནི་ཇི་ལྟར་འཛིན། །དུས་གཞན་ཁྱབ་དང་ཅིག་ཤོས་ཤེས། །བྱ་བ་གཉི་ག་ཡང་མི་འཐད། །གལ་ཏེ་དུས་གཞན་ཁྱབ་ན་ནི། །རྟག་པ་ཉིད་དུ་ཡོངས་གཟུང་བས། །ཚད་གཞན་སྟོང་ཕྲག་ཡོད་ན་ཡང་། །དེ་ལས་མི་རྟག་ཉིད་འཛིན་
མིན། །ཇི་ལྟར་ཚད་མ་གཞན་དག་ལས། །མངོན་སུམ་གྱིས་ནི་རྟོགས་པ་ཉིད། །སེལ་གྱུར་མངོན་སུམ་ཚད་མ་གཞན། །ཐམས་ཅད་ཀྱི་ནི་རྩ་བ་ཡིན། །སྡོམ་དང་ཆོས་མཚུངས་པ་སྐྱེད་པར་བྱེད་པ་ཟ་བ་ནི་རྒྱལ་པོའི་བུ་དག་ཁོ་ན་ཡིན་གྱི། ཚད་མར་འགྱུར་བའི་རྟོགས་པ་དག་ནི་མ་ཡིན་ནོ། །
ཚད་མ་ཐམས་ཅད་ཀྱི་གཙོ་བོ་ནི་མངོན་སུམ་ཡིན་ན། དེ་ཅི་ནག་པོ་ཆེན་པོའི་འདི་མཁའ་འགྲོ་མ་རྣམས་ཀྱིས་ཟ་བ་འམ། འོན་ཏེ་མངོན་སུམ་གྱིས་རྟག་པ་ཉིད་དམ། མི་རྟག་པ་ཉིད་རྟག་པ་ཉིད་རྟོགས་པ་མ་ཡིན་ཏེ། དེས་ནི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་ཙམ་གཅོད་པ་ཡིན་ནོ། །རྟག་པ་ཉིད་
དམ་མི་རྟག་པ་ཉིད་ནི་ཕྱིས་ཀྱི་ཚད་མ་ལ་བརྟེན་པ་ཡིན་ནོ་ཞེ་ན། མི་རྟག་པ་ཉིད་རང་གི་ངོ་བོར་གྱུར་པ་མ་ཡིན་ནམ་ཅི་ལྟར་མ་བཟུང་བ་ཞེས་བྱ་བར་འགྱུར། གང་གི་ཕྱིར་རྟག་པ་འདི་ནི་དུས་ཀྱིས་ཆ་རྒྱ་ཆེར་ཁྱབ་པ་ཉིད་ཡིན་ལ་མི་རྟག་པ་ནི་དེ་ལས་བཟློག་པ་ཉིད་དོ། །དངོས་པོ་ཁྱབ་པར་གཟུང་ན་ནི། །
དེ་ལྟ་ཁྱབ་པར་གཟུང་བར་འགྱུར། །གལ་ཏེ་དེ་ནི་མ་བཟུང་ན། །མི་རྟག་པར་ནི་རིག་པར་འགྱུར། །གང་གི་ཚེ་ཉིད་དངོས་པོ་རྣམས་དུས་གཞན་ཁྱབ་པར་མ་རྟོགས་པ་ཉིད་ཀྱི་ཆོས་མི་རྟག་པ་ཉིད་རྟོགས་པར་གསལ་བ་ཡིན་ནོ། །ཉིད་རྟོགས་པ་ཡིན་གྱི་མི་རྟག་པ་ཉིད་ནི་མ་ཡིན་ནོ་ཞེ་ན། མི་རྟག་པ་
เล่ม ๑๗๙ · หน้า 211a
ཞེས་བྱ་བ་འདི་ཅི་ཞིག །དེ་ཉིད་ཀྱི་ཁྱད་པར་དུ་འགྱུར་བའི་ཆོས་གཞན་ནི། དེ་དེ་ཉིད་ཀྱི་ཚེ་ཡོད་དམ་འོན་ཏེ་ཕྱིས་ཡིན། དེ་ཉིད་ཀྱི་ཚེ་ཡོད་ཅེ་ན། །ཅི་སྟེ་མངོན་སུམ་གྱིས་མ་རྟོགས། །མ་རྟོགས་ན་ཅི་ལྟར་དེའི་བདག་ཉིད་དུ་གྱུར་པ་ཡིན། དེའི་བདག་ཉིད་ནི་བདག་ཉིད་དུ་རྟོགས་
པ་ཡིན་ནོ་ཞེས་འབྲེལ་པ་ཉིད་དུ་རྟོགས་ན་གདོན་མི་ཟ་བར་དེ་དེ་ལྟར་འགྱུར་གྱི། དེ་དང་འབྲེལ་པར་མ་རྟོགས་ན་ནི། དེ་ལྟར་འགྱུར་བར་མི་འཐད་དོ། །ཕྱིས་དེ་དང་འབྲེལ་པར་རྟོགས་སོ་ཞེ་ན། དམིགས་པའི་མཚན་ཉིད་དུ་འགྱུར་གང་། །མངོན་སུམ་གྱིས་ནི་བཅད་མེད་དེ། །ཇི་ལྟར་དེ་ཚེ་ཡོད་
ཅེས་བྱ། །གཞན་དུ་མེད་པ་རྟོགས་མེད་འགྱུར། །དམིགས་པའི་མཚན་ཉིད་དུ་འགྱུར་བ་ལས། མི་དམིགས་པ་གང་ཡིན་པ་དེ་ཉིད་དོ་ཞེས་རྣམ་པར་གཞག་པ་ཡིན་ཏེ། མེད་པ་སྒྲུབ་པར་བྱེད་པའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་
གྱིས་བཟློག་པ་ཉིད་ལས་སོ། །ཞེས་བཤད་དོ། །འོན་ཏེ་དེ་ནི་འཁྲུལ་པ་ཡིན་ཏེ་དེས་ན་མ་དམིགས་ཀྱང་མི་སྐྱོན་ནོ་ཞེ་ན། གལ་ཏེ་ཆོས་ཅན་འཛིན་པ་ནི། །ཀུན་ལ་འཁྲུལ་པ་འཇུག་འགྱུར་ན། །ཆོས་ཅན་ཚད་མ་མེད་པས་ན། །རྗེས་དཔག་ཚད་མར་ཇི་ལྟར་འགྱུར། །ཆོས་ཅན་དང་ནི་འབྲེལ་མིན་
པའི། །གཏན་ཚིགས་གྲུབ་ལ་ཅི་ལྟར་སྟོན། །མངོན་སུམ་དང་ནི་རྗེས་དཔག་དག །གང་ཚེ་ཚད་མ་མ་ཡིན་པ། །དེ་ཚེ་གཞལ་བྱ་མ་གྲུབ་པར། །འགྱུར་ཕྱིར་རྣམ་པར་རིག་པ་ཙམ། །གང་གིས་བྱུང་དང་འབྱུང་བ་ཡི། །རང་བཞིན་མངོན་སུམ་གྱིས་གཟུང་མིན། །དེ་ཚེ་གཏན་ཚིགས་ཆོས་ཅན་
དང་། །འབྲེལ་པ་མངོན་སུམ་གྱིས་གྲུབ་ན། །བྱུང་དང་འབྱུང་བར་འགྱུར་བ་ཡིས། །དངོས་པོ་རྗེས་དཔག་ལས་གྲུབ་པས། །དེ་ཚེ་མངོན་སུམ་ཅིག་ཤོས་དག །གྲུབ་པ་རྒྱུ་དང་བཅས་པར་འགྱུར། །གལ་ཏེ་བྱུང་དང་འབྱུང་བ་ཡི། །དངོས་པོ་གཅིག་པུ་འདོད་ན་ནི། །དེ་ཚེ་མངོན་སུམ་ཚད་མ་
ཡིས། །གྲུབ་ཕྱིར་རྗེས་དཔག་དོན་མེད་དོ། །འཁྲུལ་པ་ཡིན་ན་ནི་ཐམས་ཅད་འཇིག་པ་ཉམས་པར་འགྱུར་བས་འགར་ཡང་མི་འགྱུར་རོ། །དེས་ན་རྟག་པ་འམ་མི་རྟག་པ་ཉིད་ནི་མངོན་སུམ་གྱིས་འགྲུབ་པ་ཉིད་དོ། །འོན་ཏེ་ཆོས་ཡིན་པའི་ཕྱིར་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །མངོན་སུམ་
เล่ม ๑๗๙ · หน้า 211b
གྱིས་ནི་ཆོས་ཅན་ཙམ་གྲུབ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་མེད་པར་འགྱུར་བའི་ཕྱིར་ཏེ། ཆོས་ཅན་ཐམས་ཅད་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཆོས་ནི་མངོན་སུམ་གྱིས་གྲུབ་ན། །ཆོས་ཅན་རབ་ཏུ་གྲུབ་པ་ཉིད། །མངོན་སུམ་ཡང་ནི་ཡན་འགར་
བའི། །ཆོས་ཅན་སྒྲུབ་པར་བྱེད་པ་མིན། །གང་དུ་ཡང་ཆོས་མེད་པར་ཆོས་ཅན་གྲུབ་པ་ནི་མ་ཡིན་ཏེ། གདོན་མི་ཟ་བར་སྒྲ་ཉིད་དམ་དངོས་པོ་ཉིད་དུ་འཛིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་སྒྲ་ཉིད་ལ་སོགས་པར་ཡང་སྟེ། དེ་ལ་ཁྱད་པར་ནི་འགའ་ཡང་མེད་དོ། །གལ་ཏེ་འཁྲུལ་པའི་ཆོས་འགའ་ཞིག་མ་
མཐོང་མོད། འདི་ལ་སྐྱོན་ཅི་ཡོད། དཔེར་ན་ཐོ་ཡོར་དང་སྐྱེས་བུ་དག་བཞིན་ནོ་ཞེ་ན། མ་ཡིན་ཏེ། མི་དང་ཐོ་ཡོར་མེད་པར་ནི། །རེང་རེང་པོ་ཙམ་ལྟ་བར་ནུས། །ཁྱབ་དང་ཅིག་ཤོས་མེད་པར་ནི། །འདིར་ནི་དོན་གྱི་བློ་ཡོད་མིན། །ཁྱབ་དང་ཅིག་ཤོས་དང་བྲལ་བ་ནི་བཟུང་བར་ནུས་པ་མ་ཡིན་ནོ། །
དེའི་རང་བཞིན་ནི་དེ་ཡིན་ན། གལ་ཏེ་མ་བཟུང་ན་ནི་དེ་མ་བཟུང་བ་ཉིད་པས་དེ་ནི་མ་བཟུང་བ་ཉིད་དུ་འགྱུར་རོ། །གལ་ཏེ་རིང་པོར་མ་བཟུང་ཡང་མཐོང་བ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེར་ནི་ཡན་ལག་ཉིད་མཐོང་བའི་ཕྱིར་རོ། །དེ་ནི་རིང་པོ་ཉིད་མ་ཡིན་ནོ། །རིང་པོ་ཉིད་དེ་ནི་ཡན་ལག་ཅན་ཡིན་ལ། དེ་ཡང་
རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡིན་ནོ། །འདི་ལྟར། གཅིག་གཡོ་བ་ན་ཐམས་ཅད་ནི། །གཡོ་ཕྱིར་དེ་ནི་གཅིག་གོ་ཞེས། །རྟོགས་འགྱུར་དེས་ན་གཅིག་པ་ཉིད། །འདི་ནི་རྗེས་དཔག་ལས་ཡིན་ནོ། །ཡན་ལག་གཅིག་མ་མཐོང་བ་ན་ཡན་ལག་གི་ཚོགས་ཐམས་ཅད་རགས་པར་དམིགས་པ་
དེ་གཞན་དང་གཅིག་གོ་ཞེས་བྱ་བར་འགྱུར་རོ་ཞེས། དེ་ནི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཕན་ཚུན་འབྲེལ་པ་ཉིད་རྗེས་སུ་དཔག་པར་འགྱུར་གྱི་གཅིག་ཉིད་ནི་མ་ཡིན་ནོ། །དེ་ནི་རྗེས་སུ་དཔག་པའི་ཡུལ་ཡང་མ་ཡིན་ཏེ། མངོན་སུམ་མ་ཞུགས་ན་ཚད་མ་གཞན་གྱི་ཡུལ་དུ་འགྱུར་རོ། །དེ་ཉིད་
ནི་མཐོང་བའང་ཡིན་ལ་མ་མཐོང་བ་ཡང་ཡིན་ན་མི་འཐད་དོ། །དེའི་ཕྱིར་དུས་ཁྱབ་པའམ་མི་ཁྱབ་པ་ཡིན་ཡང་རུང་སྟེ། དེ་ནི་མངོན་སུམ་གྱིས་བཟུང་བ་ཡིན་གྱི་རྗེས་སུ་དཔག་པའི་ཡུལ་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་འདི་རང་བཞིན་དེས་མངོན་སུམ་གྱི་ཡུལ་མ་ཡིན་ན་དེའི་རང་བཞིན་མ་ཡིན་ནོ། །
เล่ม ๑๗๙ · หน้า 212a
མངོན་སུམ་གྱིས་སྔོན་པོ་ཉིད་དུ་ཡུལ་དུ་བྱས་པ་ན་ནི་སེར་པོ་ལ་སོགས་པ་མ་ཡིན་ནོ། །དུས་གཞན་ཁྱབ་པར་མ་བཟུང་བར་དེར་ནི་དེ་ལྟ་བུ་ཉིད་ཡིན་པར་བསམ་པར་བྱ་སྟེ། གཞན་དུ་ན་དུས་ཀྱི་ཆའི་ཚོགས་མཐའ་དག་བསྡོམས་པས་དེ་ཉིད་ཀྱི་ཚེ་ཐམས་ཅད་ཡོངས་སུ་
རྫོགས་པའི་ཕྱིར། དེ་ཉིད་ཀྱི་ཚེ་དུས་ཐམས་ཅད་ཀྱི་བྱ་བའི་དོན་བྱ་བ་བྱེད་པར་ཐལ་བར་འགྱུར་རོ། །བྱུང་བ་དང་འབྱུང་བའི་དུས་ཀྱི་ཆ་མ་བཟུང་བས་ན་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་མ་བཟུང་ན་དེ་ཁྱབ་པ་ཉིད་དུ་ཡང་མི་འཛིན་པ་ཉིད་པས་དུས་དེ་ཙམ་དང་འབྲེལ་པར་བཟུང་བས་ཤེས་པར་བྱ་བ་མི་
འགྱུར་རོ། །དེ་ལྟ་ཡིན་ན་གློག་ལ་སོགས་པ་བཞིན་དུ་མི་རྟག་པ་ཉིད་དོ།། །།བམ་པོ་དགུ་པ། གལ་ཏེ་གློག་ལ་སོགས་པ་ནི་ཞིག་པས་ན་མི་རྟག་པར་འགྱུར་བ་མ་ཡིན་ནམ། དེའི་དུས་དང་འབྲེལ་པ་ཙམ་གྱིས་མ་ཡིན་ནོ་ཞེ་ན། འོ་ན་འཇིག་པར་བྱེད་པ་འགའ་ཡང་མེད་པར་ཅི་ལྟར་
འཇིག །སྤྲིན་གྱིས་བཀབ་པ་ཉིད་ཀྱིས་འཇིག་གོ་ཞེ་ན། འདི་ལ་ཡང་རིགས་མཐུན་པ་དང་མི་མཐུན་པས་གནོད་པར་ཅི་སྟེ་མི་འདོད། དེའི་ཕྱིར་གློག་ཀྱང་དུས་ཕྱིས་མི་དམིགས་པ་ཉིད་འཇིག་པ་ཡིན་ལ་དེ་ནི་དོན་ཐམས་ཅད་ལ་ཡང་ཡོད་པས་རྟག་པ་ཉིད་དུ་འཛིན་པར་ནུས་པ་མ་ཡིན་ནོ། །གལ་
ཏེ་བུམ་པ་ལ་སོགས་པ་དུས་ཀྱིས་ཀྱང་འཛིན་པས་ནི་ཅི་ལྟར་མི་འཛིན་པར་བརྗོད་ཅེ་ན། མ་ཡིན་ཏེ། དེ་ཉིད་མ་བཟུང་བའི་ཕྱིར་རོ། །སྔར་གྱི་དུས་ཀྱང་བཟུང་བ་མེད་ན་དེའི་དུས་ན་ཡོད་པའི་དངོས་པོ་ལྟ་ཅི་སྨོས། ཡུད་ཙམ་དང་ཉི་མ་དང་ཟླ་བ་ལ་སོགས་པའི་དུས་ནི་གཟུགས་ལ་སོགས་པའི་དངོས་པོ་
ལས་ཐ་དད་པར་ཚད་མས་གྲུབ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཉི་མ་དང་པོར་ཟླ་བ་རྟོགས་པ་མེད་ལ། ཉི་མ་གཉིས་པར་ཡང་མ་ཡིན་ཏེ། དེའི་ཚེ་སྔ་མ་དང་ཕྱི་མ་མི་རྟོགས་པའི་ཕྱིར་རོ། །ཉི་མ་ལ་སོགས་པའི་དུས་ནི་དྲན་པས་རྟོགས་སོ་ཞེ་ན། མ་ཡིན་ཏེ་དྲན་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །
དྲན་པ་ནི་སྔ་ན་མེད་པའི་དོན་གྲུབ་པ་མ་ཡིན་ནོ། །དྲན་པ་མངོན་སུམ་སྔོན་འགྲོ་ཅན། །མངོན་སུམ་མིན་དོན་སྤྱོད་ཡུལ་མིན། །མངོན་སུམ་གྱིས་ནི་ཟླ་བ་ལ། །སོགས་པའི་དུས་ནི་འཛིན་མ་ཡིན། །གལ་ཏེ་དེ་ནི་བསགས་པ་ཡི། །རང་བཞིན་དུ་ཤེས་བརྗོད་ན་ནི། །བསགས་པ་འཛིན་པར་བྱེད་པ་
เล่ม ๑๗๙ · หน้า 212b
ཡི། །ཚད་མ་མེད་ཅེས་བསྒྲུབས་ཟིན་ཏོ། །གལ་ཏེ་མངོན་སུམ་དུ་མ་ཡིས། །གྲུབ་ཕྱིར་མ་གྲུབ་མིན་འདོད་ན། །འགའ་ཡིས་ཅི་ལྟར་བསྒྲུབ་པར་ནུས། །དྲན་པ་ཚད་མ་ཉིད་མིན་པ། །སྔར་ཉིད་དུ་ནི་བསྟན་པ་ཡིན། །དྲན་པ་ལས་འབྱུང་ཀུན་རྫོབ་པ། །ཡིན་གྱི་དེ་ནི་དོན་དམ་མིན། །དུས་ནི་
ཀུན་རྫོབ་ཉིད་ཀྱིས་ན། །དེས་ཁྱབ་གསལ་བར་ཀུན་རྫོབ་པ། །དེས་ན་མི་རྟག་པ་ཉིད་ནི། །དངོས་པོའི་རང་བཞིན་ཉིད་ཅེས་རྟོགས། །གལ་ཏེ་འདི་ནི་རང་བཞིན་ཉིད། །ཀུན་རྫོབ་ཐ་དད་ཅི་ལྟར་འགྱུར། །མེད་པ་ཡི་ནི་ཀུན་རྫོབ་ནི། །བསྒྲུབ་བྱ་སྒྲུབ་བྱེད་ཉིད་མ་ཡིན། །འབྲེལ་པ་ཡོད་པ་ཉིད་ལས་
ནི། །བསྒྲུབ་བྱ་སྒྲུབ་བྱེད་དག་ཏུ་གནས། །འབྲེལ་པ་ཡོད་པ་དང་འབྲལ་བ། །བསྒྲུབ་བྱ་སྒྲུབ་བྱེད་དག་མ་ཡིན། །འདིར་སྨྲས་པ། དུ་མའི་གཅིག་ལས་ལོག་པ་ནི། །རང་བཞིན་གཅིག་གིས་རྟོགས་པ་ཡིས། །ཡུལ་དུ་བྱེད་འགྱུར་དེ་བས་ན། །ཆོས་དང་ཆོས་ཅན་རྣམ་པར་གནས། །དངོས་
པོ་ཀུན་གྱི་རིགས་མཐུན་དང་། །ཅིག་ཤོས་དོན་ལས་ལོག་པ་དང་། །མངོན་སུམ་རྟོགས་པར་གཟུང་བ་སྟེ། །རྗེས་འགྲོ་རྟོགས་པ་ཙམ་ལས་ཡིན། །གལ་ཏེ་དབང་པོའི་བྱེད་པ་ལས། །སྔ་མ་ཕྱི་མར་རྟོགས་བཅས་པ། །མངོན་སུམ་ཞེ་ན་མངོན་སུམ་མིན། །ལྷན་ཅིག་འབྱུང་ཡང་རྗེས་འགྲོ་
མེད། །གང་གིས་དང་པོ་གཅིག་ཉིད་མཐོང་། །དེ་ནི་དེ་ལ་རྗེས་འགྲོ་བར། །སྣང་མིན་གསལ་བ་ཐམས་ཅད་ནི། །སྣང་བ་ཉིད་དུ་ཐལ་འགྱུར་ཕྱིར། །ཐག་རིང་ཉིད་ལ་སོགས་པ་ཡིས། །གསལ་བ་མི་སྣང་ཞེས་གནས་ནས། །གསལ་བ་གཟུང་བ་མེད་པར་སྤྱི། །དེ་ཁྱབ་པར་ནི་འཛིན་མི་འགྱུར། །
སྔར་གསལ་བ་གཟུང་བའི་འདུ་བྱེད་ལས་གསལ་བ་གཞན་ལ་དེ་ལྟར་འཛིན་ཏོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་དངོས་གཟུང་བས་བསྐྱེད་པ་ཡིས། །འདུ་བྱེད་དྲན་པའི་རྒྱུ་མཚན་ཡིན། །གསལ་བ་འཛིན་པའི་འདུ་བྱེད་ལས། །དོན་གཞན་རིག་པར་ཅི་ལྟར་འགྱུར། །གསལ་བ་འཛིན་
པས་བྱས་པའི་འདུ་བྱེད་ནི་དེ་ཉིད་ལ་དྲན་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་གྱི། སྔ་མ་མེད་པའི་དོན་མཐོང་བའམ། སྔར་གྱི་དོན་མཐོང་བའི་རྒྱུ་མ་ཡིན་ལ། མ་མཐོང་བ་དྲན་པའི་རྒྱུ་ཡང་མ་ཡིན་ནོ། །སྤྱི་ཡང་གསལ་བ་དག་ལས་དོན་གཞན་ཡིན་པས་ན་དེ་ཅི་ལྟར་མཐོང་བ་དེ་དྲན་པར་ཡང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด