ཚད་མ་རྣམ་འགྲེལ་གྱི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๙ · หน้า 213a
འགྱུར་བ་ཡིན། སྔར་གྱི་དོན་དྲན་པ་དང་མཐོང་བ་ལས་གསལ་བ་དང་ཅིག་ཤོས་ཀྱི་རྣམ་པ་ཅན་གྱི་གསལ་བ་ལས་ཐ་དད་པ་གཞན་ཅི་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པའི་རྒྱུ་མཚན་སྤྱི་ཡིན་ནོ་ཞེས་གང་བརྗོད་པ། དོན་བྱ་བ་གཅིག་པས་བྱས་པ་འམ། དེའི་རྣམ་པ་གཅིག་
བྱས་པས་མཚུངས་པའི་རྟོག་པར་འགྱུར་གྱི་སྤྱིའི་རང་བཞིན་གྱིས་བྱས་པ་ནི་མ་ཡིན་ཏེ། བྲམ་ཟེ་ཉིད་ལ་སོགས་པར་མཚུངས་པ་བཞིན་ནོ། །གལ་ཏེ་བྲམ་ཟེ་ཉིད་ལ་སོགས་པའི་རིགས་མེད་ན་ཅི་ལྟར་བསོད་ནམས་དང་སྡིག་པ་རྣམ་པར་གནས་ཤེ་ན། རིགས་ཡོད་ཀྱང་ཅི་ལྟར་རིགས་ནི་གསད་
པ་མ་ཡིན་ལ་ཆང་འཐུང་བ་ཡང་མ་ཡིན་ནོ། །སྡིག་པ་དང་བསོད་ནམས་ནི་ལུང་ལས་གཞན་པའི་ཚད་མ་ཡོད་པ་མ་ཡིན་ནོ་ལུང་དེ་ཉིད་ཇི་ལྟར་རྟོགས་ཏེ། རིགས་མེད་པར་ནི་བྲམ་ཟེ་གསད་པར་མི་བྱའོ་ཞེས་བྱ་བར་རྟོགས་པར་ནུས་པ་མ་ཡིན་ཏེ། གསལ་བར་སོ་སོར་རྟོགས་པར་མི་སྲིད་པའི་
ཕྱིར་རོ་ཞེ་ན། ཉེ་བར་བསྟན་པའི་མ་མཚུངས་པའི་རྣམ་པ་ལས་འཛིན་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །མཚུངས་པའི་རྣམ་པར་འཛིན་པ་ཡང་ཐོག་མ་མེད་པའི་བག་ཆགས་ཀྱི་ཉེ་བར་བསྟན་པ་ལས་ཡིན་གྱི། འདིར་དེ་ལས་གཞན་པའི་ཚད་མས་གྲུབ་པ་ནི་མེད་དོ། །གཞན་ཡང་། མཚུངས་པའི་
རྟོགས་པས་གསལ་བ་ལས། །ཐ་དད་པ་ཡི་ལུས་རིག་གམ། །འོན་ཏེ་གཞན་ཡིན་གཞན་དུ་ནི། །རྣམ་པར་དཔྱོད་ཅེས་ཤེས་པར་བྱ། །ཁྱད་པར་ལས་ནི་ཐ་དད་པའི། །བདག་ཉིད་རིགས་པས་གྲུབ་ལྡན་མིན། །དེ་ལས་གཞན་དུ་རིགས་པ་ལ། །གཞལ་བྱ་ཡོད་པ་ཉིད་ཡོད་མིན། །གལ་ཏེ་
མཚུངས་པའི་རྟོགས་པ་ཐ་དད་པའི་རྣམ་པ་དང་འབྲེལ་པ་ཡིན་ན། དེ་དེ་ལྟར་མ་གྲུབ་པའི་ཕྱིར་དེ་ལས་སྤྱི་ཅི་ལྟར་འགྲུབ། འོན་ཏེ་རྟོགས་པ་ཙམ་ཡིན་ན། དེའི་ཚེ་སྤྱི་མི་འགྲུབ་པོ། །རྟོགས་པ་ཙམ་གྱིས་ནི་དོན་གྱི་ཁྱད་པར་འགྲུབ་པ་མ་ཡིན་ནོ། །གང་གི་རྣམ་པར་རྟོག་པ་དེ་ཉིད་དེས་འགྲུབ་པར་
འགྱུར་གྱི། གཞན་དུ་ནི་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་སྤྱི་ནི་ཐ་དད་པ་དང་ཐ་དད་པ་མེད་པ་ཡིན་ནོ་ཞེ་ན། ཕན་ཚུན་འགལ་བའི་ཕྱིར་རོ། །འདི་ལྟར། ཐ་དད་ལས་གཞན་ཐ་མི་དད། །དེ་ཡང་ཅི་ལྟར་ཐ་དད་འགྱུར། །ཐ་དད་སྣང་ནི་ཐ་དད་དེ། །ཡང་ཐ་དད་མིན་ཅི་ལྟར་འགྱུར། །གལ་ཏེ་ཚུལ་
เล่ม ๑๗๙ · หน้า 213b
འགས་ཐ་དད་པར། །འདོད་ན་དེ་ཉིད་སྤྱིར་འགྱུར་ཏེ། །དེ་ནི་ཐ་དད་མེད་པར་ནི། །མི་འགྱུར་ཤིན་ཏུ་ཐ་དད་ཕྱིར། །གཞན་གྱིས་ཐ་དད་མེད་འདོད་ན། །དེ་ཚེ་དེ་ནི་ཐ་དད་དང་། །ཐ་དད་མེད་མིན་དེ་ཉིད་ཀྱིས། །ཐ་དད་མེད་ན་དེ་ཡང་ནི། །རྣམ་པ་སྟོང་འགྱུར་དེ་ལས་ནི། །བཏོན་ནས་དེ་ཟད་རྟོགས་མི་
འགྱུར། །གལ་ཏེ་ཐ་དད་ཐ་དད་མིན། །མཐོང་བ་མཐོང་བ་མིན་པར་ཐལ། །མཐོང་དང་མི་མཐོང་གཅིག་གོ་ཞེས། །བྱ་བ་ཤིན་ཏུ་ཡ་མཚན་ཆེ། །འདི་ལྟར། དངོས་པོ་ཡོད་དང་མེད་པ་ནི། །མཐོང་དང་མ་མཐོང་ལས་གྲུབ་ཕྱིར། །གཅིག་འགྱུར་ཤི་བའང་དེ་ལྟ་ན། །མ་ཤི་བ་ཡི་བདག་ཏུ་
འགྱུར། །དེ་ཕྱིར་སྤྱི་དང་རྟག་པ་ཡི། །རང་བཞིན་ཉིད་དུ་བལྟ་བར་གྱིས། །དེས་ན་ལྡོག་པའི་དབྱེ་བ་ཡིས། །ཆོས་དང་ཆོས་ཅན་ཐ་དད་ཉིད། །གལ་ཏེ་དེ་མེད་དེ་ཉིད་དུ། །དམ་བཅའི་དོན་གྱི་ཕྱོགས་གཅིག་ཉིད། །དོན་དམ་པར་ནི་རྣམ་དཔྱད་ན། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་
དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། །ཀུན་རྫོབ་ཏུ་ཡོད་པའི་སྤྱི་ནི་གསལ་བ་ལས་ཐ་དད་པ་ཉིད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པའི་ཕྱིར་རོ། །དེ་ཡང་ཁ་དོག་ལ་སོགས་པའི་རང་བཞིན་ཉིད་དོ། །རྟོགས་པ་མེད་དེ། གཉི་ག་མཐོང་བ་ཡང་གསལ་བའི་
རྣམ་པ་གཉིས་ལས་ཐ་དད་པའི་རྣམ་པ་གཞན་མ་རྟོགས་སོ། །དེར་ནི་གསལ་བ་གཉིས་ཁོ་ན་ཞིག་སྣང་ངོ་། །མཚུངས་པའི་རྣམ་པ་ཡོད་པའི་ཕྱིར་སྣང་བ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། སྣང་བ་རྗེས་སུ་དཔག་པས་བསྒྲུབ་པ་ཞེས་བྱ་བ་ནི་ཤིན་ཏུ་སྨྲས་པ་ཡིན་ནོ། །རྩིག་པ་ལ་སོགས་པ་སྣང་བ་
ཅི་རྗེས་སུ་དཔག་པས་སྒྲུབ་བམ། གལ་ཏེ་སྔོན་བྱུང་བའི་དྲན་པ་བརྗེད་ནས་དེའི་ཚེ་དེ་དྲན་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་བརྗོད་པ་འམ་འབད་པ་གཞན་བྱེད་པར་འགྱུར་གྱི། སྣང་བཞིན་པའི་དུས་ཉིད་ན་ནི་མ་ཡིན་ནོ། །རྩིག་པ་ལ་སོགས་པ་སྣང་བཞིན་པ་ནི་རྩིག་པ་ལ་སོགས་པ་སྣང་བའམ་
རྩིག་པ་ལ་སོགས་པ་རྗེས་སུ་དཔག་པས་སྒྲུབ་པ་ནི་མ་ཡིན་ནོ། །འཇིག་རྟེན་ན་གང་གི་ཕྱིར་རྩིག་པའི་རྣམ་པ་སྣང་བ་དེའི་ཕྱིར་རྩིག་པའམ་རྩིག་པར་སྣང་བ་ཡོད་པ་ཡིན་ནོ་ཞེས་རྟོགས་པ་ནི་མེད་ཀྱི། འོན་ཀྱང་གང་གི་ཕྱིར་གཞན་གྱིས་རང་བཞིན་གྱིས་དབེན་པར་རང་གི་ངོ་བོ་ཉིད་དུ་མཐོང་བ་དེའི་ཕྱིར་
เล่ม ๑๗๙ · หน้า 214a
ཡོད་པ་འམ་སྣང་བ་ཡིན་ནོ་ཞེས་སོ། །གསལ་བའི་རང་བཞིན་གྱིས་དབེན་པའི་སྤྱི་ནི་སྣང་བ་ཡིན་ནོ། །སྤྱི་ནི་སྣང་བ་མ་ཡིན་ནོ། །སྤྱི་ནི་མདོག་དབྱིབས་གཞན་དང་ལྡན་པར་མཚོན་པ་མེད་དོ། །མདོག་དབྱིབས་ལས་ཕྱི་རོལ་དུ་གྱུར་པ་ཉིད་སྤྱིའི་རང་བཞིན་ཡིན་ནོ་ཞེ་ན།
འོ་ན་སྤྱི་མེད་པར་འགྱུར་ཏེ་མདོག་དབྱིབས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་རོ། །ཁྱབ་པ་ཉིད་དེའི་རང་གི་ངོ་བོ་ཉིད་ཡིན་ནོ་ཞེ་ན། འོ་ན་མདོག་དབྱིབས་ཀྱིས་མཚུངས་པ་མ་ཡིན་པ་གང་ཡིན་པ་དེ་ནི་མི་མཚུངས་པ་ཉིད་དོ། །ཁྱབ་པས་ནི་མདོག་དང་དབྱིབས་དང་ལྡན་པ་ཡང་མ་ཡིན་ནོ། །མདོག་
དབྱིབས་ཉིད་ཁྱབ་པ་ཡིན་ནོ་ཞེ་ན། གལ་ཏེ་ཁྱབ་པ་ཡིན་ན་ཁྱབ་པ་ཉིད་དུ་རྟོགས་པར་འགྱུར་རོ། །དུས་གཞན་དུ་རྟོགས་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་གསལ་བ་ཡོད་པ་དང་མེད་པ་དག་ལས་ཁྱད་པར་མེད་པའི་ཕྱིར་ཏེ། སྔོན་མི་གསལ་བ་ཞིག་ཀྱང་དེ་ཁོ་ན་ལྟར་རྟོགས་པའི་ཕྱིར་རོ། །སྔོན་གྱི་མ་
ཞིག་པ་མ་ཡིན་ཏེ། དེར་དམིགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞིག་ཅེ་ན། གལ་ཏེ་མ་ཞིག་ན་དེ་འམ་གཞན་གྱིས་སྔ་མར་ཇི་ལྟར་མ་དམིགས། ཁྱབ་པ་ཉིད་དུ་མེད་པའི་ཕྱིར་རོ། །དེའི་རང་བཞིན་ནི་དམིགས་པ་ཁོ་ན་སྟེ། ཡུལ་ཁྱབ་པ་ཙམ་ཉིད་མ་གཏོགས་པ་ཡིན་ཏེ། བསྐལ་པའི་ཕྱིར་རོ་
ཞེ་ན། བསྐལ་ཞེས་བྱ་བ་འདི་ནི་ཅི་ཞིག་མི་སྣང་བའི་བདག་ཉིད་དོ། །ཇི་ལྟར་སྣང་བ་མི་སྣང་བའི་བདག་ཉིད་དུ་འགྱུར། ཡུལ་གཞན་དུ་མཐོང་བ་ཉིད་འདས་པ་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ་ཞེ་ན། སྣང་བའི་བདག་ལས་མ་གཏོགས་པའི་དངོས་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་འདི་ནི་གཏན་ལ་ཕབ་
ཟིན་ཏོ། །གཞན་ཡང་ཡུལ་གཞན་དུ་མཐོང་བ་ཞིག་ན་ཁྱབ་པ་ཉིད་ཞིག་པར་འགྱུར་རོ། །དེ་ལྟ་ཡིན་དང་སྤྱི་མི་རྟག་པར་འགྱུར་རོ། །དེ་ལྟར་གྱུར་ན་ཡང་གསལ་བའི་རང་བཞིན་ཉིད་ཀྱི་སྤྱི་ནི་མ་ཡིན་ནོ་ཞེས་བྱ་བར་གྱུར་ཏེ་གསལ་བ་ལས་ཐ་དད་པའི་མཚུངས་པའི་རྟོགས་པ་ཙམ་ཉིད་ཡིན་པས་ནི།
དངོས་པོ་མེད་པའི་ཕྱིར་རོ། །འོ་ན་རྟོགས་པ་ཡིན་མོད། འདི་དག་མཚུངས་སོ་ཞེས་བྱ་བ་ཅི་ལྟར་ཞེ་ན། ཁ་དོག་དང་དབྱིབས་དང་། དོན་བྱ་བས་བྱས་པའི་མཚུངས་པའི་ཕྱིར་དེ་ལྟར་མཚུངས་པས་སྐྱོན་མེད་དོ། །ཡུལ་འཁོར་དང་མཁར་ལ་སོགས་པའི་མཚུངས་པ་བཞིན་ནོ། །གཞན་ཡང་འདི་
เล่ม ๑๗๙ · หน้า 214b
སྐད་ཅེས། འདི་ལྟར། གལ་ཏེ་མདོག་སོགས་གསལ་བ་ལས། །གཞན་མ་ཡིན་པར་གནས་ན་ནི། །གསལ་བ་གཞན་ལ་རྟོགས་མི་འགྱུར། །དེས་ན་ཐ་དད་རྣམ་པར་གནས། །ལྡོག་པ་དང་ནི་འཇུག་པ་དག །ཐ་དད་མེད་ཅེས་འཐད་མ་ཡིན། །དེས་ན་ཆོས་དང་ཆོས་ཅན་གྱི། །དབྱེ་བ་རྟོགས་པས་
གྲུབ་པ་ཡིན། །དེས་ན་ཐ་དད་དེ་ཉིད་དུ། །དབང་པོ་ཡིས་ནི་འཛིན་མ་ཡིན། །གང་ཕྱིར་མངོན་སུམ་གྱིས་གྲུབ་དང་། །མངོན་སུམ་སྔོན་དུ་འགྲོ་བ་ཅན། །གང་ལ་རྗེས་སུ་དཔག་པ་ནི། །འཇུག་པ་དོན་དམ་ཉིད་ཡིན་པ། །དེ་ཕྱིར་སྒྲུབ་བྱེད་དེ་བཞིན་ནི། །ཀུན་རྫོབ་གནས་པའི་ངོ་བོ་ཉིད། །དེ་ཉིད་
གཞན་ཉིད་ཚད་ལྡན་པར། །དེ་ཉིད་དུས་ན་དེ་ཡོད་མིན། །རྟོགས་པ་ཙམ་ལས་ཐ་དད་དེ། །དེ་ཉིད་དུ་ན་གསལ་བའི་དངོས། །དེས་ན་མངོན་སུམ་ལས་གྲུབ་པ། །གསལ་བ་ཉིད་དུ་རྟོགས་པར་གྱིས། །མངོན་སུམ་སྔོན་དུ་འགྲོ་བ་ཅན། །རྗེས་དཔག་ལས་ཀྱང་གསལ་བ་བསྒྲུབ། །དེས་ན་གལ་ཏེ་སྤྱི་
གཞན་ནི། །གྲུབ་ན་ཁྱད་པར་རིག་མི་འགྱུར། །དེས་ན་ཁྱད་པར་རྫོགས་མེད་པས། །ཁྱད་པར་ལ་ནི་འཇུག་མི་འགྱུར། །འདི་ལྟར་གལ་ཏེ་སྤྱི་རྟོགས་ན། །དེའི་ཚེ་ཁྱད་པར་སྣང་བ་སྣང་བ་མེད་པས་ཁྱད་པར་ལ་འཇུག་པར་མི་འགྱུར་རོ། །མ་རྟོགས་པ་ལ་འཇུག་པ་ནི་འགའ་ཡང་མེད་དོ། །འོན་ཏེ་སྤྱི་འཛིན་
པ་ནི་ཁྱད་པར་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་དང་འབྲེལ་པར་འཛིན་པའི་སྤྱིར་གང་ལ་སྤྱི་ཡོད་པ་དེ་ལ་ཁྱད་པར་ཡོད་པར་འགྱུར་རོ་ཞེས་ཁྱད་པར་ལ་འཇུག་གོ་ཞེ་ན། ཁྱད་པར་རྟོགས་པ་མེད་པ་དེ་ཉིད་ཅི་ལྟར་འགྱུར། དེ་ནི་སྤྱི་ལས་རྗེས་སུ་དཔོག་པའི་རྟོགས་པ་གསལ་བ་རྟོགས་པ་ཡིན་ནོ་ཞེས་བྱ་
བར་འགྱུར་རོ། །དེ་ལྟར་ཡིན་ན་རྗེས་སུ་དཔག་པའི་རྗེས་སུ་དཔག་པ་ལས་གསལ་བར་རྟོགས་པ་ཡིན་པའི་ཕྱིར་དེའི་ཚེ་ཡང་སྤྱི་རྟོགས་པར་འགྱུར་ལ། སྤྱི་དེ་ལས་ཀྱང་གསལ་བའི་སྤྱི་གཞན་རྟོགས་པར་འགྱུར་བའི་ཕྱིར་ཐུག་པ་མེད་དོ། །ཅི་སྟེ་ཡང་མཐར་གསལ་བ་རྟོགས་ན། དེ་ལྟ་ཡིན་ན་ཁྱད་
པར་མེད་པའི་ཕྱིར་དང་པོ་ཉིད་རྟོགས་པར་འགྱུར་བས་བརྒྱུད་པའི་དུབ་པས་ཅི་བྱ། གསལ་བ་རྟོགས་ན་ནི་དོན་བྱ་བ་ཐམས་ཅད་སྒྲུབ་པའི་ཕྱིར་འཇུག་པ་ཁོ་ནའོ། །དེའི་ཕྱིར་སྤྱི་ནི་བློས་བཀོད་པ་ཉིད་ཡིན་གྱི་ཕྱི་རོལ་ཡིན་ནོ་ཞེས་ནི་མི་འཐད་དོ། །གལ་ཏེ་བློའི་རང་བཞིན་རྟོགས་པ་ན་ཅི་ལྟར་ཕྱི་རོལ་ལ་
เล่ม ๑๗๙ · หน้า 215a
འཇུག་པར་འགྱུར་ཞེ་ན། དེ་ལྟ་བུ་ཉིད་དུ་རྒྱུ་དང་འབྲས་བུའི་དངོས་པོ་མཐོང་བའི་ཕྱིར་རོ། །འོ་ན་ངེད་ཀྱི་ཡང་སྤྱི་རྟོགས་པས་གསལ་བ་ལ་འཇུག་པར་འགྱུར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་འདིར་ཡང་མཚུངས་པའི་ཕྱིར་རོ་ཞེ་ན། འདི་ནི་ཨ་རུ་ར་ཟོས་ནས་ལྷས་འཁྲུ་
བར་བྱས་སོ་ཞེས་པ་དེར་འགྱུར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཡིན་ན་བར་གྱི་སྤྱི་རྦོག་རྦོག་པོས་ཅི་བྱ། དེའི་ཕྱིར་སྤྱི་ཀུན་ཀུན་རྫོབ་ཏུ། །ཡོད་པ་ཡིན་ཞེས་བཟུང་བར་གྱིས། །སྤྱི་ནི་དངོས་པོར་ཡོད་ན་ནི། །འཇུག་དང་ལྡོག་པ་མེད་པར་འགྱུར། །སྤྱི་ཁས་ལེན་པས་ནི་གསལ་བ་
རྟོགས་པར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་འཇུག་པ་མེད་པར་འགྱུར་བའི་ཕྱིར་རོ། །གསལ་བ་རྟོགས་ན་དུ་བ་ལ་སོགས་པའི་རྟགས་དེ་ཉིད་ལས་འགྱུར་མོད། སྤྱི་ཅི་ཞིག་བྱ། སྤྱིས་ཀྱང་རྟགས་སུ་གྱུར་པ་དེ་ཉིད་ལས་དེ་རྟོགས་པ་ཡིན་ནོ། །ཅི་སྟེ་རྟགས་སུ་གྱུར་པའི་གསལ་བ་གསལ་བ་
གཞན་དག་ལྷན་ཅིག་རྗེས་སུ་འགྲོ་བ་མེད་ལ། སྤྱི་ལ་ནི་ཡོད་དེ་ཁྱབ་པ་ཡིན་པའི་ཕྱིར་རོ། །དེས་ན་སྤྱི་ཁས་ལེན་ཏོ་ཞེ་ན། དེ་ནི་དེ་ལྟར་མི་འཐད་དེ། སྤྱི་ནི་ཁྱབ་པ་ཉིད་ཡིན་ཡང་། དེ་བཞིན་དུ་ནི་གཟུང་མེད་པར། །གསལ་བ་གཞན་ནི་གོ་བྱེད་དུ། །དེ་ཉིད་དུ་ན་ཅི་ལྟར་འདོད། །གལ་ཏེ་ཁྱབ་པ་ཡིན་
པ་དེ་ལྟ་ན་ཡང་དེའི་རྗེས་སུ་དཔོག་པའི་དུས་ན་འབྱུང་བར་འགྱུར་བའི་ཁྱབ་པར་བྱ་བ་མ་གྲུབ་ན་ཅི་ལྟར་དེ་ཁྱབ་པར་བྱེད་པ་ཡིན་པར་འཛིན། འབྲེལ་པ་མ་བཟུང་བ་ལས་ཀྱང་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། སྤྱི་གཞན་གྱི་གསལ་བ་ཡང་རྟོགས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་དེ་དང་
མ་འབྲེལ་པའི་ཕྱིར་རོ་ཞེས་ལན་འདེབས་ན། དེ་ལྟ་ན་ནི་འབྲེལ་པ་མ་བཟུང་བས་ཀྱང་རྟོགས་པར་འགྱུར་རོ། །གཞན་ཡང་དེ་ཇི་ལྟར་རྟོགས་པར་བྱ་བ་ཞེས་སྔར་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་སྤྱི་ལས་གསལ་བ་རྟོགས་ན་སྒྲ་ལས་ཀྱང་སྤྱི་རྟོགས་པས། དེ་ལས་ཀྱང་གསལ་བ་ཅི་སྟེ་ཐོབ་
པར་མི་འགྱུར། རྟོགས་པ་དེ་ནི་མི་བདེན་པ་ཡིན་ནོ་ཞེ་ན། འོ་ན་སྤྱིའི་རྟོགས་པ་ཐམས་ཅད་མི་བདེན་པས་སྤྱིས་ཅི་ཞིག་བྱ། གལ་ཏེ་སྤྱི་ནི་ཐམས་ཅད་དུ་ཡང་ཡོད་དོ། །གསལ་བ་མ་རྟོགས་པ་ནི་མི་སླུ་བ་མ་ཡིན་ཏེ། དོན་བྱེད་པར་ནུས་པ་ནི་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །སྤྱི་མེད་པར་མི་
เล่ม ๑๗๙ · หน้า 215b
རྟོགས་པར་མི་ནུས་པའི་ཕྱིར། སྤྱི་ཁས་ལེན་ཏོ། །གསལ་བ་མ་རྟོགས་པ་ནི་དེ་དང་འབྲེལ་པའི་རྟགས་མེད་པའི་ཕྱིར་རོ་ཞེ་ན། རྟགས་ཀྱིས་ཀྱང་སྤྱི་ཉིད་རྟོགས་པར་བྱེད་པ་མ་ཡིན་ནམ། གལ་ཏེ་དེ་ལ་གསལ་བ་རྟོགས་པ་ཡོད་ན་ཅི་སྟེ་ཐམས་ཅད་མ་ཡིན། སྒྲས་ནི་སྤྱི་ཙམ་རྟོགས་པ་ཡིན་
ནོ་ཞེ་ན། འོ་ན་རྟགས་ལས་ནི་གསལ་བ་རྟོགས་སོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་སྐྱོན་སྔར་བཤད་པ་ཉིད་དོ། །འོན་ཏེ་གསལ་བ་ལས་ཐ་དད་པའི་སྤྱི་ལ་སྐྱོན་དུ་འགྱུར་གྱི། གཉི་གའི་བདག་ཉིད་ལ་ནི་སྐྱོན་མེད་དོ་སྙམ་ན། དེ་ཡང་མི་རུང་སྟེ། གསལ་བ་རྟོགས་པར་འགྱུར་བའི་
སྐྱོན། །ཕྱོགས་འདི་ལ་ཡང་མེད་དམ་ཅི། །སྤྱི་དེ་ལས་ཀྱང་གསལ་བ་ལ། མ་རེག་པར་ནི་རྟོགས་མ་ཡིན། །གལ་ཏེ་སྤྱི་གསལ་བ་ལས་ཐ་དད་པ་དང་། ཐ་དད་པ་མེད་པར་འདོད་པ་དེའི་ཚེ་ཡང་རྟོགས་པར་བྱེད་པས་གསལ་བ་རྟོགས་སམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་བྱ་བའི་ཚུལ་
གཉིས་ལས་མི་འདོད་དོ། །རྟོགས་སོ་ཞེ་ན་ནི་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར། ཅི་སྟེ་འཇུག །གལ་ཏེ་མ་རྟོགས་ན་ཡང་འཇུག་པ་ཅི་ལྟར་འགྱུར། རྟོགས་ཀྱང་མ་རྟོགས་པ་ཡོད་པས་ན་འཇུག་གོ་ཞེ་ན། དེ་ནི་དེའི་རང་བཞིན་དུ་རྟོགས་པ་དང་མ་རྟོགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་འགལ་
ཏེ། གཅིག་ལ་རྣམ་གྲངས་མེད་པར་སྒྲུབ་པ་དང་། དགག་པ་གཉི་གའི་བདག་ཉིད་དུ་འགྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་གྲངས་ཀྱིས་ཐ་དད་པ་ཡིན་ཏེ། རྣམ་གྲངས་འགས་ནི་ཐ་དད་པར་རྟོགས་པ་ལ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ཡིན་ནོ་ཞེ་ན། གང་གིས་མ་
རྟོགས་པ་དེའི་དོན་དུ་ཇི་ལྟར་འཇུག །དེ་ནི་དེ་ཉིད་ཀྱི་རྣམ་གྲངས་ཡིན་ནོ་ཞེ་ན། མ་རྟོགས་ན་ཅི་ལྟར་དེ་ཉིད་ཀྱིས་ཞེས་རྟོགས། རྟོགས་པ་ལ་ཡང་མི་འཇུག་པའི་ཕྱིར་སྐྱོན་དེ་ཉིད་ལ་ནི་འཇུག་གོ། །དེས་ན་ཆོས་ཅན་གྱི་མཚན་ཉིད་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །དེ་ལྟར་ན་འོ་ན་སྒྲ་མི་རྟག་སྟེ། སྒྲ་ཉིད་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིར་ཡང་འགྱུར་རོ་ཞེ་ན། གང་གི་སྤྱི་ཐ་དད་པ་ཡིན་པ་དེ་ལ་ཡང་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོར་ཅི་སྟེ་མི་འགྱུར་བ་མ་ཡིན་ཏེ། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་དེ། སྤྱི་དང་ལྡན་པ་དེ་ནི་ཆོས་ཅན་གྱི་སྒྲ་ཉིད་ཀྱིས་བསྟན་པའི་ཕྱིར་རོ་ཞེ་ན། འོ་ན་འདིར་
เล่ม ๑๗๙ · หน้า 216a
ཡང་དེ་ལས་གཞན་ལས་ལྡོག་པ་བསྟན་ཟིན་པའི་ཕྱིར་མི་འགྱུར་རོ། །སྤྱི་དང་ལྡན་པ་འམ་གཞན་ལས་ནི། །ལྡོག་པ་དེ་ནི་རྟོགས་པ་ཉིད། །སྤྱི་དང་ལྡན་པ་དེ་རིག་པ། །མེད་པ་རྟོགས་པར་མི་འགྱུར་ཉིད། །དེ་ཡི་རང་བཞིན་རྟོགས་ན་ནི། །སྔར་ཉིད་དུ་ནི་བཟློག་ཟིན་
ཏོ། །དེའི་ཕྱིར་འདི་ནི་སྒྲ་དག་ལས། །ལྡོག་པ་ཉིད་ནི་རྟོགས་པ་ཡིན། །གལ་ཏེ་སྒྲས་ཁྱད་པར་རྣམས་སྤྱི་དང་ལྡན་པར་རྟོགས་པ་ཡིན་ནོ་ཞེས་ཁས་ལེན་ན། འོ་ན་དེ་ལྟར་གསལ་བ་མ་རྟོགས་པ་རྟོགས་པར་འགྱུར། གང་ལ་མགྲོན་བྱ་བ་དེ་ཉིད་ལ་སྡེར་ཆག་པོ་སྦྱིན་པར་འོས་པ་ནི་མ་ཡིན་ནོ། །
ཁྱད་པར་རྣམས་ཀྱིས་རང་གི་ངོ་བོ་ཡང་རྟོགས་པར་འོས་པ་མ་ཡིན་ནོ་ཞེས་སྔར་ཉིད་དུ་གཏན་ལ་ཕབ་ཟིན་ཏོ། །དེའི་ཕྱིར་ལྡོག་པ་ཉིད་སྒྲའི་དོན་ཡིན་ནོ་ཞེས་གནས་སོ། །གལ་ཏེ་ལྡོག་པ་ཡང་ལྡོག་པའི་དངོས་པོར་རྟོགས་པར་བྱེད་པར་ཇི་ལྟར་རྟོགས། གལ་ཏེ་རྟོགས་པ་ཡོད་ན་ཡང་ལྡོག་
པས་ཅི་ཞིག་བྱ། འོན་ཀྱང་གཞན་དུ་མི་འཐད་པས་ལྡོག་པར་རྟོགས་སོ་ཞེ་ན། ཅི་སྟེ་སྤྱི་ཁས་མི་ལན་ཞེ་ན། རྟོགས་པའི་རྗེས་སུ་འབྲངས་ནས་ཁས་ལེན་པའི་ཕྱིར་སྤྱི་ཁས་མི་ལེན་ཏོ། །ཅི་འཇིག་རྟེན་ན་ངས་ལྡོག་པར་རྟོགས་སོ་སྙམ་དུ་རྟོགས་པ་ཡོད་དམ་ཞེ་ན་མི་འདྲ་བ་ཉིད་དུ་རྟོགས་པས་
རྟོགས་པའི་ཕྱིར་སྐྱོན་མེད་དོ། །འདི་ལྟར་གལ་ཏེ། དངོས་པོ་མི་འདོད་སྤངས་ནས་ནི། །ལྡོག་པར་སྒྲ་ལས་རྟོགས་མིན་ན། །རྣམ་པར་ཕྱེ་བས་རབ་ཏུ་ནི། །འཇུག་པ་དང་ནི་ལྡན་མི་འགྱུར། །གདོན་མི་ཟ་བར་རིགས་མི་མཐུན་པ་དང་། འདི་འདྲ་བའི་རང་བཞིན་དུ་རྟོགས་པར་འགྱུར་ཏེ་དེ་ལྟ་
མ་ཡིན་ན། མི་འདོད་པ་སྤངས་ནས་འཇུག་པར་མི་འགྱུར་རོ། །དེ་ནི་མི་འདོད་པ་དང་མི་འདྲ་བ་ནི་སྤྱིའི་མཚན་ཉིད་ཁོ་ན་ཡིན་ནོ་ཞེ་ན། རང་ཉིད་དེ་ལྟར་གྱུར་པ་མ་ཡིན་ན། ཆོས་གཞན་དང་ལྡན་ཡང་ཅི་ལྟར་ན་དེ་ལྟར་འགྱུར། དེ་དང་ལྡན་པའི་ཕྱིར་ན་འདི་དེ་ལྟར་རྟོགས་སོ་ཞེ་ན། དེ་ལྟ་བུར་གྱུར་
པ་མ་ཡིན་པ་གཞན་དང་ལྡན་པས་རང་གི་ངོ་བོར་རྟོགས་པ་མ་ཡིན་པ་ནི་རྟོགས་པ་ཉིད་དུ་མི་འཐད་དོ། །རང་གི་ངོ་བོ་མི་མཐུན་པ་ཉིད་དུ་རྟོགས་སོ་ཞེ་ན། འོ་ན་ནི་སྤྱི་གཞན་དང་ལྡན་པ་དོན་མེད་དོ། །གལ་ཏེ་སྤྱི་མེད་པར་ཐ་དད་པ་དེ་ཉིད་མི་རྟོགས་སོ་ཞེ་ན། འོ་ན་སྤྱི་རྣམས་ཀྱི་ཁྱད་པར་ག་ལས་
เล่ม ๑๗๙ · หน้า 216b
རྟོགས་སྤྱི་གཞན་དང་ལྡན་ན་ནི་ཐུག་པ་མེད་དོ། །རང་གི་ངོ་བོ་ཉིད་ཀྱིས་མི་འདྲ་བ་ཡིན་ན་གསལ་བ་རྣམས་ཀྱང་དེ་ལྟ་བུ་ཉིད་དུ་ཐལ་བས་སྤྱི་དོན་མེད་དོ། །གང་གི་ཚེ་གཉིས་ཐ་དད་པར་རྟོགས་པ་དེའི་ཚེ་ཅི་ལྟར་གཅིག་ལ་ནི་སྤྱི་གནས་པ་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་འདིས་
གསལ་བ་རྣམས་ཐ་དད་པར་རྟོགས་པར་འགྱུར་བ་ཡིན་ལ། རིགས་མི་མཐུན་པ་ཉིད་ལས་ཐ་དད་པ་དེ་ཡང་ཐམས་ཅད་ལ་ཡོད་པའི་ཕྱིར་དེ་ཉིད་སྤྱི་ཡིན་ནོ། །གལ་ཏེ་སྤྱི་མེད་ན་རིགས་མཐུན་པ་དང་མི་མཐུན་པ་ཐ་དད་པ་དེ་ཉིད་ཅི་ལྟར། འདི་ལྟར། གསལ་བ་ཕན་ཚུན་ཐ་དད་ཀྱི། །ཕན་ཚུན་
སྤྱི་ནི་ཡོད་མིན་ན། །གསལ་བ་ཐ་དད་འགྱུར་བ་ཉིད། །དེ་ནི་རྟོགས་པ་ཡོད་མ་ཡིན། །གསལ་བ་ལ་ལྟོས་པས་ཐ་དད་པ་ཡིན་ན། ཅི་ལྟར་བ་ལང་ཁྲ་བོ་དང་སེར་སྐྱ་དག་རྟ་དང་བ་ལས་ཐ་དད་པ་དེ་བཞིན་དུ་རྟ་དང་བ་དང་ཁྲ་བོ་ཡང་སེར་སྐྱ་ལས་ཐ་དད་པའི་ཕྱིར་དེ་གཉིས་ཀྱང་རིགས་མཐུན་པ་ཉིད་དུ་
ཐལ་བར་འགྱུར། གང་གིས་ཐམས་ཅད་བསྡོམས་ཏེ་བརྡ་བྱས་པས་རྣམ་པར་ཕྱེ་བར་གྱུར་པ་ཐམས་ཅད་མཐོང་བ་ཡང་མ་ཡིན་ནོ། །དེས་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། འདི་ལྟར། སྤྱི་ནི་ཡོད་པ་ཡིན་ན་ཡང་། །ཉེས་པ་འདི་ནི་བཟློག་པ་མེད། །སྤྱི་ནི་གསལ་
བས་གསལ་བར་བྱ། །འདོད་ཀྱི་རང་གི་ངོ་བོས་མིན། །གསལ་བས་སྟོང་པས་ཕྱོགས་སོགས་སུ། །དེ་ནི་གསལ་བ་མཐོང་མེད་ཕྱིར། །དེས་ན་གསལ་བ་ཉིད་ལ་ནི། །ལྟོས་བྱ་དེ་ཡང་ཀུན་མཐོང་མེད། །དེས་ན་དེ་ཡང་བརྡ་ཡི་ནི། །བྱེད་པས་ཁྱད་པར་འགྲུབ་མི་འགྱུར། །སྤྱི་ཡང་རྟོགས་ནས་
བརྡར་བྱ་བའམ། །ཐ་སྙད་དུ་བྱ་བ་ཡིན་ནོ། །གསལ་བ་མེད་པར་ནི་སྤྱི་ཉེ་བར་མཚོན་པ་མ་ཡིན་ནོ། །གསལ་བ་མཐའ་དག་མཐོང་ན་ནི་སྤྱི་ངེས་པ་མཐོང་བའི་ཕྱིར་བརྡ་འཆོལ་བ་མེད་པར་འགྱུར་རོ། །དེའི་ཚེ་ཡང་ནི་སྤྱི་ནི་དོན་མེད་པ་ཉིད་དེ། གསལ་བ་རྣམས་ཉིད་དངོས་སུ་མཐོང་བའི་ཕྱིར་རོ། །
འདི་ལྟར་གསལ་བ་གཅིག་མཐོང་ནས་འདི་ནི་བ་ལང་ངོ་ཞེས་བརྡར་བྱས་པས་ཇི་ལྟར་སོ་སོར་ངེས་པའི་སྤྱི་རྟོགས། ཕྱུགས་ཉིད་ལ་སོགས་པའི་སྤྱི་དག་ལ་ནི་སྤྱི་འགའ་ཡང་ཐ་དད་པར་མ་རྟོགས་པར་བརྗོད་དོ། །བ་ལང་ཉིད་ཙམ་བརྡའི་ཡུལ་ཡིན་ནོ་ཞེ་ན། བ་ལང་ཉིད་དེ་གང་ཡིན་ཞེས་མི་ཤེས་སོ། །
เล่ม ๑๗๙ · หน้า 217a
ཅི་ལྟར་བྱ་སྟེ་གང་ཞིག་འདི་ལྟ་བུར་གྱུར་པའི་གསལ་བས་གསལ་བར་བྱའོ་ཞེ་ན། གསལ་བ་འདི་ལྟ་བུར་གྱུར་པ་ནི་དེས་ཡིན་པའི་ཕྱིར་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་རོ། །སྤྱི་དེ་རྟོགས་ན་ནི་གསལ་བ་རྣམས་གཅིག་ཉིད་གསལ་བ་རྣམས་ཡིན་ན་ཡང་སོ་སོར་ངེས་པའི་སྤྱི་རྟོགས་
པ་ཡིན་ནོ། །བ་ལང་ལ་ཡང་ཞེས་རང་ཉིད་ཐ་དད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བ་ལང་ཞེས་བྱ་བའི་སྤྱི་རྟ་དང་བ་ལ་སོགས་པ་ལས་མི་འཇུག་པ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །གང་ལ་བ་ལང་ངོ་ཞེས་བྱ་བའི་བློར་འགྱུར་བ་དེ་ཉིད་ལ་བ་ལང་ཉིད་དུ་རྟོགས་སོ་ཞེ་ན། གཞལ་བྱ་ཤེས་པ་མེད་པའི་བློས་
ཇི་ལྟར་གཞལ་བྱ་རྟོགས། ཁ་དོག་དང་དབྱིབས་ལས་ཐ་དད་པའི་གཞལ་བྱ་མཚུངས་པ་ནི་རྟོགས་པ་མེད་དོ། །དེ་ཉིད་སྤྱི་ཡིན་ཏེ། རྗེས་སུ་སོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཁ་དོག་ནི་གསལ་བ་གཞན་ལ་རྗེས་སུ་སོང་བའི་རང་བཞིན་མ་ཡིན་ཏེ། གསལ་
བ་གཅིག་མཐོང་ན་ཡང་དེའི་རྗེས་སུ་སོང་བར་རྟོགས་པར་ཐལ་བར་འགྱུར་རོ། །དེ་ལྟར་ཡིན་དང་གསལ་བ་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ། །སྤྱི་ནི་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་དེ་ལྟར་རྟོགས་པར་མི་འགྱུར་རོ་ཞེ་ན། འོ་ན་ནི་གཏན་མི་རྟོགས་པར་འགྱུར་རོ། །ཇི་ཙམ་
མཐོང་བ་ཙམ་ལ་རྟོགས་སོ་ཞེ་ན། མ་ཡིན་ཏེ། སྤྱི་ལ་ནི་དེ་ཙམ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་ན་ནི་སྤྱི་མ་ཡིན་ཏེ། གསལ་བ་ཉིད་ཡིན་པས་སྤྱི་གཞན་མེད་དོ། །དེ་ལྟ་བུར་གྱུར་པའི་ཤེས་པ་བསྐྱེད་པ་ཉིད་སྤྱི་ཡིན་ནོ་ཞེས་ཕྱིར་ཟློག་པར་བྱེད་ན་ནི། དེ་གཞན་ལས་ལྡོག་པ་ཉིད་སྤྱིར་འགྱུར་རོ། །
མང་པོ་རྣམས་ཀྱིས་དེ་ལས་གཞན་དག་ལས་ལྡོག་པ་ཉིད་སྤྱི་ཡིན་གྱི་དེ་དང་རིགས་མི་མཐུན་པ་ལ་ལྡོག་པ་ཙམ་ལས་གཞན་པའི་སྤྱི་དེ་ནི་འདི་ཡིན་ནོ་ཞེས་བསྟན་པར་ནུས་པ་མ་ཡིན་ནོ། །རིགས་མི་མཐུན་པ་ནི་ཅིག་ཤོས་ལས་ལོག་པ་ཉིད་ཡིན་ལ། ཇི་ལྟར་གཅིག་པ་དང་ཐ་དད་པ་དེའི་ཕྱིར་གཞན་དང་
གཞན་དུ་མཐོང་བ་ཡིན་གྱི་གཞན་དུ་མ་ཡིན་ནོ། །སྤྱི་ནི་འདི་ཡིན་ནོ་ཞེས་བསྟན་པར་ནུས་པ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་བསྟན་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ལན་མ་ཡིན་ཏེ། མེད་པར་ཐལ་བར་འགྱུར་རོ། །གསལ་བ་འགགས་ནས་ནི་སྤྱི་རྣམ་པར་གཞག་པར་ནུས་པ་མ་ཡིན་ཏེ། ཐ་
เล่ม ๑๗๙ · หน้า 217b
སྙད་མེད་པར་འགྱུར་བའི་ཕྱིར་རོ། །སྤྱི་ནི་གསལ་ཡང་དེ་ལྟ་བུ་ཉིད་དོ་ཞེས་ནི་མི་རིགས་ཏེ་ལྡོག་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་ཀྱང་ཡོད་པའི་ཕྱིར་ཏེ། ལས་རྫས་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །སྤྱི་རྣམས་ཀྱི་ཕན་ཚུན་ཐ་དད་པའི་ཐ་སྙད་ཀྱི་རྒྱུ་ཡང་ལྡོག་པ་ཉིད་ཡིན་ནོ། །འོན་ཏེ་སྤྱི་རྣམས་ཀྱི་ཕན་ཚུན་ཐ་སྙད་ཀྱི་རྒྱུ་
ནི་གསལ་བ་དང་ལྡན་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡང་སྐྱོན་ཡོད་པ་ཉིད་དེ། འདི་ལྟར། ངོ་བོས་ཐ་དད་ཡོད་མ་ཡིན། །ཇི་ལྟར་གཞན་གྱིས་ཐ་དད་འགྱུར། །དཀར་པོར་ལྡན་ཕྱིར་སྣམ་བུ་ནི། །དཀར་པོ་ཡིན་ཞེས་རབ་ཏུ་བསྒྲགས། །གཞན་གྱི་ཐ་དད་པ་ནི་གཞན་དང་ལྡན་པར་མི་འགྱུར་རོ། །སྤྱི་དང་
གསལ་བ་དག་འཕྲོད་པ་འདུ་བས་འབྲེལ་པའི་ཕྱིར་ལྡན་པ་ཉིད་དུ་འགྱུར་བ་ཉིད་དོ་ཞེ་ན། སྤྱི་ཐ་དད་པ་མེད་པ་གསལ་བ་ལ་འཕྲོད་པ་འདུ་བའི་ཕྱིར་གསལ་བ་རྣམས་ཉིད་ཐ་དད་པ་མེད་པར་འགྱུར་རོ། །དེས་ན་སྤྱི་ཐམས་ཅད་དང་ལྡན་པའི་ཕྱིར་བ་ལང་ཡང་རྟ་ལ་སོགས་པར་འགྱུར་རོ། །གཞན་ཡང་བ་
ལང་གི་སྤྱི་ནི་བ་ལང་ཉིད་ཡིན་ལ། གསལ་བ་རྣམས་ཀྱང་རང་གི་ངོ་བོས་རིགས་མཐུན་པ་དང་རིགས་མི་མཐུན་པ་ཕན་ཚུན་ཐ་དད་པ་མེད་པ་དེའི་ཕྱིར་འདི་ལྟར་གསལ་བ་སྤྱི་གཞན་ཐ་དད་པར་བྱེད་པ་ཉིད་ཡིན། འོན་ཏེ་གསལ་བ་རྣམས་རང་གི་ངོ་བོས་རིགས་མི་མཐུན་པ་དག་ལས་ཐ་དད་པ་ཡིན་ན། འོ་ན་ཐ་དད་
པ་མེད་པ་དེ་ཉིད་སྤྱི་ཡིན་ལ་རག་མོད། གཞན་གྱིས་ཅི་བྱ་སྤྱི་ཁས་བླངས་ཀྱང་གསལ་བ་ལ་ཐ་དད་པ་དེ་ཉིད་སྤྱི་སྤྱི་གཞན་དག་ལས་འབྱེད་པར་བྱེད་པ་ཡིན་པར་འགྱུར་བས། འོ་ན་སྤྱིའི་ཁྱད་པར་ནི་གྲུབ་པ་ཉེ་བར་འཇོག་པ་ཡིན་ནོ། །དེ་སྤྱི་ནི་རང་གི་ངོ་བོས་སྤྱི་གཞན་ལས་ཐ་དད་པ་ཡིན་ལ། སྤྱི་དང་ལྡན་པ་ནི་དེ་
དང་ལྡན་པས་ཐ་དད་པ་ཡིན་ཏེ། དཔེར་ན་དཀར་པོའི་རང་བཞིན་ནི་རང་ཉིད་ཁོ་ནས་ཡིན་ལ། སྣམ་བུ་ནི་དེ་དང་ལྡན་པ་ལས་ཡིན་པ་བཞིན་ནོ་ཞེ་ན། དེ་ཡང་འཐད་པ་མ་ཡིན་ཏེ། འདི་ལྟར། ཁ་དོག་དཀར་པོའི་རང་བཞིན་ནི། །འབའ་ཞིག་འགར་ཡང་རྟོགས་པ་མེད། །དེ་ནས་དེ་ཡི་ངང་ཉིད་ཀྱིས། །དཀར་པོའི་
ངོ་བོར་ཇི་ལྟར་རྟོགས། །དཀར་པོ་ལ་སོགས་པ་ནི་རྟག་ཏུ་རྫས་ལ་གནས་པ་ཉིད་དོ། །དེས་ལོགས་སུ་བལྟ་བར་མི་རུང་བ་དག་རང་ཉིད་དེའི་རང་བཞིན་ཡིན་ནོ་ཞེས་ཇི་ལྟར་འགའ་ཞིག་གིས་རྟོགས་པར་འགྱུར། དེའི་དཀར་པོ་ཉིད་དེ་ནི་རྫས་ཉིད་ལས་ཡིན་ནོ་ཞེས། ཅི་སྟེ་མི་འདོད། གལ་ཏེ་དེའི་དཀར་པོ་ཉིད་རྫས་
เล่ม ๑๗๙ · หน้า 218a
ཡིན་ན། འོ་ན་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན། འོ་ན་རྫས་ཀྱི་ངོ་བོ་ཡང་གང་ཡིན་ཞེས་ཉེས་པ་དེ་ཉིད་དོ། །རྫས་སོ་ཞེས་དེ་ལྟར་རྟོགས་པའོ་ཞེ་ན། རྫས་ཞེས་བྱ་བ་ཡང་ཁ་དོག་དང་དབྱིབས་ལ་མ་རེག་པ་རྟོགས་པ་མེད་དོ། །ཁ་དོག་དང་དབྱིབས་ཀྱང་ཡོན་ཏན་ཉིད་ཡིན་པའི་ཕྱིར་དེ་
ལས་གཞན་དུ་འགྱུར་བའི་རྫས་ཇི་ལྟར་རྟོགས་པའི་ཡུལ་དུ་འགྱུར། དབྱིབས་ཀྱང་ཁ་དོག་ལ་སོགས་པ་ལས་ཐ་དད་པ་ལ་རྟེན་པར་བྱེད་པ་མ་ཡིན་ཏེ། ཁ་དོག་ཉིད་དེ་ལྟར་ཟླུམ་པོ་ལ་སོགས་པའི་རང་བཞིན་དུ་སྣང་བ་ཡིན་ནོ། །གལ་ཏེ་རྫས་ཀྱང་སྣང་བ་ཉིད་དེ། འདི་ལྟར་རེག་པའི་རྣམ་པར་ཤེས་
པས་ཀྱང་བུམ་པ་དེ་ཉིད་ནི་འདི་ཡིན་ནོ་ཞེས་གཅིག་ཉིད་དུ་སྣང་བར་འགྱུར་རོ། །ཡོན་ཏན་ཙམ་ནི་ངོ་ཤེས་པ་མ་ཡིན་ཏེ་དེ་མ་ཡིན་ན་གཟུགས་ལ་རེག་གོ་ཞེས་བྱ་བར་འགྱུར་རོ། །རེག་པའི་ཡུལ་ནི་གཟུགས་ཡིན་པར་མི་འཐད་དོ། །དེས་ན་རྫས་ཉིད་ངོ་ཤེས་པར་རིག་པ་དང་ལྡན་པ་ཡིན་ནོ། །དེས་ན་གང་
ཞིག་གང་ལས་ཐ་དད་པའི་ཡུལ་ཅན་གྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་དེ་ནི་དེ་ལས་ཐ་དད་པ་ཡིན་ཏེ་དཔེར་ན་བུམ་པ་ལས་སྣམ་བུ་བཞིན་རྫས་ཀྱང་ཐ་དད་པའི་ཡུལ་ཅན་གྱི་ཤེས་པས་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེ་ན། འདིར་བརྗོད་པ། གཟུགས་སོགས་
ལས་གཞན་དོན་ལ་ནི། །ངོ་ཤེས་པ་ནི་མཐོང་བ་མེད། །དྲན་པ་མེད་པར་སྔ་མ་ནི། །རྟོགས་པའི་སྤྱོད་ཡུལ་འགྱུར་མ་ཡིན། །རེ་ཞིག་མཐོང་བ་ལ་ནི་བུམ་པ་ལ་སོགས་པ་སྣང་བ་མེད་དོ། །རེག་པའི་རྣམ་པར་ཤེས་པ་ཡང་དང་པོ་མ་ཡིན་ཏེ། དང་པོ་ནི་ཡན་ལག་ཙམ་སྣང་ངོ་། །དེ་ནི་ཡན་ལག་
གཞན་མེད་ཀྱང་དེ་ཁོ་ན་ལྟར་སྣང་ངོ་། །དེ་ནི་བུམ་པ་མ་ཡིན་ཏེ། ཕྱོགས་ཀྱི་རྣམ་པར་དབྱེ་བ་དང་ལྡན་པའི་ཡན་ལག་མ་ལུས་པ་ལ་ཁྱབ་པའི་ཡན་ལག་ཅན་བུམ་པ་ཡིན་པའི་ཕྱིར་རོ། །གཟུགས་ཙམ་ཡང་བུམ་པ་མ་ཡིན་ཏེ། གཟུགས་ཀྱི་འདུ་བ་ཅན་གྱི་རྒྱུ་ལ་དེ་ལྟར་བརྗོད་པའི་ཕྱིར་དང་། དེའི་ཚེ་
ངོ་ཤེས་པ་ཡང་མེད་པའི་ཕྱིར་རོ། །འོན་ཏེ་ཡན་ལག་གཞན་དང་གཞན་དག་དང་ཡོན་ཏན་གཞན་ལ་སོགས་པ་སྣང་བ་ན་ཡན་ལག་ཅན་འཛིན་པ་ཡིན་ནོ་ཞེས་འདོད་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། དེ་ཚེ་ཕྱོགས་གཅིག་གཞན་དག་ཉིད། །གཟུང་བར་འགྱུར་བ་ཡིན་པས་ན། །ཡན་ལག་
เล่ม ๑๗๙ · หน้า 218b
ཅན་གྱི་དབྱིབས་དག་ནི། །འཛིན་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་ཡོན་ཏན་གཞན་ལ་ཡང་། །ཞིག་ནའང་དྲན་པ་སྐྱེ་བ་ཉིད། །རྗེས་དཔག་ལས་ནི་རྟོགས་པ་གང་། །མངོན་སུམ་སྔོན་འགྲོ་མེད་པར་མིན། །གང་གི་ཚེ་བུམ་པ་ལ་སོགས་པ་ལ་ཡན་ལག་གཞན་དང་ཡོན་ཏན་གཞན་དམིགས་པ་དེའི་
ཚེ་ཡོན་ཏན་དང་ཡན་ལག་གཞན་མ་དམིགས་ན་ཇི་ལྟར་ཡན་ལག་ཅན་ཡིན། དེ་ཙམ་ཉིད་ནི་བུམ་པ་མ་ཡིན་ནོ། །འོན་ཏེ་དྲན་པ་དང་ལྷན་ཅིག་པའི་ངོ་ཤེས་པས་བུམ་པ་ལ་སོགས་པའི་ཡན་ལག་ཅན་ཡོངས་སུ་ཤེས་སོ་ཞེ་ན། དེའི་ཚེ་ཡན་ལག་དང་ཡོན་ཏན་གཞན་རྣམ་པར་ཕྱེ་ན་དེ་ལ་བུམ་པ་གང་
ཡིན་ཞེས་བྱ་བར་ཡང་འགྱུར་རོ། །ཕན་ཚུན་མི་དབྱེ་བ་ནི་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །མི་འབྲལ་བར་འཛིན་པའི་ཚད་མ་ཡང་ཡོད་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་དམིགས་པའི་ཕྱིར་རོ། །དབྱེར་མེད་པ་ནི་དྲན་པའི་རྟོགས་པ་དང་ངོ་ཤེས་པའི་རྟོགས་པས་གཟུང་བར་བྱ་བ་ཡིན་ནོ། །
དྲན་པ་དང་ངོ་ཤེས་པ་སོ་སོར་ཚད་མ་མ་ཡིན་པ་དག་ནི་བསྡོམས་པས་ཚད་མར་འགྱུར་བ་མ་ཡིན་ནོ། །གལ་ཏེ་སོ་སོར་གདུང་འདེགས་པར་མི་ནུས་པ་རྣམས་གཞན་དུ་ནུས་པར་མཐོང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་དེ་རྣམས་འབྲས་བུ་སྐྱེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་རྒྱུ་སྔ་མས་
བསྐྱེད་པ་ཉིད་ནུས་པ་ཡིན་གྱི་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །འདིར་དྲན་པ་དང་ངོ་ཤེས་པ་གཉིས་ལ་འབྲས་བུ་ཅི་ཞིག་ཡོད། ཡན་ལག་ཅན་རྟོགས་པའོ་ཞེ་ན། མ་ཡིན་ཏེ། དེ་ལས་གཞན་པའི་རྟོགས་པ་གཞན་མེད་པའི་ཕྱིར་རོ། །འོན་ཏེ་ངེས་པའི་རང་བཞིན་གྱིས་རྟོགས་པ་གཞན་སྐྱེའོ་ཞེ་ན། དེ་ནི་
མི་རུང་སྟེ། ཚད་མ་ཡིན་པ་ལས་ངེས་པ་ནི་མ་ངེས་པ་ཉིད་དོ། །ཚད་མ་མ་ཡིན་པ་ལས་ནི་ངེས་པ་མ་ཡིན་ཏེ། ཚད་མ་དོན་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་དེའི་ཚེ་རྗེས་སུ་དཔག་པས་ཡན་ལག་གཞན་ངེས་པ་ལ། ངོ་ཤེས་པས་གཅིག་ཏུ་རྟོགས་པའི་ཕྱིར་ཡན་ལག་ཅན་རྟོགས་པ་ཡིན་ཏེ། ཡན་ལག་
དག་ནི་ཡན་ལག་གཞན་དག་དང་གཅིག་པ་ཉིད་མ་ཡིན་ལ། ཡོན་ཏན་ཡང་ཡོན་ཏན་གཞན་དང་ཅིག་ཤོས་མ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་མངོན་སུམ་གྱིས་དེ་འབའ་ཞིག་པ་ཉིད་དུ་རྟོགས་པ་ཇི་ལྟ་བར་འགྱུར་བ་དེ་ལྟ་བུར་གྱུར་པ་
เล่ม ๑๗๙ · หน้า 219a
ཉིད་རྗེས་སུ་དཔག་པས་རྟོགས་པར་བྱེད་དོ། །དེས་ན་འབའ་ཞིག་པ་ཐ་དད་པར་གྱུར་པ་མངོན་སུམ་གྱིས་རྟོགས་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་དེ་ལྟ་བུར་གྱུར་པ་ཉིད་རྟོགས་པ་ཡིན་ནོ། །དེའི་ཕྱིར་གཞན་དུ་ཡང་མངོན་སུམ་གྱིས་མཐོང་བའོ། །དངོས་པོ་གཅིག་ཏུ་
ངོ་ཤེས་ལས། །ཇི་ལྟར་གཞན་དུ་རྟོགས་པ་ཡིས། །ལམ་དུ་མོད་ལ་བྱེད་པར་འགྱུར། །མངོན་སུམ་གྱིས་རྣམ་པ་གཞན་དུ་རྟོགས་པ་ནི་ངོ་ཤེས་པས་སྟོང་གིས་ཀྱང་གཞན་དུ་རྟོགས་པར་བྱ་ནུས་པ་མ་ཡིན་ནོ། །ངོ་ཤེས་པ་ཡང་མངོན་སུམ་ཉིད་དོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་
ལ་འཇུག་པའི་ཕྱིར་རོ། །རྗེས་སུ་དཔག་པ་དེ་ཡང་དུ་མའི་ཡུལ་ཅན་ཡིན་ནོ། །ངོ་ཤེས་པ་ཇི་ལྟར་ཐ་སྙད་ཀྱི་རྒྱུ་ཡིན་ཞེ་ན། ཚད་མ་ཉིད་ཀྱིས་ཞེས་བརྗོད་དོ། །ཚད་མ་ཉིད་ཀྱང་རྗེས་སུ་དཔག་པ་ཡིན་པས་སོ། །འོ་ན་དེ་གཅིག་པ་ཉིད་རྗེས་སུ་དཔག་པ་ཉིད་ཀྱིས་ཡིན་ཏེ་དེས་ཡན་ལག་ཅན་བདེན་པ་
ལ་བརྟེན་པར་འགྱུར་བའི་ཕྱིར། ངེད་ཀྱི་ཕྱོགས་གྲུབ་པོ་ཞེ་ན། མ་ཡིན་ཏེ། དོན་དམ་པའི་གཅིག་པ་ཉིད་གྲུབ་པར་བྱེད་པ་མ་ཡིན་ནོ། །དོན་དེ་བྱེད་པ་ཉིད་ཀྱིས་དེ་ལ་གཅིག་པ་ཉིད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་དོན་བྱ་བ་བྱེད་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་ཡང་ཡོད་པ་མ་ཡིན་ཏེ།
མེ་གཞན་གྱིས་ཀྱང་སྲེག་པར་བྱེད་པ་མཐོང་བའི་ཕྱིར་རོ། །དངོས་པོ་མེད་པའི་ཕྱིར་ཇི་ལྟར་ཉེ་བར་བཏགས་པ་ལས་གཅིག་ཉིད་ཡིན་ཞེ་ན། ཐོག་མ་མེད་པའི་བག་ཆགས་ལས་ཉེ་བར་བཏགས་པ་བརྒྱུད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ཡང་ན་དང་པོ་མཐོང་བ་ནི་དངོས་ཀྱི་གཅིག་ཡིན་པར་བརྗོད་
ལ། ཕྱིས་ནི་དེར་སྒྲོ་བཏགས་པ་ལས་དོན་བྱ་བས་བྱས་པ་ཉེ་བར་བཏགས་པ་ཡིན་ནོ། །དེའི་ཕྱིར་ལྡོག་པ་ཀུན་བརྟགས་པ་ལས་ཆོས་དང་ཆོས་ཅན་དག་དེ་ཉིད་དང་གཞན་ཉིད་དུ་འགྱུར་བ་ཡིན་གྱི་དངོས་པོ་ལ་ནི་མ་ཡིན་ནོ། །དེས་ན་ཐ་དད་པ་ནི་ཡོད་པ་མ་ཡིན་ཏེ། ཐ་དད་པ་ནི་བློས་བཏགས་པའི་
དབྱེ་བ་ལས་ཡིན་ནོ། །དབྱེ་བ་དེ་ནི་མངོན་སུམ་ལས་མ་ཡིན་ཏེ། དེ་མངོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ལས་ཀྱང་མ་ཡིན་གྱི། འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ཀྱིས་བྱས་པའི་རྗེས་སུ་དཔག་པ་བརྒྱུད་པ་ལས་བྱུང་བ་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་ནོ། །དེ་ལྟ་ན་དེ་ཉིད་དང་གཞན་
เล่ม ๑๗๙ · หน้า 219b
ཉིད་ཡོད་པས་ན་ཅིའི་ཕྱིར་འགོག་ཅེ་ན། མ་ཡིན་ཏེ། དོན་དམ་པར་ནི་རྣམ་དཔྱད་ན། །དེ་ལྟ་བུར་འགྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། །ཞེས་བཤད་ཟིན་ཏོ། །དོན་དམ་པར་ནི་ཐ་མི་དད་ལ་ཀུན་རྫོབ་ཏུ་ནི་ཐ་དད་དོ་ཞེས་བྱ་བ་ནི་ནམ་མཁའི་
གོས་ཅན་གྱི་ལྟ་བ་མ་ཡིན་ནོ། །འོན་ཀྱང་གཉི་ག་དོན་དམ་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཤད་པ། དཔག་བྱ་དཔོག་པར་བྱེད་པ་ཡི། །ཐ་སྙད་དེ་ནི་གནས་པ་འདི། །ཤེས་པ་ལས་གྲུབ་ཐ་དད་པ། །བརྟེན་ནས་རྣམ་པར་གནས་པ་ཡིན། །འདི་སྙམ་དུ་གལ་ཏེ་ཐ་དད་པ་མེད་ན་ཇི་
ལྟར་ཆོས་དང་ཆོས་ཅན་གྱི་ཐ་སྙད་དུ་འགྱུར་ཞེ་ན། ལྡོག་པས་བྱས་པའི་ཐ་སྙད་པ་ཡོད་པའི་ཕྱིར་ཀུན་རྫོབ་པའི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ཐ་དད་པ་ལ་མི་བརྟེན་པ་དང་། དོན་དམ་པར་ནི་ཐ་མི་དད་པ་མ་ཡིན་པ་ནི་མ་ཡིན་ནོ། །ཀུན་རྫོབ་ཀྱི་ཐ་སྙད་པ་འབའ་ཞིག་ལ་ནི་མི་སླུ་བ་མེད་
ལ་དོན་དམ་པ་ལ་ཡང་ཐ་སྙད་མེད་པས་གཉི་ག་ལ་དགོས་པ་ཡོད་དོ། །དེའི་ཕྱིར་གང་གི་ཚེ། བདག་ཉིད་ཇི་ལྟའི་ཐ་དད་ཀྱི། །མཐར་ཐུག་ཤེས་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་འགྱུར་བ། །དེ་ནི་ཐ་སྙད་རྟེན་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་དུ་མི་
འགྱུར་རོ། །དེ་སྐད་དུ་ཡང་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན་ནོ་ཞེས་བཤད་དོ། །དེས་ན་ལྡོག་པའི་ཐ་དད་པས་ཐ་དད་པ་ཉིད་སྐྱབས་སུ་གྱུར་པ་ཡིན་ནོ། །འདིར་ནི་ཐ་སྙད་ཀྱིས་གཞག་ལ། །ཐ་དད་
བློ་དང་འབྲེལ་མེད་ཅན། །ཆོས་ཅན་དེ་ཉིད་སྒྲུབ་བྱེད་དང་། །བྱས་པ་དེས་ན་མ་གྲུབ་བསྟན། །ལྡོག་པ་ཐ་དད་པས་ལོག་པ་ཐ་དད་པ་ནི་མ་ཡིན་ཏེ། དེ་ནི་གཅིག་ཡིན་པའི་ཕྱིར་རོ། །འོན་ཀྱང་གང་ལས་ལྡོག་པ་དེ་ཐ་དད་པ་ལས་ཡིན་ནོ། །དེ་ལ་སྒྲ་མ་ཡིན་པ་ལས་ལོག་པའི་སྒྲ་ནི་ཆོས་ཅན་ཡིན་ལ་
བྱས་པ་མ་ཡིན་པ་ལས་བཟློག་པའི་བྱས་པ་ཉིད་ནི་ཆོས་ཡིན་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །སྒྲ་དང་སྒྲ་ཉིད་ནི་དེ་ལྟ་མ་ཡིན་པས་ན་དེ་ཇི་ལྟར་ཐ་དད་པ་མེད་པར་དངོས་པོའི་རྐྱེན་དུ་འགྱུར། འགྱུར་ན་ཡང་རྣམ་གྲངས་ཁོ་ནར་འགྱུར་རོ། །དངོས་པོའི་རྐྱེན་གྱིས་
เล่ม ๑๗๙ · หน้า 220a
བརྗོད་པར་བྱ་བ་ཉིད་ལས་ཐ་དད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དྲུག་པའི་ནུས་པའི་ལས་ནི་དངོས་པོའི་རྐྱེན་ཡིན་ལ། དངོས་པོ་རྐྱེན་གྱིས་ཐ་དད་པར་འགྱུར་བ་ན་ཡང་དྲུག་པའི་ནུས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྒྲ་ནི་དོན་
གྱི་རྒྱུ་མཚན་ཅན་གྱིས་འགྱུར་བ་ཡིན་གྱི། དོན་ནི་སྒྲའི་རྒྱུ་མཚན་གྱིས་འགྱུར་བ་མ་ཡིན་ནོ། །དོན་དེ་ནི་དེ་ལྟ་བུ་ཉིད་ཡིན་ཏེ། གང་གི་ཕྱིར་བདག་ཅག་ནི་སྒྲའི་ཚད་མ་ཅན་ཡིན་ཏེ། སྒྲ་གང་བརྗོད་པ་དེ་བདག་ཅག་གི་ཚད་མ་ཡིན་ནོ། །སྒྲ་གཞན་གྱིས་བརྗོད་ན་ནི། དོན་དེ་གཞན་ཁོ་ནའོ་ཞེ་ན། དེ་ལྟ་ན་འོ་ན་རྣམ་
གྲངས་ཉིད་མེད་པར་ཐལ་ལོ། །དེའི་ཕྱིར་སྒྲ་ནི་མི་རྟག་སྟེ། སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་ནི། བློ་ཐ་དད་པ་མེད་པ་ཅན་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་དེ་ཉིད་སྒྲུབ་པར་བྱེད་པ་ཉིད་དུ་བཀོད་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །གཞན་ཡང་གལ་ཏེ་སྒྲ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཡིན་ན། འོ་ན་སྒྲ་ཉིད་དེ་
སྒྲ་ཞེས་བྱ་བ་ཉིད་ཀྱིས་རྟོགས་པ་ཡང་བརྗོད་པས་ཅི་བྱ། ཡང་བརྗོད་པ་ནི་ཆོས་གཙོར་བྱ་བའི་དོན་དུའོ་ཞེ་ན་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །ཆོས་ཅན་གཙོར་གྱུར་པ་ཡིན་ཡང་གཏན་ཚིགས་སུ་འགྱུར་བ་ཉིད་དེ་གང་གི་ཕྱིར་བྱས་པས་ན་སྒྲ་ནི་མི་རྟག་པའོ་ཞེས་བྱ་བ་བཞིན་ནོ། །མར་མེའི་ཚུལ་
དུ་ནི་རྗེས་སུ་དཔག་པའི་ཐ་སྙད་འགྱུར་བ་མ་ཡིན་ནོ། །དེས་ན་ཡང་བརྗོད་པ་ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ནོ། །ཐ་དད་པར་བརྗོད་པར་འདོད་ན་ནི་མ་གྲུབ་པ་ཉིད་དོ་ཞེས་གནས་སོ། །དེས་ན་བྱེ་བྲག་སྤྱིའི་ཆོས་ཐ་དད་ཕྱིར་རྟགས་དང་རྟགས་ཅན་ཉིད། དཔེར་ན་རྩོལ་བྱུང་ཉིད་ཀྱི་ཕྱིར། །རྩོལ་
འབྱུང་སྒྲ་ནི་མི་རྟག་བཞིན། །གང་གི་ཕྱིར་ལྡོག་པ་ཐ་དད་པ་མེད་པ་ཅན་ཉིད་ཀྱིས་དེ་ཐ་དད་མེད་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་པ་མེད་པའི་ཉེས་པར་འགྱུར་བ་དེས་ན་ཁྱད་པར་དང་སྤྱི་དག་ནི་ལྡོག་པ་ཐ་དད་པའི་ཕྱིར་རྟགས་དང་རྟགས་ཅན་ཉིད་དེ། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོར་
མི་འགལ་ལོ། །ཐ་དད་པ་མེད་པ་ལ་འགྱུར་བའི་སྐྱོན་ནི་ཐ་དད་པ་ཡོད་པ་ལ་འགྱུར་བ་མ་ཡིན་ཏེ། འོན་པའི་ཉེས་པ་ནི་རྣ་བ་མ་ཉམས་པ་ལ་མི་འགྱུར་རོ། །དེའི་ཕྱིར་རྩོལ་བ་ལས་བྱུང་བ་སྒྲ་ནི་མི་རྟག་སྟེ་རྩོལ་བ་ལས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་མ་གྲུབ་པ་ཉིད་ཀྱི་སྐྱོན་མ་ཡིན་ནོ། །སྒྲ་ལས་གནས་པའི་
เล่ม ๑๗๙ · หน้า 220b
རྩོལ་བ་ལས་བྱུང་བ་ཉིད་ནི་ཆོས་ཅན་ཡིན་ལ། སྒྲ་དང་སྒྲ་མ་ཡིན་པ་ལ་གནས་པ་ནི་གཏན་ཚིགས་ཡིན་པའི་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དབྱེ་བ་གྲུབ་པོ། །སྒྲ་ལ་གནས་པའི་རྩོལ་བ་ལས་བྱུང་བ་ཉིད་རྩོལ་བ་ལས་བྱུང་བ་གཞན་ལས་ཐ་དད་པ་ཡིན་གྱི་སྤྱི་རང་བཞིན་དུ་བརྗོད་པར་འདོད་པ་ནི་དེ་ལས་
ཐ་དད་པ་མ་ཡིན་གྱི། འོན་ཀྱང་རྩོལ་བ་ལས་བྱུང་བ་མ་ཡིན་པ་ཉིད་ལས་ཡིན་ནོ། །དེས་ན་ཁྱབ་པ་དང་ཁྱབ་པ་མ་ཡིན་པ་ཉིད་ཀྱིས་ཐ་དད་པ་ཁོ་ན་སྟེ། དཔེར་ན་ཤིང་ཉིད་དང་ཤིང་ཤ་པ་ཉིད་བཞིན་ནོ། །མ་ཁྱབ་པ་ཉིད་ནི་ཁྱབ་པར་འགྱུར་བ་མ་ཡིན་ནོ། །དེས་ན་སྒྲའི་ཁྱད་པར་ཅན་མ་ཁྱབ་པ་ནི་ཆོས་
ཅན་ཡིན་ལ། དེ་དང་དེ་མ་ཡིན་པ་ལ་གནས་པ་ནི་གཏན་ཚིགས་ཡིན་ཏེ། ཁྱབ་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །འོ་ན་ཁྱབ་པ་ཉིད་མེད་པས་སྒྲ་ཉིད་ཐ་དད་པ་མེད་པ་ཡིན་པའི་ཕྱིར་དེ་ནི་རྗེས་འགྲོ་མེད་པའི་སྐྱོན་ཉིད་དུ་འགྱུར་རོ། །དེས་ན་སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ལས་
རྗེས་སུ་འགྲོ་བ་མེད་པའི་ཕྱིར་སྐྱོན་ཉིད་ཡིན་པར་ཤིན་ཏུ་གསལ་གྱི། མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་ནི་མ་ཡིན་ནོ། །མ་གྲུབ་པ་ལ་ཡང་རྗེས་སུ་འགྲོ་བ་མེད་པ་ཉིད་རྒྱུ་ཡིན། དེ་ཉིད་གསལ་བར་སྐྱོན་དུ་འཐད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། རྗེས་འགྲོ་མེད་པའི་ཉེས་པ་ནི། །མེད་པ་ཉིད་
ཅེས་དེ་བརྗོད་མིན། །འདིར་ནི་མ་གྲུབ་པ་ཉིད་ཀྱིས། །ཉེས་པའང་གསལ་བར་འགྱུར་བ་ཡིན། །ཐ་དད་མེད་པས་མ་གྲུབ་པ་ཉིད་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་མ་གྲུབ་པ་ཉིད་དུ་གྱུར་པ་དེ་བཞག་སྟེ། ཉེས་པ་གཞན་རྗོད་པར་བྱེད་པ་ནི་རིགས་པ་དང་འབྲེལ་པ་མ་ཡིན་ནོ། །གཏན་
ཚིགས་ཡོད་ན་དེ་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའི་རྩོད་པའི་ཡུལ་དུ་འགྱུར་རོ་ཞེས་བཤད་དོ། །དེའི་ཕྱིར་ཐ་དད་པ་མེད་ན་ནི་མ་གྲུབ་པའི་སྐྱོན་དུ་འགྱུར་ལ། ཐ་དད་པ་ནི་རེ་ཞིག་གི་ཚེ་ལ་སྐྱོན་མེད་དོ་བྱ་བར་སེམས་སོ། །དེས་ན་ཕྱོགས་ཡན་ལག་ནའང་གནོད་མེད་ཕྱིར། །ཆོས་ཅན་ཐ་དད་མ་
གྲུབ་མིན། །དཔེར་ན་གོང་བུ་རྭ་ཅན་འདི། །རྭ་ཅན་ཉིད་ཕྱིར་རྟ་མིན་བཞིན། །གལ་ཏེ་གོང་བུ་གཞན་གཅད་པའི་ཕྱིར་རྭ་ཅན་ཉིད་ཕྱོགས་ཀྱི་ཁྱད་པར་ཡིན་པ་དེ་ལྟ་ན་ཡང་གཏན་ཚིགས་ཉིད་ན་འགལ་བ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་འབྲེལ་པའི་གཏན་ཚིགས་དེ་བཞིན་དུ། རྟོགས་པ་ནི་སྒྲུབ་པར་
เล่ม ๑๗๙ · หน้า 221a
བྱེད་པ་ཁོ་ནའོ། །འབྲེལ་པ་དེ་ནི་བསྒྲུབ་བྱའི་ཡན་ལག་ཉིད་ཡིན་ཡང་འགལ་བ་མེད་དོ། །དེས་ན་བསྒྲུབ་བྱའི་དུས་ན་ཡན་ལག་ཡིན་ཡང་ཆོས་ཅན་གྱི་ཁྱད་པར་ནི་ཆོས་ཅན་ཐ་དད་པ་ལས་གཏན་ཚིགས་ཡིན་པ་ཉིད་དོ། །ཡང་ན་དེ་རྟོགས་ནས་ལྡོག་ཕྱིར། །བསྒྲུབ་བྱའི་
དུས་སུ་ཡན་ལག་མིན། །ཁྱད་པར་ནི་གདོན་མི་ཟ་བར་བསྒྲུབ་བྱ་ཉིད་ཡིན་པར་མཚོན་པའི་དུས་ན་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དེ་ཉེ་བར་མཚོན་ནས་སྔ་ཉིད་དུ་ལོག་པའི་ཕྱིར་རོ། །དཔེར་ན་ལྷས་བྱིན་གྱི་ཁྱིམ་གང་ཡིན་ཞེས་དྲིས་པ་ན། གང་ན་བྱ་རོག་སྒྲ་སྒྲོགས་པའོ་ཞེས་བྱ་བ་ལ། དེ་ལྷ་
ཁང་ལ་སོགས་པ་ཉེ་བར་མཚོན་ནས་ད་ལྟར་ལོག་པ་ཡིན་ཡང་དུས་གཞན་དུ་ཡང་དེ་ཉེ་བར་མཚོན་པར་བྱེད་པ་བཞིན་ནོ། །གལ་ཏེ་མེད་པ་ཇི་ལྟར་ཉེ་བར་མཚོན་པ་ཡིན་ཞེ་ན། དེའི་འབྲས་བུ་ཁྱད་པར་གྱི་མཐར་ཐུག་པའི་བློ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བར་མཚོན་པ་ནི་དམ་བཅས་པའི་དོན་
གྱི་ཕྱོགས་གཅིག་ཉིད་ཀྱིས་མ་གྲུབ་པའི་ཉེས་པ་ལ་བརྟེན་པ་མ་ཡིན་ནོ། །གལ་ཏེ་ཆོས་ཅན་ཐ་དད་པ་ཡིན་ན་སྤྱི་དང་ཁྱད་པར་གྱི་དངོས་པོས་ཐ་དད་པ་ཡོད་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་ཉིད་ཡིན་པས་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་མ་ཡིན་ན། འོ་ན་ཆོས་ཅན་ཐ་དད་པ་མེད་པ་ཉིད་ལ་
སྐྱོན་དུ་འགྱུར་བའི་ཕྱིར། མཉན་བྱ་ཉིད་ལ་སོགས་པ་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དོ་ཞེས་བྱ་བར་འགྱུར་ལ། ཁྱབ་པ་མཚུངས་པའི་བྱས་པ་ཉིད་དང་། མི་རྟག་པ་ཉིད་ཀྱང་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཆོས་ཐ་དད་ཕྱིར་ཁྱད་པར་ཡང་། །དམ་བཅའི་དོན་དུ་
འཐད་མ་ཡིན། །རྭ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། ཁྱད་པར་ཐུན་མོང་མ་ཡིན་པ་མཉན་བྱ་ཉིད་ལ་སོགས་པ་ཡང་འགྱུར་བ་མ་ཡིན་ཏེ། ཆོས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྒྲ་མ་ཡིན་པ་ཉིད་གང་ལ་ལྡོག་པས་སྒྲ་ཉིད་ཡིན་པ་དེ་ཙམ་
ཉིད་ཀྱིས་མཉན་བྱ་ཉིད་མ་ཡིན་ནམ། དེ་སྐད་དུ་ཡང་རྣ་བས་གཟུང་བའི་མཚན་ཉིད་ནི་སྒྲའོ་ཞེས་བཤད་པ་ཡིན་ནོ་ཞེས་བཤད་དོ། །དེས་ན་ཇི་ལྟར་ལྡོག་པའི་ཐ་དད་པ་མེད་པར་ཆོས་དང་ཆོས་ཅན་ཐ་དད་ཅེ་ན། དེ་ནི་མི་རུང་སྟེ། གང་གི་ཕྱིར། ཕན་ཚུན་ནང་དུ་འདུ་ན་ནི། །ཆོས་ཐ་དད་པར་རིགས་
เล่ม ๑๗๙ · หน้า 221b
ལྡན་མིན། །དོན་གཞན་དང་ནི་འབྲེལ་པ་ལས། །འབྲེལ་མེད་པ་ནི་ཐ་དད་ཡིན། །མཉན་བྱ་ཉིད་ནི་ཉན་པའི་རྣམ་པར་ཤེས་པ་དང་འབྲེལ་པའི་ཕྱིར་མ་འབྲེལ་པ་ཉིད་ལས་ལོག་པ་ཡིན་ལ། སྒྲ་ནི་སྒྲ་མ་ཡིན་པའི་ཕྱིར་སྤྱི་ཉིད་ལས་ལྡོག་པ་ཡིན་ནོ། །གལ་ཏེ་སྒྲ་མཉན་པར་བྱ་བ་མ་ཡིན་པ་མེད་པ་དེ་ལྟར་ན་ཡང་།
ཚོགས་པ་མེད་པའི་ཕྱིར་སྐྱེས་བུ་གཞན་ལ་ལྟོས་ནས་མཉན་པར་བྱ་བ་མ་ཡིན་པར་ཡང་འགྱུར་ལ། སྒྲ་མ་ཡིན་པར་ནི་སྐྱེས་བུ་གཞན་ལ་ལྟོས་ཀྱང་མི་འགྱུར་བའི་ཕྱིར་མཉན་པར་བྱ་བ་མ་ཡིན་པ་ལས་ལོག་པས་ནི་སྒྲ་ཉིད་མ་ཡིན་ནོ། །མཉན་བྱ་ཉིད་དེ་ལྟར་འགྱུར་གྱི་སྒྲ་ཉིད་ནི་མ་ཡིན་ཏེ། དེ་ནི་མཉན་བྱ་དང་
མཉན་བྱ་མ་ཡིན་པའི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་སློབ་དཔོན་གྱིས་ཇི་སྐད་དུ་གལ་ཏེ་འདུས་པ་རྣམས་ནི་གཞན་གྱི་དོན་ཡིན་ཏེ། འདུས་པའི་ཕྱིར་རོ། །འདུས་བྱས་ནི་མི་རྟག་སྟེ། འདུས་བྱས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཡིན་པར་
མཐོང་བ་མ་ཡིན་ནམ་ཞེ་ན། འདིར་འདུས་པའམ་འདུས་བྱས་ཐམས་ཅད་ནི་དམ་བཅའ་བའི་དོན་མ་ཡིན་ཏེ། དཔེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་མིག་ལ་སོགས་པ་དང་། དེའི་ཕྱོགས་གཅིག་ཉིད་ཡིན་ནོ། །ཅི་སྟེ་ཡང་སྒྲ་ཉིད་ཐུན་མོང་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་
བརྟག་པར་མི་ནུས་ཏེ། དམ་བཅས་པའི་དོན་གྱི་ཐུན་མོང་མ་ཡིན་པའི་ཆོས་མཉན་བྱ་ཉིད་ཐུན་མོང་མ་ཡིན་པར་རིགས་ཀྱི། སྒྲ་ལ་ནི་སྒྲ་ཉིད་གཞན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་མ་གྲུབ་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ་ཞེས་གསུངས་པ་ནི་ལེགས་པར་བཤད་པ་ཡིན་ནོ། །ཕྱོགས་ཀྱི་
མཚན་ཉིད་བཤད་ཟིན་ཏོ།། །།བམ་པོ་བཅུ་པ། གཏན་ཚིགས་ཀྱི་མཚན་ཉིད་བཤད་པར་བྱ་བ་ཡིན་ནོ། །དེ་ལ་ཡང་། གང་ཕྱིར་གཏན་ཚིགས་དག་དང་ནི། །དེ་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་ལྟར་སྣང་གི། །སྔོན་དུ་དབྱེ་བས་བསྟན་པར་བྱ། །ཕྱོགས་ཆོས་མཐུན་
ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །གལ་ཏེ། དེ་ལ་མཐུན་ཕྱོགས་ལ་ཡོད་དང་། །རྣམ་གཉིས་དེ་མེད་ལ་མེད་གང་། །ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་མཚན་ཉིད་དང་། གཏན་ཚིགས་
เล่ม ๑๗๙ · หน้า 222a
ལྟར་སྣང་བའི་མཚན་ཉིད་དག་ཁོ་ན་བརྗོད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་ཕྱོགས་ཆོས་ཀྱི་དབྱེ་བ་བསྟན་ཞེ་ན། གཏན་ཚིགས་དག་དང་གཏན་ཚིགས་ལྟར་སྣང་བ་ཕལ་མོ་ཆེ་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་པ་དེས་ན་གཏན་ཚིགས་དང་། གཏན་ཚིགས་ལྟར་སྣང་བའི་མཚན་
ཉིད་བྱེ་བྲག་ཏུ་གསལ་བར་བསྟན་པའི་ཕྱིར་དང་པོ་ཕྱོགས་ཆོས་ཀྱི་དབྱེ་བ་བསྟན་ཏེ། དེ་ལྟར་ཡིན་དང་ཕྱོགས་ཀྱི་ཆོས་འདི་ནི་གཏན་ཚིགས་སོ། །འདི་ནི་གསལ་བའོ། །འདི་ནི་མ་ངེས་པ་ཡིན་ནོ་ཞེས་བདེ་བར་འཆད་པ་དང་འཛིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ། གཏན་ཚིགས་རབ་ཏུ་
དབྱེ་བའི་དོན། །བདེ་བར་གཟུང་བ་གྲུབ་བྱའི་ཕྱིར། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །མདོར་བསྡུས་པ་ནི་གསུངས་པ་ཡིན། །ཕྱོགས་ཀྱི་རབ་ཏུ་དབྱེ་བས་བསྡུས་ཏེ་བཤད་པ་གང་ཡིན་པ་དེ་ནི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བའི་དོན་ཉིད་བདེ་བླག་ཏུ་གཟུང་བའི་དོན་དུའོ། །གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་
ནི། གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་བསྟན་པའོ། །དེའི་དོན་ནི་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་ཉིད་དེ། དེ་ཉིད་ཀྱི་ཕྱིར། གཏན་ཚིགས་ལྟར་སྣང་གི །སྔོན་དུ་ཞེས་གསུངས་སོ། །གཏན་ཚིགས་ལྟར་སྣང་བ་ནི་གཏན་ཚིགས་ལྟར་སྣང་ངོ་། །ལྟར་སྣང་ནི་འདིར་
ཉེ་བའི་ཕྱོགས་གཏན་ཚིགས་ལྟར་སྣང་བ་ཡིན་གྱི། ལྟར་སྣང་བ་ཙམ་ནི་མ་ཡིན་ནོ། །གལ་ཏེ་ཆོས་ཅན་གྱི་ཆོས་ཙམ་དུ་ཉེ་བར་བསྡུས་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་གྱི། ཕྱོགས་ཀྱི་ཆོས་ཉིད་དུ་ཉེ་བར་བསྡུས་པ་ནི་མ་ཡིན་ཏེ། ནགས་ཚང་ཚིང་ལ་སོགས་པའི་ཕྱོགས་འདི་ན་དུ་བ་ཡོད་དོ་ཞེས་ཆོས་ཅན་
ཙམ་ལ་ཉེ་བར་སྟོན་པའི་ཕྱིར་རོ། །ཆོས་ཅན་ཙམ་ནི་ཕྱོགས་མ་ཡིན་ནོ། །ཆོས་ཅན་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་སྒྲུབ་པའི་ཕྱིར་དང་། ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་བསྒྲུབ་བྱ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་ཏེ། ཚོགས་དོན་བསྒྲུབ་བྱ་ཉིད་ཡིན་ཕྱིར། །གཙོ་བོ་མིན་ཡང་ཆོས་ཙམ་
ནི། །ཆོས་ཅན་ཙམ་ལ་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་ཉེ་བར་འདོགས། །གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཚོགས་པ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་ཕྱོགས་མ་ཡིན་ཏེ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པའི་ཆོས་ཅན་དེའི་ཁྱད་པར་ཅན་ནི་ཕྱོགས་ཡིན་ནོ། །
เล่ม ๑๗๙ · หน้า 222b
ཇི་ལྟར་མ་གྲུབ་པའི་ཁྱད་པར་ཡིན་ཞེ་ན། ཉེ་བར་བཏགས་པའི་ཕྱིར་རོ། །དགོས་པ་མེད་པའི་ཕྱིར་ཉེ་བར་བཏགས་པར་མི་བྱའོ་ཞེས་བྱ་བ་ཡང་འབྲེལ་པ་མ་ཡིན་ནོ། །མ་ཡིན་ཏེ་ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པ་དགག་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་པ་ཉིད་པས་ཡང་མི་
བརྗོད་དོ། །དེ་ལྟར་ཡིན་ན་མིག་གིས་གཟུང་བར་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །གལ་ཏེ་མིག་གིས་གཟུང་བྱ་ཉིད་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཡིན་གྱི། ཆོས་ཅན་གྱི་ཆོས་ནི་མ་ཡིན་པས། དེ་ལས་དེ་ནི་ཆོས་ཅན་སྨོས་པ་ཉིད་ཀྱིས་སེལ་བ་མ་ཡིན་ནམ་ཞེ་ན། ཉེ་བར་བཏགས་པ་དང་
བྲལ་བའི་ཆོས་ཅན་སྨོས་པ་ནི་བསྒྲུབ་བྱའི་ཆོས་ཅན་ཉིད་དུ་མི་འགྲུབ་པོ། །ཆོས་མི་མཐུན་པའི་དཔེའི་ཆོས་ཅན་གྱི་ཆོས་ཞེས་བྱ་བར་ཡང་འགྱུར་རོ། །མ་ཡིན་ཏེ་མེད་ལ་མེད་ཅེས་བཤད་པའི་ཕྱིར་རོ། །ཇི་ལྟར་དེ་ཉིད་ལ་ཡོད་པ་དང་དེ་ཉིད་ལ་མེད་ཅེས་བྱ་བར་འགྱུར་རོ། །དེའི་ཕྱིར་འོས་གཞན་མེད་
པས་ན་ཆོས་ཅན་གསུམ་པ་ཡོངས་སུ་གཟུང་ངོ་། །དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ནའོ། །མ་ཡིན་ཏེ། དཔེའི་ཆོས་ཅན་ཉིད་ལ་ཡོད་པར་ངེས་པར་བྱ་བའི་དོན་ཡིན་པར་དོགས་པར་འགྱུར་ཏེ། ཡང་བརྗོད་པ་ནི་ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བའི་ཚུལ་གྱིས་སོ། །གལ་ཏེ་ཡང་བརྗོད་པ་
མེད་པ་ཡང་ངེས་པར་གཟུང་བ་ཉིད་མ་ཡིན་ནམ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་ངེས་པར་གཟུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བར་ཡང་འགྱུར་རོ། །དེས་དེ་ཉིད་ལ་ཡོད་ཅེས་ངེས་པར་གཟུང་བའི་ཕྱིར་ཡིན་པར་འགྱུར་ཏེ། དེས་ན་བསྒྲུབ་པར་
བྱ་བའི་ཆོས་ཅན་ཡོངས་སུ་གཟུང་བའི་དོན་དུ་ཉེ་བར་བཏགས་པ་ཡིན་ནོ། །འོ་ན་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་ཉིད་སྨོས་པར་བྱའོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་ཉེ་བར་བཏགས་པ་ཉིད་སྐྱབས་ཡིན་པའི་ཕྱིར་རོ། །མ་གྲུབ་པ་ནི་སྒྲོ་བཏགས་པ་མེད་པར་ཁྱད་པར་དུ་འགྱུར་བ་མ་ཡིན་ནོ། །ཕྱོགས་ཞེས་
བྱ་བ་འདིས་ཀྱང་དེ་ཉིད་བརྗོད་པའི་ཕྱིར་ཁྱད་པར་ཅི་ཡོད། མིང་དང་མིང་ཅན་གྱི་འབྲེལ་པ་སྒྲུབ་པའི་འབད་པས་དཀའ་བའི་སྐྱོན་ཡོད་དོ་ཞེ་ན། མ་ཡིན་ཏེ་ཕྱོགས་ཀྱི་སྒྲ་ཡང་བསྒྲུབ་པར་བྱ་བའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྐྱེ་བོ་དག་འདི་ཉིད་ཕྱོགས་ཡིན་ཏེ་འདོད་པར་བྱ་བ་ནི་འདི་ཉིད་དོ་
เล่ม ๑๗๙ · หน้า 223a
ཞེས་ཐ་སྙད་བྱེད་པ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་གྱིས། ཚོགས་དོན་བསྒྲུབ་བྱ་ཉིད་ཡིན་ཕྱིར། །གཙོ་བོ་མིན་ཡང་ཆོས་སམ་ནི། །ཆོས་ཅན་ཙམ་ལ་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་ཉེ་བར་དོགས། །ཞེས་གསུངས་སོ། །ཉེ་བར་བཏགས་པ་མེད་པའི་ཆོས་
ཅན་རྐྱང་པ་ནི་ཕྱོགས་མ་ཡིན་ནོ། །གལ་ཏེ་ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནམ། དེ་ལ་ནི་དེ་བཏགས་པ་སྲིད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེར་ནི་ཤེས་པར་འདོད་པའི་ཆོས་ཀྱི་ཁྱད་པར་ཅན་ཞེས་བྱ་བར་བསམས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་རྗེས་སུ་
དཔག་པར་འོས་པས་ན་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་འབྲེལ་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པར་འོས་པ་གང་ཡིན་པ་དང་། ཤེས་པར་འདོད་པའི་ཁྱད་པར་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ཡིན་པས་མ་གྲུབ་པའི་ཕྱིར་ཉེ་བར་བཏགས་པ་ཉིད་དོ། །དེའི་ཕྱིར་ཉེ་བར་བཏགས་པའི་དོན་ཉིད་
ཕྱོགས་ཡིན་ནོ། །ཉེ་བར་བཏགས་པས་བསྒྲུབ་པར་བྱ་བར་འདོད་པའི་ཁྱད་པར་ཅན་ཉིད་ཀྱི་ཆོས་ཅན་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉེ་བར་བཏགས་པའི་ཁྱད་པར་གྱི་ཆོས་ཅན་ནི་ཆོས་ཞེས་བྱ་བར་ཡང་འགྱུར་རོ་ཞེ་ན། ཕྱོགས་སྨོས་པར་ནི་བསྒྲུབ་བྱའི་ཆོས་ཅན་ཡིན་པར་ཡོངས་
སུ་གཟུང་བའི་དོན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་ནི་ཆོས་གང་ཡིན་པ་དེ་ཉིད་གཏན་ཚིགས་དང་འགལ་བ་དང་མ་ངེས་པ་ཡིན་ཏེ། ཕྱོགས་དེའི་ཆོས་ནི་ཕྱོགས་ཆོས་ཡིན་ནོ། །གལ་ཏེ་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འདི་ལ་ཁྱད་པར་ནི་གཞན་རྣམ་པར་གཅོད་པར་བྱེད་པ་ཡིན་པའི་ཕྱིར་
གཞན་གྱི་ཆོས་ཉིད་ཡིན་པར་བཀག་པས་ན་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་རོ། །རྣམ་པར་གཅོད་པར་བྱེད་པ་མ་ཡིན་པ་ནི་ཁྱད་པར་མ་ཡིན་ནོ། །བྱས་པ་སྒྲའི་ཁྱད་པར་ཅན་ནི་སྒྲའི་བདག་ཉིད་ཡིན་པས་ཇི་ལྟར་བུམ་པ་ལ་སོགས་པའི་བདག་ཉིད་དམ། དེ་ལ་འཇུག་པར་འགྱུར། ཐ་དད་པ་
ཡིན་ན་བརྒྱ་ལམ་ན་འགྱུར་བ་ཡང་ཡིན་ནོ། །ཆོས་རྣམས་ནི་ཆོས་ཅན་ལས་ཐ་དད་པར་འདོད་པ་མ་ཡིན་ནོ། །ཐ་དད་པ་ནི་རྒྱུ་ལས་གཞན་ཁྱད་པར་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་གྱུར་ན་ཐམས་ཅད་འབྲས་བུའི་གཏན་ཚིགས་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཁྱད་པར་ཡིན་ན་ནི་ཐུན་མོང་མ་ཡིན་པ་ཉིད་དོ། །
เล่ม ๑๗๙ · หน้า 223b
ཁྱད་པར་མ་ཡིན་ན་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་ཐལ་ལོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཆོས་ཚིག་ཕྲད་ཐ་དད་བྱེད་པས། །མི་ལྡན་གཞན་དང་ལྡན་པ་དང་། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །གལ་ཏེ་རྣམ་པར་གཅད་པར་བྱ་བ་དང་རྣམ་པར་གཅོད་པར་བྱེད་
པའི་དངོས་པོ་གཅིག་ཉིད་དུ་ཟད་ན་སྐྱོན་འདིར་འགྱུར་བ་ཞིག་ན་རྣམ་པ་ནི་དུ་མར་མཐོང་སྟེ། ཁ་ཅིག་ཏུ་ནི་མ་འབྲེལ་པ་རྣམ་པར་གཅོད་པར་བྱེད་ལ། ཁ་ཅིག་ཏུ་ནི་གཞན་དང་ལྡན་པ། ཁ་ཅིག་ཏུ་ནི་ཤིན་ཏུ་མི་ལྡན་པ་རྣམ་པར་གཅོད་པའི་ཕྱིར་ཐ་དད་དོ། །ལྡོག་པར་བྱེད་པའི་ཚིག་ཕྲད་ཀྱིས་ནི་རྣམ་པར་
གཅད་པར་བྱ་བ་ཡིན་གྱི། གཅིག་ཏུ་ངེས་པར་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་ནི་མ་ཡིན་ནོ། །དེའི་དོན་ནི་ངེས་པར་བཟུང་བ་ཙམ་ཡིན་ལ། གཞན་དུ་ངེས་པར་བཟུང་བ་ལ་སྐྱོན་ཡོད་པ་ཡང་མ་ཡིན་ནོ། །རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཏེ། བརྗོད་པའི་རྣམ་པ་གཅིག་ལ་དོན་ཐ་དད་པ་མེད་
པའི་ཕྱིར་རོ་ཞེ་ན། འབའ་ཞིག་གི་དོན་ཐ་དད་པ་ནི་མ་ཡིན་ཏེ། འོན་ཀྱང་འབྲེལ་པ་ཅན་ཐ་དད་པའི་ཕྱིར་རོ། །འབྲེལ་པ་ཅན་ཐ་དད་པ་ནི། །ཁྱད་པར་ཁྱད་པར་ཅན་དག་དང་། །བྱ་བ་དང་ནི་ལྷན་ཅིག་བརྗོད། །གཙོ་བོ་ནི་འབྲེལ་པ་ཅན་ཉིད་ཡིན་ཏེ། འདི་ལྟར། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་ཡི་
དོན་ནི་རྟོགས་པར་འགྱུར། །ཁྱད་པར་དང་ལྷན་ཅིག་བརྗོད་པས་ནི་མི་ལྡན་པ་རྣམ་པར་གཅོད་པར་བྱེད་ལ། ཁྱད་པར་ཅན་དང་ལྷན་ཅིག་བརྗོད་པས་ནི་གཞན་དང་ལྡན་པ། བྱ་བ་དང་ལྷན་ཅིག་པས་ནི་གཏན་མི་ལྡན་པ་རྣམ་པར་གཅོད་པ་ཡིན་ནོ་ཞེས་གོ་རིམས་ཇི་ལྟ་བ་བཞིན་དུ་འབྲེལ་ཏོ། །ངེས་པར་གཟུང་
བ་ན་ཁྱད་པར་ལ་སོགས་པའི་ཚིག་ཉིད་ཀྱིས་སྟོན་པར་བྱེད་ལ། ཚིག་ཕྲད་ནི་དེ་གསལ་བར་བྱེད་པ་ཡིན་ཏེ། དེས་ནི་དེ་ཉིད་མངོན་པར་བྱེད་པའི་ཕྱིར་རོ། །འདི་ལྟར་བུམ་པར་ཆུ་ཁྱེར་ལ་ཤོག་ཅེས་བྱ་བས། གལ་ཏེ་བྱེད་པའི་ཁྱད་པར་མིན་པར་འཕེན་པ་ན་ཁྱད་པར་བྱེད་པ་དོན་མེད་པར་འགྱུར་རོ། །དེ་
བཞིན་དུ་ལས་ལ་སོགས་པ་ཡང་ངོ་། །དེ་བས་ན་ངེས་པར་གཟུང་བ་ན་བུམ་པ་ལ་སོགས་པའི་ཚིག་གིས་རྟོགས་པ་ཉིད་ལ་དེ་དག་ཀྱང་ཐ་དད་པས་དོན་ཐ་དད་པ་ཡིན་ནོ། །གལ་ཏེ་དེ་དག་ཐ་དད་པས་ནི་དོན་ཐ་དད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ། ངེས་པར་བཟུང་བ་ནི་ཐུན་མོང་མ་ཡིན་པ་ཉིད་དུ་རྟོགས་ཏེ།
เล่ม ๑๗๙ · หน้า 224a
དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཐ་དད་པར་བརྟགས་པས་ངེས་པར་བཟུང་བ་ནི་ཚིག་ཕྲད་ཀྱི་བརྗོད་བྱ་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་མ་སྦྱར་ན་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་གང་མེད་ཀྱང་རྟོགས་པ་དེ་ནི་ཇི་ལྟར་དེའི་དོན་ཡིན། འོ་ན་ཇི་
ལྟར་ཐ་དད་པར་བརྗོད་པ་དག་བརྗོད་པར་བྱ་བ་ཐ་དད་པ་མེད་པར་ཇི་ལྟར་འགྱུར། རྣམ་པར་གཅོད་པ་ཉིད་ནི་སྒྲའི་བརྗོད་པར་བྱ་བ་མ་ཡིན་ཏེ། དེའི་བརྗོད་པར་བྱ་བ་ནི་དངོས་པོ་ཡིན་པའི་ཕྱིར་དང་། རྣམ་པར་གཅོད་པ་ནི་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་
ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །ཕན་ཚུན་དོན་འབྲེལ་པ་ཅན་གྱི་ཚིག་གི་ཚོགས་ནི་ངག་གོ། །འདིར་ནི་ངག་རྫོགས་པར་བྱེད་པའི་ཚིག་ཉིད་ངག་གི་སྒྲས་བརྗོད་པ་ཡིན་ཏེ། དེ་
དག་ཉིད་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་དང་། དེ་ལས་གཞན་པའི་ངག་ཀྱང་མེད་པའི་ཕྱིར་རོ། །ངག་གང་གིས་འབྲས་བུ་གང་ཡིན་པ་དེ་ཉིད་དེའི་བསྟན་པར་བྱ་བ་ཡིན་པས་ན་དོན་ནི་དེ་ཉིད་ཡིན་ནོ། །རྣམ་པར་གཅོད་པ་ཡང་རྣམ་པར་གཅོད་པ་ལས་གཞན་མ་ཡིན་ཏེ། དེས་ན་རྣམ་
པར་གཅོད་པར་བྱ་བའི་དོན་རྟོགས་པའི་ཕྱིར། དེ་དང་ཐ་དད་པ་མེད་པས་རྣམ་པར་གཅོད་པར་ཡང་རྟོགས་པ་ཡིན་ཏེ། དེས་ན་རྣམ་པར་གཅོད་པ་ཉིད་བསྟན་པར་བྱ་བ་ཡིན་ནོ། །ཅི་སྟེ་བསྟན་པར་བྱ་བ་ནི་དངོས་པོ་ཡིན་ལ། རྣམ་པར་གཅོད་པ་ནི་དངོས་པོ་མེད་པའི་རང་བཞིན་ཚད་མ་གཞན་གྱིས་
རྟོགས་པར་བྱ་བ་འཕེན་པ་ཡིན་ལ། འཕངས་པ་དེ་ནི་ཁོ་ནའི་སྒྲ་ལ་སོགས་པས་གསལ་བར་བྱེད་དོ་ཞེ་ན། དེ་ཡང་མི་རུང་སྟེ། ཇི་ལྟར། གཞན་བརྗོད་པས་ནི་མ་འབྲེལ་པ། །གཞན་ནི་འཕེན་པར་ཇི་ལྟར་འགྱུར། །འབྲེལ་པ་མེད་ཀྱང་འཕེན་ན་ནི། །ཧ་ཅང་ཐལ་བ་བཟློག་པ་མེད། །གལ་ཏེ་ལྡོག་
པ་ལྡོག་པ་དང་ལྡན་པ་ལས་ཐ་དད་པ་མ་ཡིན་ན། དེའི་བདག་ཉིད་ཡིན་པའི་ཕྱིར་འཕེན་པར་འགྱུར་རོ། །ཐ་དད་ཀྱང་འབྲེལ་པའི་ཕྱིར་འཕེན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་ན་དངོས་པོ་གཞན་ལས་ལྡོག་པ་མེད་པར་མངོན་སུམ་གྱིས་རྟོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པའི་ཚད་མས་
เล่ม ๑๗๙ · หน้า 224b
གཞན་གྱིས་ལྡོག་པ་རྟོགས་པ་ཡིན་ན་ཡང་། དེ་དང་འབྲེལ་པ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །ལྡོག་པ་མེད་པ་དང་། ལྡོག་པ་ནི་འབྲེལ་པར་རྟོགས་ནུས་པ་ཡང་མ་ཡིན་ནོ། །འོན་ཏེ་ཐ་དད་ཀྱང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་ལྡོག་པ་དང་དོན་ལྷན་ཅིག་ཉིད་དུ་སྐྱེ་བ་ཡིན་ནོ་སྙམ་ན།
དེ་ནི་མི་འཐད་དེ། འདི་ལྟར། དེ་ཐ་དད་པས་དོན་དེ་ནི། །རང་ཉིད་རྗེས་སུ་འགྲོ་བའི་ཕྱིར། །གཞན་ཡོད་པས་ནི་ཐ་མི་དད། །ཐ་དད་པར་ནི་འགྱུར་མི་འོས། །རྭ་འདི་ནི་རྭ་འདི་ཡིན་ནོ་ཞེས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་འགྱུར་བ་མ་ཡིན་ཏེ། དུས་མཉམ་པ་ཉིད་ཀྱིས་ན་གཉི་ག་ཡང་ཕན་
ཚུན་རྣམ་པར་འཆད་པར་རྟོགས་པའི་ཕྱིར་དང་། འདིའོ་ཞེས་བྱ་བ་ཉིད་ཙམ་དུ་འགྱུར་གྱི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་ནི་མ་ཡིན་ནོ། །ཕན་ཚུན་ཕན་འདོགས་པ་ཉིད་ཡིན་ན་དུས་མི་མཚུངས་པ་ཉིད་དོ། །གཞི་དང་གཞི་ཅན་གྱི་དངོས་པོ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོའི་རྒྱུ་མཚན་
ཡིན་ནོ་ཞེ་ན། མ་ཡིན་ཏེ། བླ་འོག་ཏུ་མ་རྟོགས་པའི་ཕྱིར་རོ། །ལྡོག་པའི་དབུས་སུ་དངོས་པོ་རྟོགས་པའི་ཕྱིར་གཞི་དང་གཞི་ཅན་གྱི་དངོས་པོ་ཡིན་ནོ་ཞེ་ན། གལ་ཏེ་འདི་ལྟར་ན་འབྲེལ་པར་རྟོགས་པར་མི་འགྱུར་རོ། །གང་ཞིག་གང་གི་དབུས་ན་གནས་པ་དེའི་དེ་ཡིན་ནོ་ཞེས་བསྙད་པ་ནི་མ་ཡིན་
ཏེ། བུམ་པའི་མུན་པ་དང་སྣང་བ་ཞེ་འམ། སྣམ་བུའི་དབུས་ན་གནས་པ་ན་བུམ་པའི་སྣམ་བུ་ཞེས་ཐ་སྙད་བྱེད་པ་ནི་མ་ཡིན་ནོ། །དངོས་པོ་མེད་པའི་དབུས་ནི་གདོན་མི་ཟ་བར་གནས་པར་འགྱུར་བ་ཡིན་ཏེ། དངོས་པོ་མེད་པ་མོད་ན་ནི་སྣམ་བུ་ལ་སོགས་པ་དབུས་སུ་གནས་པར་མི་འགྱུར་ཏེ།
དེའི་ཁྱད་པར་ཉིད་དུ་ཐལ་བའི་ཕྱིར་རོ་ཞེ་ན། འོ་ན་ནི་དངོས་པོ་མེད་པ་གཞན་མེད་པར་དངོས་པོ་མེད་པའི་དབུས་སུ་གནས་པར་མི་འགྱུར་ཏེ། ཁྱབ་པར་ཐལ་བ་ཉིད་ཀྱི་ཕྱིར་རོ། །དོན་དེར་ནི་ངོ་བོས་ནི་དངོས་པོ་མེད་པའི་དབུས་སུ་ཡང་གནས་པ་མ་ཡིན་ནོ། །གང་ཞིག་གང་ན་གནས་པ་དེ་ནི། གཞི་
ལས་ཐ་དད་པའི་དངོས་པོ་མེད་པ་མེད་པར་མི་འགྱུར་བ་ཡིན་ཏེ། དཔེར་ན་སྣམ་བུའི་དབུས་ན་གནས་པ་བཞིན་ནོ། །དངོས་པོ་མེད་པའི་དབུས་ན་གནས་པ་ཡང་དབུས་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དངོས་པོ་མེད་པའི་དབུས་སུ་ནི་རང་ཉིད་གནས་
เล่ม ๑๗๙ · หน้า 225a
པ་ཡིན་ཏེ། དངོས་པོ་མེད་པ་ནི་རང་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ལ་ཆ་ཤིང་སྦྱོར་བ་ཡིན་པའི་ཕྱིར་དེ་ལ་ཡང་ཤིང་དང་སྦྱོར་བར་བྱེད་པ་གཞན་ཡོད་པར་འགྱུར་བ་ནི་མ་ཡིན་ཏེ། རང་ཉིད་དེ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་ཞེ་ན། འདི་ལྟར། ལ་ཆ་ངོ་བོ་ཉིད་ཀྱིས་ནི། །མེས་
བཞུས་ཤིང་སྦྱོར་བྱེད་པ་ཡིན། །དངོས་མེད་ངོ་བོ་ཉིད་ཀྱིས་ནི། །ཁྱབ་པའི་བྱེད་པར་ནུས་མ་ཡིན། །གལ་ཏེ་དངོས་པོ་ཁྱབ་མིན་ན། །དངོས་པོ་མེད་པ་དོན་མེད་འགྱུར། །དངོས་པོ་མེད་པའང་ཁྱབ་ཡིན་ན། །གཞན་དེའི་དབུས་སུ་ཇི་ལྟར་གནས། །དངོས་པོ་མེད་པ་ནི་རང་གི་ངོ་བོ་ཙམ་
གྱིས་ཁྱབ་པའི་བར་དུ་གནས་པར་བྱེད་པ་མ་ཡིན་ཏེ། ཁྱབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མ་ཁྱབ་པ་ཉིད་དུ་འདོད་དོ་ཞེ་ན། དེ་དངོས་པོ་མེད་པས་ཅི་བྱ་དངོས་པོ་མེད་པ་ནི་མི་འདྲེ་བར་བྱ་བའི་དོན་དུ་འདོད་པ་ཡིན་ན། དེ་ནི་དངོས་པོ་རྣམས་ཁྱབ་པ་མ་ཡིན་པས་ན་རང་ཉིད་གྲུབ་པའི་ཕྱིར་
དོན་མེད་པ་བཟློག་ཏུ་མེད་དོ། །གལ་ཏེ་དངོས་པོ་མེད་པའམ། །དངོས་པོ་མེད་པ་དང་ལྷན་ཅིག་པའི་རང་གི་རྒྱུས་མ་ཁྱབ་པར་བྱས་སོ་ཞེས་བྱ་བ་ལ་འགལ་བ་ཅི་ཡོད་ཅེ་ན། དེ་ཡང་མི་རུང་སྟེ། གལ་ཏེ་དངོས་པོ་མེད་པས་དོན། །ཁྱབ་པ་མ་ཁྱབ་པར་བྱེད་ན། །སྔར་ནི་འདྲེས་པ་ཡོད་པ་དེ། །ཕྱི་
ནས་ཇི་ལྟར་གཞན་དུ་འགྱུར། །ཁྱབ་པ་ནི་མ་ཁྱབ་པར་བྱ་ནུས་པ་མ་ཡིན་ནོ། །དོན་རྣམས་སྔར་མ་ཁྱབ་པ་ཉིད་ཡིན་ན་མ་འདྲེས་པ་ཉིད་དོ། །འོན་ཏེ་སྔར་མེད་པ་ཉིད་དོ་ཞེ་ན། འོ་ན་འདིའི་རང་བཞིན་དེ་ལྟ་བུ་ཡིན་པར་འགྱུར་ཏེ་གཞན་དུ་མཐོང་བ་མེད་པའི་ཕྱིར་རོ། །འོན་ཏེ་རང་གི་ངོ་བོས་ནི་ཁྱབ་པ་
ཡང་མ་ཡིན་མ་ཁྱབ་པ་ཡང་མ་ཡིན་གྱི། ཁྱབ་པ་ཉིད་དང་ལྡན་པས་ནི། །ཁྱབ་པར་འགྱུར་ལ། དེ་མེད་པ་ཉིད་དང་ལྡན་པས་ནི་ཁྱབ་པ་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ། མ་འདྲེས་བདག་ཉིད་དངོས་རྣམས་ལ། །ཐ་དད་ཐ་མི་དད་དོ་ཞེས། །གཞན་གྱི་ཁྱད་པར་ཅན་གྱི་ནི། །སྤྲོས་པ་འདི་ནི་
རྟོགས་པ་ཉིད། །ཅེས་བཤད་པ་ཡིན་ནོ་ཞེ་ན། དེ་ཡང་མི་བཟང་སྟེ། འདི་ལྟར། གལ་ཏེ་གཉིས་དང་བྲལ་བ་དེ། །གཞན་དུ་རྟོགས་པ་ཡིན་ན་ནི། །དེའི་ཚེ་དངོས་དེ་གཞན་དང་ལྡན། །གཉིས་ལ་བརྟེན་ཅེས་རྟོགས་པར་འགྱུར། །དེ་མ་ཡིན་ན་ནི། དངོས་དེ་ལས་གཞན་གཉིས་དང་ནི། །དེ་
เล่ม ๑๗๙ · หน้า 225b
བཞིན་དེ་ཡི་འབྲེལ་པ་གཞན། །ཁྱད་པར་རྣམས་ནི་མ་འདྲེས་པར། །ངོ་བོ་ཉིད་དུ་རྟོགས་པར་འགྱུར། །གལ་ཏེ་དེ་འདྲེས་པར་རྟོགས་ན། །དེ་ལྟར་ན་ནི་འཁྲུལ་པར་འགྱུར། །དེ་ལྟ་ན་ནི་དོན་མེད་ཕྱིར། །མ་རིག་པ་ཉིད་ཙམ་དུ་འགྱུར། །ཁྱད་པར་དང་ལྡན་པ་དེ་ཡང་ཁྱད་པར་རྣམས་ལས་རང་
ཉིད་ཐ་དད་པའི་ཕྱིར་ཁྱད་པར་གཞན་རྟོགས་པ་ནི་དོན་མེད་དོ། །ཁྱད་པར་ལས་རང་ཉིད་ཁོ་ནས་ཐ་དད་པ་ཡིན་ན། ཁྱད་པར་དང་ལྡན་པ་གཞན་ལས་ནི་ཁྱད་པར་གྱིས་ཐ་དད་པ་ཞེས་བྱ་བ་འདི་ལ་ཚད་མ་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོས་ཐ་དད་པ་ཡོད་ན་ཐ་དད་པ་དེ་ཉིད་
ཁྱད་པར་དང་ལྡན་པས་གཞན་ལ་ལྟོས་པ་ཡང་བལྟ་བར་བྱ་བའོ། །ཐ་དད་པ་གཞན་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་དེ་སྙེད་ལ་དགོས་པ་མེད་པའི་ཕྱིར་རོ། །རང་བཞིན་གྱིས་ནི་ཐ་དད་ཕྱིར། །ཐ་དད་པས་ཀུན་ལས་ལྡོག་ཕྱིར། །འདིར་ནི་ཐ་དད་གཞན་དུ་ཡང་། །བསྟན་པས་ཡོན་
ཏན་ཅི་ཞིག་ཡོད། །འོན་ཏེ་འདི་ལས་ཀྱང་ཐ་དད་ལ། འདི་ལས་ཀྱང་ཐ་དད་དོ་ཞེས་འདོད་པའི་ཕྱིར་ཐ་དད་པར་རྟོགས་པ་ཡིན་ནོ། །ཚད་མར་གྲུབ་པའི་དོན་མེད་ཀྱང་དོར་བའི་ཡུལ་དུ་རྟག་པར་ནུས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་ཁྱད་པར་ཡང་ཐ་དད་དོ་ཞེས་རྟོགས་པ་ཡིན་པའི་ཕྱིར་
ཐ་དད་པ་གཞན་ཁས་བླང་བར་བྱ་ལ། དེ་ལས་ཀྱང་ཐ་དད་པ་གཞན་ཡིན་པའི་ཕྱིར་ཐ་དད་པ་རྣམས་ཐུག་པ་མེད་པར་འགྱུར་ལ། རང་གི་ངོ་བོས་ནི་ཐ་དད་པ་མེད་པར་ཐལ་ལོ། །ལེགས་པར་བྱོན་ཏོ། །འགྱུར་མོད་སྐྱོན་ཅི་ཡོད། འདི་ཉིད་ཁས་བླངས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ།
ངོ་བོས་ཐ་དད་ཡོད་མིན་ན། །རང་བཞིན་གྱིས་ཀྱང་ཐ་དད་དུ། །མི་འགྱུར་ཐ་དད་མེད་ན་དེ། །གཞན་ཡིན་པར་ནི་ཇི་ལྟར་འགྱུར། །རང་གི་ངོ་བོས་ཐ་དད་པ་མ་ཡིན་པ་ནི་གཞན་གྱི་ངོ་བོས་ཐ་དད་པར་འགྱུར་བ་མ་ཡིན་ནོ། །ཐ་དད་པ་མ་ཡིན་ན་དེ་གཞན་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་རང་
གི་ངོ་བོ་ཐ་དད་པ་མ་ཡིན་ན་གཞན་ཉིད་མེད་ལ། དེ་མེད་པའི་ཕྱིར་ཇི་ལྟར་དེ་ལས་ཐ་དད་པར་འགྱུར། འོན་ཏེ་དེ་ལས་ཐ་དད་པར་བྱེད་པ་ནི་རང་གི་ངོ་བོས་ཐ་དད་པ་ཡིན་ལ། དེས་ནི་ཆོས་ཅན་གྱི་རང་བཞིན་ཐ་དད་པ་མེད་པ་ཡང་ཐ་དད་པ་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། འདི་ལྟར།
เล่ม ๑๗๙ · หน้า 226a
གལ་ཏེ་དེ་ནི་རང་བཞིན་གྱིས། །ཐ་དད་གཞན་ཡང་དེ་ལྟར་འགྱུར། །ཤིན་ཏུ་རིང་བར་སོང་ནས་ནི། །སླར་ཡང་འོང་བར་ནུས་པ་མིན། །གང་གི་ཚེ་དེ་ལས་ཐ་དད་པའི་ཐ་དད་པར་བྱེད་པ་པོ་རང་གི་ངོ་བོས་ཐ་དད་པ་མ་ཡིན་པ་དེ་ཉིད་ཀྱི་ཚེ་དེ་ལས་གཞན་པ་དག་རང་ཚོན་
གྱིས་མ་བསྒྱུར་བར་དམར་བའི་ཀིང་ཤུ་ཀའི་མེ་ཏོག་གི་དོག་པའི་ཕལ་པོ་ཆེ་ཉིད་དུ་འགྱུར་རོ། །ཐ་མི་དད་པ་ནི་ཐ་དད་པར་འགྱུར་བ་ནུས་པ་མ་ཡིན་ནོ། །ཐ་དད་པ་གཞན་གྱིས་ནི་ཐ་དད་པ་མེད་པ་ཐ་དད་པ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་གཅིག་རང་གི་ངོ་བོས་ཐ་དད་པ་ཡིན་ན་ཐ་དད་པ་
དང་ལྡན་པས་ཡང་དེ་བཞིན་དུ་དེར་འགྱུར་བས་གཞན་ལས་ཐ་དད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་དང་མ་འདྲེས་པའི་ངོ་བོ་ཉིད་ཀྱིས་ན་རང་གི་ངོ་བོ་ཉིད་ཐ་དད་པ་ཡིན་པའི་ཕྱིར་ཐ་དད་པ་དང་དོན་གྱི་རང་བཞིན་དག་དེའི་རང་དབང་ཁོ་ན་ཡིན་ཏེ། དེས་ན་ཐ་དད་པ་ཉིད་ངག་གི་དོན་ཡིན་ནོ། །དེ་ཉིད་གཙོར་
བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དངོས་པོ་བརྗོད་པ་ཉིད་དུ་ཡང་མི་འགྱུར་ཏེ། འཆོལ་བ་ནི་དངོས་པོ་ཉིད་དུ་མི་རུང་བའི་ཕྱིར་རོ། །དངོས་པོ་ནི་དོན་བྱ་བ་བྱེད་པ་ཡིན་ན་ཐམས་ཅད་འདོམ་ན་ནི་དོན་བྱ་བ་སྲིད་པ་མ་ཡིན་ནོ། །དོན་གཞན་ལས་ངོ་བོ་ཉིད་ཀྱིས་ཐ་དད་པ་དེ་ཡང་མངོན་སུམ་
གྱིས་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ལ་བརྡ་བྱས་ན་ནི་དེ་ཉིད་སྒྲས་གོ་བར་བྱ་བ་ཡིན་པའི་ཕྱིར་རྣམ་པར་གཅོད་པ་ཉིད་སྒྲའི་བརྗོད་པར་བྱ་བ་ཡིན་ནོ། །ལོག་པ་ནི་ལོག་པ་མ་ཡིན་པར་བརྗོད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ལྡོག་པ་དེ་རང་གི་ངོ་བོར་འགྱུར་བ་མ་ཡིན་ནམ། དེ་ལ་རང་གི་ངོ་བོ་བརྗོད་
པ་མེད་ན་ཇི་ལྟར་དེ་དང་ཐ་མི་དད་པའི་ལྡོག་པ་བརྗོད་པ་ཡིན། འོན་ཏེ་ལྡོག་པ་ཐ་དད་པ་ཡིན་ན་དེའི་ཚེ་འདི་རང་གི་གསལ་བ་ལས་རྗེས་སུ་སོང་བའི་ཕྱིར་རིགས་ཉིད་ཚུལ་གཞན་གྱིས་བསྟན་པར་འགྱུར་རོ། །དེ་ལྟ་ན་ཡང་རྗེས་སུ་སོང་བའི་རང་བཞིན་ཉིད་རྟོགས་པར་བྱ་བ་ཡིན་གྱི། ལྡོག་པ་ནི་མ་
ཡིན་པའི་ཕྱིར་ཇི་ལྟར་ངག་རྣམ་པར་གཅོད་པའི་འབྲས་བུ་ཅན་དུ་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། བུམ་པ་དེ་ཉིད་དེ་ལས་ནི། །གཞན་པ་དག་ལས་ལྡོག་པར་བརྗོད། །ལྡོག་མེད་པ་ཉིད་སྤྱི་དང་ནི། །ལྡན་པས་ཐ་དད་འགྱུར་བ་མིན། །འདི་ནི་བསྟན་ཟིན་ཏོ། །རང་ཉིད་ལྡོག་པ་མ་ཡིན་པ་དེ་ལས་
เล่ม ๑๗๙ · หน้า 226b
གཞན་དང་ལྡན་པས་ལྡོག་པར་འགྱུར་བ་ནི་མ་ཡིན་ནོ། །སྤྱི་དང་ལྡན་པ་ནི་མཚུངས་པ་ཉིད་དུ་འགྱུར་བ་ཡིན་ནོ། །དེར་ཡང་འགྱུར་བ་མ་ཡིན་ཏེ། མཚུངས་པ་མ་ཡིན་པ་ནི་གཞན་དང་ལྡན་ཡང་མཚུངས་པ་ཉིད་དུ་འཐད་པ་མ་ཡིན་ནོ། །གལ་ཏེ་རང་ཉིད་མཚུངས་ན་ནི། །སྤྱི་རྟོགས་པ་ནི་དོན་མེད་ཡིད། །
སྤྱི་དང་ལྡན་ཡང་མི་མཚུངས་པ། །དེ་ཡི་བདག་ཏུ་འགྱུར་མ་ཡིན། །གལ་ཏེ་སྤྱི་དང་ལྡན་པར་གྱུར་ཀྱང་མཚུངས་པ་ཉིད་ནི་མ་ཡིན་ནོ། །དེ་ནི་རང་གི་རང་བཞིན་དུ་སྣང་བའི་ཕྱིར་རོ། །ཐ་དད་པར་སྣང་ན་ནི་སྤྱི་དང་ལྡན་པ་ཞེས་བྱ་བར་འཐད་དོ། །ཐ་དད་པ་མེད་པར་སྣང་ན་སྤྱི་ཞེས་བྱ་བ་ཁོ་ནར་ཟད་དོ། །
གལ་ཏེ་ཐ་དད་པར་མ་བཟུང་ན་ནི་སྤྱི་ཞེས་བྱ་བའམ་ཁྱད་པར་ཞེས་བྱ་བ་ཙམ་དུ་འགྱུར་རོ། །འོན་ཏེ་ཐ་དད་པ་ཡང་སྣང་ལ་ཐ་དད་པ་མེད་པར་སྣང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། གལ་ཏེ་ཐ་དད་པར་སྣང་ན། །དེས་ན་སྤྱི་དང་ལྡན་པར་འགྱུར། །ཐ་དད་མེད་པར་སྣང་ཞེ་ན། །དེས་ན་དེ་ནི་
སྤྱིར་འགྱུར་རོ། །གཅིག་ལ་ནི་ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་གཉིས་འཐད་པ་མ་ཡིན་ནོ། །གལ་ཏེ་སྤྱི་དེ་གསལ་བ་ལས་རང་བཞིན་དེ་ཉིད་ཀྱིས་ཐ་དད་པ་ཡང་ཡིན་ལ། རང་བཞིན་དེ་ཉིད་ཀྱིས་ཐ་དད་པ་མེད་ཀྱང་ཡིན་པ་མ་ཡིན་ཏེ། འོན་ཀྱང་རང་བཞིན་འགས་ནི་ཐ་དད་པ་ཡིན་ལ།
རང་བཞིན་འགས་ནི་ཐ་དད་པ་མེད་པ་ཡིན་ནོ་ཞེས་རྣམ་པར་གནས་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་བདེན་པ་མ་ཡིན་ཏེ། གང་གི་ཕྱིར། ཕན་ཚུན་ཐ་དད་ཕྱིར་ན་སྤྱི། །རང་བཞིན་གཉིས་པར་འགྱུར་མ་ཡིན། །དངོས་པོ་གཉིས་པོ་དེ་ལ་ནི། །སྤྱི་གཞན་དག་ཏུ་འགྱུར་བ་ཡིན། །སྤྱི་ཡི་རང་བཞིན་ཐ་དད་
ཕྱིར། །གསལ་བ་ཉིད་དུ་ཐལ་བར་འགྱུར། །རང་བཞིན་ཐ་དད་ཕྱིར་ན་ནི། །གསལ་བའི་ཕྱིར་ཡང་འཐད་མི་འགྱུར། །གལ་ཏེ་རང་བཞིན་འགས་ནི་ཐ་དད་ལ་གཞན་གྱིས་ནི་ཐ་མི་དད་པའི་ཕྱིར། སྤྱི་ལ་རང་བཞིན་གཉིས་ཡོད་ན། །དེ་དང་ཕན་ཚུན་ཐ་དད་པའི་ཕྱིར་གསལ་བའི་རང་བཞིན་ཉིད་
དུ་འགྱུར་རོ། །ཐ་དད་པའི་རང་བཞིན་ལས་གསལ་བ་གཞན་ནི་མེད་དོ། །གསལ་བ་ཉིད་དང་ལྡན་པའི་ཕྱིར་གསལ་བ་ཡིན་ནོ་ཞེ་ན། གསལ་བ་ཉིད་ནི་སྤྱི་མ་ཡིན་ནོ། །དེ་དང་ལྷན་ཅིག་མཚུངས་པར་འགྱུར། །དེ་ནི་གསལ་བས་གཞན་མིན་ན། །ཁྱབ་པ་ཉིད་མིན་ཐལ་བར་འགྱུར། །རང་བཞིན་
เล่ม ๑๗๙ · หน้า 227a
གཉིས་སུ་རྟོགས་ན་ཡང་། །སྔ་མ་བཞིན་དུ་ཐལ་བར་འགྱུར། །དེའི་ཕྱིར་གསལ་བ་རྣམས་ཀྱི་གཤིས་ནི་ཐ་དད་པ་ཉིད་ཡིན་ཏེ་དེས་ན་གསལ་བ་ཉིད་ཡིན་ན་དེ་སྤྱི་མ་ཡིན་ནོ། །འོན་ཏེ་སྤྱི་དང་ལྡན་པས་སྤྱི་ཡིན་ན་དེ་ལ་སྤྱི་གཞན་ཡོད་པ་དེས་ན་དེ་རང་ཉིད་སྤྱི་དང་ལྡན་པ་ཡིན་གྱི་སྤྱི་
ནི་མ་ཡིན་ནོ། །སྤྱི་དང་ལྡན་པ་ཉིད་ནི་སྤྱིར་འགྱུར་བ་མ་ཡིན་ནོ། །དེས་ན་སྤྱིའི་རང་བཞིན་གཉིས་ལ་མཚུངས་པ་ཞེས་བྱ་བ་ནི་བློར་མི་འགྱུར་རོ། །དེས་ནི་གསལ་བ་ལ་མ་ཡིན་ནོ། །དེ་ནི་སྤྱི་དང་ལྡན་པ་མ་ཡིན་ཏེ། སྤྱིའི་རང་བཞིན་ཐ་དད་པས་བར་དུ་ཆོད་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་དང་སྤྱི་ཐ་
དད་པ་དག་ཀྱང་རང་བཞིན་འགས་ནི་ཐ་དད་པ་ཡིན་ལ་རང་བཞིན་འགས་ནི་ཐ་དད་པ་མ་ཡིན་པ་མ་ཡིན་ནོ་ཞེ་ན། དེ་དག་གི་ཐ་དད་པ་ལ་ཡང་སྤྱི་གཞན་འཕེ་བར་འགྱུར་རོ། །དེ་ལྟ་ཡིན་དང་སྤྱིའི་རང་བཞིན་དག་གསལ་བ་ཉིད་དོ། །དེས་ན་སྤྱི་སྔ་མ་དག་ནི་མཚུངས་པ་ཉིད་དུ་མི་འགྱུར་ཏེ། སྤྱི་དང་མི་ལྡན་
པའི་ཕྱིར་རོ། །དེས་ན་གཅིག་ཀྱང་སྤྱི་དང་ལྡན་པ་མ་ཡིན་པའི་ཕྱིར་མཚུངས་པ་མ་ཡིན་པ་ཉིད་དོ། །དེས་ན་མཚུངས་པའི་རྣམ་པ་འདི་དངོས་པོ་དང་མི་ལྡན་པའི་རྟོགས་པ་ཡིན་ནོ། །ངེས་པ་མེད་པར་སྨྲ་བ་རྣམས་ཀྱི་སྤྱི་དག་ནི་བརྗོད་པ་ཡོད་པ་མ་ཡིན་པའི་ཕྱིར་རྟོགས་པའི་སྤྱོད་ཡུལ་ཐམས་ཅད་
ནི་གསལ་བ་ཉིད་དོ། །རྫོགས་པ་ཡོད་ཀྱང་གསལ་བ་ཉིད་དོ། །དེ་ལས་སྤྱི་གཞན་མི་འདོད་ན་ནི་སྔ་མ་ལ་ཡང་མི་སྲིད་པ་མ་ཡིན་ནོ། །ཐ་མ་སྤྱི་ཉིད་ཡིན་ན་ནི་དེ་ལས་ཐ་མི་དད་པས་སྔ་མ་ཡང་ཡིན་པའི་ཕྱིར་སྔ་མ་དག་སྤྱི་ཡིན་པར་འགྱུར་བ་དེའི་ཕྱིར་སྤྱིའི་བློ་དམིགས་པ་དང་བཅས་པར་འགྱུར་བ་ཞིག་
ན། དེ་ལྟ་ཡང་མ་ཡིན་ཏེ། དེས་འདི་ནི་གྱི་ནའོ། །དེ་བཞིན་དུ་གལ་ཏེ་ཐ་དད་པ་རྣམས་ཀྱི་ཐ་དད་པ་ཡང་། ཐ་དད་པ་ཐ་དད་པ་ཐམས་ཅད་ཁྱབ་པ་ཡིན་ན། དེའི་ཕྱིར་ཕན་ཚུན་ཐ་དད་པ་མེད་པ་རྣམས་ཐ་དད་པ་དང་ལྡན་ཡང་། དེ་དང་ལྡན་པ་དག་ཐ་དད་ཐ་མི་དད་པ་གསལ་བར་འགྱུར་བ་མ་ཡིན་པའི་
ཕྱིར། ཐམས་ཅད་ཐ་མི་དད་པ་ཉིད་དུ་འགྱུར་རོ། །སྤྱི་དེ་དང་ལྡན་པ་ཐ་དད་དོ་ཞེ་ན་མ་ཡིན་ཏེ། གསལ་བ་ཐ་དད་པ་མེད་ན་སྤྱི་ཡིན་པར་མི་འགྱུར་ཏེ། དེ་ནི་གསལ་བ་ཉིད་ཡིན་པར་འགྱུར་རོ། །དེ་ཡང་རང་ལས་ཐ་དད་པ་མེད་པ་ཡིན་པའི་ཕྱིར་དེས་ན་གཉིས་མེད་པར་ཐལ་ལོ། །དེའི་ཕྱིར་ལྡོག་པ་ཉིད་སྤྱི་
เล่ม ๑๗๙ · หน้า 227b
ཡིན་ནོ། །གལ་ཏེ་ལྡོག་པ་ཐ་དད་པ་མེད་པ་ཇི་ལྟར་རིགས་མི་མཐུན་པ་ལས་ཡིན་པ་དེ་བཞིན་དུ་རིགས་མཐུན་པར་འདོད་པ་ལས་ཀྱང་ཡིན་པས་དེ་ཇི་ལྟར་རིགས་མི་མཐུན་པ་ཉིད་ལས་ལྡོག་པ་བཀར་ཏེ། རྟོགས་པར་ནུས་ཤེ་ན། དེ་ནི་བདེན་ཏེ། གལ་ཏེ་རྟོགས་པ་ཐམས་ཅད་ནི། །རང་གི་ངོ་བོར་
ཟིན་འགྱུར་ན། །ཐ་དད་མེད་པར་རྣམ་ཕྱེ་ནས། །ཇི་ལྟར་ཡང་ནི་རྟོགས་མི་ནུས། །གང་གི་ཚེ། འཇིག་རྟེན་གནས་པའི་ཐ་སྙད་ནི། །འཁྲུལ་ཙམ་ལས་ཀྱང་ཐོབ་འགྱུར་བ། །དེ་ཚེ་ཐ་དད་དེ་སྲིད་པ། །ཐ་དད་མེད་པ་དམིགས་ཀྱིས་འགར། །ཡུལ་ཐག་རིང་པོ་ན་འདུག་པའི་ཐོ་ཡོར་ལ་ཐ་དད་པ་ཡོད་
ཀྱང་རྟོགས་པར་མི་ནུས་ཏེ། དེར་དབྱིབས་ཙམ་ཞིག་རྟོགས་པའི་ཕྱིར་རོ། །ཁྱད་པར་སྤངས་པའི་དབྱིབས་ཙམ་སྲིད་པ་ཡང་མ་ཡིན་ཏེ། ཡུལ་ཐག་རིང་བ་ཉིད་ཀྱིས་དེ་མི་སྣང་བ་ཡིན་ནོ། །ཐམས་ཅད་དུ་སྣང་བ་ཙམ་མཚུངས་པ་སྐྱེ་བའི་ཕྱིར་དེ་ཉིད་གསལ་བ་ལས་ཐ་དད་པའི་སྤྱི་ཡིན་པར་འགྱུར་
རོ། །སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱེད་པས་དེ་ཉིད་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པ་ཉིད་དུ་ཅིའི་ཕྱིར་ཐ་དད་པར་མི་འགྱུར་ཞེ་ན། གཅིག་ཏུ་བྱེད་པའི་རྟོགས་པ་ལ་གཉིས་
སྣང་བ་མེད་པའི་ཕྱིར་རོ། །འོ་ན་ནི་ཐ་དད་པ་དོན་དམ་པ་པར་འགྱུར་ཏེ་སྤྱི་ཉིད་སྣང་བའི་ཕྱིར་རོ། །གང་ཞིག་ཐ་དད་པར་སྣང་བ་དེ་ནི་ཐ་དད་པ་ཁོ་ནའོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། གསལ་དང་འབྲེལ་མེད་རང་བཞིན་དུ། །སྣང་བ་དེ་ནི་དེར་མི་འགྱུར། །ཡན་འགར་བ་ཡི་སྤྱི་ཉིད་ནི། །སྤྱི་མིན་
གསལ་བའི་རང་བཞིན་བཞིན། །འོན་ཏེ་སྤྱི་ཉིད་དང་ལྡན་པའི་ཕྱིར་འབའ་ཞིག་ཀྱང་སྤྱི་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་མི་བཟང་སྟེ། སྤྱི་གཞན་དང་ནི་ལྡན་པས་ན། །སྤྱི་རྣམས་སྤྱི་ཉིད་ཡིན་ན་ནི། །གསལ་བར་དེ་ལས་སྔ་རོལ་གྱི། །སྤྱི་ནི་གསལ་བ་ཉིད་དུ་འགྱུར། །འོ་ན་ནི་འཁྲུལ་པའི་རྟོགས་
པ་ཉིད་སྤྱི་ཡིན་ཏེ། དེ་ནི་གསལ་བ་རྣམས་ཀྱིས་མཚུངས་པ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་གསལ་བ་ལ་འཇུག་པའམ་རྟོགས་པར་མི་འགྱུར་རོ། །བློས་འཁྲུལ་པའི་རང་བཞིན་རྟོགས་པས་ནི་གསལ་བའི་རང་བཞིན་དང་དེ་ལ་འཇུག་པར་རིགས་པ་མ་ཡིན་ཏེ། ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། །
เล่ม ๑๗๙ · หน้า 228a
འཁྲུལ་པས་འཇུག་གོ་ཞེ་ན། མ་ཡིན་ཏེ། འཁྲུལ་པ་གཞན་མེད་པའི་ཕྱིར་རོ། །དེའི་ཚེ་ཡང་རང་གི་ངོ་བོ་རྟོགས་པའི་ཕྱིར་གསལ་བར་རྟོགས་པ་མ་ཡིན་ནོ། །དེས་ན་འཁྲུལ་པ་གཞན་དང་གཞན་ཁས་ལེན་པ་ཐུག་པ་མེད་པར་འགྱུར་བའི་ཕྱིར་མི་རྟོགས་པ་ཉིད་པས་
འདི་ནི་གྱི་ནའོ། །གལ་ཏེ་ཐ་དད་པ་དང་ཅིག་ཤོས་ཀྱི་སྤྱི་དང་ལྡན་པ་མ་ཡིན། གཉི་གའི་རང་བཞིན་དུ་མ་ཡིན། བློས་འཁྲུལ་པ་ཉིད་ཀྱིས་མ་ཡིན་ལ། གསལ་བ་རྟོགས་པ་ཡང་མ་ཡིན་ན། འོ་ན་ཇི་ལྟར་སྒྲ་དང་རྟགས་དག་ལས་དོན་རྟོགས་པའི་ཐབས་སུ་འགྱུར་ཞེ་ན། འོས་གཞན་མེད་ཕྱིར་
རྣམ་གཅོད་ཀྱི། །འབྲས་བུ་སྒྲ་ལས་དོན་རྟོགས་པའི། །ཐབས་ཡིན་གཞན་དུ་འགྱུར་བ་ཡི། །ཚུལ་ནི་ཅི་ཞིག་ཡོད་པར་འགྱུར། །གལ་ཏེ་འོས་གཞན་མེད་པས་ནི་དངོས་པོ་རྣམ་པར་འཇོག་པ་མ་ཡིན་གྱི། འོན་ཀྱང་ཚད་མས་ཡིན་ནོ། །རྣམ་པར་གཅོད་པ་རྟོགས་པར་འཛིན་པའི་ཚད་
མ་ནི་མི་དམིགས་པ་ཡིན་ནོ་ཞེ་ན། འདིར་བརྗོད་པ། དེ་ལས་གཞན་དག་ལས་ལྡོག་པ། །འཇུག་པ་ཉེ་བར་དམིགས་པའི་ཕྱིར། །ངག་ནི་རྣམ་གཅོད་འབྲས་ཅན་ཞེས། །ཅི་ཕྱིར་ངེས་པར་འཛིན་མི་བྱེད། །ཐ་སྙད་པ་དེ་དག་ལས་གཞན་རྣམ་པར་གཅད་ནས་འཇུག་པར་དམིགས་སོ། །མ་
རྟོགས་པ་ལ་ནི་འཇུག་པ་ནི་མ་ཡིན་ཏེ། དེས་ན་རྣམ་པར་གཅོད་པར་རྟོགས་པར་ངེས་པ་ཡིན་ནོ། །དེ་ནི་མངོན་སུམ་གྱིས་གཞན་དང་མ་འདྲེས་པར་རྟོགས་པ་ཡིན་ལ། རྣམ་པར་རྟོག་པས་ཀྱང་ངོ་། །དེ་མངོན་སུམ་གྱིས་ནི་དངོས་པོའི་རང་བཞིན་ལ་གནས་པའི་ལྡོག་པ་ཉིད་རྟོགས་པའི་ཡུལ་དུ་
བྱེད་ལ། རྣམ་པར་རྟོག་པ་རྣམས་ནི་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་དོ། །དེས་ན་སྒྲ་དང་རྟོགས་པའི་ཡུལ་ནི་ལྡོག་པ་ཙམ་ཁོ་ན་ཡིན་ནོ། །གལ་ཏེ་དངོས་པོ་མ་རྟོགས་ན་ལྡོག་པ་དུམ་བུར་བཀོལ་ཏེ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། འདི་ལ་འདི་སྐད་བརྗོད་དེ། ལྡོག་པའི་འབྲེལ་པ་
ཡུལ་རྟོགས་པའི་སྤྱོད་ཡུལ་དངོས་པོ་གང་ཡིན་ཡོད་པ་ཉིད། བདེན་དང་བདེན་པ་མིན་པར་ཁྱད་གཞན་བློ་དོན་ལྡན་པ་སུ་ཞིག་རྟོགས། ལྡོག་དང་འབྲེལ་པར་ཇི་ཙམ་གྱིས་རྟོགས་པ་ཁྱེད་ལ་དེ་ཙམ་གྱིས་ཆོག་མོད། གལ་ཏེ་སྤྱིས་སྒོས་སྒྲུབ་ན་བྱེ་བྲག་དེ་ལ་ཡོན་ཏན་ཅི་ཞིག་ཡོད། དངོས་པོ་
เล่ม ๑๗๙ · หน้า 228b
ཙམ་ཞིག་མེད་ན་རྣམ་པར་གཅོད་པ་རྟོགས་པར་མི་ནུས་པ་དེ་ཙམ་ཞིག་ཐ་སྙད་པ་རྣམས་ཀྱིས་དངོས་པོ་གྲུབ་པ་ལ་མཐུ་ཡོད་པ་ཡིན་ནོ། །བདེན་པའི་དངོས་པོ་དང་འབྲེལ་པ་ཉིད་ནི་རྣམ་པར་གཅོད་པར་རྟོགས་པར་ནུས་པ་མ་ཡིན་ཏེ། བདེན་པ་དང་འབྲེལ་པ་མ་ཡིན་པས་ཀྱང་དེ་རྟོགས་པར་
མཐོང་བའི་ཕྱིར་རོ། །དེའི་ཕྱིར་ངག་ནི་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དེ། དེ་ལ་དངོས་པོ་ནི་མི་བདེན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མི་བདེན་ན་དེ་ཐ་དད་པ་མེད་པས་དེ་ལ་གནས་པའི་ལྡོག་པ་ཡང་ཇི་ལྟར་བདེན་པ་ཉིད་ཡིན་ཞེ་ན། འདིར་བརྗོད་པ། རྟོགས་བཞིན་དུ་ཡང་འདི་མི་བདེན། །
ཞེས་བྱ་བའི་ཚུལ་འདི་ཅི་ཞིག་ཡིན། །གལ་ཏེ་སླུ་བས་བདེན་མིན་ན། །ཐ་དད་ཅི་སྟེ་བདེན་མི་འདོད། །རྣམ་པར་གཅོད་པ་མ་ཡིན་པར་སྨྲ་བ་ལ་རེ་ཞིག་འདི་འདྲི་བར་བྱ་སྟེ། རྟོགས་པའི་ཡུལ་མི་བདེན་པ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་རྟོགས་པའི་རང་བཞིན་དེས་ནི་ཡོད་པ་ཉིད་ཡིན་ན་
ཇི་ལྟར་མི་བདེན་པ་ཉིད་ཡིན། འོན་ཏེ་མ་རྟོགས་པས་ཡིན་ན། འོ་ན་ནི་དེའི་ཚེ་ཐམས་ཅད་མི་བདེན་པ་ཉིད་དོ་ཞེས་བྱ་བ་མི་བདེན་པ་ཉིད་དོ། །བདེན་པ་འགའ་ཡང་མེད་དོ་ཞེས་གཞན་གྱིས་ཉེ་བར་བཀོད་པ་ནི། བོང་བུའི་འོ་མ་བསྐོགས་པ་དང་མཚུངས་པར་འགྱུར་རོ། །འོན་ཏེ་ཐོབ་པར་བྱ་བའི་
རང་བཞིན་ཉིད་མེད་པ་དེས་ན་སླུ་བའི་ཕྱིར་མི་བདེན་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན། རང་གི་ངོ་བོ་ཡོད་ཀྱང་ཐོབ་པར་བྱ་བའི་རང་བཞིན་དོན་དུ་གཉེར་བ་ཡིན་པས་དེ་མེད་ན་ནི་དེ་མི་བདེན་པ་ཁོ་ན་སྟེ། ཕྱིན་ཅི་ལོག་ངེས་པ་ཉིད་ནི་མི་བདེན་པ་ཡིན་པ་ཡིན་ནོ། །ཐོབ་པར་བྱ་བའི་རང་བཞིན་མ་ཡིན་
པ་ལ་ཐོབ་པར་བྱ་བའི་རང་བཞིན་དུ་འཛིན་པ་གང་ཡིན་པ་ནི་ཕྱིན་ཅི་ལོག་གི་རྟོགས་པ་ལས་གཞན་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་འོ་ན་རྣམ་པར་གཅོད་པ་ནི་བདེན་ནོ་ཞེས་བྱ་བ་དེ་ལྟར་འགྱུར་རོ། །འདི་ལྟར། འཇུག་བྱེད་ཐ་སྙད་པ་དག་གིས། །གཞན་བཅད་པ་ནི་ཐོབ་པ་ན། །རྣམ་གཅོད་དངོས་
པོ་མིན་ན་ནི། །བྱེ་བྲག་གཞན་འདིར་དོན་མེད་དོ། །གལ་ཏེ་གང་ཞིག་ཐོབ་པར་བྱ་བ་དེ་བདེན་པ་ཡིན་ན་རྣམ་པར་གཅོད་པ་བདེན་པ་ཉིད་དུ་འགྱུར་ཏེ། དེ་ཐོབ་པའི་ཕྱིར་རོ། །གལ་ཏེ་དེས་ནི་མི་བདེན་པའི་དངོས་པོ་རྣམ་པར་བཅད་པ་རྟོགས་པ་ཡིན་ན་དེ་ནི་ཐོབ་པ་མ་ཡིན་ཏེ། བདེན་པའི་དངོས་
เล่ม ๑๗๙ · หน้า 229a
པོའི་རྣམ་པར་བཅད་པ་རྟོགས་པའི་ཕྱིར་རོ། །གཞན་རྟོགས་པ་ན་གཞན་ཐོབ་པ་ནི་སླུ་བ་མ་ཡིན་ཏེ། དེས་ན་རྣམ་པར་གཅོད་པ་བདེན་པར་ཇི་ལྟར་འགྱུར་ཞེ་ན། གནས་མ་ཡིན་པ་ལ་མངོན་པར་ཞེན་པའི་གནས་མ་ཡིན་པ་ཡིན་པ་ལ་བརྟེན་པའི་བརྒལ་བ་འདི་ཅི་ཞིག་ཡིན། རེ་ཞིག་ཐ་
དད་པ་ནི་ཐོབ་པ་ཡིན་ལ་དེ་ཙམ་གྱིས་ཀྱང་ཐ་སྙད་པ་ཆོག་པར་འཛིན་ཏོ། །གང་གིས་རྣམ་པར་གཅོད་པའི་དབྱེ་བས་ངེས་པར་གཟུང་བའི་སླུ་བ་དང་འབྲེལ་པར་འགྱུར་བ་དེ་ཐོབ་པར་འཛིན་པའི་ཐ་སྙད་པ་དག་ནི་ཐ་དད་པ་གཞན་དང་གཞན་དབྱེ་བ་ངེས་པར་བཟོད་པ་མ་ཡིན་ནོ། །དེའི་ཕྱིར། མི་སླུ་བ་ནི་ཐ་སྙད་
པའི། །སྐྱེ་བོའི་རྟོགས་པས་བརྗོད་པ་ཡིན། །དོན་དམ་པར་ནི་རྣམ་དཔྱད་ན། །མི་སླུ་དེ་ཉིད་དུ་ཡོད་མིན། །འདི་ནི་བརྗོད་ཟིན་ཏེ། ལྡོག་པའི་ཡུལ་ཅན་གྱི་ཚད་མ་ནི་ཀུན་ཏུ་ཐ་སྙད་པ་ཁོ་ན་ཡིན་ཏེ། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བཤད་པའི་ཕྱིར་རོ། །གལ་ཏེ་ཚད་མས་ཚད་མ་རྟོགས་ན་ནི་ཐུག་པ་
མེད་པར་འགྱུར་རོ། །ཚད་མ་མེད་པར་རྟོགས་ན་ནི་གཞལ་བྱ་ཡང་ཡིན་པས་གཞལ་བྱ་རྟོགས་པས་ཚད་མ་ལ་རག་མ་ལས་པར་འགྱུར་རོ། །དེའི་ཕྱིར་བཤད་པ། ཚད་མ་ཉིད་ནི་ཐ་སྙད་ཀྱིས། །རྟོགས་འགྱུར་དེ་ཉིད་དུ་མ་ཡིན། །ཚད་མའི་བློ་ནི་དེ་ཉིད་མིན། །དེ་ལྟ་ཡིན་ན་ཐུག་མེད་བརྗོད། །
གང་ཕྱིར་དེ་ལའང་རྣམ་དཔྱད་ན། །གལ་ཏེ་ཐ་སྙད་ཚད་མ་ཉིད། །ཡིན་ན་ཐུག་པ་མེད་པར་བརྗོད། །ཚད་མ་མེད་པར་རྟོགས་ན་ནི། །གཞལ་བྱ་ལ་ཡང་དེ་ལྟར་འགྱུར། །ཚད་མ་མེད་པར་ཐམས་ཅད་ནི། །གྲུབ་ཕྱིར་ཚད་མའི་མཚན་ཉིད་ནི། །དོན་མེད་ཉིད་འགྱུར་དེ་ཡི་ཕྱིར། །འདི་ནི་འབྲེལ་པ་
མ་ཡིན་ན། །དེའི་ཕྱིར་མི་སླུ་བ་ནི་ཐམས་ཅད་དུ། །དེ་ཁོ་ན་ཞིབ་མོ་མ་དཔྱད་པར་ཐ་སྙད་ཙམ་དུ་བརྟེན་ནས་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །འདི་ལྟར། འདི་ནས་ཆུ་ཀླུང་འདི་ནས་སྟག །སྲོག་ཆགས་གང་གིས་འགྲོ་བར་འགྱུར། །ཐ་དད་ཐ་མི་དད་གཉི་གར། །མི་སླུ་བ་ནི་འཐད་མ་ཡིན། །
གལ་ཏེ་རྟོགས་པ་ལས་གཞན་པའི་དངོས་པོ་ཐོབ་ན་ཇི་ལྟར་གཞན་ཐོབ་པས་སླུ་བའམ་མི་སླུ་བ་ཡིན་ནོ། །འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཐ་མི་དད་པ་ཡིན་ན་དེ་ལྟ་ཡིན་ན་དེ་ཡང་དེའི་ཚེ་ཉིད་རྟོགས་པས་ཅིའི་དོན་དུ་འཇུག་པའམ་ཅི་ཞིག་ཐོབ་པར་བྱར་ཡོད། དེས་ན་སླུ་བ་ཉིད་མ་ཡིན་པས་འདི་
เล่ม ๑๗๙ · หน้า 229b
ནི་གཅིག་ནས་ནི་སྟག་ཡོད་ལ། གཅིག་ནས་ནི་ཆུ་ཀླུང་གིས་ཆོད་པའི་ཚུལ་དུ་འགྱུར་རོ། །དེའི་ཕྱིར། ངག་ནི་རྣམ་གཅོད་འབྲས་ཅན་ཏེ། །འགར་ཡང་དངོས་པོའི་ཡུལ་ཅན་མིན། །ཁོ་ནའི་སྒྲ་སྦྱར་མེད་ན་ཡང་། །ཚིག་རྣམས་ཀྱིས་ནི་རྟོགས་པར་འགྱུར། །འདི་ནི་རེ་ཞིག་གཞག་གོ། །ཅི་འགའ་
ཞིག་ཏུ་དེ་ལྟར་མཐོང་བ་ཡོད་དམ་ཞེ་ན། ནག་པ་འཕོང་སྐྱེན་ནོ། །སྲིད་སྒྲུབ་འཕོང་སྐྱེན་ནོ། །པདྨ་སྔོན་པོར་འགྱུར་རོ་ཞེས་ཁྱད་པར་དང་། ཁྱད་པར་གྱི་གཞི་དང་། བྱ་བ་རྣམས་ལ་སྦྱར་བ་ན་མཐོང་བ་ཉིད་དོ། །ཁྱད་པར་ལ་ངེས་པར་བཟུང་ན་ནི་གཞན་དང་མི་ལྡན་པ་རྣམ་པར་གཅོད་ལ་ཁྱད་པར་ཅན་ལ་
ངེས་པར་བཟུང་ན་ནི་གཞན་དང་ལྡན་པ། བྱ་བ་ལ་ངེས་པར་བཟུང་ན་ནི་ཤིན་ཏུ་མི་ལྡན་པ་རྣམ་པར་གཅོད་པའི་ཕྱིར་ཐ་དད་དོ། །སྦྱོར་པ་མེད་པར་ཇི་ལྟར་ངེས་པར་བཟུང་བའི་ཁྱད་པར་ངེས་ཤེ་ན། སྐབས་དང་བརྗོད་པར་འདོད་པ་དང་། ཁྱད་པར་དག་ལས་སོ། །གལ་ཏེ་ཇི་ལྟར་སྲིད་སྒྲུབ་ཉིད་འཕོང་
སྐྱེན་ནོ་ཞེས་ཁྱད་པར་ཅན་དང་ལྷན་ཅིག་ངེས་པར་གཟུང་བས་ཁྱད་པར་ཅན་གཞན་རྣམ་པར་གཅོད་པ་དེ་བཞིན་དུ་ཁྱད་པར་དང་ལྷན་ཅིག་པས་ཀྱང་ཁྱད་པར་གཞན་རྣམ་པར་གཅོད་པར་འགྱུར་རོ། །དེས་ན་ནག་པ་འཕོང་སྐྱེན་པ་ཉིད་དོ་ཞེས་བྱ་བས་ཡོན་ཏན་ཐམས་ཅད་རྣམ་པར་གཅོད་པར་འགྱུར་ན། དེ་ལྟ་
ན་ནི་འཐད་པ་མ་ཡིན་ལ། །མི་ལྡན་པ་དང་གཞན་དང་ལྡན་པ་རྣམ་པར་གཅོད་པ་དག་བྱེ་བྲག་ཀྱང་མེད་པར་འགྱུར་རོ་ཞེ་ན། དེ་ནི་བདེན་མོད་ཀྱི། དེ་ཡང་ཟླ་བོ་རྣམ་གཅོད་པ། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །དེ་ལྟར་གྲགས་དང་ནུས་པ་དང་། །སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །དེ་ལ་གལ་ཏེ་གང་
གི་ཚེ་འདི་འཕོང་སྐྱེན་ནམ། འོན་ཏེ་མི་སྐྱེན་ཞེས་འཕོང་སྐྱེན་པར་ཐེ་ཚོམ་ཟ་བའི་སྐབས་སུ་ནག་པ་འཕོང་སྐྱེན་ནོ་ཞེས་སྦྱར་བ་དེའི་ཚེ་དེ་ཉིད་ཐེ་ཚོམ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་འཕོང་མི་སྐྱེན་པ་ཁོ་ན་རྣམ་པར་གཅོད་དོ། །དེ་ལྟ་མ་ཡིན་ན་ཉན་པ་པོ་འབྱང་བ་མེད་པ་སྨྲ་བ་ནི་སྨྲ་བ་པོ་ཉིད་དུ་མི་འགྱུར་རོ། །དེས་
ན་བཟློག་པའི་ཟླ་བོ་རྣམ་པར་གཅོད་པ་ཉིད་རྟོགས་ཀྱི། གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དང་ལྡན་པ་རྣམ་པར་གཅོད་པའི་ངག་དེ་ལ་ཡང་གལ་ཏེ་སྲིད་སྒྲུབ་དང་རྣ་ཅན་གཉིས་འཕོང་སྐྱེན་ཞེས་སོ་སོར་ངེས་པའི་བཟློག་ཟླའི་སྐབས་ཡིན་ན་ནི་སྲིད་སྒྲུབ་ཉིད་འཕོང་སྐྱེན་ནོ་ཞེས་དེ་ལས་རྣ་ཅན་ཉིད་རྣམ་པར་
เล่ม ๑๗๙ · หน้า 230a
གཅོད་ཀྱི། ར་མ་ལ་སོགས་པ་ནི་རྣམ་པར་གཅོད་པ་མ་ཡིན་ནོ། །དེ་བཞིན་དུ་མི་ལྡན་པ་རྣམ་པར་གཅོད་པ་ལ་ཡང་གལ་ཏེ་ཅི་ཡོན་ཏན་གཞན་དག་ཀྱང་ཡོད་དམ་ཞེས་བྱ་བའི་སྐབས་སུ་ཡིན་ན་ནི་དེའི་ཚེ་ནི་ནག་པ་ནི་འཕོང་སྐྱེན་པ་ཉིད་ཀྱི་ཁམས་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་
འཁྲུལ་པ་མེད་པའི་ཡོན་ཏན་མཐའ་དག་རྣམ་པར་གཅོད་པ་ཉིད་དོ། །སྲིད་སྒྲུབ་སྤྱོད་པ་ན་ཡང་། གལ་ཏེ་སྤྱི་འགྲོ་བ་ན་འཕོང་སྐྱེན་པ་གཞན་ཡང་ཡོད་དམ་ཞེས་སྐབས་སུ་ཡིན་ན་ནི། ཐེ་ཚོམ་ཟ་བའི་སྐབས་སུ་བབ་པ་དེའི་ཚེ་ཁྱད་པར་དང་ལྡན་པ་གཞན་མཐའ་དག་རྣམ་པར་གཅོད་པ་ཉིད་དེ།
དེའི་ཚེ་སྐབས་ཀྱིས་ཐམས་ཅད་བཟློག་ཟླར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེས་ན་མི་ལྡན་རྣམ་གཅོད་པས། །ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན། །དེ་ཡི་ཁྱད་པར་ཅན་གྱི་ཆོས། །རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། །ཆོས་དེ་གཞན་དང་ལྡན་པར་འགྲུབ་པས་དེ་དང་མ་འབྲེལ་པ་ཉིད་དུ་རྟོགས་པ་ཡིན་ཏེ། དེས་
ན་དེ་བསྟན་པས་གཞན་རྣམ་པར་གཅོད་པ་མ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མེད་དོ། །འདི་ལྟར་འདི་ནི་ཕྱོགས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་འདི་ནི་དེ་ལྟ་བུར་གྱུར་པ་ཉིད་དུ་གྲགས་པ་ཉིད་དེ། མ་འབྲེལ་པ་བཟློག་ཟླར་ཡིན་པའི་ཕྱིར་དང་། གཞན་དང་ལྡན་པ་ནི་བཟློག་པའི་ཕྱིར་རོ། དོན་
འདི་རྟོགས་པར་ནུས་པའི་ཡང་ཕྱིར་ཏེ། གཞན་དང་ལྡན་པར་གྲུབ་པ་དེར་ངེས་པར་གཟུང་བ་ནི་དེ་ཉིད་ལ་འབབ་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །ཐེ་ཚོམ་དུ་གྱུར་པ་བསྒྲུབ་པ་འམ་སེལ་བ་ཡིན་གྱི། གྲུབ་པ་དང་འགག་པ་ནི་མ་ཡིན་ནོ། །བཟློག་པའི་ཟླ་བོ་དང་། དེ་བཞིན་དུ་སྒྲ་དག་ནི་བརྗོད་
པར་འདོད་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་དེ་ལྟ་བུ་ཉིད་དུ་རྟོགས་པར་འགྱུར་རོ། །བརྗོད་པར་འདོད་པ་ནི་གཞན་ཡིན་ཏེ། སྒྲ་ནི་གཞན་དུ་བསྟན་པར་ནུས་པ་ནི་མ་ཡིན་ནོ། །སྒྲ་ནི་སྒྲོན་མ་བཞིན་དུ་ངོ་བོ་ཉིད་ཀྱིས་རྟོགས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་འཕོང་སྐྱེན་པ་ནི་སྲིད་
སྒྲུབ་ཁོ་ནའོ་ཞེས་ཁྱད་པར་དང་ལྷན་ཅིག་ངེས་པར་གཟུང་ཡང་གཞན་དང་ལྡན་པ་ཉིད་རྣམ་པར་གཅོད་ཀྱི་མི་ལྡན་པ་ནི་མ་ཡིན་པའི་ཕྱིར་སྐབས་དང་འགལ་ལོ་ཞེ་ན། འགལ་བ་མེད་དེ། གང་གི་ཕྱིར། གལ་ཏེ་སྒྲ་ཡིས་སྲིད་སྒྲུབ་ཉིད། །ཁྱད་པར་དུ་ནི་བསྟན་ན་ཡང་། །དེ་ལ་དེ་ནི་དམ་པ་ཡི། །
เล่ม ๑๗๙ · หน้า 230b
དོན་དུ་ཡོད་པ་མ་ཡིན་ནོ། །ཁྱད་པར་འདིར་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར་བརྟེན་པར་གྱུར་པའི་ཆོས་ལ་བརྗོད་དོ། །དོན་དམ་པར་ན་སྲིད་སྒྲུབ་ཉིད་རྟེན་ཡིན་པའི་ཕྱིར་ཁྱད་པར་ཅན་ཉིད་དོ། །དངོས་པོའི་ཚུལ་ཡང་གཞན་ཡིན་ལ། །སྒྲའི་ཚུལ་ཡང་གཞན་ཡིན་ནོ། །འདིར་ནི་སྐབས་ཀྱི་
དངོས་པོའི་ཆོས་གཟུང་བའི་ཕྱིར་སྐྱོན་མེད་དོ། །འདིར་ནི་ངེས་པར་གཟུང་བའི་དོན་རྣམ་པར་གཅོད་པའི་རང་བཞིན་ནི་མངོན་སུམ་དང་རྗེས་སུ་དཔག་པ་རྣམ་པར་ཕྱེ་ནས་རྟོགས་པའི་ཕྱིར་མི་རྟོགས་པའི་སྐྱོན་མེད་དོ། །གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་ཡིན་ན་ནི་གཅིག་དེ་ལྟར་
གྱུར་པ་ན་གཞན་དེ་ལྟར་མ་ཡིན་པར་འགྱུར་ལ་ཁྱད་པར་དང་ཁྱད་པར་ཅན་དང་ལྡན་པའི་ཚིག་ཕྲད་ཀྱང་ཁྱད་པར་མེད་པར་འགྱུར་རོ། །གལ་ཏེ་བྱས་པ་ཉིད་ཕྱོགས་ཉིད་ཀྱི་ཆོས་ཡིན་ན། དེ་ལས་གཞན་མཐའ་དག་མ་བྱས་པ་ཉིད་དུ་འགྱུར་བ་དང་། ས་ཕྱོགས་གཞན་དུ་བ་དང་མི་ལྡན་པར་འགྱུར་
བས་དེ་དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བར་འགྱུར་རོ། །མངོན་སུམ་གྱིས་ནི་དུ་བ་གཞན་དུ་རྟོགས་པ་ཡིན་ལ། བྱས་པ་ཉིད་ཀྱང་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་དཔག་པའམ་མངོན་སུམ་ལས་གཞན་ལ་རྟོགས་པ་ཡིན་ནོ། །
རྗེས་སུ་དཔག་པའི་མཚན་ཉིད་ཀྱི་འཇིག་རྟེན་གྱི་གྲགས་པ་ལས་ཀྱང་ཁྱད་པར་ལ་སོགས་པ་དང་ལྷན་ཅིག་སྤྱོད་པའི་ངེས་པར་གཟུང་བའི་དོན་ཅན་ཚིག་ཕྲད་དང་། མ་འབྲེལ་པ་རྣམ་པར་གཅོད་པ་ལ་སོགས་པ་དེའི་དོན་དག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོའམ་གཞན་དག་རྟོགས་
པའི་ཕྱིར་དེ་ལ་ཇི་ལྟར་གཞན་དུ་འགྱུར། དེ་ལྟར་དེ་ནི་ཕྱོགས་ཆོས་ཞེས་བྱ་བའི་བསྡུ་བའི་དོན་བཤད་པ་ཡིན་ཏེ། ཐ་དད་པ་དང་འབྲེལ་པ་འམ་ཐ་དད་པ་དང་འབྲེལ་པ་དག་བསྡུ་བ་དང་། ངག་གི་དོན་ཡིན་ནོ་ཞེས་བྱེ་བྲག་ཏུ་རྟོགས་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཡིན་མོད། །དེ་རྣམ་
པ་དགུར་གོ་སློབ་དཔོན་གྱིས་ཅི་སྟེ་བསྟན་ཏེ། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་དང་། ཡང་དག་པའི་གཏན་ཚིགས་རྣམས་བསྟན་པའི་ཕྱིར་དེ་ཙམ་བསྟན་པར་བྱ་བ་ཡིན་གྱི། དགུས་ནི་དགོས་པ་མེད་དོ་ཞེ་ན་བཤད་པ། རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་
เล่ม ๑๗๙ · หน้า 231a
བཟློག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། །དགུ་ཆར་ལ་ཡང་དགོས་པ་ཡོད་པའི་ཕྱིར་རྣམ་པ་དགུ་བསྟན་ཏོ། །རང་བཞིན་དང་འབྲས་བུ་དག་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་ཕྱིར་གཏན་ཚིགས་ཉིད་ཡིན་གྱི་
གཞན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཉིས་བསྟན་ཏོ། །དེ་གཉིས་ཉིད་ཕྱིན་ཅི་ལོག་ཏུ་སྒྲུབ་པ་བཀོད་ན་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཞན་གཉིས་སོ། །གཞན་དག་མཐོང་བ་དང་མ་མཐོང་བ་ཙམ་གྱིས་མ་ངེས་པ་ཡང་ངེས་པར་རྟོགས་པས་དེ་རྣམ་པར་གཅད་པའི་གཞན་
གཉིས་སོ། །ལྷག་མ་གསུམ་བསྟན་པ་ནི་ལྡོག་པ་གཙོ་བོ་བསྟན་པའི་དོན་ཏེ། གཏན་ཚིགས་ནི་ལྡོག་པའི་སྒོ་ནས་གོ་བར་བྱེད་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པས་ནི་རྣམ་པར་གཅོད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་དགུ་པོ་དེ་དག་
ནི་འདི་ཡིན་ཏེ། གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་བྱུང་དང་། །མི་རྟག་རྩོལ་བྱུང་རེག་མིན་ཏེ། །དགུ་པ་འདི་དག་རྟགས་སོགས་པ། །གལ་ཏེ་བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་དག་གཅིག་ཡིན་པའི་ཕྱིར་བཟླས་པས་ཇི་ལྟར་དུ་མ་ཉིད་དམ། གཏན་ཚིགས་
དང་འགལ་བ་དག་ཏུ་འགྱུར་ཞིང་། དགུ་ཉིད་དུ་ཡང་ཇི་ལྟར་འགྱུར་ཏེ། དེ་ཉིད་བཟླས་པས་ནི་གྲངས་ཐ་དད་པའི་རྟེན་དུ་འགྱུར་བ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གང་གི་ཕྱིར། རྟག་དང་མི་རྟག་རྩོལ་བྱུང་དང་། །བར་དུ་རྟག་པ་གསུམ་དག་དག །རྩོལ་བྱུང་མིན་དང་མི་རྟག་རྟག །སྒྲུབ་
བྱེད་གཞལ་བྱ་ཉིད་སོགས་ཡིན། །དེའི་ཕྱིར་ཐམས་ཅད་འཐད་དོ། །རང་གི་ངོ་བོས་ནི་སྒྲུབ་པར་བྱེད་པ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ལ་ལྟོས་ནས་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བའི་ཕྱིར། བསྒྲུབ་པར་བྱ་བ་ཐ་དད་པ་འབྲེལ་པས་ན་གཅིག་དེ་ཉིད་ཡང་དག་
པའི་གཏན་ཚིགས་དང་འགལ་བར་འགྱུར་བའི་ཕྱིར་མི་འཐད་པ་ཅི་ཡང་མེད་དོ། །དེས་ན་གཏན་ཚིགས་གཉིས་ཏེ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། བརྩལ་མ་ཐག་ཏུ་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་འབྲས་བུའོ། །བྱས་པ་ཉིད་ནི་རང་བཞིན་
เล่ม ๑๗๙ · หน้า 231b
གྱི་གཏན་ཚིགས་ཡིན་ལ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་ལྟར་རྣམ་པར་ཤེས་ཏེ། བཟློག་པ་ཅི་སྟེ་མི་འགྱུར་ཞེ་ན། དེའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །གཞན་གྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་ན་བཟློག་པ་མ་ཡིན་ནོ། །རང་བཞིན་
ཉིད་ལས་གཞན་གྱིས་ནི། །གོ་བྱ་ལ་ཁྱབ་ཡོད་མིན་ཏེ། །རྒྱུ་ནི་འཁྲུལ་པ་སྲིད་ཕྱིར་རོ། །དེའི་ཕྱིར་འབྲས་རྣམས་གཉིས་སུ་འཇུག །བྱས་པ་ཉིད་ནི་ཁྱབ་མཉམ་པ་ཡིན་པའི་ཕྱིར་རོ། །ཁྱབ་མཉམ་པ་ཅན་ནི་འབྲས་བུ་མ་ཡིན་ཏེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་ཏེ། རྒྱུ་ནི་གདོན་མི་ཟ་
བར་འབྲས་བུ་དང་ལྡན་པ་མ་ཡིན་པའི་ཕྱིར་རོ། །དེས་ན་འབྲས་བུ་ཐམས་ཅད་ནི་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱང་རྣམ་པ་གཉིས་སུ་འཇུག་པ་དེས་ན། འབྲས་བུའི་གཏན་ཚིགས་ཡིན་ནོ། །མི་རྟག་པ་ཙམ་གྱིས་ནི་བརྩལ་མ་ཐག་ཏུ་འབྱུང་བའི་འབྲས་
བུ་ཤེས་པ་རྩོམ་པ་མ་ཡིན་ཏེ། དེས་ན་དེ་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །རྒྱུའི་དེ་མ་ཐག་ཏུ་འབྲས་བུ་རྩོམ་པ་ནི་མི་རྟག་པ་ཐམས་ཅད་ཀྱང་ཡིན་ཏེ་ཤེས་པ་འབྲས་བུ་ཡིན་ཡང་དངོས་སུ་ཁྱབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཉིད་དོ། །ཇི་ལྟར་དམིགས་
པ་ཉིད་ཡོད་པར་བརྗོད་པ་བཞིན་ནོ། །བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པའི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ་དེ་ལས་གཞན་རྣམས་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཤེས་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་དངོས་པོས་བརྩིགས་པའི་ཐ་དད་པའི་འབྲས་བུའི་མཁར་གྱི་རྩེ་མོར་འཛེག་
པར་བྱེད་དོ། །དེས་ན་རྩོལ་མ་ཐག་ཏུ་འབྱུང་བའི་སྒྲས་བརྗོད་པར་བྱ་བའི་ངེས་པ་དེ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས། དེ་ལྟར་ཡང་རྩོལ་བའི་འབྲས་བུ་དུ་མ་ཡིན་པའི་ཕྱིར་འབྲས་བུ་
དང་མཚུངས་པའོ་ཞེས་བཤད་པ་ཡིན་ནོ། །གསལ་བ་དང་རྩོལ་བའི་འབྲས་བུ་ཡིན་ལ་འབྱུང་བ་ཡང་ཡིན་ཏེ། དཔེར་ན་མར་མེའི་བསྡོགས་པའི་རྩོལ་བ་ནི་བུམ་པའི་འབྲས་བུ་ཉིད་དུ་སྒྲུབ་པར་བྱེད་པ་མ་ཡིན་ལ། འཁོར་ལོ་ལ་སོགས་པའི་རྩོལ་བ་ནི་དེ་ལྟར་ཡིན་པའི་ཕྱིར་གཉི་ག་
เล่ม ๑๗๙ · หน้า 232a
མཐོང་བས་ན་ཇི་ལྟར་གཅིག་ཏུ་ངེས། དེ་ལྟར་ཡང་རྣམ་པར་བཤད་པ་བྱེད་པས། གལ་ཏེ་སྒྲ་རྟག་པར་འཐད་པར་འགྱུར་བ་ནི། དེའི་ཚེ་སྒྲ་བསལ་བར་བྱ་བ་ཡིན་ལ། དེ་ལྟ་མ་ཡིན་ན་ནི་དེའི་ཚེ་བྱེད་པ་ཡིན་ནོ་ཞེས་བཤད་དོ། །སྒྲ་བྱེད་དེ་ཞེས་བྱ་བའི་ཐ་སྙད་ཙམ་གྱིས་
ནི་སྒྲ་བྱེད་པ་ཉིད་དོ་ཞེས་རྟོགས་པ་མ་ཡིན་ཏེ། བྱེད་པ་ནི་སྦྱོར་བའི་དོན་ཡིན་པའི་ཕྱིར་དཔེར་ན་ངའི་རྐང་པར་གྱིས་ཤིག །རྒྱབ་ཏུ་གྱིས་ཤིག་ཅེས་བྱ་བ་བཞིན་ནོ། །སྒྲ་རྟག་པ་ཉིད་ཀྱི་རྒྱུ་ནི་ངོ་ཤེས་པ་ཡིན་ནོ། །དེས་ན་རྟག་ཏུ་ཡོད་པར་འགྱུར་བས་ན། །དེ་དང་དེ་མིན་དུས་ལྡན་པར། །
ཡོད་གྲུབ་ཚད་མ་དང་ལྡན་པས། །མར་མེ་ལ་ནི་བུམ་པ་བཞིན། །སྒྲ་ཡང་བསལ་བར་བྱ་བ་ཉིད། །བསལ་བའང་ཉེ་བར་དམིགས་པ་སྟེ། །བསལ་བའི་མཚན་ཉིད་གཞན་ཡོད་མིན། །དེ་བཞིན་དུ་ནི་སྔར་ཡོད་པ། །འགའ་ཞིག་ལས་ནི་ཉེས་དམིགས་པ། །འབྲས་བུ་ཉིད་དུ་འགྱུར་
མིན་ཏེ། །སྔར་ཡོད་དེ་ཚེ་རིག་པ་ནི། །འབྲས་བུ་ཉིད་དུ་འགྱུར་བ་ཡིན།། །།བམ་པོ་བཅུ་གཅིག་པ། འདི་ལ་བཤད་པ། སྔར་ཡོད་པ་ཡི་ཤེས་པ་ནི། །བརྩལ་མ་ཐག་འབྱུང་ངེས་མིན་ཏེ། །སྒྲིབ་བྱེད་དབང་པོ་སྒྲ་ལ་ནི། །རྣམ་ཀུན་ཉེ་སྦྱོར་མེད་ཕྱིར་རོ། །དཔེར་ན་བརྩལ་མ་ཐག་
ཏུ་བྱུང་བའི་བུམ་པ་ལ་རྩོལ་བའི་འབྲས་བུ་ཡིན་གྱི། རྒྱུའི་ཚོགས་མཐའ་དག་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རྫ་མཁན་གྱི་རྩོལ་བས་གསལ་བར་བྱེད་པ་ནི་མ་ཡིན་པ་བཞིན་ནོ། །ཐམས་ཅད་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འགས་ཀྱང་ཅུང་ཟད་སྤྱོད་པར་བྱ་བ་མ་ཡིན་པའི་ཕྱིར།
འགྲོ་བ་སྤྱོད་པ་མེད་པར་འགྱུར་རོ། །རྒྱུ་རྣམས་ཀྱིས་ངེས་པར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འཆོལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། ངེས་པ་ཞེས་བྱ་བ་ཅི་ཞིག །འདི་ལྟར། གཞན་བཟློག་པ་ལས་མ་གཏོགས་པར། །ངེས་པ་ཞེས་བྱ་ཡོད་མ་ཡིན། །རྒྱུ་ནི་བརྒྱ་ཕྲག་དག་གིས་ཀྱང་། །ཡོད་པ་
ཉེ་བར་བཟློག་པ་མེད། །བཟློག་པ་དངོས་པོ་མེད་པས་ན། །དེ་ནི་ཇི་ལྟར་ཕྱིས་དམིགས་འགྱུར། །ཡོད་པ་མ་ཡིན་ཕྱི་ནས་ནི། །རྟོགས་པ་དེ་ཉིད་སྐྱེ་བ་ཡིན། །འབྲས་བུ་སྔ་ན་ཡོད་སྨྲ་ན། །ངེས་པ་ཐམས་ཅད་ཡོད་པ་ཉིད། །དེས་ན་ཡོད་པ་དེ་ཡང་ནི། །བྱེད་པ་གང་དུའང་རིགས་ལྡན་མིན། །
เล่ม ๑๗๙ · หน้า 232b
འོན་ཏེ་ཡོད་དེ་བྱེ་བྲག་ཏུ། །བསལ་བ་ཉིད་དུ་སྒྲུབ་བྱེད་ལ། །གལ་ཏེ་དེ་ཡང་འབྲས་འགྱུར་ན། །དེ་ལ་རྟོགས་པ་གཉིས་སུ་འགྱུར། །གལ་ཏེ་མེད་ན་བྱར་མི་ནུས། །ཡོད་ཉིད་ཡིན་ནའང་ཇི་ལྟར་བྱེད། །ཡོད་དང་མེད་ཉིད་གཅིག་ཉིད་ལ། །ཡོད་པས་ཚད་མས་འཐད་མ་ཡིན། །ཡོད་ན་
གཏན་དུ་དེ་ཡོད་ཉིད། །དེ་ལ་རྒྱུ་ཡིས་ཅི་ཞིག་བྱ། །མེད་ན་བྱེད་པར་མི་ནུས་ཏེ། །དེས་ན་རྒྱུ་ནི་དོན་མེད་དོ། །དེའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་བུམ་པ་ནི་རྫ་མཁན་གྱི་འབྲས་བུ་ཡིན་གྱི། གསལ་བར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་དུས་གཞན་དུ་དམིགས་པ་དེ་ཉིད་མར་མེས་གསལ་
བར་བྱས་པ་ཡིན་པ་དེ་བཞིན་དུ་སྒྲ་ཡང་རྩོལ་བས་གསལ་བར་བྱ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བུམ་པ་སྔར་ཡོད་པར་ནི་ཚད་མས་གྲུབ་པའི་ཕྱིར་རོ། །སྒྲ་རྩོལ་བའི་སྔོན་རོལ་ན་ཡོད་པ་ལ་ནི་མཚན་མ་མེད་པའི་ཕྱིར་རོ། །འདི་ལ་ཡང་ངོ་ཞེ་ན། མ་ཡིན་ཏེ། ངོ་ཤེས་པའི་རྟོགས་པ་ནི་རྣམ་
པ་བརྒྱར་གསལ་བའི་ཕྱིར་རོ། །གསལ་བ་ནི་སླར་འོངས་པ་མ་ཡིན་ལ། ཤི་བ་ནི་སླར་འཚོ་བ་མ་ཡིན་ནོ། །གཞན་ཡང་ཅི་ངོ་ཤེས་པས་ཤེས་པ་ཡོད་པར་བསྒྲུབ་པའམ། འོན་ཏེ་ཤེས་གཉིས་དབུས་ན་ཡོད་པར་གྲུབ། །གལ་ཏེ་ཤེས་པས་སྒྲུབ་པོ་ཞེ་ན། དེ་ནི་དེའི་ཚེ་སྔར་ཤེས་པ་དེ་ཉིད་
ཀྱིས་བསྒྲུབས་ཤིང་དྲན་པས་ཐ་སྙད་དུ་བྱས་པས་དེ་ལ་ངོ་ཤེས་པས་དགོས་པ་ཅི་ཡོད། གལ་ཏེ་ངོ་ཤེས་པས་ནི་ད་ལྟར་ཡང་དེ་ཡོད་དོ་ཞེས་བསྒྲུབ་པ་ཡིན་ལ། དྲན་པ་ནི་དེའི་དུས་ཉིད་ན་ཡོད་པ་སྒྲུབ་པར་བྱེད་པ་ཡིན་ཏེ། མཐོང་བ་ཇི་ལྟ་བ་བཞིན་དྲན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ།
འདི་ལྟར། གལ་ཏེ་དྲན་པ་ཡོད་པ་ལས། །ངོ་ཤེས་རབ་ཏུ་འཇུག་འགྱུར་ན། །དྲན་པའི་དོན་ལ་ངོ་ཤེས་པས། །དེ་ནི་དབང་སྐྱེས་མ་ཡིན་ཉིད། །དབང་སྐྱེས་དྲན་པ་མ་གཏོགས་པར། །གཏོགས་པ་གཞན་ནི་མཐོང་བ་མེད། །དེས་ན་དབང་སྐྱེས་ཉིད་མིན་པས། །དྲན་པ་ཚད་མ་མིན་ཉིད་
འགྱུར། །དབང་པོ་རྣམས་ནི་དྲན་པའི་དོན་ལ་འཇུག་པ་མ་ཡིན་ཏེ། གཞན་དུ་ཀ་ནྱ་ཀུ་བ་ཛ་ལ་སོགས་པ་མངོན་སུམ་ཉིད་དུ་འགྱུར་རོ། །དེས་ན་དྲན་པ་རྣམས་ཀྱང་མངོན་སུམ་དུ་ཐལ་བར་འགྱུར་རོ། །འོན་ཏེ་མཐོང་བཞིན་པ་ལ་དབང་པོ་འཇུག་ན་ངོ་ཤེས་པས་ཅི་བྱ། དྲན་པ་དང་ལྷན་ཅིག་
เล่ม ๑๗๙ · หน้า 233a
གཅིག་ཏུ་རྟོགས་པ་ལ་དགོས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དྲན་པ་ཚད་མ་མ་ཡིན་ཕྱིར། །དེས་ན། གཞལ་བྱ་གཅིག་ཉིད་ཇི་ལྟར་ཡིན། །ཆོས་ཅན་བདེན་པ་མ་ཡིན་པའི། །ཆོས་ནི་གསལ་བར་མི་བདེན་ཉིད། །སྔ་མ་དུས་དང་འབྲེལ་པ་ནི། །དྲན་པ་མེད་
པར་རྟོགས་མ་ཡིན། །དངོས་པོ་ཙམ་ཞིག་སྣང་བ་ནི། །ངོ་ཤེས་མེད་ཀྱང་འགྱུར་བ་ཡིན། །དཀར་པོ་དང་སེར་པོ་ལ་སོགས་པ་སྣང་བ་ཙམ་ནི་རྟག་པའི་རང་བཞིན་སྣང་བ་མ་ཡིན་ཏེ། དངོས་པོར་སྣང་བ་ན་ཡང་ཡོད་པའི་ཕྱིར་རོ། །འོན་ཏེ་དེ་ལ་ཡང་དུས་གཞན་དུ་གནས་པའི་མཚན་
ཉིད་རྟག་པ་སྣང་བ་ཉིད་དེ། མངོན་སུམ་གྱིས་ནི་དེ་འགོག་པར་བྱེད་པ་མ་ཡིན་ནོ། །མངོན་སུམ་སྒྲུབ་བྱེད་དུ་བརྗོད་དེ། །དངོས་དོན་འགོག་པར་བྱེད་མ་ཡིན། །གལ་ཏེ་དངོས་པོ་དུས་གཞན་དུ། །ཁྱབ་པ་མངོན་སུམ་གྱིས་འཛིན་ན། །དུས་ཀྱི་ཆ་ཀུན་དམིགས་པས་ན། །ཤི་བའི་མཐའ་
རུ་འཛིན་པར་འགྱུར། །དེའི་ཕྱིར་སྔོན་གྱི་དུས་ན་དྲན་པས་དམིགས་པ་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ནོ། །དེས་ན་དྲན་པ་ཚད་མ་མ་ཡིན་པའི་ཕྱིར་དེས་རྟོགས་པའི་དངོས་པོ་ནི་གཅིག་པ་ཉིད་མི་བདེན་པར་འགྱུར་ཏེ། ཆོས་ཅན་མི་བདེན་ན་ཆོས་བདེན་པ་མ་ཡིན་པའི་ཕྱིར་རོ། །འོན་
ཏེ་ད་ལྟར་བདེན་པ་ལ། །སྔ་མ་བདེན་མིན་གནས་པས་ན། །བདེན་དང་བདེན་མིན་འདྲེས་པས་ན། །དེ་གཉིས་གཅིག་འགྱུར་གདོན་མི་ཟ། །བདེན་པ་དང་མི་བདེན་པ་གཉིས་ཀྱིས་གཅིག་པ་ཉིད་དེ་ཡང་བདེན་པ་དང་མི་བདེན་པ་ཉིད་དུ་རིགས་ཀྱི། མི་བདེན་པ་ཉིད་ནི་མ་ཡིན་ནོ་ཞེ་ན། དེ་
ཡང་གྱི་ན་སྟེ། འདི་ལྟར། གལ་ཏེ་ཆོས་ཅན་དབང་གིས་ནི། །བདེན་དང་བདེན་མིན་དུ་གནས་ན། །ད་ལྟར་བས་ནི་བདེན་འགྱུར་ཞིང་། །ད་ལྟར་མིན་པས་བརྫུན་པར་འགྱུར། །ད་ལྟར་བྱུང་བ་བདེན་པའི་ཕྱིར་དེ་ལ་གནས་པའི་གཅིག་པ་ཉིད་ཀྱང་བདེན་པ་ཡིན་ཏེ། ཆོས་ཅན་གྱི་རང་
བཞིན་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དྲན་པའི་གཅིག་པ་ཉིད་ནི་མི་བདེན་ནོ་ཞེས་བྱ་བར་འགྱུར་རོ། །དེས་ན་དངོས་པོ་ལ་གཅིག་ཉིད་མ་གྲུབ་པོ། །གཅིག་ཅིག་བྱ་བར་ཇི་ལྟར་འགྱུར། །གལ་ཏེ་བདེན་ན་ཅིས་མ་རྟོགས། །བདག་དང་བདག་ཉིད་ཚིག་ལ་ནི། །བདག་ཉིད་
เล่ม ๑๗๙ · หน้า 233b
ཅི་སྟེ་གནོད་པར་བྱེད། །འོན་ཏེ་གཞན་དུ་མཐོང་བ་ལ། །ངོ་ཤེས་འདི་ནི་མཐོང་བ་མེད། །དེའི་ཕྱིར་མཐོང་བ་ཐ་དད་པར། །མི་འགྱུར་ཞེས་ནི་རྣམ་པར་ངེས། །ངོ་ཤེས་པའི་རྟོགས་པ་འདི་ཐ་དད་པ་ལས་ལྡོག་པས་ཐ་མི་དད་པ་ཉིད་ལ་གནས་པར་འགྱུར་རོ། །དངོས་པོ་ནི་འདི་ཙམ་དུ་ཟད་
དེ། འདི་ལྟ་སྟེ། ཐ་དད་པ་དང་ཐ་མི་དད་པའོ། །དེས་ན་ཐ་དད་པ་ལས་ལྡོག་ན་ཐ་མི་དད་པ་ཉིད་སྒྲུབ་པར་བྱེད་དེ། དེ་ལྟ་མ་ཡིན་ན་ནི་མེད་པ་ཁོ་ནར་འགྱུར་ཏེ། ཐམས་ཅད་ལས་ལྡོག་པར་ནི་ནུས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་བཟང་སྟེ། འདི་ལྟར། གང་གིས་དེ་ལས་ལྡོག་འགྱུར་བ། །
ཐ་དད་ལ་ཡང་ཁྱབ་པར་ཡོད། །དེ་ཉིད་ཀྱིས་ནི་ཁྱད་པར་སླའི། །དོན་གཞན་ཉིད་དུ་རྟོགས་པ་མིན། །ངོ་ཤེས་པའི་རྟོགས་པ་སྐྱེས་པ་ཙམ་གྱིས་འདི་ནི་ཐ་དད་པའི་ཁྱད་པར་ཉིད་དུ་ཞེས་རྟོགས་པ་ནི་གཟུང་གི །ཐ་དད་པ་དང་རིགས་མི་གཅིག་པའི་ཐ་དད་པར་མི་རྟོགས་པ་ནི་མ་ཡིན་
ནོ། །ངོ་ཤེས་པ་འདི་ནི་རྣམ་པ་གཅིག་ཏུ་འཛིན་པ་སྒྲུབ་པ་བྲེགས་པ་ཡང་སྐྱེས་པའི་རྩྭ་དཱུར་བ་ལ་སོགས་པའི་ལོ་མ་དག་ལས་སྐྱེ་བར་མཐོང་སྟེ། དེས་ན་གཞན་དུ་ཡང་དེ་བཞིན་དུ་བཏགས་པ་ཉིད་རིགས་སོ། །གལ་ཏེ་དེར་ནི་དབུས་ན་གནས་པའི་བྲེགས་པ་ཉིད་དམིགས་པ་ཡིན་ཏེ། དེ་ནི་
ཐ་དད་པ་ལ་ཡང་ཐ་མི་དད་པར་རྟོགས་པ་ཡིན་ནོ། །འདིར་ནི་དེ་ལྟ་མ་ཡིན་ཏེ། སྐྲ་ལོ་བྲེགས་པ་ལ་སོགས་པ་ནི་མི་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་བདེན་པ་ཁོ་ན་སྟེ། ཆེན་པོ་གཡང་དུ་ལྷུང་བ་རྩྭ་ཀུ་ཤ་ལ་འཇུས་པ་དང་མཚུངས་སོ། །འདི་ལྟར། བྲེགས་ཞེས་བྱ་བ་
བཅད་པ་སྟེ། །དེ་ནི་གཞན་དང་མ་འབྲེལ་པའོ། །དེས་ན་སྔ་མ་བོར་བའི་ཕྱིར། །རིག་པ་འབྲེལ་པར་ཇི་ལྟར་འགྱུར། །འབྲེལ་པ་མེད་པར་མཐོང་བ་ནི། །དོན་ལ་ཡང་ནི་མཚུངས་པ་ཉིད། །གཞན་དག་པར་དང་ཆད་པ་ལའང་། །ཤི་བའི་ངོ་ཤེས་རྣམ་འཇོག་པའི། །མ་རུང་བདག་ཉིད་
དེའང་བདག་ནི། །ཉམས་པར་བྱེད་པ་ཁོ་ནར་ཟད། །སྔ་མའི་རང་བཞིན་ཞིག་པ་ན། །ཞིག་དང་ལྷན་ཅིག་གཅིག་ཉིད་ནི། །ཐ་དད་ན་ཡང་དེ་བཞིན་དུ། །གཅིག་པ་ཡིན་པར་རྟོགས་པ་ཡིན། །གཞན་ཡང་། ཞིག་པ་གང་དུའང་དབང་པོའི་སྤྱོད་ཡུལ་མིན། །དེས་ན་དེ་ནི་དྲན་ཡུལ་ཉིད་དུ་སྤྱོད། །
เล่ม ๑๗๙ · หน้า 234a
དྲན་པ་ཚད་མ་ཉིད་ཡིན་སྔར་བསལ་ཏེ། །དེས་ན་རྟག་པ་ཚད་མས་མ་རྟོགས་ཉིད། །གལ་ཏེ་ད་ལྟའི་དངོས་པོ་གྲུབ་མིན་ཡང་། །དོན་སྡུད་པ་ལ་དྲན་པ་ཚད་མ་ཡིན། །དེ་ཚེ་དངོས་པོའང་དེ་ཡི་རྗེས་རྟོགས་ཏེ། །དེས་ན་སྔ་ཉིད་ཚད་མས་རྟོགས་པ་ཡིན། །དེ་དང་
ལྷན་ཅིག་གཅིག་ཏུ་ངེས་བསྟན་པ། །ཚད་མ་ལས་ནི་གཞན་ཡིན་ཇི་ལྟར་འགྱུར། །དངོས་ལ་བསྟན་པར་སྐྱེས་པའི་ཡིད་ཆེས་ཀྱང་། །སེམས་པར་བྱེད་ན་རང་ཉིད་ཀྱིས་འགལ་འགྱུར། །གཞན་ཡང་རྣམ་པར་འགྱུར་བ་མེད་པའི་ངེས་པའི་ཤེས་པས་ཡིད་སྤྲོ་བ་སྐྱེད་པའི་ཡིད་ཅན་
ཡང་གལ་ཏེ་ངེས་པ་ཉིད་སེལ་བར་བྱེད་པ་དེའི་ཚེ། བརྗོད་པ་ནི་གཞན་ལ། ཡིད་ལ་སེམས་པ་ནི་གཞན་ཡིན་པར་འགྱུར་རོ་ཞེ་ན། ངོ་ཤེས་སྨྲ་བ་རྣམས་ཀྱི་ནི། །བློ་ཡི་ནོར་ཀུན་འདི་ཡིན་ཏེ། །ཤིན་ཏུ་རྒྱང་རིང་འཛེགས་ནས་ནི། །སྐད་ཅིག་ལ་ནི་ལྷུང་བར་འགྱུར། །ཤིན་ཏུ་ཉམ་ངའི་
གནས་སུ་རྒྱང་རིང་པོར་འཛེགས་ནས་གམ་དུ་ལྡིགས་ཀྱིས་ལྷུང་ལ་མར་མེ་འདའ་ཀར་ཆེར་འབར་ནས་འཆི་བ་དང་འདྲའོ། །འདི་ལྟར། དྲན་པ་མྱོང་དོན་ཡུལ་ལ་ནི། །ཞིག་པ་ལ་ནི་ཇི་ལྟར་འགྱུར། །མྱོང་མིན་ཡུལ་གྱི་དོན་ཅན་ནའང་། །དེ་ནི་ཇི་ལྟར་དྲན་པ་ཡིན། །གལ་ཏེ་དྲན་པ་
ཉམས་སུ་མྱོང་བའི་དོན་གྱི་ཡུལ་ཅན་གྱི་རང་བཞིན་ཡིན་ན་འདས་པར་དྲན་པར་མི་འགྱུར་ཏེ། འདས་པ་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །འོན་ཏེ་མ་རྟོགས་པ་ཉིད་དྲན་པས་ངེས་པར་འཛིན་ཏོ་ཞེ་ན། དེ་ལྟ་ཡིན་ན་ཡང་དྲན་པར་མི་འགྱུར་ཏེ། དྲན་པ་ནི་སྔ་ན་མེད་པའི་ཡུལ་ཅན་མ་
ཡིན་ནོ། །ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ངོ་ཤེས་པ་ནི་མ་ཡིན་ཏེ། ངོ་ཤེས་པ་ནི་མངོན་སུམ་དུ་མཐོང་བའི་ཡུལ་ཅན་དུ་འདོད་དེ། དེ་ལྟར་མ་ཡིན་ན་ཚད་མ་ཡིན་པར་མི་འགྱུར་རོ། །དེ་ཉིད་འདས་པར་གྱུར་པ་ན་སྔ་མ་ཞེས་བརྗོད་དོ་ཞེ་ན། དེ་ཡང་ཕན་ཚུན་འགལ་ཏེ། གང་ཚེ་འདས་གྱུར་
དེ་གཟུང་མིན། །གཟུང་ཚེ་དེ་ནི་དེ་ལྟ་མིན། །དྲན་པར་གྱུར་པའི་རང་བཞིན་གྱིས། །དེས་ནི་འདས་ཡིན་དེ་དངོས་མིན། །གལ་ཏེ་ངེས་པར་བསྟན་པ་དག །ཚད་མ་ཡིན་པར་འཐད་ན་ནི། །ངོ་ཤེས་པ་ཡང་དེ་བཞིན་འགྱུར། །དངོས་པོ་དང་ལྡན་དོན་མེད་ཉིད། །གལ་ཏེ་དབང་པོ་དང་འབྲེལ་
เล่ม ๑๗๙ · หน้า 234b
པ་མེད་ཀྱང་ངེས་པར་བསྟན་པ་ཚད་མ་ཡིན་ནོ་ཞེ་ན། འདི་ནི་རྟགས་ཉིད་མ་རུངས་པ་སྤྱོད་པར་ནི་བཟོད་པ་དག་གིས་མི་བཟོད་པ་ཙམ་དུ་ཟད་དོ། །འདི་ལྟར། མི་སླུ་བ་དང་ལྡན་པ་ལས། །ཤེས་པ་ཚད་མ་ཡིན་པར་འདོད། །མི་སླུ་ད་ལྟར་ག་ལ་ཡོད། །སྔར་ཞིག་པ་ལ་ཡོད་མ་ཡིན། །གལ་ཏེ་
དེ་གཅིག་མིན་མོད་ཅི། །དེ་ལས་དོན་བྱ་དེ་མིན་ནམ། །མེ་གཞན་གྱིས་ཀྱང་དོན་བྱ་བ། །སྒྲུབ་པར་བྱེད་པ་ཁོ་ནའོ། །དེ་མི་བྱེད་པ་དག་ལས་ལྡོག་པའི་མཚན་ཉིད་དོན་བྱ་བ་དེ་བྱེད་པས་གཅིག་པ་ཉིད་ནི་ཀུན་རྫོབ་ཏུ་འདོད་པ་ཉིད་དེ། དོན་གཅིག་ནི་ཞེས་བརྗོད་པ་དང་རྣམ་པར་རྟོག་པ་ནི་དོན་དེ་ནུས་
པ་ཙམ་ལས་མི་འཐད་པ་མེད་པར་འགྱུར་རོ། །དོན་བྱ་བ་དང་བྲལ་བའི་དོན་གྱི་ཡུལ་ཅན་གྱི་བརྗོད་པར་ངེས་པ་ནི་རྟོག་པ་དང་ལྡན་པ་དག་གིས་ནུས་པར་བྱ་བ་མ་ཡིན་ནོ། །དེ་ངོ་ཤེས་པའི་ཡུལ་ནི། དོན་བྱ་བ་དེ་བྱེད་པ་ཉིད་ཀྱིས་གཅིག་པ་ཉིད་དོ། །དེས་ན་དེའི་རང་བཞིན་གྱི་རྟགས་ཀྱི་རྗེས་སུ་དཔོག་
པ་ཡིན་ནོ། །རང་བཞིན་གཅིག་པ་ཉིད་ཀྱང་། དེ་ལས་གཞན་བརྟགས་པའི་ཆོས་དང་སྔན་པའི་ཕྱིར་རོ། །ཤེས་པ་ནི་དེ་ཁོ་ན་ཉིད་དུ་གཅིག་ལ་ཚད་མ་ཡིན་ནོ། །འོ་ན་བུམ་པ་ལ་སོགས་པ་དོན་བྱ་བ་དེ་བྱེད་པ་ལ་འཚམ་པ་རྣམས་ལ་བུམ་པ་དེ་ཉིད་འདི་ཡིན་ནོ་ཞེས་ཅི་སྟེ་ངོ་ཤེས་པར་མི་འགྱུར་ཞེ་ན། དེ་
མཚུངས་སོ་སྙམ་པ་ཉིད་ངོ་ཤེས་པ་ཡིན་ནོ། །གཞན་ཡང་འདི་ནི་བུམ་པ་དེ་ཉིད་ཁྱེར་འོངས་སོ་ཆུ་གྲང་མོ་དེ་ནི་འདི་ཉིད་ཡིན་ནོ་ཞེས་སོ། །འདི་ལྟར། གང་ཚེ་གཞན་འོན་ཅེས་བརྗོད་ཚེ། །དེ་ཡི་གསལ་གཞན་ཁྱེར་འོངས་པ། །དེ་ཉིད་ཁྱེར་ནུས་འོངས་སོ་ཞེས། །ངེས་པར་སྐྱེ་བར་འགྱུར་བ་ཡིན། །
གང་གི་ཚེ་བུམ་པ་ལས་གཞན་ཕྲུ་བ་ལ་སོགས་པ་བླང་བར་འདོད་པ་དེ་ལས་གཞན་འོན་ཅིག་ཅེས་བརྗོད་པ་ན་གང་གི་ཚེ་བུམ་པ་དེ་གསལ་བ་གཞན་ཁྱེར་ནས་འོངས་པ་དེའི་ཚེ། འདི་ནི་བུམ་པ་དེ་ཉིད་ཁྱེར་ཏེ་འོངས་པ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་མཐོང་ངོ་། །ཐོག་མ་མེད་པའི་བག་ཆགས་དང་འབྲེལ་
པའི་ཐ་སྙད་ཤིན་ཏུ་བསྟན་པའི་ཕྱིར་ན། ཉེ་བར་བཏགས་པ་མ་ཡིན་པའི་དངོས་པོར་མངོན་པར་རློམ་མོ། །དེའི་ཕྱིར་ངོ་ཤེས་པ་ལས་སྒྲ་གཅིག་ཏུ་ངེས་པ་མ་ཡིན་ནོ། །རྟོགས་པར་བྱེད་པའི་ནུས་པ་མཚུངས་པའི་ཕྱིར་ནི་དེ་ལྟར་འཁྲུལ་པ་ཡིན་ནོ། །གལ་ཏེ་གཞན་ན་ཇི་ལྟར་ན། །གཞན་དུ་
เล่ม ๑๗๙ · หน้า 235a
ཡིད་ཆེས་འཇུག་པར་འགྱུར། །ཤེས་པ་མེད་པ་གཞན་ལ་ནི། །འགའ་ཡང་གང་དུའང་ཡིད་ཆེས་མིན། །འཁྲུལ་པ་མཐོང་བས་གཅིག་ལ་ནི། །ཡིད་ཆེས་མེད་པར་འགྱུར་བ་ཡིན། །དེ་བཞིན་དེ་མཚུངས་གཞན་འགའ་ལ། །ཡིད་ཆེས་པར་ནི་འགྱུར་བ་ཡིན། །
འོན་ཏེ་འདུ་བྱེད་མཚུངས་པ་དང་ལྡན་པ་རྣམས་ཀྱིས་མི་འཁྲུལ་པ་ལ་བརྟེན་ནས་ཇི་ལྟར་དེའི་བུ་ལ་སོགས་པ་ཡིད་ཆེས་པར་འགྱུར་བ་དེ་བཞིན་དུ་དེའི་ཉེ་བར་ལེན་པའི་རྒྱུན་ལ་ཡང་ཡིན་ནོ། །ཅི་སྟེ་སྐད་ཅིག་མ་ཉིད་ན། །ཇི་ལྟར་སླར་ལེན་འདོད་པར་འགྱུར། །གཅིག་ཉིད་ཡིན་ན་ནི་ཤིན་ཏུ་
འཐད་དོ། །འདི་ལྟར། བྱིན་པ་ཕྱིར་ནི་ལེན་པས་ན། །འཇིགས་དང་ངོ་ཚ་དང་ལྡན་འགྱུར། །འཇིགས་དང་ངོ་ཚའི་འགྱུར་མོད་ཀྱི། །འཇིགས་དང་ངོ་ཚའང་གང་གིས་བྱས། །འོན་ཏེ་དེ་དང་ཉེ་བས་འདི། །བདག་ཉིད་དེས་ཟིན་པར་རྟོགས་ཏེ། །དེ་ནི་བདག་ཉིད་དེས་ཟིན་པ། །མིང་ཡང་
དེས་ཟིན་པར་འཁྲུལ་ན། །འཁྲུལ་པ་དེ་ཉིད་སྐད་ཅིག་རྒྱུན་ལའང་དེའི། །དེ་ལྟའི་ཐ་སྙད་རྒྱུ་ནི་ཅི་སྟེ་མིན། །གཞན་གྱིས་བརྟགས་པ་ལའང་རྒྱུ་ལས་སྐྱེ་བ་ལས། །མངོན་པར་ཞེན་པའི་རྒྱུ་གཞན་པ་མ་ཡིན་ནོ། །བདག་རྟག་པར་ཁས་བླངས་ཀྱང་མངོན་པར་ཞེན་པ་རྒྱུ་དང་འབྲས་བུས་
བྱས་པ་ལས་འགྲོལ་བ་ནི་མ་ཡིན་ནོ། །འདི་ལྟར་བདག་ནི་སྔ་མ་དང་ཕྱི་མར་རང་གི་ངོ་ངོ་གཅིག་ལས་འཕོ་བ་མ་ཡིན་ནོ། །དེས་ན་དེ་ལ་འཇིགས་པ་དང་འཛེམ་པ་ལ་སོགས་པ་མེད་པའི་ཕྱིར། ཇི་ལྟར་འཇིགས་པ་ལ་སོགས་པས་བསྡིགས། འོན་ཏེ་དེ་ལ་འཇིགས་པ་སྐྱེ་བས་ནི་དེ་དང་
ལྡན་པས་སོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོས་འཇིགས་པ་མེད་པ་ཉིད་ཀྱིས་ནི་དེ་ལ་གནོད་པ་ཅི་ཡང་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཐ་སྙད་དེ་ལྟ་བུའི་རྒྱུ་ཡིན་ནོ། །ཐ་སྙད་ཙམ་གྱིས་གནོད་པ་ནི་གནོད་པ་མ་ཡིན་ནོ། །ཐ་དད་ཀྱང་འབྲེལ་པའི་ཕྱིར་བུ་ལ་གནོད་པས་
ཀྱང་གནོད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། གཞན་ལ་གནས་པས་དེ་རང་ཉིད་ལ་བརྟེན་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དགྲ་ལ་གནོད་པས་ཀྱང་གནོད་པར་འགྱུར་ཏེ། དེ་དང་ཡང་གནོད་བྱ་གནོད་བྱེད་ཀྱི་མཚན་ཉིད་ཀྱིས་འདི་འབྲེལ་ཡོད་པ་ཉིད་དོ། །གལ་ཏེ། བུ་ཡང་དེ་དགྲར་གྱུར་པའང་། །
เล่ม ๑๗๙ · หน้า 235b
དེ་གནོད་བྱས་པས་གནོད་མ་ཡིན། །དེས་ན་གནོད་པའི་རང་བཞིན་གྱིས། །གནོད་ཡིན་གཞན་གྱི་གནོད་པས་མིན། །དེའི་ཕྱིར་སྐད་ཅིག་ཉིད་ཡིན་པས། །བདག་ནི་རྒྱུ་ལས་ཁྱད་ཡོད་མིན། །དེས་ན་ཐ་སྙད་འདི་དག་ནི། །ཐམས་ཅད་དེ་ལྟའི་རྣམ་པ་ཅན། །དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ཐ་
སྙད་ཐམས་ཅད་ནི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་སྒྲ་རྟག་པ་ཉིད་མ་ཡིན་པ་དེའི་ཕྱིར་ཇི་ལྟར་བརྩལ་མ་ཐག་ཏུ་གསལ་བ་ཡིན། སྐྱེ་བ་ཉིད་ཚད་མས་ཡུལ་དུ་བྱས་པ་ཡིན་ཏེ། དེའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །རྐྱེན་གྱི་དབྱེ་བས་ཐ་དད་ཕྱིར། །སྒྲ་ནི་འབྲས་བུར་གྱུར་པ་ཡིན། །མར་མེ་ལ་
སོགས་དབྱེ་བ་ཡིས། །བུམ་སོགས་ཐ་དད་འགྱུར་མ་ཡིན། །གསལ་བར་བྱེད་པ་ཆེ་ཆུང་གིས་གསལ་བྱ་ཐ་དད་པར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་སྒྲོན་མས་གསལ་ན་ཨུཏྤ་ལ་སྔོན་པོ་དམར་པོར་མཐོང་བ་དང་། ཟླ་བའི་འོད་ཀྱིས་མངོན་པར་གསལ་ན་སེར་པོ་དཀར་པོ་ཉིད་དང་། རལ་གྱིས་མངོན་
པར་གསལ་ན་གདོང་དཀར་ཤམ་ཡང་སྔོ་བསངས་སུ་མཐོང་བ་དེ་ལྟ་བུ་ལ་སོགས་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། གལ་ཏེ་དངོས་རྣམས་གསལ་བྱེད་ལས། །རང་བཞིན་གཞན་དུ་ཡོད་གྱུར་ན། །དེ་ལས་གཞན་པའི་རང་བཞིན་ནི། །འབྲས་ཕྱིར་གསལ་བྱེད་བྱེད་པོར་འགྱུར། །
གསལ་བར་བྱེད་པས་ནི་དེའི་རང་བཞིན་ལས་མ་ཉམས་པར་རང་གི་རང་བཞིན་ཉིད་ཕྱིན་ཅི་མ་ལོག་པར་གསལ་བར་བྱ་བ་ཡིན་ནོ། །དེ་ལ་མེད་པའི་རང་བཞིན་དེ་ཇི་ལྟར་གསལ་བར་བྱེད་པར་འགྱུར་ཏེ། གཞན་དུ་ན་རི་བོང་གི་རྭ་ལ་སོགས་པ་ཡང་གསལ་བར་བྱེད་པར་འགྱུར་རོ། །དེ་ཡང་ཕྱིན་ཅི་
ལོག་ཏུ་སྣང་བས་གསལ་བར་བྱས་པ་ཡིན་ནོ་ཞེ་ན། འདི་ལ་ལེན་བཏབ་ཟིན་ཏོ། །འོན་ཏེ་འདི་འཁྲུལ་པ་ཡིན་པ་དེས་ན་སྐྱོན་འདི་མེད་དོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། གལ་ཏེ་གསལ་བྱེད་འཁྲུལ་སྐྱེད་ན། །དེ་ནི་ཇི་ལྟར་གསལ་བྱེད་ཡིན། །འགའ་ཞིག་གསལ་བར་བྱེད་ན་ནི། །གསལ་
བྱེད་གསལ་བར་གསལ་བྱེད་ཉིད། །དེ་ལྟ་མིན་ན་རབ་རིབ་ལ། །སོགས་པའང་གསལ་བྱེད་དག་ཏུ་འགྱུར། །དེ་དག་ལ་ཡང་འཁྲུལ་བྱེད་ལ། །ཉེས་པ་གཞན་ནི་ཡོད་མ་ཡིན། །འོན་ཏེ་འཁྲུལ་ཡང་གདངས་ལས་ནི། །དེ་ཡི་རང་བཞིན་བཞིན་འཛིན་པ། །དེས་ན་རྩོལ་བ་ལ་སོགས་པ། །དེ་ཡི་
เล่ม ๑๗๙ · หน้า 236a
གསལ་བྱེད་ཡིན་འདོད་ན། །གལ་ཏེ་གདངས་ཆེན་པོ་དང་ཆུང་ངུ་ལ་སོགས་པ་དང་འབྲེལ་པ་ལས་སྒྲ་ཐ་དད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་དེ་ནི་འཁྲུལ་བས་བྱས་པ་ཉིད་ཡིན་གྱི་དེ་ཁོ་ནར་ནི་མ་ཡིན་ནོ། །འཁྲུལ་ཀྱང་སྒྲའི་དེ་ཁོ་ན་ཉིད། གཞན་གསལ་བའི་
བདག་ཉིད་སྣང་བ་ཉིད་དོ་ཞེ་ན། དེ་ལ་ཡང་ལན་བརྗོད་པ། གལ་ཏེ་འཁྲུལ་པའི་རང་བཞིན་ལས། །སྒྲ་ཡི་རང་བཞིན་གཞན་ཡོད་ན། །ཐ་སྙད་ཉིད་དུ་སྣང་འགྱུར་ཏེ། །གཞན་དུ་འཁྲུལ་པར་རྟོགས་མི་འགྱུར། །ཐ་དད་ཐ་མི་དད་པ་ཡི། །རང་བཞིན་དུ་ནི་སྣང་གྱུར་ན། །ཐ་དད་ཞེས་
བྱས་རྟོགས་མི་འགྱུར། །དེ་ལྟ་མིན་ན་གཞན་ཉིད་འགྱུར། །གལ་ཏེ་འཁྲུལ་པ་ལ་ཡང་ནི། །འཁྲུལ་ན་འཁྲུལ་པ་ཉིད་ཉམས་འགྱུར། །འཁྲུལ་ལ་འཁྲུལ་མེད་པར་རྟོགས་ན། །དེས་ན་འཁྲུལ་ཞེས་རྟོགས་པར་འགྱུར། །འཁྲུལ་པར་སྣང་བའི་རང་བཞིན་ལས་སྒྲའི་རང་བཞིན་
བདེན་པ་གཞན་ཡོད་པ་ཐ་དད་པར་མི་སྣང་བ་ནི་རིགས་པ་མ་ཡིན་ནོ། །འཁྲུལ་པས་ཐ་དད་པར་མི་སྣང་ངོ་ཞེ་ན། འཁྲུལ་པའི་རང་བཞིན་དེ་ལས་ཀྱང་སྒྲའི་རང་བཞིན་གཞན་ཡིན་ཏེ། དེས་ན་དེ་ཡང་ཐ་དད་པར་སྣང་བར་ཐལ་བས་ཡང་འཁྲུལ་པ་ཉིད་ཉེ་བར་དགོད་པ་ཡིན་ལ། དེ་ཡང་
རང་བཞིན་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པས་སྒྲའི་བདེན་པའི་བདག་ཉིད་ནི་མི་རྟག་པ་ཉིད་དོ། །འཁྲུལ་པ་ཡང་འཁྲུལ་ན་ནི་སྒྲའི་རང་བཞིན་བདེན་པ་ཉིད་འབའ་ཞིག་གནས་ཏེ། དེས་ན་དེ་ཉིད་སྣང་བར་འགྱུར་བས་འཁྲུལ་པ་ཞེས་བྱ་བར་མི་འགྱུར་རོ། །དེས་ན་དེ་ཉིད་སྣང་བས་ན། །
འཁྲུལ་པ་ཞེས་བྱ་ཡོད་མ་ཡིན། །གཞལ་བྱ་ཐམས་ཅད་དོར་ནས་ནི། །འཁྲུལ་པ་འཁྲུལ་པ་ཉིད་དུ་གནས། །གལ་ཏེ་སྒྲ་ཙམ་གྱིས་བསྐྱེད་པ་དོན་རྟོགས་པའི་མཚན་ཉིད་ཀྱི་དོན་བྱ་བ་ཡིན་གྱི། ཆེན་པོ་ཉིད་ལ་སོགས་པས་བྱས་པའི་དོན་རྟོགས་པའི་ཁྱད་པར་ནི་འགའ་ཡང་མེད་དོ། །
དེས་ན་དོན་བྱ་བ་བྱེད་པ་ཉིད་ཀྱིས་གསལ་བ་ཙམ་ཉིད་བདེན་པ་ཡིན་གྱི་བཟློག་པའི་ཕྱིར་གཞན་ནི་བདེན་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། སྒྲ་ལ་དོན་རྟོགས་བྱེད་པ་ཡི། །དོན་བྱེད་པ་ནི་མཐོང་བ་མེད། །དོན་དེ་རྟོགས་པ་སྐྱེ་བ་ནི། །བརྡ་གོམས་པ་ལས་འགྱུར་བ་ཡིན། །
เล่ม ๑๗๙ · หน้า 236b
བག་ཆགས་སད་པར་གྱུར་པ་ཡི། །རྒྱུ་ནི་སྒྲ་རིག་ཡིན་པར་འདོད། །བརྒྱུད་པ་ཡིས་ནི་སྐྱེད་བྱེད་པ། །ཐ་དད་བྱེད་པར་འདོད་མ་ཡིན། །ཉེར་ལེན་དབྱེ་བས་ཐ་དད་དུ། །འགྱུར་གྱི་ལྷན་ཅིག་བྱེད་པ་མིན། །དེས་ཀྱང་ལྷན་ཅིག་བྱེད་པའི་ཕྱིར། །སྒྲ་ནི་འབྱེད་པར་བྱེད་པ་ཡིན། །དོན་དེའི་རྣམ་པ་ཅན་
རྣམ་པར་རྟོག་པའི་རང་བཞིན་གྱི་དོན་རྟོགས་པ་ནི་སྐལ་བ་མཉམ་པའི་བག་ཆགས་དང་འབྲེལ་པ་ཉིད་ལས་སྐྱེ་བ་ཡིན་ལ། སྒྲ་ནི་དེ་ལ་ལྷན་ཅིག་བྱེད་པ་ཡིན་པའམ། བག་ཆགས་སད་པར་བྱེད་པའི་སྒོ་ནས་བརྒྱུད་པ་སྐྱེད་པར་བྱེད་པ་ཡིན་པ་དེས་ན་དེའི་ཐ་དད་པར་བྱེད་པ་མ་ཡིན་ནོ། །
སྒྲའི་དངོས་སུ་དོན་བྱ་བ་ནི་དེའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ལ། དེ་ནི་ཉེ་བ་དང་རིང་བའི་དབྱེ་བས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་ལྡན་པར་གསལ་བ་དང་མི་གསལ་བར་ཐ་དད་པར་འགྱུར་བ་ཉིད་པས་དེ་ཇི་ལྟར་ན་རང་གི་དོན་བྱ་བ་བྱེད་པ་ཐ་མི་དད་པ། དེ་ལྟར་ཡིན་དང་ཐ་དད་པ་
ཉིད་དངོས་པོ་ཉིད་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ནོ། །གལ་ཏེ་སྒྲ་རྟག་པར་འགྱུར་ན་ནི་བརྩལ་མ་ཐག་པ་ཉིད་ནི་ངེས་པར་ཤེས་པར་མི་འགྱུར་ཏེ། སྔར་ཡང་ཅིའི་ཕྱིར་དོན་རྟོགས་པར་མི་བྱེད། ཐོས་པས་རྟོགས་པར་བྱེད་ནུས་པའི་ཕྱིར་གཞན་དུ་རྟོགས་པར་བྱེད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་
བརྡའི་དུས་ན་ཐོས་པ་དེ་ཉིད་ད་ལྟར་ཡང་རྗེས་སུ་འཇུག་པ་མ་ཡིན་ནམ། རྟོགས་པ་ཉིད་དུ་འགྱུར་གྱི་ཕྱིས་ཀྱི་རྩོལ་བའི་སྔ་རོལ་དུ་མི་རྟོགས་པར་ནི་མི་འགྱུར་རོ། །མ་ཡིན་ཏེ་དེའི་ཚེ་ན་གསལ་བྱེད་མེད་པའི་ཕྱིར་རོ། །གསལ་བར་བྱེད་པ་ནི་དུས་མཚུངས་པ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་
དེ་ལྟར་རུང་བ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་གསལ་བྱེད་དུས་མཚུངས་པ། །གསལ་བར་བྱེད་པ་ཡིན་པ་ལྟར། །དེ་བཞིན་གསལ་བྱེད་གསལ་བྱ་ཡི། །བདག་ཉིད་ཐམས་ཅད་གསལ་བྱེད་འགྱུར། །གལ་ཏེ་དུས་གཞན་གནས་པ་དེ། །དེ་བཞིན་དུ་ནི་དེས་གསལ་ན། །དེ་ཚེ་དེ་ནི་དུས་གཞན་
དུ། །གསལ་བྱེད་ལ་ལྟོས་ཇི་ལྟར་འགྱུར། །རང་གི་རང་བཞིན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་མ་ཡིན་པ་ནི། གསལ་བྱེད་དུ་འགྱུར་བ་མ་ཡིན་ནོ། །དུས་གཞན་དུ་ཁྱབ་པའི་རང་བཞིན་གསལ་ན་ནི་དུས་གཞན་དུ་གསལ་བར་བྱེད་པས་ཅུང་ཟད་ཀྱང་བྱར་ཡོད་པ་མ་ཡིན་ནོ། །མ་གསལ་
เล่ม ๑๗๙ · หน้า 237a
བ་གསལ་བར་བྱེད་པ་ལ་ལྟོས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེའི་ཚེའང་གསལ་བྱེད་གཞན་དགོས་པར་འགྱུར་ཏེ། དེ་ལ་ཡང་གཞན་དགོས་པའི་ཕྱིར་ཐུག་པ་མེད་པར་གནས་པར་དཀའ་བའི་ཕྱིར་གསལ་བ་ཉིད་དུ་མི་འགྱུར་རོ། །ཕྱིས་ཀྱི་ཤེས་པའི་སྔ་རོལ་དུ་
དམིགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མི་འཐད་དོ། རྩོལ་བ་སྔོན་རོལ་དུ་ཡོད་པ་ནི་བརྩལ་མ་ཐག་པའི་རང་བཞིན་གང་ཡིན་པ་དེར་ངེས་པར་ཤེས་པ་མི་འཐད་པའི་ཕྱིར་རོ། །རང་བཞིན་དེ་ཉིད་ཡིན་པས། དེ་ཉིད་དམིགས་པ་ནི་ཡང་མི་དམིགས་པ་ནི་མི་འཐད་དེ། སྔར་འབྱུང་
བའི་རྩོལ་བ་དེ་ཡང་དེ་ལ་རྣམ་པ་ཐམས་ཅད་དུ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། ཕྱི་མ་ཉིད་ཀྱིས་བདག་ཉིད་ཐམས་ཅད་གསལ་བའི་ཕྱིར་རོ། །རང་གི་དུས་འབྲེལ་བའི་རང་བཞིན་ཉིད་གསལ་བར་བྱེད་དོ་ཞེ་ན། ཅི་དེ་ལས་གཞན་གྱིས་གཞན་རྣམ་པར་གཅོད་དམ། སྔ་ཕྱིའི་ཤེས་པ་གཅིག་
ཡིན་ན། །རྩོལ་དབྱེ་ཐ་དད་བྱེད་པ་མིན། །ཤེས་བཞིན་དུ་ནི་ཐ་དད་ཕྱིར། །ཤེས་བྱ་ཡང་ནི་གཞན་དུ་འགྱུར། །འོན་ཏེ་གང་གི་ཚེ་སྒྲིབ་པ་མེད་པ་དེའི་ཚེ་དམིགས་པར་འགྱུར་ཏེ་ཡོད་ཀྱང་མི་དམིགས་པ་ནི་སྒྲིབ་པའི་ཕྱིར་རོ། །རྩིག་པས་བར་དུ་ཆོད་པ་ཡི། །བུམ་པ་ཡོད་ཀྱང་མཐོང་མི་
འགྱུར། །གཞན་གྱི་དེ་ནི་གསལ་བྱའོ། །ཕྱིས་ནི་དེ་མཐོང་ཡུལ་དུ་འགྱུར། །དེ་ལྟར་མངོན་སུམ་གྱིས་གྲུབ་ཅིང་། །ཚད་མ་ཡིས་ནི་ངེས་པ་ཡིན། །སྒྲ་ལའང་རྩོལ་བར་སྒྲིབ་པ་ནི། །མེད་པར་སྒྲུབ་པར་བྱེད་པ་ཡིན། །ཡོད་ཀྱང་སྒྲིབ་པར་བྱེད་པ་ཡོད་ན་མི་དམིགས་པའི་ཕྱིར་དང་། དེ་མེད་
ན་ཡང་དམིགས་པའི་ཕྱིར་རོ། །དམིགས་པའི་གེགས་བྱེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྒྲིབ་པར་བྱེད་པ་ཡོད་པས་བྱས་པ་ཡིན་ནོ། །བསྒྲིབས་པས་རང་ཉིད་མེད་པར་འགྱུར་བའམ་འགྱུར་བ་གཞན་བྱེད་པ་ནི་མ་ཡིན་ཏེ། མངོན་སུམ་གྱིས་དེའི་རང་བཞིན་དུ་དམིགས་པའི་
ཕྱིར་རོ་ཞེ་ན། གཞན་གྱིས་སྨྲས་པ་དེ་ནི་སྔ་མ་དང་ཕྱི་མ་མ་བརྟགས་པ་ཡིན་ཏེ། འདི་ལྟར། དེར་ཡང་རྣམ་འགྱུར་མེད་པར་ནི། །ངོ་ཤེས་ཉིད་ལས་རྟོགས་པ་ཡིན། །དམིགས་པ་མེད་པའང་མངོན་སུམ་གྱིས། །ཇི་ལྟར་རྟོགས་པར་འགྱུར་བ་ཡིན། །གང་ཕྱིར་དམིགས་པ་ལྡོག་པས་ནི། །
เล่ม ๑๗๙ · หน้า 237b
དེ་ཡི་རང་བཞིན་མེད་པར་སྒྲུབ། །གཞན་གྱིས་དམིགས་སོ་ཞེས་བྱ་བ། །འདི་ལ་ཚད་མ་མཐོང་བ་མེད། །གལ་ཏེ་ངོ་ཤེས་པ་ལས་དེ། །བར་དུ་ཡང་ནི་སྒྲུབ་བྱེད་ན། །ངོ་ཤེས་རྗེས་དཔག་ཡིན་འགྱུར་ན། །མངོན་སུམ་སྔོན་འགྲོ་ཅན་མ་ཡིན། །ལོང་བ་བརྒྱུད་པ་ཉིད་དུ་འགྱུར། །རྗེས་
དཔག་གང་ཡིན་དེ་ཡང་ནི། །དེ་ལྟར་གྱུར་པ་གྲུབ་མ་ཡིན། །སྒྲིབ་པས་ཆོད་པ་མི་དམིགས་པས་ན་དེ་ཉིད་ཀྱི་ཚེ་མངོན་སུམ་གྱིས་འགྱུར་བ་མེད་པར་དམིགས་པ་ནི་མ་ཡིན་ནོ། །ཕྱིས་སྒྲིབ་པ་མེད་པར་དམིགས་སོ་ཞེ་ན། དེ་ཉིད་ཀྱི་ཚེ་ཡོད་པའམ་འགྱུར་བ་མེད་པ་ཡིན་མོད། བར་ན་ཡོད་པ་ནི་
ལྐོག་ཏུ་གྱུར་པ་ཡིན་པས་ངོ་ཤེས་པས་རྟོགས་པ་ཡིན་ནོ། །དེ་ལྟ་ན་ཡང་རྗེས་སུ་དཔག་པར་འགྱུར་ཏེ། གང་གི་ཚེ་ད་ལྟར་འགྱུར་བ་མེད་པ་དེའི་ཚེ་སྔ་ན་ཡོད་པ་ཡིན་ནོ་ཞེས་རྗེས་སུ་དཔག་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལ་མངོན་སུམ་མེད་ན་ཇི་ལྟར་རྗེས་སུ་དཔག་པ་དེ་མངོན་
སུམ་སྔོན་དུ་འགྲོ་བ་ཅན་ཡིན། ཐམས་ཅད་སྔོན་དང་ཕྱིས་ཡོད་པ་ནི་ངོ་ཤེས་པའི་མཚན་ཉིད་དོ། །རྗེས་སུ་དཔག་པ་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་རྗེས་སུ་དཔག་པ་དེ་ཡང་རྗེས་སུ་དཔག་པ་ཉིད་ལས་ཡིན་པའི་ཕྱིར་མཐའ་ཐུག་པ་མེད་པ་ཉིད་པས་ན་མུན་པ་བརྒྱུད་པ་ཉིད་དོ། །
གཞན་གྱིས་མངོན་སུམ་དུ་རྟོགས་པ་དེས་ན་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། དེ་ལ་ཡང་མངོན་སུམ་མེད་པ་ཉིད་དོ། །གཞན་གྱིས་མངོན་སུམ་དུ་རྟོགས་སོ་ཞེས་གཞན་གྱིས་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་དེས་སྨྲའོ་ཞེ་ན། མ་ཡིན་ཏེ། ཚིག་ཚད་མ་མ་ཡིན་པའི་ཕྱིར་རོ། །
བདེན་པར་ཡང་ཕ་རོལ་པོ་རང་ཉིད་ཀྱང་གང་ཞིག་དེས་རྟོགས་པ་ཉིད་པས་རྟོགས་སོ་ཞེས་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །གཞན་གྱིས་རྟོགས་པ་དང་འདྲེས་པ་མེད་པར་རྟོགས་པ་ནི་འདི་ནི་ཁྱོད་ཀྱིས་རྟོགས་སོ་ཞེས་དེ་ལྟར་རྟོགས་པར་ནུས་པ་མ་ཡིན་ནོ། །དེས་ན་ཕན་ཚུན་ལྟོས་པའི་སྐྱོན་
དུ་འགྱུར་རོ། །འོན་ཏེ་དེ་ལྟ་བུ་ཉིད་ཀྱིས་རྣམ་པར་འགྱུར་བ་མཐོང་བ་དེས་ཀྱང་དེ་ཉིད་རྟོགས་སོ་ཞེས་རྗེས་སུ་དཔག་པ་ལས་རྟོགས་སོ་ཞེ་ན། འོ་ན་ནི་དེ་ལྟ་བུ་ཉིད་དུ་འགྲུབ་ཀྱི་གཅིག་ཉིད་ནི་མ་ཡིན་པས་དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་
เล่ม ๑๗๙ · หน้า 238a
ཅན་མ་ཡིན་ནོ། །དུ་བ་ལས་ནི་མེ་ཉིད་ཡིན་ནོ་ཞེས་མི་འགྲུབ་པོ། །གལ་ཏེ་བ་སྤུ་ལྡང་བ་ལ་སོགས་པའི་ཐ་སྙད་མཚུངས་པ་ཡོད་པས་གཅིག་ཉིད་ཡིན་པ་བདེ་བ་དང་བདག་ལ་སོགས་པ་ཡང་ཅི་སྟེ་དེ་ལྟར་མ་ཡིན། འོན་ཏེ་བདེ་བ་ལ་སོགས་པ་ནི་ཕན་ཚུན་ལྡོག་པ་ཉིད་དུ་
རྟོགས་པའི་ཕྱིར་གཅིག་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རང་དང་གཞན་གྱིས་མ་འདྲེས་པར་རྟོགས་པའི་ཕྱིར་ཐ་དད་པ་ཉིད་དུ་རིགས་སོ། །དེ་རྟོགས་པར་ནི་ཡུལ་གཅིག་པ་ཉིད་མི་རྟོགས་པ་ཉིད་དོ། །དངོས་པོའི་རང་བཞིན་ལས་ཡུལ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་ཡོད་ཀྱང་སྒྲིབ་པ་
ཡོད་པས་མ་དམིགས་སོ་ཞེས་བྱ་བ་དེ་ནི་མ་གྲུབ་པ་ཉིད་དོ། །གལ་ཏེ་གཞན་གྱིས་རྟོགས་པ་དེ་ཉིད་ངས་རྟོགས་སོ་ཞེས་བྱ་བའི་རྟོགས་པ་ཡོད་པ་ཉིད་མ་ཡིན་ནམ། གནོད་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། འདིར་དཔྱོད་པ་ཞིབ་མོས་གནོད་པར་བྱེད་པ་སྒྲུབ་པ་ནི་མ་ཡིན་ནོ། །གང་གི་ཕྱིར།
གནོད་བྱེད་སྐྱེས་པ་མེད་པར་ནི། །རྨོངས་པ་ཡིས་ནི་རྟོགས་བྱེད་གང་། །དེ་ནི་ཐ་སྙད་ཐམས་ཅད་ལ། །ཐེ་ཚོམ་ཟ་ཕྱིར་འཇིག་པར་འགྱུར། །ཞིབ་མོར་རྣམ་པར་དཔྱད་ན་ནི་འགའ་ཡང་རྣམ་པར་གཞག་པར་མི་འོས་པར་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་འདི་ལྟར། ཞིབ་མོར་དཔྱོད་པ་བཀག་
པས་ནི། །ཚད་མ་བཀག་པར་འགྱུར་བ་ཡིན། །ཞིབ་མོར་དཔྱོད་པ་ཚད་མ་ལས། །གཞན་པ་ཕ་རོལ་འདོད་མ་ཡིན། །འཇིག་རྟེན་གྱི་ཐ་སྙད་ལ་གནོད་པའི་ཞིབ་མོར་དཔྱོད་པ་གཞུག་གོ་ཞེས་བྱ་བ་ཚད་མ་ལ་ལྟོས་པར་ཐ་སྙད་དུ་བྱའོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ཡིན་དང་བསྟན་བཅོས་
བརྩམས་པ་དོན་མེད་པར་འགྱུར་རོ། །ཐ་སྙད་རྩིང་བའི་བློ་འཕེལ་བར་བྱ་བའི་ཕྱིར་བསྟན་བཅོས་བྱེད་པ་མ་ཡིན་ཏེ། བསྟན་བཅོས་རྨོངས་པ་ཟློག་པར་བྱེད་པ་ཡིན་ནོ་ཞེས་ཐམས་ཅད་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་དཔྱོད་ན་གནོད་པར་འགྱུར་ན། བཟློག་པར་ནུས་པ་མ་ཡིན་ཏེ། སྤྱི་
བོར་ཐོག་ནི་འབབ་འགྱུར་བ། །ཤིང་ལོ་ཡིས་ནི་སྐྱོབ་མི་འགྱུར། །མཁས་རྣམས་ལ་ནི་འཁོར་བ་ཡི། །ཐ་སྙད་ཀྱང་ནི་མི་འཆད་པའམ། །ཇི་ལྟར་གང་བཞིན་བསྒྲུབ་པའི་ཕྱིར། །ཐ་སྙད་ཉམས་པར་ག་ལ་འགྱུར། །ཐ་སྙད་པ་རྣམས་ཀྱི་ལོང་བ་བརྒྱུད་པ་ཉིད་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའི་
เล่ม ๑๗๙ · หน้า 238b
ཐ་སྙད་དུ་འགྱུར་བ་ནི་ཉམས་པ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའི་ལམ་དུ་ཞུགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ངེས་པར་བརྟགས་པས་ཟློག་པར་བྱེད་དོ། །ཀུན་རྫོབ་ཙམ་ལས་མ་གཏོགས་པར། །འཁོར་བ་གཞན་ནི་རྟོགས་པ་མེད། །དེ་ལྟ་ཡིན་ན་དེ་ཉིད་ནི། །མྱ་ངན་འདས་
པ་ཡིན་ཞེས་གནས། །དེ་ཉིད་དེ་ཉིད་མིན་ཞེས་པའི། །དབྱེ་འདི་དོན་དམ་དུ་ཡོད་མིན། །དེ་ཉིད་དཔྱད་པ་མེད་པ་ཉིད། །དེ་ཉིད་མིན་ཞེས་ངེས་པར་བྱེད། །དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ནི་མཐའ་དག་གཉིས་མེད་པར་འགྱུར་རོ། །དེ་མ་བརྟགས་ན་ནི་སྤྲོས་པའི་རང་བཞིན་དེ་ཉིད་དེ་ཁོ་ན་ཉིད་མ་
ཡིན་པའི་འཁོར་བ་ཡིན་ནོ། །དེས་ན་མ་ངེས་པར་བརྟགས་པས་འཁོར་བ་ཚད་མ་ནི་འདོད་པ་ཉིད་ཀྱིས་ཐོག་ཏུ་བབ་པའི་ཕྱིར་ཇི་ལྟར་འཇིག་པར་འགྱུར། ཇི་སྲིད་དེ་ཁོ་ན་ཉིད་མ་མཐོང་བ་དེ་སྲིད་དུ་ནི་ཐ་སྙད་ལྡོག་པ་ཉིད་དེ། དེས་ན་འདོད་པ་ཉིད་ཐོག་ཏུ་བབ་སྟེ་མཁོ་བའི་སྐྱེ་བོ་རྣམས་ཀྱི་ཐ་སྙད་ནི་
འདི་ཡིན་ནོ། །དེ་ལ་བགས་ཀྱིས་བཀའ་མ་རིག་པའི་ཕྱིར་གང་ལ་འཇིག་རྟེན་ཕྱིན་ཅི་ལོག་ཏུ་གྱུར་པའི་མི་རྟག་པ་ཉིད་རེ་ཞིག་བསྒྲུབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་མཐོང་བ་དེའི་ཚེ་དེ་སྔོན་དང་ཕྱི་མའི་དུས་རྣམ་པར་གཅད་པར་འཛིན་པའི་ཕྱིར་ཇི་ལྟར་མཐོང་བ་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་དེ་
རྟོགས་པ་སྟེ། དེ་ལྟ་མ་ཡིན་ན་དངོས་པོ་རྣམས་གཞག་པ་མེད་པ་ཁོ་ནར་འགྱུར་རོ། །འདི་དག་བརྗོད་པ་ནི་གལ་ཏེ་བར་གྱི་རང་བཞིན་འཛིན་པ་ན་སྔ་ཕྱིའི་རང་བཞིན་གནས་པ་མེད་པ། དམིགས་པའི་མཚན་ཉིད་དུ་མ་གྱུར་པ་ཉེ་བར་གནས་པའི་མངོན་སུམ་གྱིས་མ་བཟུང་བ་དེ་ལྟ་ན་ཡང་མ་དམིགས་
པ་ཙམ་ལས་མེད་པ་མ་ཡིན་ནོ། །དུས་གཞན་དུ་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེའི་ཚེ་ནི་དམིགས་པ་ཁོ་ནའོ། །འདི་ལྟར། གང་ཞིག་གང་དུ་དམིགས་པ་ཡི། །མཚན་ཉིད་དེར་ནི་ཉེ་བར་དམིགས། །བུམ་པ་གཞན་དུ་དམིགས་གྱུར་པ། །དེ་འདྲ་གཞན་ན་ཡོད་མ་ཡིན། །དེ་བཞིན་
དུ། གང་གི་དམིགས་བྱའི་རང་བཞིན་ཡིན། །དེ་ཚེ་དེ་ནི་དམིགས་པ་ཉིད། །གཞན་ཚེ་དེ་ཉིད་དེ་འདྲ་ཉིད། །མིན་པས་གཞན་ཚེའང་དམིགས་མ་ཡིན། །དེ་ཡང་མ་དཔྱད་པ་ཡིན་ཏེ། །འདི་ལྟར། དེ་ཡི་རང་བཞིན་གཅིག་ཉིད་ན། །དེ་དང་དེ་མིན་ཇི་ལྟར་འགྱུར། །དུ་མ་ཉིད་ནི་ཡིན་ན་ཕྱིས། །དེ་
เล่ม ๑๗๙ · หน้า 239a
ཉིད་དམིགས་ཞེས་བྱར་མི་རུང་། །གང་གིས་དེ་མེད་ན་དེར་གནས་པའི་རང་བཞིན་མེད་པས་དེས་མ་དམིགས་པར་འགྱུར་བ་དུས་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །སྔོན་དང་ཕྱི་མའི་ངོ་བོར་དམིགས་པའི་རང་བཞིན་དེ་ཉིད་དུས་སུ་བསྙད་པར་འགྱུར་བ་ཡིན་
ནོ། །འདི་ལྟར་བདག་ཅག་ལ་དུས་འདི་གནས་པར་གྱུར་ཏོ་ཞེས་གྲང་བས་ཉེན་པའི་རང་བཞིན་དུས་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་གཅིག་ཉིད་ནི། །དུས་ཀྱང་གཅིག་ཉིད་ཡིན་པར་འགྱུར། །དེས་ན་དུས་དེ་མེད་པའི་ཕྱིར། །དེ་ནི་དམིགས་པར་གྱུར་པ་མིན། །དེ་གནས་
ན་དུས་མེད་པར་མི་འགྲུབ་པའི་ཕྱིར་རོ། །གཞན་ཉིད་ཡིན་ན་དུས་རྟག་པ་ཡིན་པའི་ཕྱིར་དེ་ཡང་སྔོན་དང་ཕྱི་མའི་རང་བཞིན་ལ་སོགས་པར་དམིགས་པར་འགྱུར་བ་ཁོ་ནའོ། །འོན་ཏེ་དུས་ཀྱི་ཆ་སྐད་ཅིག་དང་ཐང་ཅིག་ལ་སོགས་པ་ཡིན་ནོ་ཞེ་ན། དེའི་ཚེ་དུས་སྐད་ཅིག་མ་ཉིད་དུ་འགྱུར་རོ། །
དུས་ཉིད་ཅེས་བྱ་བའི་སྤྱིའི་རྟག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དུས་ནི་རྫས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་དེ་ཡང་སྔོན་དང་ཕྱི་མའི་དངོས་པོ་དམིགས་པའི་ཕྱིར་དུས་ཐམས་ཅད་ལ་དམིགས་པར་འགྱུར་རོ། །འོན་ཏེ་དུས་ཀྱི་ཆ་རྣམས་མི་དམིགས་པའི་ཕྱིར་མི་དམིགས་པ་དེ་ཡང་དེ་ལྟ་
མི་རུང་སྟེ། འདི་ལྟར། གཞན་མཐོང་བ་ནི་མེད་པའི་ཕྱིར། །སྣང་བ་མི་མཐོང་ཇི་ལྟར་འགྱུར། །མི་མཐོང་བ་དང་གཅིག་ཉིད་དུ། །གང་གིས་ཇི་ལྟར་མཐོང་བར་ནུས། །འདིས་ནི་ལྷན་ཅིག་བྱེད་པ་འདས་པའི་དོན་ཁྱད་པར་ཡིན་པ་ཡང་གསལ་བ་ཡིན་ནོ། །སྔ་མ་དང་ཕྱི་མའི་དངོས་པོའི་
སྐད་ཅིག་གིས་གསལ་བར་བྱ་བའི་དུས་ཉིད་ཡིན་པར་མི་འཐད་དོ། །དེའི་ཕྱིར་གལ་ཏེ་སྒྲ་བརྩལ་མ་ཐག་ཏུ་དམིགས་པ་ཡིན་ན་སྔར་གནས་པ་དང་། ཕྱིས་གནས་པའི་རང་བཞིན་དུ་ཡང་དམིགས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །དེས་ན་སྔོན་དང་ཕྱི་མའི་རང་
བཞིན་དེ་ཡང་དེ་ཉིད་ཀྱི་ཚེ་དམིགས་པས་རང་བཞིན་གཞན་མེད་པའི་ཕྱིར་སྐད་ཅིག་ཉིད་དུ་འགྱུར་རོ། །བུམ་པ་ལ་སོགས་པའི་མཚན་ཉིད་དེ་ཡང་སྒྲིབ་པ་འཐད་པ་མ་ཡིན་ཏེ། བདག་ཉིད་ཐམས་ཅད་དམིགས་པས་ན་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །འོན་ཏེ་རྩོལ་བའི་དབང་པོ་ལ་ཕན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด