ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๐ · หน้า 29a

པ་ཡིན། གལ་ཏེ་དེ་བྱས་པས་གཞན་གྱིས་དེ་ལ་ཅི་བྱར་ཡོད། ཤིང་ལ་སོགས་པ་རྒྱུན་མི་འཆད་པར་འབར་བ་ལ་སོགས་པར་སྣང་ལ་འབར་བ་ལ་སོགས་པ་དེ་ལས་གཞན་བཙལ་བར་བྱ་བར་འགྱུར་བར་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ལ་གནོད་པ་བྱེད་

པ་ཁོ་ན་གནོད་པ་ཡིན་ཏེ། དེ་ཡང་། ཤེས་པ་སྔ་མའི་འབྲས་བུ་ནི། །རྣམ་གཅོད་ཕྱི་མ་གནོད་བྱེད་ཡིན། །འབྲས་བུ་འཇོམས་པ་གནོད་བྱེད་པ། །ཡིན་གྱི་ཁྱད་པར་ཅན་གཞན་མིན། །ཞེས་སྨོས་པའོ། །ཡང་ཡུལ་འཕྲོག་པ་ནི་མ་ཡིན་ཏེ་དེ་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འདས་པ་ཡང་ནི་ཡུལ་

ལས་ཀྱང་། །རྣམ་གཅོད་ཉིད་ནི་ནུས་མིན་ཏེ། །རྐུན་པོས་ནོར་བླངས་ནས་བྱེད་བ། །དེ་ལས་དབྲོག་པར་སུ་ཡིས་ནུས། །ཞེས་སྨོས་པའོ། །ཡང་ཡུལ་ངེས་པ་ནི་འཇུག་པའི་རྒྱུ་མཚན་ཡིན་ལ། རྒྱུ་མཚན་ལ་གནོད་པ་མེད་པ་ཡིན་ན། ཇི་ལྟར་དེ་ལ་གནོད་པར་བྱེད་པ་ཡིན། འདས་པའི་ཡུལ་

མེད་པ་ཡང་ཤེས་པར་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་ཡུལ་འཕྲོག་པ་ཉིད་གནོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་སད་པའི་ཤེས་པས་ཞེས་བྱ་བའོ། །བྱེ་བྲག་མ་མཐོང་བ་ལས་ཉ་ཕྱིས་ལ་དངུལ་གྱི་ཤེས་པ་སྐྱེས་པ་ཡིན་ལ། དེ་ལ་གནོད་པར་བྱེད་པ་ནི་བྱེ་བྲག་ཏུ་འཛིན་པ་ཅན་ཡིན་

ནོ། །དེ་ཡང་ཉ་ཕྱིས་ཀྱི་ཤེས་པ་དང་། འོག་ཏུ་ཡང་དེའི་བྱ་བའི་རྗེས་སུ་འབྲངས་པ་ཅན་འདི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་ཤེས་པའི་རིམ་པ་ཡིན་པས་ཕ་རོལ་སྨྲ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གནོད་པ་ཞེས་བྱ་བ་འདི་ནི་ཅི་ཞིག་ཅེས་བྱ་བ་སྟེ། ཡུལ་འཕྲོག་པར་ནུས་

པ་ཡིན་ན། དེ་ཉིད་གནོད་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་གལ་ཏེ་གཞན་གྱི་ཡུལ་མེད་པར་ཞེས་བྱ་བ་སྨོས་པ་ལ་དོན་ནི་འདི་ཡིན་ཏེ། ཉ་ཕྱིས་ཀྱི་ཤེས་པ་ནི་རང་གི་ཡུལ་གྱི་ངོ་བོ་འཛིན་པ་ལ་འཇུག་པ་ཡིན་གྱི་གཞན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཡོངས་སུ་གཅོད་ཅིང་དེ་ལས་གཞན་པ་རྣམ་པར་

གཅོད་པ་ནི་རིག་པ་ཡིན་ནོ་ཞེ་ན། ཤེས་པ་ཐམས་ཅད་དེ་ལྟ་བུ་ཡིན་པའི་ཕྱིར་ཐམས་ཅད་གནོད་པ་ཅན་དུ་འགྱུར་ཏེ། དེ་ལྟར་ཡང་འཆད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དོན་དམ་པའི་གནོད་པར་བྱ་བ་དང་། གནོད་པར་བྱེད་པ་ཉིད་ནི་མེད་པ་ཡིན་ལ་དེ་མེད་པའི་ཕྱིར། གནོད་

เล่ม ๑๘๐ · หน้า 29b

པ་མེད་པ་ཅན་ཉིད་ཀྱང་མ་ཡིན་ཞེས་བྱ་བ་འདིས་ཁྱབ་ཆེས་པ་གསལ་བར་གྱུར་པ་ཡིན་ནོ། །གལ་ཏེ་འདོད་པ་དང་ཕྲད་པ་ལ་ཉེ་བར་སྦྱོར་བ་ཉིད་ཡིན་པའི་ཕྱིར་གནོད་པ་མེད་པ་ཉིད་ངེས་པར་ཁས་བླངས་པ་ཉིད་ཡིན་ན་ཡང་། དེ་ཡང་གནས་པ་སྟེ་མི་གཡོ་བ་ཡིན་ནོ་ཞེས་བསྟན་པ་ནི་འདི་ནི་

དོན་བྱེད་པ་རྣམ་པར་གནས་པ་མ་ཡིན་ཏེ་ཞེས་བྱ་བའོ། །གནོད་པ་མེད་པ་ཙམ་ཉིད་ནི་ཐུག་པ་མེད་པའི་ཕྱིར་མི་སྲིད་པ་ཉིད་ཡིན་པར་བསྟན་པ་ནི་གནོད་པ་མེད་པ་ཉིད་ཅེས་བྱ་བའོ། །འོན་ཏེ་གནོད་པ་མེད་པ་ཡིན་ན། དོན་ལ་ངེས་པ་སྐྱེད་པའི་ཚད་མ་ཉིད་ལ་འཇུག་པའི་ཡན་ལག་མ་ཡིན་ནམ།

དེ་ལ་ཡང་གང་གི་ཚེ་དམིགས་ཀྱིས་བསལ་བར་དོགས་པ་དེའི་ཚེ་སྔ་མ་ལས་བཟློག་པའི་དོན་འཛིན་པ་ཅན་གྱི་ཤེས་པ་གཞན་ནི་ཚད་མ་ཡིན་ལ། དེ་ལ་ཡང་དོགས་པ་ཡོད་ན་ཤེས་པ་བར་མས་བཟུང་བའི་དོན་ལས་བཟློག་པ་འཛིན་པ་ཅན་གྱི་ཤེས་པ་གསུམ་པ་དེ་ཉིད་ལས་སྔ་མ་ཚད་མ་ཉིད་དུ་

ངེས་པས་འདི་ཙམ་གྱིས་ཐ་སྙད་བརྗོད་པའི་ཕྱིར་ཤེས་པ་གཞན་བཙལ་བར་བྱ་བ་མ་ཡིན་ནོ། །དེ་ཡང་། དེ་ལྟར་རྟོགས་བྱེད་ཤེས་པ་ནི། །གསུམ་ཆར་གསལ་བ་མ་ཡིན་ཏེ། །དེ་ཕྱིར་གནོད་པ་སྐྱེ་མིན་པའང་། །གནོད་པ་ཅན་དུའང་དོགས་བྱ་མིན། །ཞེས་སྨོས་པའོ། །གནོད་པ་ཅན་

ལ་ཡང་གནོད་པ་ཅན་དུ་སྣང་བའི་ཕྱིར། གནོད་པ་ཅན་དུའང་དོགས་བྱ་མིན། །ཞེས་ཅིའི་ཕྱིར་སྨྲས་ཤེ་ན། རང་ཉིད་གང་ལ་ཐེ་ཚོམ་སྐྱེས་པ་དེ་ལ་ནི་ཤེས་པ་གཞན་ལས་ལྟོས་པ་ཡིན་གྱི། གང་ལ་མ་སྐྱེས་པ་དེ་ལ་ནི་ནན་གྱིས་བསྐྱེད་པར་བྱ་བ་མ་ཡིན་ནོ། །གཞན་དག་ན་རེ་ནན་གྱིས་ཀྱང་

བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཡང་ཤེས་པ་གསུམ་བཞི་སྐྱེས་བཞིན་པ་ཙམ་ལས་ལྡོག་པར་གཞན་དུ་མཐོང་བ་ཡིན་ལ། དེ་བཞིན་དུ་འདིར་ཡང་འགྱུར་བ་ཡིན་ཏེ། དེ་ཁོ་ན་བཞིན་དུ་མཐོང་བའི་ཕྱིར་རོ། །མ་སྐྱེས་པ་ལའང་གནོད་པ་ཅན། །ཚོལ་བའི་རྨོངས་པ་གང་ཡིན་པ། །དེ་ནི་

ཐ་སྙད་ཐམས་ཅད་ལ། །ཡིད་གཉིས་ངོ་བོ་ཟད་དེ་འགྲོ། །ཞེས་བྱ་བ་དང་། ཀུན་ཏའི་བུ་རྣམས་ཐེ་ཚོམ་དང་། །བཅས་ལ་འཇིག་རྟེན་འདི་དང་གཞན། །མེད་ཅེས་ཐེ་ཚོམ་བདག་ཉིད་ཅན། །ཁྱབ་འཇུག་གིས་ནི་སྨད་པ་ཡིན། །ཞེས་སྨོས་པའོ། །རང་གི་ངོ་བོ་རང་གིས་རིག་པས་

เล่ม ๑๘๐ · หน้า 30a

ཕྲད་པར་བྱ་བ་དང་འབྲེལ་བ་ཅན་རང་གིས་རིག་པས་ཚད་མ་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། ཤེས་པ་ལ་སྣང་བཞིན་པ་ཐམས་ཅད་ཕྱི་རོལ་ཉིད་དུ་ཤེས་པའི་ཕྱིར་རང་གི་ངོ་བོ་མ་ཡིན་ལ་མ་ཡིན་པ་ཉིད་དུ་ངེས་པ་ཡིན་ནོ། །ཕྱི་རོལ་ལ་ཡང་ཁ་ཅིག་ལ་དོན་མེད་པའི་ཕྱིར། དེས་

དབེན་པའི་དོན་གྱིས་དམིགས་ཀྱིས་བསལ་བར་དོགས་པ་དང་བྲལ་བ་ཡིན་ན་རང་ཉིད་ལས་ཡིན་ནོ། །ཕྱི་རོལ་ཉིད་དུ་སྣང་བཞིན་པ་ནི་རང་གི་ངོ་བོ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །དམིགས་ཀྱིས་བསལ་བར་དོགས་པ་དང་བྲལ་བ་ཡིན་ན། ཤེས་པར་བྱ་བ་དོན་མ་ཡིན་པ་མ་ཡིན་ཏེ།

རང་གི་ངོ་བོ་ལ་ཡང་དེ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཤེས་པར་བྱ་བ་ཡང་སྐད་ཅིག་ཉིད་མ་ཡིན་ཏེ། སྔ་མ་དང་ཕྱི་མའི་དུས་འགལ་བ་མེད་པ་ཅན་ཉིད་དུ་སྣང་བའི་ཕྱིར་རོ། །གནོད་པ་ཅན་དུ་དོགས་པ་ལྡོག་པ་ལ་མི་བསླུ་བ་རྒྱུ་མཚན་མ་ཡིན་ཏེ། གཞན་ཉིད་འཇིག་རྟེན་པ་

ལ་ཡོད་པའི་ཕྱིར་རོ། །དེ་ཡང་། གནོད་པ་ཅན་དོན་གཉེར་བ་ལ། །གང་ཞིག་གང་ལ་ལྟོས་པ་ཡིན། །ཡུལ་དུས་མི་ཡི་གནས་སྐབས་ཀྱི། །དབྱེ་རྣམས་ཐ་སྙད་ཉིད་ལ་ངེས། །ཞེས་སྨོས་པའོ། །ཐག་རིང་པོ་ན་གནས་པ་ཉིད་ཀྱི་ཕྱིར། གང་ལ་ཇི་ལྟ་བ་བཞིན་མཐོང་བ་མ་ཡིན་པར་

དོགས་པ་དེ་ལ་ཐེ་ཚོམ་ལོག་པའི་མཚམས་སྲིད་དུ། ཐག་ཉེ་བར་ཕྱིན་པ་ཉིད་ཡིན་གྱི་དུས་གཞན་ལ་སོགས་པ་ལ་སྡོད་པ་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་སོགས་པའི་ཤེས་པ་ལྟ་བུའོ། །དེ་བཞིན་དུ་དམག་གི་དུས་སུ་བ་ལང་ངམ་རྟ་ལ་སོགས་པར་ཐེ་ཚོམ་ཟ་བའམ། འཁྲུལ་པ་གང་ཡིན་པ་དེ་

ལ་ངེས་པར་གསལ་བར་འགྱུར་བ་ནི་མཚམས་ཡིན་ནོ། །མཚན་མོ་སྲིན་པོ་མེ་ཁྱེར་ཡང་། །མེ་དང་འདྲ་བ་ཀུན་གྱིས་མཐོང་། །ཉིན་མོ་གསལ་བར་མཐོང་ཉིད་ཀྱིས། །འཁྲུལ་པ་ཡིན་པར་གོ་བ་ཡིན། །དེ་བཞིན་དུ། ཟླ་བ་གཉིས་དང་ཕྱོགས་རྨོངས་དང་། །རིག་བྱེད་ཡི་གེ་དབྱངས་

སོགས་རྣམས། །སྐྱེས་བུ་གཞན་ལ་ལེགས་དྲིས་ལས། །གཞན་པ་ཉིད་དུ་ངེས་འཛིན་འགྱུར། །འདོད་ཆགས་ཞེ་སྡང་མྱོས་དང་སྨྱོ། །བཀྲེས་སྐོམ་སོགས་ཀྱིས་དབང་ཉམས་པས། །ཤེས་བྱ་དོན་ལ་ལོག་རྟོགས་པའི། །ཕྱིན་ཅི་ལོག་རྣམས་མེད་པས་སོ། །དེ་བཞིན་ཕྲ་བ་བསྐོར་

เล่ม ๑๘๐ · หน้า 30b

བ་ལས། །འདྲ་བ་སོགས་རྣམས་ལ་འཁྲུལ་ཉིད། །རྒྱུ་ཡི་ཕྱིན་ཅི་ལོག་གྱུར་ལས། །གཞན་པ་ཉིད་དུ་ངེས་འཛིན་འགྱུར། །དེ་ལྟར་རྒྱུ་ཡི་སྐྱོན་རྣམས་སུ། །གང་ཞིག་གང་ལ་རྟོགས་འགྱུར་བ། །དེ་ཉིད་ཡོད་དང་མེད་པ་ལས། །དེ་ལ་བདེན་དང་བརྫུན་བློ་དག །ཅེས་བྱ་བར་

དོགས་པ་ལ། དང་པོ་གནོད་པ་མེད་པ་ནི། །ཞེས་བྱ་བ་སྨོས་ཏེ། དེ་ཉམས་སུ་མྱོང་བའི་རང་གི་ངོ་བོ་རིག་པ་ཡིན་གྱི། གཞན་ཡང་རིག་པར་བྱ་བ་ནི་མ་ཡིན་ཏེ། རིག་པ་མེད་པའམ་གཞན་རིག་པར་བྱ་བ་ཉམས་སུ་མྱོང་བ་ཡིན་ན་དོན་རིག་པ་མ་ཡིན་པར་ཐལ་བར་འགྱུར་རོ། །ཉམས་

སུ་མྱོང་བ་རིག་པ་ནི་དོན་རྟོགས་པ་ཡིན་ནོ། །ཉམས་སུ་མྱོང་བའི་དོན་རིག་པར་ཇི་སྐད་བསྟན་པ་སྟེ། དོན་གྱིས་ཤེས་པ་ནི་བློ་སྒྲུབ་པར་བྱེད་པ་ཁས་ལེན་པ་ཡིན་གྱི་བློ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དབང་པོའི་བྱ་བ་དང་དེའི་ཉེ་བར་ཞི་བ་དག་གི་བར་གྱི་གནས་སྐབས་གང་ཡིན་པ་ནི་

ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཐ་དད་པ་མ་ཡིན་པ་ཉམས་སུ་མྱོང་བའི་རང་གི་ངོ་བོ་ལ་ནི་དབྱེ་བ་མེད་པའི་ཕྱིར་ཐེ་ཚོམ་ཟ་བ་མ་ཡིན་ལ། ཐ་དད་པ་ཡིན་ན་ནི་འགྱུར་རོ། །བྱུང་བར་གྱུར་པ་ཡང་ཚད་མ་གཞན་གྱིས་ལྡོག་པར་བྱེད་པ་ཡིན་ན་མི་རིགས་ཏེ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་

དེ་ནི་རང་གི་ངོ་བོ་བཞིན་དུ་གསལ་བར་ནུས་པ་མ་ཡིན་ཏེ། རང་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་ཐམས་ཅད་ཀྱིས་ལོང་ལ་ཐོབ་པ་ཡིན་ནོ། །རང་གི་ངོ་བོ་དང་ཕྲད་པར་བྱ་བ་དག་རང་ཉིད་ལས་ངེས་པ་ཡིན་ནོ། །མངོན་སུམ་དང་མི་དམིགས་པ་སྒྲུབ་པར་བྱེད་པ་ལ་འཁྲུལ་པ་

མེད་པ་ཡིན་ནོ། །རང་གི་ངོ་བོ་ཉིད་ནི་ཕྲད་པར་བྱ་བ་དང་འབྲེལ་པ་ཅན་ཉིད་ཀྱི་ཡུལ་དང་དུས་དང་མིང་དང་གནས་སྐབས་ཀྱི་དབྱེ་བས་ཅི་ནས་ཀྱང་ཐ་དད་པར་བྱེད་པ་ཡིན་གྱི། ཕྱི་རོལ་གྱི་དོན་མེད་པར་རིགས་པ་མ་ཡིན་ཏེ། དེ་ནི་ཕྲད་པར་བྱ་བ་དང་མཚན་ཉིད་མི་འདྲ་བར་ཤིན་ཏུ་མ་མཐོང་

བའི་ཕྱིར་རོ། །ཕྲད་པར་བྱ་བ་ཡང་རང་ཉིད་རིག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཕྱིའི་དོན་དུ་སྨྲ་བ་ལ་ནམ་ཡང་ཐེ་ཚོམ་ལྡོག་པ་ཡོད་པ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །མེད་ཅེས་ཐེ་ཚོམ་བདག་ཉིད་ཅན། །ཁྱབ་འཇུག་གིས་ནི་སྨད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡང་དད་པ་ཙམ་

เล่ม ๑๘๐ · หน้า 31a

གྱི་རྩ་བ་ཅན་ཡིན་གྱི། འདིར་ཡང་དང་ཡང་བཟླས་པར་འོས་པ་ནི་མ་ཡིན་ཏེ། གནས་སྐབས་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡང་ཤེས་པ་གསུམ་པ་ལ་གནོད་པ་ཅན་དུ་དོགས་པ་ཡིན་གྱི། རེ་ཞིག་རང་ཉིད་མ་སྐྱེས་པའི་འབྲས་བུ་ལ་ནི་མ་ཡིན་ཏེ། དང་པོ་མ་སྐྱེས་པ་

ནི་དང་པོ་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །འདིར་ནི་ཕྱིས་སྐྱེས་པ་ཡིན་ནོ། །དེ་ལ་ཡང་ཕྱིས་སྐྱེ་པར་མི་འགྱུར་པ་ཇི་ལྟར་ཡིན། འོ་ན་ནི་བྱེ་བྲག་མཐོང་བ་ལས་ཡིན་ནོ། །མ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེ་དག་ཙམ་གྱི་ཐེ་ཚོམ་དང་བྲལ་བ་ཉིད་ནི་དང་པོར་བསྒྲུབ་པར་བྱ་བ་ཡིན་པའི་

ཕྱིར་དང་། དོན་ལ་མི་བསླུ་བར་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཐེ་ཚོམ་མ་སྐྱེས་པ་ཞེས་བྱ་བ་འདི་ཡང་རྟོགས་པ་དང་ལྡན་པའི་ཡུལ་ལ་མི་སྲིད་པའི་ཕྱིར་དང་། བྱེ་བྲག་མ་མཐོང་ན་དགག་པར་བྱ་བ་མ་ཡིན་པའི་ཕྱིར་ཐེ་ཚོམ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ཡང་གཞན་ལ་

མི་ལྟོས་པར་ཉམས་སུ་མྱོང་བ་ལ་ཅིས་ཐེ་ཚོམ་མེད་པ་ཡིན། དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ལ་ཡང་གཞན་ལ་ལྟོས་པས་ཉམས་སུ་མྱོང་བ་ཡང་དེ་ཉིད་ཀྱི་ངོ་བོ་ཡིན་ཏེ། ཕྱི་རོལ་གྱི་ཤེས་པས་གོ་བར་བྱ་བ་ཉིད་ལས་གཞན་པའི་ངོ་བོ་ཡོད་པ་མ་ཡིན་ནོ། །ཡིན་དུ་ཆུག་ཀྱང་དེ་དག་

ཙམ་གྱིས་ཕྱི་རོལ་ཉིད་ཡིན་གྱི། དེ་དག་ཙམ་གྱིས་ཚད་མ་ཉིད་མ་ཡིན་ཏེ།། དེ་དག་ཙམ་ནི་ཚད་མ་ཡིན་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཕྱི་རོལ་ཙམ་གྱི་དོན་འདིས་ནི་རྩ་བ་བརྗོད་པ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མི་སྲིད་པ་ཡིན་ནོ་ཞེས་བྱ་

བ་ནི་རྩོད་པའི་གཞི་ཡིན་ནོ། །རང་གི་ངོ་བོ་དང་ཕྲད་པར་བྱ་བ་དག་གི་རང་ཉིད་རིག་པའི་ངེས་པ་དག་གི་འཁྲུལ་པ་མེད་པའི་ཤེས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྙེད་པར་སླ་བ་ཡིན་པར་ཡང་བསྟན་ཟིན་ཏོ། །དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ནི་ཇི་ལྟར་སྣང་བ་ལ་མི་བསླུ་བ་མ་ཡིན་པའི་

ཕྱིར་རང་ཉིད་ཐམས་ཅད་ཀྱིས་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་དེ་ཉིད་བསྟན་པ་ནི་དུང་ལ་སེར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་ཐ་སྙད་ལ་འཇུག་པ་པོ་གང་ཞིག་སེར་པོ་ལ་སོགས་པའི་ཤེས་པ་ལས། ལན་ཅིག་མིན་པར་མཐོང་བ་འཁྲུལ་པ་ཅན་འདི་སྙམ་དུ་སྤྱོད་དེ། གང་དུ་

เล่ม ๑๘๐ · หน้า 31b

འདི་ལྟ་བུར་སྣང་བ་དེར་དབྱིབས་ཀྱིས་བསྒྲུབ་པར་བྱ་བའི་བྱེད་པ་དང་ཕྲད་པར་བྱེད་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་སྔར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རབ་ཏུ་བསྒྲུབ་པ་ཡང་རྗེས་སུ་དཔག་པར་བྱ་བ་ཉིད་ལས་འདས་པ་མ་ཡིན་ཏེ། དེ་ཡང་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་པས་རྟོགས་པ་པོ་ལ་

ལྟོས་ནས་ཚད་མ་དང་ཅིག་ཤོས་ཉིད་དུ་རྣམ་པར་གཞག་པ་ཁོ་ན་ཡིན་ནོ། །དེ་ནས་ཁས་བླང་བ་བྱ་བ་འདི་ནི་ཐ་ན་སློབ་མའི་རྣམ་པར་རྟོག་པ་ཙམ་ཡོད་པ་ཙམ་ལ་མི་བསླུ་བ་ཡང་རྟོགས་པ་མེད་པ་འཛིན་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དགའ་ཡང་བདག་ཉིད་ཐམས་ཅད་ཀྱིས་ནི་ཚད་མ་མ་

ཡིན་པར་ཁས་བླངས་པ་ཡིན་ལ། དེ་བཞིན་དུ་མ་འཁྲུལ་པ་འཛིན་པ་ལས་རྟོགས་པ་པོ་ལ་ལྟོས་ནས་སེར་པོ་ལ་སོགས་པའི་ཤེས་པ་ཡང་ཚད་མ་ལ་སོགས་པའི་ཤེས་པ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ཅི་སྟེ་གང་ཞིག་དངོས་པོ་ཉིད་ལ་དབྱེ་བ་གཉིས་མེད་པ་དེ་ནི་ཚད་མ་ཡིན་ན། དེ་ལྟར་

ན་རྗེས་སུ་དཔག་པ་ཇི་ལྟར་ཡིན། རྗེས་སུ་དཔག་པ་ནི་འཁྲུལ་པ་ཡིན་ན་ཡང་འབྲེལ་པ་ཡོད་པ་ལས་ཚད་མ་ཡིན་ནོ། །མངོན་སུམ་ཡང་སྔོན་པོའི་ཡུལ་ཅན་ནི་སེར་པོ་ལ་སོགས་པ་ལ་ཚད་མ་མ་ཡིན་ནོ། །དེ་ཡང་། གཞན་སྒྲུབ་བྱེད་པ་གཞན་ཉིད་ལ། །སྒྲུབ་བྱེད་ལྟར་སྣང་ཡིན་པར་བཤད། །

ཅེས་འབྱུང་བའོ། །དེས་ན་ཡང་ཚད་མ་དང་ཅིག་ཤོས་ཀྱི་ཐ་སྙད་ཆད་པར་འགྱུར་རོ། །དེས་ན་གང་ཞིག་འདོད་པའི་ཆ་ལ་འཁྲུལ་པ་ཅན་མ་ཡིན་པ་དེ་ནི་མ་འཁྲུལ་པ་ཡིན་ལ། གང་ཞིག་དེ་ལ་འཁྲུལ་པ་ཡོད་པ་དེ་འཁྲུལ་པ་ཅན་ཡིན་པ་ནི་རྣམ་པར་དབྱེ་བ་ཡིན་ནོ། །དེས་ན་མངོན་སུམ་

ཡང་། དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ཆ་ཤས་ཀྱིས་ཡིན་ནོ་ཞེས་གཞན་དུ་བསྟན་པ་ཡིན་ནོ། །འདིར་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རྩོད་པ་མེད་དོ། །ཚད་མ་ནི་དངོས་པོ་ཡུལ་ལ་མ་ཡིན་ནམ། དབྱིབས་ཉིད་ནི་དངོས་པོ་མ་ཡིན་ཏེ། དུ་མ་རྣམས་ལ་གཅིག་ཏུ་སྣང་བའི་

ཤེས་པ་ནི་ཤེས་པའི་བྱ་བའི་རྗེས་སུ་འཇུག་པ་སྟེ་དབྱིབས་ཡིན་ལ། ཁ་དོག་ལ་འཁྲུལ་པ་ཡིན་ན་དེ་ཡང་འཁྲུལ་པ་ཅན་ཡིན་ནོ། །ཇི་སྐད་དུ། དབྱིབས་ནི་སོ་སོར་སྣང་བའི་ཆོས་སོ་ཞེས་སྨོས་སོ། །བདེན་མོད་ཀྱི་དབྱིབས་ནི་ཁ་དོག་ལས་ཐ་དད་པ་ཅན་མ་ཡིན་ཏེ། ཁ་དོག་གི་བྱེ་བྲག་ཉིད་

เล่ม ๑๘๐ · หน้า 32a

ཡིན་ནོ། །ཁ་དོག་ཅེས་བྱ་བ་ཙམ་ནི་ཤེས་པའི་རྗེས་སུ་འགྲོ་བ་ཅན་མ་ཡིན། བུམ་པ་ལ་སོགས་པའི་བྱེ་བྲག་རྣམས་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་རྩོད་པའི་རིགས་པར་ཡང་། སོར་མོ་རྣམས་བརྐྱང་བ་ལས་ཁུ་ཚུར་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་

པ་ཡིན་ནོ། །དེ་ནི་འདུས་པ་ཡིན་ནོ་ཞེ་ན། དེ་ཉིད་དབྱིབས་ཡིན་པར་ཁོ་བོ་ཅག་གིས་གོ་བ་ཡིན་ནོ། །དུང་སེར་པོའི་དབྱིབས་ལས་དཀར་པོའི་དབྱིབས་གཞན་ཡིན་པས་དེས་ན་མི་བསླུ་བ་མ་ཡིན་ནོ། །སྔོན་པོའི་སྐད་ཅིག་འཛིན་པ་ཅན་གྱི་ཤེས་པའི་སྐད་ཅིག་གཞན་དང་ཕྲད་པ་ལ་མི་བསླུ་བར་

མེད་པར་འགྱུར་རོ། །སྔོན་པོ་མ་ཡིན་པ་ལས་ལོག་པའི་ཕྱིར་གཅིག་ཉིད་ཡིན་ནོ་ཞེ་ན། འདི་ལ་ཡང་དུང་གི་དབྱིབས་མ་ཡིན་པ་ལས་ལོག་པའི་གཅིག་ཉིད་ཡིན་པའི་ཕྱིར་མཚུངས་སོ། །སེར་པོ་མེད་པ་ཉིད་ཅེས་བྱ་བ་ཡང་མི་རིགས་ཏེ། དམིགས་པ་ནི་ཡོད་པ་ཡིན་ནོ་ཞེས་བསྟན་པ་དང་འགལ་

པའི་ཕྱིར་རོ། །ཁ་དོག་ལས་ལྡོག་པ་ཅན་ནི་དབྱིབས་ཀྱང་མ་ཡིན་ལ་འདུས་པ་ཡང་མ་ཡིན་ནོ། །ལྗང་གུ་ལ་སོགས་པའི་ཁ་དོག་ཙམ་གྱི་དངོས་པོ་ཡིན་ནོ། །དེ་ལྟར་ན་སྔོན་པོ་ནི་སྔོན་པོ་གཞན་ལས་ཐ་དད་པ་མ་ཡིན་པར་འགྱུར་ལ། སེར་པོ་ཡང་སེར་པོ་གཞན་ལས་སོ། །ཤེས་པ་གཅིག་

གི་ཡུལ་མང་པོ་རྣམས་ལ་ཤེས་པའི་བྱ་བ་གཅིག་ཡིན་པའི་ཕྱིར། དེའི་རྗེས་སུ་འཇུག་པ་ཙམ་ནི་དབྱིབས་ཡིན་ལ། རྗེས་སུ་འཇུག་པ་ལ་བྱེ་བྲག་མེད་པའི་ཕྱིར་དབྱིབས་ལ་བྱེ་བྲག་མེད་པས་འགྲོ་བ་རྣམས་ཀྱི་སྣ་ཚོགས་པར་སྣང་བའི་ཡུལ་མེད་པར་གྱུར་བའི་ཕྱིར་ཁ་དོག་གི་བདག་

ཉིད་འདུས་པའི་སྣང་བ་ནི་དབྱིབས་ཡིན་ལ། དེ་ཡང་ཁ་དོག་གི་བྱེ་བྲག་འདུས་བཞིན་པ་ཡིན་ནོ་ཞེས་དེ་དག་ཐམས་ཅད་བསྟན་པ་ནི་གང་གིས་ནམ་ཡང་ཞེས་བྱ་བའོ། །འཇུག་པ་དང་མི་འཇུག་པའི་ཐ་སྙད་ཀྱི་དབྱེ་བ་ལས། ཚད་མ་དང་ཅིག་ཤོས་པ་ཐ་དད་པ་ཡིན་པ་དེ་ལྟར་ཅི་ལས་ཤེས་པར་

བྱ་བ་སྙམ་པ་ལ། ཇི་སྟེ་འདི་ནི་ཞེས་བྱ་བ་སྟེ་རྣ་བའི་རྣམ་ཤེས་ནི་ཤེས་པ་བཞིན་ནམ། སེར་པོའི་ཤེས་པ་བཞིན་དུ་ཕྲད་པར་བྱ་བ་དང་ཐ་དད་པ་མེད་ཀྱང་མངོན་པར་འདོད་པ་ལ་འཇུག་པའི་མཚམས་སུ་ངེས་པས་ཉམས་སུ་མྱོང་བ་དེའི་ཚེ་ཡོད་པ་ཡིན་པའི་ཕྱིར་མ་ཁྱབ་པ་མ་ཡིན་པར་བསྟན་པ་

เล่ม ๑๘๐ · หน้า 32b

ནི་སྒྲའི་ཡུལ་ཅན་གྱི་ཞེས་བྱ་བ་སྟེ། དེ་ལྟ་ཉིད་ནི་འཇིག་རྟེན་པའི་ཐ་སྙད་ལ་དཔྱོད་པ་དང་མཐུན་པ་ཡིན་པར་བསྟན་པ་ནི། གླུར་བླངས་ཞེས་བྱ་བ་སྟེ། དྲུག་ལྡན་ལ་སོགས་པ་གླུ་ཐོས་པ་དང་། རོལ་མོ་ལ་སོགས་པ་མཐོང་བ་ཅན་གྱིས་མཉན་པ་དང་ལྟ་བར་མངོན་པར་འདོད་པ་ཡིན་གྱི།

གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གནས་པར་སྨྲ་བ་པོ་གནས་པའི་སྒྲ་སྨོས་པས་ཐུག་པ་མེད་པ་གསལ་བ་བཞིན་དུ་མ་ཁྱབ་པ་གསལ་བ་ཡིན་ཏེ། དངོས་སུ་ན་ཁྱབ་པ་ཅན་ཡིན་པར་བསྟན་པ་ནི་འདི་རང་གི་ངོ་བོ་རིག་པ་ལས་གཞན་པ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པས་

བསྒོས་པ་ལ་སོགས་པས་བྱ་བའི་མཐར་ཐུག་པ་ནི། བདེན་པ་བཞིན་དུ་རང་རིག་པའི་མཐར་ཐུག་པ་མ་ཡིན་ནམ། མ་ཡིན་ཏེ། རང་གི་ངོ་བོ་ནི་རང་རིག་པའི་མཐར་ཐུག་པས་དམིགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །རིམ་གྱིས་གཞན་གྱི་མཐར་ཐུག་པ་ཡིན་ཡང་ཞེས་བྱ་བ་འདི་ལ་མངོན་

སུམ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གཟུགས་ལ་སོགས་པ་ལ་ཡང་ཞེས་བྱ་བ་སྟེ། གཞན་ལ་ངེས་པ་མེད་ན་རང་གི་ངོ་བོ་རིག་པ་ཙམ་གྱིས་ནི་མགུ་བ་མ་ཡིན་པའི་ཕྱིར་ཐ་སྙད་འགའ་ཡང་མེད་པར་འགྱུར་རོ། །ཐ་སྙད་མ་ཉམས་པར་མཐོང་བ་ཉིད་ཀྱི་ཕྱིར་དོན་དམ་པའི་ཐ་སྙད་ལ་

གཞན་དུ་མི་འཐད་པས་དོན་དམ་པ་པའི་བྱ་བའི་མཐར་ཐུག་པ་ཉིད་འཛིན་པ་ཡིན་ནོ། །དེའི་རང་གི་ངོ་བོ་རང་རིག་པ་ལས་ཞེས་བྱ་བས་གཞན་ཤེས་བཞིན་དུ་གཞན་ལ་འཇུག་པ་ཡིན་ན་ནི་ཐལ་ཆེས་པར་འགྱུར་རོ་སྙམ་དུ་དོགས་པ་ལ་ལན་དུ། དེའི་ཕྱིར་ཞེས་བྱ་བ་སྟེ། མངོན་སུམ་གྱི་བྱ་བ་

ནི་རང་གི་ངོ་བོ་རིག་པ་ཁོ་ན་ཡིན་ལ་གཞན་དུ་ངེས་པའི་རྟོགས་པ་ནི་དེ་ཉིད་ལ་གནོད་པ་ཅན་མ་ཡིན་ནོ། །ཐ་སྙད་ནི་སོ་སོར་སྣང་བ་མ་ཡིན་པ་ལ་འབྱུང་བར་འགྱུར་བའི་གཟུགས་ལ་སོགས་པ་དང་། རེག་པ་ལ་སོགས་པའི་ཡུལ་གཞན་ལ་ཡང་རྟོགས་པའི་ངོ་བོའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཚོགས་

པ་གཅིག་ལ་རག་ལས་པ་ལས། གཅིག་པ་ཉིད་དུ་ཞེན་པ་ནི་ཤེས་པ་ཁོ་ན་དེའི་ཤེས་པ་ཡིན་ཏེ། རྗེས་སུ་དཔག་པ་དང་མཐུན་པའི་ཐ་སྙད་འབྱུང་བའི་ཕྱིར། དོན་གྱི་ཤུགས་ཀྱིས་ཟད་པ་ཡིན་ཞིང་། ཐལ་ཆེས་པ་ཡང་མ་ཡིན་ནོ་སྙམ་དུ་དགོངས་པའོ། །སྔར་ཤེས་པ་ཉིད་ཕྱིས་ཤེས་

เล่ม ๑๘๐ · หน้า 33a

པར་འགྱུར་བ་ཉིད་མ་ཡིན་ནམ། དུས་ཀྱི་དབྱེ་བས་ངོ་བོའི་དབྱེ་བར་སྣང་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཐོང་བ་ཉིད་རེག་པར་བྱེད་པ་ཡིན་ཏེ། མཐོང་བ་དང་རེག་པ་དག་དོན་གཅིག་ལ་འཛིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ནི་མ་ཡིན་ནོ། །འདས་པ་ཡིན་ནོ་ཞེ་ན།

རྟོགས་པར་འགྱུར་བཞིན་པ་ལ་འཇུག་པ་ནི་མ་ཡིན་ཏེ། སོ་སོར་སྣང་བ་ཐ་དད་པའི་ཕྱིར་རོ། །ཇི་ལྟ་བུར་མཐོང་བ་ལ་དེ་ལྟ་བུར་རེག་པར་སྣང་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། འབྱུང་འགྱུར་དོན་ཞེས་བྱ་བའོ། །དེ་ལྟ་ན་རེག་པའི་ཡུལ་ལ་ལྷག་པར་སྒྲོ་བཏགས་པ་ཡིན་གྱི། གཟུགས་

ལ་ནི་ཇི་ལྟར་མཐོང་བ་ཕྲད་པར་བྱ་བ་ཡིན་པའི་ཕྱིར། དོན་དམ་པ་པ་ཉིད་ཀྱི་ཚད་མ་ཁོ་ན་ཡིན་ནོ། །མ་ཡིན་ཏེ། མཐོང་བ་ཐ་དད་པས་སྣང་བ་ཐ་དད་པ་ལས་ཉམས་སུ་མྱོང་བ་ཐ་དད་པ་ཡང་དངོས་པོ་རྣམས་ཀྱི་དབྱེ་བ་ཡིན་པར་བསྟན་པ་ནི། ཇི་ལྟར་ཡང་ཞེས་བྱ་བ་སྟེ། མཐོང་བ་ཁོ་ན་ལ་

ལྟ་བ་ཡིན་ནོ་ཞེས་བྱ་བའི་མངོན་པའི་ང་རྒྱལ་ཅན་ལ་ནི་གཅིག་པ་ཉིད་ཡིན་ལ། གཟུགས་དང་རེག་པ་དག་ལ་ཡང་མཐོང་ངོ་རེག་གོ་ཞེས་བྱ་བར་ཤེས་པར་མཚུངས་པ་ཡིན་གྱི། ཡན་ལག་ཅན་ལ་དེ་བཞིན་དུ་ཤེས་པ་ནི་མ་ཡིན་ནོ། །དེ་དག་ཉིད་ལ་དེ་ལྟར་དྲན་པ་ལས། གཞན་

དང་གཞན་དྲན་པའི་ཕྱིར་ཞེས་བསྟན་པ་ནི་ལྷག་པར་སྒྲོ་བཏགས་པས་ནི་ཞེས་བྱ་བའོ། །ད་ནི་ལྷག་པར་སྒྲོ་བཏགས་པའི་རྒྱུ་མཚན་བསྟན་པ་ནི། དེ་ལ་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི། སོ་སོར་སྣང་བ་འདིའི་རྒྱུ་འབྱུང་བར་འགྱུར་བའི་ངོ་བོ་ཉིད་ནི་དེའི་རྒྱུ་ཡིན་པ་དེས་ན་དེའི་ངོ་བོ་ཉིད་ནི་

དེ་ཉིད་དེ། གཟུགས་སྐྱེད་པར་བྱེད་པའི་ཚོགས་པ་རེག་པ་དང་ལྷན་ཅིག་པ་དང་། རེག་པ་སྐྱེད་པར་བྱེད་པ་ཡང་གཟུགས་དང་ལྷན་ཅིག་པ་ལས་འབྱུང་བར་འགྱུར་བའི་གཟུགས་སྐྱེད་པར་བྱེད་པ་ཡིན་ལ། དེས་ན་གཟུགས་བཞིན་དུ་རེག་པའི་ཡང་འབྲས་བུ་ཡིན་ནོ་ཞེས་ཚོགས་པ་ཅིག་ལ་

རག་ལས་པའི་ཕྱིར། གཅིག་པ་ཉིད་དུ་སྒྲོ་བཏགས་པ་ཡིན་པའི་ཕྱིར། འདིར་རིག་པ་ནི་དེ་རིག་པ་ཁོ་ན་ཡིན་ནོ་ཞེས་ཐ་སྙད་པ་ལ་རིག་པར་བྱ་བ་དང་རིག་པར་བྱེད་པ་གཅིག་པ་ཉིད་ལ་མི་བསླུ་བ་ཡིན་པ་ནི། དུ་བ་ལ་སོགས་པ་ཐལ་ཆེས་པར་འགྱུར་བ་མ་ཡིན་ཏེ། འབྲས་བུ་དང་རྒྱུ་དག་

เล่ม ๑๘๐ · หน้า 33b

ཐ་དད་པར་མངོན་པར་ཞེན་པའི་ཕྱིར་རོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་དག་ལ་ཐ་དད་པར་མངོན་པར་ཞེན་པ་མེད་པའི་ཕྱིར། སྔ་མ་བཞིན་དུ་གཅིག་པ་ཉིད་ཁོ་ན་ཡིན་ནོ། །འབྱུང་བར་འགྱུར་བའི་རེག་པ་ལ་སོགས་པ་དེའི་བདག་ཉིད་ལ་ད་ལྟར་གྱི་རེག་པ་ལ་སོགས་པ་

དེའི་བདག་ཉིད་དུ་སྒྲོ་བཏགས་པ་ཡིན་པའི་ཕྱིར། ད་ལྟར་གྱི་ཤེས་པ་དེའི་ཤེས་པར་འགྱུར་པ་ཡིན་ནོ། །རིག་པ་གང་ཡིན་པ་ཁོ་ན་རྒྱུ་ཡིན་པར་འབྱུང་བར་འགྱུར་བ་ལ་སྒྲོ་བཏགས་པའི་ཤེས་པ་དེ་ལ་འབྱུང་བར་འགྱུར་བའི་ཤེས་པ་བརྗོད་དོ། །དེས་ན་དེ་ལྟར་སྔོན་པོར་སྟོན་

པའི་ཚིག་ནི་ངེས་པར་མངོན་པར་བསམས་པའི་དངོས་པོ་རིག་པ་ཡིན་ན་རང་གི་ངོ་བོ་རིག་པ་མི་བསླུ་བ་འཐོབ་པ་ཡིན་པའི་ཕྱིར། གལ་ཏེ་དོན་རིག་པ་ཙམ་མི་བསླུ་བ་ཡིན་པ་དེ་ལྟ་ན། སྨིག་རྒྱུ་ལ་ཆུར་ཤེས་པ་ཡང་ཚད་མར་འགྱུར་རོ། །འོན་ཏེ་རྒྱུ་ཐ་དད་པ་སྐྱེད་པར་བྱེད་པའི་དོན་རིག་པ་

ཡིན་ན་ནི་སྣམ་བུའི་རིགས་པ་ལས་བུམ་པའི་ཤེས་པ་ཚད་མར་འགྱུར་རོ། །འོན་ཏེ་རྒྱུ་ཐ་དད་པ་མ་ཡིན་པ་སྐྱེད་པར་བྱེད་པ་ཡང་། ཉ་ཕྱིས་ལ་དངུལ་གྱི་ཤེས་པ་ཕྱི་མའི་རྒྱུན་གྱིས་སྐྱེ་བཞིན་པ་ཇི་སྙེད་པ་མི་བསླུ་བ་ཅན་ཡིན་པའི་ཕྱིར་ཚད་མར་འགྱུར་རོ། །འཆི་ཁ་མའི་དངོས་པོའི་ཤེས་

པ་ཡུལ་དེ་ལ་རིག་པ་ཕྱི་མ་མེད་པ་ལ་མི་བསླུ་བ་ཅན་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་རོ། །དེ་ཡང་། ལན་ཅིག་སྐྱེས་ནས་རྣམ་འཇིག་པའང་། །དོན་ལ་ཚད་མ་ཉིད་མིན་འགྱུར། །རྣ་བའི་ཤེས་པའང་གཞན་རྣམས་དང་། །འབྲེལ་པ་མེད་པས་ཚད་མིན་འགྱུར། །འདི་

ནི་རྣ་བའི་ཤེས་གཞན་ལ། །མི་བསླུ་བས་ན་ཚད་མར་གྲུབ། །ཅེ་ན་དེས་བསྐྱེད་རེག་བྱེད་ཀྱང་། །རྣམ་ཤེས་གཞན་དང་འབྲེལ་ཕྱིར་རོ། །ཞེས་སྨོས་པའོ་ཞེས་ཕ་རོལ་པོས་གང་སྨྲས་པ་དེ་བསལ་བའི་ཕྱིར། གང་ལ་དོན་བྱེད་པ་ཐ་དད་པར་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་

པ་ནས། མངོན་པར་འདོད་པ་ལ་མི་བསླུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །མངོན་པར་བསམ་པའི་དངོས་པོ་རེག་པར་རིག་པ་ནི་མི་བསླུ་བ་ཡིན་གྱི་རིག་པ་ཙམ་ནི་མ་ཡིན་ལ། རིགས་མཐུན་པ་དང་རིགས་མི་མཐུན་པའི་རྒྱུ་སྐྱེད་པར་བྱེད་པ་རིག་པ་ཙམ་ཡང་མ་

เล่ม ๑๘๐ · หน้า 34a

ཡིན་ནོ། །འཆི་ཁའི་ཤེས་པ་ནི་རང་གི་ངོ་བོ་རིག་པ་ཙམ་ལ་ཚད་མ་ཉིད་ཡིན་ཏེ། དེ་ཙམ་གྱི་ཁོ་ན་རིག་པ་ཡིན་པའི་ཕྱིར་རོ། །ཕྲད་པར་བྱ་བ་ལ་ནི་དེ་མེད་པའི་ཕྱིར་ཚད་མ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་བསམ་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟར་ནི་འགྱུར་ན་

མི་བསླུ་བ་ཅན་ཉིད་ནི་ཚད་མ་ཉིད་ཡིན་ལ། དེ་ཡང་ཁ་ཅིག་ཐ་དད་པ་མ་ཡིན་པ་ལ་ཡང་ལྡོག་པས་བྱས་པའི་ཐ་དད་པ་ཡོད་ལ། ཐ་དད་པ་ལ་ཡང་མངོན་པར་འདོད་པས་བྱས་པའི་ཐ་དད་པ་མེད་པ་ཡོད་པའི་ཕྱིར། ཁུང་བུ་དུ་མ་འགེགས་པས་ཉམ་ཐག་པ་ཡིན་ནོ། །གནོད་པ་མེད་པའི་

རྟོགས་པ་ཉིད་ནི་གཞན་ལ་ལྟོས་པ་མ་ཡིན་པའི་ཕྱིར་སྐྱོན་འདི་མེད་དོ། །དེ་ཡང་། ཚད་མ་འཛིན་པའི་སྔོན་རོལ་དུ། །རང་གི་ངོ་བོས་རབ་ཏུ་གནས། །རང་དོན་དེ་ལ་ལྟོས་བཅས་མིན། །དཔག་བྱ་དཔགས་པས་གོ་བ་ཡིན། །ཞེས་སྨོས་པའོ། །ཅི་སྟེ་གནོད་པ་ཅན་ཉིད་

ནི་ཚད་མ་ཉིད་མ་ཡིན་ཏེ། དེ་ཡང་གཞན་ལ་ལྟོས་པ་ཡིན་ནོ། །མ་ཡིན་ཏེ། ཐེ་ཚོམ་དང་ཤེས་པ་དག་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །འོན་ཏེ་ལོག་པའི་ཤེས་པ་ཡིན་ན་དེ་ལ་ཡོད་པ་ནི་བདེན་མོད་ཀྱི། འོན་ཀྱང་དོན་གཞན་ཤེས་པ་ཡིན་གྱི་དེ་ཉིད་ཤེས་པ་ཁོ་ན་ནི་མ་ཡིན་ཏེ།

དངོས་པོ་མེད་པའི་ཤེས་པའམ། རྒྱུ་ལ་རྐྱེན་ཡོད་པའི་ཤེས་པ་ཡང་རུང་སྟེ་ལྟོས་པར་བྱ་བ་ཡིན་ནོ། །དེ་ཡང་རང་ཉིད་ཁོ་ན་ལས་ཡིན་པའི་ཕྱིར་མི་མཐུན་པ་མེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གནོད་པ་ཅན་གྱི་ཤེས་པ་ཡང་ཞེས་བྱ་བ་སྨོས་སོ། །འདིར་དོན་ནི་འདི་ཡིན་ཏེ། དང་པོ་

གནོད་པ་མེད་པ་ནི་ཤེས་པ་ཐམས་ཅད་ལ་ཡིན་ལ། དུས་ཕྱིས་གནོད་པ་མེད་པ་ཡིན་ན་གནོད་པ་མེད་པའི་ཤེས་པ་དེ་ལ་ཡང་དུས་ཕྱིས་གནོད་པ་མེད་པའི་ཤེས་པ་གཞན་ལ་ལྟོས་པར་བྱ་བ་ཡིན་ལ། དེ་ཡང་གཞན་ལ་ཡིན་པའི་ཕྱིར་དང་། འཇུག་པའི་མཐར་ཐུག་པ་ཁས་མི་ལེན་པའི་ཕྱིར་ཐུག་

པ་མེད་པ་ཉིད་ཡིན་པར་བཤད་ཟིན་ཏོ། །འདི་ལྟར་ཡང་། གནོད་པར་མི་བྱ་བ་ཉིད་ནི་གནོད་པར་བྱ་བ་མ་ཡིན་པ་ཡིན་ལ། གནོད་པར་བྱ་བ་ཉིད་ཀྱང་གཞན་ལ་ལྟོས་པ་ཡིན་ཞིང་། གཞན་ཡང་དོན་གཞན་ཤེས་པ་ཁོ་ན་ཡིན་ཏེ། སྐྱོན་མེད་པ་དང་ཤེས་པ་དག་གི་བདག་ཉིད་ཐོབ་པ་

เล่ม ๑๘๐ · หน้า 34b

ཡང་དེ་ལ་ལྟོས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་གང་ཁོ་ན་ཤེས་པ་སྔ་མ་ཡུལ་ལོག་པར་འཛིན་པ་ཅན་ལ་དེ་ཐམས་ཅད་གནོད་པ་ཅན་དུ་འགྱུར་རོ། །དེ་བཞིན་དུ་བུམ་པའི་ཤེས་པ་ལ་ཡུལ་ལ་ལོག་པར་འཛིན་པ་ཅན་གྱི་སྣམ་བུའི་ཤེས་པ་དང་། ཉ་ཕྱིས་ལ་དངུལ་དུ་འཛིན་པའི་ཤེས་པ་བཞིན་དུ་

བུམ་པར་འཛིན་པ་ལ་ཡང་གནོད་པ་ཅན་དུ་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་གནོད་པར་བྱ་བ་ཉིད་དུ་མངོན་པར་འདོད་པ་ཡིན་ན། ཡུལ་གཅིག་ཉིད་གནོད་པར་བྱ་བ་ཉིད་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཡུལ་གཅིག་ཉིད་དམ་གནོད་པར་བྱ་བ་ལ་མངོན་པར་འདོད་པ་ཅན་

ཡིན་པ་དེ་ལྟ་ན། དེ་ལ་ལྟོས་པ་ཡང་གནོད་པར་བྱ་བ་མ་ཡིན་པ་ཉིད་ཡིན་ལ་དེ་དང་མཐུན་པ་ཡིན་པའི་ཕྱིར་དེ་ཇི་ལྟར་དོན་དམ་པ་པ་ཡིན།། འདི་ནི་དེ་ལྟ་མ་ཡིན་ཞེས་བྱ་བའི་ཤེས་པ་དང་ལྷན་ཅིག་པ་ནི་ལོག་པར་འཛིན་པ་ལ་གནོད་པ་ཅན་མ་ཡིན་ནམ། ཐམས་ཅད་ནི་མ་ཡིན་ནོ། །

དེས་ན་གལ་ཏེ་མིན་ཅེས་བྱ་བ་བས་ཐལ་ཆེས་པ་མ་ཡིན་ལ། དོན་དམ་པ་པ་མ་ཡིན་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ལན་དུ་མིན་ནོ་སྙམ་དུ་ཤེས་པ་དེ་ཉིད་ཅེས་བྱ་བ་སྟེ། མེན་ཅེས་པ་འདི་ཡང་ལོག་པར་འཛིན་པ་ཙམ་གྱི་རྒྱུ་མཚན་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །དངོས་པོ་མེད་པའི་ཚད་མ་ལས་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་འགྱུར་བ་མ་ཡིན་ནམ། ལོག་པར་འཛིན་པ་ལས་ནི་མ་ཡིན་ཏེ། དེ་ཡང་། ཚད་མ་རྣམས་ཀྱིས་མ་སྐྱེས་པ། །དངོས་པོ་མེད་པའི་ཚད་མར་བསྟན། །དེ་བདག་ཉིད་ཡོངས་སུ་གྱུར་པའམ། །རྣམ་ཤེས་ཀྱང་རུང་

དངོས་གཞན་ལ། །ཞེས་པའོ། །དེ་ཡང་འདི་ནི་དེ་ལྟ་མ་ཡིན་ཞེས་བྱ་བ་ཐམས་ཅད་ལ་སྐྱེད་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་། ཡོད་པ་ཉིད་ཀྱི་དངོས་བཟུང་བས། །དྲན་ནས་རབ་ཏུ་སྦྱོར་བ་ཅན། །དེ་ལ་གནོད་པ་ཉིད་ཡིན་གྱི། གཞན་ལ་ནི་མ་ཡིན་པའི་ཕྱིར་ཐལ་ཆེས་པ་མ་ཡིན་ནོ་

སྙམ་དུ་སེམས་པ་ལ། དངོས་མེད་མཚན་ཉིད་ཅེས་སྨོས་ཏེ། ཕ་རོལ་པོའི་འདོད་པ་འདི་ནི་མི་རིགས་ཏེ། དངོས་པོ་མེད་པ་ནི་ཚད་མ་མ་ཡིན་ཏེ། ཤེས་པ་མ་བསྐྱེད་པ་ཙམ་བདག་ཉིད་ཡོངས་སུ་གྱུར་པའི་སྒྲའི་བརྗོད་པ་བྱ་བ་ནི། གཉིད་མཐུག་པོ་ལ་སོགས་པའི་གནས་

เล่ม ๑๘๐ · หน้า 35a

སྐབས་ན་ཡང་ཡོད་པའི་ཕྱིར་རོ། །དངོས་པོ་ནི་གཞན་གྱི་ཤེས་པ་ནི་མ་ཡིན་ནོ། །དེ་ཡང་། གཞན་ནི་དངོས་པོ་གཞན་ལས་ཡིན་ལ། དེ་ཤེས་པ་ནི་དངོས་པོ་མེད་པའི་ཚད་མ་མ་ཡིན་ཏེ། དངུལ་གྱི་ཤེས་པ་ལ་ཉ་ཕྱིས་ཀྱི་ཤེས་པ་བཞིན་དུ་བྱེ་བྲག་མེད་པར་བུམ་པའི་

ཤེས་པ་ལ་ཡང་དེ་ལས་གཞན་པའི་ཤེས་པ་གནོད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དགག་པ་ཡང་དགག་པར་བྱ་བ་དང་འབྲེལ་པ་ཤེས་པར་བྱ་བའི་ཕྱིར་ཚད་མ་མ་ཡིན་ནོ། །འདི་ན་བུམ་པ་མེད་ཅེས་བྱ་བ་ཡང་། ས་ཕྱོགས་འདི་ན་བུམ་པ་ཡོད་པར་གྱུར་པ་

གང་ཡིན་པ་དེ་མེད་པ་ཡིན་གྱི། འདི་ན་མེད་ཅེས་ས་ཕྱོགས་དང་འབྲེལ་པ་ཅན་ཉིད་མ་ཡིན་ཏེ། འདི་ས་ཕྱོགས་ཀྱི་དགག་པ་ནི་མ་ཡིན་ནོ། །ཡང་ན་དགག་པར་བྱ་བ་དེ་ཉིད་འདི་ན་མེད་དོ་ཞེས་ཡུལ་གྱི་བྱེ་བྲག་ཉིད་ཀྱི་ཤེས་པ་ནི་ཚད་མ་ཡིན་པའོ། །རེ་ཞིག་དགག་པར་བྱ་བ་ལ་དང་པོ་ས་

ཕྱོགས་ཀྱི་མཐར་ཐུག་པ་མ་ཡིན་ལ། ཡུལ་གྱི་བྱེ་བྲག་ཉིད་ཀྱིས་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་གིས་ཕྲད་པ་འམ་འདུ་བ་ཡང་མ་ཡིན་ཏེ། དེ་དག་གི་རྫས་དང་ཡོན་ཏན་ལ་སོགས་པ་ཡུལ་ཡིན་པའི་ཕྱིར་དང་གཞན་ཡང་མེད་པའི་ཕྱིར་

རོ། །བྱེ་བྲག་ལ་སོགས་པ་ཉིད་ཀྱང་དམིགས་པ་ཅན་ཞེས་བྱ་བ་ལ་སོགས་པ་ཕྲད་པ་ལ་སོགས་པའི་རྒྱུ་མཚན་ལས་ཡིན་གྱི། འབྲེལ་པ་ལས་ནི་བྱེ་བྲག་ཉིད་ཡིན་ཏེ། ཕྲད་པ་ལ་སོགས་པ་མཚན་ཉིད་མི་མཐུན་པ་དེ་མེད་པའི་ཕྱིར་རོ། །ཡོད་དུ་ཟིན་ཀྱང་ཕྲད་པ་ལ་སོགས་པའི་

རྟོགས་པ་ལ་དོན་མེད་པའི་ཕྱིར་བྱེ་བྲག་དང་འབྲེལ་པ་མེད་པའི་དངོས་པོ་ཡོད་པ་ལ་ཡང་འགྱུར་རོ། །བརྗོད་པར་འདོད་པ་ཡང་རྒྱུ་མཚན་ཡོད་ན་ཡིན་ཏེ། དེ་ཙམ་ལས་བྱུང་བ་ནི་དངོས་སུ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དངོས་པོ་དང་འབྲེལ་པ་ལས་ཡིན་ན་དེའི་དངོས་པོ་མེད་པ་

ལས་ཀྱང་ཡིན་ཏེ། ཕ་དང་འབྲེལ་པ་ནི་བུ་ལས་ཡིན་པ་བཞིན་ནོ། །དེ་ནི་བདེན་མོད་ཀྱི་ཉེ་བར་བཏགས་པ་ཙམ་ཡིན་ལ། འདི་ནི་དོན་དམ་པའི་ཚད་མའི་དབང་དུ་བྱས་པ་ཡིན་ནོ། །གྲགས་པ་ནི་གཞན་དུ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དགག་པར་བྱ་བའི་ཡང་མ་

เล่ม ๑๘๐ · หน้า 35b

ཡིན་ཏེ། དགག་པའི་དུས་སུ་དེ་མེད་པའི་ཕྱིར་རོ། །འབྲེལ་པ་ཅན་མེད་ན་འབྲེལ་པ་དེ་ཉིད་མེད་པ་ཡིན་ཏེ། སོ་སོར་སྣང་བ་མ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །བུམ་པ་མེད་དོ་ཞེས་དྲན་བཞིན་པ་ན་བུམ་པ་དང་འབྲེལ་པ་ཅན་དགག་པར་ཤེས་པར་བྱ་བ་མ་ཡིན་ནམ་སྙམ་དུ་སེམས་པ་

ལ། དངོས་པོ་མེད་པའི་རང་གི་ངོ་བོ་ཞེས་བྱ་བ་སྨོས་སོ། །བུམ་པ་དྲན་པ་ན་གལ་ཏེ་རང་གི་ངོ་བོ་ཤེས་པ་ཡིན་པ་དེ་ལྟ་ན། དེ་དང་འབྲེལ་པ་ཅན་ཉིད་བཀག་པ་མ་ཡིན་པར་འགྱུར་ཏེ་འགལ་བའི་ཕྱིར་རོ། །དེའི་རང་གི་ངོ་བོ་རྟོགས་པ་མེད་ན་ཡང་དེ་དང་འབྲེལ་པ་ཉིད་མེད་པ་ཡིན་ལ། དེ་

རྟོགས་པ་ནི་ཡོད་ལ། དེ་ནི་མེད་པ་དེ་ལྟ་ན་ཡང་དེ་དང་འབྲེལ་པ་ཅན་ཉིད་མ་ཡིན་ལ་མེད་པ་ལས་ཡོད་པ་རྟོགས་པ་མ་ཡིན་ཏེ། དེ་ནི་ཡུལ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་སྤྱི་དྲན་པ་ཡིན་ན་དེས་འཕངས་པའི་བྱེ་བྲག་དངོས་པོ་མེད་པའི་ཚད་མ་དང་ལྷན་

ཅིག་ཏུ་དགག་པར་བྱེད་པ་ཡིན་ནོ། །དེ་ལ་ནི་མ་རྟོགས་པ་ལས་ནི་ཞེས་སྨོས་ཏེ། རེ་ཞིག་རང་གི་ངོ་བོ་བྱེ་བྲག་འཕེན་པར་ནུས་པ་ནི་མ་ཡིན་གྱི། སྤྱིར་ནི་ཡིན་ནོ། །དེའི་ཚེ་ཡང་ན་དངོས་པོ་མེད་པ་ནི་དངོས་པོ་དང་འབྲེལ་པ་ཅན་ཉིད་མ་ཡིན་ཏེ། མ་རྟོགས་པའི་ཕྱིར་རོ། །རྟོག་པ་ཡིན་དུ་

ཆུག་ཀྱང་སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །བདེན་མོད་ཀྱི་སོ་སོར་སྣང་བ་ཅན་ནི་དངོས་པོ་དང་དངོས་པོ་མེད་པ་དང་འབྲེལ་པ་མ་ཡིན་པ་ཉིད་ཡིན་ཏེ། ཀུན་རྫོབ་ཏུ་འབྲས་བུ་དང་རྒྱུ་ཉིད་ལྟ་བུ་ཡིན་ནོ། །ཇི་ལྟར་ཡང་། འདས་པ་དང་མ་འོངས་པ་ཡང་རུང་། རྟེན་འབྲེལ་ལས་འབྱུང་བའི་

འབྲས་བུ་དམིགས་པ་ཡིན་པ་དེ་བཞིན་དུ་དངོས་པོ་ལ་དངོས་པོ་མེད་པ་ཡིན་པར་ཡང་སེམས་པ་ལ། ཇི་སྟེ་རྒྱུ་དང་འབྲས་བུ་ཡི། །ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཉིད་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་དང་འབྲེལ་པ་ཡང་དངོས་པོ་མེད་པར་ངེས་པ་ཡིན་ཏེ། ཅིག་ཅར་མ་ཡིན་

པ་ཉིད་དུ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལན་ནི་གཏན་མེད་པ་ཞེས་བྱ་བ་སྟེ། ཡོད་པའི་དངོས་པོ་མེད་པ་ནི་ཞིག་ནས་མེད་པ་ཡིན་ལ། འབྱུང་བར་འགྱུར་བའི་དངོས་པོ་ནི་སྔ་ནས་མེད་པ་ཡིན་པས། འབྲས་བུ་ཉིད་དང་མཚུངས་པར་དམིགས་པ་ཡིན་ན་ཡང་གཏན་མེད་པར་

เล่ม ๑๘๐ · หน้า 36a

ཇི་ལྟར་ཡིན་ཏེ། དེ་ཤེས་པ་ལ་ཡང་རིག་བ་གཞན་བཙལ་བར་བྱ་བ་ཡིན་ལ། དེས་ན་ཞིག་ནས་མེད་པ་ལ་སོགས་པ་ལ་ཡང་དེ་ཉིད་ཀྱིས་ཆོག་པའི་ཕྱིར། འབྲས་བུ་ཉིད་ཀྱི་རིགས་པ་ཁྱབ་པར་བྱེད་པ་མ་ཡིན་པས་ཅི་དགོས་ཞེས་བྱ་བའི་དོན་ཏོ། །གཏན་མེད་པ་ཡང་

གཅིག་ལ་གཅིག་མེད་པ་ངེས་པ་ཡིན་གྱི་འདི་ཉེ་བར་བཏགས་པ་ནི་མ་ཡིན་ཏེ། ཐམས་ཅད་ཉེ་བར་བཏགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཉེ་བར་བཏགས་པ་ལས་གཞན་པ་ཉིད་དུ་ནི་གཙོ་བོ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་མ་ཡིན་པ་འབའ་ཞིག་ནི་མ་ཡིན་ཏེ། མི་སྲིད་པ་

ཡང་ངོ་བོ་ཞེས་བསྟན་པ་ནི། གཞན་ཡང་རྒྱུ་འབྲས་དག་གི་ཞེས་བྱ་བ་སྨོས་ཏེ། མེ་དང་དུ་བ་དག་ལ་རིམ་གྱིས་དམིགས་པ་ལ་རྗེས་སུ་འགྲོ་བ་ལ་སོགས་པ་ལས་འབྲས་བུ་ལ་སོགས་པར་རྟོགས་པ་ཡིན་ཏེ། ཚད་མའི་རྩ་བ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་དང་འབྲེལ་པ་

རིག་པ་ནི་ཚད་མ་མ་ཡིན་ཏེ། དངོས་པོ་མེད་པར་རིག་པའི་རྟོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་པོ་དང་འབྲེལ་པ་བཞིན་དུ་དངོས་པོ་མེད་པའི་རང་གི་ངོ་བོ་ཡང་དངོས་པོ་མེད་པ་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ། དེ་ལ་དངོས་པོ་མེད་པ་

ཡི། །ཞེས་བྱ་བ་སྟེ། འབྲས་བུ་ནི་གཞན་དུ་མི་འཐད་པ་ཡིན་པར་རྟོགས་པའི་རྒྱུ་ཉིད་ཀྱིས་མིག་ལ་སོགས་པ་ལ་སྣང་བ་ཡིན་ལ། དེ་བཞིན་དུ་དངོས་པོ་མེད་པ་ཡང་འབྲེལ་པ་ཅན་ཡིན་པ་ཁོ་ནར་དངོས་པོ་མེད་པའི་ཚད་མས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་དུ་གང་

གི་དངོས་མེད་ཅེས་བྱ་བ་ལ་སོགས་པ་ནི་བཞད་གང་དུ་བྱེད་པ་སྟེ། གཟུགས་ཀྱི་ཤེས་པ་ནི་རྒྱུ་མ་གཏོགས་པར་མི་འབྱུང་བའི་ཕྱིར། མིག་ནི་དེ་ཉིད་ལ་རྗེས་སུ་དཔོག་པར་བྱེད་པ་ཡིན་པར་ནི་རིགས་ཏེ། འབྲས་བུ་ནི་དེ་ལ་མི་འཁྲུལ་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་དེ་ལྟར་མ་ཡིན་ཏེ།

ཚད་མ་མེད་པའི་ཕྱིར་རོ། །ངེས་པ་མེད་པའི་ཤེས་པའི་རྒྱུ་མཚན་ལས་བྱུང་བ་ནི་དེ་ལྟ་མ་ཡིན་ནོ། །ཚད་མ་འཇུག་པ་ན་དོན་ཡོད་པ་ཉིད་དུ་ཤེས་པར་བྱེད་པ་ཡིན་ལ། དེ་ལྡོག་པ་ནི་མེད་པ་ཉིད་དུ་ཤེས་པར་བྱེད་པ་མ་ཡིན་ནམ། འདི་ནི་དེ་བསལ་བ་ཡིན་ཏེ། ཚད་མ་ཡོད་པས་

เล่ม ๑๘๐ · หน้า 36b

གཞལ་བྱ་ཡོད་པ་ཁྱབ་པ་མ་ཡིན་པའི་ཕྱིར་རོ། །ཚད་མ་ཐམས་ཅད་ལོག་པ་ནི་མེད་པར་རྟོགས་པར་བྱེད་པ་མ་ཡིན་པ་མ་ཡིན་ནམ། འོན་ཀྱང་གང་ལ་མེད་དོ་ཞེས་བྱ་བའི་ཤེས་པ་སྐྱེ་བ་དེ་ནི་དངོས་པོ་མེད་པའི་ཚད་མ་ཡིན་ནོ། །གཉིད་ལོག་པ་ལ་སོགས་པ་ལ་ནི་དེ་མེད་པ་ཡིན་ཏེ།

དེ་ཡང་། དངོས་པོ་མེད་པ་འཛིན་པ་ནི། །ཞེས་སྨོས་པའོ། །དེ་དང་གཉིད་ལོག་པ་ལ་སོགས་པ་ལ་བྱེ་བྲག་ཅི་ཡང་མེད་དོ། །དགག་པར་བྱ་བ་དྲན་པ་དང་དངོས་པོ་ལས་གཞན་པ་འཛིན་པ་དག་དོར་བ་སྟེ། དེ་དག་ནི་དེའི་བྱེ་བྲག་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ་ཞེས་བསྟན་

པ་ནི། དེ་ནི་དངོས་པོའི་རིགས་མེད་པར་ཞེས་བྱ་བའོ། །རང་བཞིན་མེད་པ་ཉིད་ཀྱང་ཚོགས་པ་ཅན་ཉིད་ཡིན་པས་དེ་དག་གི་བྱེ་བྲག་ཡིན་ཏེ། དེ་ལ་རྟོགས་པ་སྐྱེད་པར་བྱེད་པ་ཅན་གྱི་ཚད་མ་ལྡོག་པ་ལ་ལྷན་ཅིག་བྱེད་པ་དེ་དག་ཡིན་པ་དེ་བསྟན་པ་ནི། གལ་ཏེ་དེ་འདིར་ཚོགས་པ་ཅན་

ཞེས་བྱ་བ་སྟེ། ཡུལ་ལ་སོགས་པའི་དངོས་པོ་གཞན་འཛིན་པའི་ལྷན་ཅིག་པ་ཡང་ཚད་མ་ལྡོག་པ་ནི་དེ་དང་མཐུན་པའི་ཡུལ་ཡིན་གྱི། བསྐལ་པ་པའི་ཡུལ་ལ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་། ཡོད་པ་ཉིད་ཀྱི་དངོས་བཟུང་ནས། །དྲན་ནས་རབ་ཏུ་སྦྱོར་བ་ལ། །

མེད་པ་ཉིད་ཅེས་རྟོགས་པ་ནི། །དབང་པོ་ལ་ལྟོས་མིན་པར་སྐྱེ། །ཞེས་སྨོས་པའོ། །དེ་ལྟ་བུའི་ཚད་མ་ལོག་པ་ནི་ཤེས་པ་གཞན་ཉིད་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེའི་བུམ་པ་མེད་པ་ཉིད་ཀྱང་དེ་ལས་གཞན་པ་ཉིད་ཡིན་པའི་ཕྱིར་ཚད་མ་ཡང་མ་ཡིན་གཞལ་

བྱ་ཡང་མ་ཡིན་ནོ། །དེ་བསྟན་པ་ནི། དངོས་པོ་མེད་པར་ངེས་པ་ཡིན་ཞེས་བྱའོ། །བུམ་པ་མེད་པ་ཉིད་ནི་ས་ཕྱོགས་ཉིད་མ་ཡིན་པ་ལ་ཡིན་ནམ། དེ་ནི་བུམ་པ་ཡོད་ཀྱང་ཡོད་པའི་ཕྱིར་རོ། །འབའ་ཞིག་པ་ཉིད་ཀྱང་ས་ཕྱོགས་ལས་ཐ་མི་དད་པའི་ཕྱིར་དེ་ལས་ཐ་དད་པ་ཡོད་པ་མ་ཡིན་

པ་ཉིད་དུ་རང་གི་ཤེས་པས་འཛིན་པ་ཡིན། ཤེས་པ་ལྡོག་པ་ནི་ཤེས་པ་གཞན་ལས་ཐ་དད་པ་ཅན་དུ་འདིས་སྨྲས་པ་ལ། འདི་མེད་ཅེས་བྱ་བའི་ཤེས་པ་ནི་ཞེས་བྱ་བ་སྨོས་སོ། །མི་དམིགས་པའི་ཚད་མ་ནི་གཞལ་བྱ་བུམ་པ་མེད་པ་ཉིད་ཡིན་ཏེ། རང་རང་གི་ཚད་མ་ཇི་ལྟ་བ་རྣམས་ཀྱིས་

เล่ม ๑๘๐ · หน้า 37a

ངེས་པར་བྱེད་དོ། །དང་པོ་ནི་མངོན་སུམ་ལས་ཡིན་ལ། དེའི་འོག་ཏུ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཕྱི་རོལ་ཉིད་ཀྱིས་ནི་ཤེས་པ་དང་ཤེས་བྱ་དག་ལྡོག་པར་ངེས་པའམ། གཏན་དུ་བའི་ཤེས་པར་འགྱུར་བ་ཡིན་གྱི་དངོས་པོ་མེད་པ་ཞེས་བྱ་

བའི་ཡུལ་ཅན་མངོན་དུ་བྱ་བ་ནི་འགའ་ཡང་མེད་པ་ཉིད་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ལ་ནི་ཚད་མ་ལྡོག་པར་ངེས་པར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱི་བྱ་བའི་རྗེས་སུ་འགྲོ་བ་ཅན་འདི་ནི་སྔོན་པོའོ་ཞེས་བྱ་བ་དང་། རྗེས་སུ་དཔག་པ་སྟེ་རྣམ་པར་རྟོག་པ་རྣམ་པ་གཉིས་

ནི་གཞན་གྱི་བག་ཆགས་ཙམ་ལས་འབྱུང་བ་ཉིད་ལ་ཚད་མ་ཉིད་ཡིན་གྲང་ན། རེ་ཞིག་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་མ་མཐོང་བ་ལ་ཁྱབ་པ་འཛིན་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་མེད་པ་དང་དངོས་པོ་དག་གི་མངོན་སུམ་གྱིས་ཁྱབ་པ་འཛིན་པ་ཡིན་ལ། དེ་དག་

གི་དངོས་པོ་མེད་པ་དག་གི་ཡང་ཁྱབ་པ་ཤུགས་ཀྱིས་གྲུབ་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པའི་ཤུགས་ཀྱིས་ཀྱང་མི་དམིགས་པ་ལས་དངོས་པོ་མེད་པར་རྟོགས་པ་ནི་དེ་ལས་གཞན་པ་དག་ཁོ་ན་ཡིན་ཏེ། དེ་དང་བྲལ་བ་དག་དམིགས་པའི་ཕྱིར་དེའི་རང་བཞིན་གྱི་དངོས་པོ་མེད་པ་ཡིན་

ནོ། །དེ་དང་བྲལ་ཡང་མངོན་སུམ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་རྩོད་པའི་རིག་པ་ལས། དེ་མཐོང་བ་རྣམས་ལ་ཤེས་པ་ཡོད་པས་ཁྱབ་པའི་ཕྱིར་ཞེས་བྱ་བ་ཇི་ལྟར་ཡིན། ཚད་མ་རྣམ་པར་ངེས་པ་ལས་ཀྱང་། ཁོ་བོས་འདི་ནི་མ་

དམིགས་པ་འམ་ཞེས་བྱ་བའི་རྟོགས་པ་ཡང་དག་འབྱུང་ཞེས་སྨོས་པའོ། །དམིགས་པ་དང་མི་དམིགས་པའི་རྣམ་པར་རྟོག་པ་དག་གིས་མངོན་སུམ་ནི་བྱེད་པ་དང་བཅས་པར་བསྟན་པ་ཡིན་གྱི། འདི་ཡོད་པའི་ཕྱིར་འདི་མེད་དོ་ཞེས་བྱ་བ་འདི་དག་གིས་ནི་མ་ཡིན་ནོ། །སྨྲས་པ།

དམིགས་པ་ནི་ཡོད་པ་ཡིན་པར་བསྟན་པ་ནི་ཡོད་པ་དང་དམིགས་པ་དག་ནི་གཅིག་པ་ཉིད་དུ་བསྟན་པ་ཡིན་ནོ། །ཁོ་བོས་དམིགས་ཁོ་བོས་མ་དམིགས་ཞེས་བྱ་བའི་སྐྱེས་བུ་མཆོག་གི་ཚིག་གིས་ནི་རང་ཉིད་ཁོ་ནའི་དམིགས་པ་ཡིན་ཡང་རུང་། མ་ཡིན་ཡང་རུང་བའི་མངོན་སུམ་ལས་གྲུབ་པ་

เล่ม ๑๘๐ · หน้า 37b

ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡོད་པ་དང་ཤེས་པ་དག་གི་ཁྱབ་པ་ཡང་མི་རྟག་པ་དང་བྱས་པ་བཞིན་དུ་ལྡོག་པས་བྱས་པ་ནི་སྐྱེས་བུ་མཆོག་བཞིན་དུ་རྒྱུད་གཞན་གྱིས་དམིགས་པའི་ངོ་བོའི་ཡོད་པ་རྣམ་པར་བཅད་པའི་དོན་དུ་དམིགས་པའི་རིག་བྱར་

གྱུར་པའི་སྣང་བ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ཀྱང་འདིའི་དོན་ཉིད་དུ་དངོས་པོ་མི་སྣང་བ་མི་ཤེས་པའི་ངོ་བོ་རྣམ་པར་གཅད་པར་ཡིན་ལ། དེ་ཡོད་པ་ནི་ཚད་མ་མ་ཡིན་ནོ། །གཞན་ལ་སྣང་བ་ཇི་ལྟར་ཡིན། །མི་སྣང་བ་ནི་ཡུལ་གཞན་ལ་སོགས་པའི་མཐོང་བཀག་པའི་

ཕྱིར་རོ། །དེའི་ཕྱིར་མེད་པ་ལས་ལོག་པའི་ཡོད་པ་དང་མི་ཤེས་པ་ལས་ལོག་པ་ནི་ཤེས་པ་ཡིན་ལ། དེ་བཞིན་དུ་སྔོན་པོ་མ་ཡིན་པ་ལས་ལོག་པ་ནི་སྔོན་པོ་སྟེ། མི་ཤེས་པ་ལས་ལོག་པ་དང་ཤེས་པ་ཞེས་བྱ་བ་གཅིག་པ་ཉིད་ཡིན་པ་འདི་ནི་ལྡོག་པའི་རྒྱུ་མཚན་གྱི་རྣམ་པར་རྟོག་པས་

ཐ་དད་པའི་དེ་ཉིད་བསྟན་པ་ཡིན་ལ། དེ་ཡང་མ་རྨོངས་པ་ལ་ནི་དེ་ཁོ་ན་བཞིན་དུ་སྟེ། བྱས་པ་དང་མི་རྟག་པ་ལྟ་བུའོ། །ས་ཕྱོགས་ཉིད་ལ་ནི་ལྡོག་པ་ལས་ཤེས་པ་དང་ཤེས་བྱ་ཡང་མངོན་སུམ་ཡིན་ནོ། །དེ་ཉིད་ནི་བུམ་པ་དང་དེའི་ཤེས་པ་དང་བྲལ་བ་ནི་བུམ་པ་མེད་པ་དང་། དེའི་

ཤེས་པ་མེད་པ་ཡང་ཡིན་པའི་ཕྱིར་མི་དམིགས་པ་མ་ཡིན་ནོ། །དེ་ལྟར་རྟོགས་པར་མི་ནུས་པའི་རྨོངས་པ་ལ་ནི་དེ་ཡང་མི་དམིགས་པ་ཡིན་ནོ། །དེ་ཡང་རང་བཞིན་ཁོ་ན་ཡིན་གྱི་ཁྱབ་པར་བྱེད་པ་མ་ཡིན་ཏེ། གཞན་པའི་དངོས་པོའི་ས་ཕྱོགས་དང་དེའི་ཤེས་པ་དག་གིས་དེ་མི་དམིགས་

པའི་ངོ་བོ་དག་ལ་དབྱེ་བ་མེད་པའི་ཕྱིར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གྲུབ་ཀྱང་ཐ་སྙད་དུ་རུང་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་ཁྱད་པར་བྱ་བ་མངོན་སུམ་ཉིད་ཡིན་ན་སྟེ། ཁྱབ་པ་ཡོད་པ་ཙམ་ལས་ནི་ཐམས་ཅད་ལ་ཡང་འགྱུར་རོ། །

དེ་ནི་བུམ་པའི་ས་ཕྱོགས་དང་དེའི་ཤེས་པ་དག་ལས་ནི་མེད་དོ་ཞེས་བྱ་བར་འགྱུར་བ་ཉིད་མ་ཡིན་ནོ། །ས་ཕྱོགས་ཀྱི་ཤེས་པ་འབའ་ཞིག་ནི་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུའི་བསམ་པས། དེ་ནི་གང་ལས་སྐྱེས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་མིན་ན་མི་དམིགས་

เล่ม ๑๘๐ · หน้า 38a

པ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ཏེ། རྨོངས་པ་མ་ཡིན་པའི་མངོན་སུམ་ནི་ཅིག་ཤོས་ཀྱིས་མི་དམིགས་པ་ཡིན་ནོ། །འབའ་ཞིག་པ་ཉིད་ཀྱང་ས་ཕྱོགས་ལ་སོགས་པའི་མེད་པ་བཞིན་དུ་མེད་པ་གཞན་མེད་ཀྱང་རང་ཉིད་ཁོ་ན་ལས་གྲུབ་པར་བསྟན་པ་ནི། འབའ་

ཞིག་གང་ལས་ཞེས་བྱ་བ་ལ་སོགས་པ་ནས། ཐུག་པ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟར་འགྱུར་ན་ནི་གལ་ཏེ་གཞན་མི་དམིགས་པ་གཞན་གྱི་དངོས་པོ་མེད་པར་སྒྲུབ་པར་བྱེད་པ་ཡིན་ན་བྱེ་བྲག་མེད་པར་འགྱུར་རོ། །ཉ་ཕྱིས་ཀྱི་ཤེས་པ་ནི་དངུལ་ཁོ་ནའི་མེད་པ་སྒྲུབ་པར་བྱེད་པ་མ་

ཡིན་ཏེ། འོ་ན་ཅི་ཞེ་ན། མཚན་ཉིད་མི་མཐུན་པའི་ཁམས་གསུམ་པོའིའོ་ཞེས་བྱ་བའི་བསམ་པས་དེ་ཉིད་དྲན་པའི་ཞེས་བྱ་བ་སྨོས་སོ། །དམིགས་པར་བྱ་བ་ལ་མཚན་ཉིད་མི་མཐུན་པ་མེད་པ་ཞེས་བྱ་བ་ཉིད་མཚན་མ་འཇུག་པར་བྱེད་པ་ནི་བདེན་མོད་ཀྱི་དངུལ་དུ་འཛིན་པར་འདོད་པའི་

ཕྱིར་མེད་པ་ཡིན་པར་གསལ་བར་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །དངུལ་གྱི་ཤེས་པ་ཡང་ཉ་ཕྱིས་མེད་དོ་ཞེས་གསལ་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དངོས་པོ་མེད་པ་ཞེས་བྱ་བ་སྨོས་སོ། །བདེན་མོད་ཀྱི། འདི་ཡང་དོན་དམ་པ་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་དུ་དངུལ་མེད་

པ་ཡིན་གྱི། ཉ་ཕྱིས་མེད་པ་ནི་མ་ཡིན་པའི་ཕྱིར་ཉ་ཕྱིས་ཀྱི་ཤེས་པ་མི་དམིགས་པ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་སྙད་པ་བསྟན་ནས་དོན་དམ་པ་བསྟན་པ་ནི། དེའི་ཕྱིར་འབའ་ཞིག་འཛིན་པ་ཞེས་བྱ་བ་སྟེ། གནོད་པར་བྱ་བ་ཉིད་ཀྱང་ཐ་སྙད་པ་ཉིད་ཡིན་

གྱི་དངོས་པོ་ཉིད་ལ་ནི་མ་ཡིན་པས། དེ་བཀག་པའི་ངོ་བོ་ནི་གནོད་པར་བྱ་བ་མ་ཡིན་པ་ཉིད་ཀྱང་དངོས་པོ་ལ་མ་ཡིན་པར་བསྟན་པའོ། །ཐ་སྙད་པ་ཉིད་ཀྱིས་ནི་མི་བསླུ་བ་ཅན་ཉིད་དང་། གནོད་བྱ་མ་ཡིན་པ་ཉིད་དག་ལ་བྱེ་བྲག་མེད་ཀྱང་། ཅིའི་ཕྱིར་མི་བསླུ་བ་ཅན་ཉིད་ཁོ་ན་ཚད་མ་ཉིད་དུ་

བསྟན་གྱི། གནོད་པ་མེད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ཕྲད་པར་བྱ་བ་ལ་འཇུག་པའི་མཐར་ཐུག་པར་འདོད་པ་ནི་ཁས་མ་བླངས་པའི་ཕྱིར་དང་། གནོད་པ་མེད་པ་ཉིད་ཙམ་འདོད་པ་མ་ཡིན་པའི་ཕྱིར། འཇིག་རྟེན་པ་མ་ཡིན་པ་ཉིད་དང་། ཐ་སྙད་པ་མ་ཡིན་པ་ཉིད་དུ་

เล่ม ๑๘๐ · หน้า 38b

འདོད་པས་ཐུག་པ་མེད་པ་ཡིན་ཏེ། དང་པོ་ལ་གནས་པ་མེད་པར་ནི་བྱེ་བྲག་མེད་པ་ཡིན་ཞིང་ཕྱི་མ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ལ། དེ་ལས་ཀྱང་དེའི་ཕྱི་མ་ལ་ཡང་དེ་བཞིན་ཡིན་པའི་ཕྱིར་གང་དུ་ཡང་གནས་པ་མེད་དོ། །ཕྲད་པར་བྱ་བ་ལ་ཡང་གང་གི་སྟོབས་ཀྱིས་ཐུག་པ་མེད་པ་སེལ་བར་བྱེད་པ་ནི་ཅུང་

ཟད་ཀྱང་མེད་དོ་ཞེས་བྱ་བའི་དགོངས་པས་ཉེ་བར་བསྡུས་པའོ། །དེ་ཕྱིར་སྒྲ་ལས་བྱུང་བ་ཡང་། །ཞེས་བྱ་བ་སྟེ། མངོན་པར་འདོད་པ་ལ་མི་བསླུ་བ་ནི་ཚད་མ་ཉིད་ཡིན་པའི་ཕྱིར། ཁྱབ་པ་མ་ཡིན་པ་ལ་སོགས་པའི་སུན་འདོན་གསལ་བ་ཉིད་ཡིན་པར་ཉེ་བར་མཚོན་པར་བྱེད་པ་ནི་དེ་བསལ་

བ་ཡིན་ཞེས་བྱ་བའོ། །དེ་ལྟར་ཡང་གང་བཤད་པ་མི་བསླུ་བ་ནི་དོན་ཇི་ལྟ་བ་རྟོགས་པ་ཡིན་པ་སྟེ། དེ་ནི་དོན་གྱི་ཆོས་སོ། །ཤེས་པ་ནི་དེ་ལྟར་རིག་པ་སྟེ་དེ་ནི་ཤེས་པའི་ཆོས་སོ། །རྗེས་སུ་དཔག་པ་ལ་ནི་དོན་ཇི་ལྟ་བ་ཡིན་པ་དང་། དེ་རིག་པ་དག་མེད་པའི་ཕྱིར་དོན་བྱེད་པར་རྟོགས་

པའི་མི་བསླུ་བ་མེད་པ་ཡིན་ཏེ། དེ་ནི་དོན་བྱེད་གནས་པ་ཞེས་བྱ་བས་བསྟན་པ་ཡིན་ཏེ། དོན་བྱེད་པར་གནས་པ་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་སྔར་མཐོང་བའི་མེ་ནི་ཕྲད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདྲ་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་དོན་དུ་གཉེར་བ་མ་ཡིན་

པའི་ཕྱིར་རོ། །སྲེག་པ་ལ་སོགས་པ་དོན་དུ་གཉེར་བ་ཡིན་ནོ་ཞེ་ན། དེ་ལྟར་ན་སྲེག་པ་ལ་སོགས་པ་འགྲུབ་པ་ཉིད་ཕྲད་པར་བྱ་བ་ཡིན་ལ། དེ་ཡང་མངོན་སུམ་གྱིས་སྔར་ཤེས་ཟིན་པའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་མི་བསླུ་བ་ལ་བྱེ་བྲག་མེད་དོ། །གནས་པ་རྟོགས་

བ་ནི་སྒྲའི་དོན་མ་ཡིན་ཏེ། འདུག་པའི་ནག་པ་ནི་འགྲོ་བ་མ་ཡིན་ནོ། །འདིར་ཡང་འདུག་པ་དང་། རྣམ་པར་གནས་པ་དང་། རྣམ་པར་གཞག་པ་ཞེས་བྱ་བའི་འཇིག་རྟེན་པའི་ཐ་སྙད་ཡོངས་སུ་དོར་ནས། དོན་གཞན་ཡོངས་སུ་བསྟན་པ་ལ་ཡང་དགོས་པ་མེད་པའི་ཕྱིར་དང་། མི་

ནུས་པའི་ཕྱིར་དང་། རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་མི་རིགས་པ་ཉིད་ཀྱིས་བཀག་པའི་ཕྱིར་ཡང་ངོ་། །གྲགས་པའི་དོན་བླངས་པ་ཡིན་ན། དགོས་པ་ཡིན་པར་བསྟན་པ་ཡིན་ནོ། །མི་བསླུ་བ་ཅན་ཉིད་ཚད་མ་ཉིད་མ་ཡིན་ནམ། དེ་ཡང་རྟོགས་པ་པོའི་མངོན་སུམ་དང་རྗེས་སུ་

เล่ม ๑๘๐ · หน้า 39a

དཔག་པ་ལ་ཡང་ཡོད་པའི་ཕྱིར། དེ་ཡོད་པ་ནི་ཡུལ་མཚུངས་པ་ཅན་གྱི་ཐབས་གཞན་ལ་གུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་གཞན་གྱི་མངོན་སུམ་དང་རྗེས་སུ་དཔག་པ་ཡང་མ་ཡིན་གྱི། དེ་དང་ལྡན་པ་ཡིན་པར་ནི། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །

ཅེས་འཆད་པར་འགྱུར་བ་སྟེ། གཙོ་བོ་ཡོད་བཞིན་དུ་ཉེ་བར་བཏགས་པ་དོན་དུ་གཉེར་བ་ནི་སུ་ཡང་མེད་པའི་ཕྱིར་གུས་པ་མ་ཡིན་ནོ། །དེ་ཡང་། འོན་ཀྱང་གནས་སྐབས་ཀྱིས་ཅུང་ཟད། །ཏིལ་མར་འབྲས་ཅན་མར་སོགས་བཞིན། །གང་དེ་ཀུན་གྱིས་ཀུན་མཁྱེན་པ། །ཡིད་དུ་

ཟད་མོད་མི་འགག་གོ། །ཞེས་སྨོས་སོ། །འོན་ཏེ་འུ་བུ་ཅག་ལ་སོགས་པའི་མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་པ་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ནི། བཅོམ་ལྡན་འདས་འདོད་པ་ཡིན་ན་དེ་ཡང་མ་ཡིན་ཏེ། དེ་ལ་ཡང་མངོན་སུམ་ལ་སོགས་པའི་ངོ་བོ་ཡུལ་མ་ཡིན་པ་ཉིད་

ཀྱིས་འཇུག་པ་མེད་པའི་ཕྱིར་དང་། དངོས་པོ་གཞན་མེད་པའི་ཕྱིར་རོ། །རྟོགས་པ་པོ་ལ་ལྟོས་ནས་ཀྱང་བཏགས་པ་པ་ཡིན་པའི་ཕྱིར། མི་འཇུག་པས་དེ་ཡོངས་སུ་བརྟགས་པ་མ་ཡིན་ནོ། །སྣ་ཚོགས་པ་ཅན་གྱི་འཇིག་རྟེན་ལས་ཀྱང་འཇིག་རྟེན་ཕ་རོལ་ལ་སོགས་པ་རྗེས་སུ་དཔག་པ་

ནི་ཇི་སྐད་དུ། ལས་ལས་སྐྱེས་པའི་འཇིག་རྟེན་ནི་སྣ་ཚོགས་པ་ཡིན་པའི་ཕྱིར། རྒྱུ་ཙམ་ལ་རྗེས་སུ་དཔག་པ་ཡིན་གྱི། བྱེ་བྲག་ཏུ་ནི་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་དབྱེ་བ་ཡིན་ནོ་ཞེས་གང་སྨྲས་པ་ནི་མ་ཡིན་ཏེ། དེ་ལ་དེ་ལྟ་བུའི་ཤེས་པ་ལ་རྒྱུ་མེད་པའི་ཕྱིར་དང་པོར་

རྗེས་སུ་དཔག་པ་མ་ཡིན་ཏེ། དེ་ནི་སྤྱིའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་མི་བསླུ་བ་ཅན་ཉིད་ནི་བཅོམ་ལྡན་འདས་ཁོ་ནའི་ཡིན་གྱི། མངོན་སུམ་གྱི་ནི་མ་ཡིན་ཏེ། རང་གི་ངོ་བོ་ཙམ་ལས་ངེས་པའི་ཕྱིར་དང་། རྗེས་སུ་དཔག་པའི་ཡང་མ་ཡིན་ཏེ། དེ་ལས་བྱུང་བ་ཉིད་ཀྱིས་

ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །མ་ཡིན་ཏེ། སྒྲུབ་པར་བྱེད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པར་ཡང་དེའི་ཤེས་པ་བསྐྱེད་པ་འམ། གོ་བར་བྱེད་པ་ཡང་རུང་བ་སྒྲུབ་པར་བྱེད་པ་ཡིན་ལ། དེ་དག་མེད་ན་དེ་གྲུབ་པར་མི་འགྱུར་བའི་ཕྱིར་རང་ཉིད་མེད་པ་ཡིན་

เล่ม ๑๘๐ · หน้า 39b

ནོ། །མངོན་སུམ་ལ་སོགས་པ་ཡང་ཚད་མ་ཡིན་ལ། དེ་ཉིད་མི་བསླུ་བ་དང་འབྲལ་བ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་ཆོག་གི་གཞན་ནི་མ་ཡིན་ཏེ། དེ་ཉམས་སུ་མྱོང་བ་མེད་པའི་ཕྱིར་འུ་བུ་ཅག་གིས་མི་བསླུ་བའི་ཡུལ་དེ་ལ་མ་ཡིན་ཏེ། ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུ་ཐམས་ཅད་ནི་

བཏགས་པ་བ་ཁོ་ན་ཡིན་ཏེ། དེ་ཡང་། ཉུང་དུ་ཤེས་པའང་ཀུན་ཤེས་པར། །ཕལ་པ་ལ་འཇུག་ཅེས་བརྗོད་པ། །ཞེས་སྨོས་པ་སྟེ། དེ་བསྟན་པ་ནི། བཅོམ་ལྡན་འདས་ཚད་མར་གྱུར་པ་ཞེས་བྱ་བའོ། །དེ་ཉིད་ནི། དེ་ལྡན་བཅོམ་ལྡན་འདས་ཚད་མ་ཉིད་ཅེས་ཀྱང་འཆད་པར་འགྱུར་

བ་མ་ཡིན་ནམ། དེར་ཡང་མངོན་སུམ་ལ་སོགས་པ་དང་། བཅོམ་ལྡན་ཡུལ་མཚུངས་པ་ཉིད་ཡིན་པར་དོགས་པ་ལ་དེ་བཞིན་དུ། བཅོམ་ལྡན་འདས་ཚད་མ་ཡིན་གྱི་དེ་ཉིད་ནི་མ་ཡིན་ཞེས་ཡུལ་གྱི་དབྱེ་བས་ཐ་དད་པར་སྒྲུབ་པར་བྱེད་པར་འགྱུར་རོ། །འོན་ཏེ་འདི་ལ་མངོན་སུམ་ལ་

སོགས་པ་མི་བསླུ་བ་ཅན་ལ་སོགས་པ་ཉིད་ཁོ་ན་བདེ་བར་གཤེགས་པའི་ཕྱིར་དེ་ཉིད་ཁོ་ན་ཚད་མ་ཡིན་གྱི། གཞན་མ་ཡིན་ཏེ། མི་བསླུ་བ་མི་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ལྟར་དོགས་པ་དེ་ལ་ཡང་མངོན་སུམ་ལ་སོགས་པ་བཞིན་དུ་རྙེད་པར་སླ་བ་མི་བསླུ་བ་ཅན་གྱི་ཤེས་

པ་ཉིད་ཀྱིས་བཅོམ་ལྡན་འདས་ཉིད་དམ། ཁྱད་པར་བྱེད་པའི་ཤེས་པ་དང་འབྲེལ་པ་ཅན་ཉིད་ཀྱིས་མི་བསླུ་བ་ཅན་ཉིད་ནི་བཅོམ་ལྡན་འདས་ཁོ་ན་ཡིན་པའམ། གཞན་གྱིས་དེ་སྒྲུབ་པར་བྱེད་པ་དང་རྗེས་སུ་མཐུན་པ་ཉིད་དང་། ཇི་ལྟར་ཡང་འཆད་པར་འགྱུར་རོ། །དེ་དང་ལྡན་པ་ནི་མི་བསླུ་བ་

ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མངོན་སུམ་ལ་སོགས་པ་ནི་མི་བསླུ་བ་ཤེས་པ་ཡིན་པའི་ཕྱིར་རིགས་ནས་བཅོམ་ལྡན་འདས་ནི་མ་ཡིན་ཏེ། རྟོགས་པའི་ངོ་བོ་མ་ཡིན་པའི་ཕྱིར་ལ། ཚད་མ་ནི་རྟོགས་པ་ཡིན་ནོ་སྙམ་དུ་དོགས་པ་

ལ་དེ་དང་ལྡན་པ་སྟེ། མངོན་སུམ་ལ་སོགས་པ་དང་ལྡན་པ་དེའི་བདག་ཉིད་ཀྱིས་ཏེ། དེས་ན་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་ནོ་ཞེས་འཆད་པར་འགྱུར་བའོ། །དེར་ཡང་མངོན་སུམ་ལ་སོགས་པ་ཉིད་ཚད་མའི་གཙོ་བོ་ཡིན་ཏེ་རྟོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་

เล่ม ๑๘๐ · หน้า 40a

ཚད་མ་དང་འདྲ་བས་ཚད་མར་གྱུར་བ་ཡིན་ནོ་ཞེས་བྱ་བའི་བསམ་པས་དོགས་པ་ལ། ཁྱབ་པར་བྱེད་པ་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཁོ་ན་ཚད་མའི་གཙོ་བོ་ཡིན་ལ། གཞན་ནི་དེ་དང་མཐུན་པ་ཉིད་ཀྱི་གཙོ་བོ་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་

ཏེ་དེའི་ཡུལ་ཐ་དད་པ་མ་ཡིན་པས་ཚད་མ་ཉིད་མ་ཡིན་ནོ་སྙམ་པས་ཡུལ་གྱི་དབྱེ་བ་ལས་ཚད་མ་ཉིད་ཡིན་པ་ནི་འདིར་དོན་ཡིན་ནོ་ཞེས་ཟེར་བ་དེ་ལྟ་ན། མངོན་སུམ་ལ་སོགས་པ་བཞིན་དུ་ཡུལ་གྱི་དབྱེ་བས་ཚད་མ་ཐ་དད་པ་ཡིན་ན་ཚད་མ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ཉམས་པར་འགྱུར་རོ་སྙམ་

དུ་དོགས་པ་ལ་དེ་ལྡན་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་ཡང་མཐོང་བ་དང་མ་མཐོང་བ་ཉིད་ཀྱིས་ཡུལ་ཐ་དད་པ་ཡིན་ན། དེ་ལྟ་ན་ཡང་དེ་བཞིན་ཏེ། མངོན་སུམ་ལ་སོགས་པ་ཁོ་ན་བཞིན་དུ་མི་བསླུ་བས་བཅོམ་ལྡན་འདས་ཀྱང་བྱེ་བྲག་མེད་དོ་ཞེས་བྱ་བའི་དོན་འོ་ན་ནི་མི་བསླུ་བ་ཅན་ཉིད་ནི་

བཅོམ་ལྡན་འདས་ཉིད་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དོན་ཡིན་ནོ། །མངོན་སུམ་ལ་སོགས་པ་མེད་ན་དེ་ལྟ་ན་དེ་ཁོ་ན་ཉིད་དུ་བཅོམ་ལྡན་འདས་ཅི་ནས་ཀྱང་མི་འགྲུབ་བོ་སྙམ་དུ་དོགས་པ་ལ། མངོན་སུམ་ལ་སོགས་པ་སྒྲུབ་པར་བྱེད་པར་གྱུར་པས་དེ་དང་ལྡན་པའི་བསྒྲུབ་

བྱར་གྱུར་པ་ཡང་བཅོམ་ལྡན་འདས་མ་ཡིན་ལ། དེ་དང་བྲལ་བས་ཀྱང་མ་ཡིན་ཞེས་བྱ་བའི་དོན་དུ་འཆད་པར་འགྱུར་རོ། །གལ་ཏེ་ཡང་མངོན་སུམ་ནི་མི་བསླུ་བ་ལ་སོགས་པས་ཚད་མ་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཉིད་ཁྱབ་པར་བྱེད་པ་དེ་ཉིད་ཡིན་པའི་ཕྱིར་ཐམས་ཅད་མི་རིགས་ཏེ།

ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་མི་བསླུ་བའི་ཤེས་པ་ཚད་མ་ཡིན་ཏེ། བློ་ནི་ཚད་མ་ཡིན་ཞེས་བྱ་བའི་ཚིག་ལས་སོ། །བཅོམ་ལྡན་འདས་ནི་ཡུལ་རྟོགས་པའི་ཤེས་པ་མ་ཡིན་ལ། དེར་ཞེན་པའི་ཡང་མ་ཡིན་ཏེ། དེ་ཁོ་ན་ཉིད་མི་ཤེས་པ་ཙམ་གྱི་ཡང་དབང་མེད་པའི་ཕྱིར་རོ་སྙམ་དུ་

དོགས་པ་ལ་དེ་དང་ལྡན་པ་སྟེ། མངོན་སུམ་ལ་སོགས་པ་དང་ལྡན་པའི་ཚད་མ་ནི་བཅོམ་ལྡན་འདས་ཡིན་ཏེ། ཇི་སྐད་བསྟན་པའི་མཚན་ཉིད་དང་ལྡན་པའི་མངོན་སུམ་ལ་སོགས་པ་བཅོམ་ལྡན་འདས་ལ་མངའ་བ་ཡིན་ཏེ། དེའི་བདག་ཉིད་ཀྱིས་ཞེས་འཆད་པར་འགྱུར་བའོ། །གཙོ་བོ་

เล่ม ๑๘๐ · หน้า 40b

དང་གཙོ་བོ་མ་ཡིན་པ་ཉིད་དང་། ཁྱབ་པར་བྱེད་པ་དང་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ལ། འདིར་ནི་ཤེས་པ་དང་མི་ཤེས་པ་ཉིད་ཀྱི་བྱེ་བྲག་ལ་ཐེ་ཚོམ་ཟ་བ་ལ་བྱེ་བྲག་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །བཅོམ་ལྡན་འདས་ནི་མཐོང་བའི་ཡུལ་ལ་ཚད་མ་མ་ཡིན་ཏེ། གང་

གིས་དེའི་ཡུལ་རྟོགས་པའི་མངོན་སུམ་ལ་སོགས་པས་རྟོགས་པའི་དོན་ལ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འུ་བུ་ཅག་ལ་སོགས་པའི་ཚད་མ་ཡུལ་མ་ཡིན་པས་མི་མཐོང་བ་འཇིག་རྟེན་ཕ་རོལ་ལ་སོགས་པའོ་ཞེས་བྱ་བའི་དགོངས་པས་ལན་དུ་དེ་ནི་མེད་དེ། རང་དངོས་ཞེས་བྱ་བ་ལ་སོགས་

པའོ། །རྗེས་སུ་དཔག་པ་ནི་རང་གི་ངོ་བོ་ཙམ་འཛིན་པ་མ་ཡིན་པ་མ་ཡིན་ནམ། ཡིན་པ་དེ་ལྟར་ན་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཀྱང་ཕྱི་རོལ་ལ་ཡིན་ནོ། །དེས་ན་དེ་ཉིད་འཇིག་རྟེན་ཕ་རོལ་ལ་སོགས་པའི་ཡུལ་ཅན་ཡང་ཡིན་ནོ། །འབྱུང་རྔུབ་དབང་པོའི་ཤེས་རྣམས་

ཀྱིས། །སྐྱེས་པ་ལུས་འབའ་ཞིག་ལས་མིན། །ཞེས་འཆད་པར་འགྱུར་བའོ། །འདི་ལ་རྗེས་སུ་དཔག་པ་ནི་ཞེས་སྨོས་པའོ། །དབུགས་རྔུབ་པ་ལ་སོགས་པ་རྣམས་གོམས་པ་ལས་བྱུང་བའི་བྱེ་བྲག་ཉིད་ཡིན་ཏེ། གོམས་པས་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་མ་ཡིན་ནམ།

སྐྱེ་བ་ལ་སོགས་པ་ལ་ཡང་རང་གི་རིགས་ཀྱིས་གོམས་པ་གོ་བར་བྱད་པ་ཡིན་པའི་ཕྱིར་འབྲེལ་བ་འཛིན་པའི་སྒོ་ནས་གོ་བར་བྱེད་པ་ཡོད་པ་ཡིན་ནོ་སྙམ་སེམས་པ་ལ། ཁྱབ་པ་ཅན་གྱི་འབྲེལ་པ་འཛིན་པ་ཞེས་སྨོས་ཏེ། ཁྱབ་པ་ཅན་གྱི་འབྲེལ་པ་ནི་ཁྱབ་བྱ་ཁྱབ་བྱེད་ཀྱི་ངོ་བོ་སྟེ། མི་མཐུན་

པའི་ཕྱོགས་མ་ལུས་པ་ལས་ལོག་པ་ཡིན་ན་འཛིན་པ་ཡིན་གྲང་ན། ཚུ་རོལ་མཐོང་བ་པས་ནི་དེ་ལྟར་མཐོང་བ་མ་ཡིན་ཏེ། མཐོང་བ་ནི་རང་གི་ངོ་བོ་མཐར་ཐུག་པའི་ཕྱིར་རོ། །ལྷན་ཅིག་པ་ཉིད་དུ་ཡང་དང་ཡང་དུ་མཐོང་བ་ལས་ངེས་པའི་ཤེས་པ་ཡིན་ན་ནི་སྐྱོན་འདི་ཡིན་ཏེ། ལན་ཅིག་མིན་

པར་ལྷན་ཅིག་པ་ཉིད་དུ་མཐོང་བ་རྣམས་ཀྱི་ཡང་འཁྲུལ་པར་མཐོང་བས་དོན་གྱིས་གོ་བ་མི་བསྐྱེད་པའི་ཕྱིར་རོ། །འབྲས་བུ་ཉིད་ནི་ལན་ཅིག་ཀྱང་མངོན་སུམ་དང་མི་དམིགས་པ་དག་གིས་མཐོང་ན་འབྲེལ་པ་མི་འཛིན་པའི་སྐྱོན་མེད་དོ་སྙམ་དུ་སེམས་པ་ལ། ཐ་སྙད་ཙམ་དུ་ཚད་མ་

เล่ม ๑๘๐ · หน้า 41a

ཡིན་གྱི་ཞེས་སྨོས་སོ། །མངོན་སུམ་གྱིས་འཛིན་པའི་དཔེའི་དོན་དུ་སྟེ། དཔེར་ན་མངོན་སུམ་ནི་རང་གི་ངོ་བོའི་ཡུལ་ཅན་ཡིན་ཡང་འབྱུང་བར་འགྱུར་བའི་ཡུལ་ཅན་དུ་ཐ་སྙད་ཀྱིས་ངེས་པ་ཡིན་ལ། དེ་བཞིན་དུ་རྗེས་སུ་དཔག་པ་ཡང་མངོན་སུམ་དུ་མི་དམིགས་པ་

སྔོན་དུ་འགྲོ་བ་ཅན་གྱི་ངེས་པ་ལས་འབྲས་བུ་ཉིད་དང་འབྲེལ་པ་གྲུབ་པ་ལ་བརྟེན་པ་ཡིན་གྱི། དེ་བཞིན་དུ་དོན་དམ་པ་པ་དང་འབྲེལ་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་རྗེས་སུ་དཔག་པ་ནི་ཐམས་ཅད་མཁྱེན་པ་གྲུབ་པ་ལ་འགལ་བ་ཅན་མ་ཡིན་ཏེ། དེ་འགྲུབ་པའི་བསྒོམས་པས་འགྲུབ་པའི་ཕྱིར་རོ། །

ཡང་ན་འབྲས་བུ་དང་རྒྱུ་ལས་བྱུང་བའི་རྗེས་སུ་དཔག་པ་དེ་ཉིད་ལས་དེ་རྟོགས་པའི་ཕྱིར་ཞེས་བསྟན་པ་ནི། ཐམས་ཅད་མཁྱེན་པ་ཞེས་བྱ་བའོ། །བསྟན་བཅོས་ནི་འབྲས་བུའི་ཡུལ་ཅན་མ་ཡིན་ནམ། འབྲས་བུ་མཐོ་རིས་དང་འབྲེལ་པའི་ཡུལ་ཅན་ཡང་ཡིན་གྱི། རང་གི་ཡུལ་དང་

འབྲེལ་པ་འཛིན་པ་ལ་ལྟོས་པ་ནི་མ་ཡིན་ཏེ། འཇིག་རྟེན་ལ་གྲགས་པའི་དངོས་པོ་དང་འབྲེལ་པ་ཙམ་ལ་ལྟོས་པ་དང་། འདོད་པ་ལ་སོགས་པས་ཕྱིའི་དོན་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཚད་མ་ནི་ཐེ་ཚོམ་མེད་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་དང་། སྐྱེས་བུས་བྱས་པ་མ་ཡིན་

པ་ཉིད་དུ་ངེས་པས་རྒྱུའི་སྐྱོན་མེད་པར་ངེས་པ་ལ་ཕྱིན་ཅི་ལོག་ཏུ་དོགས་པ་མེད་པའི་ཕྱིར་རོ། །མངོན་པར་འདོད་པ་དང་ཕྲད་པར་བྱེད་པ་ཉིད་ཀྱིས་ཕྱིར་མི་བསླུ་བ་ཅན་ཡིན་གྱི། དེའི་ཡུལ་ལ་བཅོམ་ལྡན་འདས་ཚད་མ་མ་ཡིན་ཏེ། དེས་རྟོགས་པ་ཡིན་ནོ་ཞེས་བསྟན་པ་ལ་ཞེས་ཟེར་བ་ནི། གལ་ཏེ་

རང་གི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པའོ། །གྲུབ་པའི་མཐའ་ཡང་མདོར་བསྡུས་པ་ནི་སྒྲ་ལ་ནི་དུ་བ་བཞིན་དུ་དོན་དང་ལྷན་ཅིག་པའི་རང་བཞིན་ཅན་གྱི་འབྲེལ་པ་མེད་པའི་ཕྱིར་སྨྲ་བ་པོའི་རྒྱུད་ཀྱི་ཤེས་པའི་ཡུལ་གྱི་དོན་བརྡར་བྱས་པ་ཅན་ལ། སྒྲ་ལས་ཉན་པ་པོས་རྟོགས་པར་བྱེད་པ་ཡིན་ཏེ།

དེའི་ཚེ་སྒྲ་ནི་བརྟགས་སོ། །དོན་དེ་རྟོགས་པ་ཅན་གྱི་སྨྲ་བ་པོ་ནི་ཆོས་ཅན་ནོ། །རྟོགས་པའི་ཡུལ་གྱི་དོན་ནི་བསྒྲུབ་བྱ་ཡིན་ནོ། །རྟོགས་བཞིན་པའི་མེ་བཞིན་དུ་དོན་དེ་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རྟོགས་བཞིན་པ་ཉིད་མ་ཡིན་པ་ལ་ཇི་ལྟར་རྟོགས་ཀྱང་རུང་དོན་མེད་པ་ཡིན་ན་ནི་སྒྲ་ལས་

เล่ม ๑๘๐ · หน้า 41b

བྱུང་བ་ཡང་ངོ་། །ཡིད་ཆེས་པས་བསྟན་པ་ཡིན་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ལ། སྨྲ་བ་པོའི་བསམ་པ་ལ་འབྲས་བུ་ལས་བྱུང་བའི་ཡང་དག་པའི་རྗེས་སུ་དཔག་པ་ཡིན་ནོ། །དེ་ནི་འདིར་སྐབས་མ་ཡིན་ཏེ། དོན་དེ་ཡུལ་བསམ་བྱ་ཡིན་པའི་ཕྱིར་རོ། །རྟགས་ཀྱང་དུ་བ་ལས་མེ་

རྗེས་སུ་དཔོག་པ་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པའི་ངེས་པ་མེད་ཀྱང་། གང་ལས་གོ་བར་བྱེད་པ་ཡིན། དེ་ལ་ཡང་རེས་འགའ་ཞིག་དུ་བ་བཞིན་དུ་དེའི་ཆོས་ཉིད་ལ་སོགས་པ་འཛིན་པ་ཡོད་པར་རྟོགས་པའི་དོན་དུ་བློ་ལ་གྲུབ་པ་དང་འབྲེལ་པ་ཅན་གྱི་སྒྲ་ལས་བྱུང་བ་ཡང་རྗེས་སུ་དཔག་པ་

ཡིན་ནོ་ཞེས་བསྟན་པ་ནི། །སྨྲ་བ་པོའི་བྱ་བའི་ཡུལ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །བློའི་དོན་ཡུལ་ཉིད་ནི་ཇི་ལྟར་ཐོས་པ་དོན་གྱི་དེ་ཁོ་ན་ཉིད་དེ་དོན་དམ་པའི་རྒྱུ་མཚན་དང་འབྲེལ་པ་གང་ཡིན་པ་གང་གི་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཉིད་ཅེས་བྱ་བའི་དོན་ཏོ། །བློ་ལ་གྲུབ་པ་

དང་འབྲེལ་པ་ཅན་ཉིད་ཅེས་བསྟན་པ་ཡིན་ནོ། །རྒྱས་པར་ནི་སྒྲ་ལས་བྱུང་བ་རྣམ་པར་བཅད་པ་ལ་ལྟོས་པ་ཡིན་ནོ། །མངོན་པར་བརྗོད་པའི་བྱ་བ་ལོག་པ་ཡིན་ན་སྨྲ་བ་པོའི་དོན་དང་མཚུངས་པའི་རྣམ་པ་སྨྲ་བ་པོའི་བློ་ལ་གནས་པའི་དོན་རྗེས་སུ་དཔག་པ་ལས་རྟོགས་པ་ནི་འཇིགས་པའི་

མ་ཡིན་པ་འགེགས་པ་བསྟན་པ་ནི། སྨྲ་བ་པོའི་བྱེད་པ་ནི་བརྗོད་པར་འདོད་པའོ་ཞེས་བྱ་བའོ། །ཉན་པ་པོ་ནི་སྨྲ་བ་པོའི་བསམ་པ་ལ་བརྗོད་པའི་དོན་ཇི་ལྟ་བ་གོ་བར་བྱེད་ལ། དེ་བཞིན་དུ་སྨྲ་བ་པོ་ཡང་ཉན་པ་པོའི་བློ་ལ་གནས་པར་བྱ་བའི་ཕྱིར་སྨྲ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྒྲ་ནི་

མངོན་པར་བརྗོད་པ་ཉིད་ཀྱི་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ལ། དེ་ལྟ་ཡིན་ན་དེའི་རྗེས་སུ་དཔག་པ་ཚད་མ་གཞན་ཉིད་དུ་འགྱུར་ལ། ཁོ་བོ་ཅག་གི་ཕྱོགས་ལ་ནི་དེ་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྟན་པ་ནི། སྒྲའི་བྱེད་པ་ནི་དེ་ཉིད་ལ་ཞེས་བྱ་བའོ། །གལ་ཏེ་སྨྲ་བ་པོའི་བརྗོད་པར་འདོད་པའི་

ཡུལ་གྱི་བསྟན་བཅོས་ཐམས་ཅད་ཚད་མ་ཡིན་ན། དེ་ལས་གཅིག་ཀྱང་འཇུག་པར་བྱེད་པ་ཉིད་ཀྱིས་ཚད་མ་ཉིད་ཡིན་གྱི། ཐམས་ཅད་ནི་ཐམས་ཅད་ཀྱིས་ནན་ཏན་དུ་བྱ་བར་མི་འགྱུར་བ་ཞིག་ན། འདི་དག་ཐམས་ཅད་ཐམས་ཅད་ཀྱི་ཡིན་པ་ཁོ་ན་སྟེ། བྱེ་བྲག་གི་རྒྱུ་མེད་པའི་ཕྱིར་རོ། །

เล่ม ๑๘๐ · หน้า 42a

གལ་ཏེ་བསྟན་བཅོས་རྣམས་ཀྱི་ཕན་ཚུན་འགལ་བའི་དོན་ཉིད་ཀྱིས་དོན་དམ་པ་པའི་འཇིག་རྟེན་ཕ་རོལ་གྱི་ཡུལ་ཉིད་མ་ཡིན་པ་དེ་ལྟ་ན་གང་ཞིག་ཡུལ་ཡིན་སྙམ་པ་ལ། དེ་ཕྱིར་གལ་ཏེ་སྨྲ་བ་པོ། །ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་རིག་པ་ཅན་གྱི་བཀའ་ལས་ཀྱང་དེ་

བཞིན་ནི་མིན་ནམ། དེས་ན་གལ་ཏེ་སྨྲ་བ་པོ་ཐམས་ཅད་མཁྱེན་པ་མ་ཡིན་ནམ་གང་ཕུལ་དུ་བྱུང་བ་ཡིན། ཐམས་ཅད་མཁྱེན་པའི་བཀའ་ནི་དོན་གྱི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་ལ། གཞན་གྱི་ནི་རྗེས་སུ་དཔག་པ་ཙམ་ཡིན་པའི་ཕྱིར་

རོ་སྙམ་དུ་དགོངས་པའོ། །སྐྱེས་བུས་བྱས་པ་ལ་ནི་སྐྱོན་ཡོད་པར་དོགས་པས་འཇུག་པར་མི་བྱེད་པ་ཉིད་མ་ཡིན་ནམ། སྐྱེས་བུས་བྱས་པ་མ་ཡིན་པ་ལ་ཇི་ལྟར་ཡིན། སྒྲ་ནི་ཤིན་ཏུ་དྲི་མི་ཞིམ་པ་ཅན་བཞིན་དུ་རང་བཞིན་གྱིས་སྐྱོན་དང་ལྡན་པ་མ་ཡིན་ནོ། །སྒྲའི་དོན་དང་མ་རེག་པ་ཉིད་ཀྱང་

སྐྱེས་བུའི་སྐྱོན་ཁོ་ན་ཡིན་ནོ། །སྐྱོན་དང་ལྡན་པའི་སྐྱེས་བུ་ནི་བསམ་པའི་སྐྱོན་གྱིས་གཞན་དུ་གནས་པའི་དོན་ལ་གཞན་དུ་རབ་ཏུ་སྦྱོར་བ་ཡིན་ཏེ། རྩྭ་མཆོག་གི་རྩེ་མོ་ལ་གླང་པོ་ཆེ་བརྒྱ་ལྟ་བུ་ཡིན་ཏེ། དེ་ལྟ་བུའི་ཚིག་ནི་ཡིད་ཆེས་པ་མ་ཡིན་ནོ། །དེ་ཡང་ཚིག་གཅིག་གིས་དགག་པ་ལ་

རབ་ཏུ་སྦྱོར་ན་ཡིད་ཆེས་པ་མི་འདོར་བ་ཡིན་ནོ། །དེ་བཞིན་དུ། ཆུ་བོའི་ངོགས་ན་འབྲས་བུ་རྣམས། །ཞེས་བྱ་བ་ཡང་ཡིད་ཆེས་པ་རབ་ཏུ་སྦྱོར་བ་ཡིན་ན་བདེན་པ་ཡིན་ལ། དེ་ཉིད་ཡིད་ཆེས་པ་མ་ཡིན་པས་རབ་ཏུ་སྦྱོར་བ་ཡིན་ན་བརྫུན་པར་ཡང་འགྱུར་རོ། །རང་བཞིན་གྱིས་སྐྱོན་ཅན་

ཡིན་ན་དུས་ཐམས་ཅད་ཉིད་དུ་བརྫུན་པར་འགྱུར་རོ། །གཞན་དག་ན་རེ་འབྲེལ་པ་འཛིན་པའི་དུས་སུ་རྒན་པོ་རྣམས་ཐ་སྙད་དུ་བྱེད་པ་ལ། དྲུང་ན་གནས་པ་དག་སྒྲ་འདིའི་དོན་ཡིན་ཞེས་ཤེས་པ་ཡིན་གྱི། སྔོན་ནས་དོན་དེ་ཡིན་པར་ཤེས་པ་དང་ལྡན་པ་ཡིན་ནོ། །དེས་ན་དྲན་པར་མི་འགྱུར་

རོ། །སྒྲ་དེ་ཡང་། དོན་ལ་སྒྲ་གཞན་ཉེ་བར་གྱུར་པའམ་རིང་ཡང་རུང་། འདོད་པ་སྔོན་དུ་འགྲོ་བ་ཅན་གྱིས་སྨྲས་པ་ནི་དོན་གཞན་དང་འབྲེལ་པ་ཅན་དུ་རྗོད་པར་བྱེད་པ་ཡིན་ཏེ། དེ་ལྟར་རྟོགས་པའི་ཕྱིར་རོ། །དེ་ལྟར་ན་ཚིག་རྣམས་ནི་དོན་གཞན་དང་འབྲེལ་པ་ཅན་གྱི་དོན་ཉིད་དུ་རང་བཞིན་

เล่ม ๑๘๐ · หน้า 42b

གྱིས་གྲུབ་པ་ཡིན་པ་ལ་སྐྱེས་བུའི་སྐྱོན་གྱིས་གཞན་དུ་བྱེད་པའི་ཕྱིར་སྒྲའི་སྐྱོན་མ་ཡིན་ནོ། །རིག་བྱེད་ལ་ནི་སྐྱེས་བུ་མེད་པའི་ཕྱིར་གཞན་དུ་བྱ་བ་མ་ཡིན་པའི་ཕྱིར་ཇི་ལྟར་འཇུག་པར་མི་བྱེད་པ་ཡིན། དེ་ཡང་ཡང་ན་གང་ཞིག་ཅེས་སྨྲ་བ་རང་འདོད་པ་ཉིད་དུ་བརྗོད་པ་སྟེ། དེས་ན་སྐུལ་བྱེད་སྐྱོན་

མེད་པ། །བརྫུན་པ་ཉིད་དུ་འགལ་བ་ཡིན་སྙམ་དུ་སེམས་པ་ལ། སྐྱེས་བུས་མ་བྱས་པ་ལ་ཡང་ཞེས་སྨོས་ཏེ། ཇི་ལྟ་དེ་ལྟར་ཡིན་དུ་ཟིན་ཀྱང་སྐུལ་བྱེད་ཀྱི་བློ་ནི་ཐམས་ཅད་དུ་རང་གི་སོ་སོར་སྣང་བ་ཉིད་ཀྱི་དོན་ལ་ཚད་མ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་

ལ་ནི་དོན་གྱི་དེ་ཉིད་རང་བཞིན་གྱིས་འབྲེལ་པ་ཡིན་པའི་ཕྱིར་རོ། །ཚིག་ནི་རང་ཉིད་འབྲེལ་པ་ཅན་མ་ཡིན་ཡང་འབྲེལ་པ་ཅན་མཚོན་པར་བྱེད་པ་ཡིན་ཏེ། གཏན་ཚིགས་ཀྱི་ཚིག་རང་ཉིད་ནི། །ནུས་མེད་ཡིན་ཡང་ནུས་མཚོན་བྱེད། །ཅེས་སྨོས་སོ། །བརྗོད་བྱའི་བྱེ་བྲག་རྟོགས་པ་ནི་རྗོད་བྱེད་

རང་ཉིད་དང་འབྲེལ་པ་ཡིན་གྱི་གཞན་དུ་ན་མི་འཐད་པ་ལས་ཞེས་བྱ་བ་ནི་མི་རིགས་པ་སྟེ། མངོན་སུམ་བཞིན་དུ་བྱེ་བྲག་རྟོགས་པ་མེད་པའི་ཕྱིར་རོ། །གཞན་གྱི་དོན་རྟོགས་པའི་ཐ་སྙད་ལས་རྗོད་བྱེད་ཀྱི་ཤེས་པ་མཚོན་པར་བྱེད་པ་ཡིན་ནོ་ཞེ་ན། གཞན་གྱི་ཡང་དེའི་ཤེས་པ་ཅི་ལས་ཡིན།

གཞན་ལས་སོ། །དེའི་ཡང་གཞན་ཡིན་པའི་ཕྱིར་ལོང་བ་གཅིག་ལ་གཅིག་ལྟ་བུ་ཉིད་དོ། །ཡི་གེ་ལ་ཐ་དད་པ་ཅན་གྱི་སྒྲའི་ཤེས་པ་བཞིན་དུ་མཐོང་བ་མེད་ན། སྣང་བ་དང་འབྲེལ་པ་དེ་བཅོས་པ་ཡིན་པའི་དོན་ནི་སྒྲ་ལས་བྱུང་བ་རྣམ་པར་བཅད་པ་བསྟན་པ་ཡིན་ནོ། །མདོར་བསྡུས་པ་

བསྟན་ནས། འདིའི་རྒྱས་པ་སྨྲ་བ་པོ་རྣམས་ཀྱི་འདོད་པའི་དབྱེ་བས་བསྟན་པར་འདོད་པས་ངེས་པར་སྦྱོར་བའི་ངག་གི་དོན་ནི་ཞེས་བྱ་བ་སྨོས་ཏེ། མཆོད་སྦྱིན་དང་གཏོང་བ་ལས་བྱས་པའི་ལིང་ངའི་དོན་གྱི་སྐད་ཀྱི་དབྱིངས་ཀྱི་དོན་ཏེ། བསྒོམ་པ་དང་མཚན་ཉིད་མི་མཐུན་པའི་བསྒྲུབ་

བྱའི་ངོ་བོ་བདག་ཉིད་འགྲུབ་པའི་དོན་དུ་གཞན་འཇུག་པར་བྱེད་པའི་ཕྱིར་གཅིག་ཏུ་འཛུད་པར་བྱེད་པ་ནི་ངེས་པར་སྦྱོར་བའི་རང་བཞིན་ནོ། །དེ་ཉིད་ཀྱང་འབྲས་བུ་དང་འབྲེལ་པ་ཅན་གྱི་འཛུད་པར་བྱེད་པའམ། དེ་དང་འབྲེལ་པའི་འབྲས་བུ་ཡང་རུང་ཞེས་བྱ་བའི་ངག་གི་དོན་

เล่ม ๑๘๐ · หน้า 43a

ཉིད་ཀྱིས་བསྟན་ཏོ། །འཁྲུལ་འཁོར་ལ་སྐྱོན་པ་ལ་སོགས་པ་ཡང་དེའི་དབྱེ་བ་ཡིན་ནོ། །སྐྱེས་བུ་ཁ་ཅིག་ལ་འཇུག་པར་གྱིས་སྒྲུབ་པར་གྱིས་ཞེས་བྱ་བ་ནི་དེའི་བསྒྲུབ་པའོ། །སྒྲ་ནི་འཇུག་པ་དང་། བྱེད་པ་དང་། སྒྲུབ་པ་དེ་རྣམས་ཀྱི་བྱེད་པ་པོ་དང་། སྨྲ་བ་པོ་ཡིན་པའི་

ཕྱིར་སྔ་ཕྱིར་ནི་མ་ཡིན་ནོ། །སྒྲ་ནི་བྱེད་པ་པོ་ཡིན་ལ་དེའི་བྱེད་པ་ནི་བྱ་བ་ལ་ཡིན་ཏེ། བྱ་བར་གྱུར་པ་ནི་སྐྱེས་བུའི་བྱ་བའོ། །བཤད་པ་ཐམས་ཅད་ལ་ཡོད་པ་ཅན་ལ་དེ་དུ་བར་བྱེད་པ་ལ་སོགས་པའི་དོན་དུ་སྨྲ་བའོ། །བྱ་བ་ཉིད་ཀྱི་བྱེད་པ་ནི་བྱེད་པ་པོའི་རང་གི་བྱ་བ་དང་ལྷན་ཅིག་འབྲེལ་པའི་

ཤེས་པ་ཡིན་པ་བཞིན་བྱ་བ་གཞན་ནོ། །སྐད་ཀྱི་དབྱིངས་ཀྱིས་རང་གི་དོན་བསྟན་པ་ཡིན་ལ། དེ་ཡང་མི་ཤེས་པ་འཇུག་པའི་ཡུལ་ཉིད་ཀྱིས་ཤེས་པར་བྱེད་པ་ནི་ལིང་ང་ལ་སོགས་པའི་ཚད་མ་གཞན་བཞིན་དུ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་ནོ། །སྐད་ཅིག་དབྱིངས་ཀྱིས་དོན་ཉིད་

ནི་ལིང་ང་ལ་སོགས་པ་ཡོད་པའི་བསྒྲུབ་བྱ་ཉིད་ཀྱིས་རྟོགས་མ་ཡིན་ནོ། །རང་དངོས་པོ་ལས་དོན་དུ་སྐྱེས་བུ་འཇུག་པས་འཕངས་པ་ནི་སྒྲུབ་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་ནོ། །འདི་ལ་ངེས་པར་སྦྱོར་བ་ཞེས་བྱ་བ་སྨོས་ཏེ། རྣམ་པ་དུ་མ་དེ་དག་ཐམས་ཅད་བློ་ལ་ཇི་ལྟར་སྣང་བས་ཉེ་བར་

བསླད་པ་ཡིན་གྱི། དོན་གྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ལས་ནི་མ་ཡིན་ནོ། །རང་དངོས་པོ་ལས་དོན་སྒྲུབ་བྱེད་ན་སྟེ་འདོད་པ་སྒྲུབས་པ་ཡིན་ནམ། མི་འབྱུང་ནི་འབྱུང་བར་མི་འགྱུར་བ་སྟེ། སྐྱེས་བུའི་དོན་མ་ཡིན་པའི་ཕྱིར་དང་། སྐྱེས་བུའི་དོན་གྱི་རྒྱུ་ཡང་མ་ཡིན་པའི་ཕྱིར་དང་སྟེ་བདག་

ཉིད་མེད་པ་ལས་དོན་ཏེ། འདོད་པའི་སྒྲུབ་བྱེད་དེ་བྱ་བ་སྒྲུབ་པ་ལ་བྱེད་པ་མེད་པའི་ཕྱིར་དེ་ནི་སྐྱེས་བུ་དོན་མ་ཡིན་ཞིང་དེ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་ཙམ་གྱི་ཡུལ་ལ་ཡང་ཡོད་པའི་རིག་བྱེད་ཀྱི་དོན་དམ་པའི་སྦྱོར་བ་དང་། མཐོ་རིས་དག་བདག་ཉིད་ཀྱིས་ཡུལ་མ་ཡིན་

པ་ལ་འབྲེལ་པ་ཉེ་བར་བསྟན་པ་ནུས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །སྒྲུབ་པ་ཞེས་བྱ་བ་ནི་རེ་རེ་ལ་སྦྱར་བར་བྱའོ། །དེ་རྣམས་ཐམས་ཅད་འདོད་པའི་རྒྱུ་ཉིད་མ་ཡིན་དུ་ཟིན་ཀྱང་། གང་ཁོ་ན་སྒྲུབ་པར་བྱེད་པར་འདོད་པ་ཉིད་རིགས་པས་རྟོགས་པ་དེ་ཁོ་ན་ཉིད་ངག་གི་དོན་ཡིན་དུ་

เล่ม ๑๘๐ · หน้า 43b

ཟད་མོད། འདི་ལ་དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་རྣམས་ལས་གཅིག་ཀྱང་དེའི་རྒྱུ་ཉིད་དུ་མངོན་སུམ་ལ་སོགས་པའི་རིགས་པས་རྟོགས་པ་མ་ཡིན་ཏེ། འདིའི་རྒྱུད་པའི་འབྲེལ་པ་ཐམས་ཅད་དུ་རྙེད་པར་སླ་བར་རིགས་པ་ཡིན་པའི་ཕྱིར་བྱེ་བྲག་མེད་དོ། །དེ་བསྟན་པ་ནི། སྒྲ་དེ་ནི་གང་

ཇི་ལྟར་བརྗོད་པ་ཞེས་བྱ་བའོ། །གསལ་བར་རྙེད་པ་ཉིད་ཀྱིས་འཇིག་རྟེན་གྱི་ཚད་མ་ཡིན་གྱི། འདོད་པ་སྒྲུབ་པར་བྱེད་པ་ཉིད་ལས་ནི་མ་ཡིན་ནོ། །གསལ་བར་བྱས་པའི་ཡུལ་ལ་དགོས་པ་གྲུབ་པར་བྱེད་པ་ཉིད་ཡིན་ནམ། གཞན་ཡིན་ནམ་ཞེས་འགྲོ་བ་བྱས་ནས་འཇུག་པར་

འདོད་པ་ཅན་འཇུག་པའམ་མི་འཇུག་པ་ཡིན་གྱི། རིག་བྱེད་ནི་གསལ་བར་བྱས་པའི་ཡུལ་ཡིན་ན་ཚད་མའི་བྱ་བ་རྫོགས་པ་ཡིན་ཏེ། ཡུལ་ལ་འཇུག་པ་པོར་རང་བཞིན་གཅིག་པའི་ཕྱིར་རོ། །ཚད་མ་རྣམས་ཀྱིས་ཡུལ་ལ་རྣམ་པ་གཉིས་ཏེ། འདོད་པ་སྒྲུབ་པར་བྱེད་པ་དང་། འཛུད་

པ་པོར་རང་བཞིན་གཅིག་པར་ཡིན་པར་འདིར་སྨྲ་བ་ནི། ངེས་སྦྱར་ཉིད་ཀྱིས་འཇུག་ཅེ་ན་ཞེས་བྱ་བ་སྟེ། ངེས་པར་སྦྱོར་བ་ནི་ལག་པས་གཉའ་བཟུང་བྱས་པ་དང་། མཚུངས་པར་འགྲོ་བ་ཐམས་ཅད་ལ་ཐུན་མོང་ཡིན་ཏེ། ཐམས་ཅད་ལ་ཡང་ཤིན་ཏུ་དྲག་པའི་རླུང་བཞིན་དུ་མཐར་

ཐུག་པར་འཛུད་པར་བྱེད་པ་ཡིན་པ་ནི་གེགས་བྱེད་པ་མེད་པའི་ཕྱིར་ཏེ། ཕྱིན་ཅི་ལོག་པ་ལ་སོགས་པས་གེགས་བྱེད་པའི་གེགས་བྱེད་པ་རྣམས་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། དེའི་ཕྱིར་རིག་བྱེད་སྒྲོན་མ་བཞིན། །ཀུན་གྱི་ཐུན་མོང་གནས་ཡིན་ཏེ། །ལོག་པར་རྟོགས་བྱ་ཉིད་མ་

ཡིན། །ཞེས་སྨོས་པའོ། །སློང་མོ་ལ་སོང་ཐུན་མཚམས་ཀྱི་བྱ་བ་གྱིས་ཞེས་བྱ་བ་འདི་ལ་ངེས་སྦྱོར་དབང་བྱེད་པ་མ་ཡིན་ནམ། སེམས་དང་བདག་ཉིད་ཀྱི་བྱ་བ་འགྲུབ་པ་ལ་སྐྱེས་བུ་འཇུག་པར་བྱེད་པ་ཡིན་གྱི། རབ་ཏུ་གཏུམ་པའི་གཙེ་བོ་བཞིན་དུ་ནི་མ་ཡིན་ཏེ། འདོད་པ་གྲུབ་པར་

བྱེད་པ་ལྟ་བུའི་འཇུག་པའི་རྒྱུ་མཚན་ནོ། །བྱེ་བྲག་ཏུ་ནི་དབྱེ་བ་དེའི་ཚེ་དེ་ལས་ཟློག་པ་ཡིན་ནོ། །ངེས་སྦྱོར་ནི་རང་གི་ཤེས་པ་ལས་ལྟོས་ནས་ནན་ཏན་དུ་བྱེད་པ་ཡིན་ལ། དེའི་ཤེས་པ་ཡང་ཅི་ནས་ཀྱང་ཕྱིན་ཅི་ལོག་པ་ཅན་རིག་པ་ལ་སྤྱོད་པ་མེད་པ་ལས་མི་འབྱུང་བའི་ཕྱིར་དེའི་རང་བཞིན་

เล่ม ๑๘๐ · หน้า 44a

ལས་སུ་ཡང་འཇུག་པར་མི་འགྱུར་རོ། །དེ་ཡང་། གཞན་བྱ་ཡིན་པའི་ཆོས་ལ་ནི། །རིག་བྱེད་ཀྱིས་བྱེད་བདག་ཉིད་ནི། །ཞེས་སྨོས་སོ། །བྱ་བ་ཉིད་ཀྱི་ཆ་ལ་དཔྱོད་པ་པོའི་བསྟན་བཅོས་ལས་རྒྱས་པར་འཆད་པར་འགྱུར་རོ་སྙམ་དུ་སེམས་པ་ལ་ཕྱིན་ཅི་ལོག་དང་མ་

ལོག་པའི་ཞེས་སྨོས་ཏེ། རིག་བྱེད་ཀྱི་དོན་དཔྱོད་པ་པོའི་བསྟན་བཅོས་ཀྱི་ཡན་ལག་དང་བཅས་པ་ཡང་ཕན་པ་དང་མི་ཕན་པ་དག་བླང་བ་དང་དོར་བ་དག་གི་ཡན་ལག་མ་ཡིན་པས་རྟོགས་པ་དང་ལྡན་པ་རྣམས་འཇུག་པ་ལ་སྦྱོར་བར་མི་བྱེད་དོ། །ཕྱིན་ཅི་ལོག་གི་རང་དང་རྗེས་སུ་མཐུན་པའི་བྱ་བ་

ཡིན་པས་དབང་བྱེད་པ་ཡིན་ཏེ། རིག་བྱེད་ཀྱི་དོན་ནི་འཇུག་པར་བྱེད་པ་ཙམ་ཡིན་ལ། འཇུག་པ་ཙམ་ཡང་རྗེས་སུ་མཐུན་པ་པ་ཡིན་པའི་ཕྱིར་དེ་ཉིད་ལ་སྨྱོན་པ་དབང་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དགོས་པ་མ་བསྟན་ན་བླུན་པོ་ཡང་འཇུག་པར་མི་འགྱུར་བའི་ཕྱིར་རྟོགས་པ་དང་

ལྡན་པ་རྣམས་སམ། ། ནུས་པ་ཡང་རུང་བའི་རང་བཞིན་དུ་གནས་པ་རྣམས་ནི་རིག་བྱེད་ལ་དབང་བྱེད་པ་མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དགོས་པ་ལ་སོགས་པ་མ་རྟོགས་པ་ཅན་གྱི་རིགས་གསུམ་པོའམ་གཞན་ཡང་རུང་བ་ནི་དེ་ལས་བཟློག་པའི་རིག་བྱེད་དབང་མ་ཡིན་ཏེ།

ནུས་པ་མེད་པའི་ཕྱིར་རོ། །འདི་ནི་སྡང་བས་མི་འཇུག་པ་ཞེས་བྱ་བ་ཁས་བླངས་པ་ཡང་འདི་སྡང་བས་མི་འཇུག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྟོགས་པ་དང་ལྡན་པ་ཉིད་ཀྱི་དབང་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེ་སྡང་གི་རྒྱུས་ཀྱང་འཇུག་པར་མི་བྱེད་པར་མཐོང་བའི་ཕྱིར་དེ་ཡང་དེ་ལྟར་བསྟན་

པ་ཡིན་ནོ། །གཞན་རྟོགས་པ་སྔོན་དུ་གཏོང་བ་ཉིད་ཡིན་ཡང་དབང་མི་བྱེད་པ་ཡང་འཇུག་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ཉིད་ཡིན་ནོ། །རྟོགས་པ་དང་ལྡན་པ་རྣམས་ཀྱི་དབང་མི་བྱེད་པ་ཉིད་འདི་ཡང་བདག་ངེས་པར་སྦྱར་རོ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་པ་ཡིན་ནོ། །ངེས་སྦྱོར་ནི་

སྒྲ་གཅིག་པུའི་སྤྱོད་ཡུལ་མ་ཡིན་ནམ། བསྒྲུབ་བྱ་དཔོག་པ་ལ་ངེས་པར་སྦྱོར་བ་ན་ཡུལ་ལ་སྦྱོར་བ་ཞེས་བྱ་བའི་རྣམ་པར་རྟོག་པས་བསླད་པ་ཙམ་ཡིན་ནོ། །ཚད་མས་དཔོག་པ་ལ་རང་དབང་དང་། གཞན་དབང་ལ་སོགས་པའི་རྣམ་པར་རྟོག་པས་བསྙོན་པར་ནུས་པ་མ་ཡིན་ནོ། །

เล่ม ๑๘๐ · หน้า 44b

འོ་ན་ཅི་ཞེ་ན། འདི་དངོས་པོའི་ཆོས་ཡིན་པའི་ཕྱིར་གནས་སྐབས་འདིར་མ་བོར་ན་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ནི་ལུང་གི་དོན་ཟློས་པར་བྱེད་པ་རྗེས་སུ་བསྒྲུབ་པར་བྱ་བར་མི་འགྱུར་རོ། །མཐོ་རིས་འདོད་པས་མཆོད་སྦྱིན་གྱིས་ཤིག་ཅེས་བྱ་བར་རྟོགས་པ་ཙམ་གྱིས་ཚིམ་པ་ནི་མ་ཡིན་ནོ། །

གཟུང་བྱའི་ཡུལ་འཛུད་པར་བྱེད་པ་རྣམས་ཀྱིས་མཐོ་རིས་འདོད་པའི་སྐད་ཀྱི་དབྱིངས་ཀྱི་དོན་ཤེས་པ་རྣམས་ཀྱི་ཉེ་བ་ན་གནས་པ་ཉིད་རྟོགས་བཞིན་པ་དེའི་ཆོས་དེ་གྲུབ་པ་ཡིན་ན་བསྒྲུབ་བྱར་འགྱུར་གྱི་རང་དབང་དུ་ནི་མ་ཡིན་ནོ། །དེ་ཡང་མ་གྲུབ་པ་ལ་མ་གྲུབ་པའི་རྣམ་པར་རྟོག་པ་མ་བོར་བ་

རྗེས་སུ་སྒྲུབ་པར་བྱེད་པར་འོས་པ་མ་ཡིན་ནོ། །རེ་རེ་ཆོས་ཉིད་གསལ་བ་ཡིན་ན། བསྡུས་པའི་ཆོས་ཉིད་བཀག་པ་ཡིན་པར་དགོངས་པའོ། །ཆོས་ཅན་མ་གྲུབ་ན་ཆོས་དེ་ལ་བརྟེན་པར་མི་འགྱུར་བ་མ་ཡིན་ནམ། ཆོས་ཅན་ནི་རང་དབང་ཅན་ཡིན་པས་དེ་མ་གྲུབ་ཀྱང་

འགྲུབ་པ་ཡིན་ཏེ། རྒྱ་ཤུག་གི་འབྲས་བུའི་སྔོ་བ་ཉིད་ནི་སེར་པོ་ཉིད་མེད་ན་མེད་པར་མི་འགྱུར་རོ། །དེ་ཡང་། ཨཱ་བིར་བ་བྷཱ་ཏི་རོ་བྷཱ་བཱི། ཆོས་ཅན་རྣམས་ལ་རྗེས་འཇུག་གང་། །ཆོས་ཅན་ཞེས་སྨོས་སོ། །དེ་མ་གྲུབ་ཀྱང་མ་གྲུབ་པའི་ཆོས་ནི་རྗེས་སུ་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་

དུ་སེམས་པ་ལ། ཡོངས་སུ་རྫོགས་པ་ནི་རྗེས་སུ་བསྒྲུབ་པར་ནུས་པ་མ་ཡིན་ནོ་ཞེས་སྨོས་སོ། །དེའི་ཕྱིར་ངེས་པར་སྦྱར་བ་ལ་རྒྱ་ཤུག་གི་འབྲས་བུའི་སྔོ་བ་ནི་སེར་པོ་ལས་ཤིན་ཏུ་གཞན་པ་ཁོ་ན་ཡིན་ཏེ། རང་གི་དུས་འཛིན་པ་ཅན་གྱི་ཚད་མ་ཡིན་པ་ཉིད་ཀྱིས་དེ་དང་གཅིག་པ་ཉིད་དུ་མ་

རྟོགས་པའི་ཕྱིར་རོ། །སྔ་མ་འཛིན་པའི་དུས་སུ་ཕྱི་མ་མེད་པའི་ཕྱིར་གཟུང་བ་མ་ཡིན་ཏེ། ཡོད་པ་དང་མེད་པ་ཐ་དད་པའི་ཕྱིར་རོ། །གཅིག་པ་ཉིད་ཡིན་ན་ནི་སྣ་ཚོགས་པ་གཅིག་ཏུ་འགྱུར་རོ། །ཤེས་པ་ཕྱི་མའི་དུས་སུ་ནི་སྔ་མ་བྱུང་ཟིན་པའི་ཕྱིར་འཛིན་པ་ཡིན་ནོ། །གཞན་དུ་ན་བུམ་པའི་

ཤེས་པ་འདས་པའི་དུས་ཀྱི་ཁམས་གསུམ་པོ་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱ་བའི་ཁྱད་པར་ཞེས་བྱ་བ་ནི་དབྱིབས་སོ། །སྔར་བཟུང་བ་ཤེས་པ་ཕྱི་མས་འཛིན་པ་མ་ཡིན་ནམ། དེ་ནི་ཤེས་པ་སྔ་མས་བྱས་པའི་ཤུགས་ཡིན་ནམ། མ་ཡིན་ཏེ། ཐམས་ཅད་དུ་ཤེས་པ་

เล่ม ๑๘๐ · หน้า 45a

སྔ་མ་ཡོད་པའི་ཕྱིར་དེའི་བྱས་པའི་ཤུགས་ལས་ཕྱི་མའི་ནི་ཐམས་ཅད་འཛིན་པ་ཅན་ཉིད་ཡིན་ཏེ། དེའི་གནས་ཡིན་ནོ་ཞེས་བསྟན་པ་ནི། ད་ལྟར་བའི་རང་གི་ངོ་བོ་འཛིན་པ་ཞེས་བྱ་བའོ། །གང་དུ་དུས་ཐ་དད་པ་ལས་ཤེས་པའི་ཐ་དད་པ་རྟོགས་པ་ཡིན་པ་དེར་སྔ་མ་འཛིན་དུ་

ཟིན་པ་ཡིན་ཀྱང་། གང་དུ་མིག་མི་འཛུམས་པ་ལ་དེ་ཐ་དད་ཀྱང་ཤེས་པ་ཐ་མི་དད་པ་དེར་ཕྱི་མའི་སྔ་མའི་ཤེས་པར་འགྱུར་རོ། །དེས་ན་དབང་པོ་ལས་སྐྱེས་ཞེས་འདིར་སྨོས་པ་ཡིན་ནོ། །དུས་ཐ་དད་པ་ལས་ཤེས་པ་ཐ་དད་པ་མ་ཡིན་ནོ། །ཉིན་ཞག་ལ་སོགས་པས་ཁྱབ་པར་ཅན་དུ་བྱས་པའི་

ཤེས་པ་དེའི་མཐར་བྱེ་བྲག་གི་ཤེས་པ་ལས་དབྱེ་བ་མེད་པ་ཡིན་ལ། དེ་ལྟ་ཡིན་ན་ཉིན་ཞག་ལ་སོགས་པ་བཞིན་དུ་རྟོགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡུལ་གྱི་ཆོས་ཉིད་ཡིན་ན་ཡང་ཞེས་བྱ་བ་གཟུད་པར་བྱ་བའི་འཇུག་པའི་ཡུལ་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་ནོ། །དེའི་

ཆའི་བྱ་བ་དེ་ཡང་བསྒྲུབ་བྱ་ཡིན་པས་ཤེས་པའི་དུས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་ངེས་པར་སྦྱོར་བ་ཡང་དེའི་ཚེ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་ཡུལ་ཉིད་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་ནོ། །དེ་ཡང་རྫོགས་པར་བྱ་བ་ཉིད་དུ་ཡོད་པ་མ་ཡིན་པར་བསྟན་

པ་ནི། རྗེས་སུ་སྒྲུབ་པར་བྱེད་པའམ་ཡུལ་ཞེས་བྱའོ། །རྗེས་སུ་སྒྲུབ་པར་བྱེད་པའི་ཡུལ་ཉིད་ཀྱིས་ཞེས་བྱ་བ་ནི་རིམ་པ་ཡིན་ནོ། །ལན་ནི་གང་གིས་དེ་ནི་ཡོད་པ་ཡི་ཞེས་བྱ་བ་སྟེ། དེའི་ཚེ་དེ་རྫོགས་པར་བྱ་བ་ཉིད་དུ་མེད་པའི་ཕྱིར་དེ་བཞིན་དུ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྗེས་

སུ་སྒྲུབ་པར་བྱེད་པའི་ཡུལ་ཉིད་ཀྱི་སྐད་ཀྱི་དབྱིངས་ཀྱི་དོན་ནི་རྫོགས་པར་བྱ་བ་ཉིད་ཀྱི་ཁྱད་པར་ཅན་གྱི་ངོ་བོར་ཡོད་པ་མ་ཡིན་པ་དེས་ན་རྗེས་སུ་བསྒྲུབ་པ་ཡིན་ནོ། །སྤྱིའི་ངོ་བོར་ནི་ཡོད་པ་ངེས་ན་རྟོགས་པ་ཡིན་པར་སྨྲ་བ་ནི། དེ་ཡི་རྟོགས་བཞིན་ཉིད་གྲུབ་ཅིང་། །ཞེས་བྱ་བའོ། །དེར་སྨྲ་བའི་

ངེས་སྦྱོར་ནི་ཞེས་བྱ་བའི་བར་གྱི་རྗེས་སུ་སྒྲུབ་པར་བྱེད་པ་ནི་རྗེས་སུ་བསྒྲུབ་པར་བྱའི། ཡུལ་གྱི་སྐད་ཀྱི་དབྱིངས་ཀྱི་དོན་རྫོགས་པར་བྱ་བ་ཉིད་ཀྱིས་རྟོགས་ན་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། བུམ་པ་རྟོགས་པ་ཡིན་ན་ནི་སྣམ་བུ་རྗེས་སུ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །བྱེ་བྲག་ལ་སྤྱིར་འཁྲུལ་པ་

เล่ม ๑๘๐ · หน้า 45b

མ་ཡིན་པའི་ཕྱིར་དེ་ལྟ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་སྤྱི་བཞིན་དུ་འདིའི་ཡང་བྱེ་བྲག་འཁྲུལ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྤྱི་ནི་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ཏེ། དེའི་བྱེ་བྲག་རྟོགས་པ་ཡིན་ལ། དེ་ཡང་རྗེས་སུ་བསྒྲུབ་པར་བྱ་བ་ཡིན་གྱི་སྤྱི་ནི་

མ་ཡིན་ཏེ། གྲུབ་ཟིན་པའི་ཕྱིར་རོ་ཞེ་ན། དེ་ཡི་རང་གི་ངོ་བོ་ནི། །ཞེས་སྨོས་སོ། །གལ་ཏེ་ཡང་བྱེ་བྲག་ཅན་གྱི་ངོ་བོ་རྗེས་སུ་བསྒྲུབ་པར་བྱ་བའི་སྐད་ཀྱི་དབྱིངས་ཀྱི་དོན་ལ་སོགས་པས་རྫོགས་པར་བྱ་བ་ནི་འཇུག་པར་བྱེད་པ་ཉིད་དུ་རྟོགས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་དེའི་སྤྱི་རྟོགས་པ་

ལས་བྱེ་བྲག་ལ་འཇུག་པར་བྱེད་དོ། །ཤིང་དུ་རྟོགས་པ་ལས་ཤིང་ཤ་པ་ལ་སོགས་པ་བཞིན་དུའོ་ཞེ་ན། རྟོགས་པ་བཞིན་པ་ཉིད་ཙམ་ཞིག་ན་ཞེས་བྱ་བ་སྨོས་ཏེ། དེ་རྟོགས་པ་ཡིན་ཡང་བྱེ་བྲག་ཏུ་རྟོགས་པ་མེད་པ་ཡིན་ན་ནི་དེའི་འདིའི་ཞེས་འབྲེལ་པའི་ཕྱིར་ཁམས་གསུམ་པོའི་ཅིའི་

ཕྱིར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བྱེ་བྲག་ལ་སྤྱིར་འཁྲུལ་པ་མ་ཡིན་པའི་ཕྱིར་དེས་འཕངས་པས་འཇུག་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་རྗས་སུ་བསྒྲུབ་པར་བྱ་བར་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ནི་སྤྱིས་འཕངས་པ་ཡིན་ལ་སྤྱིས་འཕངས་པ་ཉིད་ཀྱིས་རྗེས་སུ་དཔག་

པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙོ་བོ་དང་དབང་ཕྱུག་ལ་སོགས་པ་སྤྱི་བཞིན་དུ་སྤྱི་ནི་བྱེ་བྲག་གི་འཕེན་བྱེད་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས་བསྟན་པ་ནི། སྤྱིར་རིགས་ཡིན་ན་ཞེས་བྱ་བའོ། །མཆོད་སྦྱིན་བྱོས་ཞེས་བྱ་བས་ངེས་པར་སྦྱོར་བ་ནི་མཆོད་སྦྱིན་གྱི་ཆོས་ཉིད་རྟོགས་

པ་ཡོད་པ་མ་ཡིན་ནམ། དེ་ལ་རིགས་པས་གནོད་པ་མ་ཡིན་ཏེ། དེ་ཡང་རིག་བྱེད་ཀྱི་ཚིག་ལས། དོན་གྱི་ཤེས་པ་ནི་མངོན་སུམ་ཡིན་ནོ་ཞེས་འབྱུང་བའོ། །རྗེས་སུ་དཔག་པ་ནི་རིགས་པ་ཡིན་ལ་མངོན་སུམ་དང་འགལ་བའི་རྗེས་སུ་དཔག་པ་ནི་ཚད་མར་གྱུར་པ་མ་ཡིན་པར་སྨྲ་བ་

ནི། གལ་ཏེ་སྦྱིན་སྲེག་ལ་སོགས་པ་ཞེས་བྱ་བའོ། །རྟོགས་པ་ནི་མངོན་སུམ་དུ་བྱེད་པ་མ་ཡིན་ཏེ། དོན་ཉེ་བ་ན་གནས་པ་མ་ཡིན་པའི་ཕྱིར་ལ་འབྱུང་བར་འགྱུར་བའི་དོན་ནི་འདི་ཤེས་པའི་དུས་ན་ཡོད་པ་མ་ཡིན་ཏེ། ཉེ་བ་ན་གནས་པ་ཉིད་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་

เล่ม ๑๘๐ · หน้า 46a

ཡིན་པའི་ཕྱིར་དང་། བདག་ཉིད་ཀྱིས་ཁྱབ་པ་མངོན་དུ་བྱེད་པ་ཉིད་ཀྱང་ལྡོག་པར་བྱེད་པའི་ཕྱིར་ཉེ་བ་ན་གནས་པ་མ་ཡིན་པ་ཉིད་ནི་མངོན་དུ་བྱེད་པ་དང་འགལ་བ་ཡིན་ནོ། །ཉེ་བ་ན་གནས་པ་ཉིད་ནི་ཡོད་བཞིན་པ་ཉིད་ཡིན་ལ། དེ་ཉིད་མངོན་དུ་བྱེད་པ་ཡང་ཡིན་ནོ། །

དམིགས་པ་ནི་ཡོད་པ་ཉིད་དེ་དངོས་པོའི་རུང་བ་ཉིད་ཀྱི་མཚན་ཉིད་དོ་ཞེས་གང་འཆད་པའ་འགྱུར་བ་སྟེ། མངོན་དུ་བྱ་བ་བཞིན་པ་ཁོ་ན་དངོས་པོ་ཡིན་གྱི། མངོན་དུ་བྱེད་པ་ནི་མ་ཡིན་ཏེ། ཐ་དད་པ་མ་རྟོགས་པའི་ཕྱིར་རོ། །དེ་ཡོད་ན་དངོས་པོ་ཡོད་པ་ཡིན་ཏེ། དངོས་སུ་ན་དེ་ཙམ་

ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་ན་དེ་ཡང་མེད་པའི་ཕྱིར་རིག་བྱེད་ཀྱི་དོན་ཇི་ལྟར་རྟོགས་པར་བྱེད་པ་ཡིན་ཞེས་བྱ་བའི་དགོངས་པ་ནི། རྟོགས་པ་ཡོད་པ་མིན་ན་དེར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སོ། །རང་གི་ངོ་བོ་ཉིད་མངོན་དུ་བྱེད་པ་ནི་ཉེ་བ་ན་གནས་པ་

མ་ཡིན་པ་ལས་མ་ཡིན་པར་ཅི་ལས་ཤེས་ཤེ་ན། གང་ཞིག་རང་གི་ངོ་བོ་ཡིན། །ཞེས་སྨོས་པའོ། །ལྐོག་ཏུ་གྱུར་པ་མ་ཡིན་པ་མངོན་དུ་བྱེད་པ་ནི་མངོན་སུམ་ཡིན་ལ། དེ་ཡང་ཡུལ་ཉེ་བ་ཅན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཉེ་བ་ན་གནས་པ་མ་ཡིན་པ་དེ་ཡང་ཡང་དག་པ་མ་ཡིན་པའི་ཕྱིར་མངོན་དུ་བྱེད་པ་

མ་ཡིན་པས་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བསྟན་པ་ནི། རང་གི་ངོ་བོ་མེད་པ་ལ་ཞེས་བྱ་བའོ། །རྟོགས་པ་ཙམ་ནི་ཡོད་པ་ཡིན་ལ། མ་རྟོགས་པ་ཙམ་ནི་མེད་པ་ཡིན་པར་དམིགས་པ་ནི་ཡོད་པ་ཉིད་དེ། དངོས་པོའི་རུང་བ་ཉིད་ནི་མཚན་ཉིད་དོ་ཞེས་བྱ་བ་འདིས་བརྗོད་པ་ཡིན་པར་བསྟན་

པ་ནི། གང་ཕྱིར་དམིགས་པ་ཡོད་པས་དེ། །ཞེས་བྱ་བའོ། །མངོན་དུ་བྱེད་བཞིན་པ་ཉིད་ཁོ་ན་ནི་ཡོད་པ་མ་ཡིན་ཏེ། རྗེས་སུ་དཔག་པ་དང་བྱ་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཡང་རྗེས་སུ་དཔག་པའི་ཡུལ་རྟོགས་པ་ཡིན་པའི་ཕྱིར་ཡོད་པ་ཡིན་ཏེ། དེ་ལ་བརྟེན་

པ་ཡང་རུང་ཤེས་པ་སྐྱེ་བར་འགྱུར་བ་འཆད་པ་གང་ཡིན་པའོ། །ཉེ་བ་ན་གནས་པ་མ་ཡིན་པ་རྟོགས་པར་ནི་མི་རིགས་ཏེ། རྗེས་སུ་དཔག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇུག་པའི་ཡུལ་གྱི་དངོས་པོ་ལ་ལྟོས་པས་ཀྱང་རྗེས་སུ་དཔག་པ་ནི་འཁྲུལ་པ་མེད་པ་ཡིན་ལ། དེ་ཡང་

เล่ม ๑๘๐ · หน้า 46b

འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་མ་རྟོགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རྟོགས་པ་ཙམ་གྱི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པའོ། །དེས་ན་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་ཞེས་དེ་ལྟར་ཤེས་པར་བྱ་བ་ནི་གཞུང་འདིའི་རྣམ་པར་དབྱེ་བའོ། །རེ་ཞིག་རིག་

ལས་བྱུང་བ་ལ་རྟོགས་པ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། གཞན་རྟོགས་པ་ལ་འབྲེལ་པ་མེད་པའི་ཕྱིར་ལ་སྒྲ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ཡང་ཕན་ཚུན་འགལ་བ་ཤིན་ཏུ་མང་བ་ཅན་ཡིན་པའི་ཕྱིར་འདི་ལ་འདི་ཚད་མ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བའི་རྒྱུ་

མཚན་མ་ཡིན་ནོ། །དེའི་སོ་སོར་སྣང་བ་ལ་མ་འཁྲུལ་པ་ལ་སོགས་པ་ཡོད་པས་རང་གི་འདོད་པས་དམ་འཆའ་བ་ཡིན་ལ། རྟོགས་པ་ནི་དམ་འཆའ་བ་འགྲུབ་པ་ལ་ཡིན་ཡང་གཞན་གྱི་འདོད་པ་རྣམས་ཀྱིས་རྣམ་པར་འབྱེད་པའི་རྒྱུ་མཚན་གྱིས་སྦྱོར་བར་བྱེད་པ་མ་ཡིན་པ་ཉིད་དོན་ལ་མ་

འཁྲུལ་པ་ལ་མ་ཡིན་པར་སྨྲ་བ་ནི། རིག་བྱེད་ཉིད་ལས་ཞེས་བྱ་བའོ། །དེ་ལ་སྐྱེས་བུས་བྱས་པ་མ་ཡིན་པའི་ཕྱིར་དབང་པོ་བཞིན་དུ་རིག་བྱེད་པ་ནི་འཁྲུལ་པ་མེད་པ་ཡིན་ལ། གཞན་ལ་ནི་སྐྱེས་བུ་རྣམས་ཀྱི་སྐྱོན་ལ་བརྟེན་པའི་ཕྱིར་དོན་ལ་རེག་པ་མེད་པ་ཉིད་ཡིན་ནོ། །དེ་ཡང་།

རེ་ཞིག་སྒྲ་ལས་སྐྱོན་བྱུང་བ། །སྨྲ་བ་པོ་ལ་རག་ལས་གནས། །ཞེས་སྨོས་པའོ། །དབང་པོ་ཁོ་ན་བཞིན་དུ་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་འབྲེལ་པ་མེད་པ་ལ་སོགས་པའི་སྐྱོན་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནམ། སྐྱེས་བུས་བྱས་པ་ནི་སྐྱེས་བུའི་སྐྱོན་མེད་པའི་

ཕྱིར་ཚད་མ་ཡིན་ལ། དབང་པོ་ནི་སྐྱེས་བུའི་སྐྱོན་མེད་པ་ལས་ཚད་མ་ཡིན་ཏེ། རང་ལ་ཡོད་པའི་སྐྱོན་གྱིས་ཁ་ཅིག་ཏུ་ཚད་མ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འཇིག་རྟེན་རྗེས་འབྲངས་ཞེས་བྱ་བའོ། །སྨྲ་བ་པོ་ཉིད་ནི་སྐྱེས་བུས་བྱས་པ་ཡིན་ལ། སྐྱེས་བུ་རྣམས་ཐ་སྙད་

འདོགས་པ་ན་དྲུང་ན་འདུག་པ་དེ་རང་བཞིན་གྱིས་གོ་བ་འདི་ཡང་གཏམ་ཙམ་ཡིན་ཏེ། སྔོན་བྱས་པ་ཉིད་ལ་དེ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཚད་མ་ཡང་འདིར་དུ་བ་བཞིན་དུ་མ་རྟོགས་པ་ཡིན་ལ། དེ་བཞིན་དུ་མེའི་སྒྲའི་དོན་འདི་ཉིད་ཁྱེད་ཀྱིས་ཇི་ལྟར་ཤེས་ཞེས་དྲིས་པ་ན།

เล่ม ๑๘๐ · หน้า 47a

དེ་ཤེས་པ་ཡིན་ཞེས་སྐྱེས་བུ་གཞན་ཚད་མར་བྱེད་ལ་དེ་ཡང་གཞན་ལས་ཡིན་པའི་ཕྱིར་ལོང་བ་གཅིག་ལ་གཅིག་ལྟ་བུ་ཡིན་གྱི། དེ་ལྟ་བུ་ནི་དེ་ཁོ་ན་ཉིད་རྣམ་པར་གཞག་པ་མ་ཡིན་ནོ། །དེའི་རྗེས་སུ་འབྲང་བ་ཉིད་ཀྱིས་རིག་བྱེད་ཀྱི་དོན་རྟོགས་པ་ནི་འདོད་པས་བསླད་

པ་བཞིན་དུ་ཇི་ལྟར་རྣམ་པར་བསླད་པ་མ་ཡིན་ཞེས་བསྟན་པ་ནི། འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པའོ། །ཚིག་རྣམས་ནི་ཚིག་གཞན་གྱི་དོན་དང་འབྲེལ་པའི་དོན་རྟོགས་པར་བྱེད་པའི་ངག་མ་ཡིན་ནམ། དེ་རྣམས་ཀྱང་དེ་ལྟར་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡིན་པ་ལ་ཡང་སྐྱེས་བུ་

རྣམས་རང་གི་སྐྱོན་གྱིས་ཉེ་བར་བསླད་པར་བྱེད་པ་ཡིན་ནོ། །རིག་བྱེད་ལ་ནི་སྐྱེས་བུས་བྱས་པ་མ་ཡིན་པས་གཞན་དུ་བྱེད་པ་མ་ཡིན་པའི་ཕྱིར་དང་། འཇིག་རྟེན་པ་ཉིད་ཀྱིས་ནི་བརྗོད་བྱར་བསྟན་པ་ཙམ་འཇིག་རྟེན་གྱི་རྗེས་སུ་འབྲང་བ་ཡིན་པས་ཇི་ལྟར་ཉེ་བར་བསླད་པ་ཡིན་སྙམ་དུ་

སེམས་པས་དེ་ལ་རྨོངས་པ་ཞེས་བྱ་བ་ལ་ལན་དུ་དེར་ཡང་ཞེས་བྱ་བ་སྟེ། རིག་བྱེད་ཀྱང་གལ་ཏེ་འབྲེལ་པ་ཅན་གྱི་དོན་ཡིན་ཞེས་ཟེར་ན། གང་ཞིག་གང་དང་ཞེས་མ་རྟོགས་པ་སྟེ་རང་གི་དོན་གྱི་བྱེ་བྲག་མི་ཤེས་པའོ། །འཇིག་རྟེན་ལ་གྲུབ་པའི་རྗེས་སུ་འབྲང་བ་ཡིན་ན་སྒྲ་ནི་འཇིག་རྟེན་པའི་

དོན་དང་འབྲེལ་པ་རྗེས་སུ་འབྲང་བས་འཇིག་རྟེན་བཞིན་དུ་རིག་བྱེད་ཀྱང་རྣམ་པར་བསླད་པར་འགྱུར་བར་འཇིག་རྟེན་ན་ཞེས་བྱ་བས་བསྟན་པ་ཡིན་ནོ། །དེ་ལ་འབྲེལ་པ་དང་སྒྲ་ཡང་འཇིག་རྟེན་པའི་རྗེས་སུ་འབྲངས་པ་ལས་ཡིན་ན། ཆེས་ཤིན་ཏུ་བསླད་པར་དོགས་པར་འགྱུར་རོ་ཞེས་བསྟན་

པ་ནི་འཇིག་རྟེན་ཞེས་བྱ་བ་སྟེ། འཇིག་རྟེན་དག་ལ་གང་དག་ཁོ་ན་འཇིག་རྟེན་པ་ཡིན་པ་དེ་དག་ཁོ་ན་རིག་བྱེད་པའི་སྒྲའི་དོན་ཡིན་ནོ། །འཇིག་རྟེན་པའི་རང་གི་དོན་ལ་གོམས་པ་སྔ་མ་སྔ་མའི་རྗེས་སུ་འབྲངས་པས་རིག་བྱེད་ལས་དོན་རྟོགས་པ་ཡིན་ན་ནི་འགའ་ཡང་དོན་ལ་སོ་སོར་ངེས་

པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྱེས་བུས་མ་བྱས་པ་ཉིད་ནི་དོན་སོ་སོར་ངེས་པའི་ཡན་ལག་མ་ཡིན་ནོ་ཞེས་བསྟན་པ་ལ་མཆོད་སྦྱིན་ལ་སོགས་པའི་དངོས་པོ་རྟོགས་པའི་དོན་དུ་སྐྱེས་བུས་རང་ཉིད་ཀྱིས་མི་ནུས་པས་མ་གཏོགས་པའི་དོན་གསལ་བར་བྱེད་པ་ཉིད་ལ་རིག་བྱེད་ཚད་མ་

เล่ม ๑๘๐ · หน้า 47b

ཉིད་མ་ཡིན་ནོ་སྙམ་པའི་བསམ་པས་གལ་ཏེ་རིག་བྱེད་ཅེས་ཟེར་བ་ལ། ལན་དུ་འདི་ནི་ལུང་ཐམས་ཅད་ལ་ཞེས་བྱ་བ་སྟེ། ཚིག་གི་དོན་ཙམ་དུ་སྦྱར་བ་ནི་ལུང་གཞན་བཞིན་དུ་སྐྱེས་བུས་ནུས་པའི་ཕྱིར། སྐྱེས་བུའི་དོན་གྱི་རྗེས་སུ་འཇུག་པ་མ་ཡིན་པ་འགའ་ཡང་གཞན་ན་མེད་དོ་ཞེས་

བྱ་བའི་དོན་ཏོ། །རིག་བྱེད་ཀྱི་དོན་ནི་ཁྱད་པར་ཅན་དུ་མ་ཡིན་པ་མ་ཡིན་ནམ། དེ་རྣམས་ནི་སྐྱེས་བུ་མེད་པས་བཏང་ནས་སྐྱེས་བུས་བྱས་པ་ལ་གུས་ཤིང་ནན་ཏན་དུ་བྱེད་པས་ངག་གཅིག་པ་ཉིད་ཀྱང་མ་ཡིན་ནོ། །དེ་ཉིད་ཀྱིས་ན་འཁྲུལ་པ་མེད་དོ། །དེ་ཡང་། ཆོས་ཀྱི་རྩ་བ་རིག་བྱེད་

དོ། །ཞེས་སྨོས་པས། དམ་པས་བརྩི་བ་མིན་ཞེས་ཟེར་བ་ལ། ལན་དུ་ཕན་ཚུན་བརྟེན་པ་ཞེས་བྱ་བ་སྨོས་ཏེ། དེ་རྣམས་ལ་ནི་རིག་བྱེད་ཀྱི་དོན་སྐྱེས་བུའི་དོན་དང་འབྲེལ་པར་རྟོགས་པར་ནུས་པ་མེད་དེ། རིགས་པ་སྟོང་རིག་པས་ཇི་ལྟར་མ་མཐོང་ཞེས་བྱ་བ་ཡང་ལུང་ཐམས་ཅད་ཀྱི་

རིགས་པ་རྟོགས་པར་མཚུངས་པ་ཡིན་ཏེ། རིག་བྱེད་ཉིད་ལས་རྟོགས་པའི་ངེས་པ་མེད་པའི་ཕྱིར་བསལ་བ་ཡིན་པས་ཕན་ཚུན་བརྟེན་པ་ཡིན་ནོ། །དེས་ན་བྲམ་ཟེ་རྣམས་ཀྱང་རིག་བྱེད་ལས་དོན་བྱེད་པའི་རིམ་པའི་བྱེད་པ་པོ་མ་ཡིན་ནོ། །བསྟན་བཅོས་གཞན་ལ་སྨོད་པར་བྱེད་པའི་

གཞི་མེད་དོ། །རིགས་ལས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་ཉིད་ནི་སྐྱེས་བུའི་དོན་ཉིད་རིག་པ་ལ་དགོངས་པ་མ་ཡིན་ཞིང་། ཚད་མ་ཅན་ཉིད་ཀྱང་མ་ཡིན་པར་བསྟན་པ་ནི། བྲམ་ཟེ་སྐྱེ་གཉིས་པ་དག་ཀྱང་ཞེས་བྱ་བའོ། །རིགས་གསུམ་པོ་རྣམས་ཀྱི་འཁྲུལ་པ་སྲིད་པ་མ་

ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་མི་རིགས་ཏེ། འགལ་བ་མ་གྲུབ་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཤེས་པ་ནི་འཁྲུལ་པར་འགལ་བ་ཡིན་ནོ། །རིགས་ཏེ་རིགས་གསུམ་པོ་ཉིད་ནི་རུས་ཏེ། ཚངས་པའི་བུ་རྣམས་ནི་བྲམ་ཟེ་རྣམས་སོ། །དེ་བཞིན་དུ་ཐོས་པ་ལ་ཚངས་པའི་ཁ་ལས་ནི་

མེ་དང་། མི་རྣམས་ལས་བྲམ་ཟེ་རྣམས་སྤྲུལ་པ་ཡིན་ནོ། །ཁྱད་པར་ཅན་དང་རིག་བྱེད་དག་ནི་དོན་མངོན་དུ་བྱེད་པ་དང་། ཉམས་སུ་མྱོང་བ་དག་ཏུ་གྲུབ་པ་མ་ཡིན་ཏེ། ཕན་ཚུན་བརྟེན་པ་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བའི་སྒྲས་བསྟན་ཏོ། །རིག་བྱེད་ཀྱི་མངོན་དུ་བྱེད་

เล่ม ๑๘๐ · หน้า 48a

པ་ལས་ཁྱད་པར་ཅན་ཉིད་མ་ཡིན་ཏེ། འོ་ན་ནི་ཅི་ཞེ་ན། དེ་སྤྱོད་པ་ལས་སོ། །དེ་ལྟ་ན་མི་ཤེས་པ་རྣམས་ལ་དད་པ་མེད་པའི་ཕྱིར་ཇི་ལྟར་འདི་དེའི་དོན་ཉིད་ཤེས་པ་ཡིན་ཞེས་བསྟན་པ་ནི། དམ་པ་རིག་བྱེད་དོན་སྤྱོད་ལས། །ཞེས་བྱ་བའོ། །དོན་དང་འབྲེལ་པ་

ཅན་ནི་ཚད་མ་ཡིན་ལ། ཁྱད་པར་ཅན་གྱི་རིགས་གསུམ་པོ་ཉིད་དོན་དང་འབྲེལ་པ་ལ་སྦྱོར་བར་བྱེད་པ་མ་ཡིན་ཏེ། མ་ངེས་པ་ཡང་ཡིན་པར་བསྟན་པ་ནི། སྐྱེ་གཉིས་པ་དག་ཀྱང་ཞེས་བྱ་བའོ། །དེ་རྣམས་ནི་འཁྲུལ་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། སྡིག་པ་ལ་ཞེས་བྱ་བ་སྨོས་ཏེ།

དེ་ཁོ་ན་ཉིད་ཤེས་པ་དང་། འཁྲུལ་པ་ནི་འགལ་བ་ཡིན་གྱི་རིགས་གསུམ་པོ་ཉིད་ཀྱི་འཁྲུལ་པ་ནི་བཀག་པ་མ་ཡིན་ནོ། །ལུང་གཞན་འཁྲུལ་པ་ཉིད་ཡིན་པས་ཚད་མ་ཉིད་མ་ཡིན་ལ། འཇུག་པ་རྣམས་ནི་སྐྱེ་གཉིས་པ་ཉིད་མ་ཡིན་ནོ་ཞེ་ན། ཕན་ཚུན་བརྟེན་པ་ཡིན་ནོ་ཞེ་ན། བསྟན་པ་ནི་སྡིག་

ལས་ཞེས་བྱ་བའོ། །འཁྲུལ་པ་ཉིད་དང་ཁྱད་པར་ཅན་གྱི་རིགས་གསུམ་པོ་ཉིད་དུ་མི་འགྲུབ་སྟེ། ཚད་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རིགས་དང་རུས་དང་ཞེས་བྱ་བ་སྟེ། རྣམ་པ་འཆོལ་པ་ཞེས་བྱ་བ་ནི་རལ་པ་ཅན་དང་། འདམ་འབྱིན་ལ་སོགས་པའོ། །རུས་ཀྱི་མཚན་

ཉིད་སྐྱེ་བ་གཉིས་པ་ཉིད་ཡིན་པ་ཉིད་གསལ་བ་ཡིན་ནོ། །ཐུ་ཡུ་ཞེས་བྱ་བ་ལ་སོགས་པ་ལ་གདམས་ངག་ལ་ལྟོས་པས་མངོན་སུམ་དུ་ངེས་པ་མ་ཡིན་པར་བསྟན་པ་ནི། མངོན་སུམ་དོན་ལ་གཞན་གྱི་ནི། །ཞེས་བྱ་བ་སྟེ། ས་འོག་དང་འདྲ་བར་ནམ་མཁའ་མཐོང་ངོ་ཞེས་བྱ་བའི་

རིགས་པ་ལས་སོ། །མངོན་སུམ་ནི་ངེས་པར་བྱེད་པ་མ་ཡིན་ལ། གདམས་ངག་ནི་གདམས་ངག་ཏུ་བྱ་བ་ལ་ངེས་པ་ཡིན་གྱི། དེ་བཞིན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གདམས་ངག་ཡོད་པའི་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ཙམ་བཞིན་དུ་གདམས་ངག་ཡོད་པ་ཙམ་ཡང་

ཐེ་ཚོམ་ཅན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གདམས་ངག་གི་བྱེ་བྲག་ངེས་པ་ཅན་ཡིན་ན། མངོན་སུམ་གྱི་བྱེ་བྲག་ཀྱང་ཡིན་པར་བསྟན་པ་ནི། གལ་ཏེ་བྲམ་ཟེ་ཞེས་བྱ་བའོ། །མངོན་སུམ་ཙམ་དུ་སེམས་ན་གདམས་ངག་ཙམ་ཡང་མཚུངས་པ་ཡིན་ནོ་ཞེས་བྱ་བ་བསྟན་པ་ནི། དེ་ལྟ་ཡིན་

เล่ม ๑๘๐ · หน้า 48b

ནོ་ཞེ་ན་ནི་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཨུཏྤལ་སྔོན་པོ་བཞིན་དུ་གཉི་ག་ཡིན་ན་མ་འཁྲུལ་པ་ཅན་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་སོ། །ཨུཏྤལ་དང་སྔོན་པོ་དག་ནི་ཕན་ཚུན་ལྟོས་པ་མ་ཡིན་ཏེ། རང་གི་ཡུལ་ལ་རྣམ་པར་འཇོག་པ་ཡིན་ཡང་མངོན་སུམ་དང་

གདམས་ངག་དག་ནི་དེ་ལྟ་མ་ཡིན་ཏེ། ཡུལ་ངེས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། གདམས་ངག་མེད་པར་ཞེས་བྱ་བ་སྨོས་སོ། །མངོན་སུམ་ལ་ངེས་པ་མ་ཡིན་པའི་སྐད་ཅིག་མ་ཡང་སྔོན་པོས་ངེས་པ་ལ་རྗེས་སུ་དཔོག་པར་བྱེད་དོ། །དེ་བཞིན་དུ་རིགས་ཀྱང་སྐྱེས་བུ་མངོན་སུམ་

དུ་གྱུར་པ་ལས་དེར་མ་ངེས་པ་གདམས་ངག་ལས་དཔོག་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་དོན་གྲུབ་ཅེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་སྔོན་པོ་ཙམ་དུ་ངེས་པ་ལ། དེ་སྐད་ཅིག་མ་ཉིད་དུ་མ་ངེས་པ་ལ་རྗེས་སུ་དཔག་པས་སྐད་ཅིག་མ་ཉིད་དུ་དཔོག་པར་བྱེད་པ་མ་ཡིན་

ཏེ། སྐད་ཅིག་མ་ཉིད་མ་ཡིན་པ་བཞིན་དུ་དེ་དང་འགལ་བས་གཞི་མ་གྲུབ་པ་བཞིན་དུ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིགས་པ་དང་བྲལ་བའི་དངོས་པོ་མངོན་སུམ་པ་དང་དེ་སྒྲུབ་པར་བྱེད་པའི་གདམས་ངག་འགལ་བ་ཅན་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱི་

དངོས་པོ་ཙམ་དུ་རྟོགས་པ་ལ་རྗེས་སུ་དཔག་པ་དང་གདམས་ངག་གིས་སྐད་ཅིག་མ་ཉིད་དང་། སྐྱེ་བ་གཉིས་པ་ཉིད་དུ་ཡང་རྟོག་པར་བྱེད་དོ་ཞེས་བྱ་བ་མ་ཉམས་པར་ཅིས་མི་འགྱུར་སྙམ་དུ་སེམས་པ་ལ། རེ་ཞིག་དང་པོར་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་ཉིད་དང་རིགས་དང་

བྲལ་བར་ཡང་རྟོགས་པ་ཡིན་ན་མངོན་སུམ་གྱིས་སམ་གཞན་གྱིས་ཀྱང་རུང་སེར་པོ་ལས་སྔོན་པོ་བཞིན་དུ་དེ་དང་ལྡན་པར་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེས་ན་གཞན་གྱིས་ཞེས་བྱ་བ་དེ་དང་འགལ་བས་ཚད་མ་གཞན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་

ཕྱིར་རྗེས་སུ་དཔག་པའམ་གདམས་ངག་ཀྱང་རུང་མངོན་སུམ་གྱིས་བཅད་པ་ཉིད་ལ་ངེས་པར་བྱེད་པ་ཡིན་གྱི་དེ་དང་འགལ་བ་ཅན་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་མངོན་སུམ་གྱིས་མ་རྟོགས་ན་ཞེས་བྱ་བའོ། །འོན་ཏེ་གདམས་ངག་ལས་དབང་པོ་

เล่ม ๑๘๐ · หน้า 49a

ལས་འདས་པའི་རིགས་ཁོ་ན་ཅན་རྟོགས་པ་ཡིན་ནོ་ཞེ་ན། མ་ཤེས་པར་ཞུགས་པ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུས་བྱས་པ་མ་ཡིན་པ་ལས་དོན་རྟོགས་པ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །སྐྱེས་བུས་བྱས་པ་ནི་མངོན་སུམ་ལ་སོགས་པ་ལ་མ་ལྟོས་

པར་དོན་རྣམས་ལ་ཚད་མ་མ་ཡིན་ཏེ། ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རིགས་རྒྱུན་མ་ཆད་པར་ནི་དྲན་པ་རྣམ་པར་མ་ཆད་པ་ལས་ཤེས་པ་མ་ཡིན་ནམ། བུ་ནི་ཕ་ལས་པ་ཡང་རང་གི་ཕ་ལས་དེ་ཡང་རང་གི་ཕ་ལས་ཡིན་ནོ་སྙམ་དུ་སེམས་ན། རུས་ནི་རྣམ་པར་མ་

འཆད་པའང་། །ཞེས་བྱ་བ་སྨོས་ཏེ། དེས་མ་ཡིན་ནི་ངེས་པར་མ་གྱུར་པའོ། །རང་ཉིད་ཀྱི་ཕ་ཉིད་ཀྱང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་སུ་ཡིན་པའི་ངེས་པ་མེད་ན་དེའི་རུས་ཇི་ལྟར་ངེས་པ་ཡིན། དྲན་པ་ནི་སྒྲོ་བཏགས་པ་ལ་སོགས་པ་འགའ་ལས་ཀྱང་འཁྲུལ་པ་ཡིན་པའི་

ཕྱིར་སྒྲུབ་པར་བྱེད་པ་མེད་པ་ཡིན་ནོ། །རིགས་འཆོལ་བར་གསལ་བ་ཉིད་ནི་རྣམ་པ་ཆད་པ་ཡིན་པར་བསྟན་པ་ནི། སུ་ཏཱ་ཞེས་བྱ་བ་སྟེ་དེ་མཐོང་བ་ལས་མ་འོངས་པའི་ཕྱིར་མ་མཐོང་བ་ལ་ཡང་ཐེ་ཚོམ་ཟ་བ་ཁོ་ན་ཡིན་པར་བསྟན་པ་ནི་ཞེས་བྱ་བའོ། །འདི་ལས་འདི་སྐྱེས་པར་དེའི་མས་

ཤེས་སོ་ཞེ་ན། དེ་ཇི་ལྟར་རང་གི་སྐྱོན་བསལ་བར་སྟོན་པར་བྱེད། དེའི་ཕྱིར་དེའི་ཚིག་ནི་ཡིད་ཆེས་པར་བྱ་བ་མ་ཡིན་པར་བསྟན་པ་ནི། འདི་ནི་ཐོགས་མེད་ཅེས་བྱ་བའོ། །རིག་བྱེད་ཀྱི་དོན་དང་འབྲེལ་པ་མ་ཡིན་པ་ཕྱིས་འབྲེལ་པ་ཡིན་ན། སྒྲ་དང་དོན་རྟག་པ་ཡིན་ལ།

དེ་ཇི་སྲིད་གནས་པར་འབྲེལ་པ་ཡང་རྟག་པར་འགྱུར་བའི་ཕྱིར་འགལ་བ་ཉིད་ཡིན་པར་བསྟན་པ་ནི། དོན་མེད་པའི་རིག་བྱེད་ཅེས་བྱ་བ་སྟེ། བརྡར་བྱས་པ་ཅན་ཡང་ཕྱིས་ཇི་ལྟར་འགྱུར། འབྲེལ་པ་ཅན་མ་ཡིན་པ་ཡང་བརྡ་འམ་གཞན་ལས་ཀྱང་རུང་། འབྲེལ་པ་ཅན་དུ་

མི་འགྱུར་རོ་སྙམ་དུ་སེམས་པ་ལ། བྱ་བ་མེད་པའི་རང་བཞིན་ནི་ཞེས་སྨོས་སོ། །བརྡ་ལས་འབྲེལ་པ་ཅན་དུ་འགྱུར་རོ་ཞེས་སྨྲ་བ་མ་ཡིན་ནམ། འོ་ན་ཇི་ལྟ་ཞེ་ན། བརྡ་ཡོད་པ་ཡིན་ན་དེའི་བག་ཆགས་སད་པས་བརྡར་བྱས་པའི་ཡུལ་དྲན་པར་འགྱུར་བ་ཡིན་ནོ། །སད་

เล่ม ๑๘๐ · หน้า 49b

པ་ཡང་སྒྲ་ཁོ་ན་ལས་ནི་མ་ཡིན་ཏེ་གཞན་འགའ་ལས་འབད་པ་ལ་སོགས་པ་ལས་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡང་ཚད་མ་རྣམ་པར་ངེས་པ་ལས། དེ་ལས་འདི་རྣམས་ལ་ལར་ཅུང་ཟད་ཀྱང་མ་གྲུབ་པ་ཉེ་བར་བླངས་པ་མེད་དོ་ཞེས་སྨོས་པའོ། །མི་རྟག་པ་ནི་རེས་འགའ་བར་རང་བཞིན་

གྱིས་འགྱུར་བ་ཡིན་པར་བསྟན་པ་ནི། དོན་ཡོད་པ་དང་མེད་པ་ན་ཞེས་བྱ་བ་སྟེ། རིག་བྱེད་ལས་དོན་བྱེད་པ་ལ་དོན་ནི་དོན་དམ་པའོ། །ཚུལ་ནི་ལམ་མོ། །བྱེད་པ་ནི་བྱེད་བཞིན་པ་ཞེས་བྱ་བ་ཇི་ལྟར་ཐ་སྙད་མི་བསླུ་བ་ཡིན། མ་རྟོགས་པའི་དོན་གསལ་བར་བྱེད་པ་ཉིད་དོ། །འགའ་

ཞིག་ནི་ཞེས་བྱ་བ་ནི་རིགས་གསུམ་པོ་ལས་གཞན་པ་ནི་དེ་ཁོ་ན་ཉིད་དུ་དོན་དང་འབྲེལ་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མངོན་དུ་བྱེད་པ་དང་འབྲེལ་པ་རྟོགས་པ་མེད་ན་རྟོགས་པ་ཙམ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བསྟན་པ་ནི། ཡོངས་སུ་མ་

བརྟགས་པའི་ཕྱིར་ཞེས་བྱ་བའོ། །སྤྱི་ལས་རྟོགས་པ་ཡིན་ན་བྱེ་བྲག་ལས་རྗེས་སུ་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གསལ་བ་ཡིན་ཞེས་བསྟན་པ་ནི། གྲུབ་པ་ནི་གཞན་ལ་ཞེས་བྱ་བ་སྟེ། གཞན་དུ་རྟོགས་པ་ལ་གཞན་ལ་རྗེས་སུ་བསྒྲུབ་པ་མ་ཡིན་ལ། རྟོགས་པ་

ཉིད་རང་གི་ངོ་བོས་རྗེས་སུ་བསྒྲུབ་པ་ཡང་མ་ཡིན་ཏེ། གྲུབ་པའི་ཕྱིར་རོ་ཞེས་འཆད་པར་གྱུར་པ་ལ་ཡང་བལྟ་བར་བྱ་བའོ། །མཐར་ཐུག་པ་མེད་ན་འཇུག་པའི་མཚམས་མེད་པའི་ཕྱོགས་དོན་མེད་པ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསླུ་བར་བྱ་བ་

ཉིད་ག་ལས་ཤེ་ན། ངེས་པར་སྦྱར་བ་དང་བྲལ་བ་ཞེས་བྱ་བ་སྟེ། རྟོགས་པའི་དུས་སུ་ཡང་ཡུལ་ངེས་པར་སྦྱར་བྱ་ཉིད་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡུལ་ངེས་པར་སྦྱར་བྱ་མ་གཏོགས་པར་ངེས་པར་སྦྱོར་བར་མི་འགྱུར་བར་ཅི་ལས་ཤེས་ཤེ་ན། སྨྲས་པ། གང་ཕྱིར་ངེས་

སྦྱོར་འཛུད་བྱེད་ཀྱི། །ཞེས་བྱ་བ་སྟེ། ཡུལ་ལ་འཛུད་པར་བྱེད་པར་འགྱུར་པ་ནི་འབྲས་བུ་ཉིད་དོ། །རྟོགས་བཞིན་པ་ནི་འཛུད་པར་བྱེད་པས་བྱས་པ་ཡིན་པ་དེས་ན། དེ་ནི་གཟུད་པར་བྱ་བ་ལ་ལྟོས་པ་ཡིན་ཏེ། འབྲས་བུ་མཐོང་བ་ལས་ཞེས་ཟེར་བ་ནི། ངེས་པར་སྦྱར་བྱའང་ཞེས་བྱ་བ་

เล่ม ๑๘๐ · หน้า 50a

སྟེ། དེ་ལྟ་བུའི་ངེས་པར་སྦྱོར་བ་དེ་ཡང་ཞེས་བྱ་བ་ནས་མི་འགྱུར་རོ་ཞེས་བྱ་བའི་བར་ནི་རྒོལ་བ་སྟེ། རང་གི་བྱ་བ་སྒྲུབ་པར་བྱེད་པར་བསྒྲུབ་པ་ཡིན་ནོ། །ཕན་ཚུན་འབྲེལ་པ་ཡང་འཇུག་པ་འཕེན་པར་བྱེད་པ་ཉིད་ཀྱིས་ངེས་པར་སྦྱོར་བ་ལ་ངེས་པར་སྦྱོར་བ་གཞན་གྱི་

དོན་རྟོགས་པར་འགྱུར་རོ་ཞེས་བསྟན་པ་ནི། ཁམས་ཀྱི་དོན་ལ་སོགས་པ་ཞེས་བྱ་བའོ། །གཞན་གྱི་ངོ་བོས་ནི་ཐུན་མོང་བས་སམ་སྒྲོ་བཏགས་པས་ཀྱང་རུང་རྟོགས་པ་ཡིན་ནོ་ཞེ་ན། གཞན་གྱི་ངོ་བོར་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ངོ་བོ་ཞེས་བྱ་བ་ནི་སྤྱི་རྟོགས་པ་ནི་མ་ཡིན་ཞེས་སྤྱི་ནི་

དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བ་དེར་བསྟན་ཟིན་ཏོ། །སྒྲོ་བཏགས་པ་ནི་དངོས་པོ་ཡོད་པ་མ་ཡིན་པ་ལ་རྣམ་པར་རྟོག་པས་བྱས་པའི་ཞེས་པས་ཕྱི་རོལ་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་སྤྱི་བཞིན་དུ་ཐལ་བར་འགྱུར་རོ། །གཟུང་བྱའི་རྣམ་པའི་རང་རིག་པས་རྟོགས་པ་ཡིན་ཡང་

དེའི་རྟོགས་པ་མ་ཡིན་པར་བསྟན་པ་ནི། གཞན་ནི་གཞན་ངོ་བོར་ཞེས་བྱ་བའོ། །འདི་ནི་ཆུ་ཡོད་ཅེས་བྱ་བའི་གཟུང་བའི་རྣམ་པའི་དེ་ཁོ་ན་ཉིད་དུ་མངོན་པར་སེམས་པར་བྱེད་པ་ནི་རྟོགས་པས་ཡིན་པར་སྨྲ་བ་ནི་དེ་ལྟ་ཡིན་དང་ཞེས་བྱ་བའོ། །དེ་རྣམས་རྟོགས་པས་བསྲེས་པ་ཡིན་

ཞེས་པའི་རིགས་པས་རྟོགས་པ་ཉིད་དེ་ལྟ་བུའི་བྱ་བ་རྣམས་གཟུང་བའི་རྣམ་པ་ལས་ཤེས་པར་བྱ་བའི་ཁོངས་སུ་གཏོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བྱ་བ་རྟོགས་པ་ཡིན་ན་ཕྱི་རོལ་དུ་སྣང་བ་མ་ཡིན་ཡང་དེ་ལས་གཞན་པར་མངོན་པར་ང་རྒྱལ་བ་མེད་པའི་ཕྱིར་གཞན་སེལ་

བ་རྟོགས་པ་ཡིན་པར་བསྟན་ཏོ། །དེས་ན་ཡང་ཕྱི་རོལ་ལ་འཇུག་པར་བསྟན་པ་ནི་གཞན་སེལ་བའི་ཞེས་བྱ་བའོ། །གཟུང་བའི་རྣམ་པ་ཡང་རང་རིག་པ་མ་ཡིན་ནམ། ཕྱི་རོལ་བཞིན་དུ་མངོན་པར་བརྗོད་པ་ལས་བྱུང་བའི་ཤེས་པའི་ཡུལ་ནི་མ་ཡིན་ནོ། །ཕྱི་རོལ་ཉིད་དུ་ཞེན་

པའི་ཡུལ་ཉིད་དུ་ཞེན་པས་སྒྲོ་བཏགས་པའི་བརྗོད་བྱ་ཡིན་ཏེ། ཚད་མ་རྣམ་པར་ངེས་པ་ལས། རང་གི་སོ་སོར་སྣང་བ་ནི་དོན་མ་ཡིན་པ་ལ་དོན་དུ་ཞེན་པ་ཞེས་སྨོས་ཏེ། དོན་མ་ཡིན་པ་ཉིད་ནི་སྒྲོ་བཏགས་པ་ཉིད་ནི་གཟུང་བའི་རྣམ་པ་ལས་གཞན་མ་ཡིན་ནོ་ཞེས་བསྟན་པ་ནི།

เล่ม ๑๘๐ · หน้า 50b

མཆོད་སྦྱིན་ལ་སོགས་པ་གྱིས་ཤིག་ཅེས་བྱ་བའོ། །ཕྱི་རོལ་གྱི་དོན་བྱེད་པ་ནི་སྒྲ་ལས་ངེས་པར་བྱེད་པ་ཡིན་གྱི་སྒྲོ་བཏགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ནི་འཇུག་པ་ཡིན་གྱི་སྒྲོ་བཏགས་པས་རང་དབང་དུ་གཏོགས་པ་ཡིན་ན་ནི་ཕྱི་རོལ་ལ་འཇུག་པ་མ་ཡིན་ནོ། །ཚད་མ་རྣམ་པར་ངེས་པ་ལས།

འདི་ནི་བུམ་པ་ཞེས་ཤེས་ལ་ཁ་དོག་སྣང་ཕྱིར་རོ་ཞེས་སྨོས་པའོ། །སྣ་ཚོགས་པ་ཉིད་མ་རྟོགས་པ་ནི་སྒྲོ་བཏགས་པའི་ཕྱི་རོལ་ཉིད་དོ་ཞེས་པའི་མངོན་པར་ཞེན་པས་འཇུག་པ་ཡིན་ན། གཟུང་བའི་རྣམ་པ་ཉིད་ཀྱི་ཕྱི་རོལ་དུ་ཞེན་པ་ནི་བཏགས་པ་པ་ཡིན་ལ། གཞན་གྱི་ནི་ཕྱི་རོལ་ཉིད་དུ་སྒྲོ་

བཏགས་པ་ཉིད་ཡིན་ཡང་དེ་ལ་ཡང་གཞན་ཉིད་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ལ། སླར་ཡང་བཏགས་པ་ཡང་གཞན་ཉིད་ཡིན་ན་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་པས་ཕྱི་རོལ་ལ་འཇུག་པ་མེད་དོ། །རྟོགས་པ་ཡིན་ན་ཡུལ་ནི་དེའི་བདག་ཉིད་ཀྱིས་ཕྲད་པ་ཡིན་ཞེས་བྱ་བའི་དོན་ཏོ། །

ཕྱི་རོལ་གྱི་ཤེས་པ་ཡིན་ན་དེ་ཉིད་རྟོགས་པ་དང་འཇུག་པའི་ཡུལ་ཡིན་དུ་ཟད་མོད། གཟུང་བའི་རྣམ་པ་འཛིན་པས་ཅི་ཞིག་བྱ་བ་བསྟན་པ་ནི་བྱེད་པ་པོ་ཉིད་ཀྱང་ཞེས་བྱ་བ་སྟེ། རྟོགས་པ་པོ་ཙམ་ཡིན་གྱི་ཉེ་བ་ན་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་དག་བྱུང་གྱུར་དེ་ཉིད་ལས་

ཞེས་བྱ་བའི་རིགས་པས་དེ་ཉིད་ཇི་ལྟར་མ་ཡིན་ཞེ་ན། རྟོགས་པའི་དུས་ན་ཞེས་བྱ་བ་སྨོས་ཏེ། བྱེད་པ་པོ་མ་ཡིན་པ་ལས་ཅིག་ཤོས་ནི་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མིན་ན་བྱ་བའི་དངོས་པོ་ཉེ་བ་མ་ཡིན་པ་ཉིད་རྟོགས་པར་བྱེད་པ་ནི་སྒྲ་ཡིན་ཏེ། དེ་ཡང་། ཡང་ན་གང་

ཞིག་སྨྲ་བ་པོ། །ཞེས་རང་དབང་དུ་བརྗོད་པ་སྟེ་སྙམ་དུ་སེམས་པ་ལ། སྒྲས་སྔར་མ་རྟོགས་པ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་མ་བཟུང་བར་ནི་སུས་ཀྱང་སྒྲ་ལས་དོན་རྟོགས་པ་མ་ཡིན་ནོ། །འོན་ཏེ་ཚིག་ཉིད་ནི་ངག་མ་ཡིན་ཏེ། ཚིག་གི་དོན་ལས་འབྲེལ་པ་མི་ཤེས་པ་རྣམས་ཐེ་ཚོམ་

དང་ལྡན་པ་རྣམས་ལས་ངག་གི་དོན་ཤེས་པ་ཡིན་གྱི། དེའི་འབྲེལ་པ་འཛིན་པ་ལ་ལྟོས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ན། གང་གིས་སྔར་ཞེས་བྱ་བ་སྨོས་སོ། །བྱེད་པ་པོའི་ཚིག་ལས་བྱ་བ་དང་བཅས་པའི་ཚིག་གི་དོན་སྔར་རྟོགས་པ་ཁོ་ན་རྟོགས་བྱ་ཡིན་གྱི་གཞན་དུ་ནི་མ་

เล่ม ๑๘๐ · หน้า 51a

ཡིན་ཏེ། བྱེད་པ་པོ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བྱེད་པ་པོ་ཡང་འཕངས་པ་ཡིན་ནོ། །དེ་ལྟར་སྔར་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་འཕངས་པའི་བྱེ་བྲག་ཅན་ནི་ཉེ་བ་ན་གནས་པའི་བྱ་བ་འཕེན་པ་ཡིན་པར་ཅི་ལས་ཤེས་ཤེ་ན། དེ་བཞིན་

དུ་སྔར་དམིགས་པའི་ཕྱིར་ཏེ། དེ་ལྟ་ན་ཉེ་བ་ནི་གནས་པ་དང་རུང་བ་ལ་ལྟོས་པ་ཉིད་ནི་ཚོགས་པ་སྟེ། དེ་ཉིད་ནི་དེ་ལས་གཞན་པ་ལས་ཐ་དད་པ་ཡིན་ཞེས་བྱ་བ་ནི་སྔོན་དང་ཕྱི་མ་ཉིད་དོ། །དེས་ན་ངག་གི་དོན་ཡང་སྔར་མཐོང་བ་ལ་བརྟེན་པ་ཉིད་དུ་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔར་

མཐོང་བའི་རྗེས་སུ་འབྲང་བ་མེད་ན་སྒྲ་ལས་རྟོགས་པ་ཡང་མེད་པ་ཁོ་ན་ཡིན་པའི་ཕྱིར་སྒྲོ་བཏགས་པའམ། ཕྱི་རོལ་ཡང་རུང་རང་དབང་དུ་འཛིན་པ་མ་ཡིན་པར་བསྟན་པ་ནི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྔ་མའི་རྗེས་སུ་འབྲངས་ནས་མཐོང་བ་དང་སྣང་བཞིན་པ་ཐུན་མོང་པ་ཉིད་

ཀྱིས་རྟོགས་པ་ཡིན་གྱི། ཐུན་མོང་མ་ཡིན་པའི་ཡུལ་ཅན་ནི་མ་ཡིན་ཏེ། ཐུན་མོང་མ་ཡིན་པ་ནི་དངོས་པོ་ཡིན་ཏེ། དེ་མ་ཐག་ཏུ་དམིགས་པ་དང་གཞན་པའི་དངོས་པོའི་དོན་བྱེད་པར་མཐོང་བའི་ཕྱིར་རོ། །དེ་ཡང་དེ་མ་ཡིན་པ་ལས་ལོག་པའི་ངོ་བོའི་རྗེས་སུ་འབྲང་བ་ཅན་ནི་ཐུན་

མོང་བའི་ཤེས་པ་ཡིན་ཏེ། རང་གི་སྣང་བའི་རྣམ་པ་དོན་མེད་པ་དོན་ལས་གཞན་པ་ལ་གཅིག་ནས་གཅིག་ཏུ་བརྒྱུད་པ་དོན་མཐོང་བ་ལས་འོངས་པ་ལ་དོན་ཉིད་དུ་མངོན་པར་ཞེན་པས་སྐྱེས་བུ་འཇུག་པར་བྱེད་པའི་ཕྱིར་ཆ་གང་གིས་དངོས་པོར་འགྱུར་བ་མ་ཡིན་པ་དེས་དེར་མངོན་

པར་ཞེན་པས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་གཞན་སེལ་བའི་ཡུལ་ཅན་དུ་བསྟན་པ་ཡིན་ནོ་ཞེས་བསྟན་པ་ནི། སྔ་མའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་སྨོས་སོ། །ངེས་པ་ཅན་ལས་སྐྱེས་པའམ། ངེས་པ་ཅན་གྱི་སྒྲ་ལས་སྐྱེས་པ་ཡང་རུང་བའི་རྣམ་པར་ཤེས་པ་ཡང་གཞན་

ལས་ལོག་པའི་ངོ་བོས་འཇུག་པའི་ཡུལ་ནི་དངོས་པོ་ཡིན་པར་རྣམ་པར་གཞག་པ་ཡིན་ན་གཞན་སེལ་བའི་ཡུལ་ཅན་དུ་འགྱུར་རོ། །འདི་ནི་ཚིག་ཙམ་ལས་བྱུང་བ་དངོས་པོ་ལ་རེག་པ་མ་ཡིན་པའི་སྣང་བ་ནི་འཇུག་པའི་ཡུལ་ལ་དེ་ལྟར་རྗོད་པར་བྱེད་པའི་ཕྱིར་ཇི་ལྟར་གཞན་སེལ་བའི་

เล่ม ๑๘๐ · หน้า 51b

ཡུལ་ཅན་ཡིན་སྙམ་དུ་སེམས་པ་ལ་མི་འདའོ་ཞེས་བྱ་བ་སྨོས་ཏེ། ངེས་པ་ཅན་ལས་བྱུང་བ་ལ་སོགས་པ་ཉིད་གཞན་སེལ་བའི་ཡུལ་ཅན་ཡིན་པར་ནི་བདེན་མོད་ཀྱི། འདི་ནི་དེ་ལྟ་བུ་མ་ཡིན་ཡང་བརྒྱུད་པས་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་ལྟར་བསྟན་པར་ནུས་པ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་མཐོང་བའི་དངོས་པོ་རྣམས་བསྒྲུབ་བྱ་ཉིད་དམ། སྒྲུབ་བྱེད་ཉིད་ཀྱིས་རྗེས་སུ་འབྲངས་ནས་ཚིག་གི་དངོས་པོ་ལ་རེག་པས་དངོས་སུ་བྱ་བའི་བསྒྲུབ་བྱ་དང་། སྒྲུབ་བྱེད་ཉིད་ཀྱིས་ངོ་བོས་རྟོགས་པར་བྱེད་པ་མ་ཡིན་ནམ། དེ་དག་ཙམ་གྱིས་ལྟོས་པ་དང་

བཅས་པ་འཇུག་པ་ཡིན་གྱི་འཇུག་པའི་ཡུལ་མཐོ་རིས་སྒྲུབ་པར་བྱེད་པ་ལ། དེའི་བྱེད་པ་པོ་ཉིད་དམ་ཚད་མར་བསྟན་པ་ལ་མི་འཇུག་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཐམས་ཅད་དུ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་འདོད་པར་བྱ་བ་ཡིན་པའི་ཕྱིར་མཐོ་རིས་ནི་བསྒྲུབ་བྱ་ཉིད་ཡིན་ལ་སྐྱེས་བུའི་

བྱ་བའི་བྱེ་བྲག་ཡིན་པའི་ཕྱིར་མཆོད་སྦྱིན་ནི་སྒྲུབ་བྱེད་ཉིད་ཡིན་པར་སྔར་རྟོགས་པ་ཡིན་ཡང་། འདི་དག་ཕན་ཚུན་འབྲེལ་པའམ། རང་བཞིན་གཅིག་པའི་འབྲེལ་པ་ཡང་རུང་བ་སྔོན་དུ་མངོན་སུམ་ལས་སམ། གཞན་ལས་ཀྱང་རྟོགས་པ་མ་ཡིན་ཏེ། དེ་ཉིད་ཀྱིས་ན་འདོད་པ་ཙམ་

གྱིས་བསྡུས་པའི་ཚིག་གི་དོན་རྣམས་ཀྱི་ཚོགས་པ་འདི་ནི་འཁྲུལ་པ་ཡིན་ཏེ། མོ་གཤམ་གྱི་བུ་འགྲོ་བ་བཞིན་དུ་སྣང་བ་ཙམ་ཡིན་ནོ། །སྐྱེས་བུས་བྱས་པ་མ་ཡིན་པ་ལ་བསྡུས་པ་མ་ཡིན་པར་ཇི་ལྟར་ཤེས་པ་ཡིན་ཞེ་ན། ཚིག་གི་དོན་རྣམས་ནི་འཇིག་རྟེན་གྱི་རྗེས་སུ་འབྲངས་ནས་

རྟོགས་པ་ཉིད་ནི་བསྡུས་པ་རྟོགས་པའི་རྒྱུ་མཚན་ཉིད་ཡིན་གྱི། རིག་བྱེད་སྐྱེས་བུས་བྱས་པ་མ་ཡིན་པ་ནི་མ་ཡིན་ཏེ། དོན་གྱི་བྱེ་བྲག་ལ་རྗེས་སུ་སྦྱོར་བ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་སྐྱེས་བུས་བྱས་པའམ་སྐྱེས་བུ་བྱས་པ་མིན་པ་ཡང་ཞེས་བྱ་བའི་

དོན་ཏོ། །བྱེད་པ་པོར་རྟོགས་པ་ཞེས་བྱ་བ་ནི་མཐོང་བའི་རྗེས་སུ་འཇུག་པའི་ཚིག་གི་དོན་རྟོགས་པ་ཡིན་གྱི། འདུས་པའི་བྱེ་བྲག་ནི་མ་ཡིན་ཏེ། དེ་ལ་མངོན་སུམ་ལ་སོགས་པའི་ཚད་མ་མི་འཇུག་པས་སོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་ཉིད་ལ་སོགས་པ་རྣམས་ཀྱི་ཡང་ཚིག་དོན་

เล่ม ๑๘๐ · หน้า 52a

དུ་བསྟན་པ་ནི་མངོན་སུམ་ལ་སོགས་པའི་ཡུལ་ཉིད་ཡིན་པའི་ཕྱིར་སྔར་མཐོང་བའི་རྗེས་སུ་འཇུག་པ་ཅན་མ་ཡིན་པར་བསྟན་པ་ནི་མངོན་སུམ་ལས་ནི་སྔར་བྱེད་པ་པོ་ཉིད་དུ་རྟོགས་པ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཉེ་བ་ན་གནས་པའི་དངོས་པོའི་རང་བཞིན་ཙམ་

འཛིན་པའི་མངོན་སུམ་ཡིན་པའི་ཕྱིར་ཡུལ་དང་དུས་གཞན་དུ་འབྱུང་བར་འགྱུར་བ་ནི་གཞན་བྱེ་བྲག་ཅན་གྱི་ངོ་བོའི་བསྒྲུབ་བྱ་ཉིད་དམ། སྒྲུབ་བྱེད་ཉིད་དུ་མི་རུང་བས་དེའི་བྱེ་བྲག་གི་ངོ་བོ་ཡང་མི་རུང་བའི་ཕྱིར་འཛིན་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་མངོན་སུམ་གྱི་

བྱ་བ་ནི་དོན་མཐོང་བར་བྱེད་པ་ལ་གནས་པ་ཡིན་པའི་ཕྱིར། དོན་བྱེད་ནུས་པའམ་གཞན་དེ་མེད་པ་ཡང་མཐོང་བར་བྱེད་པ་མ་ཡིན་ཏེ། དོན་མཐོང་བ་ཡིན་ཡང་གཞན་ལས་མི་སྲིད་པ་ཐུན་མོང་མ་ཡིན་པའི་དོན་བྱེད་པ་དམིགས་པ་གཉིས་པོ་དེ་དག་གིས་བྱ་བའི་རྗེས་སུ་འབྲང་བའི་

ངེས་པས་དམིགས་པའི་དོན་ནི་ནུས་པ་ཅན་ཉིད་ཡིན་པར་རྣམ་པར་འཇོག་པར་བྱེད་ལ། དུས་གཞན་དུ་དོན་བྱེད་པར་མི་དམིགས་པ་ཡང་དེ་ཉིད་ཀྱི་ངོ་བོའི་རྗེས་སུ་འབྲང་བ་རྣམས་ནུས་པ་ཅན་ཡིན་པར་ངེས་པར་བྱེད་པ་ནི་གནོད་པ་ཅན་མེད་ནའོ། །ཡོད་ན་ནི་ནུས་པ་ཅན་མ་ཡིན་ཏེ། རྨི་ལམ་

ལྟ་བུ་ཡིན་ནོ་སྙམ་དུ་སེམས་པ་ལ། ཐ་སྙད་པའི་མངོན་སུམ་ཞེས་བྱ་བ་སྨོས་ཏེ། ཉམས་སུ་མྱོང་བའི་དོན་ཙམ་ནི་བྱ་བའི་མཐར་ཐུག་པ་ཡིན་ཏེ། ཡོད་པའམ་མེད་པའི་རྣམ་པར་དབྱེ་བ་བྱེད་པ་ནི་མ་ཡིན་གྱི། དབྱེ་བ་བྱེད་པ་ནི་དེའི་རྗེས་སུ་འབྲང་བའི་ངེས་པ་པ་ཡིན་ལ་དེ་ཉིད་དབྱེ་བ་བྱེད་

པ་ཡིན་ཞེས་སྨྲ་བ་ནི། བཏགས་པ་པའི་ཉམས་སུ་མྱོང་བས་གྲུབ་པ་ཉིད་དུ་སྨྲས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངེས་པར་སྦྱོར་བ་ནི་རང་དབང་དང་ཅིག་ཤོས་ཉིད་ཀྱིས་རྣམ་པར་དཔྱོད་ནས་རང་གི་ངོ་བོས་དཔྱོད་པ་ནི་རུང་བ་ཉིད་ནི་དབང་བྱེད་པ་ཅན་ཉིད་མ་ཡིན་ཏེ། འོན་ཀྱང་ངེས་པར་

སྦྱར་བ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། དཔྱོད་པའི་ཡུལ་ལས་ཞེས་བྱ་བ་སྨོས་ཏེ། རྣམ་དཔྱོད་ལ་ནི་དཔྱོད་རྣམས་ཀྱི། །ཞེས་བྱ་བ་ནི། ལུང་ཕོག་པའི་སྒྲུབ་པས་འཕངས་པའི་རྣམ་པར་དཔྱོད་པ་ལ་འཇུག་པ་ལ་ཡང་སློབ་དཔོན་གྱི་མན་ངག་ལ་སོགས་པ་ཐབས་མ་ཡིན་པ་ཉིད་

เล่ม ๑๘๐ · หน้า 52b

ཀྱིས་གུས་པར་བྱ་བ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དག་པའི་ཞེས་བྱ་བ་ལ་སོགས་པས་ནི་ངེས་པར་སྦྱོར་བའི་རྣམ་པར་རྟོག་པ་རྣམ་པ་བཅུ་གཉིས་ཏེ། སྐྱེས་བུའི་འཇུག་པ་འཕེན་པར་བྱེད་པ་ཉིད་དུ་ངེས་པར་སྦྱོར་བའི་མཚན་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཡང་སྐུལ་བྱེད་

ཅེས་བྱ་བ་ལ་འཇུག་པར་བྱེད་པ་ཚིག་ཡིན་ཏེ་ཞེས་བྱ་བ་ནི་འདིའི་དོན་ཏོ། །དེས་ན་ཡང་འབྲས་བུ་མངོན་པར་བརྗོད་པ་ཉིད་ངེས་སྦྱོར་ཡིན་པར་འཇིག་རྟེན་དུ་རྟོགས་པ་ཞེས་བྱ་བ་ནི་དེ་ལས་དེ་ཐ་སྙད་ལས་སོ། །ད་ལྟར་བའི་འབྲས་བུའི་ཡུལ་ལ་ངེས་པར་སྦྱར་བ་དང་འབྲེལ་པ་སྒྲུབ་ཅེས་བྱ་བའི་དོན་

ཡིན་ལ། དེ་ལ་མངོན་པར་རྗོད་པར་བྱེད་པ་འདིས་ངེས་པར་སྦྱོར་བར་བྱེད་པ་ནི། ངེས་སྦྱོར་ཏེ་ལིང་ང་ལ་སོགས་པའོ། །དེས་ན་ཡང་ཞེས་པའི་ཡང་ནི་གོ་རིམས་བཟློག་པས་འཇིག་རྟེན་དུ་ཡང་ཞེས་བྱ་བར་སྦྱར་རོ། །དེས་ན་འཇིག་རྟེན་དུ་རིག་བྱེད་ལ་ཡང་ཞེས་གསལ་བར་བྱེད་པ་ཡིན་

ནོ། །དེ་ཉིད་བསྟན་པ་ནི། གང་ཕྱིར་ངེས་སྦྱོར་རྐྱེན་དོན་དང་། །ཞེས་བྱ་བའོ། །འཇུག་པའི་ཡུལ་ཡིན་པའི་ཕྱིར་འབྲས་བུའི་སྒྲས་བརྗོད་པ་ཡིན་པར་སྨྲས་པ་ནི་འབྲས་བུའི་རང་བཞིན་ཞེས་བྱ་བའོ། །ལིང་ང་ལ་སོགས་པའི་དོན་ནི་འཛུད་པར་བྱེད་པ་ལ་སོགས་པའི་ངོ་བོ་མ་ཡིན་

ནམ། གཞན་ནི་མ་ཡིན་ནོ་ཞེ་ན། དེ་ཡི་ཁྱད་པར་གཞན་དག་ནི། །ཞེས་བྱ་བ་སྨོས་ཏེ། དེའི་བྱ་བའི་ངོ་བོ་འཛུད་བྱེད་ནི་དེ་ལས་ཐ་མི་དད་པ་ཡིན་ཏེ། ཤིང་གི་འབར་བ་ལྟ་བུའོ། །དེ་ནི་འཛུད་པར་བྱེད་པ་ལ་སོགས་པ་བཞིན་དུ་བྱེ་བྲག་ཉིད་ནི་འབྲས་བུའི་ཁོངས་སུ་གཏོགས་པ་

མ་ཡིན་ནོ་ཞེས་ཟེར་བ་ནི། འདིར་ནི་དེའི་ཁྱད་པར་དུ། །འདོད་པའི་འཛུད་བྱེད་ཅེས་བྱ་བ་སྨོས་ཏེ། འཛུད་པར་བྱེད་པའི་དངོས་པོའི་བྱ་བ་ནི་འཛུད་བྱེད་ཡིན་ཞེས་བྱ་བའི་དོན་ཏོ། །འཛུད་བྱེད་ཉིད་ནི་སྐྱེས་བུའི་བྱ་བ་སྟེ། བྱ་བར་འོས་པ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ།

འབྲས་བུ་ནི་ངེས་སྦྱོར་མ་ཡིན་ཏེ། དེའི་རང་བཞིན་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི། འཛུད་བྱེད་དག་པ་ངེས་སྦྱོར་དུ། །ཞེས་བྱ་བ་སྟེ། ཐམས་ཅད་དུ་གཏོང་བ་དང་། མཆོད་སྦྱིན་གྱི་ཞེས་བྱ་བ་ལ་སོགས་པ་ལིང་ང་དང་ལ་སོགས་པ་ཡང་ངོ་། །འཛུད་བྱེད་དང་དེའི་བདག་ཉིད་

เล่ม ๑๘๐ · หน้า 53a

ཀྱིས་འབྲེལ་པ་ཉིད་འབྲས་བུའི་གཙོ་བོ་ཡིན་པའི་ཕྱིར་ངེས་སྦྱོར་དུ་བརྗོད་དོ་ཞེས་ཟེར་བ་ནི། འདི་ནི་ངའི་འབྲས་བུ་ཞེས་བྱ་བའོ། །འབྲས་བུ་དང་དེའི་བདག་ཉིད་ཀྱིས་འབྲེལ་པས་གཙོ་བོ་ཡིན་པ་ནི་ངེས་སྦྱོར་ཡིན་ནོ་ཞེས་ཟེར་བ་ནི། འདིར་ནི་འགར་ཡང་འབྲས་མེད་པར། །

སྐྱེས་བུས་བསྐུལ་བར་བྱ་བ་མིན། །ཞེས་བྱ་བའོ། །ད་ནི་སྒྲུབ་པའི་དོན་ལས་གཞན་པའི་བསྒྲུབ་བྱ་དེ་ཉིད་ཀྱིས་འབྲས་བུའི་སྒྲའི་བརྗོད་བྱ་བཟུང་བ་ཉིད་ཡིན་ཞེས་ཟེར་བ་ནི། འབྲས་བུ་འཛུད་བྱེད་ཡུལ་ཡིན་གྱི། །ཞེས་བྱ་བ་སྟེ། བསྒྲུབ་པའི་དོན་གྱི་བྱ་བའི་ཡུལ་ནི་ལས་ཡིན་པའི་ཕྱིར་འབྲས་བུ་

ཡིན་ཏེ། ཡུལ་གྱི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་ཡུལ་ལ་ཡུལ་ཅན་དུ་ཉེ་བར་བཏགས་ནས་ཡིན་པར་བལྟ་བར་བྱའོ། །སྒྲུབ་པའི་དོན་ནི་རང་གི་བྱ་བ་ནི་བྱ་བ་དང་དེ་དང་ལྡན་པ་དག་ཐ་དད་པ་ལས་ཐ་དད་པའི་རང་གི་བྱ་བའི་ཡུལ་ལམ། གཞན་ཡང་རུང་བ་ལ་ལྟོས་ནས་

འཇུག་པའི་ཡུལ་ཉིད་ཀྱང་དེ་ལྟ་དེ་ལྟར་བསྟན་པ་ཡིན་གྱི། དེ་བཞིན་ལིང་ལ་སོགས་པ་རྣམས་ཀྱིས་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་གཅིག་པོ་དེ་ངེས་སྦྱོར་ཐ་མ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཡིན་ཏེ། ལིང་ལ་སོགས་པའི་བརྗོད་བྱ་མ་ཡིན་ཞེས་ཟེར་བ་ནི། གང་ཕྱིར་གྲུབ་

ཅིག་ཚངས་པ་ནི། །ཞེས་བྱ་བའོ། །ཡུལ་ལ་བརྟེན་པའི་སྐྱེས་བུ་ནི་འཁྲུལ་འཁོར་ལ་གནས་པར་བསྟན་པ་ཡིན་ནམ་དེ་ཉིད་ཀྱང་། འདི་ནི་ང་ཡི་སྤྱད་བྱ་ཞེས། །ཞེས་བྱ་བར་ཡང་རྟོགས་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པས། ལོངས་སྤྱད་བྱ་བ་སྐྱེས་བུ་ལ། །ལྟོས་ནས་

བསྒྲུབ་བྱ་ཉིད་དུ་གནས། །དེ་ཉིད་ཀྱིས་ནི་གཉིས་ལས་གཅིག །འཇུག་བྱེད་ཡིན་པ་ནི་གཞན་ལས་མ་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ་ཞེས་ཟེར་བ་ནི། འདི་ནི་ང་ཡི་སྤྱད་བྱ་ཞེས། །ཞེས་བྱ་བའོ། །དེ་བཞིན་དུ་ལོངས་སྤྱད་པར་བྱ་བ་ལ་ལྟོས་ནས་ལོངས་སྤྱོད་པར་བྱེད་པའི་སྐྱེས་

བུ་བསྟན་པ་ཡིན་ཞེས་ཟེར་བ་ནི་འདི་ངའི་འབྲས་བུ་ཞེས་བྱ་བའོ། །གཟུད་པར་བྱ་བ་ལ་སོགས་པ་ལ་གཅིག་གི་ངོ་བོ་ཡང་ངེས་པ་ཅན་དུ་གོ་བར་བྱ་བ་མ་ཡིན་ནོ། །དེས་ན་རྣམ་པ་བརྒྱད་དུ་འགྱུར་བའི་ཕྱིར་རྣམ་རྟོག་གིས་བྱས་པ་ཡིན་ནོ་ཞེས་བསྟན་པ་ནི། ངེས་པར་སྦྱོར་བ་ཚད་མའམ་ཅི་

เล่ม ๑๘๐ · หน้า 53b

ཞེས་བྱ་བ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ལས་གཅིག་གི་ངོ་བོ་ཡང་འགལ་བ་ཅན་དུ་མ་མཐོང་བ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་དག་པ་ལ་སོགས་པའི་ཕྱོགས་བསལ་ནས་བསྡུས་པའི་ངེས་སྦྱོར་གྱི་ཕྱོགས་སུན་དབྱུང་བའི་དོན་དུ། འབྲས་བུ་འཛུད་བྱེད་དང་བྲལ་བ་

ཞེས་བྱ་བ་སྨོས་ཏེ། འཛུད་པར་བྱེད་པ་ནི་སྐད་ཀྱི་དབྱིངས་ཀྱི་ཡུལ་ཉིད་ཀྱིས་འཛུད་པར་བྱ་བ་ཚོགས་པར་བྱེད་པ་ཉིད་ཀྱི་འཇུག་པ་ལ་ལྟོས་པར་བྱེད་པ་ཉིད་ཡིན་ནོ། །ཡན་འགར་བ་ནི་འཇུག་པར་བྱེད་པ་ཡང་ཡིན་པའི་ཕྱིར་འབྲས་བུ་དག་པ་ནི་འཛུད་བྱེད་དང་བྲལ་བ་ཉིད་ཀྱིས་འཇུག་

པར་བྱེད་པར་བརྗོད་པའི་ངེས་པར་སྦྱོར་བའི་སྒྲས་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི། གང་ཚེ་འབྲས་བུ་དག་པ་ལ། །ཞེས་བྱ་བའོ། །དེ་བཞིན་དུ་གཟུད་བྱ་དང་བྲལ་བའི་འབྲས་བུ་ནི་གང་ལ་ལྟོས་ནས་འཇུག་པའི་འཇུག་པར་བྱེད་པ་ཡིན་ཞེས་ཟེར་བ་ནི། གང་དུ་སྐྱེས་བུ་འབྲས་བུ་ལ། །

ཞེས་བྱ་བའོ། །འབྲས་བུ་ཉིད་ལ་འཛུད་པར་བྱེད་པ་ནི་སྐྱེས་བུའི་ཆོས་ཡིན་ལ། འབྲས་བུ་རྟོགས་པ་དག་ནི་རྟོགས་པ་ལས་སོ་ཞེས་ཟེར་ན། འཇིག་རྟེན་རྟོག་པའི་ངེས་སྦྱོར་འདི། །ཞེས་བྱ་བ་སྨོས་སོ། །འཛུད་པ་པོ་ནི་འཛུད་པར་བྱེད་པར་བྱ་བའི་ངོ་བོ་ཡིན་པའི་ཕྱིར་ཆོས་ཡིན་ལ།

དེ་ལྟ་ན་ཡང་དེ་ནི་འཕེན་བྱེད་མ་ཡིན་ཏེ། དག་པ་ཉིད་ཉམས་པར་ཐར་བར་འགྱུར་བའི་ཕྱིར་རོ། །འབྲས་བུའི་མིང་མིང་ཅན་ལ་འཛུད་པ་པོའི་ཆོས་ནི་འཛུད་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཛུད་པ་པོའི་བྱ་བ་ངེས་སྦྱོར་རྫོགས་པར་བྱ་བ་ཉིད་ནི་འབྲས་བུར་བརྗོད་པ་ཡིན་ནོ་ཞེས་ཟེར་བ་ནི།

དེ་ཉིད་འབྲས་བུ་ཉིད་ཡིན་ཞེ་ན་ཞེས་བྱ་བའོ། །གྲུབ་པ་ཡིན་ཡང་ཡུལ་མཐར་ཐུག་པ་ཉིད་ཀྱིས་ངེས་སྦྱོར་བསྒྲུབ་བྱ་ཡིན་གྱི། རང་ཉིད་འགྲུབ་པ་ལ་སྐྱེས་བུ་འཇུག་པ་ལ་ལྟོས་པར་བྱེད་པ་ཉིད་ནི་ངེས་སྦྱོར་དུ་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི། བསྒྲུབ་བྱ་ཉིད་དུ་ཉེར་བརྗོད་ཅེས་བྱ་བའོ། །

འབྲས་བུ་ངེས་སྦྱོར་གྱི་ཡུལ་ལ་ཉེ་བར་བཏགས་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ནི། དེ་ཡི་ཡུལ་ལ་ཉེར་བཏགས་པས། །ཞེས་བྱ་བ་སྟེ། བཏགས་པའི་ངེས་སྦྱོར་ཉིད་ཀྱང་འབྲས་བུ་ཡིན་པ་ཁོ་ནས་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་གྲུབ་པ་ཡིན་པས་འཛུད་པ་པོ་འགའ་ཡང་མེད་པར་

เล่ม ๑๘๐ · หน้า 54a

བསྟན་པ་ནི། དེ་ནི་མ་གྲུབ་པ་ཡིན་ན་ཞེས་བྱ་བའོ། །རྟོགས་པ་ནི་མངོན་དུ་བྱེད་པ་ཡིན་ལ་རང་གི་ངོ་བོ་མ་གྲུབ་པ་ལ་ནི་མི་སྲིད་པ་ཡིན་པར་བསྟན་པ་ནི། བསྒྲུབ་བྱ་རབ་ཏུ་མ་གྲུབ་དང་། །ཞེས་བྱ་བའོ། །ཤེས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །བསྒྲུབ་པའི་

དོན་དང་དེའི་བྱ་བ་དག་གི་ངོ་བོ་འཛུད་པ་པོ་དང་འཛུད་པ་དག་གིས་རེ་རེས་བསྡུས་པའི་ཕྱོགས་བསལ་ནས་ད་ནི་ངེས་སྦྱོར་དེ་གལ་ཏེ་ཚད་མ་ཡིན་ན་གཞལ་བྱ་ཡིན་པར་མི་རིགས་ལ། འོན་ཏེ་གཞལ་བྱ་ཡིན་ན་ཚད་མ་མ་ཡིན་ཏེ། འགལ་བའི་ངོ་བོ་གཉིས་སུ་དུས་གཅིག་པར་མི་རིགས་པའི་

ཕྱིར་རོ་ཞེ་ན་བསྟན་པ་ནི། གལ་ཏེ་ངེས་སྦྱོར་དག་དོན་ན། །ཞེས་བྱ་བའོ། །ཇི་སྟེ་ངག་གི་དོན་ཡིན་པ་དེས་གཞལ་བྱ་ཡིན་ན་སྐྱེས་བུ་ནི་རྫོགས་པར་བྱེད་པ་ཉིད་ཡིན་པས་དེའི་བྱ་བ་སྐད་ཀྱི་དབྱིངས་ཀྱི་དོན་གྱི་ཡུལ་རྟོགས་པར་བྱེད་པ་ཉིད་ཀྱིས་མཆོད་སྦྱིན་ལ་སོགས་ནི་དེའི་ཐབས་ཡིན་པ་

ཉིད་ཀྱིས་འཛིན་པ་ཡིན་ལ། ངེས་སྦྱོར་ནི་འཛིན་པར་བྱེད་པ་ཉིད་ཡིན་པས་ཚད་མར་ཡང་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་ངེས་སྦྱོར་དེ་ཉིད་དུ། །སྐྱེས་བུའི་ཞེས་བྱ་བ་སྨོས་ཏེ། ལིང་ང་ལ་སོགས་པའི་སྒྲ་དང་། འཛུད་བྱེད་དང་སྐྱེས་བུའི་བྱ་བ་མ་གཏོགས་པ་དེ་

རྣམས་ཀྱིས་བསྒྲུབ་པའི་དོན་འཛིན་པ་པོ་ནི་རང་དབང་ངམ་གཞན་དབང་ཡང་རུང་རྟོགས་པར་བྱེད་པ་གཞན་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུའི་བྱ་བ་ངེས་སྦྱོར་ནི་བསྒྲུབ་བྱ་ཡིན་པའི་ཕྱིར་སྒྲའི་བྱ་བ་ནི་འཇུག་པའི་ཡུལ་གྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་ལ། སྒྲའི་བྱ་བ་ནི་དེ་ཉིད་ཀྱི་

ཚེ་སྒྲ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་དེའི་སྒྲུབ་བྱེད་དུ་ཡང་མི་རིགས་པར་བསྟན་པ་ནི། དེ་ནི་སྒྲ་ཉིད་ལས་འགྱུར་བས་ཞེས་བྱ་བའོ། །འོན་ཏེ་འཛུད་པར་བྱེད་པའི་བྱ་བ་ནི་སྒྲའི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྒྲའི་བརྗོད་བྱའི་བསྒྲུབ་པའི་དོན་གྱི་ཡིན་ནོ་སྙམ་དུ་སེམས་པ་ལ།

འདི་ནི་ཇི་ལྟར་སྒྲ་ལས་ནི། །ཞེས་བྱ་བ་སྨོས་ཏེ། སྒྲ་ལས་ནི་དེའི་བརྗོད་བྱ་འཛུད་པར་བྱེད་པའི་བྱ་བ་དང་ལྡན་པ་གཞན་དམིགས་པ་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །འབྲས་བུའི་མཐར་ཐུག་པའི་སྒྲའི་བྱ་བ་ནི་ངེས་སྦྱོར་ཡིན་པའི་ཕྱོགས་ལ་ཡང་དམིགས་བྱ་མེད་པ་ཉིད་ཡིན་པར་བསྟན་

เล่ม ๑๘๐ · หน้า 54b

པ་ནི། སྒྲ་ཡིས་བསྐུལ་ན་དེ་ཡི་བློ། །ཞེས་བྱ་བ་སྟེ། ཤེས་པའི་དུས་སུ་ལོངས་སྤྱད་པར་བྱ་བ་མེད་པའི་ཕྱིར་ལོངས་སྤྱོད་པར་བྱེད་པ་པོ་ཡང་དེའི་མཐར་ཐུག་པའི་ངོ་བོར་མེད་པའི་ཕྱིར་དེའི་རྟོགས་པ་ནི་དམིགས་བྱ་མེད་པ་ཉིད་ཡིན་ནོ། །གཞན་ཡང་དེ་ནི་མ་གྲུབ་པ་ཡིན་ན། ཇི་ལྟར་

སྒྲུབ་བྱེད་རང་བཞིན་ཡིན། །ཞེས་བྱ་བ་ལ་སོགས་པ་སུན་དབྱུང་བ་རྒྱས་པར་བསྟན་པ་ནི། དེ་བཞིན་དུ་འཁྲུལ་འཁོར་དུ་ཞུགས་པ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་འབྱུང་བར་འགྱུར་བའི་རྟོགས་པར་བྱ་བ་ནི་དེའི་ཚེ་མེད་པའི་ཕྱིར་འཇུག་པར་མི་བྱེད་པ་ཡིན་ལ། དེའི་རྟོགས་པ་

ཡང་དམིགས་བྱ་མེད་པ་ཡིན་ན། མངོན་སུམ་དང་རྗེས་སུ་དཔག་པ་ལས་ཀྱང་འབྱུང་བར་འགྱུར་བའི་ཕྲད་བྱ་ལ་སྣང་བཞིན་པར་ཞེན་པ་ནི་སྣང་བ་རྟོགས་པ་ཉིད་ལ་དེ་རྟོགས་པ་ཡིན་པར་ཞེན་པས་འཇུག་པར་མི་འགྱུར་ཏེ། དེ་ནི་མེད་པ་ཉིད་ཀྱིས་དམིགས་པར་བྱ་བ་མེད་དོ་སྙམ་དུ་སེམས་

པས་སྨྲས་པ་ནི། རྟོགས་པའི་དུས་ན་ཐམས་ཅད་ནི། །ཞེས་བྱ་བའོ། །དེར་ཡང་འབྱུང་བར་འགྱུར་བའོ། །ཡོད་པ་མ་ཡིན་པ་ནི་བདེན་མོད་ཀྱི་ངེས་པ་ཉེ་བར་དམིགས་པར་མཐོང་བ་འབའ་ཞིག་གི་རྗེས་སུ་འབྲངས་ནས། ངེས་པའི་ཡུལ་དུ་ངེས་པར་བཟུང་བས་འཇུག་པ་ན་མི་

བསླུ་བ་དང་འབྲེལ་པ་ཅན་ཡིན་ནོ། །དེས་ཐ་སྙད་པའི་ཚད་མ་ཉིད་དུ་འདི་དག་ཏུ་གནས་པ་ཡིན་ནོ། །རིག་བྱེད་ལ་ནི་དེ་ལྟ་བུའི་ངེས་པ་ཅུང་ཟད་ཀྱང་མཐོང་བ་མེད་པས་ཐ་སྙད་པའི་ཚད་མ་ཉིད་དུ་འདོད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་སྦྱོར་སུན་དབྱུང་བ་ནི་བྱ་བ་ལ་ཡང་ཡིན་ཏེ།

ཕྱོགས་སྔ་མར་སྔ་མ་བསྟན་པའི་ཕྱིར་སྦྱར་བའི་ཆེད་དུ། ད་ནི་བྱ་བ་དཔྱད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། སྒྲའི་བདག་ཉིད་ཀྱི་བྱ་བ་ནི། ཀུན་གྱི་སྐྱེས་བུའི་དོན་ཏེ། བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །བསྒྲུབ་པའི་རྫོགས་པའི་ཆ་ཉིད་ཀྱིས་རྗེས་སུ་སྒྲུབ་པར་

འོས་པ་ཡིན་པ་ནི་བྱ་བའི་ངག་གི་དོན་ཡིན་ནོ། །དགག་པ་ཡང་འདོད་ཆགས་ལ་སོགས་པ་ལ་འཇུག་པ་བཀག་པ་ལ་ཡལ་བར་གནས་པར་མི་བྱ་ཞེས་ཟེར་བ་ནི། སྒྲས་ནི་སྐྱེས་བུའི་བྱ་བ་ཞེས་བྱ་བའོ། །སྒྲའི་བྱ་བ་ནི་འབྲས་བུའམ་བརྗོད་བྱ་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་པོ་

เล่ม ๑๘๐ · หน้า 55a

སྒྲའི་བརྗོད་བྱ་ཞེས་བྱ་བ་ལ་སོགས་པ་དང་། ཅི་སྟེ་རྟོགས་པར་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་དུ་བསྟན་པ་ལས་འབྲས་བུའི་ཕྱོགས་སུན་དབྱུང་བ་བསྟན་པ་ནི། གལ་ཏེ་སྒྲའི་བྱ་བ་ཡིན་ན་ཞེས་བྱ་བ་སྟེ། འབྲེལ་པ་འཛིན་པ་ནི་འདི་ལ་དུ་བ་

བཞིན་དུ་ཤེས་པར་བྱེད་པའི་ཡན་ལག་ལ་ལྟོས་པར་བྱེད་པ་ཡིན་ཏེ། སྒྲ་ནི་ཁྱེད་ཅག་གི་འདི་ལ་བྱ་བའི་བྱེད་པ་པོ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་འབྲེལ་པ་འཛིན་པ་ནི་འཛུད་བྱེད་ལ་ལྟོས་པ་ཡིན་ལ། འཛུད་བྱེད་དེ་ཡང་སྒྲ་ཉེ་བ་ཡིན་པར་རྟོགས་པ་ཡིན་གྱི་འདས་པ་མ་ཡིན་ཞིང་

རྟག་པ་མ་ཡིན་ལ་གཞན་ལས་སྐྱེས་པ་ཡང་མ་ཡིན་ཏེ། སྒྲ་ལས་སྐྱེས་པ་ཡིན་ཏེ། དེས་ན་བྱེད་པ་པོ་ཉིད་ཀྱང་ཤེས་པར་བྱེད་པ་ཡིན་པའི་ཕྱིར་འབྲེལ་པ་རྟོགས་པ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བའི་བསམ་པས། འཛུད་པར་བྱེད་པ་དང་གསོལ་བ་འདེབས་པ་དག་ཁོ་ན་ལིང་ལ་སོགས་

པ་ལ་ལྟོས་པ་ཡིན་པའི་ཕྱིར་དེ་དག་ཀྱང་སྐྱེས་བུའི་བསམ་པ་ཡིན་པའི་ཕྱིར་སྒྲ་ལས་སྐྱེས་པ་མ་ཡིན་ཞིང་། བྱེད་པ་པོ་ཉིད་ཀྱི་ཡན་ལག་གི་བརྡ་འཛིན་པ་ཡང་མ་ཡིན་ལ། གང་གི་ཕྱིར་བརྡ་འཛིན་པ་མ་ཡིན་པར་བསྟན་པ་ནི་འཛུད་པར་བྱེད་པ་ནི་སྒྲའི་བྱེད་པ་ཡིན་ལ། བྱ་བའི་སྐྱེས་བུའི་

བྱེད་པ་ལ་འཇུག་པའི་བསམ་པ་ཅན་ནི་བྱེད་པ་པོ་མ་ཡིན་ནོ། །འཛུད་པར་བྱེད་པ་ལས་བཟློག་པ་ནི་གསོལ་བ་འདེབས་པ་ཡིན་ནོ། །འཛུད་བྱེད་ལ་སོགས་པ་ནི་བྱེ་བྲག་ཡིན་ཏེ། ཐུ་ཡུ་ལྟ་བུ་མ་ཡིན་ནམ་ལིང་གི་དོན་ནི་སྤྱི་ཡིན་ཏེ་བ་ལང་ཉིད་ལྟ་བུའོ། །དེ་ཡང་། འཇུག་བྱེད་ཉིད་ནི་

སྒྲ་ཡི་དོན། །ཐམས་ཅད་དུ་ནི་མ་བོར་ཕྱིར། །ཞེས་སྨོས་པའོ། །འདི་ལ། དེ་མ་རྟོགས་ན་ཞེས་བྱ་བ་སྨོས་ཏེ། བ་ལང་ཉིད་ཀྱང་ཐུ་ཡུ་ལ་སོགས་པ་ལས་གཞན་པ་མ་ཡིན་ཏེ། སྒྲ་རྣམས་ཀྱི་ཕྱི་རོལ་གྱི་དོན་ལ་དེ་མ་ཡིན་པ་ལས་ལོག་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པའོ། །གསོལ་

བ་འདེབས་པ་ལ་སོགས་པ་རྣམས་ཀྱིས་གནོད་བཞིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན། དེ་མ་རྟོགས་པ་ཞེས་བྱ་བ་ནི་པགས་པ་ཅན་དུ་ཕྱུགས་ཉིད་ལ་བྱེ་བྲག་མེད་ཀྱང་། བྱེད་པ་པོ་ཉིད་འཇུག་པ་མེད་པའི་ཕྱིར་ལ། རིག་བྱེད་ལ་ནི་སྐྱེས་བུ་མེད་པས་བསམ་པ་མེད་པའི་ཕྱིར་དེའི་

เล่ม ๑๘๐ · หน้า 55b

བྱེ་བྲག་ངེས་པར་སྦྱོར་བ་ཉིད་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་འཇུག་པར་འདོད་པའི་བསམ་པ་ཅན་གྱི་ཡུལ་ཡང་འབྲས་བུའི་བྱ་བ་བྱེད་པའི་གོ་སྐབས་ཀྱི་ངོ་བོ་དེའི་ཚེ་མེད་དེ། འབྱུང་བར་འགྱུར་བ་ཉིད་ཡིན་པར་བསྟན་པ་ནི་ངེས་པར་སྦྱོར་བ་ཉིད་ཅེས་བྱ་བའོ། །ཡུལ་དང་ད་ལྟར་བ་མ་

ཡིན་པའི་ཕྱིར་མངོན་སུམ་ད་ལྟར་བའི་ཡུལ་ཅན་མ་ཡིན་དུ་ཆུག་ཀྱང་དེར་ཡང་ཤེས་པ་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་མེད་པ་ཡིན་སྙམ་དུ་སེམས་ན། ཇི་ལྟར་རབ་ཏུ་སྦྱོར་བྱེད་དེ། །ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ལ་ནི་འབྱུང་བར་འགྱུར་བ་ཡང་མེད་

པ་མི་འབྱུང་བས་འཇུག་པར་བྱེད་པ་ཡིན་ལ། སྒྲ་ལས་བྱུང་བ་ནི་སྐྱེས་བུའི་བྱ་བ་མེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རྟོགས་པར་བྱེད་པ་ཡིན་གྱི་རྟོགས་པའི་དུས་ན་དེ་ཡོད་པ་ནི་མ་ཡིན་ལ། འདིར་མེད་ན་མི་འབྱུང་བ་ཡང་མ་ཡིན་ནོ། །སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་ཡང་མེད་ན་མི་

འབྱུང་བར་མ་ངེས་པ་ཡིན་ཏེ། དེ་ལྟར་ཁས་ལེན་པ་ནི་ལུང་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །སྐྱེས་བུས་བྱས་པ་ཡང་དོན་དང་འབྲེལ་པ་མ་ཡིན་པས། རིག་བྱེད་རྣམས་ནི་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་ལ་གོ་བ་ཡང་སྐྱེས་བུས་བྱས་པ་དང་འབྲེལ་པའི་རྒྱུ་མཚན་ཡིན་པ་ཉིད་ཀྱིས་

དེའི་ཚིག་གི་དོན་རྣམས་དོན་དམ་པ་པ་མ་ཡིན་པའི་ཕྱིར་དང་། དེའི་རྗེས་སུ་འཇུག་པའི་ངོ་བོ་ཡིན་པའི་ཕྱིར་ངག་གི་དོན་ཡིན་ནོ། །དེ་ཡང་ཚིག་གི་དོན་གྱི་སྒོ་ནས་སྐྱེས་བུ་བློ་ཉིད་ཀྱི་བྱ་བ་ཡིན་ནོ། །རིག་བྱེད་ནི་ཚིག་དང་ངག་གི་བདག་ཉིད་ཅན་ཉིད་ཀྱི་ཉེ་བ་ཡིན་ལ། ཚིག་གི་དོན་

རྣམས་ནི་ཉེ་བ་ཅན་དུ་རུང་བ་ཉིད་ཡིན་ཡང་ཕན་ཚུན་མི་ལྟོས་པའི་ཕྱིར་སྒྲ་རྣམས་ནི་ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་ཡིན་ནོ་སྙམ་དུ་དགོངས་པས་སོ། །གནོད་བྱ་རྟོགས་པ་ཅན་ཡིན་ན་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བས་འབྲེལ་པ་མེད་པ་ཡིན་ཏེ། རྟོགས་པར་བྱ་བཞིན་པ་མེད་ཀྱང་

འབྱུང་བས་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ལ་བྱ་བ་མེད་པའི་གནས་སྐབས་དེའི་ཚེ་མེད་པ་ཡིན་ཞིང་། འབྱུང་བར་འགྱུར་བ་ལ་འབྲེལ་པ་འཛིན་པ་ཡང་མེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྟོགས་བཞིན་པ་མེད་ན་ལྷན་ཅིག་བྱེད་པ་མེད་པར་རྟོགས་པའི་ཤེས་པ་ཅུང་ཟད་ཀྱང་ཇི་

เล่ม ๑๘๐ · หน้า 56a

ལྟར་སྐྱེ་ཞེ་ན། སྒྲ་ནི་བློ་དོན་ཞེས་བྱ་བ་སྨོས་ཏེ། དེ་ཉིད་གསལ་བར་བྱེད་པ་ནི། ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་པའི་ཞེས་བྱ་བའོ། །རབ་ཏུ་སྦྱོར་བར་བྱེད་པ་རྟོགས་པ་ནི་ངེས་སྦྱོར་རྟོགས་པ་ཡིན་ནོ། །རབ་ཏུ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་གང་ན་སྨྲ་བ་པོ་ཡོད་པའོ། །

རབ་ཏུ་སྦྱོར་བར་བྱེད་པ་རྟོགས་པ་ཞེས་བྱ་བ་ནི་གང་ན་དེ་མེད་པའོ། །འདི་ལྟར་བདག་གིས་རྟོགས་ཞེས་བྱ་བ་ལ་སོགས་པས་འཆད་པ་པོ་དང་ཉན་པ་པོའི་ཞེན་པའི་དབང་གིས་ཏེ། སྒྲ་ལས་བྱུང་བའི་སྒྲའི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་གྱི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་

མ་ཡིན་ཏེ། ཕྱི་རོལ་མེད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་པ་ནི། བདག་གིས་ནི་རེ་ཞིག་འདི་ལྟར་རྟོགས་སོ་ཞེས་བྱ་བ་ནི། སྐྱེས་བུས་བྱས་པ་མ་ཡིན་པའི་ཡུལ་ལ། སྐྱེས་བུས་བྱས་པའི་བྱེ་བྲག་ནི་རིག་བྱེད་ལ་ཡང་མཐོང་བའི་ཕྱིར་སྐྱེས་བུས་བྱས་པ་ཉིད་ཡིན་ཏེ། རིག་བྱེད་ཀྱི་དོན་ནི་

སྐྱེས་བུའི་བློ་ལས་བྱུང་བ་ཡིན་པར་བསྟན་པ་ནི། ཡང་ན་བརྗོད་པ་དེ་ཉིད་ལས་ཤེས་བྱ་སྟེ། དེ་ཞེས་བྱ་བ་ནི་གང་འཇིག་རྟེན་ལ་འདིའོ། །དེ་བརྗོད་ཅེས་བྱ་བ་ནི་དེ་བསྟན་པ་ལས་ཞེས་བྱ་བ་སྟེ། འཇིག་རྟེན་པའི་ངག་གི་བྱེ་བྲག་འབྲེལ་པ་ཉིད་རིག་བྱེད་དུ་བསྟན་པ་ཡིན་ནོ། །ཡང་

ན་དེ་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་ནི་རྒྱུ་དོན་མེད་པར་ཡང་འབྱུང་བའི་ཕྱིར་མ་ངེས་པ་ཉིད་ཡིན་པར་བསྟན་པ་ནི། སྐྱེས་བུས་བྱས་པ་དབང་པོ་ལས་འདས་པའི་ཕྱིར་ཚིག་དེ་ནི་སྐྱེས་བུས་མ་བྱས་པ་ཞེས་བྱ་བ་ནི་སངས་རྒྱས་པ་ལ་སོགས་

པའོ། །སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་ཐོས་པ་དོན་མེད་པར་འགྱུར་ཏེ། བརྗོད་བྱས་སྟོང་བའི་ཕྱིར་རོ་ཞེ་ན། དོན་མེད་པར་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ནས། དེ་ལ་ཞེས་བྱ་བའི་བར་དུའོ། །ལན་དུ་ཡང་རིག་བྱེད་ལ་ཡང་

འདི་མཚུངས་ཞེས་བྱ་བའོ། །ངེས་བརྗོད་རིག་བྱེད་རི་བོང་བྱས། །སྙན་ཚིག་རིག་བྱེད་མཉམ་རིག་ཅེས། །ཞེས་བྱ་བ་དང་། ངེས་བརྗོད་དང་སྙན་ཚིག་ཤེས་པ་རྣམས་ཀྱི་ཚིག་ཡིན་པར་དྲང་སྲོང་པྲ་བ་ཧ་ནའི་བུ་འདོད་པ་ཡིན་ནོ་ཞེས་བྱ་བ་ཡང་མི་རྟག་པའི་འབྲེལ་པར་ཐོས་པ་ཡོད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด