ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๐ · หน้า 56b
ལ། སྐྱེས་བུས་མ་བྱས་པ་ཡིན་ན། དེ་ལ་དོན་མེད་པ་ཡིན་ནོ། །ཐ་སྙད་པ་རྣམས་ཀྱི་ནན་ཏན་དུ་བྱ་བ་དོན་དུ་གཉེར་བ་ཡིན་པའི་ཕྱིར་ནན་ཏན་དུ་བྱ་བ་བསྟན་པ་ནི་དོན་གཞན་ཡིན་ལ། ནན་ཏན་དུ་བྱ་བ་ལ་གནས་པར་བསྟན་པ་དོན་གཞན་ཡིན་ན་དེ་དང་རྗེས་སུ་མཐུན་པའི་རྟོགས་པར་བྱེད་པ་
ཡིན་ལ། དེས་ན་ཤེས་པ་ཡིན་ཞེས་བྱ་བ་ནི་བསྟོད་པ་ཙམ་ཡིན་གྱི། དྲང་སྲོང་པྲ་བ་ཧ་ནའི་བུ་ཞེས་བྱ་བ་ཡང་པྲ་བ་ཧ་ནའི་བུ་མ་ཡིན་མོད་ཀྱི་རྟག་པ་ཉིད་ཅུང་ཟད་ཡོད་པའི་ཕྱིར་དོན་མེད་པ་མ་ཡིན་ནོ། །འདི་ལ་དོན་གཞན་ཉིད་ལ་རྟོག་ན་ནི་ཞེས་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་
གསུངས་པ་དེ་ལ་ཡང་དྲན་པ་ཡིན་ཞེས་བྱ་བ་འདི་ཡང་། བཅོམ་ལྡན་འདས་དང་འབྲེལ་པ་ཉིད་ཀྱིས་དམ་པའི་ཆོས་ལ་ཡང་བསྟོད་པ་ཁོ་ན་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དོན་མེད་པ་ཉིད་དང་། སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་དང་། རྟོགས་
པ་ཉིད་དང་དོན་གཞན་གྱི་ཡུལ་ལ་ཞེས་བྱ་བ་རེ་རེ་ལ་དང་ཞེས་བྱ་བར་སྦྱར་བར་བྱའོ། །དོན་གཞན་དུ་བརྟག་ན་ཞེས་བྱ་བའི་དྲི་བ་དེ་ཉིད་ལ་ལན་གཞན་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །རིག་བྱེད་ཀྱི་དང་པོའི་དོན་གྱི་བྱ་བ་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་ལ། དེས་ན་དེའི་དོན་ནི་
དང་པོའི་ཤེས་པ་བཞིན་དུ་དབང་པོའི་བྱ་བ་ཡིན་ལ། གཉིས་པ་ནི་རིགས་པ་རྗེས་སུ་དྲན་པའི་ངོ་བོའི་རྣམ་པར་དཔྱོད་པ་ལ་བརྟེན་ནས་རྣམ་པར་རྟོག་པའི་ཤེས་པ་བཞིན་དུ་བརྡ་དྲན་པ་ལས་ཡིན་ལ། དེས་ན་རིག་བྱེད་ཀྱི་དོན་མ་ཡིན་ནོ་ཞེས་ཟེར་བ་ནི་འདི་ལྟར་དང་པོའི་ཞེས་བྱ་བའོ། །ཅི་
སྟེ་ཡང་སྐྱེས་བུས་བྱས་པ་མ་ཡིན་པའི་རིག་བྱེད་ནི་ཐོག་མ་མེད་པ་མ་ཡིན་པའི་ཕྱིར་རྒྱུད་པའི་རྗེས་སུ་འབྲངས་ནས། དང་པོ་དང་བཅས་པའི་དོན་ཉིད་དུ་མི་རིགས་པས་རང་ཉིད་ཀྱི་དོན་གཞན་ཉིད་ཡིན་ནོ། །སྔོན་དང་ཕྱི་མ་དྲན་པ་ནི། །སྒྲ་ཡི་བློ་གཞན་བྱས་པ་ཡིན། །ཞེས་བྱ་བ་
ལ་སོགས་པའི་རིགས་པ་ལས་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ཡང་རིག་བྱེད་དོན་ཡིན་ཞེས། །ཞེས་བྱ་བ་སྨོས་ཏེ། ཐོས་བཞིན་པའི་དོན་གྱི་རྗེས་སུ་འབྲངས་ནས་དང་པོ་དང་ལྡན་པ་ཉིད་དང་སྒྲུབ་པའི་དོན་བརྗོད་པ་དག་ལས་གཅིག་ལ་ཡང་གནོད་པ་མེད་པར་
เล่ม ๑๘๐ · หน้า 57a
བསྟན་པ་ནི། ཁྱེད་ཀྱི་འདི་ལ་ཚད་མ་མེད། །ཅེས་བྱ་བ་སྨོས་སོ། །དང་པོ་མ་ཡིན་པ་ཉིད་དུ་གོ་བ་ཡིན་ན་དོན་འདི་ཡང་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་བསམ་པ་ནི། རིག་བྱེད་དབང་གི་སྐྱེས་པའི་ཕྱིར་ཞེས་བྱ་བའོ། །དེའི་ཚེ་ཡང་རིག་བྱེད་ཀྱི་བྱ་བ་ལས་དང་
པོར་རྟོགས་པར་བྱེད་པ་ཡིན་ལ། དེ་ལ་ལྟོས་པས་དམིགས་བྱ་ཉིད་མེད་པ་ཁོ་ནར་བསྟན་པ་ནི། དང་པོ་ཅི་ཕྱིར་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་གཞན་དུ་རྟོགས་པ་ལ་ནི་བདེན་པ་དང་མི་བདེན་པ་དང་ཕྲད་པར་མཐོང་བ་ལས། མེ་ལ་སྦྱིན་སྲེག་ལ་སོགས་པ་དོན་གཅིག་པའི་
ངག་རྣམས་ལ་ཡང་ཐེ་ཚོམ་ཟ་བས་ཚད་མ་ཉིད་མ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ཡང་ཞེས་བྱ་བའོ། །ཅི་སྟེ་ཐེ་ཚོམ་ཟ་བ་ཡིན་ཞེ་ན། རིག་བྱེད་ཀྱི་དོན་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཉི་མ་གཉའ་ཤིང་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་པའི་དོན་བོར་ནས་དོན་གཞན་
དུ་རྟོགས་པ་ནི། དོན་གཞན་ཉིད་ཀྱིས་སྟོན་པའི་དོན་ཡིན་པའི་ཕྱིར་འགལ་བ་མེད་པ་ཡིན་ལ། བསྒྲུབ་པ་ཉེ་བར་བསྟན་པ་ནི་དོན་གཞན་ཉིད་ཀྱིས་སྟོན་པ་མ་ཡིན་པ་དེས་ན་ཇི་ལྟར་དང་པོ་པའི་དོན་ཡོངས་སུ་འདོར་བ་ཡིན་ངེས་པ་རྟོགས་པ་ཡིན་པ་ནི་དེ་ལྟ་བུའི་མི་བདེན་པའི་དོན་ལ་
དམིགས་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཐེ་ཚོམ་པ་ཡིན་སྙམ་དུ་སེམས་པ་ལ། ད་ལྟར་བའི་བ་ལང་ཁྲ་བོ་ནི་མཆོད་སྦྱིན་གྱིས་ཞེས་བྱ་བའི་སྐུལ་བྱེད་ནི་དོན་མེད་པར་མཐོང་སྟེ། ཆར་དབབ་པར་འདོད་པས་ལག་པས་བཞོས་པའི་འོ་མ་ཕོ་བ་བཞིན་དུ། འདི་ཡང་ད་ལྟར་བའི་ཡིན་གྱི་
འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ནི་མ་ཡིན་ནོ། །ངེས་སྦྱོར་ལས་བྱུང་བའི་འབྲས་བུ་ནི་དེ་མ་ཐག་ཏུ་སྒྲུབ་བྱེད་མེད་པས་མངོན་སུམ་དུ་མ་དམིགས་པའི་ཕྱིར་གནོད་བྱེད་མེད་པ་མ་ཡིན་ཏེ། ལོ་ཐོག་སྐམས་པ་ལྟར་གསོ་བའི་ཕྱིར་ཆར་དབབ་པས་ཡོངས་སུ་འཕེལ་བར་བྱ་བར་འདོད་པའི་
ཆོ་ག་ལ་དུས་མ་ངེས་པ་ཉིད་ནི་མི་རིགས་སོ། །རྒྱལ་པོ་ནི། རྒྱལ་བུ་སྐྱེ་བའི་མཆོད་སྦྱིན་བྱེད། །ཅེས་བྱ་བ་ལ་སོགས་པ་རིགས་ཀྱི་བྱེ་བྲག་དང་རྗེས་སུ་འབྲེལ་པ་ལ་བརྟེན་པ་བཞིན་དུ་དུས་ཀྱི་བྱེ་བྲག་ལ་བརྟེན་ནས་དེ་མ་ཐག་པའི་འབྲས་བུ་ཉིད་ཁོ་ན་ཡིན་ན། འདི་ལ་ནི་དེ་ལྟ་
เล่ม ๑๘๐ · หน้า 57b
བུའི་འབྲས་བུ་འབྱུང་བ་མ་ཡིན་ནོ་ཞེས་བསྟན་པ་ནི། ཕྱུགས་འདོད་པས་བ་ཁྲ་བོའི་མཆོད་སྦྱིན་བྱའོ་ཞེས་བྱ་བའོ། །མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་དོན་ནི་འདི་ཡིན་ཏེ། རྒྱུའི་དངོས་པོ་ནི་ཚད་མ་འགའ་ཞིག་གི་དུ་བའི་མེ་བཞིན་དུ་རྟོགས་ལ། འབྲས་
བུ་མེད་པ་ཡིན་ན་རྗེས་སུ་མཐུན་པ་མ་ཡིན་པར་རྟོགས་པར་བྱེད་པ་ཡིན་ཏེ། ཕྱུགས་ལ་བ་ལང་ཁྲ་བོ་རྒྱུ་ཉིད་ཡིན་པ་ནི་ཚད་མས་གྲུབ་པ་མ་ཡིན་ནོ། །ངག་དེ་ཉིད་དེ་མ་ཐག་པའི་འབྲས་བུ་མེད་པས་ད་དུང་དུ་ཡང་ཚད་མ་ཉིད་མ་ཡིན་པ་དང་ཚད་མ་གཞན་ཡང་མ་དམིགས་པའི་ཕྱིར་
རོ། །བདེན་ཏེ། ད་ལྟར་བ་ཉིད་དེ་མ་ཐག་པར་ཡང་རེས་འགའ་མཐོང་བའི་ཕྱིར་འབྲས་བུ་སྒྲུབ་པར་བྱེད་པ་ནི་མངོན་སུམ་དང་འགལ་བ་མ་ཡིན་ནོ། །རེས་འགའ་དེ་ཡོད་ཀྱང་མི་འབྱུང་བ་ནི་འགའ་ཞིག་གི་ཕྱེད་ཟོས་པ་ན་སྔོན་གྱི་ལས་ཀྱིས་གེགས་བྱས་པའི་ཕྱིར་ཞེས་བྱ་བའི་རིགས་
པས་ལས་གཞན་གྱིས་གེགས་བྱས་པ་ཡིན་པའི་ཕྱིར་དེ་དང་བྲལ་ན་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱིས་ན་མ་བྱས་པའི་ལས་རྣམས་ཀྱི་ཡང་དེའི་འབྲས་བུ་འབྱུང་བ་ཡིན་གྱི། འདི་དག་ཙམ་གྱིས་ད་ལྟར་བ་ཉིད་འཇོམས་པ་ནི་མ་ཡིན་ནོ། །ཡོད་ན་འབྱུང་བ་ཙམ་གྱིས་དེ་སྒྲུབ་པར་བྱེད་
པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་མེད་ན་མི་འབྱུང་བ་ལས་ཡིན་ལ། བ་ལང་ཁྲ་བོ་ལ་སོགས་པ་ལ་ནི་དེ་དག་མེད་པ་ཡིན་ཏེ། ད་ལྟར་བའི་འབྲས་བུ་ལ་ཡང་སྒྲ་ཁོ་ན་སྒྲུབ་བྱེད་ཀྱི་དངོས་པོར་མཐོང་བར་བྱེད་པ་མ་ཡིན་ཏེ། དེ་ལྟ་བུའི་དངོས་པོ་ནི་མངོན་སུམ་གྱི་ཡང་ཡུལ་ཡིན་པའི་
ཕྱིར་རོ། །གཞན་དུ་ན་ད་ལྟར་བ་ཉིད་མེད་པར་ཐར་པར་འགྱུར་བའི་ཕྱིར་རིག་བྱེད་ལ་སླུ་བའི་མངོན་སུམ་གནོད་པ་ཅན་དུ་གྲུབ་པོ། །དེ་ལྟར་གནས་པ་ཡིན་ལ་ངེས་སྦྱོར་ལས་བྱུང་བའི་འབྲས་བུ་དུས་མ་ངེས་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྐྱེས་བུའི་བློ་ལས་བྱུང་
བ་ཁོ་ན་ཡིན་པར་བསྟན་པ་ནི། དོན་གཞན་རྟོགས་པ་ནི་ཞེས་བྱ་བའོ། །རྟགས་དང་སྒྲ་མ་གཏོགས་པར་རྗེས་སུ་དྲན་པ་ཙམ་ལས་ཏེ། སྔ་མ་རྗེས་སུ་དྲན་པའི་ངོ་བོ་ལས་དང་པོའི་དོན་རྟོགས་པ་ཡང་ཡིན་པར་བསྟན་པ་ནི། རིག་བྱེད་ལས་བདག་ཉིད་ཅེས་བྱ་བའོ། །སྒྲ་ནི་དབང་
เล่ม ๑๘๐ · หน้า 58a
པོ་བཞིན་དུ་རང་བཞིན་གྱིས་དོན་གོ་བར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དོན་གྱི་དེ་མ་ཐག་ཉིད་ཀྱིས་འཛིན་པ་ཡིན་ནའོ། །དེ་ལྟར་འཛིན་པ་ཡང་འཕེལ་བ་དང་། ཡོན་ཏན་ལ་སོགས་པ་བཞིན་དུ་སྔར་ཞུགས་པ་ལ་བརྟེན་པ་ཡིན་ཏེ། རིག་བྱེད་རྟོགས་པ་ནི་སྐྱེས་
བུའི་བློའི་ནུས་པ་ལས་ཡིན་ཏེ། སྒྲའི་ནུས་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། །ངེས་པར་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པས་ནི་ངེས་སྦྱོར་དང་བྱ་བ་དག་མཚུངས་པར་སུན་བཏོན་པ་ཡིན་ཡང་ངེས་སྦྱོར་སུན་བཏོན་པའི་དུས་སུ་མ་བསྟན་པ་བརྗོད་པར་བྱ་སྟེ། འདི་ལ་དོན་གྱི་རིགས་
པ་འབའ་ཞིག་འགལ་བ་ཅན་མ་ཡིན་ཏེ། འོན་ཀྱང་སྒྲའི་རིགས་པ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །ཡང་དེ་ཕྱིས་དེ་ལས་ཏེ་བྱ་བ་རྟོགས་པ་ལས་སོ། །གལ་ཏེ་ལྷ་སྦྱིན་དང་མཆོད་སྦྱིན་དག་གིས་རེ་ལྡེ་བྱེད་ཅེས་བྱ་བ་འདི་ལ། ལས་ཏེ་བྱ་བ་གཅིག་པའི་ཕྱིར་བྱ་བ་གཅིག་པ་ཉིད་དེ་ཚིག་གཅིག་
གི་རྒྱུ་མཚན་དུ་ཁས་ལེན་པར་བྱེད་པ་དེ་ལྟ་ན་རེ་ལྡེ་བྱེད་པ་དག་ཅེས་པ་འདི་ལ་ཡང་གཅིག་གི་ཚིག་ཏུ་འགྱུར་བར་བསྟན་པ་ནི། གཅིག་ཕྱིར་ཞེས་བསྟན་པའོ། །འོན་ཏེ་འདི་ལ་བྱེད་པ་པོ་ཐ་དད་པས་བྱ་བ་ཐ་དད་པའི་ཕྱིར་གཉིས་ཀྱི་ཚིག་ཡིན་ན་བྱེད་དོ་ཞེས་བྱ་བ་འདི་ལ་ཡང་ཐ་དད་པས་ཐ་
དད་པའི་ཚིག་ཏུ་འགྱུར་བར་བསྟན་པ་ནི། དེ་འདྲའི་དབྱེ་བས་ཞེས་བྱ་བ་ནི་ཐ་དད་པ་ལས་སོ། །ལྷ་སྦྱིན་དང་མཆོད་སྦྱིན་དག་ཅེས་བྱ་བའི་སྐད་ཀྱི་དབྱིངས་ཀྱི་དོན་ནི་ལས་ཀྱི་བྱ་བ་ཡིན་གྱི། བྱེད་པ་པོའི་བྱ་བ་ནི་མ་ཡིན་ཏེ། དེ་ཡང་བྱེད་པ་པོ་ཐ་དད་པ་ལས་འབྱེད་པ་ནི་མ་ཡིན་ཏེ།
དེའི་བྱ་བ་མ་ཡིན་པའི་ཕྱིར་འདིར་ནི་ལས་བྱེད་པའི་ཡི་གེ་ལས་ཡིན་ཏེ། ལྷ་སྦྱིན་དང་མཆོད་སྦྱིན་དག་གི་འདུག་པའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ་ཞེས་ཟེར་བ་ནི། སྐད་ཀྱི་དབྱིངས་ཀྱི་དོན་ཐ་མི་དད་པའི་ཕྱིར་ཞེས་བྱ་བའོ། །སྐད་ཀྱི་དབྱིངས་ནི་བྱེད་པ་པོའི་བྱ་བ་མ་ལུས་པའི་རྗོད་བྱེད་མ་ཡིན་ནམ།
སྒྲ་དང་སྐྱེས་བུ་དག་གི་ཡང་བྱ་བ་རྗོད་པར་བྱེད་པ་ཡིན་ཏེ། དེས་ན་ཇི་ལྟར་བྱེད་པ་པོ་ཐ་དད་པ་ལས་ཐ་དད་པ་མ་ཡིན་སྙམ་པའི་བསམ་པས། ལིང་ལ་སོགས་པའི་སྒྲའི་བྱ་བ་ནི་རེ་ཞིག་སྐད་ཀྱི་དབྱིངས་ཀྱི་དོན་ལ་མི་འབྱུང་སྟེ། ལིང་ལ་སོགས་པ་མེད་ཅིང་སྐད་ཀྱི་དབྱིངས་ཀྱང་མེད་པར་
เล่ม ๑๘๐ · หน้า 58b
ཡང་འབྱུང་བའི་ཕྱིར་རོ། །དེས་ན་ལིང་ལ་སོགས་པའི་བརྗོད་བྱ་ནི་རྐྱེན་ཡིན་ནོ་ཞེས་ཟེར་བ་ནི། དེ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ངེས་པར་སྦྱོར་བའི་ཞེས་པའི་མཐར་སྦྱར་ལ། མ་ཡིན་ཞེས་བྱ་བ་ཡང་དེ་ཞེས་བྱ་བའི་མཐར་བལྟ་བར་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ་ངེས་པར་སྦྱོར་བ་ཡང་
དེ་མ་ཡིན་པའི་སྐད་ཀྱི་དབྱིངས་ཀྱི་དོན་ཏོ། །འོ་ན་ཅི་ཞེ་ན། དེ་ལས་གཞན་པའོ། །དེ་ལྟ་ཡིན་ན། སྐྱེས་བུའི་བྱ་བ་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་ཏེ། །དེ་སྐད་དུ་ཡང་གཙོ་བོ་ཉིད་ཡིན་པས་སྐད་ཀྱི་དབྱིངས་ཀྱིས་བསྟན་པའི་བྱ་བ་དང་ལྡན་པ་ནི་བྱེད་པ་པོ་ཡིན་ནོ་ཞེ་ན། དེ་ཡང་
སྟེ་ཞེས་བྱ་བ་ནི་བྱེད་པ་པོ་བསྒྲུབ་བྱ་ཡིན་པས་ཞེས་བྱ་བའོ། །རེ་ཞིག་ངེས་སྦྱོར་ནི་བསྒྲུབ་བྱ་མ་ཡིན་ཏེ། རང་གི་ངོ་བོར་གྲུབ་པའི་ཕྱིར་དང་། བྱེད་པ་པོ་ལས་བྱ་བ་གཞན་ཡིན་པའི་ཕྱིར་ཡང་ངོ་། །དེ་ཉིད་ཀྱིས་ནི་སྐད་ཀྱི་དབྱིངས་ཀྱི་དོན་མ་ཡིན་ནོ། །དེ་ལ་གནས་པ་ཡང་དེ་དང་དེ་
མ་ཡིན་པའི་བྱ་བ་ཡིན་པའི་ཕྱིར་རོ། །བྱ་བ་གཞན་ལས་བཏུས་པའི་དེའི་བྱ་བ་ཡུལ་ཅན་དུ་བྱེད་པ་ཡང་བདག་ཉིད་བཞིན་དུ་རྐྱེན་གྱི་བརྗོད་བྱ་ཉིད་ཡིན་ལ། དེ་ཡང་བྱེད་པ་པོ་ཐ་དད་པ་ལས་ཐ་དད་པ་ཡིན་ཏེ། དེས་ན་གཉིས་ཀྱི་ཚིག་ཡིན་ལ་དེས་ན་སྐད་ཀྱི་དབྱིངས་ཀྱི་དོན་དང་། སྐྱེས་
བུའི་བྱ་བ་དག་གི་བརྗོད་བྱ་དག་ཐ་དད་པའི་ཕྱིར་བྱེད་དོ་ཞེས་བྱ་བ་དང་། བྱེད་པ་དག་གོ་ཞེས་བྱ་བར་འགྱུར་ལ། བྱ་བ་ཡན་འགར་བ་ཞེས་བྱ་བ་ནི། རང་གིས་བསྡུས་པའི་ཐ་དད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་དངོས་པོ་བཤད་པས་བརྗོད་པ་ཡིན་པའི་ཕྱིར་བཤད་པ་
ཐམས་ཅད་ལས་འབྱུང་བའི་སྐྱེས་བུའི་བྱ་བ་ནི་ལིང་ལ་སོགས་པ་ཡོད་ན་བསྒྲུབ་བྱ་རྟོགས་པ་ཡིན་གྱི། རང་ཉིད་འགྲུབ་པ་ནི་སྐྱེས་བུས་འཕངས་པ་ཡིན་པའི་ཕྱིར་ངེས་སྦྱོར་དུ་བརྗོད་དོ། །དེས་ན་རྐྱེན་ནི་བརྗོད་བྱ་ཡིན་ནོ། །བྱེད་པ་པོ་ཐ་དད་པ་ལས་བྱ་བ་ཐ་དད་པ་ཡིན་ན། སྐད་ཀྱི་
དབྱིངས་ཀྱི་དོན་ལ་ཡང་ཐ་དད་པར་འགྱུར་ཏེ། དེ་སྒྲུབ་པར་བྱེད་པའི་སྒོ་ནས་བྱ་བ་བསྒྲུབ་བྱ་ཡིན་པར་བསྟན་པ་ནི། གལ་ཏེ་འབྲེལ་ཕྱིར་ཐ་དད་ན། །ཞེས་བྱ་བའོ། །བྱེད་པ་པོ་མ་བསྟན་པའི་དབང་དུ་བྱས་ནས་བྱེད་པ་པོའི་གསུམ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བརྗོད་འདོད་
เล่ม ๑๘๐ · หน้า 59a
གཞན་དབང་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྡུ་བ་བསྟན་པ་ནི། གང་ཚེ་བྱ་བའི་དོན་དེ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སོ། །དེ་ཡང་སྐད་ཀྱི་དབྱིངས་ཀྱི་དོན་ངེས་སྦྱོར་ཡིན་ཞེས་བྱ་བ་ལ་སོགས་པས་ངེས་སྦྱོར་གཙོ་བོའི་དོན་ཡིན་པས་རྐྱེན་གྱི་དོན་ཉིད་ཡིན་ལ་བྱ་བ་ནི་དེའི་ཡུལ་
ཉིད་ཡིན་པས་དེའི་ཡན་ལག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། ད་ནི་བྱ་བ་ཉིད་འཇུག་པའི་ཡུལ་ཉིད་ཡིན་པས་གཙོ་བོའི་དོན་ཉིད་ཡིན་ལ། ངེས་སྦྱོར་ནི་དེ་ལ་སྐྱེས་བུ་འཇུག་པར་བྱེད་པ་ཉིད་ཀྱིས་སྦྱོར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡན་ལག་ཡིན་ནོ། །དེ་ལྟར་ཡང་བྱ་བ་རྐྱེན་གྱི་དོན་ཉིད་ཡིན་
ན་ཡན་ལག་དང་ཡན་ལག་ཅན་ཉིད་རིགས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གང་གི་ཚེ་བྱེད་པ་པོའི་བྱ་བ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འཇུག་པའི་ཡུལ་རང་གི་བྱ་བ་རྐྱེན་རྟོགས་པར་བྱེད་པ་ཡིན་ལ། དེ་ཉིད་ལས་འཇུག་པར་འགྱུར་བ་ཉིད་ཡིན་ན་ངེས་སྦྱོར་
གྱིས་ཅི་ཞིག་བྱ་སྙམ་པའི་བསམ་པས་ཟེར་བ་ནི། བྱ་བ་ནི་ངེས་པར་སྦྱོར་བ་ཁྱད་པར་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ངེས་པར་སྦྱོར་བ་མེད་ན་བྱ་བ་ནི་བསྒྲུབ་བྱ་ཉིད་མ་རྟོགས་བཞིན་འཇུག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེས་བུའི་དོན་མ་རྟོགས་པར་ངེས་པར་སྦྱོར་བ་པོ་ཡང་ཇི་
ལྟར་འཇུག་པ་ཡིན་སྙམ་པའི་བསམ་པས་འབྲས་བུ་འབའ་ཞིག་ཁོ་ན་རྟོགས་པ་དང་ལྡན་པའི་འཇུག་པར་བྱེད་པ་པོ་མ་ཡིན་ཏེ། འོན་ཀྱང་རང་གི་བྱ་བ་ཤེས་པ་ཡང་ཡིན་ནོ་ཞེས་ཟེར་བ་ནི། འདི་རང་གི་བྱ་བ་རྟོགས་པ་ཞེས་བྱ་བའོ། །ངེས་པར་སྦྱོར་བ་ཡོད་ཀྱང་ངའི་བྱ་བ་འདི་ཡིན་
ཞེས་འབྲས་བུ་དང་འབྲེལ་པ་མེད་ན་མི་ཤེས་པ་ཡིན་པར་བསྟན་པ་ནི་འབྲས་བུ་མེད་པར་ངེས་པར་ངའི་བྱ་བ་ཉིད་ཅེས་བྱ་བ་སྟེ། དེ་ལྟར་རེ་ཞིག་བྱ་བའི་ངག་གི་དོན་ཉིད་ཁས་ལེན་པས་དེ་དང་དེ་བསྟན་ནས། ད་ནི་བྱ་བ་ཚད་མས་རྟོགས་པ་མ་ཡིན་པར་བསྟན་པར་འདོད་ནས། སྦྱིན་
བྱེད་ཅེས་བྱ་བ་སྨོས་ཏེ། སྦྱིན་བྱེད་ནི་མཆོད་སྦྱིན་ནོ། །གྲུབ་ཟིན་པའི་ཕྱིར་ཡོད་ཀྱང་ལས་མེད་པ་ཅན་ཡིན་པ་ཉིད་ཀྱིས་རབ་ཏུ་སྦྱར་བར་བྱ་བའི་བརྗོད་བྱ་ཉིད་ཀྱིས། སྦྱོར་བར་བྱེད་པ་པོའི་བྱ་རྒྱུའི་བྱ་བ་མེད་པའི་ཕྱིར་སྒྲ་ལས་གཞན་ལས་ཀྱང་རུང་། སྐད་ཀྱི་དབྱིངས་ཀྱི་དོན་ལས་
เล่ม ๑๘๐ · หน้า 59b
ཐ་དད་པའི་བྱ་བ་རྟོགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མཆོད་སྦྱིན་ལ་སོགས་པ་ལས་ཐ་དད་པའི་བྱ་བ་མེད་པ་ཡིན་ན། མཐོ་རིས་འདོད་པས་མཆོད་སྦྱིན་གྱིས་ཞེས་བྱ་བའི་མཐོ་རིས་དང་། མཆོད་སྦྱིན་དག་བསྒྲུབ་བྱ་དང་། སྒྲུབ་བྱེད་དག་གི་དེ་ཉིད་ཀྱིས་རྟོགས་བཞིན་པ་དག་གི་
ཡང་བསྒྲུབ་བྱ་གཞན་ལས་དང་། སྒྲུབ་བྱེད་གཞན་ལས་རྣམ་པར་བཅད་ནས་འབྲེལ་པར་བྱེད་པ་པོ་མེད་པའི་ཕྱིར་ཕན་ཚུན་འབྲེལ་པ་མེད་པར་འགྱུར་བ་ཞིག་ན། དེ་ཡང་མཐོང་བའི་ཕྱིར་འབྲེལ་པ་ཅན་གྱི་བྱ་བ་ནི་དོན་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དེ་ལྟ་ནི་མ་ཡིན་ཏེ། མཆོད་
སྦྱིན་དང་མཐོ་རིས་དག་གི་རུང་བ་ཡིན་ན། ཉེ་བ་ན་གནས་པའི་བྱེ་བྲག་གིས་རང་བཞིན་གྱིས་འབྲེལ་པ་ཁོ་ན་ཡིན་པའི་ཕྱིར་བྱ་བ་འཕེན་པར་བྱེད་པ་མ་ཡིན་ཏེ། གཞན་དུ་ན་དེ་དང་ལྷན་ཅིག་པའི་འབྲེལ་པ་བྱེད་པ་པོ་གཞན་ཡིན་ལ། དེའི་ཡང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་དོ། །
འགྱུར་ཡང་སྐྱོན་ཅི་ཡོད་ཅེ་ན། འདི་ཡང་མི་རིགས་ཏེ་རང་གི་ངོ་བོ་རྟོགས་པ་མེད་ན་རྟོགས་པ་ཙམ་ཡིན་ཏེ། དེ་ཡང་བརྟག་བྱ་མ་གྲུབ་ན། །དེ་ལ་དབང་བའི་གཞི་མ་གྲུབ་པའི་ཕྱིར་དེ་ཡང་མི་རིགས་པའི་ཕྱིར་ཐུག་པ་མེད་པ་ནི་སྐྱོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་གཞན་ཉིད་ཀྱིས་
དོན་གཞན་ཉིད་ལ་ཡིན་ན་ཐུག་པ་མེད་པ་ནི་བཤད་པ་ལས་བསྟན་པ་ཡིན་ནོ། །ཅི་བྱེད་ཅེས་པའི་དོན་ཅི་ཞིག་ཡིན་ཞེས་ཐེ་ཚོམ་ཟ་བའི་ཡུལ་རྣམས་ལ་མཆོད་སྦྱིན་ལ་སོགས་པ་རྣམས་ལ་གྲོང་ལ་སོགས་པ་རྣམས་སུ་བཞིན་དུ་འགྲོ་བར་བྱེད་ཅེས་བྱ་བའི་དོན་གྱི་ཡུལ་ཅན་དུ་རྟོགས་པར་བྱེད་
པ་ཡིན་ལ་དེ་ཉིད་བྱ་བ་ཡིན་པ་བརྗོད་དོ། །གལ་ཏེ་ཅི་བྱེད་ཅེས་འདྲི་བར་བྱེད་པ་ན་ལན་དུ། བྱེད་དོན་མཆོད་སྦྱིན་བྱེད་དོན་དག །ཅེས་བྱ་བ་སྟེ། རྐྱེན་གྱི་དོན་ནི་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་། མཆོད་སྦྱིན་བྱེད་ཅེས་བྱ་བ་ལ་སོགས་པ་བཞིན་དུ་སྐད་ཀྱི་དབྱིངས་ཀྱི་དོན་
ཡིན་ཏེ། དེས་ན་ཞེས་བྱ་བའི་ཚིག་གི་དོན་ནི་སྐད་ཀྱི་དབྱིངས་ཀྱིས་གྲི་ཉའི་དོན་ཞེས་བྱ་བ་ཉིད་དོ། །གལ་ཏེ། ཐེ་ཚོམ་ཟ་ན་འཚེད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཇི་ལྟར་ལན་དུ་རྗོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ཅི་བྱེད་ཅེས་བྱ་བའི་གྲི་ཉའི་དོན་གྱི་ཡུལ་ཉིད་
เล่ม ๑๘๐ · หน้า 60a
ལ་ཐེ་ཚོམ་ཟ་བའི་ངོ་བོ་ནི་ཅི་ཞེས་བྱ་བ་ནི་དོན་དུ་བསྟན་ཏེ། མཆོད་སྦྱིན་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་དོན་ཏོ། །སྤྱིའི་རང་བཞིན་ཞེས་བྱ་བ་ནི་ཁྱད་པར་གྱི་ཡུལ་ལ་ཡང་ཐེ་ཚོམ་ཟ་བ་ནི། སྤྱིའི་ཡིན་པར་ཐ་སྙད་འདོགས་པ་ཡིན་ཏེ། ཁྱད་པར་མ་འཁྲུལ་
པས་ཐ་མི་དད་པར་བཏགས་ནས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་སྤྱི་རྟོགས་པ་ཙམ་ལས་མ་འཁྲུལ་པ་མ་ཡིན་ན། ཁྱད་པར་མ་རྟོགས་པ་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ན། ཐལ་ཆེས་པར་བསྟན་པ་ནི། ཁྱབ་པར་མེད་པར་སྤྱི་ཡིན། །ཞེས་བྱ་བའོ། །མ་འཁྲུལ་པས་ཀྱང་
དུ་བ་ལས་མེ་བཞིན་དུ་སྤྱི་ལས་ཁྱད་པར་རྟོགས་པ་ལས་ཐེ་ཚོམ་ཟ་བར་མི་རིགས་པ་བསྟན་པ་ནི། དེ་ལྟ་ན། དེ་ཡང་ཞེས་བྱ་བའོ། །འབྲེལ་བ་ཅན་ཡང་མཐོང་བ་ཉིད་ལ་སོགས་པའི་སྤྱི་དང་འགལ་བ་ཁྱབ་པར་མི་དམིགས་པ་ནི་ཉེ་བར་བཞག་པ་ལ་ཐེ་ཚོམ་ཟ་བའི་རྒྱུ་མཚན་ཡིན་པར་
བསྟན་པ་ནི། སྤྱི་དེ་ཉིད་ཅེས་བྱ་བའོ། །ཐམས་ཅད་མཁྱེན་པ་ལ་སོགས་པ་བཞིན་དུ་ཁྱད་པར་མེད་པའི་དམིགས་པ་ཙམ་ནི་ཡོད་པ་དང་མེད་པ་ཐུན་མོང་བ་ཡིན་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་མཚན་ཡིན་གྱི། སྤྱི་ནི་མངོན་སུམ་ཉིད་མ་ཡིན་པར་བསྟན་པ་ནི། སྤྱིར་མི་དམིགས་པ་ཞེས་བྱ་བ་ལ་
སོགས་པས་སོ། །དམིགས་པའི་རིགས་བྱར་གྱུར་པ་ཞེས་བྱ་བ་འདིས་ནི་བྱེ་བྲག་མེད་པའི་མི་དམིགས་པའི་མེད་པ་སྨྲ་བ་ཡིན་ནོ། །ཁྱད་པར་གྱི་ངེས་པ་མ་བཟུང་བའི་དྲན་པ་ཉིད་ནི་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་ཟེར་བ་ནི་ཁྱད་པར་དྲན་པའི་ཕྱིར་ཞེས་བྱ་བའོ། །ཁྱད་པར་དྲན་པ་ལ་སོགས་
པའི་ཚོགས་པ་ལས་བྱུང་བ་ཡིན་པར་དེ་ལ་བྱེ་བྲག་མེད་པའི་ཕྱིར་ཞེས་བསྟན་པ་ནི། ཁྱད་པར་དྲན་པ་ལས་ཐེ་ཚོམ་གཞན་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཁྱད་པར་ངེས་པར་མ་བཟུང་བའི་ཕྱིར་སྤྱི་ཡིན་པར་བསྟན་པ་ནི། དེའི་ཕྱིར་བྱེད་པ་ཞེས་བྱ་བ་དེ་ཉིད་ཅེས་བྱ་བ་སྟེ། ཁྱད་པར་
ངེས་པ་མ་བཟུང་བ་ཐུན་མོང་གི་ཚིག་ཡིན་པར་དགོངས་པའོ་ཞེས་བྱ་བའི་དོན་ཏོ། །ཡུལ་ངེས་པ་ཅན་མ་ཡིན་པའི་མི་དམིགས་པ་ཙམ་ལས་ནི་ངེས་པར་བཟུང་བ་མེད་པ་ཡིན་ལ། ཡུལ་ངེས་ཅན་ནི་སྤྱི་མངོན་སུམ་དུ་གྱུར་པ་ཉིད་ལས་མ་ཡིན་སྙམ་དུ་སེམས་པ་ལ། ལ་ལར་ནི་དངོས་པོ་
เล่ม ๑๘๐ · หน้า 60b
དང་དངོས་པོ་མེད་པའི་ཞེས་བྱ་བ་སྨོས་ཏེ། སྣང་བ་མི་གསལ་བའམ་ཐག་རིང་བ་ལ་ཡང་རྣམ་པ་མི་གསལ་བ་ཡིན་ལ། དེའི་གནས་སྐབས་ཀྱི་མི་སྣང་བའི་བྱེ་བྲག་གིས་དབེན་པའི་བློ་འདི་ཉིད་ནི་མི་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ས་ཕྱོགས་ལ་སོགས་པ་འགའ་ཞིག་ཏུ་མི་སྣང་
བའི་དངོས་པོ་ས་དབེན་པ་དམིགས་པའི་དངོས་པོ་ཡང་མི་དམིགས་པ་ཡིན་པར་བསྟན་པ་ནི། དམིགས་པར་བྱ་བའི་དོན་གྱི་རང་བཞིན་ཞེས་བྱ་བ་སྟེ། མ་འཁྲུལ་པ་ཉིད་ཀྱི་དུ་བ་དང་མེ་བཞིན་དུ་སྤྱི་ལས་བྱེ་བྲག་རྟོགས་པ་ཡིན་ནོ། །གལ་ཏེ་སྔོན་པོ་དམིགས་པ་ཡོད་ན་དེའི་མིང་དྲན་པ་
ལས་སྔོན་པོའི་ཞེས་བྱ་བའི་རྣམ་པར་རྟོགས་པ་ཡིན་པ་དེ་བཞིན་དུ། ངེས་པ་མ་བཟུང་བའི་དམིགས་པ་ལ་དེའི་མིང་ལ་སོགས་པ་དྲན་པ་ལས། མཐོ་ཡོར་ཡིན་པའམ། གཞན་ཡིན་པའི་རྣམ་པར་རྟོག་པའི་ཡིད་ནི་ངེས་པར་གཟུང་བ་མེད་པར་འབྱུང་བ་ཡིན་ནོ། །མ་ཡིན་ཏེ། དང་པོ་ཉིད་
ནི་དེའི་མིང་ལ་སོགས་པ་དྲན་པ་མེད་པའི་ཕྱིར་རོ། །དང་པོ་ཡང་ངེས་པར་གཟུང་བ་མེད་པར་ཁྱད་པར་མ་དྲན་པའི་ཡུལ་དེ་ལ་ཇི་ལྟར་འགྱུར་བ་ཡིན། ཁྱད་པར་དྲན་པ་ཡིན་ན་འགྱུར་རོ་ཞེ་ན། དེ་ཉིད་ཁྱད་པར་དྲན་པ་ངེས་པར་གཟུང་བ་མེད་ན་ཐེ་ཚོམ་ཟ་བ་མ་ཡིན་ནམ། དེ་ལས་གཞན་པ་ནི་
མ་ཡིན་ཏེ། འདི་ནི་ཁྱད་པར་ངེས་པ་མ་བཟུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་དྲན་པ་དང་ལྷན་ཅིག་པའི་དབང་པོ་ས་དེ་ཡིན་པ་ནི་མི་རིགས་ཏེ། དེ་ཉིད་ཁྱད་པར་དྲན་པ་ངེས་པར་གཟུང་བ་མེད་པར་ཅི་ལས་འབྱུང་བ་ཡིན། ཁྱད་པར་གཉིས་ཐུན་མོང་བའི་ངོ་བོ་ཉིད་
དམིགས་པ་ལས་ཡིན་ཏེ། རྟག་པ་དང་མི་རྟག་པ་དག་གཞལ་བྱ་ཡིན་པ་ལྟ་བུའོ། །དེ་ལྟ་མོད་ཀྱི་མཐོན་པོ་མ་ཡིན་པ་ལས་ལོག་པར་ནི་ངེས་པ་ཅན་ཡིན་ལ། མཐོ་ཡོར་ལ་སོགས་པའི་བྱེ་བྲག་ངེས་པར་མ་བཟུང་བ་ནི་དྲན་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ཉིད་ལས་ངེས་པ་ཅན་ཉིད་མ་ཡིན་
ནམ། ཅི་ལ་ཐེ་ཚོམ་ཟ་བ་ཡིན། སྔོན་པོར་ངེས་པ་ལ་ནི་སེར་པོར་ཐེ་ཚོམ་ཟ་བའམ། དེའི་རྒྱུ་ཡང་མ་ཡིན་ནོ། །མི་དམིགས་པ་ལས་ཀྱང་མཐོ་ཡོར་རམ། མི་དག་ཁོ་ནར་ཐེ་ཚོམ་ཟ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཅིག་པ་དེ་བོར་ནས་ཐམས་ཅད་འགྱུར་རོ། །འབྲེལ་
เล่ม ๑๘๐ · หน้า 61a
པ་ལས་ནི་དེའི་ཁྱད་པར་ལ་ངེས་པ་ཡིན་གྱི་སྤྱི་ནི་མ་ཡིན་ཏེ། ཐག་རིང་བ་བཞིན་དུ་ཉེ་བ་ལ་ཡང་དེའི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མི་དམིགས་པ་ལ་ལོག་པ་ཅན་མཐོ་ཡོར་ཉིད་དམ། མི་ཉིད་དུ་ངེས་པ་ཅན་མ་ཡིན་པས་ངེས་པ་མ་བཟུང་བའི་ཕྱིར་ངེས་
པར་བཟུང་བ་མེད་པའི་བདག་ཉིད་ནི་སྤྱི་ཡིན་ལ་དེའི་ཤེས་པ་ཡང་ཐེ་ཚོམ་ཡིན་ནོ། །ཁམས་གསུམ་པོ་ལ་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་མ་ཡིན་པ་ལས་ལྡོག་པར་བྱེད་པ་ཉིད་དུ་ངེས་པས་ཁྱད་པར་ཅན་ཡིན་གྱི་ཡུལ་དུ་ངེས་པ་མ་བཟུང་བ་ནི་ཁོངས་སུ་གཏོགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་བློ་ཉིད་ཅེས་བསྟན་
པ་དེའི་རྣམ་པ་མ་ཡིན་པས་དབེན་པ་ནི་ཐེ་ཚོམ་གྱི་ཤེས་པ་ཡིན་ནོ། །དེ་མ་ཡིན་པ་ལས་ལྡོག་པར་བྱེད་པ་ཡིན་ཡང་ཡུལ་ངེས་པ་ཅན་གྱི་ཁྱད་པར་གྱི་ངེས་པ་མ་བཟུང་བ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་གི་བདག་ཉིད་ཅན་ནི་ཐེ་ཚོམ་སྟེ། ཡིད་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་
ཐེ་ཚོམ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་དེ་མ་ཡིན་པ་ལས་ལྡོག་པར་བྱེད་པའི་ངོ་བོས་སྣང་བ་མི་དམིགས་པ་ཡིན་པའམ། དེའི་ཁྱད་པར་ལ་ལྟོས་ནས་ཀྱང་སྣང་བ་མི་དམིགས་པ་ཡིན་ནོ། །དམིགས་པར་བྱ་བའི་དོན་གྱི་རང་བཞིན་ཞེས་བྱ་བ་སྟེ། རྟོགས་པར་བྱ་བའམ།
མི་དེ་མ་ཡིན་པ་ལས་ལྡོག་པར་བྱེད་པ་ཁྱད་པར་ངེས་པ་མ་བཟུང་བ་སྣང་བ་དང་ཅིག་ཤོས་ཀྱི་མི་དམིགས་པའི་བདག་ཉིད་ནི་ཐེ་ཚོམ་ཟ་བའི་རྒྱུ་ཡིན་པའི་ཕྱིར་ཐེ་ཚོམ་ཡིན་ནོ། །དེ་ལྟ་ན་ཐེ་ཚོམ་གྱི་ཤེས་པ་ནི་དབང་པོའི་དོན་ལས་འབྱུང་བར་མ་གྱུར་ཏམ། དེ་ལྟ་ནི་མ་ཡིན་ཏེ། དོན་
བྱེད་པ་ཅན་གྱི་དབང་པོའི་དོན་ཉེ་བ་ན་གནས་པར་རུང་བ་ཉིད་ཀྱི་སྟོབས་ལས་སྐྱེས་པ་ཞེས་བསྟན་པས། དོན་བྱེད་པ་ཅན་མ་ཡིན་པ་ཐག་རིང་བ་ན་གནས་པའི་སྟོབས་ལས་བྱུང་བ་ལས། ཐེ་ཚོམ་ཟ་བར་ཐལ་བར་འགྱུར་བ་མ་ཡིན་ཏེ། ཐག་རིང་པོ་ནས་གནས་པ་ཉིད་ནི་རབ་རིབ་བཞིན་དུ་
འདི་ལྟ་བུ་ཤེས་པ་ལ་ནུས་པ་ཡིན་ལ། དབང་པོའི་དོན་ནི་དེའི་རྗེས་སུ་འཇུག་པས་ཉེ་བ་ན་གནས་པ་ཙམ་ལ་ནུས་པ་ཅན་ཡིན་ནོ། །དེ་ཡང་མིག་གིས་ནི་ཐག་རིང་པོ་ལ་མ་ཡིན་ཞེས་བསྟན་པ་ཡིན་ནོ། །དོན་མཐོང་ན་ཞེས་བྱ་བ་ནི་མི་རིགས་ཏེ། དེ་ལ་དོན་བྱེད་པ་ཅན་མ་མཐོང་བའི་ཕྱིར་རོ། །
เล่ม ๑๘๐ · หน้า 61b
གང་དུ་དེ་བྱེད་པ་ཅན་གྱི་ས་ཕྱོགས་ལ་སོགས་པ་མཐོང་བ་ཡིན་ན། དེ་ལྟར་ལྐོག་ཏུ་གྱུར་པའི་མེ་ལ་སོགས་པ་ལས་སྐྱེས་བུས་ཐེ་ཚོམ་ཟ་བ་མ་ཡིན་ལ། གང་དུ་དངོས་པོ་གཞན་ལ་འཇུག་པ་མ་ཡིན་པའི་བྱེ་བྲག་གིས་དངོས་པོའི་མི་དམིགས་པ་དང་། མི་དྲན་པ་ཡིན་ལ། དེ་དང་འདྲ་བ་ཉིད་
ཀྱི་དོན་བྱེད་པ་ནི་དེ་བྱེད་པ་ཅན་མ་ཡིན་པ་ལས་ལྡོག་པར་བྱེད་པ་ཡང་དམིགས་པ་ཡིན་ན་ནི། དེ་ལ་ཕྱིན་ཅི་ལོག་པ་ཡིན་ཏེ། ཉ་ཕྱིས་ལ་དངུལ་གྱི་ཤེས་པ་ལྟ་བུའོ། །གང་གི་ཚེ་འདྲ་བ་ལ་དམིགས་པ་དེའི་ཚེ་ཐ་དད་པར་མཐོང་བའི་ཕྱིར་དེ་ཉིད་དུ་སྒྲོ་འདོགས་པ་མེད་པ་མ་ཡིན་ནམ། འོན་ཏེ་
དེ་ཉིད་ཡིན་པར་དམིགས་པ་ཡིན་ན་དབང་པོ་ལས་སྐྱེས་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན། དོན་བྱེད་པ་ཅན་དུ་ཉམས་སུ་མྱོང་བ་ཅུང་ཟད་མཐོང་ན་ནི་ཕྱིན་ཅི་ལོག་མ་ཡིན་ལ། གཉི་ག་ཉིད་དུ་ངེས་པ་མ་བཟུང་ན་ནི་སྣང་བ་མ་ཡིན་ཏེ། གང་ཡང་རུང་བ་མེད་པར་ངེས་པའི་ཕྱིར། ངེས་པ་མེད་པ་ནི་
ཐེ་ཚོམ་ཟ་བར་ཐལ་བར་འགྱུར་རོ། །འདྲ་བའོ་ཞེས་བྱ་བའམ་དེ་ཉིད་དོ་ཞེས་བྱ་བར་དམིགས་པ་མ་ཡིན་དུ་ཟིན་ཀྱང་། འོན་ཀྱང་འདྲ་བའི་དམིགས་པ་དང་འདྲ་བ་ཡིན་པའི་ཕྱིར། འདྲ་བ་ཉིད་དུ་མ་དམིགས་པ་ལ་དགོས་པ་ཅི་ཞིག་ཡོད། སྔོན་པོ་ཞེས་ཉེ་བར་མཚོན་པ་མ་ཡིན་པའི་སྔོན་
པོར་མཐོང་བ། སྔོན་པོའི་ཤེས་པ་སྐྱེད་པར་བྱེད་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་འདྲ་བ་མཐོང་བ་ཡང་འདྲ་བའོ་ཞེས་བྱ་བར་སྐྱེད་པར་བྱེད་པར་འགྱུར་རོ། །ཁྱད་པར་ཉེ་བར་མཚོན་པ་ཡིན་པ་ལ་ནི་དེ་དང་འདྲ་བ་ཞེས་བྱ་བ་མེད་པའི་ཕྱིར་དེ་ལས་འདི་ཇི་ལྟར་ཡིན། དེའི་ངོ་བོ་མཐོང་བའི་བག་ཆགས་
ལས། ཟིན་པོར་གྱུར་པའི་དེ་འདིའོ་ཞེས་བྱ་བར་འགྱུར་བ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པ་སྟེ། དབང་པོ་ལས་སྐྱེས་པས་ནི་འདྲ་བའི་དོན་བྱེད་པར་མཐོང་བ་ལས། དེའི་ངོ་བོ་ནི་ཡིད་ཀྱིས་སྒྲོ་བཏགས་པས་བརྡ་ཡོད་ན་དེ་འདི་ཡིན་ནོ་ཞེས་ཐ་སྙད་འདོགས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །
གཉི་གའི་བྱེ་བྲག་མ་མཐོང་བ་དེ་མཐོང་བའི་བག་ཆགས་ལས་ཟིན་པོར་གྱུར་པ་མ་ཡིན་པ་ལ་ནི། ཐག་རིང་བ་ཉིད་ལ་སོགས་པའི་དབང་གིས་དབང་ལས་སྐྱེས་པ་ཉིད་རྣམ་པར་རྟོག་པའི་མཐོང་བ་ཡིན་ཏེ། གཉི་གའི་བྱེ་བྲག་དང་མཚན་ཉིད་མི་མཐུན་པའི་ཆའི་དོན་བྱེད་པ་གཉི་ག་མ་ཡིན་པ་ཐ་དད་པ་
เล่ม ๑๘๐ · หน้า 62a
ཅན་དངོས་པོ་ལ་མེད་པའི་ཕྱིར་རོ། །ཚད་མའི་ཡུལ་དུ་གྱུར་པའི་སྔོན་པོ་ལ་སོགས་པ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པའི་ངོ་བོར་མ་ངེས་པ་ཡང་དོན་བྱེད་པའི་གཞལ་བྱ་ཉིད་མངོན་སུམ་པ་ཡིན་ནོ། །མ་ངེས་པ་སྐད་ཅིག་མ་ཉིད་ལ་སོགས་པའི་ངེས་པ་མེད་པའི་
བདག་ཉིད་ཅན་ནི་ཐེ་ཚོམ་འདིའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་ལྟ་བུའི་བློའི་གོ་བར་བྱ་བ་ནི། དེ་མ་ཡིན་པ་ལས་ལོག་པར་བྱེད་པའི་དབྱིབས་མ་ཡིན་ནམ། གཉིས་ཀྱི་བྱེ་བྲག་ངེས་པར་མ་བཟུང་བ་ཡིན་ཡང་དོན་བྱེད་པའི་ངོ་བོ་དངོས་པོ་ལས་ཐ་དད་པར་མངོན་སུམ་པ་ཡིན་
ཏེ། སྐད་ཅིག་མ་ལ་སོགས་པའི་བྱེ་བྲག་ངེས་པར་མ་བཟུང་བ་ཡང་སྔོན་པོ་ལ་སོགས་པའི་ངོ་བོ་བཞིན་དུ་ཡོད་པ་ཉིད་ན། དེ་ཡོད་པའི་ཕྱིར་དེ་ཇི་ལྟར་དབང་པོ་ལས་སྐྱེས་པ་མ་ཡིན་པར་ཐེ་ཚོམ་ཟ་བ་ཡིན་ཞེས་པའི་བསམ་པས། གལ་ཏེ་དབྱིབས་ཞེས་བྱ་བ་ལ་ལན་དུ་སྐྱེས་བུ་དང་མཐོ་
ཡོར་གྱི་ཞེས་བྱ་བ་སྟེ། གལ་ཏེ་དེ་དོན་བྱེད་པ་ཡིན་ན་ཐག་རིང་བའམ། ཉེ་བ་ལ་ཡང་སྔོན་པོ་བཞིན་དུ་ཁྱད་པར་ངེས་པར་མ་བཟུང་བ་དམིགས་པར་འགྱུར་བ་ཡིན་ནོ། །ཐག་ཉེ་བ་ལ་ནི་དེ་ལྟ་བུར་དམིགས་པ་མ་ཡིན་ཏེ། དེས་ན་ཁྱད་པར་གྱི་རྣམ་པ་ངེས་པར་མ་བཟུང་བའི་ཁྱད་པར་སྣང་བ་
ཉིད་དེ་ཡིན་ནོ། །ཁྱད་པར་གྱི་ངེས་པ་རྣམ་པར་མ་བཟུང་བའི་ཁྱད་པར་དུ་སྣང་བ་ཉིད་དེ་ཡིན་པར་བསྟན་པ་ནི། སྤྱིའི་དོན་གཞན་པ་ཉིད་ཡིན་ན་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་གྱི་རྣམ་པའི་ངེས་པ་མ་བཟུང་བ་ཡིན་ན་སྣང་བ་དེ་ཇི་ལྟར་དེའི་ཡིན་སྙམ་དུ་སེམས་པས། གལ་ཏེ་ཁྱེད་ཀྱི་
ཕྱོགས་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་ནས། དོན་མི་གསལ་བར་སྣང་བ་མིན། །ཞེས་བྱ་བའི་བར་དུའོ། །ལན་དུ། གལ་ཏེ་དེ་རྣམས་ཅན་མིན་པའི། །ཞེས་བྱ་བ་སྟེ། དེ་སྟེ། ངེས་པ་བཟུང་བ་འདིའི་རྣམ་པ་སྟེ། གང་ལ་རྣམ་པ་དེ་ཡོད་པ་མ་ཡིན་པ་སྟེ།
ལས་དེ་ཁྱད་པར་ལས་ཐག་རིང་བ་ཉིད་ཀྱི་ལྷན་ཅིག་བྱེད་པ་དེ་ལས་སྐྱེས་པར་འགྱུར་བ་ཉིད་ཀྱིས་དེ་ལས་སྐྱེ་བས་དེ་འཛིན་པ་ཉིད་དུ་བརྗོད་དོ། །འདི་སྐད་བསྟན་པ་ཡིན་ཏེ། ཁྱད་པར་གྱི་རྣམ་པ་ངེས་པ་མ་བཟུང་བའི་ཁྱད་པར་འཛིན་པ་ཅན་ནི། །ཁྱད་པར་གྱི་རྣམ་པའི་ཀུན་དུ་
เล่ม ๑๘๐ · หน้า 62b
བཟུང་བ་ལ་ལྟོས་ན་མི་གསལ་བ་ཡིན་པར་བརྗོད་དོ། །དེ་ལྟ་བུའི་བློ་ནི་རྒྱུ་མེད་པའི་ཕྱིར་ཉེ་བ་ལས་མི་སྐྱེ་བ་ཡིན་ཡང་ཐག་རིང་པའི་ལྷན་ཅིག་བྱེད་པའི་ཁྱད་པར་ལས་སྐྱེ་བ་ཡིན་ལ། སྤྱི་ནི་རྫོགས་པ་ཡིན་ཏེ་ཐག་རིང་པོར་ཡང་རང་གི་ངོ་བོ་དམིགས་པ་ཡིན་ནོ། །ཉེ་བ་ལས་ནི་ཆོས་ཤིན་ཏུ་
གསལ་བར་དམིགས་པར་འགྱུར་རོ། །མི་དམིགས་པའི་རྒྱུ་ཡོད་ན་དམིགས་པར་དང་དམིགས་པའི་རྒྱུ་ཡོད་ན་མི་དམིགས་པར་ནི་མི་རིགས་ཏེ། ཁྱད་པར་དང་སྤྱི་དག་གི་དམིགས་པར་བྱེད་པ་ལ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །ཁྱད་པར་ལས་སྤྱི་གཞན་མ་ཡིན་པ་ནི་བདེན་ཏེ།
གཞན་གྱི་སྣང་བ་ནི་གཞན་ལ་མི་གསལ་བར་བརྗོད་པ་ནི་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཁྱད་པར་གྱི་རྣམ་པ་མ་བཟུང་བའི་བྱེ་བྲག་གི་ངོ་བོ་ནི་ཁྱད་པར་གྱི་རྣམ་པ་དང་ཐུན་མོང་བ་ཡིན་པའི་ཕྱིར་སྤྱི་ཡིན་པར་བརྗོད་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་ལས། འོན་ཏེ་དེ་ཉིད་སྤྱི་ཡིན་ན་ཞེས་ཟེར་བ་
ལ། ལན་ནི། བློ་དེ་ལས་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ཏེ། ཁྱད་པར་ངེས་པར་མ་བཟུང་བ་ནི་གཞན་ལས་མ་ཡིན་པའོ། །གཞན་ཡང་གཞན་ལས་ཀྱང་འདིར་བརྗོད་པར་བྱ་སྟེ། བྱེ་བྲག་ངེས་པར་མ་བཟུང་བའི་ཁ་དོག་དང་དབྱིབས་བློ་ལ་སྣང་བ་དེ་དང་བྲལ་བ་ནི་སྤྱི་ཡིན་
པར་འདོད་པ་ཡིན་ནོ། །དོན་གང་དག་ཁོ་བོས་མཐོང་བ་དེ་དག་གི་མཐོང་བ་ཉིད་ཀྱི་ཚད་ཀྱི་ཆོས་གང་དག་ཡིན་པའི་ཕྱིར་དེ་དང་འདྲ་བ་ནི་ཆོས་འདི་ཡིན་ཏེ། འདྲ་བའི་རྣམ་པ་བསྐྱེད་པར་བྱ་བ་ནི་དམིགས་པར་བྱ་བ་སྟེ། དེ་དག་གི་དོན་ལ་ཐེ་ཚོམ་ཟ་བ་ཡིན་ལ། འདྲ་བ་དོན་ནི་སྤྱིའི་དོན་ཡིན་
ནོ་སྙམ་དུ་སེམས་པས། གལ་ཏེ་སྣང་བ་ནི་ཁ་དོག་དང་དབྱིབས་ཉིད་ཡིན་ལ་ཞེས་བྱ་བ་སྟེ། ཐུན་མོང་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ་འདྲ་བའི་ཕྱིར་རོ། །ལན་དུ། ཁ་དོག་དབྱིབས་དེའི་རང་བཞིན་ནི། །ཞེས་བྱ་བ་སྟེ། དེའི་འདྲ་བ་ནི་འདིའི་ཆོས་ཡིན་གྱི། དེ་ཉིད་ནི་མ་ཡིན་ན་
ཇི་ལྟར་དེ་ལས་དེ་དག་ལ་ཐེ་ཚོམ་ཟ་བ་ཡིན། གཉི་གའི་ཐུན་མོང་བ་ལ་གཅིག་པ་མེད་པའི་ཕྱིར་འདྲ་བ་ཉིད་ཁོ་ནར་སྒྲོ་བཏགས་པས་དེ་ཉིད་འདི་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། བློ་ནི་འཁྲུལ་པར་ཐལ་བར་འགྱུར། །
เล่ม ๑๘๐ · หน้า 63a
ཞེས་བྱ་བ་སྟེ། ཆོས་དག་གི་གཅིག་པ་ཉིད་དུ་འཛིན་པར་བྱེད་པའོ། །དེས་ན་གཉི་གའི་ཐུན་མོང་བ་ལ་གཅིག་ཏུ་སྣང་བ་གཉི་ག་མི་དམིགས་པ་ཡིན་ལ། གཉི་ག་ལ་ངེས་པར་འཛིན་པ་མེད་པར་བྱེད་པར་མི་འགྱུར་རོ་ཞེས་བྱ་བར་ཉེ་བར་བསྡུ་བ་ནི། གལ་ཏེ་ཁ་དོག་དང་
དབྱིབས་གཞན་དུ་རྟོགས་ན་ཞེས་བྱ་བའོ། །ཡང་ན་མཐོ་བ་ཉིད་ནི་སྤྱི་མ་ཡིན་ཏེ། མཐོ་བའི་ཚད་དུ་གནས་པ་ཅན་ཡིན་པའི་ཕྱིར། དེ་ཡང་ངེས་པར་བཟུང་བའི་ཕྱིར་རོ། །མཐོ་བ་ཉིད་ཀྱི་ཆོས་ཀྱང་མ་ཡིན་ཏེ། དེ་ནི་ཐ་དད་པ་ལས་སྤྱིའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཁ་དོག་དང་དབྱིབས་
ཀྱི་སྤྱི་ནི་གཅིག་པ་ཡིན་ཏེ། བདག་ཉིད་དུ་འགྱུར་བའི་ཁྱད་པར་གཉི་ག་ཐུན་མོང་བ་ཡིན་པའི་ཕྱིར་དང་། སྤྱི་ནི་ཐེ་ཚོམ་དུ་བྱེད་པ་ཡིན་ནོ་སྙམ་དུ་སེམས་པས། ཁ་དོག་དང་དབྱིབས་དག་གི་དེ་ཉིད་ཅེས་ཟེར་བ་ལ། ལན་ནི། ཁ་དོག་དབྱིབས་དེའི་རང་བཞིན་ནི། །ཞེས་བྱ་བ་ལ་གཞན་པས་
ཏེ། ཐ་དད་པའི་རང་བཞིན་ལས་མཐོ་ཡོར་དང་མི་ལ་ཡོད་པའི་ཁ་དོག་དང་། དབྱིབས་རྟོགས་པ་ལ་ཐ་མི་དད་པ་འདིས། དེ་ལས་དེ་དག་གཅིག་པ་ཉིད་ཇི་ལྟར་མ་འཁྲུལ་པ་ཡིན། དེས་ན་སྤྱི་ནི་མངོན་སུམ་པ་མ་ཡིན་ལ། མངོན་སུམ་ནི་འཁྲུལ་པ་ཅན་མ་ཡིན་ནོ། །དེའི་ཕྱིར་མཐོ་
ཡོར་དང་མི་ལ་ཡོད་པའི་ཁ་དོག་དང་དབྱིབས་ཐ་དད་པའི་ངེས་པ་མ་བཟུང་བ་ལ་སོགས་པ་ལས་སྤྱི་མ་ཡིན་པར་བརྗོད་དེ། དུས་མ་ཡིན་པའི་ཕྱིར་དང་། མི་དམིགས་པ་ཡིན་པའི་ཕྱིར་དང་། འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཡང་ངོ་། །ཁ་དོག་དང་དབྱིབས་གཅིག་པ་མ་ཡིན་
དུ་ཟིན་ཀྱང་། ཡན་ལག་ཅན་ཡིན་ལ་དེ་ཡང་བར་མཚམས་སུ་ནི་གཅིག་ཏུ་སྣང་བ་ཡིན་ལ། དེའི་ཡང་འཁྱོག་པོ་བུ་ག་ཅན་ལ་སོགས་པའི་བྱེ་བྲག་ཏུ་བྱེད་པ་གང་ཡིན་པ་རྣམས་དང་། ལག་པ་ལ་སོགས་པ་དེ་རྣམས་སུ་ཐག་རིང་བ་ལ་སོགས་པ་མཐོང་བ་མ་ཡིན་ལ། ཁ་དོག་ལ་སོགས་
པའི་ཁྱད་པར་ནི་ཡན་ལག་ཅན་མ་ཡིན་ཏེ། དེ་མི་འཛིན་པ་ཡང་དངོས་པོའི་ཉེ་བར་བསྒྱུར་བས་ཡན་ལག་ཅན་ཤེལ་དུ་འཛིན་པའི་ཕྱིར་ལ། ཤེལ་ནི་གཞན་པ་ཉིད་དུ་དེར་སྐྱེས་པ་མ་ཡིན་ཏེ། དེའི་ཚེ་ཡང་སྔ་མ་ཉིད་དུ་ངོ་ཤེས་པའི་ཕྱིར་ཏེ། དེས་ན་བྱེ་བྲག་ངེས་པར་མ་བཟུང་བ་ཉིད་
เล่ม ๑๘๐ · หน้า 63b
སྤྱི་ཡིན་པར་མི་རིགས་སོ་སྙམ་དུ་སེམས་པས། འོན་ཏེ་དེར་ཡན་ལག་ཅན་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། ལན་ནི། ཁ་དོག་དབྱིབས་ཀྱི་རང་བཞིན་ལས། །ཞེས་བྱ་བ་སྟེ། ཁ་དོག་ཙམ་ནི་རྫས་མ་ཡིན་ཏེ། ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་དུ་བྱེ་བྲག་མེད་པར་ཐལ་བར་
འགྱུར་བའི་ཕྱིར་ལ། རྫས་ཀྱང་དེའི་ངོ་བོ་ཉིད་ཀྱིས་བྱེ་བྲག་ཏུ་འབྱེད་པ་མ་ཡིན་ནོ། །དབྱིབས་ལ་བུམ་པ་ཉིད་ལ་སོགས་པར་བྱེ་བྲག་ཏུ་འབྱེད་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ཡང་ཁ་དོག་ལ་ཡང་མཚུངས་ཏེ། ཁ་དོག་འཛིན་པ་ན་ཡང་ཉེ་བ་ན་གནས་པ་ལ་སོགས་པའི་དབྱིབས་
ཙམ་འཛིན་པའི་ཕྱིར་རྫས་འཛིན་པ་ཡང་མ་ཡིན་ལ། དབྱིབས་ཙམ་ནི་དོན་བྱེད་པ་མ་ཡིན་ནོ། །རྫས་ཀྱང་དེ་ལས་གཞན་པ་ལས་ཐ་དད་པ་མ་ཡིན་པར་མ་དམིགས་པ་མ་ཡིན་ནམ། ཇི་ལྟར་དོན་བྱེད་པ་ཡིན། དབྱིབས་དང་དེ་ལ་རྗེས་སུ་དཔོག་པའི་ཁ་དོག་གིས་ཁྱད་པར་ཅན་གྱི་དོན་
བྱེད་པ་ཡིན་ནོ་ཞེ་ན། མི་རིགས་ཏེ། དཔག་བྱ་ཁ་དོག་དང་ཁྱད་པར་ཅན་གྱི་དབྱིབས་ལས་ཐ་དད་པའི་རྫས་མ་དམིགས་པའི་ཕྱིར་རོ། །སྣང་བའི་ཁ་དོག་དང་ཁྱད་པར་ཅན་ཉིད་ཀྱང་རྫས་བཞིན་དུ་དབྱིབས་ལ་ཡང་འཁྲུལ་པའི་ཕྱིར། མཁས་པ་མ་ཡིན་པའི་དེ་ནི་བརྫུན་པ་ཡིན་
ལ། མཁས་པ་རྣམས་ཀྱི་ཐ་དད་པའི་བློ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །ཅི་ལས་ཤེས་ཞེས་བྱ་བ་ནི་རེ་ཞིག་དབང་པོ་ལས་ཀྱང་མ་ཡིན་ལ། ཐག་རིང་བ་ཉིད་དང་། རབ་རིབ་དང་། ཉེ་བར་བསྒྱུར་བ་ལས་ཀྱང་མ་ཡིན་ཏེ། མི་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མི་
དམིགས་པའི་རྒྱུ་ཡིན་ན་གསལ་བར་དམིགས་པ་ཡིན་ལ། ཉེ་བར་བསྒྱུར་བ་ལ་སོགས་པ་དམིགས་པའི་རྒྱུ་ཡོད་ན་ཆེས་ཤིན་ཏུ་དམིགས་པར་འགྱུར་རོ། །ཡོན་ཏན་ཡིན་པའི་ཕྱིར་ཁ་དོག་དང་དབྱིབས་ཉིད་རྟེན་པ་ཉིད་ཡིན་པས་རྟེན་གྱི་རྫས་འཕེལ་བ་ཡིན་པར་བསྟན་པ་ནི། དེ་དག་
ལས་ནི་གཞན་པ་ཡིན་ཞེས་བྱ་བ་སྟེ། དབྱིབས་ཀྱི་དངོས་པོ་ལས་གཞན་པ་མ་དམིགས་པའི་ཕྱིར་མི་རྟེན་པ་ཉིད་ཡིན་ཏེ། དམིགས་པར་བྱ་བ་ནི་ཡོན་ཏན་ཡིན་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་དང་འགལ་བ་མངོན་སུམ་པ་ཡིན་ཏེ། དེ་སྒྲུབ་པར་བྱེད་པ་ནི་མིག་མ་ཡིན་པའི་མངོན་སུམ་
เล่ม ๑๘๐ · หน้า 64a
པ་ཉིད་ལ་སོགས་པ་གནོད་པ་ཅན་ཡིན་ཏེ། སྤྱི་ལ་སོགས་པས་མེ་ངེས་པ་མ་ཡིན་ནོ། །དེ་ལས་གཞན་པ་ཉིད་ཀྱིས་ཁྱད་པར་ལ་ཡང་བློ་ཡིན་པར་འགྲུབ་པའི་གཏན་ཚིགས་ཉིད་ཡིན་གྱི་དུ་བ་བཞིན་དུ་དངོས་སུ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྗང་གུ་དང་སེར་པོ་ལ་སོགས་
པའི་ཁ་དོག་དང་ཆུང་ངུ་དང་ཆེན་པོ་ཉིད་ལ་སོགས་པའི་དབྱིབས་ཀྱང་གཞན་དང་གཞན་དུ་འགྱུར་བ་མ་ཡིན་ནམ། རྒྱ་ལྟར་གྱི་འབྲས་བུ་ནི་མ་ཡིན་ཏེ། དེ་ཉིད་ནི་གནས་སྐབས་ཐམས་ཅད་དུ་དམིགས་པའི་ཕྱིར་རོ། །གང་ཞིག་འགྱུར་ན་ཡང་གང་མི་འགྱུར་བ་དེ་ནི་དེ་ལས་ཐ་དད་པ་ཡིན་ལ།
ཁ་དོག་དང་དབྱིབས་འགྱུར་ཡང་རྫས་ནི་མི་འགྱུར་བ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྔོན་པོ་ཉིད་ལ་སོགས་པའི་ཁ་དོག་གི་རང་བཞིན་ཉིད་ཅེས་བྱ་བ་སྨོས་ཏེ། སྔོན་པོའི་ཁ་དོག་དང་དབྱིབས་དམིགས་པའི་དུས་སུ་དེའི་ཡན་ལག་བཞིན་དུ་
རྫས་དམིགས་པ་ཅན་ནི་མ་ཡིན་ནོ། །དེ་བཞིན་དུ་སེར་བོ་ལ་སོགས་པའི་ཁ་དོག་དང་དབྱིབས་དམིགས་པའི་དུས་སུ་དོན་གཞན་ལ་དམིགས་པ་ནི་ཡང་དག་པ་མ་ཡིན་པར་བསྟན་པར་བྱ་བ་ཡིན་ལ། རྗེས་སུ་འགྲོ་ལྡོག་དག་ཀྱང་ཡིན་ཏེ། དེའི་དོན་གཅིག་བྱེད་པའི་བྱེད་པ་པོ་ཉིད་དམ།
དེ་སྒྲ་གཅིག་གི་བརྗོད་བྱ་ཉིད་ཡིན་ཡང་དོན་གཞན་ལ་སྦྱོར་བ་དག་གི་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དེ་དོན་གཅིག་བྱེད་པའི་བྱེད་པ་པོ་ཉིད་ནི་མང་པོ་རྣམས་ལ་ཡང་གཅིག་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། ནགས་དང་བ་ལང་གི་སྒྲ་ལ་སོགས་པ་ཡང་རྣམ་པ་མང་པོ་ཡིན་པར་འཇིག་རྟེན་དུ་སྣང་
བ་ཡིན་ཏེ། གྲངས་དང་། ནགས་དང་། དམག་ལ་སོགས་པའི་སྒྲ་རྣམས་ཀྱི་བརྗོད་བྱ་ལ། བྱེ་བྲག་མེད་པར་ལྟུང་བའི་ཕྱིར་དང་། དོན་བྱེད་པའི་ཡུལ་ཡིན་པའི་ཕྱིར་ཡང་། གྲངས་ཀྱང་བགྲང་བྱ་ལ་དགོས་པ་ཉིད་དུ་ཉེ་བར་བླངས་ནས། མང་པོ་རྣམས་ལ་ཚིག་མང་པོར་ཐལ་
བར་འགྱུར་རོ། །རྫས་བཞིན་དུ་གྲངས་ལ་སོགས་པ་ལ་ཡང་ཁ་དོག་དང་དབྱིབས་ལས་ཐ་དད་པ་ཅན་མ་ཡིན་ཏེ། དེ་འཛིན་པའི་མངོན་སུམ་ལ་དེ་དང་འདྲ་བའི་སྣང་བ་མེད་པའི་ཕྱིར་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་དེ་དག་ཉིད་ཐ་དད་པར་རྣམ་པར་འབྱེད་པ་དང་། ཚིག་གི་དབྱེ་བ་
เล่ม ๑๘๐ · หน้า 64b
ལ་སོགས་པ་རྣམས་ནི་བརྗོད་པར་འདོད་པའི་ཡུལ་ལ་རྣམ་པར་གནས་པ་ཡིན་ནོ། །ཁ་དོག་དང་དབྱིབས་ནི་ཐ་དད་པར་མི་དམིགས་པ་ཡིན་ལ། ཕྱིས་མངོན་སུམ་གྱི་དུས་སུ་དེ་ཉིད་དང་། རྗེས་སུ་འབྲེལ་པའི་ངོ་བོར་མ་ཡིན་ནམ། རྗེས་སུ་འཇུག་པ་ཉིད་ཀྱི་རྫས་ཡིན་ལ། དེ་ཉིད་
ལས་ལོག་པ་ཉིད་ཀྱི་གནས་སྐབས་ནི་ཡོན་ཏན་ཡིན་ནོ་སྙམ་དུ་སེམས་ལ། དེ་ལས་ཐ་དད་པའི་རྫས་གཞན་ཞེས་བྱ་བའོ། །དེའི་རྗེས་སུ་འགྲོ་བའི་ངོ་བོར་རྫས་མ་ཡིན་ནམ། དབྱིབས་དང་ཁ་དོག་གི་རྟེན་ཡིན་ལ། དེ་ལ་བརྟེན་པ་དེ་དག་ནི་ཀུན་དུ་དམིགས་པ་ཡིན་པའི་ཕྱིར་ལ་དེ་བཞིན་
དུ་མ་དམིགས་པ་ཡང་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པས། འོན་ཏེ་ཁ་དོག་དང་དབྱིབས་དང་ལྡན་པའི་རྫས་ཡིན་ནོ་ཞེ་ན། ལན་དུ་མ་ཡིན་ཏེ། དེ་ལས་ཐ་དད་པར་ཞེས་བྱ་བ་སྟེ། ལྗང་གུ་དང་སེར་པོའི་ཁ་དོག་དང་དེའི་དབྱིབས་སུ་སྣང་བའི་དུས་སུ་སྣང་བ་ཡིན་ནོ། །སྔར་མཐོང་བ་ངོ་ཤེས་པ་
ཡང་མཐོང་བའི་ཡུལ་ལ་ཡིན་ལ། དེའི་ཡུལ་དང་ལོག་པར་འཛིན་པའི་ཕྱིར་མཐོང་བ་ཉིད་ཀྱིས་གནོད་པ་ཡིན་ནོ། །གནོད་པར་བྱེད་པ་ལས་ཀྱང་ཁྱད་པར་གྱི་རྣམ་པའི་ངེས་པ་མ་བཟུང་བའི་ཁྱད་པར་ཙམ་མམ། ཐག་རིང་བ་ཉིད་ཀྱང་སྣང་བ་ཡིན་གྱི་རྫས་སམ་ཅིག་ཤོས་ནི་མ་ཡིན་ནོ། །དེའི་
གནས་སྐབས་ན་ཡོད་བཞིན་པ་གནས་སྐབས་གཞན་དུ་འགྱུར་བ་མ་ཡིན་པར་བསྟན་པ་ནི། གསལ་བ་དང་མི་གསལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྔ་མའི་ཁ་དོག་དང་དབྱིབས་གཞན་ཡིན་པ་ཉིད་དམ། གཞན་དུ་ཡང་རྟོགས་པ་ནི་མི་གསལ་བ་ཉིད་དུ་ཐ་སྙད་འདོགས་པ་མེད་པར་
ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཐོང་བ་དང་ཕྲད་པར་བྱེད་པ་མཐོང་བ་ནི་ཚད་མ་ཡིན། ཕྲད་པར་བྱེད་པ་ཡང་རེག་པའི་དབང་པོས་འཛིན་པ་མ་ཡིན་ནམ། དེའི་ཕྱིར་མཐོང་བ་དང་རེག་པ་དག་གིས་དོན་གཅིག་འཛིན་པ་ཡིན་པའི་ཕྱིར་གཟུགས་དང་རེག་བྱ་ལ་སོགས་པ་གཅིག་པུ་
ནི་རྫས་ཡིན་ཏེ། དེ་མེད་ན་མངོན་སུམ་ཉིད་ཚད་མ་ཉིད་དུ་མི་འགྱུར་རོ་སྙམ་དུ་སེམས་པས། འོན་ཏེ་ཡང་ཁ་དོག་དེ་ནི་ཐོབ་པ་མིན་ཞེས་བྱ་བའོ། །ལན་ནི། དེ་ཉིད་དུ་ན་གལ་ཏེ་དེ། །ཞེས་བྱ་བའོ། །ཇི་ལྟར་ཡང་མཐོང་བ་ལ་གཟུགས་དང་དབྱིབས་ཀྱང་སྣང་བ་ཡིན་ལ། རྫས་ཀྱང་
เล่ม ๑๘๐ · หน้า 65a
དེའི་རྟོགས་བྱ་ཡིན་པའི་ཕྱིར་དེ་ཁོ་ན་བཞིན་དུ་སྣང་བར་འགྱུར་རོ། །དེ་བཞིན་དུ་རེག་པས་དམིགས་པར་བྱ་བ་ཡིན་ན། འཇམ་པ་དང་རྩུབ་པ་ལ་སོགས་པ་བཞིན་དང་། དེའི་དཔག་བྱ་ཁ་དོག་དང་དབྱིབས་བཞིན་དུ་དེ་ལས་གཞན་པའི་རྫས་སུ་དམིགས་པར་འགྱུར་ཏེ། རང་
གི་ངོ་བོ་དེ་བཞིན་དུ་མ་དམིགས་པ་ལ་དམིགས་པ་ཡིན་པར་སྨྲ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་རེག་བྱ་ཐོབ་བྱེད་ཡིན་པས་མཐོང་བ་ཇི་ལྟར་ཚད་མ་ཡིན་སྙམ་དུ་སེམས་པ་ལ། རྗེས་སུ་སྦྱོར་བ་ནི་ཞེས་བྱ་བ་སྨོས་ཏེ། ཡུལ་གཟུགས་མཐོང་བ་ནི་ཐོབ་བྱ་རང་གི་འབྲས་བུའི་
ངོ་བོ་ལ་དེ་ཉིད་ལ་དེའི་འབྲས་བུ་ཉིད་དུ་སྒྲོ་བཏགས་པས་དེ་ཉིད་མཐོང་ངོ་ཞེས་མངོན་པར་ཞེན་པས་ཐོབ་པར་བྱ་བ་ཡིན་ལ། རེག་བྱ་ལ་ནི་དེ་དང་ཚོགས་པ་གཅིག་པའི་འབྲས་བུ་ཡིན་པ་ཉིད་ཀྱིས་རྣམ་པར་རྟོག་པས་སྤྲུལ་པའི་ཡུལ་གཅིག་པ་ཉིད་ཀྱིས་ཐ་སྙད་པ་ཡིན་གྱི་རྫས་ནི་ཡུལ་མ་ཡིན་
ཏེ། འོ་ན་ཅི་ཞེ་ན། ཡུལ་ནི་གཟུགས་དང་རེག་བྱ་དག་ཡིན་ཏེ། དེ་ལྟར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་། ཁ་དོག་སོ་སོར་སྣང་བ་ལས། །འདི་ནི་བུམ་མིན་ཤེས་པ་ལ། །ཞེས་གསུངས་པའོ། །འདི་ཉིད་ཀྱི་དགོངས་པས་ནི་དེ་འཛིན་པ་མེད་ན་དེའི་ཤེས་པ་མེད་དོ་ཞེས་
གསུངས་པའོ། །དེ་ནི་རྗེས་སུ་འགྲོ་བའི་མཐར་ཐུག་པ་ཡིན་ཏེ། ཐལ་བར་འགྱུར་བ་དང་ཕྱིན་ཅི་ལོག་པ་ལ་བརྟེན་པའི་ཕྱིར་རོ། །དེས་ན་དེའི་ཁ་དོག་དང་དབྱིབས་འཛིན་པ་ན། དེ་དང་དེ་མ་ཡིན་པའི་བདག་ཉིད་ཀྱི་བློ་ནི་གཅིག་གི་བློ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་
རྫས་སམ་གཞན་ཡང་རུང་བའི་བློ་ནི་མ་ཡིན་ཏེ། གཅིག་ཉམས་སུ་མྱོང་བ་གང་ཡིན་པ་འདི་དེ་ཉིད་ཁ་དོག་དང་དབྱིབས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཀར་པོ་དང་དུང་ནི་རྣམ་པར་གཅད་བྱ་དང་རྣམ་པར་གཅོད་བྱེད་ཡིན་པས་རྫས་དང་ཡོན་ཏན་དག་མངོན་སུམ་ཡིན་པས།
དང་པོའི་དབང་པོའི་དུས་དེ་ཉིད་དུ་སྣང་བ་ཡིན་པའི་ཕྱིར། རྫས་མི་དམིགས་པ་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ལ། སྔར་བསྟན་པའི་རིམ་པས་དབྱིབས་ལས་གཞན་པ་གཅིག་པུའི་བྱེ་བྲག་ཏུ་བྱ་བའམ། ཐུན་མོང་བའི་ངོ་བོ་མེད་པའི་ཕྱིར་ཁྱད་པར་གྱི་རྣམ་པའི་ངེས་པ་
เล่ม ๑๘๐ · หน้า 65b
མི་འཛིན་པ་ཉིད་སྤྱི་ཡིན་ནོ་ཞེས་ཉེ་བར་བསྡུས་པ་ཡིན་ནོ། །དེའི་ཕྱིར་ཐུན་མོང་བ་ཞེས་བྱ་བའོ། །མཆོད་སྦྱིན་ལ་སོགས་པའི་བྱེ་བྲག་རྣམས་ཀྱིས་བྱེད་པའི་དོན་ནི་ངེས་པར་འཛིན་པ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་བས་ན་བྱེད་པ་ཞེས་བྱ་བའོ། །ངེས་པར་སྦྱོར་བའི་ཡུལ་གྱི་
སྐད་ཀྱི་དབྱིངས་ཀྱི་དོན་དང་། བྱེད་པའི་དོན་དག་ནི་རྟོགས་པས་ཕྱེ་བ་ཡིན་ནོ། །དེ་ལྟ་མོད་ཀྱི་ཡུལ་མེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རང་གི་བྱ་བ་དང་ཞེས་བྱ་བ་སྨོས་ཏེ། སྔ་མའི་བག་ཆགས་དང་དོན་ཡང་ཤེས་པ་དེའི་རྒྱུ་མཚན་ཡིན་གྱི། རེ་རེའི་ནི་མ་
ཡིན་ནོ། །གཏན་མེད་པའི་དོན་ལ་སྒྲ་ནི་ཤེས་པའི་བྱེད་པ་ཡིན་ནོ་སྙམ་དུ་སེམས་པས་སྨྲ་བ་ནི། མངོན་སུམ་ནི་ཞེས་བྱ་བ་སྟེ། གཏན་མེད་བ་ཞེས་བྱ་བ་ནི་ད་ལྟར་བ་མ་ཡིན་པ་འབྱུང་བར་འགྱུར་བ་དང་བྱུང་ཟིན་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ལན་དུ་མཐོང་བ་མེད་པའི་དོན་དེ་ནི་ཞེས་
བྱ་བ་སྟེ། ད་ལྟར་བ་མ་ཡིན་པའི་ཡུལ་ལ་ཡང་སྒྲའི་ཤེས་པ་འབྱུང་བ་ནི་དོན་ཡོད་པའི་ངོ་བོར་གྲུབ་པ་ཡིན་ན་ནི་བདེན་ན། རྟོགས་པ་འདི་ཉིད་ལ་དོན་ཡོད་པ་ནི་མ་ཡིན་ཏེ། རང་གི་ངོ་བོར་རིག་པའི་ཕྱིན་མཐོང་བ་མེད་པ་ཞེས་བྱ་བའི་དོན་ཡིན་ནོ། །འབྲས་བུ་ལ་བྱ་བ་བྱེད་པ་པོའི་ངོ་བོ་མི་ཤེས་
པ་ཡིན་ན། དེའི་བྱེད་པ་མེད་ལ་སྦྱིན་སྲེག་བྱས་པས་མཐོ་རིས་ཐོབ་པོ་ཞེས་བྱ་བའི་ཤེས་པ་རྟོགས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། མེའི་སྦྱིན་སྲེག་ལ་སོགས་པ་ལ་ནི་འབྲས་བུའི་རྒྱུ་ཉིད་ཅེས་བྱ་བའོ། །མི་འཇུག་པ་འཇུག་པར་བྱེད་པ་ངེས་སྦྱོར་མ་ཡིན་ནམ། སྐྱེས་བུ་ནི་དེ་ལ་སྦྱར་
བྱ་ཡིན་པ་ཉིད་ཀྱིས་དེ་དང་འབྲེལ་པ་ཅན་ཡིན་གྱི་བྱེད་པ་པོ་ཉིད་ཀྱིས་ནི་མ་ཡིན་ནོ། །སྐད་ཀྱི་དབྱིངས་ཀྱི་དོན་ནི་ཡུལ་ཉིད་ཀྱི་འབྲེལ་པ་ཅན་ཡིན་གྱི་བྱེད་པ་ཉིད་ཀྱིས་མ་ཡིན་ལ། དེ་ལིང་ལ་སོགས་པའི་བྱ་བ་ནི་མ་ཡིན་ཏེ། འཛུད་པར་བྱེད་པའི་བྱ་བ་ཉིད་དང་། ཚད་མ་གཞན་གྱི་སྤྱོད་
ཡུལ་ཡིན་པའི་ཕྱིར་དང་། མ་བཅད་པ་གཅོད་པ་པོ་ཉིད་མེད་པར་ཐལ་བར་འགྱུར་རོ། །འདི་ནི་རྫོགས་བྱ་ཉིད་ཀྱི་འབྲས་བུ་ཡང་ཡིན་ལ། འཇུག་པ་ལ་ཕྱོགས་པའི་གེགས་བྱེད་པས་དགག་པ་ཡང་ཡིན་ཏེ། སྐྱེས་བུའི་འཛུད་བྱེད་དང་། སྒྲིབ་བྱེད་དག་གི་བསྒྲུབ་པ་དང་དགག་པའི་
เล่ม ๑๘๐ · หน้า 66a
དོན་དག་ནི་དེ་ཙམ་གྱིས་ཀྱང་རྫོགས་པ་ཡིན་གྱི། འབྲས་བུ་དང་བྱ་བ་ལ་སོགས་པའི་རྟོགས་པ་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་བདག་གི་ནུས་པ་ཞེས་བྱ་བ་སྟེ། བྱ་བའི་འབྲས་བུའི་བྱེད་པ་པོ་དང་། དེ་དང་འབྲེལ་པ་དང་མཚན་ཉིད་མི་མཐུན་པའི་ལིང་གི་
དོན་ཏེ། རྟོགས་བྱ་ཡིན་པས་འབྲས་བུ་ཡིན་པ་ནི་ངེས་སྦྱོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་རྒྱུ་ཉིད་མི་ཤེས་པ་ཡིན་ལ། བསྐུལ་ཡང་རྟོགས་པ་དང་ལྡན་པ་རྣམས་འཇུག་པར་མི་འགྱུར་བར་བསྟན་པ་ནི། གལ་ཏེ་དེ་ནི་མཐོ་རིས་ཀྱི་རྒྱུ་མིན་པར་ནི་ཞེས་བྱ་བའོ། །འབྲས་བུ་
ཉིད་ནི་སྔ་མའི་རྗེས་སུ་འབྲངས་ནས། ལུང་ཐམས་ཅད་དུ་རྟོགས་པའམ་ཕྱིར་རིག་བྱེད་དང་རིག་བྱེད་མ་ཡིན་པ་དག་ལ་བྱེ་བྲག་ཅི་ཡང་མེད་པ་ཡིན་ལ། སྐྱེས་བུས་བྱས་པ་ལ་ནི་དེ་ལྟ་བུའི་ལས་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ནི་སྐྱེས་བུས་བྱས་པ་ཡིན་པའི་ཕྱིར་རིག་བྱེད་རང་
ཉིད་ཀྱི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པས་སྐྱེས་བུས་བྱས་པའི་འབྲེལ་པའི་རྗེས་སུ་འབྲངས་པས་རྟོགས་པ་ཡིན་ན། ཐེ་ཚོམ་ཅན་ཡིན་གྱི། འབའ་ཞིག་གིས་ནི་མ་ཡིན་ནོ། །མཐོང་བྱ་དང་བརྟག་བྱ་དག་གི་དོན་གཅིག་ཏུ་བྱས་ནས་འཇུག་པར་བྱེད་པའི་ཕྱིར་འཁྲུལ་པ་ཉིད་ཡིན་པར་བསྟན་པ་
ནི་སྣང་བ་དང་། རྣམ་པར་བརྟག་པ་གཅིག་ཏུ་བྱས་ནས་ཤེས་པར་བྱའོ། །མངོན་སུམ་ལ་སོགས་པའི་ཤེས་པ་ནི་རྒྱུ་ཡོད་ལ་རྐྱེན་མེད་པ་ཡིན་ན། ཚད་མ་ཉིད་སྐྱེད་པར་བྱེད་པ་མ་ཡིན་ནམ། རིག་བྱེད་ལ་ཡང་དེ་དག་ཙམ་གྱིས་སྦྱོར་བར་བྱེད་པ་ནི་ཡོད་པ་ཉིད་ཡིན་ལ། སྐྱོན་རྣམས་ནི་ཚད་མ་
ཉིད་མ་ཡིན་པ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཕྱིར་མི་སྲིད་པ་ཡིན་ནོ། །མངོན་སུམ་ལ་སོགས་པས་རྟོགས་པའི་དོན་ཉིད་ནི་ཚད་མ་ཉིད་ལ་སྦྱོར་བར་བྱེད་པ་མ་ཡིན་པ་དེས་ན་དེ་མེད་ཀྱང་སྐྱོན་མེད་པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་ལ་ངེས་པ་ཡིན་ན་སྐྱོན་མེད་པ་མ་ཡིན་
ནམ། ངེས་པ་ཡང་དོན་བྱེད་པ་ལ་མི་བསླུ་བ་ཉིད་ཀྱི་ཕྱིར་ཏེ། སྔ་མ་ལ་སྐྱོན་མི་དམིགས་པ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ན། མི་བསླུ་བ་ཡང་སྐྱེས་བུའི་དོན་ཉིད་ལ་འཇུག་པའི་མཚམས་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ན་ཚད་མ་ཉིད་ལ་སྦྱོར་བར་བྱེད་པ་མ་ཡིན་ནོ། །སྔར་གྱི་གནོད་པ་མེད་པ་
เล่ม ๑๘๐ · หน้า 66b
ཅན་ཡང་སྔ་མ་བཞིན་དུ་ཐེ་ཚོམ་ཅན་ཡིན་ནོ། །འཇུག་པ་ལ་ཡང་སླུ་བ་ཅན་ཉིད་ཡིན་ན། མི་བསླུ་བ་དང་སླུ་བ་དག་ཁོ་ན་ཚད་མ་ཉིད་དང་། ཚད་མ་མ་ཡིན་པ་ཉིད་ལ་སྦྱོར་བར་བྱེད་པ་ཉིད་ཡིན་གྱི། རིག་བྱེད་ལ་ནི་ཚད་མ་ཉིད་ལ་སྦྱོར་བར་བྱེད་པའི་ཚད་མ་གཞན་མི་བསླུ་བ་ཡོད་པ་མ་ཡིན་ལ།
དེའི་ཚེ་སླུ་བ་ཉིད་ནི་ཡོད་པ་ཡིན་ཏེ། འབྱུང་བར་འགྱུར་བ་ལ་ཡང་མ་འཁྲུལ་བའི་རྒྱུ་མཚན་མེད་པའི་ཕྱིར་སྲིད་པ་ཡིན་ནོ། །སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་ནི་མི་བསླུ་བ་ལ་སྦྱོར་བར་བྱེད་པ་དང་། རང་བཞིན་པའི་ཡང་འབྲེལ་པ་མེད་པའི་ཕྱིར་ནམ་མཁའ་བཞིན་དུ་གོ་བར་བྱེད་པ་
ཉིད་མ་ཡིན་ནོ། །དེས་ན་ཡང་། སྐྱོན་མེད་ཤེས་པ་ལས་བྱུང་བའི། །མངོན་སུམ་གྱིས་བསྒྲུབས་སྐྱེས་བུ་ནི། །མིན་པའི་བྱེ་བྲག་སྐུལ་བྱེད་བློའི། །བརྗོད་བྱ་མེད་སྨྲ་རྣམས་ཀྱི་ཡིན། །ཞེས་བྱ་བ་ནི་མི་རིགས་པ་ཉིད་ཡིན་པའི་ཉེ་བར་བསྡུ་བ་ནི། དེའི་ཕྱིར་འཆད་པ་པོའི་བྱེད་པའི་ཡུལ་
ཞེས་བྱ་བ་སྟེ་འདི་སྐད་བསྟན་པར་འགྱུར་ཏེ། རེ་ཞིག་ཚད་མ་ཉིད་ཤེས་པ་ནི་དབང་པོ་ལ་སོགས་པའི་རྒྱུའི་ངོ་བོས་བསྐྱེད་པར་བྱ་བ་མ་ཡིན་ཏེ། རང་ལས་ཚད་མ་ཐམས་ཅད་ཀྱིས། །ཚད་མ་ཉིད་དུ་གཟུང་བྱ་ཡིན། །རང་ལས་ཏེ་བདག་ཉིད་ཀྱི་རྒྱུ་ཁོ་ན་ལས་ཡིན་གྱི། རྒྱུ་གཞན་ལས་ནི་མ་
ཡིན་ཏེ། རྒྱུ་ཡི་རང་གི་ངོ་བོ་ནི། །ཚད་མ་མིན་ལ་འང་ཡོད་པའི་ཕྱིར། །ཞེས་གང་གསུངས་པའོ། །ཚད་མ་ཉིད་དུ་ཡང་མ་ཤེས་པ་ནི་དོན་ཡོངས་སུ་གཅོད་པའི་འབྲས་བུའམ། འཇུག་པའི་ངོ་བོའི་འབྲས་བུ་ཡང་བྱེད་པ་མ་ཡིན་ཏེ། ཤེས་པའི་སྔ་རོལ་དུ་བྱུང་བ་དང་ཕྱིས་འབྱུང་བ་ལ་
ཡང་བྱེ་བྲག་མེད་པའི་ཕྱིར་ཏེ། དངོས་པོ་རྣམས་ཀྱི་བདག་ཉིད་འཐོབ་ལ་རྒྱུ་ལ་ལྟོས་པ་ཉིད་ཡིན་ཏེ། བདག་ཉིད་འཐོབ་པ་རང་འབྲས་ལ། །རང་ཉིད་ཁོ་ན་འཇུག་པར་འགྱུར། །ཞེས་སྨོས་པས། ཡོངས་སུ་གཅོད་པ་ཙམ་ནི་ཚད་མ་ཡིན་པ་ཙམ་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་ཡང་།
དེ་ཕྱིར་བློའི་བདག་ཉིད་ཀྱིས་ནི། །བློ་ཡིས་ཚར་མ་ཉིད་འཐོབ་ན། །དོན་གཞན་ཉིད་རྒྱུ་ལས་བྱུང་བའི། །སྐྱོན་ཤེས་པ་ལས་སེལ་པ་ཡིན། །ཞེས་སྨོས་པའོ། །དམིགས་ཀྱིས་བསལ་བའི་ཡུལ་བཏང་ནས་སྤྱིར་བཏང་བ་ལ་འཇུག་པར་བྱ་སྟེ། དེས་ན་ཤེས་པའི་རྒྱུའི་བྱེ་བྲག་ཅན་ཚད་
เล่ม ๑๘๐ · หน้า 67a
མ་མ་ཡིན་པ་མེད་པ་ཅན་གྱིས་ཚད་མ་ཉིད་བསྐྱེད་པར་བྱ་བ་ཡིན་གྱི་བྱེ་བྲག་དེ་ཡང་ཤེས་པའི་རང་གི་ངོ་བོ་བྱེད་པ་ནི་མ་ཡིན་ཏེ། དེ་མེད་པར་ཡང་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་རང་གི་ངོ་བོ་ཡོངས་སུ་གཅོད་པ་ཙམ་ནི་ཚད་མ་ཉིད་ཀྱི་འབྲས་བུ་མ་ཡིན་ཏེ། ཚད་མ་མ་ཡིན་
པ་ལ་ཡང་ཡོད་པས་ཐེ་ཚོམ་ཅན་ཡིན་པའི་ཕྱིར་རོ། །བྱེ་བྲག་མ་མཐོང་ན་ཐག་རིང་པོ་ལ་མཐོ་ཡོར་དང་མིར་ལྟ་བ་པོ་རྣམ་པར་དཔྱོད་པ་ན། སྐྱོན་གྱིས་ཤེས་པ་མ་སྐྱེས་ཕྱ་ན། །ཚད་མ་ཡིན་པའི་དོགས་པ་མེད། །ཅེས་བྱ་བ་ཙམ་གྱིས་བསལ་བར་ནུས་པ་མ་ཡིན་ནོ། །དེ་ལྟ་བུའི་ཡུལ་རང་
ཉིད་ཁོ་ན་སྐྱེ་བར་རྣམ་པར་དཔྱོད་པ་ཡིན་ནོ་ཞེ་ན། ཡོངས་སུ་གཅོད་པ་ཙམ་ལ་ཡང་ཁྱད་པར་མ་མཐོང་བར་བྱེ་བྲག་མེད་པ་ཡིན་ཏེ། དང་པོ་ནི་གནོད་པ་ཅན་མེད་པའི་ཁྱད་པར་དུ་མ་ངེས་པ་ཡིན་ལ། དུས་ཕྱིས་འཇུག་པའི་དུས་སུ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཐེ་ཚོ་མ་ཡིན་ནོ། །གོམས་པའི་
ཡུལ་ལ་ནི་ལན་ཅིག་མིན་པར་འཇུག་པ་པོ་འཐོབ་པའི་ཡོད་པ་དང་མེད་པ་དག་གིས་མཚོན་པ་ནི་མ་འཁྲུལ་བའམ། ཅིག་ཤོས་ཀྱི་ངོ་བོ་ཉིད་ན་ཁྱད་པར་ཡོད་པའི་ཕྱིར་ཐེ་ཚོམ་སྐྱེ་བ་མ་ཡིན་ནོ། །གནོད་པ་ཅན་མ་དམིགས་པ་ཙམ་ལས་ནི། གནོད་པ་ཅན་ཡོད་པ་དང་མེད་པའི་ཐུན་མོང་བ་
ལས་མ་ཡིན་ནོ། །དེ་ལྟར་ན། རྒྱུའི་སྐྱོན་མ་དམིགས་པ་ལ་ཡང་བརྗོད་བྱ་འཇུག་པ་ཡིན་ཏེ། དང་པོ་རྒྱུའི་སྐྱོན་མ་དམིགས་པའི་མ་ངེས་པ་ཡིན་ལ། ཕྱིས་ནི་སྔ་མ་མ་གྲུབ་པ་ཡིན་ནོ། །ཁ་ཅིག་ཏུ་ལན་ཅིག་མིན་པར་འཇུག་པ་དང་། ཐོབ་པ་དག་གིས་ཤེས་པ་ནི་མ་འཁྲུལ་པའི་ངོ་བོ་ཉིད་ཡིན་པ་ནི་བྱེ་
བྲག་ཡིན་པའི་ཕྱིར་དེ་མཐོང་བ་ལ་འཇུག་པ་ནི་གནོད་པར་བྱེད་པའི་རྒྱུ་སྐྱོན་མ་དམིགས་པ་ལས་འཇུག་པ་མ་ཡིན་ཏེ། དེའི་ཕྱིར་དང་པོར་ཡོངས་སུ་བཅད་པ་ནི་དོན་དང་དོན་མ་ཡིན་པའི་ཐུན་མོང་བ་ཡིན་པའི་ཕྱིར་ཐེ་ཚོམ་ཡིན་ཡང་། དེའི་ཚེ་དེ་ཉིད་ལ་འཇུག་པ་ཡིན་ཏེ། དེ་ལྟར་འཇུག་པར་ཡང་མཐོང་བའི་
ཕྱིར་རོ། །དུས་ཕྱིས་ནི་མ་འཁྲུལ་པའི་ཤེས་པ་ལས། ཤེས་པའི་རང་གི་ངོ་བོ་ཉིད་ཁོ་ན་ལས་འཇུག་པ་ཡིན་ཏེ། རང་གི་ངོ་བོ་འཛིན་པར་བྱེད་པའམ། དོན་བྱེད་པ་འཛིན་པར་བྱེད་པ་ལ་གཞན་ལ་ལྟོས་པ་ཡིན་ཡང་ཐུག་པ་མེད་པ་མ་ཡིན་ཏེ། དོན་བྱེད་པའི་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་
เล่ม ๑๘๐ · หน้า 67b
དང་། རང་གི་ངོ་བོ་ཤེས་པ་ལས་ཐ་དད་པ་མ་ཡིན་པ་དང་། རང་རིག་པའི་མངོན་སུམ་ཡིན་པ་ཉིད་ཀྱིས་ཐེ་ཚོམ་བསལ་བའི་ཕྱིར་རོ། །མངོན་སུམ་ལ་ཡང་རེ་ཞིག་དོན་གྱི་རང་གི་ངོ་བོ་སྣང་བ་ཅན་ལ་སོགས་པ་མེད་ན་ཐེ་ཚོམ་ཁོ་ན་ཡིན་ན། རིག་བྱེད་ལ་ནི་དོན་གྱི་རང་གི་ངོ་བོ་ལ་རེག་པར་བྱེད་པ་མ་ཡིན་པ་
རྣམ་པར་རྟོག་པ་ཙམ་ལ་ནི་སྨོས་ཀྱང་ཅི་དགོས་ཏེ། དབང་པོ་ལས་འདས་པའི་ཡུལ་ཅན་ཉིད་ཀྱིས་གོམས་པ་མི་སྲིད་པའི་ཕྱིར། དེ་དག་ཙམ་གྱི་རྒྱུ་བསྐྱེད་པར་བྱ་བའི་ཤེས་པ་ནི་དོན་བྱེད་པ་མ་ཡིན་པ་ཉིད་ཀྱིས། དང་པོའི་ཤེས་པ་ལས་ཁྱད་པར་མེད་པའི་ཕྱིར་རིག་བྱེད་ལ་ཡང་རྗོད་པར་བྱེད་པའི་རྗེས་སུ་
འཇུག་པའི་བློ་ནི་རྣམ་པ་བརྒྱར་འགྱུར་བའི་ཕྱིར་ཕ་རོལ་པོའི་ཕྱོགས་ནི་རྗེས་སུ་མཐུན་པ་མ་ཡིན་ལ། ཕ་རོལ་པོ་རྣམས་ཀྱིས་མི་བསླུ་བ་ཤེས་པ་ཞན་པ་ཙམ་ནི་དེ་དག་ཙམ་གྱི་རྒྱུ་བསྐྱེད་བྱར་བརྗོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གྲང་བ་ལྡོག་པར་བྱེད་པ་ལ་སོགས་པ་རང་ཉིད་རིག་པར་བྱ་བ་ཡིན་ནོ། །དེས་
ན་ཕ་རོལ་པོའི་དངོས་པོས་སྟོང་པ་འདྲེན་པར་འདོད་པ་ཙམ་ནི་གུས་པར་བྱ་བ་མ་ཡིན་ནོ། །གོམས་པ་མེད་པའི་དུས་ཀྱི་ཚད་མ་ཉིད་ནི་གཞན་གྱི་རྗེས་སུ་འབྲང་བའི་བདག་ཉིད་ཅན་གྱི་འབྲས་བུ་ཅན་ཡིན་ཏེ། འབྲས་བུ་དང་རྒྱུ་ཙམ་དུ་ནི་ཚད་མ་དང་ཅིག་ཤོས་མཚུངས་པ་དེས་ན་ཕྲད་པར་བྱ་བ་མེད་ན་མི་
འབྱུང་བའི་ངོ་བོ་ནི་གོམས་པ་ལས་རྟོགས་པ་ཡིན་ལ། མཐར་ཐུག་པར་གནོད་པ་མཐོང་བའམ། གཞན་ཡང་རུང་བ་ལ་འགྲུབ་པ་ལ་འཁྲུལ་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ཉིད་མ་རྟོགས་ལས་བྱུང་བ། །སྤྱི་ཡིན་སྨྲ་རྣམས་འདི་ལ་གནས། །རྒྱལ་བ་ཅན་དེའི་ཇི་ལྟར་ཡིན། །ཚིག་ཏུ་བརྗོད་པ་དེ་སྨྲ་
ཡིན། །ཞེས་བྱ་བའོ། །བཅོམ་ལྡན་འདས་ཉིད་ཆོས་ལ་སོགས་པ་རྣམས་ལ་ཐ་སྙད་པ་མ་ཡིན་པའི་ཚད་མ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་དང་པོར་ཁས་བླངས་པ་མ་ཡིན་ནམ། གང་གི་ཕྱིར་དེ་ནི་དབང་ཕྱུག་ལ་སོགས་པའི་ཡུལ་ཉིད་ཡིན་ནོ་སྙམ་སེམས་པ་ཡིན་ན། དེ་ནི་དགག་པར་བྱ་བ་
ཡིན་ནོ། །ཀུན་རྫོབ་ནི་མི་འདོད་ཅེས་བྱ་བ་ཇི་ལྟར་ཡིན། སྔར་མཐོང་བ་ངོ་ཤེས་པ་ནི་ཆོས་ལ་སོགས་པའི་ཡུལ་ཉིད་ཡིན། དེ་དང་བསྒྲུབ་པ་མ་ཡིན་ཏེ། རྟོགས་པ་ཉིད་ཡིན་པས་སྐབས་མ་ཡིན་པ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་ངོ་བོ་ཉིད་དག་གིས་གཉི་གའི་ངོ་བོ་ཡིན་པའི་
เล่ม ๑๘๐ · หน้า 68a
ཕྱིར་དང་། བཅོམ་ལྡན་འདས་ཀྱང་ལས་དང་འབྲས་བུ་འབྲེལ་བ་མཁྱེན་པ་ལ་རྣམ་པར་རྟོག་པ་གཙོ་བོ་ཡིན་པའི་ཕྱིར། དོར་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པར་ཉམས་སུ་མྱོང་བ་ཙམ་གྱིས་འཇུག་པ་མ་ཡིན་པའི་ཕྱིར་ཡང་རྗེས་སུ་མཐུན་པ་ཡང་ཡིན་ནོ། །འོན་ཏེ་ཉམས་
སུ་མྱོང་བའི་ངོ་བོའི་བཅོམ་ལྡན་འདས་ནི་བདག་ཉིད་དམ། གཞན་ཡང་རུང་བའི་དུས་སུ་རིག་པ་ཡིན་ལ། རྣམ་པར་རྟོག་པ་ནི་དེ་དང་དེ་མ་ཡིན་པའི་དུས་སུ་རིག་པར་བྱེད་པ་ཡིན་པའི་ཕྱིར་དེ་དང་འགལ་བ་ཅན་ཡིན་པའི་ཕྱིར་གསལ་བར་བྱ་བ་ཡིན་ནོ། །མ་ཡིན་ཏེ། ཉམས་སུ་མྱོང་བ་དེ་མ་ཡིན་
པའི་ཡུལ་ཅན་ཉིད་ཡིན་ན། དེ་ལ་རག་ལས་པའི་རྣམ་པར་རྟོག་པ་ཡང་འཛིན་པར་བྱེད་པར་མི་འགྱུར་རོ། །དེ་ལ་རག་མི་ལས་པ་ཉིད་ཡིན་ན་དེ་ཡོད་ན་འབྱུང་བ་ནི་སྔོན་པོའི་རྣམ་པར་རྟོག་པ་བཞིན་དུ་མི་འགྱུར་བའི་ཕྱིར་ཉམས་སུ་མྱོང་བ་ཡང་ཞེན་པའི་བདག་ཉིད་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་མ་ཡིན་པའི་དུས་སུ་རིག་པ་
ནི་ཤེས་པ་ཉིད་ཁོ་ན་ཉིད་ཡིན་ནོ། །གོམས་པར་བྱ་བའི་ཡུལ་ལ་རྗེས་སུ་འཇུག་པ་ལ་སྦྱངས་པ་ཡིན་ན། མིག་ཕྱེ་བའི་མོད་ལ་དེ་ཉིད་རྟོགས་པ་རྣམ་པར་རྟོག་པ་ཅན་མ་ཡིན་པ་ཡོད་པ་ཡིན་ཏེ། དེ་ལ་དྲན་པའི་རྗེས་སུ་འཇུག་པ་ལ་སོགས་པ་སྲིད་པ་མ་ཡིན་ནོ། །མའམ་ཕ་ལ་ཡང་ཐ་སྙད་ལ་བསླབས་པ་
ལ་སོགས་པས་གོམས་པར་གྱུར་པ་ནི་མཐོང་བ་ཙམ་གྱིས་མི་ཤེས་པ་མ་ཡིན་ནོ། །དེ་ནི་འདྲ་བར་རྟོགས་པ་ཡིན་ཞེས་བྱ་བར་ནི་མི་རིགས་ཏེ། སྦྱངས་པའི་ཟིན་པོ་མ་ཡིན་ན་འདྲ་བར་རྟོགས་པ་མེད་པའི་ཕྱིར། དེ་ལ་ཟིན་པོ་ཡིན་ན་འདྲ་བར་རྟོགས་པ་བཞིན་དུ་དེ་ཁོ་ན་ཉིད་རྟོགས་པ་བསལ་བར་བྱས་པ་མ་ཡིན་པ་ཉིད་ཡིན་
ནོ། །སྔ་མའི་རྗེས་སུ་འབྲངས་པ་མེད་ན་འདྲ་བར་རྟོགས་པ་ཡིན་ནོ། །སྔར་ཉམས་སུ་མྱོང་བའི་ཡུལ་ཉིད་འཛིན་པ་ཁོ་ན་ཡིན་པ་འདི་ནི་དེ་ཁོ་ན་ཉིད་ཤེས་པ་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་མེད་པ་ཅན་ནི་སྔར་མཐོང་བ་ངོ་ཤེས་པ་ཡིན་ལ། རྣམ་པར་རྟོག་པ་ཡང་དེའི་འོག་ཏུ་དེ་ཉིད་འདི་
ཡིན་ནོ་ཞེས་བྱ་བ་ནི་སྔོན་པོར་ཉམས་སུ་མྱོང་བའི་རྣམ་པར་རྟོག་པ་ཁོ་ན་བཞིན་དུ་སྔར་མཐོང་བ་ངོ་ཤེས་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་རྟོག་པ་དང་ཅིག་ཤོས་ཀྱི་ངོ་བོས་ཡིན་པའི་ཕྱིར་ཉམས་སུ་མྱོང་བའི་བདག་ཉིད་བཅོམ་ལྡན་འདས་ནི་སྐད་ཅིག་མ་ཉིད་ལ་སོགས་པར་རིག་པ་པ་མ་ཡིན་
เล่ม ๑๘๐ · หน้า 68b
ཞིང་། རྣམ་པར་རྟོག་པ་ཡང་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ལ་སྒྲ་ནི་ཡིན་ཏེ། སྔར་མཐོང་བ་ངོ་ཤེས་པ་ལས་སྒྲ་དང་དོན་དག་གི་རྟག་པ་ཉིད་དུ་གྲུབ་པས་འབྲེལ་པ་ཡོད་པའི་ཕྱིར་རོ། །ཡང་ན་ཉམས་སུ་མྱོང་བ་ནི་རང་གི་དུས་སུ་རིག་པ་ཡིན་གྱི་དུས་གཞན་དུ་ནི་མ་ཡིན་ལ། རྣམ་པར་རྟོག་པ་ནི་དེ་
དང་དེའི་དུས་མ་ཡིན་པར་ཡང་རིག་པར་བྱེད་པ་ཡིན་ཏེ། ཉམས་སུ་མྱོང་བ་ལས་ནི་འབའ་ཞིག་འབྱུང་བ་ཡིན་གྱི། དེའི་བྱ་བའི་ཡུལ་ལ་ཡུལ་དུ་བྱེད་པ་ནི་མ་ཡིན་ཏེ། དེ་ཡང་། དང་པོ་དག་པའི་དངོས་པོ་ལས། །བྱུང་བའི་མིག་གི་རྣམ་ཤེས་ཡོད། །ཅེས་སྨོས་པའོ། །དང་པོ་ཞེས་བྱ་བ་ནི་རྒྱུ་
མཚན་ཡིན་ཏེ། རང་གི་ཡུལ་ལ་གཏོད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ནི་དག་པའི་དངོས་པོ་ལས་སྐྱེས་པ་ཞེས་ཟེར་བའོ། །རྣམ་པར་རྟོག་པ་ནི་ཡུལ་གཞན་ལ་ཡིན་ཏེ། དེ་ཡི་འོག་ཏུ་དངོས་དེ་ཡང་། །རིགས་སྩོགས་རྣམས་ཀྱི་ཆོས་རྣམས་དང་། །བཅོས་པའི་བློ་གང་གིས་ངེས་པ། །དེ་ཡང་
ཚད་མ་ཉིད་དུ་འདོད། །ཅེས་བྱ་བ་སྟེ། མངོན་སུམ་མ་ཡིན་ཞིང་རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །ཉམས་སུ་མྱོང་བ་ཁྱད་པར་ཅན་རིག་པ་དང་འགལ་བ་ཡང་མ་ཡིན་ཏེ། དེས་བསྒྲུབ་པ་ཉིད་རྣམ་པར་རྟོག་པས་བརྟགས་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །རྟག་པར་
རིགས་པས་ཀྱང་ཉམས་སུ་མྱོང་བ་དེ་དང་འགལ་བ་ཡང་མ་ཡིན་ཏེ། དངུལ་གྱི་ཤེས་པ་ལ་ཡང་ཉ་ཕྱིས་ཀྱི་ཤེས་པ་ལྟ་བུའོ། །དེ་ལྟར་དང་པོ་ལ་གནོད་པ་མེད་པས་ཕྱི་མ་སྐྱེ་བར་ཡང་རིགས་པའི་ཕྱིར་གཉི་གའི་བདག་ཉིད་ཅན་གྱི་དངོས་པོ་ལ་ཉམས་སུ་མྱོང་བས་མི་རྟག་པར་རྟོགས་ལ། རྣམ་པར་
རྟོག་པས་རྟག་པར་རྟོགས་པའི་ཕྱིར་རྗེས་སུ་དཔག་པ་ལས་གཞན་པའི་ཚད་མ་གཉིས་གྲུབ་པ་ཡིན་ནོ། །མངོན་སུམ་དང་སྔར་མཐོང་བ་ཡང་ངོ་། །འདི་སྐད་བསྟན་པར་འགྱུར་ཏེ། ཉམས་སུ་མྱོང་བ་ཉིད་རྣམ་པར་རྟོག་པར་འགྱུར་ལ། ཕྱིས་ནི་དྲན་པ་གཞག་པར་ནི་མི་འཐད་པར་ཤེས་པས་རང་
ཉིད་ཀྱང་གོམས་པར་བྱས་པའི་ཡུལ་རྟོགས་པ་ཡིན་ཏེ། དེ་ཡང་ད་ལྟར་བ་ཙམ་འཛིན་པ་ཅན་རྟོག་པ་མེད་པ་ཡིན་ལ། དེའི་ནུས་པ་ལས་རྣམ་པར་རྟོག་པ་གཞན་སྔར་མཐོང་བ་ངོ་ཤེས་པ་ཡིན་ནོ། །སྔ་མ་དང་ཕྱི་མའི་ཤེས་པ་ཐམས་ཅད་དུ་གཞི་མཐུན་པར་མཚུངས་པ་ཉིད་དུ་རྟོགས་པ་ལ་བསྙོན་
เล่ม ๑๘๐ · หน้า 69a
པར་ནུས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་དོན་བྱེད་པར་གནས་པ་ཞེས་བྱ་བ་སྨོས་ཏེ། སྔར་མཐོང་བ་ངོ་ཤེས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཡན་ལག་ཅན་ལ་སོགས་པའི་ཤེས་པ་བཟུང་ངོ་། །ལན་ནི། འདིར་བརྗོད་པ་ཞེས་བྱ་བ་སྟེ། །རེ་ཞིག་ཉམས་སུ་
མྱོང་བ་ཉིད་ངེས་པ་པའི་བདག་ཉིད་ཅན་ཡིན་པར་གང་སྨྲས་པ་དེ་ནི་མི་རིགས་ཏེ། རྟའི་རྣམ་པར་རྟོག་པ་མཐོང་བའི་དུས་སུ་ཡང་བ་ལང་མཐོང་བ་ལས་རྟ་ཡིན་པར་རྣམ་པར་རྟོག་པའི་ཕྱིར་དང་མཐོང་བ་དང་རྟོགས་པ་དག་བྱེ་བྲག་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། བྱེ་བྲག་ཀྱང་རྟོགས་པ་ལས་གྲུབ་
པའི་ཕྱིར་དང་། དོན་གྱིས་གོ་བ་ཡིན་པའི་ཕྱིར་ཡང་ངོ་། །ཇི་ལྟར་མཐོང་བ་དེ་བཞིན་དུ་རྣམ་པར་གཞག་པ་ཡིན་ན། གནོད་པ་མེད་པ་ཡིན་ཏེ། མཐོང་བ་སྒྲིན་པོ་ཉིད་ཡིན་ན་དྲན་པ་སྐྱེ་བའི་ཕྱིར་མཐོང་བ་ནི་རྣམ་པ་གཉིས་ཏེ། ཆེས་མང་རྟུལ་བ་འགྲོ་བ་པོའི་རྩའི་རེག་པ་བཞིན་དུ་མ་གོམས་
པའི་དུས་སུ་དང་། དེ་ལས་བཟློག་པ་ཆེས་ཟིན་བོ་ཡིན་པའོ།། །དེ་ལ་ཡང་དེའི་མཚན་ཉིད་ཀྱི་དྲན་པ་སྐྱེ་བོ་ལ་མཚན་ཉིད་ཁོ་ན་ནི་ངེས་པ་མ་ཡིན་ཏེ། དྲན་པ་དང་ཅིག་ཤོས་དག་གི་མཐོང་བ་དང་ཀུན་རྫོབ་དག་ཐ་དད་པའི་ཕྱིར་རོ། །འོན་ཏེ་གོམས་པ་ལ་ཕ་ལ་སོགས་པར་སྦྱངས་པའི་
ཟིན་པོ་ཡིན་པའི་ཕྱིར་དང་པོ་ཉིད་སྣང་བ་ན་མཐོང་བ་ཙམ་གྱིས་གོ་བ་ཡིན་ནོ། །དེ་ལ། དེ་ཉིད་འདི་ཡིན་ནོ་སྙམ་པ་ཞེས་བྱ་བ་སྨོས་ཏེ། ཕ་ལ་སོགས་པ་དང་པོ་ཉིད་མཐོང་བ་ལས་རྟོགས་པ་དང་། དེ་ལ་དགོས་པར་རྟོགས་པ་ཡང་མ་ཡིན་ཏེ། དང་པོ་བཞིན་དུ་ཉེ་བ་གནས་པ་ཉིད་ཀྱིས་ཕ་ནི་
རྟོགས་པ་ལ་སོགས་པའི་ཡུལ་ཡིན་ཏེ། དང་པོ་ཕ་ལ་སོགས་པའི་ཐ་སྙད་ལ། སྔ་མ་ཉིད་ལྟོས་པ་མ་ཡིན་ལ། དེ་ལ་དགོས་པ་ཡང་ལྟོས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་དེར་ཉེ་བ་ན་གནས་པའི་ཕ་ལ་སོགས་པའི་ཡུལ་ལ་གཟུང་བ་ལ་འཛིན་པ་ཡིན་ཏེ། ཉེ་བ་ན་གནས་པ་མཐོང་བའི་ཡུལ་
ཅན་ཡིན་པའི་ཕྱིར། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་དེ་ལ་ཡང་ཕ་ཡིན་པར་རྟོགས་པ་འདི་ལ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་དེ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདྲ་བ་ཉིད་ཀྱི་རྒྱུ་མཚན་ལས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཡིན་ནམ།
เล่ม ๑๘๐ · หน้า 69b
བ་ལང་དང་འདྲ་བ་ནི་བ་མེན་ནོ་ཞེས་བྱ་བ་ལྟ་བུའོ། །བདེན་ཏེ། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་བླུན་པོ་རྣམས་ལ་ནི་འདྲ་བ་ཉིད་ལ་དེ་ལྟ་བུའོ་ཞེས་བྱ་བར་འགྱུར་ཏེ། བ་ལང་ལྟ་བུའི་བ་ལང་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཤིན་ཏུ་འདྲ་བ་ཉིད་ལ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་སྐྲ་དང་སེན་མོ་ལ་སོགས་པ་
བྲེག་པ་ཡང་སྐྱེ་བ་ལྟ་བུའོ། །དེ་ལ་བར་ཚིགས་སུ་མགོ་ཟླུམ་དུ་མཐོང་བ་ནི་གཅིག་པ་ཉིད་ལ་གནོད་པ་ཅན་ཡིན་ལ། འདི་ལ་ཡང་སྔ་མ་དང་ཕྱི་མ་དག་གི་མཐོང་བ་དག་ལ་མཐར་ཐུག་པ་དང་འཛིན་པ་གནོད་པ་བྱེད་པ་ཡིན་གྱི་མ་ཡིན་ནོ་ཞེས་བྱ་བ་ནི། བྱེད་པ་འཛིན་པ་ཉིད་ཀྱིས་རྗེས་སུ་བསྒྲུབ་བྱར་
བྱེད་པ་ཡིན་ནོ། །འདྲ་བའི་ཤེས་པ་ཡང་མཐོང་བ་ཙམ་ལ་མེད་པ་ཡིན་ལ། སྦྱངས་པའི་ཟིན་པོ་ལ་ནི་འབྱུང་བ་ཡིན་ནོ། །ཟིན་པོ་དེ་ལ་དེ་དང་གཅིག་པ་ཉིད་དུ་འཛིན་པར་ཅིས་མི་བྱེད་པ་ཡིན། རང་གི་དུས་སུ་འཛིན་པ་ཉིད་ནི་གོམས་པ་ཡོད་པ་ལ་ཡང་མཐོང་བའི་ཆོས་ཡིན་ལ། འདྲ་བ་ཡང་
ཡིན་ནོ། །རང་གི་དུས་སུ་དང་འདྲ་བ་ལ་ཞེས་བྱ་བ་མཐོང་བ་ལ་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུ་མེད་ཀྱང་འདྲ་བར་རྟོགས་པ་ལ་སྔོན་པོ་ལྟ་བུའོ། །དེ་ཁོ་ན་ཉིད་དུ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་བརྒྱར་གོམས་པས་ཀྱང་རྟོགས་པ་མ་ཡིན་ཏེ། མི་མཐུན་པའི་མཚན་ཉིད་དང་། མཐུན་པའི་མཚན་ཉིད་དག་
གི་གོམས་པ་ཡིན་ཡང་བཟང་པོ་མ་ཡིན་པའི་མཚན་ཉིད་དང་མི་མཐུན་པ་མ་ཡིན་པའི་མཚན་ཉིད་ཀྱང་འདྲ་བར་བརྗོད་པ་ནི་མ་ཡིན་ནོ། །དེ་ཉེ་བ་ཡིན་ཡང་དེའི་གཅིག་པ་ཉིད་ནི་ཉེ་བ་མ་ཡིན་ལ། དེ་དང་མཚན་ཉིད་མི་མཐུན་པའི་མ་ཡིན་པ་ཉེ་བ་ཡིན་ཡང་། དེ་ནི་མ་ཡིན་པའི་ཕྱིར་དེ་དག་
འཛིན་པ་མ་ཡིན་ན། མངོན་སུམ་ཇི་ལྟར་རྟོགས་པ་ཡིན། དེ་བཞིན་དུ་མཚན་ཉིད་མི་མཐུན་པ་ཡང་ངོ་། །དངོས་པོ་ཀུན་ལ་ཐ་དད་དང་། ཐ་དད་མིན་གཞན་ལྡོག་པ་ཉིད་ནི་རང་གི་ངོ་བོ་ཙམ་རིག་པ་ལས་སོ། །དེས་ན་ཡང་རྫས་རེ་རེ་ཞིང་ཐ་དད་པའི་ངོ་བོར་དམིགས་པའི་ཕྱིར་འདི་ཡོངས་སུ་
ཉམས་པར་འགྱུར་རོ། །དེའི་ཕྱིར་གཟུང་བ་འཛིན་པ་ལས་སྔ་མ་དང་ཕྱི་མའི་ཡུལ་ཅན་ཡིན་པའི་ཕྱིར་མཐོང་བ་ཀུན་རྫོབ་མ་ཡིན་པ་ནི་རྣམ་པར་རྟོག་པ་མ་ཡིན་པར་དགོངས་པའོ། །དེ་ཉིད་ལ་འདི་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱེད་པ་ཡིན་ཞིང་འདི་ཡིན་ནོ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །དེས་
เล่ม ๑๘๐ · หน้า 70a
ན་ཤེས་པ་གཉིས་དག་གི་ཡུལ་གཅིག་ཉིད་ཡིན་ན་ཇི་ལྟར་འདྲ་བའི་ཡུལ་ཅན་ཉིད་དམ། མཚན་ཉིད་མི་མཐུན་པའི་ཡུལ་ཅན་ཉིད་ཡིན་ཤེས་པའི་གཅིག་པ་ཉིད་དམ་དུ་མ་ཉིད་ཀྱང་དགོངས་པ་ཅན་མ་ཡིན་ཏེ། རྟོགས་བཞིན་པ་ནི་གཅིག་པ་ཉིད་ལ་ལོག་པར་རྟོགས་པའི་ཕྱིར་དེ་ཡང་
བསལ་བ་ཡིན་པ་ནི་འོན་ཏེ་སྔ་མ་དང་ལྷན་ཅིག་གཅིག་ཏུ་རྟོགས་སོ་ཞེས་ཟེར་བ་ལ། ལན་དུ། དེ་ནི་མི་རིགས་ཏེ་ཞེས་བྱ་བ་སྟེ། གཅིག་པ་ཉིད་དུ་རྟོགས་པ་ནི་མངོན་སུམ་དུ་མི་འགྱུར་རོ་ཞེས་བསྟན་པ་ནི། མངོན་སུམ་ལས་སྔོན་རིག་མེད་ན་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་ཡིན་ཏེ།
གོམས་པ་ཡིན་ན་སྔ་མ་སྔ་མ་བརྫུན་པའི་བག་ཆགས་ཀྱི་དབང་གིས་དོན་གཅིག་བྱེད་པ་ཉིད་ཀྱིས་རྒྱུ་མཚན་བྱས་ནས། ཡི་གེ་ག་ལ་སོགས་པ་རྣམས་ལ་གོ་བའི་སྒྲར་ཤེས་པ་ལྟ་བུའོ། །དེ་ལ་ཡང་ཡི་གེ་ག་ལ་སོགས་པ་ལས་ལྡོག་པར་དམིགས་པ་ཉིད་ནི་གནོད་པ་ཅན་ཡིན་ལ། དེ་ནི་འདི་ལ་ཡང་བྱེ་བྲག་མེད་པར་ཡིན་པ་ཅན་
བསྟན་པ་ནི། དེས་ན་སྔ་མ་སྔ་མ་ཡི། །རྟོགས་ལ་ཀུན་རྫོབ་པ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ནི་གཅིག་པར་རུང་བ་ཉིད་མ་ཡིན་ཏེ་གཅིག་པ་ནི་དངོས་པོའི་ཆོས་ཡིན་པའི་ཕྱིར་ལ། དེ་ཡང་བདག་ཉིད་ཐམས་ཅད་ཀྱིས་མངོན་པར་རུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། སྔོན་པོ་མཐོང་བའི་འོག་ཏུ་སྔོན་
པོའོ་ཞེས་པའི་རྣམ་རྟོག་ནི་གཟུང་བ་ཙམ་ལ་འཛིན་པ་ཡིན་ལ། བུམ་པའོ་ཞེས་བྱ་བ་ཡང་བརྡའི་བག་ཆགས་ལ་བརྟན་ནས་མཐོང་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ཚོགས་པ་ལ་རྣམ་པར་རྟོག་པར་བྱེད་པ་ཡིན་ཏེ། ཕ་ལ་སོགས་པར་ཡང་གོམས་པ་ལ་དེ་ཉིད་དུ་མཐོང་བ་ཉིད་ཡིན་པར་ནི།
གཟུང་བ་འཛིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྔ་མ་སྔ་མའི་བག་ཆགས་ཙམ་ལས་འབྱུང་བའི་རྣམ་པར་རྟོག་པར་གོ་བར་བྱེད་པ་ཉིད་ཀྱི་དགོངས་པས་གསུངས་པ་ནི། ཀུན་རྫོབ་ནི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ཁ་ཅིག་ནི་ཚད་མ་མ་ཡིན་ཏེ། གང་གི་ཕྱིར་
གཟུང་བ་ལ་འཛིན་པ་སྟེ་ཀུན་རྫོབ་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ནི་མ་ཡིན་ནོ། །ཡང་ན་མངོན་སུམ་ནི་མཐོང་བ་ཙམ་ལས་ཚད་མ་མ་ཡིན་ཏེ། མཐོང་བ་རྣམ་པ་ཐམས་ཅད་ཡུལ་ཡིན་པ་ཉིད་ཀྱི་བྱེ་བྲག་མེད་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་རྣམ་པར་ངེས་པ་ནི་ཡུལ་ཉིད་ཡིན་ནོ། །ངེས་
เล่ม ๑๘๐ · หน้า 70b
པ་ཡང་ཆོས་དང་རྟགས་དང་འབྲེལ་པ་ལ་སོགས་པ་རྣམས་ཀྱི་མངོན་སུམ་མ་ཡིན་པ་ཉིད་ཀྱི་རྗེས་སུ་དཔག་པ་ལས་ཡིན་ནོ། །མངོན་སུམ་ནི་ཐ་དད་པ་མ་ཡིན་པར་ངེས་པ་མེད་ཀྱང་སོ་སོར་སྣང་བཞིན་པའི་དོན་ལ་ངེས་པ་སྐྱེད་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ། །འདི་མཐོང་ངོ་ཞེས་བྱ་བ་ནི་མངོན་སུམ་
གྱི་བྱ་བ་ནི་མངོན་སུམ་གྱི་བྱ་བའི་རྗེས་སུ་འབྲང་བས་ཉེ་བར་རྟོགས་པའི་བྱ་བ་བཏང་ནས་རྣམ་པར་རྟོག་པ་སྐྱེ་བ་ནི། འདི་ནི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་ལྡོག་པ་གཅིག་གསལ་པོར་བྱེད་ཀྱི་གཞན་ནི་མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །མངོན་སུམ་ནི་དེ་སྐྱེད་པར་བྱེད་པ་ལས་ཚད་མ་ཡིན་
ཏེ། དེ་གསལ་བར་བྱེད་པ་རྣམས་ཀྱི་ཡུལ་དུ་དེ་གནས་པ་ཡིན་ན་ཞེས་བྱ་བ་ནི་ལྡོག་པ་གཅིག་ལ་ངེས་པའི་མཐར་ཐུག་པ་ཡིན་ལ། འདིའི་ཡང་བྱ་བ་ནི་རྗེས་སུ་དཔག་པ་ཡིན་ནོ། །གཞན་དུ་ན་སྔོན་པོའི་ཡོད་པ་ཉིད་སྐད་ཅིག་མ་ཡིན་པ་ཉིད་ཁོ་ན་ངེས་པའི་ཕྱིར་སྐད་ཅིག་མ་ཉིད་དུ་སྒྲུབ་པར་
བྱེད་པར་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །འགའ་ཞིག་ཀྱང་མ་ཡིན་ཏེ། མ་གྲུབ་པའི་ཕྱིར་དེ་སྐད་ཅིག་མ་ཉིད་དང་བྲལ་བ་ནི་ཚད་མར་ངེས་པ་མ་རྟོགས་པ་གཅིག་ལ་ཐུག་པ་ཅན་ནི་ཚད་མའི་བྱ་བ་ལ་དོན་བྱེད་ནུས་པའི་ཆ་ཡུལ་ལ་འཇུག་པར་བྱེད་པ་ཡིན་གྱི་ཡུལ་གཞན་ལ་ནི་མ་ཡིན་ནོ། །དེས་ན་
ཡུལ་གྱི་ཆ་སྔོན་པོ་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ངེས་པ་ཅན་ཡང་དེའི་ཡུལ་མ་ཡིན་ནོ། །དེས་ན་ཚད་མ་གཞན་གྱིས་གནོད་པར་བྱ་བ་ཡིན་ནོ། །དེ་ལྟར་ན་མངོན་སུམ་དང་འགལ་བ་ཡང་མ་ཡིན་ཏེ། འདིའི་ནུས་པའི་ཆའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །
མངོན་སུམ་ནི་ཡུལ་ལ་རྣམ་པར་རྟོག་པའི་གཞན་ཡིན་ལ། བཅོམ་ལྡན་འདས་ཀྱང་མངོན་སུམ་གྱི་བདག་ཉིད་ཡིན་གྱི། རྣམ་པ་ཐམས་ཅད་ཀྱི་ཡུལ་ལ་མཐོང་བ་ཁོ་ན་བཞིན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ཤེས་དེ་དག་གི་བཟུང་དོན་ལ། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པ་ཉིད་ནི་
མཐོང་བའི་གཞན་དབང་ཡིན་གྱི། མཐོང་བས་རྣམ་པར་གཞག་པ་མ་ཡིན་པའི་ཆ་ལ་ནི་དེའི་མིང་ལ་སོགས་པ་དྲན་པ་མེད་ན། དེ་ལ་སྦྱོར་བ་བྱེད་པའི་བདག་ཉིད་རྣམ་པར་རྟོག་པ་མི་འབྱུང་ངོ་། །མ་མཐོང་བ་ནི་སྦྱོར་བར་བྱེད་པ་མ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་པའི་ཡུལ་མཐོང་བ་ཡིན་
เล่ม ๑๘๐ · หน้า 71a
ཡང་། ཆེས་ཟིན་པ་ནི་རྣམ་པ་གང་དང་གང་ལ་དེའི་མིང་ལ་སོགས་པ་དྲན་པ་ཉིད་ཀྱིས་ངེས་པར་སྐྱེད་པར་བྱེད་པ་ནི་རྣམ་པ་དེ་ལ་ཚད་མ་ཡིན་གྱི། རྣམ་པ་ཚོགས་པ་རྣམས་ལ་ཚད་མ་གཅིག་ཉིད་མ་ཡིན་ནོ། །གང་གིས་དོན་བྱེད་པའི་ནུས་པ་ཅན་ཉིད་དུ་མཐོང་བ་ཡོད་པ་ཡང་
སྐད་ཅིག་མ་མ་ཡིན་པ་ཉིད་དུ་ངེས་པ་ཡིན་ལ། ཡོད་པ་ཉིད་དང་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཡང་སོ་སོར་ངེས་པ་ཁོ་ན་ཡིན་པའི་ཕྱིར་ཇི་ལྟར་ཡོད་པ་འབའ་ཞིག་གི་གཏན་ཚིགས་མ་ཡིན་ཞིང་ཇི་ལྟར་འགལ་བ་ཉིད་ཡིན་ཏེ། སྐད་ཅིག་མ་མ་ཡིན་པར་ངེས་པ་ལ་ཚད་མས་གནོད་པའི་ཕྱིར་རོ། །
གང་ཆ་ཤས་མཐོང་བ་ལ་མི་ཟིན་པ་དེ་ལ་ངེས་པའི་རྒྱུ་མཚན་རྗེས་སུ་དཔག་པ་ཡིན་ལ། དེ་ལ་རྟགས་མེད་ན་ཚད་མ་མ་ཡིན་པའི་ཕྱིར་རོ། །རང་ཉིད་དམ་གཞན་ཡང་རུང་བའི་རྗེས་སུ་དཔག་པས་ངེས་པའི་དངོས་པོ་ལ་གོམས་པ་ཕུལ་དུ་བྱུང་པས། རིམ་གྱིས་རྣམ་པ་ཐམས་ཅད་པའི་མངོན་སུམ་
རྟོགས་པ་མེད་པ་དེ་ལྟ་བ་བཞིན་དུ་འབྱུང་བར་འགྱུར་རོ། །མཐོང་བའི་བྱ་བ་ནི་ཡན་ལག་མེད་པའི་ཕྱིར་གཅིག་ཡིན་ཡང་དུ་མ་ཉིད་དུ་རྣམ་པར་གཞག་པར་བྱ་བ་སྟེ། ངེས་པ་སྐྱེད་པར་བྱེད་པ་དང་མི་བྱེད་པ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་གནས་སྐབས་པའི་ཚད་མ་ཉིད་དང་འགལ་བ་
ཉིད་ཀྱིས་རྣམ་པར་རྟོག་པ་ཚད་མ་མ་ཡིན་པར་བསྟན་ནས། དེ་མེད་ཀྱང་དེ་དང་རྗེས་སུ་མཐུན་པ་མཐོང་བ་ལ་ཡིན་ཏེ། ཚད་མ་ཉིད་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ཟློག་པར་བྱེད་པ་སྨྲ་བ་ནི། གལ་ཏེ་སྔ་མ་དང་ཕྱི་མ་ཞེས་བྱ་བ་ལ་སོགས་པའོ། །མཐོང་བ་ནི་གོམས་པ་མེད་ན་འཇུག་
པར་བྱེད་པ་མ་ཡིན་ལ། རྣམ་པར་རྟོག་པ་ནི་མཐོང་བ་ལ་སྔ་མ་གཅིག་པ་ཉིད་དུ་འཛིན་པ་ཅན་ནི་འཇུག་པར་བྱེད་པ་མ་ཡིན་ནམ། དེ་ཡང་ཡུལ་དེ་ལ་དེ་བཞིན་དུ་གོམས་པ་ན་མཐོང་བའི་ཡུལ་དུ་གྱུར་པ་ཡིན་ན་གོམས་པས་འཇུག་པར་བྱེད་པ་ཡིན་གྱི། མཐོང་བ་ནི་མ་ཡིན་ཏེ། སྔ་མ་བཞིན་དུ་
བྱེ་བྲག་མེད་པའི་ཕྱིར་རོ། །བརྟག་བྱ་འཛིན་པ་ལས་གཞན་པ་དེའི་བྱེ་བྲག་ནི་འཇུག་པའི་ཡན་ལག་མ་ཡིན་ཏེ། རྣམ་རྟོག་འབའ་ཞིག་ནི་གོམས་པ་མེད་ན་རང་ཉིད་ཁོ་ན་འཇུག་པའི་ཡུལ་རྟོགས་པར་བྱེད་པ་ཡིན་ལ། གོམས་པ་ན་ནི་དེའི་ཡུལ་ཉིད་འཛིན་པར་ནུས་པ་མཐོང་བར་སྒྲོ་འདོགས་པ་
เล่ม ๑๘๐ · หน้า 71b
ལོག་པའི་ཕྱིར་གཉི་ག་ལ་ཡང་འཇུག་པའི་རྣམ་པར་རྟོག་པའི་ནུས་པ་ཡིན་གྱི། མཐོང་བའི་ནི་མ་ཡིན་ཏེ། བརྟག་བྱ་ཡུལ་མ་ཡིན་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་ལ་སོགས་མེད་པའི་ཕྱིར་གོམས་པ་ན་ཡང་ད་ལྟར་བ་ཙམ་འཛིན་པར་བྱེད་པའི་ཕྱིར་མཐོང་བའི་སྔ་མ་དང་གཅིག་ཏུ་ཇི་ལྟར་སྣང་བར་བྱེད་པ་
ཡིན། གོམས་པའི་ཡུལ་ཡིན་པ་ལས་གོམས་བྱ་ཡང་དེ་ཉིད་ཡིན་ལ་གོམས་པ་ནི་སྔ་མའི་ཤེས་པ་དེའི་ཡུལ་མཐོང་བ་ལ་དེ་ཉིད་མཐོང་ཞེས་བྱ་བར་བརྗོད་པ་ཡིན་གྱི། གཞན་ལ་གོམས་པ་ལས་གཞན་མཐོང་ཞེས་བྱ་བ་ནི་མི་རིགས་ཏེ། སྔར་མཐོང་བ་ལོག་ན་དེས་མཐོང་བྱ་ཉིད་དམ། དེའི་
དུས་ཀྱི་དེ་ཉིད་ལྡོག་པ་ཡིན་གྱི། ད་ལྟར་བའི་ཡུལ་ཇི་ལྟར་ཡིན། ཡང་ཇི་ལྟར་མ་འཁྲུལ་པ་མ་ཡིན། དངོས་པོ་མེད་པ་མ་ཡིན་པ་ལས་རྟོགས་པ་གྲུབ་པའི་ཕྱིར་དང་། གནོད་པ་ཅན་མེད་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་མེད་པ་མ་ཡིན་པ་ལས་ནི་མ་འཁྲུལ་པ་ཉིད་མ་ཡིན་ལ། མ་འཁྲུལ་པ་
ལས་ཀྱང་དེ་མེད་པ་མ་ཡིན་པ་ཡིན་པའི་ཕྱིར་གཅིག་པ་ལ་གཅིག་པ་ཡིན་ན། ད་ལྟར་གྱི་ཡུལ་མཐོང་བ་དེའི་ཡུལ་ཅན་ཇི་ལྟར་ཡིན། དེ་ལ་གོམས་པ་ཡིན་ན་རྣལ་འབྱོར་པའི་ཤེས་པ་བཞིན་དུ་འདས་པ་ལ་སོགས་པའི་ཡུལ་ཉིད་མཐོང་བ་ལ་འགལ་བ་མེད་དོ། །རྣལ་འབྱོར་བའི་ཤེས་པ་ནི་
གཞལ་བྱ་དེ་ལ་དེ་བཞིན་དུ་འཛིན་པར་བྱེད་པ་ཡིན་ལ། མཐོང་བ་ཡང་རྣམ་པར་རྟོག་པའི་ཕྱིར་བྱེ་བྲག་མེད་དོ། །རྣམ་པར་རྟོག་པ་ནི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྟགས་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དེའི་དོན་བྱེད་པའི་བྱེད་པ་པོ་ཉིད་ནི་དེའི་ངོ་བོ་མཐོང་བ་ལས་གྲུབ་པའི་
ཕྱིར་གཞལ་བྱ་ཉིད་ཡིན་ནོ། །མ་ཡིན་ཏེ། དེའི་ངོ་བོ་འཛིན་པ་ཉིད་རྣམ་པར་རྟོག་པ་ཡིན་པའི་ཕྱིར་དེ་ཡང་གཞལ་བྱ་ཉིད་ཡིན་ན་ཐུག་པ་མེད་པར་འགྱུར་རོ། །དེ་དང་འདྲ་བས་དེ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་འཛིན་པ་མ་ཡིན་ན་དེ་དང་འདྲ་བ་ཡང་འཛིན་པ་མ་ཡིན་པའི་ཕྱིར་རོ། །རྟགས་
འཛིན་པ་ལ་རྟགས་ལས་བྱུང་བ་གྲུབ་པ་ཡིན་པ་དང་དབང་པོ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་མངོན་སུམ་ཡང་མ་ཡིན་ཏེ། དབང་པོ་ནི་སེམས་པ་ཅན་མ་ཡིན་པའི་ཕྱིར་སྔ་མ་དྲན་པ་མ་ཡིན་ལ་སྦྱོར་བར་བྱེད་པ་ཡང་མ་ཡིན་ནོ། །སྐྱེས་བུ་ནི་ཐག་ཉེ་བ་ལ་དེ་བཞིན་དུ་འཛིན་པར་བྱེད་པ་ཡིན་ཏེ། སེམས་
เล่ม ๑๘๐ · หน้า 72a
པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་ལས་སྐྱེས་པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་ཡང་བདག་ལ་གནས་ཤེས་ནི། །དེ་འདིར་རྟོགས་བྱེད་ཡིན་ཞེས་བྱ། །དྲན་པ་ལ་ཡང་ནུས་ལྡན་ཞིང་། །འབྲེལ་པ་སོགས་དང་ལྡན་པའང་ཡིན། །ཞེས་སྨོས་པའོ། །སྔ་མ་དང་ཕྱི་མ་
མཐོང་བའི་བག་ཆགས་ལས་བྱུང་བའི་ཕྱིར་ཡིན་ནོ། །བདག་ལས་སྐྱེས་པ་ཉིད་དམ་ཡིད་ཉིད་ཀྱང་རུང་ཐམས་ཅད་དུ་ཐལ་བ་མ་ཡིན་ཏེ། རྣལ་འབྱོར་པའི་ཤེས་པ་བཞིན་དུ་འམ་རྗེས་སུ་དཔག་པ་བཞིན་དུ་འཇུག་པར་བྱེད་པ་ཉིད་ཀྱིས་མི་བསླུ་བའི་ཕྱིར་ཡང་ཁ་ཅིག་ཁོ་ན་ཚད་མ་ཡིན་པའི་ཕྱིར་གཞན་དུ་
མཐོང་བ་གཞན་དུ་རྣམ་པར་བརྟག་པར་བྱ་བ་ཡིན་ནོ། །མེད་པའི་རྟོག་པ་ཇི་ལྟ་བུ་ཡིན་ཞེ་ན། མཐོང་བ་སྔ་མ་དང་ཕྱི་མའི་མཐོང་བྱ་ཉིད་གཅིག་ཉིད་དུ་རྟོག་པའི་ཕྱིར་སྐྱོན་མེད་དོ། །གཅིག་པ་ཉིད་དུ་མཐོང་བ་ལ་ཇི་ལྟར་རྟོག་པར་བྱེད་པ་ཡིན། མཐོང་བྱ་མ་ཡིན་པ་ཡང་འབྲས་བུ་ཉིད་བཞིན་དུ་བརྟག་
བྱ་ཡིན་པའི་ཕྱིར་མཐོང་བྱ་ཡིན་ནོ། །དེས་ན་དེ་དག་ཙམ་གྱིས་ནི་མཐོང་བའི་ཡུལ་གྱི་ཁྱད་པར་དུ་འགྱུར་བ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ལ། རྣམ་པར་རྟོག་པ་ལ་ཁྱད་པར་མེད་པ་ཡིན་ན། གོམས་པ་ལ་ནི་འབྲས་བུ་ཉིད་ཁོ་ན་བཞིན་དུ་མཐོང་བའི་ཡུལ་ཡང་བྱེ་བྲག་མ་ཡིན་ནོ། །དེའི་འབྲས་
བུ་ཉིད་ནི་ཉེ་བའི་ཕྱིར་སྣང་བ་ཡིན་ནོ་ཞེ་ན། དེའི་བྱེ་བྲག་མ་ཡིན་པ་ཡང་ཉེ་བ་ཡིན་པའི་ཕྱིར་བྱེ་བྲག་མེད་དོ། །དེ་ནི་ཉེ་བ་མ་ཡིན་ནོ་ཞེ་ན། དེའི་འབྲས་བུ་ཉིད་ལ་ཡང་མཚུངས་སོ། །འབྲས་བུ་ཉིད་ནི་ཉེ་བ་ཡིན་ནོ། །བྱེ་བྲག་མ་ཡིན་པ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་བྱེ་བྲག་མེད་དོ། །གོམས་པ་ཡིན་ཡང་
མཐོང་བས་དེ་འཛིན་པ་མ་ཡིན་ན། དེ་དོན་དུ་གཉེར་བ་པོ་རྣམས་འཇུག་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་ཡང་དེ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་འཛིན་པ་མ་ཡིན་ཡང་རྗེས་སུ་དཔག་པ་བཞིན་དུ་འཇུག་པར་བྱེད་པ་མི་རིགས་ཏེ། རྗེས་སུ་དཔག་པ་ནི་དེ་ལ་ངེས་པ་ལས་
འཇུག་པའི་ཕྱིར་འཛིན་པ་དང་། ངེས་པ་པ་དག་ཡུལ་ལ་འཇུག་པའི་ཡན་ལག་ཡིན་ནོ། །གོམས་པ་མ་ཡིན་པ་ལ་ནི་དེ་གཉི་ག་ཡང་མེད་པའི་ཕྱིར་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་གོམས་པ་ཡིན་ན། མཐོང་བ་དེ་འཛིན་པར་བྱེད་པ་ཡིན་ཏེ། འཇུག་པར་བྱེད་པའི་ཕྱིར་རོ། །རྗེས་སུ་
เล่ม ๑๘๐ · หน้า 72b
བརྗོད་པ་ཉིད་མ་ཡིན་ཏེ། དེ་ཉིད་ད་ལྟར་མི་འཛིན་པའི་ཕྱིར་རོ། །ད་ལྟར་བ་ཡི་ཡོད་པ་ཉིད། །སྔ་མའི་བློ་ཡིས་རྟོགས་པ་མིན། །སྙམ་དུ་སེམས་པ་ལ། གང་དེ་ཡང་འབྱུང་བར་འགྱུར་བའི་ཞེས་བྱ་བ་སྨོས་ཏེ། སྔོན་མཐོང་བ་ཇི་ལྟ་བ་ཉིད་ད་ལྟ་མཐོང་བ་མ་ཡིན་ལ་དེ་བཞིན་དུ་གོམས་པ་ལ་
ཡང་སྔོན་གྱི་ཉིད་ད་ལྟར་བའི་མ་ཡིན་ཏེ། ད་ལྟར་བའི་ཡུལ་ཉིད་ཡིན་པས་བྱེ་བྲག་མེད་པའི་ཕྱིར་རོ། །གོམས་པ་མཐོང་བའི་ཡུལ་ནི་འབྲས་བུ་ཉིད་དུ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འབྲས་བུ་ཉིད་ནི་ཉེ་བ་ཡིན་པའི་ཕྱིར་རོ། །དེ་ལ་ངེས་པའི་ངོ་བོའི་འབྲས་བུ་ནི་གཞན་ལ་ལྟོས་པ་ཡིན་གྱི།
འདི་ཉིད་ཀྱི་གཅིག་པ་ཉིད་ནི་དེ་བཞིན་དུ་མ་ཡིན་ཏེ། ཉེ་བ་ཉིད་ནི་གཅིག་པ་ཉིད་དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཐམས་ཅད་དུ་ཉེ་བ་འཛིན་པར་བྱེད་པར་མཐོང་བའི་ཡུལ་ནི་དེ་ཉིད་མ་ཡིན་ནོ། །གོམས་པ་ལས་བྱུང་བའི་རྣལ་འབྱོར་བའི་ཤེས་པ་ནི་མཐོང་བར་བྱེད་པ་ཡིན་ཡང་ཇི་ལྟར་འདས་པ་འཛིན་པ་
ཡིན། དེ་ཡང་ཉེ་བ་ཉིད་མཐོང་བར་བྱེད་པ་ཡིན་ལ། འདས་པ་ལ་སོགས་པ་དེའི་ཡུལ་ཉིད་ཡིན་པ་ནི་འུ་བུ་ཅག་ལ་སོགས་པ་ལ་ལྟོས་ནས་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །འདས་པ་ལ་སོགས་པ་མི་འཛིན་པ་ཡིན་ན་ཇི་ལྟར་འཇུག་པར་བྱེད། ཇི་ལྟར་འདས་པ་དང་ད་ལྟར་བ་ལ་ཡང་འཇུག་
པ་མ་ཡིན་ནམ། ཕྲད་པར་འདོད་པ་པོ་ནི་ད་ལྟར་བ་ལ་མེད། དེ་དང་གཅིག་པ་ཉིད་དུ་ཤེས་པ་ཡིན་ན་འཇུག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕྲད་པ་ནི་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། དེ་ནི་གྲུབ་ཟིན་པའི་ཕྱིར་དོན་དུ་གཉེར་བ་མ་ཡིན་ནོ། །འབྱུང་བར་འགྱུར་བ་རྟོགས་པའི་དོན་དུ་འཇུག་
པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་པ་ནི་བདེན་ན། དེ་ད་ལྟར་ནི་མེད་པ་ཡིན་ན། ཇི་ལྟར་མཐོང་བས་འཛིན་པར་བྱེད། སྔོན་མཐོང་བ་དེའི་ངོ་བོ་མ་མཐོང་བ་ལས་འདིར་རྗེས་སུ་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། མི་རིགས་ཏེ། དེའི་ངོ་བོ་འཛིན་པ་ན་དེ་རྟོགས་པར་མ་མཐོང་བའི་ཕྱིར་རོ། །དེ་ནི་འབྱུང་བར་
འགྱུར་བ་དེ་ལ་ཡིན་ནོ་ཞེ་ན། དེ་དེ་ལྟ་ཡིན་ན། གོམས་པ་ཡོད་པའི་མཐོང་བའམ། གཞན་གྱིས་ཀྱང་རྟོགས་པ་ཇི་ལྟར་འཇུག་པའི་ཡུལ་ཡིན། འདི་སྐད་བསྟན་པར་འགྱུར་ཏེ། ད་ལྟར་བ་མཐོང་བ་ནི་སྔོན་མཐོང་བ་མ་ཡིན་ཏེ། ཐེ་ཚོམ་ཡིན་པའི་ཕྱིར་ལ། གཉིས་པ་ལ་ཡང་གོམས་
เล่ม ๑๘๐ · หน้า 73a
པ་མེད་པ་ཡིན་ན། དེ་ཉིད་ཡིན་པའི་རྣམ་པར་རྟོག་པས་འཇུག་པར་བྱེད་པར་མི་འགྱུར་ཏེ། ཐོབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཐོབ་པ་ནི་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་དེ་ནི་འབྱུང་བར་འགྱུར་བ་ཉིད་ཀྱི་རྣམ་པར་རྟོག་པས་འཇུག་པ་མ་ཡིན་ཏེ། འབྱུང་བར་འགྱུར་བ་ཉིད་ལ་ཡང་
ཐོབ་པ་ཉིད་དོན་དུ་གཉེར་བ་མ་ཡིན་པའི་ཕྱིར་རོ། །དོན་བྱེད་པ་ཡང་དེ་ཉིད་དཔགས་པ་ཡིན་ན། ཇི་ལྟར་འཇུག་པའི་ཡུལ་ཡིན། དོན་བྱེད་པ་ནི་གཞན་དེ་དང་འདྲ་བ་ཡིན་ལ། དེས་ན་དོན་དུ་གཉེར་བ་པོའི་ངོ་བོ་ལ་ཡང་སྔ་མ་ལས་གཞན་པ་ཉིད་ཡིན་ནོ་ཞེ་ན། ད་ལྟར་ནི་གཅིག་པ་ཉིད་ཀྱི་གཏམ་
ཙམ་ཡང་མེད་པར་སོང་ཡང་ཁོ་བོ་ཅག་གི་ངོ་བོ་དེ་ཉིད་དོན་བྱེད་པ་ཡིན་པར་སྨྲའོ། །མ་གོམས་པ་ལ་རྣམ་པར་རྟོག་པས་དེ་ཉིད་མི་འཛིན་པའི་ཕྱིར་འཇུག་པའི་ནུས་པ་མེད་པ་ཡིན་ན། གོམས་པ་ལ་ཡང་མཐོང་བས་ནུས་པར་སྒྲོ་བཏགས་ཀྱང་འཇུག་པར་བྱེད་པ་ཉིད་ག་ལ་ཡིན། མཐོང་བ་ནི་དོན་བྱེད་པ་
ཡང་དེའི་ཚེ་མི་རིགས་པ་ཡིན་ལ། རྗེས་སུ་དཔག་པ་ཡང་དེ་རིག་པར་བྱ་བ་མ་ཡིན་པའི་ཕྱིར་དེ་དོན་དུ་གཉེར་བ་པོ་རྣམས་ཇི་ལྟར་འཇིག་པ་ཡིན། དེ་དང་འབྲེལ་པ་ཅན་ཉིད་ཤེས་པ་ལས་ཡིན་ནོ་ཞེ་ན། མཐོང་བ་ནི་དེ་དང་འབྲེལ་པ་ཅན་ཉིད་རིག་པ་མ་ཡིན་ནོ། །གོམས་པ་ཡིན་ན་རྗེས་སུ་
དཔག་པ་ཡིན་ནོ་ཞེ་ན། དེ་ཉིད་མེད་ལ་དེ་ཉིད་ཀྱི་རྟོགས་པ་ཡིན་པར་འགྱུར་རོ། །མ་གོམས་པའི་དུས་སུ་དེ་ཡོད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཤི་ཟིན་པའི་ཁྱིམ་བྱ་ཡང་སྒྲ་སྒྲོགས་པར་འགྱུར་རོ། །གང་གི་ཚེ་དེ་ཡོད་པ་དེའི་ཚེ་དེ་རིག་པ་ཡིན་གྱི་གཞན་གྱི་ཚེ་ཇི་ལྟར་ཡིན། དེས་འཕགས་
པའི་སྦྱངས་པས་མཐོང་བ་ནི་དེ་རིག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡུལ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་རོ། །གཞན་དུ་ན་གོམས་པ་ལ་དུ་བ་ལས་ཐག་རིང་བའི་མེ་ནི་རྗེས་སུ་དཔག་པས་རྟོགས་པ་ཡིན་ཏེ། གོམས་པ་ལ་ནི་མངོན་སུམ་གྱིས་ཡིན་ནོ། །འདི་ཉིད་ནི་དེ་དང་འབྲེལ་པ་ཅན་ཉིད་ཉེ་བ་
ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ཡང་མཚུངས་པ་ཡིན་པར་བརྗོད་དོ། །དུ་བ་ཐུ་པའི་ངོ་བོ་ནི་མེའི་བསྐྱེད་བྱ་ཡིན་གྱི། གོམས་པ་ལ་ནི་མཐོང་བས་ངེས་པ་ཡིན་ཡང་མེའི་ངོ་བོ་ནི་མ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཡང་དོན་བྱེད་པས་བསྐྱེད་བྱའམ། སྐྱེད་བྱེད་ཀྱི་ངོ་བོ་མཐོང་བ་ཉིད་ཁོ་ན་ལས་
เล่ม ๑๘๐ · หน้า 73b
གོམས་པ་ཡིན་ན། དོན་བྱེད་པར་ངེས་པ་མ་ཡིན་པ་ལ་སྐྱོན་མེད་དོ། །རྟོགས་པ་མེད་ན་ཇི་ལྟར་ངེས་པ་ཡིན། མ་ཡིན་ཏེ། ངེས་པའི་སྒྲས་ནི་ཡོངས་སུ་གསལ་བར་རྗོད་པར་བྱེད་པའི་ཕྱིར་རོ། །རྗེས་སུ་དཔག་པས་ནི་དོན་བྱེད་པའི་རང་གི་ངོ་བོ་ཉིད་ངེས་པ་ཡིན་ལ། མཐོང་བས་ནི་དེའི་
བསྐྱེད་བྱ་དང་སྐྱེད་བྱེད་ཀྱང་ཡིན་ནོ་ཞེས་བྱ་བའི་ཁྱད་པར་རོ། །རང་གི་ངོ་བོ་ངེས་པ་ལས་རྗེས་སུ་དཔག་པ་འཇུག་པར་བྱེད་པ་ཡིན་ལ། རང་གི་ངོ་བོ་དང་འབྲེལ་བར་ངེས་པ་ལས་ནི་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་ལ་ནི་རང་གི་ངོ་བོ་འཛིན་པ་མེད་དོ། །རང་གི་ངོ་བོ་ལས་ངེས་
པ་ནི་ཡོད་དོ་ཞེ་ན། འདི་ལ་ཡང་རང་གི་ངོ་བོ་དང་འབྲེལ་པར་ངེས་པ་ཡོད་པའི་ཕྱིར་འཇུག་པར་བྱེད་པ་ཉིད་ཉམས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་ཀྱང་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་མེད་པར་ཡང་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེས་ཤེ་ན། གོམས་པ་མེད་པ་གང་ཡིན་
པ་དེར་ཞེས་བྱ་བ་སྨོས་སོ། །རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་དེར་རྗེས་སུ་དཔག་པ་ཉིད་ཅེས་བྱ་བ་ཇི་ལྟར་ལན་ཡིན། འདི་སྐད་བསྟན་པར་འགྱུར་ཏེ། དེ་ཉིད་འཛིན་པའི་རྣམ་པར་རྟོག་པ་ཡིན་གྱི། དེ་ཉིད་ཡོད་པ་ནི་མ་ཡིན་ལ་འཇུག་པར་བྱེད་པ་ཡང་མ་ཡིན་ཏེ།
ཡུལ་ཐོབ་པའི་ཕྱིར་རོ། །དེ་ཡང་གཟུང་བ་ལ་འཛིན་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །དེས་ན་དེའི་ནུས་པས་མཐོང་བ་སྤངས་པ་ནི་མ་ཡིན་ཏེ། དེས་ན་གོམས་པ་ལ་ཡང་རྣམ་པར་རྟོག་པ་ནི་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ནི་ནུས་པ་ཅན་མ་ཡིན་ནོ། །མ་གོམས་པ་ལ་
ནི་རྗེས་སུ་དཔག་པ་ལ་ལྟོས་ནས་གཞན་དུ་ཡང་དེ་ཉིད་མིན་ཞེས་བྱ་བའི་མི་རིགས་ཏེ། མཐོང་བ་དང་རྗེས་སུ་དཔག་པ་དག་གི་ཡུལ་ནི་ཐ་དད་པ་ཡིན་པའི་ཕྱིར་བློ་ཉིད་འཇུག་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ། །མི་བསླུ་བ་ཅན་ཉིད་ཚད་མ་ཉིད་དུ་བསྟན་པ་ཡིན་ནམ། དེ་ཡང་རྣམ་པར་རྟོག་པ་ནི་མ་
ཡིན་ཏེ། ཕྲད་པ་དང་ཕྲད་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྔ་མ་དང་ཕྱི་མའི་མཐོང་བས་ཡུལ་དུ་བྱས་པ་ནི་དེ་དག་ཉིད་ཕྲད་པར་བྱེད་པ་ཡིན་ལ། དེ་དག་གི་གཅིག་པ་ཉིད་ནི་རྣམ་པར་རྟོག་པས་ཡིན་ནོ། །བློའི་ནི་མ་ཐོབ་པའི་དོན་བྱེད་པའི་ངོ་བོ་ཐོབ་པར་བྱེད་པའི་ཕྱིར་ཚད་མ་ཉིད་ཡིན་པར་བསྟན་
เล่ม ๑๘๐ · หน้า 74a
པར་བྱ་བ་ཡིན་ན། འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཞེས་ཅིའི་ཕྱིར་བསྟན། འཇུག་པར་བྱེད་པ་ཉིད་ནི་གནས་སྐབས་མ་ཡིན་ཏེ། དེ་འགེགས་པར་བྱེད་པ་ལ་ཡང་དེ་ཉིད་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་ནོ། །བདེན་ཏེ། མི་བསླུ་བ་ཅན་ཉིད་དེ་ཁོ་ན་འཇུག་པར་བྱེད་པ་ཡིན་ན་ནི་
འགྱུར་གྱི། རྣམ་པར་རྟོག་པ་ལ་ནི་དེ་མེད་པ་ཡིན་ཏེ། ཕྲད་པ་དང་ཕྲད་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བའི་བསམས་པས་སྐྱོན་མེད་དོ། །དེ་བསྟན་པ་ནི། དེ་ལྟར་ན་རེ་ཞིག་ཅེས་བྱ་བའོ། །དེ་ཉིད་དམ་མི་བསླུ་བའི་རྒྱུ་མཚན་འཇུག་པར་བྱེད་པ་ཉིད་ནི་རྟོག་པའི་ངོ་བོའི་འབྲས་བུའི་ཡུལ་གྱི་
རྣམ་པར་དབྱེ་བས་གོ་བར་བྱེད་པའི་དོན་དུ་ཡུལ་གྱི་རྣམ་པའི་དབྱེ་བས་ཤེས་གསུངས་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་བ་ནི་དམ་པ་མ་ཡིན་ཏེ། རེ་ཞིག་ཅིག་ནི་རྣམ་པར་རྟོག་པ་ལས་བློ་མཚན་ཉིད་མི་མཐུན་པ་ཉིད་ནི་ཐ་སྙད་པ་ཡིན་པར་བསྟན་ནས། ད་ནི་མཚན་ཉིད་མི་མཐུན་པ་གཞན་རྟོགས་པ་ཐ་དད་པའི་
བློ་ཉིད་ཀྱིས་ཀྱང་རྣམ་པར་རྟོག་པ་ལས་ནི་མ་ཡིན་ནོ། །འདི་དག་ཙམ་དུ་བསམས་པ་ཡིན་ཏེ། དེ་ཡང་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་མཚན་ནམ། ཅིག་ཤོས་ཀྱང་ཞེས་བྱ་བ་ནི་འདིར་སྐབས་མ་ཡིན་ནོ། །ཡོངས་སུ་བཅད་ནས་འཇུག་བཞིན་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྒྱུ་མཚན་ཉིད་རྟོགས་
པར་བྱེད་པ་ནི་རྣམ་པར་རྟོག་པ་ལ་སོགས་པ་ལས་མཚན་ཉིད་མི་མཐུན་པ་ཁོ་ན་ཡིན་པར་བསམས་ཏེ། ཚད་མ་གཞན་དགག་པའི་སྐབས་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དགོངས་པས། ད་ནི་རྟོགས་པའི་འབྲས་བུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་རྣམ་པར་རྟོག་པ་ནི་སྣང་བཞིན་པའི་དོན་ལ་སྔ་མ་ཉིད་
འཛིན་པར་བྱེད་པ་ལས་འཇུག་པ་མ་ཡིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་ནོ། །བློ་ནི་འཇུག་པར་བྱེད་པ་ཉིད་ཀྱིས་ཚད་མ་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ལས་མཚན་ཉིད་མི་མཐུན་པ་ཉིད་ཡིན་ན། གང་གི་ཚེ་འཇུག་པར་མི་བྱེད་པ་དེའི་ཚེ་ཚད་མར་མི་འགྱུར་རོ་སྙམ་དུ་སེམས་པས། མཚན་ཉིད་
མི་མཐུན་པ་ཉིད་གཞན་རྟོགས་པར་བྱེད་པ་ཡང་ཡུལ་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པར་བྱ་བ་ཡིན་པར་བསྟན་པ་ནི། འཇུག་པར་བྱེད་པ་ལས་ནི་ཚད་མ་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཤེས་པ་ལ་ཡུལ་གྱི་རྣམ་པ་ཡིན་ན་དེ་ཡང་ཡུལ་བཞིན་དུ་རྟོགས་པ་མ་ཡིན་
เล่ม ๑๘๐ · หน้า 74b
པའི་ངོ་བོར་འགྱུར་རོ་ཞེས་བྱ་བ་ནི་གླེན་ཆེན་གྱི་གཏམ་རྒྱུད་ལྟ་བུ་འགེགས་པར་བྱེད་པ་བསྟན་པ་ནི། འདིའི་ཡུལ་གྱི་རྣམ་པ་ལྟ་བུ་ཞེས་བྱ་བའོ། །འབྲེལ་པ་གང་གིས་མིག་ལ་སོགས་པའི་ཚོགས་པས་བསྐྱེད་པར་བྱ་བའི་ཤེས་པ་ནི་ཡུལ་ཉིད་ཀྱི་རྗེས་སུ་བྱེད་པ་མ་ཡིན་ནམ། མིག་ལ་སོགས་
པའི་ནི་མ་ཡིན་ནོ། །བུ་ནི་ཟ་བ་བོར་ནས་ཕ་མ་དག་གི་རྗེས་སུ་བྱེད་པ་ལྟ་བུའོ། །དེས་ནི་ཡུལ་ཉིད་འཛིན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དང་པོ་རྣམ་པར་རིག་པ་ཡིན་ལ། དེ་ནས་ཡུལ་རིག་པར་བྱེད་པའམ། རྣམ་པར་རིག་པར་བྱེད་པ་ཉིད་ཀྱང་རུང་། དེ་རིག་པར་བྱེད་པ་ཡིན་པའི་ཕྱིར་
གཅིག་ནས་གཅིག་ཏུ་བརྒྱུད་པས་དུབ་པ་དང་ཉེ་བར་བཏགས་པ་ཡང་སྤངས་པ་ཡིན་ཏེ། བརྒྱུད་པའམ་ཉེ་བར་བཏགས་པ་ནན་གྱིས་སྒྲོ་འདོགས་པ་འགའ་ཡང་མེད་དེ། དེ་ལྟ་མོད་ཀྱི་དངོས་པོའི་ཉམས་སུ་མྱོང་བ་ལ་དཔྱོད་པར་བྱེད་པ་ཡིན་ནོ། །སྔོན་པོ་ནི་བདེ་བ་བཞིན་དུ་རང་རིག་པར་བྱེད་པས་
རྟོགས་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ཏེ་མི་དམིགས་པའི་ཕྱིར་རོ། །དེས་ན་དེའི་ཤུགས་ལས་དེ་ཉིད་ཡུལ་རིག་པར་བྱེད་པ་ཁོ་བོ་ཅག་སྨྲའོ། །ཡུལ་དང་འདྲ་བ་ཉིད་ཅེས་བྱ་བ་ཇི་ལྟར་ཡིན། འདྲ་བའི་ཕྱིར་རྣམ་པར་ཤེས་པའི་ཡུལ་ལ་འཛིན་པར་བྱེད་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །
གཟུགས་ཀྱི་ཤེས་པ་ནི་རེག་བྱ་ལ་ཚད་མར་མི་འགྱུར་ཏེ་མི་འདྲ་བའི་ཕྱིར་རོ། །དེའི་ཕྱིར་དོན་ནི་འདི་ཡིན་ཏེ། གཟུགས་ཀྱི་ཤེས་པ་ནི་ཕྲད་བྱ་ཡུལ་གཟུགས་སམ་རེག་བྱ་ལས་འབྱུང་བས་སྔོན་པོའོ་ཞེས་བྱ་བའམ་མེའོ་ཞེས་བྱ་བར་དེ་ཉིད་ཡིན་པར་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །དེས་བསྐྱེད་པར་བྱ་
བ་ཡིན་པའི་ཕྱིར་ནག་པའི་བུ་ལ་དེར་ཤེས་པ་ལྟ་བུ་དང་། བྲེགས་པ་ལས་སྐྱེས་པའི་སྐྲ་ལ་སོགས་པ་བཞིན་དུ་འདྲ་བ་ཉིད་ལ་དེ་ཉིད་ཡིན་པར་བསམ་པའི་ཕྱིར་སྐྱོན་མེད་དོ། །དེའི་ཕྱིར་གང་གི་ཡུལ་གྱི་རྣམ་པ་ཡིན་པ་དེ་ནི་ཡུལ་གྱི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡུལ་གྱི་རྣམ་པ་དང་འདྲ་བའི་
རྣམ་པ་གང་གི་ཡིན་པ་དེ་ནི་ཡུལ་གྱི་རྣམ་པ་ཡིན་ཏེ། ཡུལ་གྱི་བསྐྱེད་པར་བྱ་བ་ཉིད་ཡིན་པ་ནི་དེ་ཉིད་དུ་སྒྲོ་འདོགས་པའི་རྒྱུ་མཚན་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་པ་ནི་གལ་ཏེ་བདག་ཉིད་ལ་གནས་པའི་ཡུལ་གྱི་རྣམ་པས་ཡུལ་རིག་པར་བྱེད་པ་ཡིན་ན། ཡུལ་གྱི་རྣམ་པ་ཇི་ལྟར་རིག་པ་ཡིན།
เล่ม ๑๘๐ · หน้า 75a
གཟུང་བྱའི་རྣམ་པ་ཅན་ནི་འཛིན་པར་བྱེད་པ་མ་ཡིན་ལ། རྣམ་པ་གཞན་དུ་རྟོག་པ་ཡིན་ན་ཐུག་པ་མེད་དོ་སྙམ་དུ་སེམས་པ་ལ། དེ་ཐ་དད་པ་ནི་ཡུལ་གྱི་རྣམ་པ་ཐ་དད་ཅེས་བྱ་བ་སྨོས་ཏེ། བདག་ཉིད་ཀྱི་རྣམ་པ་ཁོ་ནས་ཡིན་གྱི་རྣམ་པར་གཞན་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཡང་ན་གལ་ཏེ་དེས་བསྐྱེད་བྱ་ཉིད་ལ་དེ་ཉིད་དུ་སྒྲོ་འདོགས་པའི་རྒྱུ་མཚན་གྱིས་རང་གི་ངོ་བོས་བསྐྱེད་པར་བྱ་བའི་ཤེས་པ་ནི་མ་ཡིན་ཏེ། ཇི་ལྟར་དེ་ཉིད་དུ་སྒྲོ་འདོགས་པ་ཡིན་ཞེས་བྱ་བ་དེ་ལ་ཡུལ་ལྟ་བུའི་རྣམ་པ་ཐ་དད་པ་ནི་ཞེས་བྱ་བ་སྨོས་ཏེ། ཡུལ་ལ་མངོན་པར་ཕྱོགས་པ་ཉིད་ནི་རང་གི་ངོ་བོ་ལ་མངོན་
པར་ཕྱོགས་པ་ཉིད་ཡིན་ཏེ། རང་གི་ངོ་བོ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་གཟུགས་ཀྱི་ཤེས་པ་ནི་ཕྲད་བྱ་གཟུགས་ཀྱི་ཚད་མ་ཡིན་ཞེས་འདི་ལ་དང་པོ་སྦྱར་བར་བྱ་ཞིང་། རེག་བྱ་ལ་སོགས་པ་ལ་ཚད་མ་ཡིན་ཞེས་བྱ་བ་འདི་ལ་གཉིས་པའོ། །ཡུལ་དང་འདྲ་བ་ཉིད་དམ་ཡུལ་ལ་མངོན་དུ་
ཕྱོགས་པའམ་ཞེས་མངོན་དུ་ཕྱོགས་པ་དེ་ལ་དེས་བསྐྱེད་བྱ་ཡིན་པས་དེ་ཉིད་དུ་སྒྲོ་འདོགས་པ་ཡིན་ནོ། །དེ་ཉིད་བསྟན་པ་ནི། ཡུལ་གྱི་རྣམ་པ་དེ་ཡང་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་ཏེ་ཞེས་བྱ་བ་སྟེ། ཡུལ་གྱི་རྣམ་པ་ནི་ཕྲད་པར་བྱ་བའི་རྣམ་པ་སྟེ། ཕྲད་བྱ་ཉིད་ཅེས་བྱ་བའི་དོན་ཏོ། །
བྱ་བ་དང་བྱེད་པ་པོ་དག་གི་རང་གི་ངོ་བོའི་རྣམ་པ་ཡང་གནས་པའི་ཕྱིར་རྣམ་པར་གཞག་བྱ་དང་རྣམ་པར་འཇོག་བྱེད་ཀྱི་ངོ་བོས་ཚད་མ་དང་འབྲས་བུ་ཉིད་ནི་ཐ་དད་པ་ལ་ཡང་འགལ་བ་མེད་པ་ཡིན་གྱི། འབྲས་བུ་དང་རྒྱུའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེས་ན། ཇི་ལྟར་སེང་ལྡེང་བཅད་པ་ན། །པ་ལ་ཤ་ཡི་འཆད་
པ་མིན། །དེ་བཞིན་སྟ་རེ་དང་གཅད་བྱ། །འཇིག་རྟེན་ལ་ནི་གཅིག་པ་མིན། །ཞེས་བྱ་བ་ཡང་སུན་འདོན་པ་མ་ཡིན་ཏེ། འབྲས་བུ་དང་རྒྱུའི་ངོ་བོ་ཡང་བྱ་བ་དང་འབྲས་བུ་དག་ལས་འབྱེད་པ་མ་ཡིན་ཏེ། བྱུང་བ་གང་རྣམས་ཀྱི་བྱ་བ། །དེ་ཉིད་བྱེད་པོ་ཉིད་དུ་བརྗོད། །ཅེས་བྱ་བ་ནི་འགལ་བ་མེད་
དོ། །ཡུལ་མངོན་པར་ཕྱོགས་པ་ཉིད་ཀྱི་ཤེས་པ་ནི་དེའི་རྣམ་པ་མ་ཡིན་ནམ། ཡུལ་གྱིས་བསྐྱེད་པར་བྱ་བའི་ཤེས་པའི་བདག་ཉིད་ནི་དེ་ཉིད་ཀྱི་རིག་པ་ལས་གཞན་པ་དེ་ལས་མངོན་པར་ཕྱོགས་པ་ཉིད་མ་ཡིན་ཏེ། རིག་བྱའི་དེ་ཉིད་ཚད་མ་ཡིན་ལ། ཡུལ་རིག་པ་ནི་འབྲས་བུ་ཡིན་ཞེས་བྱ་བ་
เล่ม ๑๘๐ · หน้า 75b
ནི་རྣམ་པར་དབྱེ་བའོ། །ཡུལ་དང་འབྲེལ་བ་ཅན་ཉིད་མི་བསླུ་བ་ཅན་ཉིད་མ་ཡིན་ནམ། དེ་ཡང་བསྐྱེད་བྱ་ཉིད་དེ་དེ་ཉིད་དུ་སྒྲོ་འདོགས་པའི་ཡུལ་ཡིན་པའི་ཕྱིར་མི་བསླུ་བ་ལས་གཞན་པའི་ཡུལ་གྱི་རྣམ་པ་ཉིད་མ་ཡིན་ནོ། །བདེན་པ་ཡིན་མོད་ཀྱི་དེའི་བསྐྱེད་བྱ་ཉིད་མི་བསླུ་བ་ཅན་ཉིད་དང་། དེ་
ཉིད་དུ་སྒྲོ་བཏགས་པ་ནི་དེའི་རྣམ་པ་ཉིད་ཡིན་ཞེས་བྱ་བ་ནི་བསྡུས་པའོ། །མིག་ལ་སོགས་པ་རྣམས་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ཐམས་ཅད་ཡུལ་ཡིན་པའི་ཕྱིར་ཐལ་ཆེས་པ་ནི་ཚད་མ་སྐྱེད་པར་བྱེད་པ་པོ་ཉིད་ལ་ཡང་མཚུངས་པ་ཡིན་ནོ་སྙམ་པའི་བསམ་པས་ཟེར་བ་ནི། ཇི་ལྟར་དེ་རྣམ་པར་ཤེས་པ་
ལ་བདག་ཉིད་ཅེས་བྱ་བ་སྟེ། ཐམས་ཅད་དུ་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྨི་ལམ་ལ་སོགས་པ་ལ་དམིགས་པ་ཡོད་པའི་ཕྱིར་འབྲས་བུར་འགྱུར་རོ་ཞེས་བྱ་བ་ནི་ཐལ་ཆེས་པའི་དོན་ཡིན་ཏེ། ཡུལ་ལ་ནི་མ་ཡིན་ནོ། །ཤེས་པ་གཞན་ཡོད་ན་ཐམས་ཅད་དུ་འབྱུང་བ་ཡིན་ཞེས་བྱ་བ་
ནི་རྣམ་པའི་བྱེ་བྲག་ཡིན་པར་བསྟན་པ་ནི། དེ་ཡོད་ན་འདི་ཡོད་པ་ཉིད་ཅེས་བྱའོ། །ཚད་མ་མི་བསླུ་ཅན་ཤེས་པ། །ཞེས་བྱ་བ་དེར་ནི་ཤེས་པ་ཙམ་བྱེ་བྲག་ཏུ་བསྟན་པ་ཡིན་ལ། འདིར་ནི་དེའི་རྣམ་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་གོ། །རྟོགས་པ་ཙམ་ནི་ཚད་མ་མ་ཡིན་ཞིང་དེ་སྒྲུབ་པར་
བྱེད་པ་ཡང་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །ཕྲད་བྱའི་མཐར་ཐུག་པ་ཡིན་ན་ནི་འགྱུར་ཏེ། བྱེ་བྲག་མཐོང་བ་ནི་ཕྲད་བྱའི་བདག་ཉིད་དམ། དེ་དང་འབྲེལ་པ་ཅན་གྱི་བདག་ཉིད་ཡིན་ཏེ། མི་བསླུ་བ་ཅན་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་ནོ། །གལ་ཏེ་དེ་ལས་གཞན་པ་ཡིན་ན་ནི་དེ་ཚད་མ་
མ་ཡིན་པར་ཚད་མ་མི་བསླུ་བ་ཅན་ཞེས་བྱ་བས་བསྟན་པ་ཡིན་ནོ། །ད་ནི་དེ་ཡང་རང་ལས་སམ་གཞན་ལས་ཡིན་ཞེས་རྣམ་པར་དཔྱད་པར་བྱ་བ་ཡིན་ཏེ། བསྐྱེད་པ་ལ་ལྟོས་ནས་ཚད་མར་གྱུར་པ་ལས་ཞེས་བྱ་བ་དེར་རྣམ་པར་དཔྱད་ཟིན་ཏོ། །མི་བསླུ་བ་ཅན་ཉིད་ནི་རྟོགས་པ་ཡིན་ན་རང་གི་འབྲས་བུ་
བྱེད་པ་ཉིད་ཡིན་ལ། དེའི་ཤེས་པ་ཡང་རང་ཉིད་ལས་མ་གྲུབ་པ་ཡིན་ན་གཞན་ལ་ལྟོས་པ་ཡིན་ཞེས་བྱ་བ་ཡང་ཚད་མ་མི་བསླུ་བ་ཅན་ཞེས་བྱ་བ་འདིས་མཚོན་པ་ཉིད་ཡིན་ན། ད་ལྟར་ལྷག་པ་ཅི་བྱར་ཡོད། །གང་ལས་རང་དངོས་རང་ལས་རྟོགས་པ་ཅན། །ཞེས་བྱ་བ་ལ་སོགས་པས་སེམས་པར་
เล่ม ๑๘๐ · หน้า 76a
བྱེད་པ་ཡིན། རང་རིག་པའི་ཤེས་པའི་བདག་ཉིད་ནི་ཚད་མ་ཡིན་ལ། དེས་ན་རང་ཉིད་ལས་རིག་པ་ཉིད་ནི་དེ་ཉིད་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ། །རང་གི་ངོ་བོ་ཡིན་ཞེས་བྱ་བ་ནི་མི་རིགས་ཏེ། ཚད་མ་མི་བསླུ་བ་ཅན་ཞེས་བྱ་བ་འདིས་གཞན་ལས་ཚད་མ་ཉིད་དུ་སྒྲུབ་པར་བྱེད་པ་དང་
འགལ་བའི་ཕྱིར་རོ། །དེས་ནི་ཚད་མ་ཉིད་ཀྱི་ངོ་བོ་བསྟན་པ་ཡིན་ལ། གཞན་ལས་ཤེས་ཞེས་བྱ་བས་ནི་ཐ་སྙད་ལས་ནི་ཚད་མ་ཉིད་དེ་དོན་བྱེད་པའི་ངོ་བོས་ངེས་པར་བྱེད་པའོ། །དེ་ལྟ་ན་ཡང་རང་གི་ངོ་བོས་ཞེས་བྱ་བ་ནི། རང་ལས་ཤེས་པ་རྗོད་པར་བྱེད་པ་ཉམས་པ་ཡིན་ནོ། །རྟོགས་པ་ལ་ལྟོས་
ནས་རང་ཉིད་ཅེས་རྗོད་པར་བྱེད་པ་ཡིན་ལ། ངེས་པ་ལ་ལྟོས་ན་ཅིག་ཤོས་ཞེས་བྱ་བ་ལ་ནི་འགལ་བ་མེད་དོ། །དེ་ལྟ་ན་ཡང་གཞན་ལས་ཞེས་བརྗོད་པ་ཉིད་ཀྱིས་རང་གི་ངོ་བོ་རྟོགས་པ་ཡིན་པའི་ཕྱིར་དེའི་དོན་དུ་ཚད་མ་མི་བསླུ་བ་ཅན་ཞེས་བྱ་བ་ཚིག་ལྷག་ཏུ་སོང་ངོ་སྙམ་དུ་སེམས་པ་ལ། རང་ལས་
རང་གི་ངོ་བོས་རྟོགས། །ཞེས་བྱ་བ་ལ་སོགས་པས་དོན་གཞན་ཉིད་དོགས་པ་སྔོན་དུ་འགྲོ་བས་སྨྲ་བ་ནི། གལ་ཏེ་ཤེས་པ་འདི་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནས། མངོན་སུམ་དང་ནི་རྗེས་དཔག་ལས། །གཞན་གྱི་ཚད་མ་ཡོད་མ་ཡིན། །ཞེས་བྱ་བའི་བར་གྱིས་ཚད་
མ་གཉིས་པོ་མ་རྟོགས་པ་ལས་ནི་དོན་དམ་པ་པའི་ཚད་མ་ཉིད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ལན་ནི། འདིར་སྨྲས་པ། ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་མཐོང་བ་ལས་དེ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་དེ་ཉིད་དོན་དམ་པ་པ་མ་ཡིན་པ་ཉིད་དུ་ཁས་ལེན་པ་ཡིན་ཏེ། ཐ་སྙད་པ་རྣམས་ཀྱིས་
འདའ་བར་མི་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མི་བསླུ་བ་ཅན་ནམ་ཅིག་ཤོས་ཀྱི་ཤེས་པ་ཡང་རང་རིག་པ་འབྱུང་བའི་དུས་སུ་ཤེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། རང་རིག་པའི་མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པ་ནས་ཐེ་ཚོམ་དུ་ཡང་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་དུ་གནོད་
པ་མེད་པ་ཉིད་ཀྱི་མཚན་ཉིད་ཀྱང་རང་ལས་ཡིན་ནོ་སྙམ་པ་སྔོན་དུ་འགྲོ་བས་ཟེར་བ་ནི་འོན་ཏེ་གནོད་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནས། ཚད་མ་གཞན་ནི་ཡོད་མ་ཡིན། །ཞེས་བྱ་བའི་བར་གྱིས་སོ། །དོན་གྱིས་གོ་བས་ཤེས་པ་དེའི་ཞེས་བྱ་བ་ནི་དོན་ཡོངས་སུ་བཅད་པ་ལ་གཞན་དུ་མི་
เล่ม ๑๘๐ · หน้า 76b
འཐད་པར་རྟོགས་པའི་ཤེས་པ་ནི། ཚད་མར་གྱུར་པ་ཉིད་དུ་ཤེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཚད་མ་ཉིད་ཀྱིས་ཤེས་པ་བཞིན་དུ་དངོས་པོ་ཡང་རང་ཉིད་ཁོ་ན་ལས་ཡིན་ནོ་ཞེས་ཟེར་བ་ནི། གཞན་ཡང་རྣམ་པར་ཤེས་པ་ནི་རྒྱུ་ལས་སྐྱེས་པ་ཡིན་ལ་ཞེས་བྱ་བའོ། །རང་ཉིད་ལས་ཞེས་བྱ་བ་
ནི་ཤེས་པའི་བདག་ཉིད་ཁོ་ནའི་རྒྱུ་ལས་ཡིན་ནོ་ཞེས་བྱ་བའི་དགོངས་པས། གལ་ཏེ་རང་ལས་ཚད་མ་ཉིད། །ཅེས་བྱ་བ་སྨོས་ཏེ། དབང་པོ་ལ་སོགས་པའི་རང་གི་ངོ་བོའི་ཤེས་པ་བཞིན་དུ་ཚད་མ་ཉིད་ལ་ཡང་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྟག་པའི་རང་བཞིན་ཡིན་པས་རང་ཉིད་
ལས་ཡིན་གྱི། རྒྱུ་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་བསམ་པས། དེ་ལ་ཡང་སྨྲ་བ་ནི། ཅི་སྟེ་བདག་ཤེས་རང་བཞིན་ཕྱིར། །ཞེས་བྱ་བ་ལ་སོགས་པ། །དེ་གཞན་དུ་འགྱུར་ཡོད་མ་ཡིན། །ཞེས་བྱ་བའི་བར་དུ་སྟེ། རྒྱུའི་སྐྱོན་ལ་སོགས་པའི་དབང་གིས་རྟག་པ་གཞན་ཉིད་དུ་འགྱུར་བ་
མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱོན་ལྷན་ཅིག་བྱེད་པ་ཅན་ཡིན་པའི་དབང་པོ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་རྣམ་པར་འགྱུར་བ་ནི་ཚད་མ་ཉིད་མ་ཡིན་པའི་དངོས་པོ་ཡིན་ལ། དེ་ནི་རྟག་པ་ལ་ཡང་མིན་པའི་ཕྱིར་གཞན་དུ་འགྱུར་བའི་ཤེས་པའི་ངོ་བོ་རྟག་པ་ཉིད་ཡིན་ན་ཡང་འགལ་བ་
མེད་དོ་ཞེས་ཟེར་བ་ནི། གལ་ཏེ་སྐྱོན་ཅན་རྒྱུ་ཡོད་པས། །ཞེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་བྱེ་བྲག་ལས་ཚད་མ་ཉིད་ཀྱང་ཡོན་ཏན་གྱིས་བྱས་པར་འགྱུར་བར་བསྟན་པ་ནི། ཡོན་ཏན་ལྡན་རྒྱུ་དང་འབྲེལ་ཕྱིར། །ཞེས་བྱ་བའོ། །ཡོན་ཏན་རྣམས་ཀྱི་བྱ་བ་ལས་ནི་སྐྱོན་མེད་
པ་ཉིད་དང་གཞན་དུ་གྲུབ་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཉེས་པ་མེད་པའི་ཕྱིར། །ཞེས་བྱ་བའོ། །སྐྱོན་རྣམས་ཀྱི་བྱ་བ་ལས་ནི་ཡོན་ཏན་མེད་པ་ཉིད་དང་། གཞན་དུ་འགྲུབ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན་པར་བསྟན་པ་ནི། ཡོན་ཏན་མེད་
ཕྱིར་ཚད་མིན་པར། །ཞེས་བྱ་བའོ། །རྟོགས་པའི་ངོ་བོ་ཉིད་ཀྱིས་བདག་ཉིད་ཀྱིས་དམིགས་པ་ཡིན་ན་རྟག་པའི་ཕྱིར་གཉིད་ལོག་པ་ལ་སོགས་པ་ཡང་མི་ལྡོག་པའི་ཕྱིར་རིག་པར་བྱེད་པར་འགྱུར་བར་བསྟན་པ་ནི། གལ་ཏེ་དེ་རྟོགས་བ་དག་འདོན་ན། །ཞེས་བྱ་བའོ། །གལ་ཏེ་རང་ལ་མི་བསླུ་བ་
เล่ม ๑๘๐ · หน้า 77a
ཅན་ཉིད་དུ་ཤེས་པ་མ་ཡིན་ལ། ཤེས་པ་གཞན་ལས་ནི་ཤེས་པར་བྱེད་པ་ཉིད་ཡིན་པར་བསྟན་པ་ནི། གལ་ཏེ་མི་བསླུ་བའི་ཤེས་པ་དེ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཡིན་ཏེ། རྟོགས་པའི་བྱ་བ་རྫོགས་པའི་ཕྱིར་མ་ཡིན་ནམ། དེའི་
འོག་གི་ཐེ་ཚོམ་ནི་དེ་དང་འགལ་བ་ཅན་མ་ཡིན་ཏེ། གང་གི་ཕྱིར་རིམ་གྱིས་ངེས་པའི་དོན་འཛིན་པ་ནི་ཐེ་ཚོམ་ཡིན་ནོ། །འབའ་ཞིག་ནི་དོན་བྱེད་པའི་ཤེས་པ་ལས་ལྡོག་པ་ཡིན་སྙམ་དུ་སེམས་པ་ལ། སྒྲུབ་པར་བྱེད་པའི་ཤེས་པའི་ཡང་ཞེས་བྱ་བ་སྨོས་ཏེ། འདིའི་ཡུལ་ནི་ཐེ་ཚོམ་ཡིན་ལ་དེའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་ཐེ་ཚོམ་
དུ་བྱ་བ་ཡིན་པས་ཐེ་ཚོམ་ཡིན་ཏེ། དོན་ལ་དོན་བྱེད་པ་ཉིད་དུ་ངེས་པར་འཛིན་པ་ཡིན་ན། ངེས་པར་མི་འཛིན་པའི་བདག་ཉིད་ནི་ཐེ་ཚོམ་ཡིན་ལ། ཅུང་ཟད་ཀྱང་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གནོད་པ་མེད་པའི་དོན་ཞེས་བྱ་བར་ཡང་ཉེ་བར་དགོད་པ་ནི། བཙུན་པའི་
འདོད་པའི་དབང་གིས་ཡིན་ནོ། །གཞན་སྒྲུབ་པར་བྱེད་པའི་རིགས་པ་བཞིན་དུ་དོན་བྱེད་པ་རིག་པ་ཡང་ཡོད་པ་དང་མེད་པ་མཚུངས་པའི་ཕྱིར་མཐོ་ཉིད་བཞིན་དུ་མི་ཉིད་ཡིན་པ་ལ་ཐེ་ཚོམ་ཟ་བ་ངེས་པ་མ་བཟུང་བའི་བདག་ཉིད་ཅན་ཁོ་ན་ཡིན་པར་བསྟན་པ་ནི། ཚད་མ་སྔར་གྲུབ་མེད་པ་གང་། །ཞེས་བྱ་
སྟེ། ཇི་ལྟར་རྟོགས་པའི་བདག་ཉིད་སྒྲུབ་པར་བྱེད་པའི་ཤེས་པ་ནི་ཡོད་པ་དང་མེད་པར་རམ་བྱེ་བྲག་མེད་པའི་ཕྱིར་ཡུལ་རྣམ་པར་འཇོག་པར་བྱེད་པ་ཅན་མ་ཡིན་པ་དེ་བཞིན་དུ་དོན་བྱེད་པའི་ཤེས་པ་ཡང་དོན་བྱེད་པ་དང་ཅིག་ཤོས་ཐུན་མོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ཚད་མའི་ཐུན་
མོང་བ་ཉིད་ཀྱིས་ཐེ་ཚོམ་གྱི་ཡུལ་ཅན་གྱིའོ། །དེ་ལས་ཞེས་བྱ་བ་ནི་ཐུན་མོང་བ་ཉིད་ཀྱིས་ཐེ་ཚོམ་གྱི་ཡུལ་ཅན་དོན་བྱེད་པའི་ཤེས་པ་ལས་སོ། །གལ་ཏེ་ཚད་མ་སྔར་གྲུབ་ན་ཞེས་བྱ་བ་ལ་སོགས་པས་ནི་མེ་དང་དུ་བ་བཞིན་དུ་གོ་བྱ་གོ་བྱེད་ཀྱང་ངོ་། །དེས་ན་རང་དབང་དུ་ཚད་མར་གྲུབ་པ་ཡིན་གྱི་གཞན་དུ་
ནི་མ་ཡིན་ནོ། །ལྐོག་ཤལ་ལ་སོགས་པ་ལས་བ་ལང་ཉིད་བཞིན་དུ་དོན་བྱེད་པ་ལས་ཚད་མ་ཉིད་དུ་ཉེ་བར་མཚོན་པ་ཡིན་གྱི། གོ་བར་བྱ་བ་མ་ཡིན་པ་དེས་ན་འབྲེལ་པ་འཛིན་པ་ལ་ལྟོས་པ་མ་ཡིན་ནོ་སྙམ་དུ་སེམས་པས་སྨྲ་བ་ནི། དོན་བྱེད་པ་ལས་ཤེས་དེ་ནི། །ཞེས་བྱ་བའོ། །ཚད་མ་དང་
เล่ม ๑๘๐ · หน้า 77b
ཅིག་ཤོས་ཐུན་མོང་བའི་དོན་བྱེད་པ་ནི་ཚད་མར་ཉེ་བར་མཚོན་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། དོན་བྱེད་པར་ནི་བྱུང་བ་དེ། །ཞེས་བྱ་བ་སྟེ། ཚད་མ་མིན་པར་རྟོགས་པ་ནི་ཐ་ན་རེག་པའི་ཤེས་པ་ལས་སོ། །ཚད་མ་ཁོ་ན་ལས་དོན་བྱེད་པ་ཡིན་གྱི་སེར་པོའི་ཤེས་པ་ལས་ནི་མ་ཡིན་ཏེ། ཇི་ལྟར་མཐོང་བ་
དང་ཕྲད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། དེ་ལས་དོན་བྱེད་དེ་མིན་ན། །ཞེས་བྱ་བའོ། །ཚད་མ་ལས་འཇུག་པའི་དོན་བྱེད་པ་བཞིན་དུ་ཚད་མ་མ་ཡིན་པ་ལས་ཀྱང་འགྱུར་རོ་ཞེས་བསྟན་པ་ནི། གཞན་ལས་ཀྱང་ཇི་ལྟར་འདོད་ཅེས་བྱ་བ་སྟེ། གཞན་དུའང་ཞེས་བྱ་བ་ནི་ཚད་མ་ལ་ཡང་ཁ་
ཅིག་ཏུ་མ་ཕྲད་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །སྔར་མེད་ན་མི་འབྱུང་བའི་ངོ་བོར་མཐོང་བ་ཡིན་ན་གོམས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། གོམས་ལས་རྣམ་པ་མི་མཐུན་པ། །ཞེས་བྱ་བའོ། །མངོན་སུམ་ལས་མེད་པ་མི་འབྱུང་བའི་ངོ་བོ་མཐོང་བ་མ་ཡིན་དུ་ཟིན་ཀྱང་
རྗེས་སུ་དཔག་པ་ལས་ཡིན་ནོ་ཞེས་ཟེར་བ་ནི། དེ་མཐོང་ཉིད་ན་ཞེས་བྱ་བའོ། །མངོན་སུམ་མེད་ན་འབྲེལ་པ་འཛིན་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མི་སྲིད་དོ་ཞེས་བསྟན་པ་ནི། རྗེས་དཔག་དེ་ཡང་ཞེས་བྱ་བའོ། །འོན་ཏེ་རིག་པ་ལས་གཞན་པའི་རིག་བྱ་མེད་པ་ཡིན་ལ། དེས་ན་སྒྲུབ་པར་
བྱེད་པ་དང་དོན་བྱེད་པ་ཡང་རིག་པའི་ཁོངས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་དེ་དང་འབྲེལ་པ་བདེ་བར་གཤེགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རང་དངོས་རང་དམིགས་རྣམ་པ་ནི། །ཞེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་ཙམ་རིག་པ་དག་གི་གཞན་དང་གཞན་དུ་རིག་པ་མ་ཡིན་པ་ལས་དེ་གཉིས་ལས་
ཡོད་པའི་འབྲེལ་པ་རིག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབའ་ཞིག་ནི་འབྲེལ་པ་འཛིན་པར་མི་ནུས་པ་མངོན་སུམ་འབའ་ཞིག་ནི་མ་ཡིན་ལ། དེའི་ཁྱད་པར་འཛིན་པར་མི་ནུས་པ་ཡིན་པར་བསྟན་པ་ནི། ཡུལ་དང་དུས་གཞན་ཁྱབ་པར་ནི། །ཞེས་བྱ་བ་སྟེ། གང་དུ་འབྲེལ་པ་འཛིན་པར་
བྱེད་པ་ཡིན་པ་དེར་ཡང་ཁྱབ་པ་མ་བཟུང་བ་ལས་ཚད་མ་མ་ཡིན་ན། གང་དུ་འབྲེལ་པ་ཡང་མི་འཛིན་པ་ལ་ནི་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དགོངས་པས། ཁྱབ་མིན་ལྷན་ཅིག་འགྱུར་གང་ཡིན། །ཞེས་སྨོས་སོ། །ལྷན་ཅིག་པ་ཉིད་དུ་རེ་ཞིག་འདི་དག་གིས་མཐོང་བ་མ་ཡིན་ནམ། གང་དུ་ཡང་
เล่ม ๑๘๐ · หน้า 78a
འཁྲུལ་པར་ནི་མ་མཐོང་ངོ་། །མཐོང་བར་འགྱུར་བ་ཡིན་ནོ་ཞེ་ན། ངེས་པ་མེད་དོ། །དེ་ཉིད་ཀྱིས་ན་ཐེ་ཚོམ་ཡིན་ནོ་ཞེ་ན། འཁྲུལ་པར་མ་མཐོང་བ་ཁྱད་པར་ཅན་དང་ལྷན་ཅིག་པ་མ་མཐོང་བ་མང་པོ་ལས་དེ་ལྟར་འགྱུར་བ་མ་ཡིན་ནོ། །འདི་ནི་འདི་ལ་ངེས་པ་ཡིན་ནོ་ཞེས་ངེས་པ་
ཡིན་པ་དེས་ན། དོན་གྱིས་གོ་བ་དང་ལྷན་ཅིག་པའི་མངོན་སུམ་ལ་ཁྱབ་པ་ངེས་པར་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། ཡུལ་སོགས་བཟུང་བ་མེད་པར་ནི། །ཞེས་བྱ་བ་སྨོས་ཏེ། འཁྲུལ་པ་ནི་གལ་ཏེ་མ་བཟུང་བ་ཡིན་ཡང་ཡུལ་མ་བཟུང་བ་ཡིན་ན་དེའི་མེད་པ་ཉིད་རིག་པར་བྱེད་པ་མ་
ཡིན་ནོ། །ཡོད་ཀྱང་རིག་བྱ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་ཐེ་ཚོམ་ཡིན། །ཞེས་བྱ་བའི་དོན་ཏོ། །དེའི་བྱ་བ་ནི་ཡུལ་ལ་སོགས་པའོ། །དེ་ལྟ་ན་ཡང་ཐ་སྙད་པ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རྟོགས་པར་བྱེད་པ་ཉིད་དང་། དེ་ལས་བཟློག་པ་ཚད་མ་མ་ཡིན་པ་ཉིད་ལས་
གཞན་པ་མ་མཐོང་བའི་ཕྱིར་ཁས་བླང་བར་བྱ་བ་ཡིན་པར་ཚིགས་སུ་བཅད་པ་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་པ་ནི། དེ་ཕྱིར་རང་ལས་ཚད་མ་ཉིད། །ཅེས་བྱ་བའོ། །དེ་ལ་རེ་ཞིག་གནོད་པ་མེད་པའི་རྟོགས་པ་ཉིད་ཚད་མ་ཡིན་ན། སྐྱེས་པའི་དུས་སུ་ཚད་མ་དང་ཅིག་ཤོས་དག་མཚུངས་
པ་ཡིན་པར་བསྟན་པ་ནི། གནོད་པ་མེད་པ་ཙམ་གྱིས་ནི། །ཞེས་བྱ་བ་སྟེ། འཇུག་པའི་དུས་ཕྱིས་གནོད་པ་མེད་པ་ཉིད་དུ་ནི་སྔར་མ་ངེས་པ་ཡིན་ན། ཇི་ལྟར་འཇུག་པའི་རྒྱུར་འགྱུར་ཞེས་བསྟན་པ་ནི། ཐོབ་པའི་དུས་སུ་འང་ཞེས་བྱ་བའོ། །དོན་བྱེད་པ་ལ་མི་བསླུ་བ་ཉིད་ཀྱང་ཚད་མ་ཡིན་
ལ། འཇུག་པའི་སྔ་རོལ་དུ་ངེས་པ་མེད་པ་ནི་འཇུག་པའི་ཡན་ལག་མ་ཡིན་པ་ཁོ་ནའོ་ཞེ་ན། དེ་ཡང་རང་དངོས་སོ་ཞེས་བྱ་བ་སྨོས་སོ། །ཐ་སྙད་པ་རྣམས་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་ཞེས་བྱ་བ་ལ་རིགས་པ་ཅིར་ཡང་མེད་ལ། རིགས་པས་བརྟགས་པ་ན་རང་ལས་སམ་གཞན་ལས་ཀྱང་
རུང་ཚད་མ་ཉིད་དུ་རྣམ་པར་གནས་པ་མ་ཡིན་ཞེས་པ་ནི་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་ནི་ཤེས་པའི་རང་གི་ངོ་བོ་སྐད་ཅིག་མ་ཉིད་དུ་ཤེས་པ་ཙམ་ཉིད་ལ་སོགས་པ་ལ། ཐར་པ་འདོད་པ་རྣམས་ཀྱིས་གཞལ་བྱ་ལ། གཞན་ལ་ལྟོས་པ་མེད་པ་ཉིད་ཀྱིས་རང་རིག་པས་ངེས་པ་ནི་རང་ཉིད་ལས་
เล่ม ๑๘๐ · หน้า 78b
ཏེ་དོན་དམ་པ་པའི་ཚད་མ་ཉིད་ཡིན་ནོ། །ཕྱི་རོལ་ལ་ནི་ཐོབ་བྱ་དང་འབྲེལ་པ་ལ་སོགས་པ་གཞན་ལ་ལྟོས་པའི་ཕྱིར་རང་རིག་པ་མ་ཡིན་པ་ལ་ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པའི་ཐ་སྙད་ཀྱི་མིང་ཅན་གྱི་རྣམ་པར་རྟོག་པ་དེ་གཙོ་བོར་འགྱུར་བའི་རྗེས་སུ་དཔག་པས་རྟོགས་པ་ནི་གཞན་ལས་ཏེ།
དོན་དམ་པ་མ་ཡིན་པ་སྟེ། མངོན་སུམ་ལ་སོགས་པའི་ཚད་མས་རྟོགས་པ་མ་ཡིན་པའི་ཕྱིར་རོ། །འདི་ལས་ནི་ཇི་ལྟར་མཐོང་བ་ལས་དེ་ཁོ་ན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་གཉི་ག་ཙུག་ཀྱང་རིགས་པ་ཡིན་པར་བསྟན་པ་ནི། འདིར་བསྟན་པ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་བྱ་བའོ། །ཤེས་
པའི་རང་གི་ངོ་བོ་ཉིད་ཚད་མར་གྲུབ་པ་ཡིན་པར་ནི་མི་རིགས་ཏེ། གཞན་གྱི་ངོ་བོའི་ཡང་སྔོན་པོ་ལ་སོགས་པར་ནི་བདེ་བ་ལ་སོགས་པ་རིགས་པའི་དུས་སུ་རིག་པའི་ཕྱིར་རོ། །བདེ་བ་བཞིན་དུ་ཤེས་པའི་རང་གི་ངོ་བོ་རིག་པ་ཉིད་ནི་སྔོན་པོ་ལ་སོགས་པའི་དོན་བྱེད་པ་མ་ཡིན་ཏེ། ཕྱི་རོལ་ཉིད་ནི་གང་
ལས་དེའི་བྱེད་པོ་ཉིད་ཡོད་པ་ཡིན་ཞེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །གང་ལས་རང་གི་ངོ་བོ་རིག་པ་ལས་གཞན་པ་དེ་ལ་དོན་བྱེད་པ་གང་ཡིན་པ་དེའི་དོན་དུ་ཐ་སྙད་འདོགས་པ་པོ་རྟོགས་པ་ཡང་འཇུག་པ་ཡིན་ལ། དེ་ལ་ལྟོས་པའི་བྱེད་པ་པོ་ཉིད་ཡིན་པ་ནི་རིག་པར་བྱེད་པའི་བྱེད་པོ་ལས་གཞན་
ཉིད་ཡིན་པའི་ཕྱིར་བདེ་བ་དང་མཚན་ཉིད་མི་མཐུན་པ་གཟུང་བྱ་སྔོན་པོའི་ངོ་བོ་བཞིན་དུ་རྟོགས་པ་མེད་པ་དོན་དམ་པ་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རང་ལས་ནི་རང་གི་ངོ་བོ་ཉིད་རྟོགས་ཀྱི་ཞེས་བྱ་བ་སྨོས་ཏེ། བདེ་བ་བཞིན་དུ་སྔོན་པོ་ཡང་རང་རིག་པ་ཁོ་ན་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །
ཕན་ཚུན་པའི་བྱ་བ་མེད་པའི་ཕྱིར་རང་རིག་པ་ཉིད་ལས་མི་གཞན་པའི་དོན་བྱེད་པ་ནི་བདེ་བ་བཞིན་དུ་རང་གི་རྒྱུད་ཀྱི་དོན་བྱེད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེས་ཤེ་ན། དབང་པོ་ལ་བརྟེན་པ་ནི་མངོན་སུམ་མོ་ཞེས་བྱ་བའི་དོན་ནི་བརྟེན་པ་ཉིད་ཡིན་པར་བསྒྲུབས་པ་ཡིན་ཡང་མངོན་
སུམ་གྱི་སྒྲ་ནི་མངོན་དུ་བྱེད་པའི་མཚན་ཉིད་དུ་སྟོན་པ་ཡིན་ལ། མངོན་དུ་བྱེད་པ་ཡང་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་ཡིན་གྱི། ཡང་དག་པར་རིག་པ་ལས་གཞན་པ་དང་། དུས་གཞན་པ་ཡང་ཕྱི་རོལ་ནི་ལྐོག་ཏུ་མ་གྱུར་པ་མི་སྲིད་པར་བསྟན་པ་ནི། མངོན་སུམ་ནི་མངོན་དུ་རྟོགས་པ་ཡིན་ནོ་ཞེས་
เล่ม ๑๘๐ · หน้า 79a
ཞེས་བྱ་བའོ། །སྐད་ཅིག་མ་ཉིད་ཀྱི་ཤེས་པ་ཙམ་ལ་སོགས་པ་བཞིན་དུ་ཐོབ་བྱ་དང་འབྲེལ་པ་ཅན་ཉིད་ཀྱང་ཤེས་པའི་རང་གི་ངོ་བོ་ཉིད་ཡིན་པ་དེས་ན། ཇི་ལྟར་མངོན་དུ་མི་བྱེད་པ་ཞེས་བྱ་བ་ཡིན་སྙམ་དུ་སེམས་པ་ལ། ཐོབ་པར་བྱ་བའི་དོན་མ་བཟུང་བར་ནི་ཞེས་བྱ་བ་སྨོས་སོ། །
ཡུལ་ལ་སོགས་པ་ལ་མེ་དང་འབྲེལ་པ་ཅན་ཉིད་བཞིན་དུ་ཤེས་པ་ཡང་ཕྲད་བྱ་དང་འབྲེལ་པ་ཅན་ཉིད་ནི་གཞན་ལ་ལྟོས་པའི་ཕྱིར་རང་གི་ངོ་བོ་མ་ཡིན་ལ། དེ་ཉིད་རིག་པ་མ་ཡིན་ལ། རིག་པར་བྱེད་པར་མི་འགྱུར་བ་ཉིད་ཀྱིས་རང་ལས་སམ་གཞན་ལས་ཀྱང་རུང་ཚད་མ་ཉིད་ཡིན་པ་མི་སྲིད་དོ། །
འདི་སྐད་བསྟན་པར་འགྱུར་ཏེ། གང་ཞིག་གང་གི་ཚེ་ཡོད་པ་དེའི་ཚེ་དེ་ཡོད་པར་ངེས་པ་ཡིན་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་རྣམས་ནི་ཡོད་པར་ངེས་པ་མ་ཡིན་ཏེ། འབྱུང་བར་འགྱུར་བའི་ཐོབ་བྱ་ལ་གནོད་པར་བྱེད་པ་དེའི་མེད་པ་ཡང་། དུས་དེ་ཉིད་ཀྱི་ཚེ་ཡིན་པ་དེས་ན་
སྔར་ནི་གནོད་པ་མེད་པ་ཉིད་ཀྱིས་མཚན་ཉིད་ཅན་གྱི་ཚད་མ་ཉིད་དང་། ཅིག་ཤོས་ཀྱང་རང་ལས་རྟོགས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བ་ཡིན་ནོ། །ཐོབ་བྱའི་དོན་འཛིན་པ་མེད་ན་དེ་དང་འབྲེལ་པ་འཛིན་པ་ཡང་མེད་པའི་ཕྱིར་ལ། དེས་ན་དེ་ལ་ཐོབ་བྱ་དང་འབྲེལ་པ་ཡིན་ལ།
ཐོབ་བྱ་ཡང་དེར་ཉེ་བ་ཡིན་པར་བསྟན་ཏོ། །འོན་ཏེ་ཚད་མ་ཉིད་རང་གི་ངོ་བོ་ཡིན་ན། འབྲེལ་པ་ཅན་གྱི་ངོ་བོ་ཉིད་དུ་བརྗོད་དོ། །འབྲེལ་པ་ཅན་ཙམ་ནི་འབྲེལ་པ་ཡིན་ཞེས་བྱ་བ་ནི་ཟློས་པ་ཉིད་མ་ཡིན་པ་མ་ཡིན་ནོ། །ལན་ནི། ཐོབ་བྱའི་རང་བཞིན་དང་འབྲེལ་པའི། །ཤེས་པའི་ངོ་བོ་ཞེས་བྱ་
བ་སྟེ། གང་ལ་འབྲེལ་པ་ཡོད་པ་དེ་ནི་འབྲེལ་པ་ཅན་ཡིན་ཏེ། གཞན་གྱིས་ཉེ་བར་བྱས་པའི་དངོས་པོ་ཡིན་གྱི། དངོས་པོ་ཙམ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཉེ་བར་བྱས་པ་མེད་ན་ཤེས་པ་ཙམ་ནི་ཚད་མས་རྣམ་པར་གཞག་པ་མི་ཐོབ་པ་ཡིན་པར་བསྟན་པ་ནི། རང་གི་ངོ་བོ་
ཙམ་ཞིག་ནི་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །ཐོབ་བྱ་ཉེ་བར་བྱས་པ་མ་ཡིན་ན་ཤེས་པའི་ངོ་བོ་ཉིད་དུ་ཡང་མི་རིགས་པ་མ་ཡིན་ནམ། འདི་ཤེས་པས་ཤེས་པའམ། འདི་ཤེས་པར་བྱེད་པས་ཤེས་པ་ཞེས་ཤེས་བྱ་ལ་གནས་པ་ཉིད་ཡིན་ཞེས་རྗོད་པར་བྱེད་པའི་ཕྱིར་ཇི་ལྟར་
เล่ม ๑๘๐ · หน้า 79b
རང་གི་ངོ་བོ་ཉིད་ཚད་མ་ཡིན་ཞིང་། ཇི་ལྟར་དེའི་ངོ་བོ་ཉིད་ཚད་མ་མ་ཡིན་སྙམ་དུ་སེམས་པ་ལ། ཤེས་པའི་རང་གི་ངོ་བོ་ནི་ཚད་མ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཤེས་པ་ནི་རང་ཉིད་དམ། རང་གི་ཡུལ་ཡང་རུང་། དེ་དག་ཙམ་གྱིས་ནི་མ་ཡིན་ཏེ། དེ་ཙམ་ནི་ཐམས་ཅད་ལ་ཡོད་པས་ཚད་མ་དང་
ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར་ལ། ཐོབ་བྱ་ཡོད་པ་དང་མེད་པ་དག་གིས་རྣམ་པར་དབྱེ་བ་ལས་དེ་དང་འབྲེལ་པ་ཉིད་ཚད་མ་ཉིད་ཡིན་ལ། གཞན་ནི་གཞན་དུ་ཡིན་ཞེས་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། དེར་ཡང་བཤད་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐར་པའི་དོན་དུ་ཚད་མ་ལ་
སོགས་པའི་རྣམ་པར་དབྱེ་བ་ཅིའི་དོན་དུ་འབད་ནས་སྤོང་བར་བྱེད་ཅེ་ན། དེ་ལས་འཇུག་པ་དང་ལྡོག་པ་ཞེས་བྱ་བ་སྨོས་སོ། །གཞན་ཡང་གནོད་པ་མེད་པ་ཉིད་ནི་ཚད་མ་ཉིད་མ་ཡིན་ཏེ། འཇིག་རྟེན་པ་མ་ཡིན་པའི་ཕྱིར་ལ། མི་བསླུ་བ་ཅན་ཉིད་ནི་ཐ་སྙད་པ་ཡིན་པའི་ཕྱིར་འགྱུར་བ་ཡིན་པར་ནི།
ཚད་མ་མི་སླུ་བ་ཅན་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། མི་སླུ་བ་ཅན་ཉིད་ནི་ཕྱི་རོལ་གྱི་དོན་ལ་མ་ཡིན་ཏེ། ཐེ་ཚོམ་ཡིན་པས་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ཡང་མ་ཡིན་ཏེ། སྔ་མ་དང་ཕྱི་མ་དག་གི་ཤེས་པ་དག་གི་འབྲེལ་པ་ནི་དེ་
དག་གིས་སམ་གཞན་གྱིས་ཀྱང་ཤེས་པར་མི་ནུས་པའི་ཕྱིར་རོ། །གནོད་པ་མེད་པ་ཉིད་ཀྱི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ངེས་པ་ཡིན་གྱི། གཞན་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །སྔོན་པོའི་ཞེས་བྱ་བར་འཛིན་པའི་བདག་ཉིད་ལ་ནང་དུ་འཇུག་པ་ཡིན་པའི་ཕྱིར་གཞན་ལ་གནས་པ་མ་ཡིན་
སྔོན་པོར་རྟོགས་པར་བྱེད་པ་ཡིན་ནོ། །དབང་པོའི་བྱ་བ་ལས་སྔ་མ་ནི་ཕྱིས་འབྱུང་བའི་དངོས་པོ་ལས་མཚན་ཉིད་མི་མཐུན་པ་མ་ཡིན་ནམ། དེས་ན་བར་དུ་འབྱུང་བའི་ངོ་བོ་ལྐོག་ཏུ་མ་གྱུར་པ་ནི་འདིའོ་ཞེས་བརྗོད་དོ། །བདེན་ཏེ། གལ་ཏེ་དེ་ཡང་དེ་དང་འདྲ་བའི་ང་རྒྱལ་མེད་ན། དེ་ཙམ་གྱི་ང་
རྒྱལ་བྱེད་པ་གཉིས་ཀྱི་ངོ་བོ་ལས་འདི་ལ་གཉིས་དག་ཏུ་རྗོད་པར་བྱེད་པ་མ་ཡིན་ཏེ། དེ་ཡང་གང་གི་ཕྱིར་དེ་ནི་སྤྱིའི་ཡུལ་དང་འབྲེལ་པ་ཅན་སྔོན་མངོན་སུམ་དུ་དམིགས་པར་བྱེད་པ་ཡིན་ལ། ཕྱིའི་ཡུལ་ཡང་འཛིན་པར་བྱེད་པ་ལ་ལྟོས་ནས་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་ཞེས་འདིར་འདི། །འཛིན་བྱེད་
เล่ม ๑๘๐ · หน้า 80a
ཆ་ལས་ཕྱེ་བ་ཡིན། །རིག་བྱ་སྔོན་པོ་སེར་པོ་སོགས། །མངོན་སུམ་ལ་སོགས་པར་བསྟན་ཡིན། །ཞེས་སྨོས་པའོ། །ཕྱི་རོལ་ཉིད་ནི་འཛིན་པར་བྱེད་པ་ལ་ལྟོས་ནས་ཡིན་ལ། དེ་འཛིན་པ་མེད་ན་ཇི་ལྟར་གཟུང་བྱར་འགྱུར། ཕྱི་རོལ་ཉིད་ཀྱིས་ཡིན་ནོ་ཞེ་ན། མི་རིགས་
ཏེ། ཕྱི་རོལ་ཉིད་རིག་པ་ནི་འཛིན་པ་པོའི་ཉམས་སུ་མྱོང་བ་ལ་ལྟོས་པ་ཡིན་ལ། དེའི་ཉམས་སུ་མྱོང་བ་ཡང་དེའི་རིག་པ་ལས་ཡིན་པའི་ཕྱིར་རོ། །དེ་ལྟ་ནི་མ་ཡིན་ཏེ། སྔོན་པོ་བཞིན་དུ་བདག་གོ་ཞེས་འཛིན་པར་བྱེད་པ་ནི་རྟོགས་པ་ཉིད་ཡིན་ཏེ། སྔོན་པོར་བདག་གིས་ཤེས་སོ་ཞེས་ཉམས་སུ་
མྱོང་བ་པོའི་ཉམས་སུ་མྱོང་བར་བྱ་བ་ལས་གཞན་པ་ཉིད་ཁོ་ནར་ཡོད་པ་ཡིན་ནོ། །ཅི་ལས་ཤེས་ཞེ་ན། རེ་ཞིག་གཉི་ག་རིག་པར་བྱེད་པ་ཡིན་ཏེ། རྒྱུ་ཡང་དེའི་ཤུགས་ཀྱིས་རྟོགས་པར་བྱེད་པ་ཡིན་ལ། དེ་བཞིན་དུ་སྔོན་པོར་ཉམས་སུ་མྱོང་བའི་མཚན་ཉིད་ནི་དུ་བ་ནི་མེའི་བྱ་བ་ཡིན་པ་བཞིན་དུ་གོམས་
པ་ཡིན་ན་མཐོང་བ་ཁོ་ན་ལས་ངེས་པ་ཡིན་ཏེ། བསྙོན་པར་འོས་པ་མ་ཡིན་ནོ། །འདི་ཉམས་སུ་མྱོང་བའི་བདག་ཉིད་ཁོ་ན་མ་རིག་པའི་དབང་གིས་ཕྱི་རོལ་བཞིན་དུ་འཇོག་པར་བྱེད་པ་ཡིན་ཞེས་བྱ་བ་འདི་ཡང་མནའ་སྐྱེལ་བས་བསྒྲུབ་པར་བྱ་བ་ཡིན་ཏེ། གཉིས་ཉིད་ཉམས་སུ་མྱོང་བའི་ཕྱིར་རོ། །
ཉམས་སུ་མྱོང་བ་མེད་ན་ཡང་། བག་ཆགས་མེད་ན་མ་རིག་པ་མི་འབྱུང་བའི་ཕྱིར་རོ། །ཐ་དད་པའི་དེ་ལྟ་བུའི་བག་ཆགས་ཀྱིས་བསྐྱེད་བྱ་ནི་རྣམ་པར་རྟོག་པ་མ་ཡིན་ནམ། དེ་ཡང་དེས་བསྐྱེད་བྱ་ཡིན་ཞེས་ཕན་ཚུན་རྒྱུ་ཉིད་ཡིན་ཏེ། ས་བོན་དང་མྱུ་གུ་ལྟ་བུའོ། །དེ་ལྟར་ཡང་མཐོང་བ་ནི་དངུལ་མ་ཡིན་
པ་ལ་དངུལ་དུ་ཤེས་པ་ལའོ། །དངུལ་གྱི་རྣམ་པ་ནི་དེ་ལ་དོན་མེད་པའི་ཕྱིར་དང་གཉི་ག་མ་ཡིན་པ་མེད་པའི་ཕྱིར་ཤེས་པའི་བག་ཆགས་ཡོད་པའི་དབང་གིས་ཕྱི་རོལ་བཞིན་དུ་ཞེས་བྱ་བ་ནི་མི་རིགས་ཏེ། བདེན་པའི་དངུལ་གྱི་རྣམ་པ་བཞིན་དུ་འདིའི་ཡང་ཤེས་པ་ལས་ཕྱི་རོལ་ཉིད་དུ་རྟོགས་པའི་ཕྱིར་བདེན་
པ་དང་མི་བདེན་པའི་རྣམ་པར་དབྱེ་བ་ཉིད་ཉེ་བ་དང་ཉེ་བ་མ་ཡིན་པ་དག་གིས་དེ་བསྟན་པ་ཡིན་ཏེ། དབང་པོས་འཐོབ་མིན་པར་བདག་འདོད། །ཅེས་བྱ་བ་ཡིན་ཏེ། ཉེ་བ་མ་ཡིན་པ་ཇི་ལྟར་དམིགས་པ་ཡིན། གལ་ཏེ་དོན་ཉེ་བ་མ་ཡིན་པ་དེ་ལྟ་ན་ཁོ་བོ་ཅག་གི་ཕྱོགས་ལ་ཅིའི་ཕྱིར་ལྡོག་པར་འགྱུར།
เล่ม ๑๘๐ · หน้า 80b
བདེན་པའི་ཤེས་པ་ལ་ནི་སོ་སོར་སྣང་བ་ཉེ་བ་དགོས་པ་ཅན་ཡིན་གྱི། རང་གི་ངོ་བོས་ཉེ་བ་མ་ཡིན་ནོ། །བདེན་པའི་རྒྱུ་དམིགས་པ་ནི་མི་བདེན་པར་མངོན་པར་འདོད་པ་ལ་ཡང་དེ་མ་ཉམས་པའི་ཕྱིར་བག་ཆགས་ཀྱི་ནུས་པ་ཤེས་པ་མ་ཡིན་ནོ། །དེ་ལྟ་ན་ཤེས་པ་ལས་སྔ་བའི་དངོས་པོ་ཡོད་པ་ལས་ཚད་མ་
ཡོད་པ་མ་ཡིན་ཏེ། ཤེས་པའི་དུས་ཙམ་ན་བྱུང་བ་ནི་ཤེས་པ་ཁོ་ན་བཞིན་དུ་འགྱུར་རོ། །མ་ཡིན་ཏེ། གང་གི་ཕྱིར་སྔོན་པོའི་དངོས་པོ་ནི་རེས་འགའ་ཞིག་རྟོགས་པར་བྱེད་པ་ཡིན་གྱི། དེ་དབང་པོ་ཙམ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ཡོད་ཀྱང་རེས་འགའ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་ཡུལ་
གཞན་པ་ཙམ་ལས་བྱུང་བ་ཡང་མ་ཡིན་ནོ། །དེས་ན་དེ་བཞིན་དུ་དབང་པོ་དང་། ཡུལ་གཞན་མཚན་ཉིད་མི་མཐུན་པ་དང་། བག་ཆགས་དང་མཚན་ཉིད་མི་མཐུན་པས་སྔོན་པོ་སྒྲུབ་པར་བྱེད་པ་རྟོགས་པ་ཡིན་ན། སྔོན་པོ་རྟོགས་པ་ཡིན་གྱི་དེ་མེད་པ་ལས་ཐལ་ཆེས་པ་ནི་མ་ཡིན་ཏེ། དེའི་
ཡང་ཡུལ་གཞན་ཉིད་ཡིན་པས་མ་ཡིན་པ་དགག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་ཉེ་བའི་དངོས་པོ་མ་རྟོགས་པ་ཡང་དབང་པོའི་དབང་གིས་རྟོགས་པར་འགྱུར་ལ། བག་ཆགས་ཀྱི་དབང་གིས་ཉེ་བ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་ཡང་། དོན་དང་ཤེས་པ་དག་གིས་
འདིར། །གང་ཞིག་ཚད་མ་དང་འབྲེལ་པ། །རྒྱུ་དང་འབྲས་བུའི་ངོ་བོ་འདི། །གཞན་དུ་དེ་ལྟར་མཐོང་བ་མིན། །འདི་སྐད་བསྟན་པར་འགྱུར་ཏེ། བག་ཆགས་དང་དབང་པོ་ལ་སོགས་པ་ཚོགས་པའི་དབང་གིས་དོན་རྟོགས་པ་ཉིད་ཀྱི་མཚན་ཉིད་ནི་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །དེ་ལས་གཞན་
དུ་མི་འཐད་པའི་བདག་ཉིད་ཀྱང་ཤེས་པ་པོའི་ངོ་བོ་དབང་པོ་ལ་སོགས་པའི་བྱ་བའི་ངོ་བོ་ནི་ཤེས་པར་བྱེད་པ་ཡིན་ལ། དེ་ནི་བློ་ཡིན་པར་བརྗོད་དོ། །སོ་སོར་སྣང་བ་ཉེ་བ་ཡང་དེའི་ཀུན་ཏུ་སྦྱོར་བ་ལས་སྐྱེས་པ་ནི་མངོན་སུམ་ཡིན་ལ། ཅིག་ཤོས་ནི་མངོན་སུམ་ལྟར་སྣང་བའམ་ཚད་མ་གཞན་ཡིན་པ་ནི་
གནོད་པ་ཅན་མེད་པ་དང་ཡོད་པ་དག་ལས་རྟོགས་པར་བྱེད་པ་ཡིན་ནོ། །གནོད་པ་ཅན་གྱི་ཤེས་པ་ཐོབ་པ་ནི་སྔར་གནོད་པ་མེད་པ་ཡིན་ན་མི་སྲིད་དོ། །དེ་ཡོད་པའི་ཕྱིར་ཚད་མ་མ་ཡིན་པར་རྟོགས་པ་ཡིན་ན་ཕན་ཚུན་རྟེན་པ་མ་ཡིན་ནོ། །བག་ཆགས་ལས་སྐྱེས་པའི་ཤེས་པས་ནི་ཉེ་བ་ལ་དངུལ་དུ་
เล่ม ๑๘๐ · หน้า 81a
རྟོགས་པར་བྱེད་པ་ཡིན་ན་ཉེ་བ་མ་ཡིན་པ་ཇི་ལྟར་ཡུལ་ཉིད་ཡིན། དེ་ཉིད་ཀྱིས་ན་ཕྱིན་ཅི་ལོག་ཡིན་པར་གསལ་བ་ཡིན་ལ། དེ་ལྟ་ཡིན་པར་གནོད་པ་ཅན་གྱིས་རྟོགས་པར་བྱེད་པ་ཡིན་ནོ། །སྔར་དངུལ་ཡོད་པ་ཉིད་ལ་དེ་ལྟར་རྟོགས་ལ། དུས་ཕྱིས་དེ་ལྟ་མ་ཡིན་པའི་
ཤེས་པས་དེ་བཞིན་དུ་མཐོང་ན་མེད་པར་འགྱུར་རོ། །དེ་མཐོང་བ་ལ་ནི་མི་རིགས་པ་མ་ཡིན་ན། །དེ་མ་ཡིན་པ་ལ་ཡང་དེའི་ངོ་བོར་རྟོགས་པའི་ཕྱིར་དང་། དེའི་མེད་པ་རྟོགས་པའི་ཕྱིར་དྲན་པ་མེད་པ་ལས་འཇིག་རྟེན་པའི་རྣམ་པར་རྟོག་པ་ནི་མི་རིགས་སོ། །དེ་ཡང་། འགལ་བ་རྣམས་ནི་རིགས་པ་ལ་
ཡང་གཅིག་པ་ཡང་མི་སྲིད་དེ། གཅིག་གི་རྣམ་པར་གཅིག་འགྱུར་ཞེས། །དབང་ཕྱུག་གིས་ནི་བསྟན་པ་མིན། །ཞེས་སྨོས་པའོ།། །གང་ཞིག་ཇི་ལྟ་བ་ཉིད་དུ་དམིགས་པར་བྱ་བ་དེ་ལྟ་དེ་ལྟར་ཁས་བླངས་བར་བྱ་བ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ནི་ཤེས་པའི་ངོ་བོ་མ་ཡིན་ཏེ། ཉམས་སུ་མྱོང་བར་བྱ་བ་ཉིད་ལས་རྟོགས་པའི་ཕྱིར་
དང་། ཤེས་པ་མི་འཛིན་པ་ལ་འཛིན་པའི་ཕྱིར་དང་། དེ་མི་འཛིན་པ་ལ་ཤེས་པ་འཛིན་པའི་ཕྱིར་རོ། །དེའི་ཚེ་བདག་གི་དོན་ཅུང་ཟད་ཀྱང་བཟུང་བར་དྲན་པ་མེད་དོ་ཞེས་བྱ་བ་ནི། གཟུང་བྱའི་ངོ་བོ་མ་རྟོགས་པའི་འཛིན་བྱེད་སྐྱེས་པར་དྲན་པའོ། །བཟུང་བའི་དོན་ཅུང་ཟད་ཀྱང་ཞེས་བྱ་བས་དོན་ཉིད་ཀྱི་
སྤྱི་དྲན་པ་ཡིན་ཞེས་བྱ་བར་ཡང་མི་རིགས་ཏེ། དོན་ལ་ཐེ་ཚོམ་ཟ་བའི་ཕྱིར་དང་། ངེས་པ་མེད་པའི་ཕྱིར་དང་། འཛིན་པར་བྱེད་པ་ལ་ཕྱིན་ཅི་ལོག་པ་ཡིན་པའི་ཕྱིར་རོ། །དེའི་རྣམ་པ་མ་ཡིན་པ་ཇི་ལྟར་འཛིན་པར་བྱེད་པ་ཡིན་ཞེ་ན། དེའི་རྣམ་པ་ཉིད་ཀྱང་ཅིའི་ཕྱིར་ཡིན་ཞེས་མཚུངས་པ་ཡིན་ནོ། །དེ་
ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དབང་པོའི་རྣམ་པ་ཉིད་ཀྱང་ཡིན་པར་འགྱུར་རོ། །དེ་ལས་སྐྱེ་བར་བྱེ་བྲག་མེད་ཀྱང་དོན་གྱི་རྣམ་པ་ཉིད་ཡིན་ཏེ། ཉེ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་ཉིད་ཀྱི་ཉེ་བ་ཡིན་པས་འགའ་ཞིག་ཁོ་ན་འཛིན་པར་བྱེད་པ་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ཞེས་རྣམ་པར་གཞག་པ་
འགྲུབ་པའི་ཕྱིར་དེའི་རྣམ་པ་ཉིད་ནི་མ་ཡིན་ནོ། །དེའི་རྣམ་པ་ཉིད་ཁོ་ན་ཉེ་བ་ཡིན་ནམ། དབང་པོ་ལ་སོགས་པ་ལ་ནི་དེ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཉམས་སུ་མྱོང་བ་ལྐོག་ཏུ་གྱུར་པ་ཉིད་དམ། དེ་མ་ཡིན་པའི་རྣམ་པ་ཉིད་ཡིན་ན། ཇི་ལྟར་དོན་ལྐོག་ཏུ་མ་གྱུར་པ་ཡིན། དེ་ཉིད་ལ་ཡང་ཤེས་པ་དེ་ཉིད་ཡིན་
เล่ม ๑๘๐ · หน้า 81b
པའི་ཕྱིར་ཇི་ལྟར་ཕྱིན་ཅི་ལོག་ཡིན། འདི་ལ་སྨྲས་པ། དབང་པོ་འམ་བདག་ཉིད་ཀྱི་ཡུལ་དུ་བྱུང་བ་ནི་བློ་དེའི་སྟོབས་ཀྱིས་ཉམས་སུ་མྱོང་བའི་མིང་ནི་གནས་སྐབས་ཀྱི་བྱེ་བྲག་ཏུ་བྱུང་བ་ཡིན་པའི་ཕྱིར་ཤེས་པ་ནི་དེའི་རྣམ་པ་ཉིད་མ་ཡིན་ལ་མངོན་སུམ་ཉིད་ཀྱང་ངོ་། །དོན་ཤེས་པ་ཉིད་ཡིན་ན་ཐག་རིང་བ་དང་ཉེ་བ་དག་གི་རྟོགས་པ་པོ་
དག་ལ་ཐག་རིང་བ་དང་ཉེ་བ་ཉིད་ལྐོག་ཏུ་གྱུར་པ་དང་། ལྐོག་ཏུ་མ་གྱུར་པ་ཉིད་དུ་མི་འགྱུར་རོ། །དེ་ཉིད་ཀྱིས་ན་དོན་དང་ཤེས་པ་དག་གིས་རྣམ་པའི་དབྱེ་བ་རང་ཉིད་ལས་གྲུབ་པ་ཡིན་ལ། ཡུལ་གྱི་ཤེས་པ་བཞིན་དུ་ཡུལ་གྱི་ཤེས་པ་དེ་ཉིད་ཤེས་པ་དག་གི་བྱེ་བྲག་ཏུ་ཡང་འགྱུར་རོ། །རྟོགས་པའི་དོན་ཞེས་བྱ་བ་ནི་ཉམས་སུ་
མྱོང་བ་དྲན་པའི་གནས་སྐབས་ཀྱི་དོན་ཉིད་ཡིན་གྱི་ཤེས་པའི་མ་ཡིན་ཏེ། དོན་དང་ཤེས་པ་དག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཕྱིར་རོ། །དེ་ཡང་གཞན་དང་རྗེས་སུ་མི་མཐུན་པ་མ་ཡིན་པ་ལ་ཡང་། དེའི་རྗེས་སུ་མི་མཐུན་པ་ཡིན་ན་མེད་པའི་ཕྱིར་གྲུབ་པ་ཡིན་ནོ། །དེས་ན་སྐྱེས་ནས་འཇིག་པ་
ཡིན་པའི་ཕྱིར་རྩོད་པ་མེད་དོ། །སྐད་ཅིག་མ་ཡང་ཞེས་བྱ་བ་ལ་སོགས་པ་ནི་སྐད་ཅིག་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསམས་པ་ཡིན་གྱི། སྐད་ཅིག་མ་ཉིད་དུ་ཁས་བླངས་ནས་འབྲས་བུ་དང་རྒྱུའི་ངོ་བོ་མེད་པར་བསམས་པ་ནི་མ་ཡིན་ནོ། །རྟག་ཏུ་ཡོད་པའམ་མེད་པའང་རུང་རྒྱུ་མེད་པ་
ཞེས་བྱ་བའི་རིགས་པས་སྐྱེ་བའི་དུས་ཉིད་ན་འཇིག་པའམ་ཅིས་མ་ཡིན་ཏེ། འཇིག་པའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ་མ་མཐོང་བ་ཙམ་ལ་འཇིག་པར་སེམས་པའི་ཕྱིར་རོ། །མཐོང་བ་ལ་སོགས་པ་ཉིད་ལས་མ་མཐོང་བ་ནི་མ་ཡིན་ཏེ། དུས་གཞན་ན་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དམིགས་པ་
ནི་ཡོད་པ་ཡིན་ལ། མི་དམིགས་པ་ནི་མེད་པ་ཡིན་ནོ་ཞེས་བྱ་བའི་རྒྱུ་ཞིག་ན་འབྲས་བུ་འབྱུང་བ་ཞེས་བྱ་བ་སྟེ། རྒྱུ་མི་དམིགས་པ་ཡིན་ན་འབྲས་བུར་འགྱུར་ཞེས་པའི་དོན་ཏོ། །དེས་ན་རྒྱུའི་ཞིག་པ་ནི་རྒྱུ་ལས་ཐ་དད་པའི་ཕྱིར་དེས་ན་དེའི་དུས་སུ་འབྱུང་བའི་འབྲས་བུ་ནི་རྒྱུའི་དུས་སུ་ཡིན་པར་འགྱུར་ཞེས་བྱ་བ་
ཡང་སེལ་བར་འགྱུར་བ་ཡིན་ནོ། །དེས་ན་སྐད་ཅིག་མ་ཉིད་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་རྣམས་ཀྱི་འབྲས་བུ་དང་། རྒྱུ་ཉིད་ཀྱི་ངོ་བོའི་བག་ཆགས་བསལ་བར་བྱེད་པར་མི་ནུས་སོ། །འབྲས་བུ་ནི་མེད་པའི་བདག་ཉིད་ཐོབ་པའི་དོན་ནི་རྒྱུ་ལ་ལྟོས་པ་ཡིན་ལ། དེ་ལ་ལྟོས་པའི་དུས་སུ་རྒྱུའི་
เล่ม ๑๘๐ · หน้า 82a
ཡོད་པ་ནི་རྒྱུ་ཉིད་ཡིན་གྱི་འབྲས་བུའི་དུས་སུ་ནི་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཟུང་བ་དང་འཛིན་པ་དག་གཅིག་པ་ཉིད་དུ་གང་སྨྲས་པ་ཡང་། དེ་ཡང་གཅིག་འཛིན་པ་ནི་གཉིས་ཀྱི་རྣམ་པ་འཛིན་པ་ནི་སྐྱེ་བ་དང་འཇིག་པ་དག་ལ་རུང་བ་དང་མི་རུང་བ་ཉིད་ནི་
འཛིན་པར་བྱེད་པ་ལས་གཞན་པ་ཡོད་པ་དང་མེད་པ་ལ་སོགས་པའི་རྒོལ་བ་ལ། །དེའི་ལན་ནི། ཤེས་པའི་ཆ་ཐ་དད་པ་དང་། སྔ་མ་དང་ཕྱི་མའི་ཤེས་པ་ཐ་དད་པས་ཀྱང་གཟུང་བ་དང་འཛིན་བྱེད་ཉིད་ཀྱི་ཉེ་བར་བླངས་པས། དེ་གཤའ་མར་བྱེད་པའི་བློའི་རྒྱུ་ནི་གཟུང་བྱ་དང་འཛིན་བྱེད་གཅིག་པར་
འདོད་པ་ཡིན་ན། གཅིག་པ་ཉིད་ཀྱི་བདག་ཉིད་ལ་དཔེ་ནི་ཁྱེད་ལ་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་འདོད་པ་ཉེ་བར་བརྗོད་ནས། དེ་ལ་ནུས་པ་ཅན་དང་། དཔེ་མེད་པར་ངེས་པར་བསྟན་པ་ཞེས་བྱ་བ་ལ་སོགས་པ་ཡང་རྣལ་འབྱོར་སྤྱོད་པའི་ཐེག་པ་དང་རྗེས་སུ་མཐུན་པ་མ་ཡིན་ཏེ།
ངེས་བཟུང་མེད་པས་ངེས་འཛིན་མེད། །ཅེས་བྱ་བ་ནི། གཟུང་འཛིན་གྱིས་སྟོང་པའི་ཤེས་པ་ནི་དེ་ཁོ་ན་ཉིད་གཅིག་པུ་ཡིན་ནོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ལྟ་བ་ཡིན་པའི་ཕྱིར་རོ། །དམིགས་པ་དང་བཅས་པར་ངེས་ལ། །སྔོ་དང་དེ་བློ་ཐ་དད་མིན། །ཞེས་བྱ་བ་དང་། གཟུང་འཛིན་གྱི་རྣམ་པ་ཐ་དད་པས་
སྟོང་པ་ནི་དེ་ཁོ་ན་ཉིད་ཡིན་ཏེ། ཐ་མི་དད་པར་ཉེ་བར་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་དུ་གང་བཤད་པ་ཇི་ལྟར་ཡིན། ཁོ་བོ་ཅག་གིས་རྣམ་པའི་དབྱེ་བ་མ་མཐོང་བའི་ཕྱིར་གཟུང་བ་དང་འཛིན་པའི་བདག་ཉིད་གང་ཡིན་པ་རྣམ་པར་དབྱེ་བ་ཁས་བླངས་པ་དེ་ནི་མེད་པ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །དེའི་ཕྱིར་ཉམས་སུ་མྱོང་བ་ཉིད་ཁོ་ན་ས་སྔོན་པོ་ལ་སོགས་པ་དེ་ལས་ལྡོག་པ་ཡང་དེའི་རྣམ་པ་དང་བྲལ་བར་མཐོང་བའི་ཕྱིར་ཐ་མི་དད་པར་སྒྲུབ་པར་བྱེད་པ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །བསྒྲུབ་བྱ་དང་འབྲེལ་པར་མ་མཐོང་ན་སྒྲུབ་བྱེད་ཀྱི་རྗེས་སུ་དཔག་པ་ལ་འཇུག་པ་ཡིན་པའི་ཕྱིར་རྟགས་
ལ་སོགས་པ་འཛིན་པར་བྱེད་པའི་མངོན་སུམ་ལ་རྗེས་སུ་དཔག་པ་ལྟོས་པ་ཡིན་ཏེ། དེས་ན་དེ་དང་འགལ་བ་ཡིན་གྱི་མངོན་སུམ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་བདག་ཉིད་དོན་གྱི་དེ་མ་ཐག་པར་ངེས་པར་བྱེད་ན། རང་གི་ཡུལ་ལ་རྣམ་པར་གཞག་པར་བྱེད་པ་མ་ཡིན་ཏེ། གང་གིས་དེ་ལམ་འགྲུབ་པར་ཐེ་ཚོམ་ཟ་བ་
เล่ม ๑๘๐ · หน้า 82b
ཡིན་ན། རྗེས་སུ་དཔག་པ་ལ་ལྟོས་པར་འགྱུར་རོ། །འོ་ན་ཅི་ཞེ་ན། སོ་སོར་སྣང་བ་ཉིད་ལས་སོ། །འདི་སྔོན་པོའི་ཞེས་བྱ་བ་ནི་སོ་སོར་སྣང་བ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །དེ་ཡང་ཀ་བའོ་ཞེས་བྱ་བའམ་རྩིག་པའོ་ཞེས་བྱ་བར་ཤིན་ཏུ་ངེས་པའི་བློ་ཇི་ལྟར་ཕྱིན་ཅི་ལོག་པར་འགྱུར་ཞེས་སྨོས་པའོ། །དང་
པོ་ལ་ནི་ལེགས་པར་དཔྱད་པས་ལན་ཐེབས་པ་ཡིན་ནོ། །གང་ལས་འགྲོ་བ་ཐམས་ཅད་ཀྱི་ཉམས་སུ་མྱོང་བར་བྱ་བ་ཉིད་དུ་སྣང་བ་ཡིན་ལ། དེས་ན། བུད་མེད་ཅིག་གི་ལུས་ལ་ཡང་། །དཀའ་ཐུབ་པ་དང་འདོད་ལྡན་ཁྱིའི། །རོ་དང་འདོད་བྱ་བཟའ་བ་སྟེ། །རྣམ་པར་རྟོག་པ་རྣམ་གསུམ་འབྱུང་། །
རྣམ་པ་ཐམས་ཅད་པའི་དངོས་པོ་ལ་ངེས་པའི་བག་ཆགས་ཀྱི་དབང་གིས་ཐམས་ཅད་དོན་ཐམས་ཅད་འཛིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ། སྐར་མ་རྒྱུ་སྐར་ཚེས་གྲངས་རྣམས། །ཞེས་བྱ་བ་ལ་སོགས་པའི་རྟགས་ཀྱི་བྱེ་བྲག་འཛིན་པ་ནི། སྒྲའི་དབྱེ་བའི་ཐབས་ཅན་དང་། དབྱིབས་དང་། སྐྱེ་
གནས་ཀྱིས་ཀྱང་འགྲིབ་པ་དང་འཕེལ་བ་དང་དེ་གཉི་གའི་དངོས་པོའི་ཚུལ་གྱི་རྟགས་རྣམས་ཀྱིས་བརྗོད་པར་འདོད་པའི་དབང་གིས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་འཛིན་པ་ཡིན་གྱི། ཐམས་ཅད་ཀྱིས་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་དེ་ལྟར་ངེས་པའི་ངོ་བོ་གཞན་འཛིན་པ་ནི་གཞན་སྒྲུབ་པར་བྱེད་
པ་མ་ཡིན་པ་གནོད་པ་མེད་པ་དོན་དམ་པ་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །མི་བསླུ་བ་ཅན་ཉིད་ནི་དེ་ལྟ་མ་ཡིན་ཏེ། འཇིག་རྟེན་པ་ཉིད་མ་ཡིན་པ་ལ་ཡང་སྐྱོན་མེད་དེ་ཚད་མ་ཅན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། རང་ལས་རང་གི་ངོ་བོས་རྟོགས། །ཞེས་བསྟན་པ་ཡིན་ཏེ། སྔོན་པོ་རང་
གི་ངོ་བོ་ཉིད་ནི་རང་ཉིད་ལས་རྟོགས་པར་བྱ་བ་ཡིན་གྱི། དེའི་གཟུང་བ་ཉིད་དམ་འཛིན་པ་ཉིད་ལས་ནི་མ་ཡིན་ནོ། །བདེ་བ་ལ་སོགས་པ་བཞིན་དུ་འདི་ནི་སྔོན་པོའི་ཤེས་གཞན་ཉིད་ལས་རྟོགས་པ་ཡིན་ནོ་ཞེ་ན། བདེན་ཏེ། མཐོང་བ་ནི་གཞན་ཉིད་ལས་གོ་བ་མ་ཡིན་ལ། རྣམ་པར་རྟོག་པ་ནི་སྔོན་པོ་དེ་
ལ་སྔོན་པོ་མ་ཡིན་པར་རྣམ་པར་གཅོད་པས་སམ་མི་ཤེས་པ་རྣམ་པར་གཅོད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཅིག་བཟུང་ནས་ཐ་དད་པའམ་གཞན་དུ་ཡང་སྣང་བར་བྱེད་པ་ནི་བག་ཆགས་ཀྱི་སྟོབས་ཡིན་པར་བརྗོད་དེ། ཐ་དད་པར་ཡང་འཛིན་པར་བྱེད་པ་ཡིན་ནོ། །དེ་ནི་དོན་ཡང་དག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด