ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๑ · หน้า 136a
དམིགས་པ་མེད་པ་ཡིན་ཏེ་ཤེས་པ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་འདི་ལས་སྣང་བ་དྲན་པ་དག་གི་དངོས་པོའི་ངེས་པ་རྟོགས་པའི་བདག་ཉིད་ཀྱི་སྔོན་པོ་ལ་ཡིན་གྱི་རྟོགས་པ་མ་ཡིན་པའི་བདག་ཉིད་ལ་ནི་མ་ཡིན་ཏེ། ཡུལ་དུ་མ་བྱས་པ་ལ་མི་རིགས་པའི་ཕྱིར་རོ། །
སྔོན་པོ་བདག་གིས་རིག་གི་ཞེས་བྱ་བ་ཡང་ལས་ལ་སོགས་པའི་རྣམ་པར་དབྱེ་བ་ཅི་ནས་ཀྱང་སྣང་བ་ཁོ་ན་ཡིན་ནོ། །དེ་ལྟ་ཡིན་དང་རིག་པའི་བདག་ཉིད་ཁོ་ན་ཡིན་པར་བསྟན་པ་ནི། ཤིན་ཏུ་རྣམ་པར་ངེས་པ་ཉིད་ཅེས་བྱ་བའོ། །བཟུང་བ་ཙམ་ལ་གནོད་པ་ནི། །རང་གི་ཕྱོགས་ཀྱང་འགྲུབ་མི་
འགྱུར། །ཞེས་བྱ་བ་འདི་ལ་བསྟན་པ་ནི། གཟུང་མེད་ཅེས་བྱ་བ་སྟེ་སྔོན་པོའོ་ཞེས་རང་རིག་པ་ལས་ཉིད་འཛིན་པ་ཁོ་ན་ཡིན་གྱི་དེ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཟུང་བ་ནི་མངོན་སུམ་གྱིས་རྟོགས་པའོ། །མ་བཟུང་བ་ནི་ཞེས་བྱ་བ་ནི་དེའི་འཛིན་པ་ཅན་ཡང་དམིགས་པ་མེད་པ་ཉིད་ཡིན་
ནོ། །ཁྱད་པར་དང་ཁྱད་པར་ཅན་དག་གི་ཆོས་དང་ཆོས་ཅན་ནོ། །གང་ཡང་རུང་བ་ཞེས་བྱ་བ་ནི་མ་གྲུབ་པ་ཉིད་དོ། །ཐ་དད་འཛིན་པ་ལས་ཞེས་བྱ་བ་ནི་ཕྱིས་སྟེ། སྔར་ནི་བདག་མེད་པ་རྟོགས་པ་ལས་ཏེ་ཕྱོགས་སྔ་མ་བཞིན་དུའོ། །སྔར་དེ་ཉིད་ལས་ཐ་དད་པ་ཡིན་ན་ཕྱིས་ཇི་ལྟར་གཞན་དུ་འགྱུར་
ཞེས་ཟེར་བ་ལ། ལྡོག་པ་ཞེས་བྱ་བ་སྨོས་ཏེ་སྔ་ན་ཡང་དེ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་སོན་ཏམ་ཞེས་བྱ་བ་ལ་སོགས་པ་ནི་སོང་བའི་རྗེས་སུ་འབྲེངས་པའོ། །ཡུལ་དེ་སྐྱེ་བའི་གནས་སྤྱི་ལ་སོགས་པ་གང་གི་ཡིན་པ་དེའོ། །དེ་ཉིད་ནི་སྔར་ཡང་སྒྲ་དང་རྟོགས་པ་དག་ལས་ལྡོག་པའི་ཡུལ་
ཅན་ཉིད་ཀྱིས་དམིགས་པ་མེད་པའི་ཕྱིར་གཉི་ག་ལ་ཡང་རང་གི་ཚིག་གིས་གནོད་པ་ཡིན་པར་མི་རིགས་པར་བསྟན་པ་ནི། འཆད་པོ་ཉན་པའི་ཞེས་བྱ་བའོ། །ལྡོག་པའི་ཡུལ་གྱི་རྣམ་པར་རྟོག་པའི་དབྱེ་བས་ཆོས་དང་ཆོས་ཅན་ཐ་དད་པ་ཡིན་ཡང་། དམ་བཅས་དོན་ནི་མཛེས་པ་ལ། །དེ་ཕྱིར་
ངེས་པར་བརྟགས་པ་མེད། །ཅེས་བྱ་བ་མི་རིགས་པར་བསྟན་པ་ནི། ཡོད་ཡིན་པ་ཞེས་བྱ་བའོ། །དམིགས་པ་མེད་པ་ཞེས་བྱ་བའི། །ཞེས་བྱ་བ་ནི་སངས་རྒྱས་པའོ། །གལ་ཏེ་དངོས་མེད་ཅེས་བྱ་བ་ནི་རྒྱལ་དཔོག་པའི་སྟེ། བློའི་ཡུལ་ཉིད་ཀྱི་དངོས་པོ་ཉིད་ཅེས་བྱ་བའོ། །མངོན་སུམ་གྱི་བློའི་
เล่ม ๑๘๑ · หน้า 136b
ཡུལ་ཉིད་ནི་རྣམ་པར་རྟོག་པའི་མ་ཡིན་ཏེ། དངོས་པོ་མ་ཡིན་པའི་འདས་པ་ལ་སོགས་པ་ཡང་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་འདི་ནི་བཤད་ཟིན་ཏོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཏེ་ཞེས་བྱ་བ་ནི་རྟོག་པའི་ཡུལ་ཉིད་ཡིན་པའི་ཕྱིར་རམ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཡོད་པའི་ངོ་བོ་སྣང་བའི་ཕྱིར་རྟོགས་
པ་མ་ཡིན་པར་བསྟན་པ་ནི། དངོས་པོ་ལ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རྟོག་པ་ཉིད་ཡིན་ནའོ། །དངོས་པོའི་ངོ་བོ་མ་ཡིན་ན་ནི་མི་སྣང་བ་ཡིན་ཏེ། མེད་པ་བཞིན་དུ་ངོ་བོ་མེད་པའི་ཕྱིར་རོ། །གཞན་དུ་ན་མེད་པ་ཞེས་བྱ་བར་རྗེས་སུ་བརྗོད་པར་མི་རིགས་སོ། །གཞན་སེལ་བའི་རྗེས་སུ་བྱེད་
པ་ལས་དེ་ཉིད་མེད་པར་རྟོགས་པ་མ་ཡིན་ནམ་ཞེས་ཟེར་བ་ལ། མེད་ལ་ཞེས་བྱ་བའོ། །གཞན་སེལ་བ་ཉིད་མེད་པའི་ཕྱིར་དང་། སྒྲའི་སྦྱོར་བ་མི་དམིགས་པའི་ཕྱིར་རྗེས་སུ་དཔག་པ་དམིགས་པ་མ་ཡིན་ནོ་ཞེས་ཟེར་བ་ལ། ཇི་སྟེ་ཤེས་པ་ཞེས་བྱ་བའོ། །དངོས་པོ་ལ་སོགས་པ་རྣམས་ལ་
འགལ་བར་འགྱུར་རོ་ཞེས་ཟེར་བ་ལ། ལན་འདེབས་པ་ནི་གལ་ཏེ་རྟོགས་པས་ཞེས་བྱ་བ་སྟེ། རང་གི་བདག་ཉིད་ལ་གནས་པའི་རང་གི་ངོ་བོ་རིག་པའི་བྱེད་པ་ནི་ཡུལ་གཞན་ལ་མ་ཡིན་ཏེ། བྱེད་པའི་ཡུལ་གཞན་རང་གི་ངོ་བོའི་ཡུལ་ཡིན་པ་ཉིད་ཀྱིས་ཕྱི་རོལ་མེད་ཀྱང་དངོས་པོ་ལ་སོགས་པ་
ཡོད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལས་ལ་ཡིན་གྱི་སྒྲོ་བཏགས་པ་དེའི་ངོ་བོས་གཞན་གྱིས་དམིགས་པར་བྱེད་པ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ཡིན་ན་ཇི་ལྟར་ཡིན། གལ་ཏེ་ལས་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་བསྟན་པ་ནི་ལས་ཡིན་ནོ་ཞེས་བྱ་བའོ། །རྟོགས་པ་མེད་
དོ་ཞེས་བྱ་བས་དམིགས་བྱ་འགེགས་པ་བཀག་པ་ཡིན་ནོ། །ཅི་ལས་ཤེ་ན། རང་གི་ངོ་བོས་ཞེས་བྱ་བ་སྟེ། ཐ་དད་པའི་འཛིན་པས་སོ། །ངེས་ཞེས་བྱ་བ་ནི་གོམས་པ་ལས་སོ། །ཕྱི་རོལ་མངོན་པར་འདོད་པ་དང་རང་གི་བདག་ཉིད་ལ་ཡང་མཐོང་ངོ་ཞེས་བསྟན་པ་ནི་ངའོ་སྙམ་པ་ཞེས་བྱ་བའོ། །
བདེ་ཅན་ཞེས་བྱ་བ་ནི་རང་ཉིད་རིག་པ་ལ་དམིགས་པའོ། །དེ་དག་ཙམ་མི་དམིགས་པའི་རྗེས་སུ་འབྲངས་པའི་རྣམ་པར་རྟོག་པ་ནི་འདི་རང་དབང་དུ་འཛིན་པ་མ་ཡིན་པར་བསྟན་པ་ནི། དབང་པོ་ལ་སོགས་པ་ཞེས་བྱ་བའོ། །སེམས་པ་ཅན་མ་ཡིན་པ་རྣམས་ནི་ནུས་པ་མེད་པའི་ཕྱིར་འདི་རྣམས་
เล่ม ๑๘๑ · หน้า 137a
ཀྱི་སྐུལ་བྱེད་རྗེས་སུ་དཔོག་པ་ཡིན་ལ། དེ་ནི་བདག་ཉིད་ཡིན་ནོ་ཞེས་ཟེར་བ་ནི། གང་གིས་ཞེས་བྱ་བའོ། །སྐུལ་བྱེད་ཡོད་པ་ལས་ན་དབང་པོ་ལ་སོགས་པ་རྣམས་ལས་གཞན་པ་ནི་རྗེས་སུ་དཔག་པའི་ཤེས་པས་རིག་པ་མ་ཡིན་ནོ་ཞེས་བསྟན་པ་ནི། གཞན་དུ་རིག་
མེད་ཅེས་བྱ་བའོ། །དེ་ཉིད་ཅེས་བསྟན་པ་གསལ་བར་བྱེད་པ་ནི་བློའི་ངོ་བོ་ཞེས་བྱ་བའོ། །དེའི་འདུ་བྱེད་པའམ་ཞེས་བསྟན་པ་ནི། སྔ་མ་སྔ་མར་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་བློའི་སྐྱེད་བྱེད་རིག་བྱ་ཡིན་ནོ་ཞེས་ཟེར་བ་ནི། བདེ་དབང་ཞེས་བྱ་བ་སྟེ། དབང་པོ་ནི་དེའི་རྣམ་པ་ཅན་
གྱི་བློ་ལས་གཞན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་ཉིད་ལས་བློ་གཞན་རྣམ་པ་དང་ལྡན་པ་ཡིན་པར་བསྟན་ནས། རིམ་མ་ཡིན་པ་ལ་ཡང་རིག་བྱ་རིག་བྱེད་དག་མེད་པ་ཡིན་ཏེ། ཕན་ཚུན་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དུས་མཉམ་པར་ནི་ཞེས་བྱ་བའོ། །ཤེས་པའི་བདག་ཉིད་
མ་ཡིན་པའི་དེ་མ་གྲུབ་པ་ཡིན་ཏེ། སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གཟུགས་ལ་སོགས་པ་ཞེས་བྱ་བ་སྟེ། སྐྱེས་བུ་རེ་རེ་ཞིང་ཤེས་པ་ཐ་དད་པས་དེའི་བདག་ཉིད་ཀྱི་སྔོན་པོ་ནི་ཉེ་བ་དང་ཅིག་ཤོས་དག་ལ་གཅིག་གི་ངོ་བོར་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་
པོ་ཉིད་ལ་སོགས་པའི་བཤད་པ་ནི། དེ་དག་གིས་ཀྱང་ཞེས་བྱ་བའོ། །སྒྲ་ཤ་ལྷག་ཙམ་ནི་དམིགས་པ་མེད་པའི་ཤེས་པ་ཡང་ངོ་། །དེ་ལྟར་ཤིན་ཏུ་ལེགས་པར་བརྗོད་པ་ཞེས་བྱ་བ་བཤད་པ་ལ་དོན་ནི་ཕྱི་རོལ་ཏེ། དམིགས་པ་མ་ཡིན་པ་ཉིད་དེ་སྒྲ་རྣམས་ནི་དོན་ལ་རེག་པ་མ་ཡིན་པའི་ཕྱིར་
ལྡོག་པའི་དབྱེ་བ་བཀར་ནས་མངོན་པར་འདོད་པ་ལས་རྗོད་པར་བྱེད་པ་ཉིད་མ་ཉམས་པ་ཡིན་པར་བསྟན་པ་ནི། ལྡོག་པའི་སྒྲའི་ཞེས་བྱ་བའོ། །བཀར་བའི་ལྡོག་པ་ཉིད་བསྒྲུབ་བྱར་ཐལ་བར་འགྱུར་བ་མ་ཡིན་ཏེ་ཕྱི་རོལ་ཉིད་མངོན་པར་འདོད་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི།
སྒྲའི་སྤྱོད་ཡུལ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ཡང་མངོན་པར་འདོད་པ་ཉིད་ལས་ཕྱོགས་ཀྱི་ཡུལ་ཉིད་དམིགས་པ་མེད་པ་ཉིད་དུ་འགལ་བ་མེད་དོ། །དེའི་རྒྱུ་ཅན་ཞེས་བྱ་བ་ནི་བྱེད་པ་པོ་ལ་སོགས་པའི་རྒྱུ་མཚན་ལའོ། །རྟོགས་པར་བྱེད་པ་ཞེས་བྱ་བ་ནི་བྱེད་པ་པོའོ། །དེས་ཞེས་བྱ་བ་ནི་
เล่ม ๑๘๑ · หน้า 137b
བྱེད་པའོ། །རྟོགས་པར་བྱ་བ་ཞེས་བྱ་བ་ནི་ངོ་བོའོ། །ལས་མེད་ན་བྱེད་པ་པོ་ལ་སོགས་པའི་རྒྱུ་མཚན་མེད་པ་ཡིན་ཏེ། སྒྲུབ་པ་མེད་པའི་ཕྱིར་ཕྱོགས་དེ་ལས་འབྱུང་བའི་སྐྱོན་མེད་དོ་ཞེས་བསྟན་པ་ནི། དེ་རྒྱུ་ཅན་ཡིན་ན་ཞེས་བྱ་བའོ། །དེའི་རྒྱུ་མཚན་ལ་རྗེས་སུ་བརྗོད་པ་མེད་པ་མ་ཡིན་ཏེ།
བརྟགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་ཡིན་པ་དེ་ཉིད་ནི་ཞེས་བྱ་བའོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་རྒྱལ་དཔོག་པས་སོ། །བསྒྲུབ་པར་བྱ་བ་ནི་སངས་རྒྱས་པོའིའོ། །འདོད་པ་ཉིད་དོ་ཞེས་བྱ་བ་ནི་ཤེས་པ་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཉིད་ཀྱི་ཕྱིར་སྐྱོན་མེད་དོ་
ཞེས་བྱ་བའི་དོན་ཏེ། །གཏན་ཚིགས་སྐྱོན་ཅན་ཉིད་དུ་སྨྲ་བ་ནི། མ་ངེས་པ་ཉིད་དམ་ཞེས་བྱ་བ་སྟེ། ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་དང་འབྲེལ་པས་སྔར་དྲིས་པ་ནི། རང་གི་ངོ་བོ་ཉིད་ནི་ཞེས་བྱ་བ་སྟེ། དེ་མ་གྲུབ་པ་ཉིད་ན་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པ་ཉིད་
དོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཡང་མ་གྲུབ་ན་དཔེ་མེད་པའི་ཕྱིར་དེ་སྐྱོན་ཉིད་ཡིན་ལ་དེའི་རྗེས་སུ་འབྲངས་པ་སྟེ། བསྒྲུབ་བྱའི་རྗེས་སུ་འབྲངས་པས་དེ་ཉིད་སྔ་ན་ཡོད་པར་བསྟན་པ་ནི། དེའི་ཚེ་ཞེས་བྱ་བའོ། །ལུང་ལ་མ་གྲུབ་ན་ཡང་ཚད་མས་གྲུབ་མ་གྲུབ་པ་མ་ཡིན་པར་བསྟན་པ་ནི། བདག་
གི་ཆོས་ཞེས་བྱ་བའོ། །དེ་ལྟར་མ་གྲུབ་ན་རྒྱལ་དཔོག་པའི་ཡང་སྒྲུབ་པར་བྱེད་པ་ཅུང་ཟད་ཀྱང་མེད་པར་བསྟན་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །བརྗོད་བྱའི་དབྱེ་བ་ནི་རྗོད་བྱེད་ལ་ཐ་དད་པའི་བརྗོད་བྱ་ཁས་མི་ལེན་པའི་ཕྱིར་རོ། །སྒྲ་དང་དོན་ཙམ་ལ་འདི་ནི་སྒྲ་འདི་ནི་དོན་ནོ་ཞེས་བརྟག་པར་མི་
ནུས་པའོ། །སྐྱི་ཉིད་ནི་སྒྲ་དང་དོན་དག་གིའོ། །དེས་ནི་ཞེས་བྱ་བ་ནི་གང་ཞིག་ཅེས་བསྟན་པའོ། །ཁྱད་པར་མེད་པ་ནི་ཐ་དད་པ་ཅིག་ཤོས་འཛིན་པར་བྱེད་པ་ཉིད་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར་རོ། །སྒྲ་དོན་ཙམ་ནི་སྒྲའི་སྣང་བ་ལས་དོན་གྱི་སྣང་བ་ཤེས་པ་སྟེ། དེ་ཉིད་ནི་ཤེས་པའམ་
གཞན་ཡང་རུང་བའི་ཕྱིར་ཐམས་ཅད་དུ་ཅུང་ཟད་དམིགས་པ་མ་ཡིན་ནོ། །ཁྱད་པར་མ་གྲུབ་པ་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ལ་ཇི་ལྟར་ཡང་དམིགས་པ་མེད་པའི་ཕྱིར་རོ། །སད་པའི་ཞེས་བྱ་བ་ནི་བསྒྲུབ་བྱའོ། །དེ་ལྟ་ཡང་ནི་དམིགས་པ་མེད་པ་ཉིད་དེ་དུས་གཞན་གྱི་ཚེ་དམིགས་པ་མེད་པ་ཉིད་
เล่ม ๑๘๑ · หน้า 138a
ཡིན་ནའོ། །དུས་དེར་དམིགས་པ་ཅན་གྱི་བློའི་འཛིན་བྱེད་ཀྱི་ཆ་ཡིན་ནོ། །གང་ཞིག་གི་རྣམ་པ་ཅན་ནི་བཟུང་བ་སྔོན་པོའི་རྣམ་པ་ཅན་ནོ། །ཁས་བླང་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ཆ་གཉི་ག་ཁས་བླངས་པའི་ཕྱིར་རོ། །འགལ་བ་ཉིད་བསྟན་པ་ནི་འཛིན་པའི་
ཆ་ཞེས་བྱ་བའོ། །བློ་དེ་ནི་ཕྱི་རོལ་གྱི་བློ་སྟེ། ཀ་བའམ་རྩིག་པ་ཞེས་བྱ་བའི་བློ་འབྱུང་བའི་ཕྱིར་རོ། །ཕྱི་རོལ་ཉིད་ནི་ཕྱི་རོལ་གྱི་ཤེས་པའི་ཡུལ་ཡིན་གྱི་ཀ་བ་ལ་སོགས་པའི་ཤེས་པའི་མ་ཡིན་པའི་ཕྱིར་ཀ་བ་ལ་སོགས་པའི་ངོ་བོས་ཀ་བ་ལ་ཀ་བའི་ཤེས་པས་འཛིན་པ་མ་ཡིན་ནོ། །ཟླ་བ་གཉིས་
དང་དབང་པོ་ཕྲད་པ་མེད་པ་ཅི་ལས་ཡིན་ཞེ་ན། ཟླ་བ་གཅིག་ཅེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཟླ་བ་གཅིག་ཏུ་གཏོགས་པའི་ཚེ་ཡང་ཟླ་བ་གཉིས་ཀྱི་ཤེས་པའི་དམིགས་པ་མེད་པའི་རྒྱུ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་རིགས་པ་དང་འགལ་བའི་
ཕྱིར་རོ། །སྐབས་ལ་སོགས་པ་ལས་རྟོགས་ཞེས་བྱ་བ་ནི། ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ལས་གཞན་བཀག་པའི་ཕྱིར་རོ། །གནས་སྐབས་ལ་སོགས་པ་ལ་མ་ལྟོས་པ་ཁོ་ནར་འོན་ཏེ་གང་གི་རྣམ་པའི་བློ་ཞེས་བྱ་བ་ལ་སོགས་པས་བརྟགས་
པ་ཡིན་ནོ། །དེ་ལྟ་ན་ཡང་། འཆད་པར་འགྱུར་བ་མ་བཅད་ནས། །ཡོངས་སུ་རྒོལ་བ་སྲིད་པ་ནི། །སངས་རྒྱས་བཀའ་སོགས་འདོན་པ་ལ། །དེ་འདྲའི་རྒོལ་བ་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གནས་སྐབས་མ་བཅད་པ་དང་ཅིག་ཤོས་ཉིད་ཀྱི་ཕྱོགས་སྔ་མ་དང་ཅིག་ཤོས་
ལ་བརྟེན་ནས་འབྲེལ་བ་མེད་པ་ཡིན་པར་བསྟན་པ་ནི། དེ་ལྟ་མ་ཡིན་ན་སྒྲ་ལས་ཞེས་བྱ་བའོ། །འདི་ལྟར་ཁོ་ན་ཞེས་བྱ་བ་ནི་སེམས་ཙམ་དུ་བསྒྲུབ་པའི་གནས་སྐབས་ལས་ཡིན་ལ། དེ་གནས་པ་ནི་དབྱེ་བ་དང་ཅིག་ཤོས་སེམས་པ་ཡིན་ནོ། །མི་རིགས་པ་ཅི་ཡོད་ཅེས་བྱ་བ་ནི་སྒྲོ་འདོགས་པ་
སེལ་བར་བྱེད་པའི་རྗེས་སུ་དཔག་པ་ལ་མངོན་པར་འདོད་པ་ཡིན་པའི་ཕྱིར་རེ་ཞིག་འདི་ཞེས་བྱ་བ་ལ་ཐེ་ཚོམ་ཟ་བ་ལས་འདི་ཁོ་ནའོ་ཞེས་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྒྲོ་འདོགས་པ་ཉིད་བཤད་པ་ནི་གལ་ཏེ་འགའ་ཞིག་ཅེས་བྱ་བའོ། །ནམ་མཁའ་ཞེས་བྱ་བ་ནི་སྐྱོན་གྱི་སྟོབས་
เล่ม ๑๘๑ · หน้า 138b
ཀྱིས་སྒྲོ་བཏགས་པའི་རྣམ་པ་གཞན་སྐྲ་ཤད་ཀྱི་ཤེས་པའི་གོ་བྱ་དང་རྒྱུ་ཡང་ཡིན་ནོ། །གོ་བྱའི་དོན་ལ་རྣམ་པར་དཔྱོད་པ་ན་རྒྱུ་གནས་སྐབས་པ་མ་ཡིན་པ་དང་། གོ་བྱ་ཡང་རྣམ་པ་གཞན་ལ་གཞན་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། འོ་ན་ཇི་ལྟར་ཞེས་བྱ་བའོ། །སྐྱོན་ཡོད་ན་
རྣམ་པ་གཞན་ཡིན་ལ་མེད་ན་རང་གིའོ་ཞེས་བྱ་བ་ཡང་འདི་ལ་ཡང་རྣམ་པར་དབྱེ་བའི་རྒྱུ་མེད་པ་ཡིན་ཏེ། ཐམས་ཅད་ཁོ་ནར་བག་ཆགས་ཀྱི་སྐྱོན་ཡོད་པས་ཕྱི་རོལ་ཡོད་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདི་ལ་ཡང་ཞེས་བྱ་བའོ། །ནམ་མཁའ་ལས་ཕྱིན་ཅི་ལོག་ཏུ་སྣང་བ་ནི་སྐྲ་
ཤད་ཀྱིའོ། །དྲན་པ་ནི་སྐྲ་ཤད་ཀྱིའོ། །ནམ་མཁར་རྟོགས་པ་ཡང་འཁྲུལ་པ་ཐམས་ཅད་ཡིད་ཀྱི་ཡིན་པའི་ཕྱིར་དྲན་པའི་ཆ་ཞིག་པ་དང་ནམ་མཁའ་ཡང་དྲན་བཞིན་པ་ལས་ཐ་དད་པ་མི་འཛིན་པ་ནི་བརྗེད་པ་ཡིན་ནོ། །འཇིག་རྟེན་པ་ནི་རང་གི་དོན་བྱེད་པ་ཡིན་ལ། དེ་མི་བྱེད་པ་དེའི་འདི་ལྟ་བུ་ནི་འཇིག་
རྟེན་ལས་འདས་པ་ཡིན་ནོ། །སོགས་པ་ནི་མིང་དང་རྒྱུ་མཚན་དང་རྨི་ལམ་གྱི་མཐའི་མི་ལྡན་པ་འཛིན་པ་ཙམ་ལ་སྩོགས་པའོ། །དོན་བྱེད་པ་ལ་མི་སླུ་བས་གནོད་པར་བྱེད་པ་མེད་པ་དང་ཅིག་ཤོས་ཀྱི་ཤེས་པ་རྣམས་དེའི་ངོ་བོ་ལས་འདས་པ་ན་རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་རང་
བཞིན་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཟླ་བ་གཉིས་སུ་སྣང་བ་ལས་ཟླ་བ་གཅིག་ཏུ་སྣང་བ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་ཟླ་བ་གཅིག་གི་ཤེས་པ་ལ་སྟེ། དེའི་རྣམ་པའི་ཕྱི་རོལ་སྣང་བ་མ་ཡིན་པ་ནི་གནོད་བྱེད་ཡིན་ལ་རྣམ་པ་ཡང་སྣང་བཞིན་པར་གཉི་ག་ལ་ཡང་ཁྱད་པར་མེད་དོ། །
ཤེས་པའི་བདག་ཉིད་ཀྱི་སྔོན་པོ་ཡང་སེར་པོ་ལ་སོགས་པ་ཡོད་པས་མི་འབྱུང་ན་རྗེས་སུ་མཐུན་པའི་ཕྱི་རོལ་གྱི་སྔོན་པོ་ཉིད་རྒྱུ་ཡིན་པར་རྟོགས་པར་བྱེད་དོ་སྙམ་དུ་སེམས་པ་ལ། ཅི་ལྟར་གཟུགས་ཀྱི་ཞེས་སྟེ། གཞན་གྱི་བསྐྱེད་བྱ་ཡང་དེའི་རྣམ་པ་ཅན་དུ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་
རོའི་ཤེས་པས་གཟུགས་ལ་སོགས་པས་སྟོང་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཇི་ལྟར་ཡིན་ཞེས་ཟེར་བ་ནི། ཇི་ལྟར་གཟུགས་ཀྱི་ཞེས་བྱ་བའོ། །གདུངས་པའི་དགོན་དུང་ལ་ཆུའི་ཤེས་པ་ངེས་པར་འབྱུང་བ་ནི་རོ་ལ་གཟུགས་ཀྱི་ཤེས་པ་ངེས་པར་སྐྱེ་བ་དང་། མཚུངས་པ་ཡིན་པར་བསྟན་པ་ནི། །
เล่ม ๑๘๑ · หน้า 139a
རོ་ལ་སོགས་པ་མེད་པར་ཡང་། །ཞེས་བྱ་བའོ། །དེའི་ཕྱིར་དེས་ན་རྗེས་སུ་མཐུན་པའི་ཕྱི་རོལ་གྲུབ་པས་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པའི་ཆག་གིས་ཀྱང་མ་ངེས་པ་བསྟན་པ་ནི། འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །ཁྱད་པར་ནི་མེད་ཀྱང་འབྱུང་བ་དེའི་
བསྐྱེད་བྱ་བའིའོ། །དམིགས་པ་མེད་པ་ནི་དགོན་དུང་གི་ཆུའི་ཤེས་པ་ལྟ་བུའོ། །དེ་ལྟ་མ་ཡིན་པར་ཞེས་བྱ་བ་ནི་བདེན་པའི་ཆུའི་ཤེས་པ་བཞིན་དུ་དམིགས་པ་དང་བཅས་པ་ཡིན་ནོ། །མི་སྣང་བའི་འོད་ཟེར་གྱིས་གདུངས་པའི་དགོན་དུང་གི་བག་ཆགས་ཡིན་ཏེ། རྨི་ལམ་ལ་སོགས་པ་ལ་ནུས་པ་
མཐོང་བའི་ཕྱིར་རོ། །འོ་ན་སྣང་བ་ཉིད་ཅེས་བྱ་བ་ནི་བདེ་བ་ལ་སོགས་པའི་འཛིན་པར་བྱེད་པ་ལས་ཐ་དད་པའི་བཟུང་བ་ཉིད་ཀྱིས་སོ། །མངོན་སུམ་དང་རྗེས་སུ་དཔག་པ་ལ་ཡང་རྟོག་པ་མེད་པའི་བདེ་བ་ལ་སོགས་པ་ནང་དང་ཕྱི་རོལ་ཡིན་ལ། དེའི་ཕྱིར་ཁྱད་པར་མེད་དོ། །ཤེས་པ་བཞིན་དུ་དེ་ཉིད་ནི་མ་ཡིན་
ཏེ། གཟུང་བ་རྣམ་པ་གཉིས་མ་གཏོགས་པའི་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་དང་ལྡན་པའི་སྦྱོར་བའི་རྣམ་པར་རྟོག་པ་ནི་སོ་སོ་ཁོ་ན་ཡིན་ཏེ། བདེ་བ་དང་སྦྱོར་བ་དག་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བསྟན་པ་ནི་སྣང་བ་ལ་ནི་ཞེས་བྱ་བའོ། །མངོན་སུམ་ནི་རྟོགས་པ་མེད་པ་སྣང་བའི་
དོན་བྱེད་པས་དོན་མ་ཡིན་པ་ཉིད་དུ་མི་རིགས་པའི་ཕྱིར་མ་ལུས་པ་འཁྲུལ་པ་མེད་པ་ཁོ་ན་ཡིན་གྱི་དབྱེ་བ་མེད་པར་བསྟན་པ་ནི། འཇིག་རྟེན་གྲགས་རྟེན་ཞེས་བྱ་བའོ། །ཁྱེད་ལ་ཡང་། ཚད་མ་ཉིད་དང་ཚད་མིན་ཉིད། །དགེ་དང་སྡིག་སོགས་དེའི་འབྲས་བུ། །དོན་དང་སྟོང་པའི་བློ་རྣམས་ལ། །འདི་
ལ་སོགས་ཀུན་མི་རིགས་འགྱུར་སྙམ་དུ་སེམས་པ་ལ། ཐམས་ཅད་རང་གི་ངོ་བོ་ལ་ཞེས་བྱ་བ་སྟེ། སྣང་བཞིན་པ་ལའོ། །གཞན་གྱི་ངོ་བོ་ལ་ཞེས་བྱ་བ་ནི་སྣང་བཞིན་པ་མ་ཡིན་པའི་མངོན་པར་འདོད་པའི་ཡུལ་ལའོ། །ཐོབ་པ་མེད་ཅེས་བྱ་བ་ནི་སྔར་རྟོགས་པ་དུས་ཕྱི་མ་ལ་རྟོགས་པ་མ་ཡིན་པའི་
ཕྱིར་རོ། །འོན་ཏེ་སྣང་བ་དང་ཅིག་ཤོས་ཀྱང་དེ་མ་ཡིན་པ་ལས་ལོག་པས་གཅིག་ཉིད་དུ་ཞེན་པ་ནི་ཉེ་བར་བསྟན་པ་ཡང་ཡིན་ལ་ཐོབ་བྱ་ཡང་ཡིན་ཞེས་ཟེར་བ་ལ། སྨིག་རྒྱུ་ལ་ནི་ཞེས་བྱ་བ་སྨོས་ཏེ། སྨིག་རྒྱུ་ལ་ཆུའི་ཤེས་པ་ལ་ཡང་རེས་འགའ་ཁུང་བུའི་དང་། ཆུ་བོའི་ཆུ་དང་ཕྲད་ན་དེ་དམིགས་པ་དང་བཅས་
เล่ม ๑๘๑ · หน้า 139b
པ་ཡིན་ནོ། །སྨིག་རྒྱུའི་ཤེས་པ་ལ་ནི་ཀུན་ཚེ་མིན་ན་ཞེས་བྱ་བ་ཐོབ་པ་མ་ཡིན་ཞེས་བྱ་བ་སྦྱར་བས་རྒོལ་བའོ། །ལན་ནི་ཐམས་ཅད་ལ་ཞེས་བྱ་བ་སྟེ། བདེན་པའི་ཆུའི་ཤེས་པ་ལ་ཡང་། །ངེས་པའི་སྐད་ཅིག་ལ་འཇུག་པ་མ་ཡིན་པས་ནུས་པ་ཡང་འབྲས་བུ་མི་ཤེས་ན་ངེས་པ་མེད་པའི་ཕྱིར་རོ། །
འོན་ཏེ་མིག་མི་འཛུམས་པར་མཐོང་བ་ཉིད་ནི་འཐོབ་པ་ཡིན་ནོ་ཞེས་ཟེར་བ་ནི། མ་ཞིག་ན་ཞེས་བྱ་བའོ། །ཞིག་པ་གང་ཡིན་པ་དེ་ཡང་ཇི་ལྟར་འཇིག་པར་འགྱུར་ཞེས་བྱ་བ་ནི་ལན་ཡིན་ཏེ། སྔ་མ་དང་ཕྱི་མའི་ཆ་དང་བྲལ་བའི་སྣང་བ་ཉིད་ནི་ཞེས་པ་ཡིན་ལ། གཞན་དུ་ཡང་མ་ཉམས་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །སྔར་མཐོང་བ་ངོ་ཤེས་པ་ནི་དེ་མ་ཡིན་པའི་འབྲས་བུ་རྣམ་པར་གཅོད་པའི་ཡུལ་ཅན་ཏེ། འགལ་བ་ཅན་མ་ཡིན་པར་བསྟན་པ་ནི། ངོ་ཤེས་པ་ནི་ཞེས་བྱ་བའོ། །ཁྱད་པར་ནི་དམིགས་པ་མེད་པ་ཉིད་དོ། །ཁྱད་པར་གྱི་ཁྱད་པར་ནི་ཕྱི་རོལ་གྱི་ངོ་བོའོ། །རྣམ་གཞག་འགྱུར་ཞེས་བྱ་བ་ནི་རྗེས་
སུ་དཔག་པ་ལའོ། །དོན་དམ་པར་ཞེས་བྱ་བས་སྒྲོ་བཏགས་པས་ནི་གྲུབ་པ་ཡིན་པའོ། །བློ་ལ་མི་གནས་པ་ནི་ཁྱད་པར་མ་ཡིན་པ་ཉིད་ཀྱི་ཕྱིར་དོན་དམ་པར་མེད་པ་སྒྲུབ་པར་བྱེད་པའི་རྒྱུར་འགྱུར་བར་བསྟན་པ་ནི། ཚད་མ་ལ་ཚད་མས་ཞེས་བྱ་བའོ། །སྣང་བ་དགག་པ་ཡིན་གྱི་སྒྲོ་བཏགས་པ་ནི།
སྣང་བ་མ་ཡིན་ནོ་ཞེས་ཟེར་བ་ནི། ཡུལ་དང་ཞེས་བྱ་བའོ། །ཡུལ་གཞན་ལ་སོགས་པའི་ཁྱད་པར་ནི་གཞན་དུ་ངེས་པ་ཡིན་གྱི་སྒྲོ་འདོགས་པ་མ་ཡིན་ཏེ། འཁྲུལ་པའི་རྒྱུ་མ་ཡིན་ནོ་ཞེས་བསྟན་པ་ནི། ཡུལ་ལ་སོགས་པ་ཞེས་བྱ་བའོ། །མེད་པར་སྒྲུབ་པ་ནི་མེད་པའི་དོན་དུའོ། །འགའ་ཞིག་ལས་
ནི་གྲངས་ཅན་ལ་སོགས་པའི་ལས་སོ། །གཞན་ལས་ཀྱང་ཞེས་བྱ་བ་ནི་སྔར་མཐོང་བའི་ངོ་ཤེས་པ་ལས་སོ། །ཡུལ་གཞན་ལ་སོགས་པར་མཐོང་བ་ཡང་གཞན་དུ་སྒྲོ་གཏགས་པའི་སྣང་བ་ཉིད་ཁོ་ན་དགག་པ་ནི་གཞན་ལ་ཡང་མཚུངས་པར་བསྟན་པ་ནི། ཚད་མས་མཐོང་བ་ཞེས་བྱ་བའོ། །རྣ་བ་
ལས་བྱུང་བ་བཤད་པ་ནི་རེས་འགའ་འཁྲུལ་པ་གང་ཡིན་པ་དེ་ཞེས་བྱ་བས་ནི་འཁྲུལ་པའོ། །གཞན་དུ་ནི་ཡོད་པའི་ཡུལ་ལས་སོ། །གནོད་པའི་ཚད་མ་ནི་སྣང་བ་མི་དམིགས་པའོ། །ཇི་ལྟར་ཞེས་བྱ་བ་ནི་དེ་མེད་པའི་མ་དམིགས་པ་ཙམ་ནི་གནོད་བྱེད་མ་ཡིན་པའི་ཕྱིར་རོ། །གནོད་བྱེད་ཀྱི་འཁྲུལ་
เล่ม ๑๘๑ · หน้า 140a
པ་ཉིད་སེལ་བར་བྱེད་ཅིང་མངོན་པར་འདོད་པ་ལས་གཞན་པའི་གནོད་པར་བྱེད་པ་ཞེས་བྱ་བ་ནི་ཉམས་པ་ཏེ་རྒྱུན་གཅོད་པའོ། །མེད་པ་ལ་ནི་བྱེད་པ་པོ་ཉིད་དེ་ཤེས་བྱེད་པ་སྟེ། ཇི་ལྟར་བསྒྲུབ་པར་འགྱུར་བའོ། །དེ་ལྟ་བུའི་མེད་པ་ནི་མེད་པའོ། །རྒྱུ་དང་གནོད་བྱེད་དག་གིས་
ཡོད་པ་དང་མེད་པའི་བདག་ཉིད་གཅིག་ཏུ་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་དེ་མེད་ཅེས་བྱ་བའོ། །ཡོད་པའི་ངོ་བོ་དེ་ཁོ་ནས་ཡོད་པ་མ་ཡིན་དུ་ཟིན་ཀྱང་གྲུབ་པ་ལ་སྒྲུབ་པ་ཡིན་གྱི་དེའི་ཞིག་པ་མ་ཡིན་པར་བསྟན་པ་ནི། གཞན་གྱི་ངོ་བོས་ཞེས་བྱ་བ་སྟེ། འཇིག་པར་འགྱུར་ཞེས་བྱ་བར་སྦྱར་རོ། །དེའི་ངོ་བོས་ཞེས་
བྱ་བ་ནི་གཞན་མ་ཡིན་པའོ། །ཕྱིས་ཞེས་བྱ་བ་ནི་སྔར་མ་ཡིན་པའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་རེས་འགའ་བ་མ་ཡིན་པ་སྟེ། ཕྱིས་ཀྱང་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བའི་དེའི་ངོ་བོ་དེའི་ཚེ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །རྗེས་སུ་འཇུག་པ་མ་ཡིན་ན་འཇིག་
པའི་དོན་མེད་དེ་སྔ་ན་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ཚེ་ཉིད་ཅེས་བྱ་བ་སྟེ་སྔ་ན་ཉིད་ནའོ། །སྔ་མ་ཉིད་ནི་རྒྱུ་ཡོད་པར་རྟོག་པ་ཉིད་ནའོ། །ཇི་ལྟར་སྐྱེས་པ་མ་ཡིན་པའི་ཞེས་བྱ་བའོ། །སྒྲུབ་པ་ནི་མི་དགོས་ཕྱིར་དང་ཞེས་བྱ་བའོ། །འདི་ཇི་ལྟར་སྐྱེས་པ་ཡང་ཡིན་མ་སྐྱེས་པ་ཡང་ཡིན་པའི་འཇིག་
པའི་ཕྱོགས་འཛིན་པར་བྱེད་པའི་ཚད་མ་འཇུག་པ་མེད་པས་དེ་ཁས་ལེན་པ་རིག་པ་མ་ཡིན་ནོ་ཞེས་བསྟན་པ་ནི། ཚད་མས་ཞེས་བྱ་བའོ། །དེ་ཚེ་ཞེས་བྱ་བ་ནི་མ་མཐོང་བ་ནའོ། །དངོས་པོ་རྟོགས་པའི་དུས་སུ་ཁྱད་པར་དང་བཅས་པར་མ་གྲུབ་པའི་ཕྱིར་དེའི་ཚེ་དངོས་པོའི་ཁྱད་པར་དེ་ཇི་ལྟར་གཞན་
རྟོགས་པར་མི་ནུས་པས་མ་གྲུབ་པའི་ཁྱད་པར་ལ་ཕྱོགས་གྲུབ་པ་མ་ཡིན་པ་དེ་ཁོ་ན་བཞིན་དུ་འགྱུར་ཞིང་། ཁྱད་པར་གྱི་ཁྱད་པར་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཁྱོད་ལ་ཡང་འགྱུར་བ་ཡིན་པར་བསྟན་པ་ནི། ཁྱད་པར་རབ་ཏུ་མ་གྲུབ་ན། །ཞེས་བྱ་བའོ། །རང་གི་ངོ་བོས་གཞན་གྱི་རྗེས་སུ་ཆགས་
པས་བྱས་པའི་ཁྱད་པར་མེད་པ་ཅུང་ཟད་ཀྱང་མེད་པར་བསྟན་པ་ནི། དེ་དངོས་རང་བཞིན་ཞེས་བྱ་བའོ། །དངོས་པོ་ཉིད་ཁ་ཅིག་ལ་འཇུག་བཞིན་པ་ཡིན་ཞིང་གཞན་ལ་ལྡོག་བཞིན་པ་ཡིན་ནོ། །ཁྱད་པར་ནི་མེད་པའི་མ་ཡིན་ནམ་སྙམ་དུ་སེམས་པ་ནི། དེ་ཉིད་ཅེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་
เล่ม ๑๘๑ · หน้า 140b
ནི་ཁ་ཅིག་ཏུ་འཇུག་པ་དང་ལྡོག་པས་ཀྱང་ངོ་། །དགག་པ་ལ་ནི་དོན་ཅི་ཡོད་ཅེས་བྱ་བ་ནི་མ་དམིགས་པ་ལས་མ་སྐྱེས་པའོ། །གཞན་དུ་ན་ཁ་ཅིག་ཏུ་འཇུག་པ་དང་ལྡོག་པ་མེད་ན་ཚད་མས་རྟོགས་པ་ལ་གཞན་དུ་རྟོགས་པ་ནི་འཁྲུལ་པ་ཡིན་ཏེ། དེ་ལ་ཡང་བསྟན་པ་ནི། འདི་ནི་སྔར་
བཤད་ཟིན་པའི་ཕྱིར་ཞེས་བྱ་བའོ། །ཚད་མས་མཐོང་ལ་འཁྲུལ་པ་གང་། །ས་ཕྱོགས་འགའ་ཞིག་ཉིད་དུ་སྟེ། །ཚད་མ་དག་གིས་ལྡོག་པ་ན། །འཁྲུལ་པ་ཉིད་དུ་བཟོད་དམ་ཅི། །ཞེས་བྱ་བ་ལ་སོགས་པར་མི་འགྱུར་བའི་ཕྱིར་ཁྱད་པར་གྲུབ་པ་མ་ཡིན་ནའང་། ཁྱོད་ཀྱི་རྟོགས་ནུས་ཇི་ལྟར་
ཡིན། །ཞེས་བྱ་བའི་རྒོལ་བ་གཞན་བསལ་བའི་ཕྱིར་རྒོལ་བ་གཞན་ཡང་སྨྲ་བ་ནི། གལ་ཏེ་དེར་ནི་དྲན་པ་ཡིན། །ཞེས་བྱ་བའོ། །རང་བཞིན་ཞེས་བྱ་བ་ནི་ཕྱི་རོལ་གྱིའོ། །ཇི་ལྟ་བུར་འགག་པ་མེད་ཅེས་བྱ་བ་ནི་འགལ་བའི་ཕྱིར་རོ། །རང་བཞིན་མིན་བཟུང་ན་ཞེས་བྱ་བ་ལ་མེད་པའི་ཁྱད་པར་ནི་རང་
བཞིན་མ་ཡིན་ན་ཞེས་བྱ་བར་སྦྱར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དྲན་པ་ལ་སོགས་པ་ཕྱི་རོལ་མ་ཡིན་པའི་ཡུལ་ཉིད་བསྟན་པ་ཡིན་ནོ། །འཇིག་རྟེན་རྟོགས་དང་ཞེས་བྱ་བ་ནི་སད་པའི་ཀ་བའི་ཤེས་པའི་ཕྱོགས་སོ། །དེ་ནི་དེ་ཙམ་ཉིད་ཅེས་བྱ་བ་ནི་རྟོགས་པ་ཙམ་ཉིད་དོ། །དེ་ཉིད་དུ་ཞེས་བྱ་བ་ནི་
ཕྱི་རོལ་ཉིད་དུ་སྟེ། འདི་བཤད་པ་ནི་རྟོགས་པ་ཙམ་ཉིད་ཅེས་བྱ་བའོ། །དཔེ་གཞན་བསྟན་པ་ནི། རྨི་ལ་སོགས་པ་ཞེས་བྱ་བའོ། །དེ་ནི་འདི་ལྟར། འོན་ཏེ་དྲན་དང་རྣམ་རྟོག་ལས། །ཞེས་བྱ་བ་ལ་སོགས་པས་གནོད་པར་བྱ་བ་ལ་སོགས་པ་ཡོད་པ་དང་མེད་པ་ཡིན་ཡང་རྟོགས་པའི་སྣང་བ་
རྗེས་སུ་དྲན་ནས་དམིགས་པ་ཉིད་དུ་བརྗོད་པ་ཡིན་ནོ། །རྟོགས་པ་ཉིད་ཐོབ་པར་བྱ་བ་ཡིན་ནོ་ཞེས་སྒྲོ་བཏགས་པའི་ཡུལ་ཅན་གྱི་གནོད་བྱེད་ཉིད་ནི་བརྟགས་པ་པ་ཉིད་ཡིན་པར་བསྟན་པ་ནི་རྟོགས་བཞིན་པ་ནི་ཞེས་བྱ་བའོ། །སྒྲོ་བཏགས་པའི་འབྱུང་བར་འགྱུར་བ་དེ་ལ་ཡང་དེ་དག་འབྲེལ་པའི་རྟོགས་
བཞིན་པ་ཡོད་པ་ཉིད་གནོད་པར་བྱེད་པའི་ཡུལ་ཅན་དུ་བསྟེན་པ་ནི། གལ་ཏེ་གནོད་བྱེད་ཅེས་བྱ་བ་སྟེ། བརྟགས་ནས་ཏེ་བསམས་ནས་བརྟགས་པའི་ཡུལ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་དུས་ནི་བརྟགས་པའི་དུས་སོ། །གཞན་གྱི་དངུལ་ལ་ཉ་ཕྱིས་ཀྱི་ངོ་བོའོ། །དེས་ཞེས་བྱ་བ་ནི་
เล่ม ๑๘๑ · หน้า 141a
ཤེས་པས་སོ་ཞེས་བྱ་བ་སྟེ་རྗེས་སུ་འགྲོ་བའོ། །གལ་ཏེ་ཞེས་བྱ་བ་ནི་ལྡོག་པའོ། །དམིགས་པར་ཞེས་བྱ་བ་ནི་དངོས་པོའོ། །སྲིད་པའི་ཡུལ་ཉིད་བསྟན་པ་ནི་ལྡོག་གྱུར་ཅེས་བྱ་བའོ། །འབྱུང་བར་འགྱུར་བ་ནི་ཡོད་པ་ཉིད་དོ། །དེ་ཡི་རྣམ་ཅན་ཤེས་སྐྱེས་ན། །དེའི་ཚེ་དམིགས་པ་ཉིད་དུ་
འཇོག །ཅེས་བྱ་བ་ནི་རྣམ་པ་མེད་པར་སྨྲ་བ་པོའི་ཡང་འདི་ཁོ་ན་ལྟར་འཇོག་པ་ཡིན་པར་བསྟན་པ་ནི། དེ་བཞིན་ཤེས་པ་ཞེས་བྱ་བའོ། །གཞན་དུ་ན་ཡུལ་གྱི་ངེས་པ་མ་ཡིན་ཏེ། དེ་མིན་ངོ་བོ་མི་རིག་ཕྱིར་རོ། །འདི་ནི་ལྐོག་ཏུ་གྱུར་པའི་སྐྱེད་པར་བྱེད་པ་བརྟན་པར་བྱེད་པའི་རྒྱུ་དམིགས་པར་བྱེད་པ་
ཡིན་གྱི། ལས་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། སེམས་ནི་ཡོངས་སུ་ཞེས་བྱ་བའོ། །ལྐོག་གྱུར་འབྱུང་བར་འགྱུར་བའི་དོན། །རྣམ་ངེས་ཏེ་རྟོགས་པས་བྱས་པར་མི་རིགས་པ་དེ་བཞིན་དུ། །དེ་ཡི་རྣམ་ཅན་ཤེས་སྐྱེས་ན། །ཞེས་བྱ་བ་ལ་སོགས་པ་དེ་ཉིད་དོ། །ལྐོག་ཏུ་གྱུར་པ་ཁོ་ན་ཉིད་ཇི་སྟེ།
མིན་ཞེ་ན་ཞེས་བྱ་བ་ནི་རྒོལ་བའོ། །མ་ཡིན་ཏེ་མངོན་སུམ་ཞེས་བྱ་བ་ནི་ལན་ནོ། །འབྲེལ་པ་ནི་རྟགས་སོ། །འཁོར་ལོ་ལྟ་བུ་ཞེས་བྱ་བ་ནི་དངོས་པོ་ཡོད་ན་མངོན་སུམ་དམིགས་པ་དང་བཅས་པ་ཡིན་ལ། དེ་ལ་རྟགས་ལས་བྱུང་བའི་རྗེས་སུ་དཔག་པ་ཡིན་ཞིང་དེ་ལས་ཀྱང་དངོས་པོ་ཡོད་པ་ཉིད་
དོ། །དེ་ལྟར་ན་ཇི་ལྟར་ཕྱི་རོལ་ཡིན་ཞེས་ཟེར་བ་ལ། དེ་ལྟར་ན་ཞེས་བྱ་བ་ནི་ཁས་བླངས་པ་ཏེ་སྲིད་པའོ། །ཚད་མས་བསལ་བའི་ཁས་བླངས་པ་ཡང་ཇི་ལྟར་ཡིན་ཏེ། མི་ཤེས་པའི་ཕྱིར་ཞེས་བསྟན་པ་ནི། ཚད་མའི་རང་བཞིན་ཞེས་བྱ་བའོ། །ཅིའི་ཕྱིར་མ་རིག་པའི་ཁས་བླངས་པ་ཡིན་ནོ་ཞེས་
ཟེར་བ་ལ། རང་རིག་ཡོད་པ་ཞེས་བྱ་བ་སྟེ། རེས་འགའ་བའི་ཁྱད་པར་ཅན་གྱི་རྣམ་པའི་རྟོགས་པ་དེའི་ཞེས་བྱ་བའི་ཁས་བླངས་པའི་རྟོགས་པའོ། །ཁྱད་པར་དང་ཁྱད་པར་དུ་བྱ་བ་ཉིད་ཕྱི་རོལ་གྱི་དམིགས་པ་མེད་པ་ཉིད་ན་ངེས་སམ་ཞེས་བསྡུ་བ་ཡིན་ནོ། །དེའི་རང་བཞིན་ནི་བདེན་པ་ཉིད་ཀྱིའོ། །
རྟོགས་པ་ནི་ཤེས་པ་ཡིན་ནོ་ཁྱོད་ཀྱིས་ཀྱང་རྟོགས་པ་ཞེས་བྱ་བར་སྦྱར་རོ། །ཁས་བླངས་པ་གྲུབ་པ་ནི་མ་བཏགས་པ་ཕྱིན་ཅི་ལོག་པས་ལྡོག་པ་ཡིན་པ་དེའི་ཕྱིར་དམིགས་པ་མེད་པ་ཉིད་བསྟན་པ་ནི། ཕྱི་ནས་ཞེས་བྱ་བའོ། །དེའི་ཕྱིར། ཕྱི་རོལ་ཉིད་ནི་མ་གྲུབ་པས། །དེའི་ཕྱིར་དམིགས་པ་མེད་པའི་བློ། །
เล่ม ๑๘๑ · หน้า 141b
འདི་ནི་ཇི་ལྟར་སྒྲུབ་བྱེད་མིན། །དེའི་ཚེ་ཕྱོགས་ཀྱང་ཤེས་པ་ཡིན། །ཞེས་བྱ་བ་བསལ་བ་ཡིན་ནོ། །ཁས་བླངས་པས་གྲུབ་པ་ནི་མངོན་སུམ་མ་ཡིན་ན་གང་གིས་དེ་བཀག་པ་ན་དེས་གནོད་པར་འགྱུར་དེའི་ཕྱིར་མི་རིགས་སོ། །མངོན་སུམ་ལ་སོགས་པ་ཡི་ཡུལ། །ཕྱི་རོལ་ཁོ་ནར་གནས་པ་ཡིན། །
དེ་དགག་བྱས་པ་དེ་ཡི་ཕྱིར། །དེ་དག་གི་ཕྱོགས་ལ་གནོད་འགྱུར། །ཞེས་ཟེར་བ་ནི། གལ་ཏེ་དེ་ལྟར་ཞེས་བྱ་བའོ། །འཁྲུལ་པ་དང་ཅིག་ཤོས་དག་གིས་གནོད་པར་བྱ་བ་ལ་སོགས་པའི་ངོ་བོར་འདོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་སྔ་ཕྱི་ཞེས་བྱ་བའོ། །ཉ་ཕྱིས་ལ་དངུལ་གྱི་ཤེས་
པ་བཞིན་དུ་དངུལ་མ་ཡིན་ན་ཇི་ལྟར་དངུལ་གྱི་ཁྱད་པར་དགག་པ་ཡིན་ཞེས་བརྒལ་ཞིང་བརྟགས་པའོ། །དེའི་འཁྲུལ་པ་ཉིད་ག་ལས་ཞེས་བྱ་བ་ནི་གཞན་ནོ། །ཅི་ལས་ཤེ་ན་འཁྲུལ་ཉིད་ཅེས་བྱ་བའོ། །དོན་དམ་པར་ན་ཕྱི་རོལ་གྱི་འཁྲུལ་པ་མེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་
ཁྱབ་ཆེས་པ་ཡིན་ནོ། །རྒྱུ་དང་ལྡན་པ་ཉིད་ཀྱིས་འཁྲུལ་པ་ནི་མ་ཡིན་གྱི་འོན་ཀྱང་དེ་རྒྱུ་དང་ལྡན་པ་ནི་ཡིན་ཏེ། དེ་ལས་བསྟན་པ་ནི་གལ་ཏེ་རྒྱུར་བཅས་ཞེས་བྱ་བ་སྟེ། མ་འཁྲུལ་པར་འདོད་པ་དེ་དང་རྒྱུ་དང་ལྡན་པ་ཡིན་ན་དེ་ལས་བརྒལ་ཞིང་བརྟགས་པ་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་
པ་ཡོད་མོད་ཅེས་བྱ་བ་ནི་གནས་སྐབས་ལས་སོ། །འཁྲུལ་པར་འདོད་པ་དེ་སྒྲུབ་པར་བྱེད་པས་མ་འཁྲུལ་པས་འཁྲུལ་པ་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ནི། གལ་ཏེ་མ་འཁྲུལ་པ་ནི་ཞེས་བྱ་བའོ། །ཕྱི་རོལ་དུ་འཁྲུལ་པ་ལ་སྒྲུབ་པའི་ངོ་བོ་འཐོབ་པ་མ་ཡིན་ཏེ་མི་མཐོང་བའི་ཕྱིར་རོ། །དེའི་
ཕྱིར་ཁྱད་པར་དུ་འཁྲུལ་པ་ཡིན་པར་ངེས་པ་ཉིད་དུ་བསྟན་པ་ནི། སྒྲུབ་པའི་ཚུལ་དུ་མཐོང་བ་གང་ཞེས་བྱ་བའོ། །འཁྲུལ་པ་ཉིད་ནི་རྗེས་སུ་བརྗོད་པར་བྱ་བ་ཡིན་གྱི། བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་ཡིན་པ་དེ་ཞེས་བྱ་བའོ། །ཁྱད་པར་དང་བཅས་པའི་
བློ་གང་དུ་རྒྱུ་ཡིན་པ་དེ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གྱིས་ཉེ་བར་བཀོད་པ་ལས་ཡིན་གྱི། རྒྱུ་ངེས་པ་ལས་ནི་སྔར་རྟོགས་པའི་འཁྲུལ་པ་ཉིད་རྟོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། འཁྲུལ་པའི་རང་བཞིན་ཤེས་ན་ཡང་། །ཞེས་བྱ་བ་སྟེ། ཁས་བླངས་པ་ཙམ་ལས་ནི་འཁྲུལ་པ་ཉིད་མ་ཡིན་
เล่ม ๑๘๑ · หน้า 142a
ནོ་ཞེས་བྱ་བའི་དོན་ཏོ། །དེས་རྟོགས་པ་ཡིན་ཡང་མངོན་སུམ་གྱི་ངེས་པ་མ་ཡིན་པ་ནི་འཁྲུལ་པ་ངེས་པ་ཡིན་པར་བསྟན་པ་ནི། རང་བཞིན་གང་གིས་ཞེས་བྱ་བའོ། །མངོན་སུམ་གྱིས་མ་ངེས་པས་རང་གི་ངོ་བོ་སྟེ། མངོན་སུམ་གྱི་རྟོགས་པར་བྱ་བས་འཁྲུལ་པ་ཉིད་འཛིན་
པའི་ཡུལ་ཡང་མངོན་སུམ་གྱིས་ངེས་པ་མ་ཡིན་ཏེ། འཁྲུལ་པ་ཉིད་བཞིན་ནོ་ཞེས་བྱ་བ་ནི་དེ་ཡང་ཞེས་བྱ་བའོ། །གལ་ཏེ་འདི་ཡང་ཞེས་བྱ་བ་ནི་འཁྲུལ་པ་ཉིད་འཛིན་པའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་ཁས་ལེན་པའོ། །ཟད་པར་སྒྲུབ་པར་བྱེད་བློ་ཡང་། གལ་ཏེ་བརྫུན་འདོད་དེ་ཡི་ཕྱིར། །ཇི་ལྟར་
འདོད་པས་ཀུན་པའམ། །མ་ཚང་སོགས་པར་ཐར་བར་འགྱུར། །དེ་ལྟར་ཡང་། དེ་བརྫུན་ཉིད་དུ་ཐལ་འགྱུར་ན། །སྔ་མ་ཐམས་ཅད་མེད་པར་འགྱུར། །ཞེས་བསྟན་པ་ནི། དངུལ་དུ་རྟོགས་པར་བྱེད་ན་ནི། །ཞེས་བྱ་བའོ། །གང་གི་ཚེ་ཉ་ཕྱིས་སུ་འགྱུར་ཞེ་ན། རྟོགས་པ་ལྡོག་པ་ཡིན་པ་ནི་
དངུལ་གྱིའོ། །ལྡོག་པའི་རྒྱུ་ནི་གནོད་པར་བྱེད་པའོ། །རྟོགས་པ་གཉིས་ཀྱི་ཡུལ་མི་དམིགས་པ་ལ་ཁྱད་པར་མེད་པས་དེའི་ཚེ་ཀ་བ་སྒྲུབ་པར་བྱེད་པའི་ཤེས་པའི་དབྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ཁོ་ན་ཡིན་པར་བསྟན་པ་ནི། གཉི་ག་དག་ཀྱང་ནི་ཞེས་བྱ་བའོ། །སྒྲུབ་པར་བྱེད་པའི་ཤེས་པ་ནི་
ཀ་བ་ལ་སོགས་པའི་ཤེས་པའི་ཡུལ་མ་ཡིན་པའི་མི་དམིགས་པ་རྗེས་སུ་བརྗོད་པ་ལས་ཁྱད་པར་དུ་བྱ་བ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཡང་ཞེས་བྱ་བའོ། །ལ་ལ་དག་ཏུ་ནི་སྒྲུབ་པར་བྱེད་པའི་ཤེས་པ་ལའོ། །དེ་ལ་བསྟན་པ་ནི་མི་དམིགས་པ་སྟེ་ཉེ་བར་བསྟན་པའོ། །གཞན་ལ་ནི་
ཀ་བ་ལ་སོགས་པའི་ཤེས་པ་ལའོ། །གནོད་པར་བྱེད་པའི་ཤེས་པའི་དབང་དུ་བྱས་པའི་བསྒྲུབ་བྱ་ཉིད་ནི་སྔ་མའི་ངོ་བོ་ཡིན་པ་དེ་ཚད་མ་ཉིད་མ་ཡིན་ན་མི་འགྱུར་རོ་སྙམ་དུ་སེམས་པ་ནི། གནོད་བྱེད་རྟོགས་པ་ཞེས་བྱ་བའོ། །དེ་ལས་ལྡོག་པ་ནི་གནོད་བྱ་ལས་བཟློག་པའོ། །བཟློག་པ་ཡི་ནི་གནོད་
པར་བྱ་བའིའོ། །མེད་པ་ནི་གནོད་པར་བྱ་བ་ཉིད་དོ། །བཟློག་པ་དང་ཅིག་ཤོས་དག་ཀྱང་རིག་ཡིན་ན་སྔ་མས་ཅི་ཞིག་འཐོབ་པ་ཡིན་ན་གང་གིས་ངེས་པ་མེད་པར་འགྱུར། གང་གི་ཕྱིར་སྔོན་པོ་ནི་སེར་པོ་རིག་ན་མེད་པར་འགྱུར་རོ་ཞེས་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །བཟློག་རིག་དེ་སྟེ་དེ་
เล่ม ๑๘๑ · หน้า 142b
ལྟར་མིན། །ཞེས་བྱ་བ་ནི་བཟློག་པ་རིག་པའོ། །གལ་ཏེ་སྔ་མ་མི་དམིགས་པའི་བདག་ཉིད་ཡིན་ན་མི་དམིགས་པ་ཁོ་ན་མེད་པར་ངེས་པ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི་ངེས་པ་མི་དམིགས་པས་བྱས་ནས་ཞེས་བྱ་བ་སྟེ། ཀ་བའོ་ཞེས་སམ་རྩིག་པའོ་ཞེས་པའི་ངེས་པ་ལ་ངེས་པ་
མ་དམིགས་ཉིད་གནོད་པར་བྱེད་པ་ཡིན་ན་ཕྱིན་ཅི་ལོག་ཏུ་དམིགས་པས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །བཟློག་པ་ཡང་རང་རིག་པ་ཙམ་ཉིད་དུ་དམིགས་པ་ཡོད་དོ་ཞེས་ཟེར་བ་ལ། གལ་ཏེ་བཟློག་པ་དམིགས་པའི་ཕྱིར། །ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་སྔ་མིའོ། །མ་གྲུབ་པ་ནི་མེད་པའོ། །
གྲུབ་པར་བྱེད་པ་ཡང་མི་དམིགས་པ་ཁོ་ན་ལ་རྗེས་སུ་འབྲང་བ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །མི་དམིགས་པ་ནི་རང་རིག་པ་ཙམ་གྱི་ཉེ་བར་མཚོན་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་དམིགས་པའི་བློ་ནི། །ཡང་དག་པ་ཉིད་ཀྱི་བློ་འདི་ཡིན་ཏེ། གནོད་བྱེད་ཀྱི་བློ་དང་
བྲལ་བའི་ཕྱིར་དཔེར་ན་རྨི་ལམ་ལ་སོགས་པའི་གནོད་པའི་བློ་བཞིན་དུའོ་ཞེས་བྱ་བའི་མི་དམིགས་པའི་གནོད་པས་མ་གྲུབ་པ་ཡིན་པར་བསྟན་པ་ནི་ཇི་ལྟར་རྣམ་པར་ཤེས་པ་ཞེས་བྱ་བའོ། །ཡང་བརྗོད་པ། གང་ཡིན་པ་ཞེས་བྱ་བ་ནི། །ཁྱད་པར་དང་ནི་ཁྱད་པར་དུ། །བྱ་བ་དག་ལ་དབྱེ་མེད་དང་། །
ཕྱོགས་ཀྱང་ངག་གི་དོན་ཡིན་པར། །རྣམ་པར་གཞག་པ་བྱེད་པ་ཡིན། །ཞེས་བྱ་བ་ཡང་ངོ་། །ལྡན་པའི་དོན་མེད་ཉིད་ཅེས་བྱ་བ་ནི་དམིགས་པའི་འབྲེལ་པ་མེད་པའོ། །དངོས་པོ་གཞན་ནི་མེད་པ་གཞན། །འགའ་ཡང་མེད་དེ་མ་བརྟགས་ཕྱིར། །ཞེས་བྱ་བའི་རིགས་པས་དམིགས་པ་དང་བྲལ་
བའི་རིག་པ་ཉིད་རང་ཉིད་རིག་པའོ་ཞེས་བརྗོད་པ་ཡིན་ན། དངོས་པོ་མེད་པའི་ཆོས་རྣམས་ལ། །ཇི་ལྟར་ཁྱོད་ནི་རྟོགས་པར་འདོད། །གལ་ཏེ་རང་བློས་རྟོགས་ན་ནི། །ཁྱོད་ནི་ཀླན་ཀ་ཚོལ་བ་ཡིན། །ཞེས་བསྟན་པ་ནི། དངོས་པོ་མེད་པ་དང་ལྡན་པར་ཞེས་བྱ་བའོ། །མེད་པའི་རྟོག་པ་ཅི་འདྲ་ཞིག །རྟོག་
བྱེད་དངོས་པོར་ཐལ་བར་འགྱུར། །ཞེས་བྱ་བ་འདི་ལ་བསྟན་པ་ནི་ལྡོག་པའི་སྒོ་ནས་ཞེས་བྱ་བའོ། །གལ་ཏེ། ཀུན་རྫོབ་ལ་ནི་བདེན་མེད་ན། །བདེན་པའི་དབྱེ་འདི་ཅི་ལས་ཡིན། །གལ་ཏེ་བདེན་ཀུན་རྫོབ་འདི་གང་། །གལ་ཏེ་བརྫུན་ན་ཇི་ལྟར་བདེན། །ཞེས་ཟེར་བ་ལ། བདེན་པར་སྣང་བ་ཞེས་
เล่ม ๑๘๑ · หน้า 143a
བྱ་བའོ། །རྣམ་པར་མི་དཔྱད་པའི་རྟོགས་པ་ནི་ཀུན་རྫོབ་ཀྱང་ཡིན་ལ་བདེན་པ་ཡང་ཡིན་ཏེ། དེ་ལྟ་བུའི་རྟོགས་པ་དང་ལྡན་པ་ལ་གནོད་པར་བྱེད་པ་མི་འབྱུང་བའི་ཕྱིར་ཏེ། འཁྲུལ་པ་བསྟན་པའི་ཕྱིར་རོ། །ཚད་མ་ལ་གནས་པ་རྩ་བ་ཡིན་པའི་ཕྱིར་འདིར་ད་ལྟར་ནི་རྣམ་པར་
དཔྱད་ན་ཞེས་བྱ་བ་ལ་སོགས་པས་རྣམ་པར་དཔྱོད་པའི་ཁས་བླངས་པའི་ཕྱིར་དེ་བསྟན་པ་ནི་མེད་ན་ནི་དངོས་པོ་སྟེ། འདི་ཞེས་བྱ་བ་ནི་འཁྲུལ་པ་ཉིད་དོ། །དངོས་པོ་ལ་ཡང་དེ་བཞིན་དུ་རྗེས་སུ་འགྲོ་བ་ཡིན་ནོ། །དངོས་པོ་དང་ཅིག་ཤོས་རྣམ་པར་དཔྱད་མི་བཟོད་པའི་ཤེས་པ་ནི་འཁྲུལ་པ་ཡིན་
ལ་དེ་ལྟ་ན་དེ་ཉིད་ཀུན་རྫོབ་ཡིན་པར་ཟེར་བ་ནི། གལ་ཏེ་དེ་ཉིད་མི་སྣང་འཁྲུལ། །ཞེས་བྱ་བའོ། །དེའི་ཕྱིར་རང་དང་གཞན་གྱི་འདོད་པ་མ་དཔྱད་པས་དོན་མཚུངས་པ་ཡིན་ཡང་དེས་འདི་ལོག་པ་དང་ཀུན་རྫོབ་ཀྱི་སྒྲ་དག་སླུ་བའི་དོན་དུ་ཉེ་བར་བཀོད་པ་ཡིན་ཏེ། ཁ་ཆུ་འཐུང་ཞེས་བརྗོད་པ་བཞིན། །
ཞེས་པ་བསྟན་པ་ནི། དེས་ན་བདེན་ལྟར་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་རྒྱལ་དཔོག་པ་ལ་སོགས་པའིའོ། །བདེན་པའི་མིན་ལ་ཡང་ཞེས་བྱ་བ་ནི་རིག་བྱེད་དང་། ཕྱི་རོལ་གྱི་དོན་ལ་སོགས་པ་ཡང་ངོ་། །མི་འབྱོར་པ་ནི་རིགས་པ་དང་འགལ་བས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་སྨྲ་བ་
ལས་སོ། །མ་ཡིན་པར་དགག་པ་ནི་ཕྱི་རོལ་ལས་གཞན་དམིགས་པ་ཡིན་གྱི་ཕྱི་རོལ་དམིགས་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཞེས་བྱ་བ་འདི་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཞེས་བྱ་བར་རྗེས་སུ་འཇུག་གོ། །ཤིན་ཏུ་ཐ་དད་པས་དམིགས་པ་མེད་པར་ཞེས་བྱ་བ་ནི་གྲུབ་པ་ཡིན་ཏེ།
སྔོན་པོ་དང་དེའི་བློ་དག་ཀུན་རྫོབ་ཀྱི་དབྱེ་བར་ཁས་བླངས་པའི་ཕྱིར་རོ། །རྣམ་པ་འགས་ཀྱང་ཐ་དད་པ་དམིགས་པ་མ་ཡིན་ནོ་ཞེས་ཁས་བླངས་པ་དང་འགལ་བ་ཡིན་པར་བསྟན་པ་ནི། རྣམ་འགས་ཡིན་ན་ཞེས་བྱ་བའོ། །བློ་ནི་སྔོན་པོ་ལ་སྔོན་པོའི་རྣམ་པ་ཉིད་ཀྱིས་དམིགས་པ་མ་ཡིན་ནོ་ཞེས་
གྲུབ་པ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི། དངོས་སོགས་རྣམས་ལས་ཀྱང་། །ཞེས་བྱ་བའོ། །རང་ཉིད་ཀྱི་དམིགས་པས་ལྷན་ཅིག་དམིགས་པར་ངེས་པ་ཡིན་པ་འདི་ལ་ཟེར་བ་ནི། འཛིན་ལས་ཞེས་བྱ་བའོ། །གཟུང་བ་སྔ་མ་ལ་ཕྱིས་འབྱུང་བའི་འཛིན་བྱེད་ཅེས་གཅིག་ཉིད་དུ་ནུས་པའི་
เล่ม ๑๘๑ · หน้า 143b
དབྱེ་བ་འགལ་བ་ཡིན་པ་ནི་དམིགས་པ་མེད་པའི་བློ་འབའ་ཞིག་ཡིན་ནོ། །ཆོས་དང་ཆོས་ཅན་བརྗོད་པའི་སྟོབས་ཀྱིས། མོ་གཤམ་ལས་སྐྱེས་བུ་འདི་ནི། །སྨིག་རྒྱུའི་ཆུ་ལ་ཁྲུས་བྱས་ནས། །རི་བོང་རྭ་ཡི་གཞུ་ཐོགས་ཤིང་། །ནམ་མཁའི་མེ་ཏོག་ཐོད་བཅིངས་འགྲོ། །ཞེས་བྱ་བ་ལྟ་
བུའི་བློའི་སྐྱེ་བ་ཡིན་པར་བསྒྲུབ་པ་ལ་བློའི་སྐྱེ་བ་བསྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་པར་བསྟན་པ་ནི། གལ་ཏེ་དམིགས་པ་མེད་པའི་བློ་ཡང་ཞེས་བྱ་བའོ། །འདི་ལ་ཁྱོད་ཀྱི་ཡང་ལོག་པའི་དོན་ཁོ་ན་ཡིན་པར་བསྟན་པ་ནི། ཁྱེད་ནི་རྣམ་པ་ཇི་ལྟར་ཡང་། །ཞེས་བྱ་བའོ། །སྒྲུབ་བྱེད་ཀྱིས་བསྐྱེད་
པའི་བློ་ནི་རང་གི་ཆ་ལ་མཐར་ཐུག་པའི་ཕྱིར་ཀ་བ་ལ་སོགས་པའི་བློ་དམིགས་པ་ཉིད་ཀྱི་ཡུལ་མ་ཡིན་ཞིང་གནོད་པ་ཅན་ཡང་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ནག་པ་ལ་སོགས་ཞེས་བྱ་བའོ། །ཀ་བ་ལ་སོགས་པའི་བློ་གནོད་པར་བྱ་བ་མ་ཡིན་པ་གཟུང་བའི་ཡུལ་ཅན་ནི་དམིགས་
པ་ཅན་དང་བཅས་པ་ཉིད་ཡིན་པར་བསྟན་པ་ནི། རང་བཞིན་ཡིན་ཕྱིར་ཞེས་བྱ་བ་སྟེ། གཟུང་བའི་བྱེད་པའི་ཕྱིར་རོ། །བྱེད་པ་སྒྲུབ་པའི་རྟོགས་པར་བྱེད་པའི་སྒྲ་ནི་ཆོས་ཅན་གྱི་རྗོད་བྱེད་ཡིན་ཞིང་། རང་ཉིད་ཀྱང་ཆོས་ཅན་ཉིད་དུ་བརྗོད་པ་ལ་དོན་རིག་པའི་ངོ་བོ་དམིགས་པ་ཉིད་འགོག་ན་གྲུབ་
པ་ལ་སྒྲུབ་པ་ཡིན་ཏེ། སེམས་པ་ཅན་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཞེས་བྱ་བའོ། །བློ་སྐྱེད་པའི་ངོ་བོའི་དམིགས་པ་ཉིད་འགོག་པ་ན་མངོན་པར་འདོད་པའི་དམིགས་པ་མེད་པའི་ཤེས་པ་ཉིད་བསྟན་པར་མི་འགྱུར་བར་བསྟན་པ་ནི། གལ་ཏེ་བློ་སྐྱེད་ཅེས་བྱ་བའོ། །ཅི་ལས་ཤེ་ན་
སྒྲུབ་བྱེད་ཅེས་བྱ་བའོ། །ཁྱེད་ཀྱི་སྒྲ་ནི་དོན་ལ་རྗོད་བྱེད་མ་ཡིན་པ་ཉིད་དུ་བསྟན་པ་ནི། བརྗོད་པ་འབྲེལ་པ་མེད་པར་མིན། །ཞེས་བྱ་བ་སྟེ། སྒྲ་དང་དོན་གྱི་དབྱེ་བའི་འབྲེལ་པ་འཛིན་པ་མེད་པ་ནི་དམིགས་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེར་རྟེན་ནི་སྒྲའི་དོན་གྱི་རྟེན་ནོ། །དེ་ཉིད་ཀྱི་
ཕྱིར་ཁྱོད་ལ་སྒྲུབ་བྱེད་ཀྱི་དབྱེ་བའི་སྦྱོར་བ་མེད་དོ་ཞེས་བསྟན་པ་ནི། ཆ་ཤས་བཅས་པའི་ཞེས་བྱ་བ་སྟེ། འདྲི་བ་པོ་རྣམས་ཀྱིས་མ་རྟོགས་པའི་དོན་རྟོགས་པར་བྱེད་པར་འདོད་པ་ནི་ཕྱོགས་དང་གཏན་ཚིགས་དང་དཔེའི་ཚིག་འཛིན་པར་བྱེད་པ་དམིགས་པ་མེད་པ་ཉིད་ཡིན་ན་མི་འགྲུབ་པོ་
เล่ม ๑๘๑ · หน้า 144a
ཞེས་བྱ་བའི་དོན་ཏོ། །དེ་དམིགས་པ་དང་བཅས་པ་ཉིད་ཡིན་ཡང་ཁས་བླངས་པ་དང་འགལ་བ་ཡིན་པར་བསྟན་པ་ནི་གལ་ཏེ་དེ་ལྡན་ཞེས་བྱ་བའོ། །མ་ཡིན་པར་དགག་པ་འདི་ལ་བསྟན་པ་ནི་ཤེས་ལས་ཞེས་བྱ་བའོ། །གྲུབ་པ་ལ་སྒྲུབ་པ་མ་ཡིན་པར་བསྟན་
པ་ནི། སྔོ་སོགས་ཞེས་བྱ་བའོ། །དེ་ཆོས་ཡོད་ཀྱང་ཞེས་བྱ་བ་ནི་གཞལ་བྱ་ཉིད་ལ་སོགས་པས་སྔོན་པོ་ལ་སོགས་པའི་ཆོས་ཀྱང་ངོ་། །ཐ་མི་དད་པ་མ་ཡིན་ཡང་འོན་ཀྱང་ཐ་དད་པ་ཁོ་ན་ཡིན་ཏེ། ཕྱི་རོལ་གྱི་ཚུལ་ཞེས་བྱ་བ་ནི་ལྷག་མའོ། །གཞལ་བྱ་ལས་ནི་ཆོས་ཅན་ལས་ཏེ། ཇི་ལྟར་ཐ་དད་
པ་དེ་ལྟར་དམིགས་པ་སྟེ། དེའི་བདག་ཉིད་མ་ཡིན་པ་ལས་ཞེས་བྱ་བའི་དོན་ཏོ། །ཤེས་པ་ལས་ཐ་དད་པའི་རྒྱུ་མཚན་གྲུབ་པ་ལ་སྒྲུབ་པ་ཅི་ལས་ཡིན་ཞེས་བྱ་བར་སྦྱར་རོ། །ཐ་མི་དད་པ་ཉིད་གསལ་བར་བྱེད་པ་ནི་ཐ་དད་ཉིད་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཡང་ཞེས་བྱ་བ་འདི་ལ་བསྟན་པ་ནི་ཤིན་
ཏུ་ཞེས་བྱ་བའོ། །རྣམ་འགས་ཞེས་བྱ་བ་འདི་ལ་བསྟན་པ་ནི། གལ་ཏེ་རྣམ་པ་འགའ་ཞིག་གིས་ཞེས་བྱ་བ་སྟེ། ཀུན་རྫོབ་པའི་དོན་ལ་བརྟེན་ནས་སོ། །བལྟ་བར་ཞེས་བྱ་བ་ནི་ཐ་དད་པ་དང་ཅིག་ཤོས་མཐོང་བ་དག་ཅིག་ཅར་འགལ་བའི་ཕྱིར་རོ། །སྔོ་སོགས་རྣམ་པ་ཐ་དད་པར། ཞེས་བྱ་
བ། འདོད་པ་བླངས་ནས་བསྟན་པ་ནི། །ཤེས་པའི་རྣམ་པ་ཉིད་ཀྱིས་ཞེས་བྱ་བའོ། །དངོས་སོགས་རྣམ་པ་ལས་ཀྱང་ངོ་། །ཞེས་འདོན་པ་ལ་བསྟན་པ་ནི། གཉི་ག་རྟོགས་པའི་ངོ་བོར་ནི། །ཞེས་བྱ་བའོ། །རྟོགས་ལས་ཞེས་བྱ་བ་ནི་རྣམ་པའིའོ། །དབྱེ་བ་ལ་ནི་རང་གི་རིག་པ་གཉིས་བདེ་
བ་དང་སྡུག་བསྔལ་བཞིན་དུ་གཟུང་བ་ལ་སོགས་པ་ཉིད་མ་ཡིན་ཏེ། དེའི་དམིགས་པ་དང་བཅས་པ་ཉིད་ཡོད་པ་མ་ཡིན་ཞེས་བྱ་བ་དང་སྦྱར་ཏེ། དངོས་པོ་ལ་རང་ལ་ཡོད་པའི་གཞལ་བྱ་བ་ལ་སོགས་པའི་ངོ་བོས་འཛིན་པ་ཡིན་ཏེ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞལ་བྱ་ལ་སོགས་པ་
ལས་ཐ་མི་དད་པ་ཞེས་བྱ་བ་དེ་ལ་སེལ་བར་བྱེད་པས་བསལ་བ་ཡིན་ནོ། །འཛིན་ལས་ཞེས་བྱ་བ་དེ་ལ་བསྟན་པ་ནི། །རྟོགས་ལས་མི་གཞན་གཟུང་འཛིན་གྱི། །དབྱེ་དང་ཞེས་བྱ་བའོ། །ནུས་པའི་དབྱེ་བ་འགལ་བར་འགྱུར། །ཞེས་བྱ་བ་དེ་འདིས་བསལ་བ་ཡིན་ཏེ། གཟུང་བ་དང་འཛིན་པ་
เล่ม ๑๘๑ · หน้า 144b
ཉིད་ཀྱིས་ཅིག་ཅར་རམ་རིམ་གྱིས་ནུས་པའི་དབྱེ་བ་ཡིན་པ་རྣལ་འབྱོར་སྤྱོད་པ་པ་རྣམས་འདོད་པ་མ་ཡིན་ནོ། །དབྱེ་བར་ཡང་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གནས་སྐབས་པའོ། །དབྱེ་བ་འགའ་ཡང་མེད་པ་མ་ཡིན་ཏེ། དབྱེ་བ་མེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་གསལ་བར་བྱེད་པ་ནི་དཔེར་
ན་རྟོགས་པའི་ཞེས་བྱ་བའོ། །གཞན་རྣམས་ཁོ་ནས་འཛིན་པར་བྱེད་པ་ལ་སོགས་པ་བརྟགས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །སྔར་གྱི་ཕྱོགས་ལས་ནི་ཞེས་བྱ་བ་ནི་ཐམས་ཅད་ཉིད་དམིགས་པ་མེད་པ་མ་ཡིན་ནམ་ཞེས་བྱ་བ་ལས་སོ། །དེ་ལ་ཡང་སྐྱེ་བ་དང་ལྡན་པ་ཉིད་དུ་འདོད་
པ་ཡིན་པར་བསྟན་པ་ནི། དེ་བཞིན་ཐམས་ཅད་སྐྱེ་བ་ནི། །ཞེས་བྱ་བའོ། །སྒྲུབ་བྱེད་ལས་བྱུང་བའི་བློ་ཆོས་སུ་གྱུར་པའི་དམིགས་པ་མེད་ཉིད་མི་འཛིན་ཀྱང་ཞེན་པར་བྱེད་པ་ཡིན་ནོ། །དེས་ན་ནག་པ་ལ་སོགས་ཤེས་པའི་ཞེས་བྱ་བ་ལ་སོགས་པ་ངོ་བོ་མེད་པའི་ཕྱིར་བསལ་བ་ནི། བློ་ནི་དམིགས་དང་
བཅས་པ་ཉིད། །ཅེས་བྱ་བའོ། །གལ་ཏེ་རྟོགས་བྱེད་སྒྲ་ཡང་ནི། །ཞེས་བྱ་བ་དེ་ལ་བསྟན་པ་ནི། རྟོགས་པའི་སྒྲ་ཞེས་བྱ་བ་སྟེ། གནས་སྐབས་ལས་གཞན་པ་ལའོ། །གལ་ཏེ་བློ་སྐྱེ་ནུས་པ་ནི། །ཞེས་བྱ་བ་དེ་ལ་སེལ་བ་ནི་བློ་སྐྱེད་པའི་ནུས་པ་ནི་འགོག་པར་འདོད་པ་ཞེས་བྱ་བའོ། །བསྒྲུབ་
བྱ་ཡིན་པའི་ཕྱིར་ནི་ཕ་རོལ་གྱི་འདོད་པའི་རྗེས་སུ་དཔག་པ་ལའོ། །ཕ་རོལ་པོའི་སྒྲོ་བཏགས་པའི་དམིགས་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རྒོལ་བ་ཡིན་ལ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཇི་ལྟར་མི་སླུ་བ་ཡིན་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་ཉིད་དུ་འཇུག་
པའི་ཕྱིར་རོ། །མེད་པ་ཇི་ལྟར་ཡིན་ཞེ་ན། །དམིགས་པ་ཞེས་བྱ་བའོ། །གཞན་སེལ་བ་རྟོགས་པར་བྱེད་པ་ནི་ཕ་རོལ་པོས་སྒྲོ་བཏགས་པའི་མེད་པ་རྟོགས་པར་བྱེད་པ་ཡིན་ནོ། །འགྱུར་རམ་ཅི་ཞེས་བྱ་བ་ནི་སྤོང་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་ཐ་དད་འཛིན་པའོ། །ཕྱི་ནས་ཞེས་བྱ་བ་ནི་
དམིགས་པ་མེད་པ་རྟོགས་པ་འབྲས་བུའི་དུས་སོ། །འབྲས་བུ་གྲུབ་པ་ནི་དམིགས་པ་མེད་པ་ཉིད་དུ་རྟོགས་པ་ནའོ། །དམིགས་པ་མེད་པ་ཉིད་སེལ་བར། །སྣང་བ་ཅིའི་ཕྱིར་གཞན་དག་བྱེད། །ཅེས་ཟེར་བ་ལ། འཐད་བྲལ་བུད་མེད་ཅེས་བྱ་བ་སྟེ། དེ་ཁོ་ན་ཉིད་རྟོགས་པ་གང་ལ་ཡོད་པའི་
เล่ม ๑๘๑ · หน้า 145a
མཁས་པ་དེའི་ངོ་མཚར་སྐྱེས་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །ཅི་ལས་ཤེ་ན་དེའི་མདུན་དུ་མི་རིགས་པའི་ཕྱིར་འཇིག་པར་འགྱུར་བ་ནི། ཕྱིར་ཡང་ཏེ་ཕྱིས་ཀྱང་ངོ་། །མཆོག་ཏུ་འཛིན་པ་ནི་རྣམ་པར་དཔྱོད་པ་ནའོ། །སྐྱོན་མེད་པ་ནི་དུས་མཚུངས་པ་མ་ཡིན་པ་ཉིད་ཀྱིས་
འགལ་བ་མེད་པའི་ཕྱིར་རོ། །གཞན་གྱིས་རྟོགས་པ་མ་ཡིན་པ་ཉིད་འཛིན་པ་ནི་དུས་གཅིག་ཁོ་ན་ལའོ། །ཅིའི་ཕྱིར་མི་འགལ་ཞེས་བྱ་བ་ནི་ངས་ཞེས་བྱ་བའོ། །ཚིག་ལས་ཐམས་ཅད་དམིགས་པ་མེད་པ་ཁོ་ན་ཡིན་པའི་ཕྱིར། འབྲས་བུའི་དུས་སུ་ནི་ཕྱིར་རྒོལ་བ་ལ་ཡང་འགལ་བ་མེད་དོ་ཞེས་
བྱ་བ་ནི་དེས་ན་ཞེས་བྱ་བའོ། །གནས་སྐབས་དེ་ལ་ཕྱིར་རྒོལ་བའམ་འདྲི་བ་པོ་ཡང་རྒོལ་བ་པོ་ཉིད་དུ་མ་ཡིན་པར་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ཉིད་རིག་པ་ཅན་ཉིད་ཀྱིས་དཔྱད་བཟོད་པའི་ཕྱིར་འདྲི་བ་པོ་རྣམས་ཁོ་ན་ཡིན་པར་བསྟན་པ་ནི་དེ་ཉིད་རྟོགས་བྱེད་ཅེས་བྱ་བའོ། །འདྲི་བ་པོ་མེད་པས་
རྒོལ་བ་པོའི་དྲི་བ་ཉིད་ཡོད་པར་མི་འགྱུར་ཏེ། ཕྱོགས་སུ་ལྷུང་བའི་ཕྱིར་ཞེས་ཟེར་བ་ནི་རྒོལ་དག་ཅེས་བྱ་བའོ། །དེ་དག་འགལ་བ་ཅན་ནི་ཚད་མ་ལས་བྱུང་བ་དང་འགལ་བ་ཅན་ནོ། །དེ་ཞེས་བྱ་བ་ནི་སྔར་ཁས་བླངས་པའོ། །སེལ་བ་ནི་འདོར་བའོ། །གལ་ཏེ་དེ་ཞེས་བྱ་བ་ནི་དབྱེ་བའོ། །དེ་དག་
གིས་ནི་འདྲི་བ་པོ་རྣམས་ཀྱིས་སོ། །རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བ་ནི་ཚད་མ་ཅན་མ་ཡིན་པས་སོ། །འདིས་ནི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཤེས་པས་སོ། །ཚད་མའི་སྟོབས་ལས་ཞེས་བྱ་བ་ནི་མི་དམིགས་པའི་ཁྱད་པར་ལས་སོ། །གང་ལ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ཆོས་དང་
ཆོས་མ་ཡིན་པ་དང་སློབ་མ་དང་སློབ་དཔོན་དག་འཛིན་པར་བྱེད་པ་དམིགས་པ་མེད་པ་ཡིན་ན། སློབ་དཔོན་གྱིས་སློབ་མ་རྣམས་ལ་སོགས་པ་སྟོན་པར་མི་འགྱུར་རོ་ཞེས་ཟེར་བ་ནི། ཆོས་དང་ཆོས་མིན་རྟོགས་པ་དང་། །ཞེས་བྱའོ། །དམིགས་པ་མེད་པ་ཉིད་ཀྱི་མདོ་སྡེ་ལས་མདོ་སྡེ་གཞན་གྱི་དོན་
རྣམ་པར་ངེས་པ་ལ་སོགས་པ་དེ་ལའོ། །རྣམ་པར་རིག་པ་ལས་ཐ་དད་པའི་དོན་ཁས་བླངས་པ་ལས་དམ་བཅའ་བ་ལུང་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི་གསལ་བར་དེས་ཞེས་བྱ་བའོ། །འཇིག་རྟེན་ལ་གྲགས་པ་དང་འགལ་བ་ཅན་ཡིན་ནོ་ཞེས་ཟེར་བ་ནི་འཇིག་རྟེན་ཀུན་ཞེས་བྱ་བའོ། །ཚུལ་
เล่ม ๑๘๑ · หน้า 145b
གསུམ་འཛིན་པར་བྱེད་པ་དམིགས་པ་མེད་པ་ཡིན་ན་གསུམ་མམ་གཅིག་ཀྱང་རུང་བ་ཇི་ལྟར་འདོད་པ་བཞིན་མེད་པར་འགྱུར་རོ་ཞེས་ཟེར་བ་ནི། གལ་ཏེ་མ་ལུས་ཞེས་བྱ་བའོ། །དེ་དམིགས་པ་དང་བཅས་པ་ཉིད་ཡིན་ན་གཏན་ཚིགས་མ་ངེས་པ་ཡིན་པར་ཟེར་བ་ནི་དེ་དག་ཅེས་བྱ་བའོ། །ཤེས་
པ་རྣམས་དམིགས་པ་མེད་པ་ཡིན་ཏེ། སྒྲུབ་པར་བྱེད་པའི་བློ་ལས་གཞན་ཉིད་ཡིན་ཞིང་། ཤེས་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་མ་ཡིན་ནོ་ཞེས་ཟེར་བ་ནི་དེ་ལས་གཞན་པ་ཞེས་བྱ་བའོ། །ལན་དུ་སྨྲ་བ་ན་གཞན་པའི་རྟོགས་པ་ཞེས་བྱ་བའོ། །དགོས་པ་བཤད་པ་ནི་ཕྱོགས་
སོགས་ཞེས་བྱ་བ་སྟེ། དེ་ལས་གཞན་པ་ཉིད་ནི་དམ་བཅའ་བ་དང་གཏན་ཚིགས་དེ་དག་གི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་པའི་འཛིན་བྱེད་ཀྱི་ཁྱད་པར་ལ་སོགས་པའི་ཁོངས་སུ་གཏོགས་པས་དམིགས་པ་མེད་པ་ཉིད་ན་གཟུང་བ་དང་དེ་ལས་གཞན་པ་ཉིད་མ་གྲུབ་པས་གཏན་
ཚིགས་མ་གྲུབ་པའི་ཕྱིར། དམིགས་པ་མེད་པ་ཉིད་འགྲུབ་པ་མ་ཡིན་ནོ་ཞེས་ཟེར་བ་ནི། དེ་ནི་ལོག་པར་གྲུབ་ན་ཡང་ཞེས་བྱ་བའོ། །ཐ་དད་མེད་པར་འགྱུར་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ཀྱིས་གཞན་དུ་འཛིན་པའི་སྒྲུབ་པར་བྱེད་པའི་བློའིའོ། །དམིགས་པ་དང་བཅས་པ་དེ་ཉིད་ལ་
འཇུག་པའི་གཏན་ཚིགས་མ་ངེས་པ་ཡིན་ལ། སྒྲུབ་པར་བྱེད་པའི་བློ་ལས་གཞན་ཉིད་དུ་འཛིན་པར་བྱེད་པ་དེ་ལས་གཞན་པ་ཉིད་ཀྱི་ཁྱད་པར་ཡིན་ན། དེ་འཛིན་པ་པོ་བརྫུན་པ་ཉིད་ཡིན་པའི་ཕྱིར་མ་གྲུབ་ན། དེས་ཁྱད་པར་དུ་བྱས་པ་མ་གྲུབ་པ་དེའི་ཕྱིར་དམིགས་པ་མེད་པ་ཉིད་མ་ཡིན་ནོ་ཞེས་
ཟེར་བ་ནི་ཅི་སྲིད་ཅེས་བྱ་བའོ། །དེ་ལྟར་དེ་ལས་གཞན་བྱེད་པ་ཞེས་བྱ་བར་ཡང་འདོན་པ་ཡོད་དོ། །ཕྱི་མ་རྣམས་ནི་ཁྱད་པར་འཛིན་པར་བྱེད་པ་རྣམས་སོ། །སྔ་མ་ནི་དང་པོ་སྟེ་དམིགས་པ་མེད་པ་ཉིད་དུ་འཛིན་པའིའོ། །ཕྱོགས་ཐམས་ཅད་ལ་ནི་དེ་ལས་གཞན་པའི་ཉིད་ཀྱི་ཁྱད་པར་ཅན་གྱི་གཏན་
ཚིགས་ཀྱི་ཕྱོགས་རྣམས་ལའོ། །ཤེས་པ་ཉིད་ཀྱི་འགལ་བ་མ་འཁྲུལ་པ་ཉིད་དམ། དམ་བཅའ་བ་ལ་རྗེས་སུ་དཔག་པ་དང་འགལ་བ་ཉིད་ཡིན་ཞེས་ཟེར་བ་ནི། འགལ་བ་མི་འཁྲུལ་ཅན་དུ་འང་འགྱུར། །ཞེས་བྱ་བའོ། །དེ་ལྟར་བསྟན་པའི་བཤད་པ་ནི་ཕྱི་རོལ་དོན་ཡོད་ཅེས་བྱ་བའོ། །
เล่ม ๑๘๑ · หน้า 146a
བློ་ནི་ཀ་བ་ལ་སོགས་པའི་ཡུལ་ཅན་གྱི་རྩོད་པའི་ཡུལ་ཡིན་ནོ། །གནོད་དང་བྲལ་བའི་ཞེས་བྱ་བ་ནི་ཁྱད་པར་གྱི་བློ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་སོ། །རྨི་ལམ་ལ་སོགས་པའི་གནོད་པ་ཅན་གྱི་བློ་ཡང་ཕྱི་རོལ་གྱི་དོན་ལ་དམིགས་པ་ཅན་མ་ཡིན་ཏེ། བསྒྲུབ་
བྱ་མ་ཚང་བའི་ཕྱིར་གཏན་ཚིགས་ཁྱབ་པ་མ་ཡིན་ནོ་ཞེས་ཟེར་བ་ནི་དེ་ཡང་ཞེས་བྱ་བའོ། །གནོད་པར་བྱེད་པ་བརྫུན་ཉིད་ཡིན་ན་གནོད་པར་བྱ་བ་རྨི་ལམ་བདེན་པ་ཡིན་པའི་ཕྱིར་མི་བདེན་པའི་དོན་ཉིད་བསྒྲུབ་བྱ་མ་ཚང་བའི་ཕྱིར་རྣམ་པ་མེད་པ་ཉིད་ཀྱིས་ཤེས་པ་ཉིད་ཁྱབ་པ་མ་ཡིན་པར་ཡང་བསྟན་
པ་ནི་རྨི་སོགས་དག་ལ་ཞེས་བྱ་བའོ། །གལ་ཏེ་མ་ལུས་སྒྲུབ་བྱེད་བློ། །ཞེས་བྱ་བ་འདི་མ་གྲུབ་པ་ཉིད་དང་། དེ་དག་དམིགས་དང་བཅས་ན་ནི། །ཞེས་བྱ་བས་མ་ངེས་པར་ནན་གྱིས་ཁས་ལེན་དུ་བཅུག་ཅིང་བརྗོད་ནས་དེ་ཁས་ལེན་པ་ཉིད་ཀྱིས་བསྟན་པ་ནི། རྣམ་ཤེས་ཡོད་དང་ཞེས་བྱ་བ་ལ་
ཐ་དད་པ་ནི། རྒྱུ་རྣམས་ཀྱིའོ། །སྐད་ཅིག་པ་ཉིད་ནི་སྔ་མ་དང་ཕྱི་མའི་ངོ་བོས་སོ། །ཕྱོགས་ལ་གནོད་པ་ནི་ཁས་བླངས་པ་ལ་གནོད་པའོ། །རབ་ཏུ་གྲུབ་པའི་ཆོས་ཅན་རབ་ཏུ་གྲུབ་པའི་བྱེ་བྲག་གི་ཁྱད་པར་ཅན་ཞེས་བྱ་བ་འདི་ལ་ཆོས་དང་ཆོས་ཅན་དག་མེད་པས་མེད་པ་ཡིན་ནོ་ཞེས་གཞན་
གྱིའོ། །ཤེས་པ་ཉིད་མེད་པ་ལས་ཀྱང་དེ་བསྒོམས་པས་བྱས་པའི་ཐར་པ་མ་ཡིན་པ་དེའི་ཕྱིར་དེའི་དོན་དུ་འབད་པ་མི་བྱེད་དོ་ཞེས་ཟེར་བ་ནི་དེའི་ཕྱིར་ཐར་པ་ཡིན་ཞེས་བྱ་བའོ། །ཆོས་དང་ཆོས་མིན་རྟོགས་པ་དང་། །ཞེས་བྱ་བ་དེ་ལ་བསྟན་པ་ནི། གལ་ཏེ་ད་ལྟ་ལ་ཞེས་བྱ་བ་སྟེ་ཚུ་རོལ་གྱི་
གནས་སྐབས་ལའོ། །དེ་ཉིད་ཁྱད་པར་དུ་བྱེད་པ་ནི་འཁོར་བའི་ཞེས་བྱ་བའོ། །བྱིས་པའི་རྩེད་མོ་བཞིན་དུ་བསྙེན་པ་དང་སློབ་གཉེན་ལ་སོགས་པ་དེའི་དོན་དང་དོན་མ་ཡིན་པའི་དབྱེ་བ་ལ་སོགས་པ་འདོད་པ་དང་ཅིག་ཤོས་སུ་མངོན་པར་ཞེན་པ་ཡང་བྱིས་པའི་རྩེད་མོ་བཞིན་དུ་ཆོས་ལ་སོགས་པ་
ལ་དོན་དུ་གཉེར་བ་བསྐྱེད་པས་འཇུག་པ་ཡིན་པར་བསྟན་པ་ནི། འགྲོ་ཀུན་གང་ལ་ཞེས་བྱ་བའོ། །དེ་དང་ནི་ཐ་དད་པར་མངོན་པར་ཞེན་པ་ཅན་གྱིའོ། །དེ་ལ་མངོན་པར་ཞེན་པ་ཅན་མ་ཡིན་པའི་རྣལ་འབྱོར་པས་ཀྱང་བསྟན་པ་སྟེ། གླང་པོ་ཆེའི་ལྟ་སྟངས་ཀྱིས་བསྟན་པ་ནི། གླང་ཆེན་ཞེས་བྱ་བའོ། །
เล่ม ๑๘๑ · หน้า 146b
དེ་ནི་འདི་ལྟར་ཐ་མི་དད་པ་ལ་ཡང་ཐ་དད་པའི་ཐ་སྙད་ནི་ཐ་དད་པའི་རིག་པ་འཕེན་པ་ཡང་མ་ཡིན་ཏེ། གཞན་དུ་ཡང་ཡིན་པའི་ཕྱིར་རོ། །དེ་ནི་མ་ཡིན་ཏེ་དེ་བསྒྲུབ་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་ལེགས་པར་གསུངས་པ་ཡིན་པར་བསྟན་པ་ནི། འདིས་དེར་ནན་ཏན་ཞེས་བྱ་བའོ། །མདོ་གཞན་
དག་ཅེས་བྱ་བ་དེ་ལ་བསྟན་པ་ནི། དེའི་བསམ་པས་ཞེས་བྱ་བའོ། །འཇིག་རྟེན་ཀུན་གྱི་ཞེས་བྱ་བ་དེ་ལ་བསྟན་པ་ནི། དེ་ཉིད་རིག་མེད་ཅེས་བྱ་བ་སྟེ། དེ་ཉིད་རིག་པ་པོའི་རབ་ཏུ་གྲགས་པས་གནོད་པ་ཡིན་ན། ཁྱོད་ཀྱི་རིག་བྱེད་དཔྱད་པ་ལ་ཡང་གནོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
དེ་གྲགས་པས་ཀྱང་གནོད་པ་མ་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པ་ལ་ལྷག་པར་བྱར་མེད་པ་ཉིད་ཀྱི་རྟོགས་བྱ་ཉིད་ཡིན་པས་རིམ་པ་ལ་ལྟོས་པའི་ཕྱིར། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཞེས་བྱ་བའི་རིགས་པས་སོ་ཞེས་བསྟན་པ་ནི་དེ་ཉིད་རིག་མེད་ཅེས་བྱ་བའོ། །དེ་ལ་ཉེ་བར་ཞེས་
བྱ་བ་ནི་ཕྱི་མ་ཕྱི་མའི་དེ་ཉིད་ཀྱི་ཁྱད་པར་ལ་འདོད་པ་མེད་པའོ། །གལ་ཏེ་མ་ལུས་སྒྲུབ་བྱེད་བློ། །ཞེས་བྱ་བ་དེ་ལ་བསྟན་པ་ནི། དེ་ལ་སྒྲུབ་བྱེད་བློ་ཞེས་བྱའོ། །དེའི་སྟེ་དེ་ཉིད་མི་རིག་པ་ནི་དམིགས་པ་མེད་པ་མིན་ཞེས་བྱ་བར་སྦྱར་རོ། །གང་ཚེ་ཞེས་བྱ་བ་ནི་དེ་ཉིད་ཤེས་པར་འདོད་པའི་ཚེ་ནའོ། །བསྒྲུབ་
བྱ་དང་སྒྲུབ་བྱེད་ཀྱི་བློ་དག་དམིགས་པ་མེད་པ་ཉིད་ཡིན་ན་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་འགྲུབ་བོ་ཞེས་ཟེར་བ་ནི། གལ་ཏེ་དེའི་སྒྲུབ་བྱེད་ནི་ཞེས་བྱ་བ་སྟེ། དམིགས་པའམ་རྒྱུ་མཚན་ཡང་རུང་། ཤེས་པ་གང་གི་ཡིན་པ་དེ་དེ་ཤེས་པ་དེ་ལས་གལ་ཏེ་སྒྲུབ་བྱེད་དང་བསྒྲུབ་བྱ་ཡང་ངོ་། །ལན་ནི། སླུ་བ་
མེད་པ་ཉིད་དེ་ཡིས། །ཞེས་བྱ་བ་སྟེ། ངེས་པ་ཇི་ལྟ་བ་བཞིན་འཐོབ་པའོ། །དེ་ཡིས་ཞེས་བྱ་བ་ནི་བསྒྲུབ་བྱ་དང་སྒྲུབ་པར་བྱེད་པའི་ཤེས་པས་སོ། །ཡོད་མ་ཡིན་ནི་ངོ་བོ་དམིགས་པའོ། །མངོན་སུམ་ནི་བཟུང་བས་དབེན་པ་ཡིན་ལ། ལྷག་པར་ཞེན་པ་རྗེས་སུ་བརྗོད་པ་ལ་དམིགས་པ་
དང་བཅས་པ་ཞེས་བྱ་བ་ནི་ཁོ་ན་བཞིན་ཡིན་ནོ། །གཞན་དུ་ན་དེ་ཡང་བདག་ཉིད་གཞན་ལ་ཡིན་པའི་ཕྱིར་ཐུག་པ་མེད་པ་ཡིན་ཏེ། ཚད་མ་མ་ཡིན་ན་ཡང་དེ་བསྒྲུབ་པ་ཐམས་ཅད་མེད་པའམ། ཇི་ལྟར་འདོད་ཀུན་མེད་པའམ། མ་ཚང་ལ་སོགས་ཐལ་བར་འགྱུར། །དེ་ནི་འདི་ལྟར་མི་སླུ་བ་ཅན་
เล่ม ๑๘๑ · หน้า 147a
ཡང་ཞེན་པ་ནི་དངོས་པོ་འཛིན་པ་མ་ཡིན་པ་ཉིད་ཀྱིས། དམིགས་ཉིད་ཀྱིས་ནི་མ་ཡིན་ཏེ། །དེ་དག་དམིགས་དང་བཅས་ནས་ནི། །ཞེས་བྱ་བ་བསལ་བ་ཡིན་པར་བསྟན་པ་ནི། དེ་ནི་ཞེས་བྱ་བ་སྟེ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཤེས་པའིའོ། །མཐོང་ཕྱིར་ཞེས་བྱ་བ་ནི་དཔེ་ཡིན་
པའི་ཕྱིར་རོ། །ཡིན་ན་དེ་ལྟར་ཞེས་བྱ་བ་ནི་དཔེ་ཡིན་པས་ཕྱོགས་དང་། དཔེ་དག་ཐ་དད་པའི་ཕྱིར་ཏེ། དེ་ལས་གཞན་པ་ཁས་ལེན་ན་ཞེས་བྱ་བ་འདོད་པ་ཁོ་ན་ཡིན་པས་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་པའི་རྟོགས་པ་བརྫུན། །ཞེས་བྱ་བ་ཡང་ཐམས་ཅད་བརྫུན་པ་
ཡིན་པའི་ཕྱིར་སྐྱོན་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ལས་གཞན་པའི་རྟོགས་པ་ཡང་། །ཞེས་བྱ་བ་ཡང་མི་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རིམ་པའོ། །དེ་ནི་ལོག་པར་གྲུབ་ན་ཡང་། །སྔ་མ་ཐམས་ཅད་འགྲུབ་མི་འགྱུར། །ཞེས་བྱ་བ་དེ་ཡང་མི་འགྲུབ་པར་བསྟན་པ་ནི། དེས་ན་
ལོག་པ་སྔོན་འགྲོ་ཅན། །ཞེས་བྱ་བ་སྟེ་ངོ་བོ་གཙོ་བོའོ། །དཔེའི་དོན་དུ་ཡང་དེ་ལས་གཞན་པ་ཞེས་བྱ་བ་ཁྱད་པར་ཡིན་ན་ཐུག་པ་མེད་པ་ཡིན་ཏེ། དེ་དག་ཙམ་གྱིས་ཐམས་ཅད་བརྫུན་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཅུང་ཟད་ཀྱང་དམིགས་པ་དང་བཅས་པ་ཉིད་མ་ཡིན་པར་བསྟན་པ་ནི། དེ་ལས་
གཞན་པ་ཞེས་བྱ་བའོ། །དེ་འདི་གསལ་བར་བྱེད་པ་ནི་གང་ལ་ཞེས་བྱ་བའོ། །གཞན་ལ་ཡང་ནི་ཕྱི་རོལ་གྱི་ཚུལ་ལ་ཡང་ངོ་། །ངེས་པ་རྣམས་ཀྱི་མ་ངེས་པ། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་བྱ་བ་སྟེ། དེ་མ་ཡིན་ལ་དེ་འཛིན་ཕྱིར། །འཁྲུལ་ཡང་འབྲེལ་ཕྱིར་ཏེ་མི་སླུ་བའི་ཕྱིར་ཚད་མ་ཡིན་ཞེས་
བྱ་བའི་དོན་ཏོ། །རྗེས་སུ་དཔག་པས་གནོད་པ་ན། །འགལ་བ་མི་འཁྲུལ་ཅན་དུའང་འགྱུར། །ཞེས་བྱ་བའི་ཕྱི་རོལ་གྱི་མི་དམིགས་པ་ནི་མངོན་སུམ་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ལ་སྒྲུབ་བྱེད་བསྟན་པར་ཞེས་བྱ་བའོ། །ཕྱི་རོལ་ཉིད་མི་རིགས་པའི་ཕྱིར་དེ་ལ་གནོད་པ་ཉིད་མི་འགྲུབ་པར་
བསྟན་པ་ནི། གནོད་པ་དང་བྲལ་ཞེས་བྱ་བའོ། །བདེན་པ་ཉིད་ཀྱང་རྨི་ལམ་ལ་སོགས་པའི་གནོད་བྱེད་ཀྱི་གནོད་པར་བྱེད་པ་མི་དམིགས་པ་ཡིན་ལ། ཀ་བ་ལ་སོགས་པའི་ཤེས་པ་ནི་ཕྱི་རོལ་གྱི་གནོད་བྱེད་མི་དམིགས་པར་བསྟན་པ་ནི། རྨི་སོགས་ཞེས་བྱ་བའོ། །དེ་སྐྱེད་ཅེས་བྱ་བ་ནི་ཕྱི་རོལ་
เล่ม ๑๘๑ · หน้า 147b
གྱི་གནོད་བྱེད་མི་དམིགས་པ་ཡིན་པའོ། །རྣམ་ཤེས་ཡོད་དང་ཞེས་བྱ་བ་རྗེས་སུ་བརྗོད་པ་ནི་སྐད་ཅིག་སོགས་ཞེས་བྱ་བའོ། །ཤེས་པའི་ངོ་བོ་དམིགས་པ་ཡིན་ཡང་དེ་ཉིད་དམིགས་པ་དང་བཅས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ་གྲུབ་པ་ལ་སྒྲུབ་པ་ཡིན་པར་བསྟན་པ་ནི་རྣམ་ཤེས་ངོ་བོ་ཞེས་བྱ་བའོ། །
དམིགས་མེད་མིན་པ་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་ཉིད་དོ། །གཞན་ཉིད་ཀྱི་ཕྱི་རོལ་མ་ཡིན་པ་ལ་དམིགས་པ་དང་བཅས་པ་ཉིད་ཡིན་ན། རྨི་སོགས་དག་ལ་གནོད་མེད་པས། །ད་ནི་ཁྱོད་ཀྱི་སྒྲུབ་བྱེད་པ། །ཆོས་མཐུན་ཅན་དཔེ་མེད་པར་འགྱུར། །ཞེས་བྱ་བ་དེ་ལ་བསྟན་པ་ནི་དེས་ན་
རྣམ་པར་ཤེས་པའི་བདག་ཉིད་ཅེས་བྱ་བའོ། །རིག་པ་ཡིན་པ་ནི་ཚོད་མ་ཡིན་པ་སྟེ། མངོན་སུམ་གྱི་བདག་ཉིད་ཀྱི་རིག་པའོ། །རྗེས་སུ་དཔག་པ་ནི་བདག་ཉིད་མ་ཡིན་པ་ལ་ལྷག་པར་ཞེན་པ་ཅན་ཡིན་གྱི་ཞེན་པ་ཇི་ལྟ་བ་བཞིན་དུ་ཐོབ་པ་ནི་འཛིན་བྱེད་མ་ཡིན་ཞིང་དམིགས་པ་མ་ཡིན་ཏེ། ཕྱི་རོལ་དུ་
སྨྲ་བ་པོའི་ལྟ་བུའོ་ཞེས་བསྟན་པ་ནི་རྗེས་དཔག་ཅེས་བྱ་བའོ། །ཐོབ་པ་ཡང་རང་དང་རྗེས་སུ་མཐུན་པའི་ཤེས་པ་གཞན་སྐྱེད་པའི་རྗེས་སུ་དཔག་པ་ལའོ། །མངོན་སུམ་ལ་ནི་ངོ་བོ་རིག་པ་ཡིན་གྱི། ཤེས་པ་ནི་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་དེ་ཡང་རྗེས་སུ་དཔག་
པར་འགྱུར་བར་བསྟན་པ་ནི་མི་སླུ་བ་ཅན་གང་ཡིན་པ་ཞེས་བྱ་བའོ། །དེ་ལྟར་ན་དེའི་བསྐྱེད་བྱའི་ཤེས་པ་གཞན་སྐད་ཅིག་པ་ཉིད་ལ་སོགས་པ་ལས་ཐ་དད་པར་རིག་པ་ཡིན་པར་བསྟན་པ་ནི། རྐྱེན་གཞན་གྱིས་ཞེས་བྱ་བའོ། །བཟློག་པའི་ཚད་མ་རྣམས་ཀྱིས་རང་ལ་བྱེད་པ་འགལ་བའི་ཕྱིར།
མངོན་སུམ་ལ་སོགས་པ་ཡི་ཡུལ། །ཕྱི་རོལ་ཉིད་དུ་གནས་པ་ཡིན། །དེ་དགག་བྱས་པ་དེ་ཡི་ཕྱིར། དེ་དག་གི་ཕྱོགས་ལ་གནོད་འགྱུར། །གནོད་དང་བྲལ་བའི་བློ་ཡིན་ཕྱིར། །ཕྱི་རོལ་དོན་ཡོད་སྙམ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་རིག་པའི་བདག་ཉིད་ཡིན་ཞིང་། གཞན་གྱི་ཡུལ་ཡང་མ་ཡིན་པ་ལྐོག་ཏུ་
གྱུར་པའི་ངོ་བོ་ནི་རང་ཉིད་རིག་པ་ཡིན་ལ་དེ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། དེ་མེད་པ་ལ་དོན་གྱིས་གོ་བར་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་རང་བཞིན་ཞེས་བྱ་བའོ། །རིག་པ་ན་ཞེས་བྱ་བ་ནི་རིག་པའི་བདག་ཉིད་ཡིན་ན་སྟེ། གང་ལ་རིག་པ་ཡོད་པ་མ་ཡིན་པ་དེས་རིག་བཞིན་པ་མ་ཡིན་
เล่ม ๑๘๑ · หน้า 148a
པའི་དོན་ཏོ། །ཐམས་ཅད་ཀྱིས་ནི་སྐྱེས་བུ་རྣམས་ཀྱིས་སོ། །རྣམ་པ་གཞན་དུའང་ཞེས་བྱ་བ་ནི། །གཅིག་ཉིད་ཀྱིས་ཀྱང་སྟེ། གཉི་ག་ལ་ཡང་ངོ་བོ་ལས་གཞན་པའི་ལས་ཉིད་དུ་རིག་པ་མེད་པའི་ཕྱིར་མཐོང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལྟོས་པ་མེད་པའི་རིག་པ་ནི་
རིག་པར་བྱེད་པ་གཞན་ཐོབ་པ་ལ་གེགས་བྱེད་པ་ཡིན་པར་བསྟན་པ་ནི་དོན་གྱིས་གོ་བ་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་ཡུལ་གཞན་མ་ཡིན་པ་ཉིད་ཀྱིས་དེ་རིག་པར་བྱེད་པ་གཞན་དུ་རྟོག་པ་ཉིད་ནི་མཐོང་བ་དང་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་མེད་ཅེས་བྱ་བ་ནི་ལས་ཉིད་སྔོན་པོའི་རིག་པ་ལ་
ཁོངས་སུ་གཏོགས་པ་མ་ཡིན་པའི་ཕྱིར། ཕྱི་རོལ་གྱི་ཞེན་པ་ནི་འདིའི་དེ་ཉིད་འབྲེལ་པ་མ་ཡིན་པ་དེའི་ཕྱིར་གང་གི་ཚེ་གཟུང་བའི་རྣམ་པ་སྔོན་པོ་ལ་སོགས་པ་རྟོགས་པ་དེའི་ཚེ་འཛིན་པར་བྱེད་པའི་རྣམ་པར་རིག་པ་ནི་གང་དུ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་གཟུང་བ་དང་འཛིན་པ་དག་གཅིག་གི་བདག་
ཉིད་ཡིན་པའི་ཕྱིར་རིག་པ་གཅིག་ལ་རིག་པ་གཞན་དུ་ཐལ་བར་འགྱུར་བ་ནི་བྱུང་བའི་ཚུལ་མི་ཤེས་པ་ཉིད་ཡིན་ལ། གཉི་ག་མ་ཡིན་པའི་ངོ་བོ་རིག་པ་ཅན་གྱི་རིག་པ་སྨྲ་བ་པོ་ལ་གཉི་ག་རིག་པར་ཐལ་བར་འགྱུར་བའི་གནས་སྐབས་གང་ཡིན། རྣམ་པ་འགས་ཀྱང་དངོས་པོའི་ངོ་བོ་ལས་ཐ་དད་པ་
ཉིད་ཀྱི་ཤེས་པ་དེའི་འཛིན་བྱེད་དུ་འགྱུར་ཞིང་། དེ་ལ་གཟུང་བྱ་ནི་རྫས་ལ་སོགས་པ་ཡིན་གྱི་རང་ཉིད་ནི་མ་ཡིན་ནོ་ཞེས་རྗེས་སུ་བརྗོད་ནས་བསྟན་པ་ནི། བདག་གི་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པའི་ཡང་གཟུང་བར་བྱ་བ་ནི་སྤྱི་ཡིན་ལ། འཛིན་པར་བྱེད་པ་ནི་རིག་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །སྔོན་པོ་ཉིད་རིག་པ་རིག་པས་ཞེས་བྱ་བ་ནི་རིག་པའི་བདག་ཉིད་ཡིན་ལ་དེའི་ཕྱིར། གཉི་གའི་བདག་ཉིད་ཅིས་མ་ཡིན། །བུམ་པ་ཤེས་པ་པོ་ཉིད་དང་། །བུམ་པ་ལ་ཤེས་པ་པོ་ཉིད་དང་ཤེས་པ་པོ་ཉིད་ཀྱི་ཤེས་པ་པོ་ཉིད་ཡིན་ན་བདག་གིས་བུམ་པ་ཤེས་སོ་ཞེས་རྟོགས་པའི་ཕྱིར། ཁོ་བོ་
ཅག་གི་སྦྱོར་བས་འབྲེལ་པའི་བདག་གོ་ཞེས་བྱ་བའི་ཤེས་པ་ཉིད་ཀྱང་བུམ་པའི་ཤེས་པའི་བྱེད་པ་པོ་ཉིད་དུ་ཤེས་པ་པོ་ཉིད་ཡིན་ན་བུམ་པའི་ཤེས་པ་པོ་ཉིད་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །འགྱུར་རོ་ཞེས་བྱ་བ་དེ་ལ་བདག་ཉིད་རིག་པ་ནི་བདག་ཉིད་བྱེད་པ་པོ་ལ་ཡང་རིགས་པ་ཡིན་ཞེས་བྱ་བ་དེ་ལ་བསྟན་
เล่ม ๑๘๑ · หน้า 148b
པ་ནི་བདག་བཞིན་དུ་ཞེས་བྱ་བའོ། །གཉི་གའི་རང་བཞིན་ཉིད་ནི་སྔོན་པོ་ལ་སོགས་པའི་ཡིན་པ་དེའི་ཕྱིར་དག་པ་ཉིད་ཀྱི་རྣམ་པ་མེད་པ་འཛིན་པ་ཡིན་ནོ། །རིག་པ་ནི་གཟུང་བ་ལས་ཐ་མི་དད་པ་ཉིད་ཡིན་ན་ཡང་དེ་རིག་པ་ཡིན་པར་མི་རིགས་སོ་ཞེས་བྱ་བ་ནི་གཏམ་ཙམ་མོ། །སྔོན་པོ་དང་བདེ་བ་ལ་
སོགས་པ་ཡང་རང་རིག་པ་གཅིག་གིས་བྱེད་པའི་ཁོངས་སུ་གཏོགས་པའི་ཕྱིར་ཐ་དད་པ་མ་ཡིན་ཏེ་ལྷན་ཅིག་རིག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར། རྗེས་སུ་འགྲོ་བ་ནི་རིག་པའི་དོན་དང་ལྷན་ཅིག་གཉི་གའི་ངོ་བོར་མ་འདྲེས་པའི་སྣང་བ་ལས་གྲུབ་པར་གཅིག་པ་ཉིད་བསལ་བ་ཡིན་ཏེ།
གཅིག་གི་ངོ་བོར་གཅིག་འགྱུར་བ། །འདི་ནི་དབང་ཕྱུག་གིས་བཤད་མིན། །ཞེས་བྱ་བ་བསལ་བ་བཤད་པ་ནི། གཅིག་གི་རང་བཞིན་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་ཆད་པར་སྣང་བའོ། །ཐ་དད་ཉམས་ཕྱིར་རྫས་རེ་ལ། །ཐ་དད་ངོ་བོར་དམིགས་པ་མིན། །མངོན་སུམ་རིག་
པ་མ་ཡིན་ཏེ། ལས་ཀྱི་ངོ་བོ་ཡིན་ཞེས་ཟེར་བ་ནི། །རིག་བྱ་རིག་བྱེད་ཅེས་བྱ་བའོ། །ཐམས་ཅད་གཅིག་ཏུ་ཞེས་བྱ་བའི་བཤད་པ་ནི། ཚེ་སྔོན་པོ་ཞེས་བྱ་བའོ། །རང་བཞིན་ཐ་དད་ལས་ཞེས་བྱ་བ་ནི་རིག་བྱ་རིག་བྱེད་དག་ལས་སོ། །རང་བཞིན་ཐ་དད་པའི་རྒྱུ་ཉིད་དུ་ཡུལ་ཐ་དད་པ་ཡིན་ཞེས་བསྟན་
པ་ནི། ཡུལ་ཐ་དད་པས་ཞེས་བྱ་བའོ། །རང་བཞིན་ལ་དབྱེ་བ་མེད་ན་ཡུལ་ཐ་དད་པ་ཡིན་ཡང་ཐ་དད་པར་བྱེད་པ་མ་ཡིན་པའི་ཕྱིར་ཁྱབ་པ་མ་ཡིན་པར་བསྟན་པ་ནི་དེ་ལྟར་ཞེས་པའོ། །དམ་པའི་དོན་དུ་ཞེས་བྱ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འཁྲུལ་པ་ཡོད་པ་ཉིད་མེད་པ་ཙམ་གྱི་
ཕྱིར་རོ། །ཐར་པ་ལ་འབད་པ་ནི་འདི་དང་འདི་བྱའོ་ཞེས་ཞེན་པ་ཡིན་ལ། དེའི་རྒྱུ་མཚན་གྱི་བྱེད་པ་ཡང་བསམ་པ་དང་སྦྱོར་བ་དག་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་མངོན་པར་འདོད་པ་ཙམ་ཡིན་ཏེ། རང་རིག་པ་མ་ཡིན་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཐར་པ་ལ་སོགས་ཞེས་
བྱ་བ་ལ་དོན་མེད་པ་ཉིད་སེམས་པ་སྟེ། དེའི་ཕྱིར་ཐར་པའི་འབད་པ་ཡང་། །ཁྱེད་ལ་འབྲས་བུ་མེད་པར་ཐལ། །ཞེས་བྱ་བ་དང་། རྣམ་ཤེས་ཡོད་དང་ཐ་དད་དང་། །དེ་བཞིན་སྐད་ཅིག་ཉིད་སོགས་བློ། །གལ་ཏེ་བདེན་པར་ཁས་ལེན་ན། །ཞེས་བྱ་བ་དེ་ལ་ཆོས་དང་ཆོས་ཅན་གྱི་འབྲེལ་པ་ནི།
เล่ม ๑๘๑ · หน้า 149a
རྟོག་པ་མེད་པའི་སྤྲུལ་པ་ཡིན་པའི་ཕྱིར་ལ་རྟོག་པ་ཡང་བརྫུན་པ་ཡིན་པའི་ཕྱིར། རྣམ་པར་རྟོག་པ་སྐྱེ་བ་ན་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །རྣལ་འབྱོར་སྤྱོད་པ་པའི་ལྟ་བ་ལ་སྐད་ཅིག་པ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་བསྒྲུབ་པར་བྱ་བ་ཡིན་ཏེ།
ཞེས་བྱ་བ་ལ་སོགས་པས་ལན་བཏབ་པ་ཡིན་ནོ། །ཐ་མི་དད་པ་ལ་ནི་རྟོག་པ་མེད་པའི་ཁོ་ན་འཇུག་པ་ཡིན་ཏེ། རང་ཉིད་རིག་པའི་ཕྱིར་རོ། །ཕྱི་རོལ་ལ་ནི་རིགས་པ་ཁོ་ན་ཡིན་པར་བསྟན་པ་ནི། གཞན་ཡང་རྣམ་པར་རྟོག་པ་ཞེས་བྱ་བའོ། །ཤེས་པའི་རང་གི་ངོ་བོ་ཉིད་རྟོག་པ་མེད་པའི་
ཚད་མ་གཞན་ཡིན་ལ་བློ་ནི་དོན་གྱིས་གོ་བའི་རྟོགས་བྱ་ཡིན་པའི་ཕྱིར་བརྟག་བྱ་ཡིན་ཏེ། འདི་སྐད་ཅིག་པ་ཉིད་ལ་སོགས་པ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རྣམ་པ་བཤད་པ་ནི་རྣམ་པར་རྟོག་པ་མེད་པ་ནི་ཞེས་བྱ་བའོ། །གཞན་མེད་ན་ནི་རྟོག་པ་མེད་པ་མེད་ནའོ། །གལ་
ཏེ་ནི་ཁས་ལེན་ནའོ། །མཐོང་བ་མེད་ན་འདི་མཐོང་ངོ་། །ཞེས་བྱ་བའི་རྣམ་པར་རྟོག་པའང་མེད་དེ། རྣམ་པར་རྟོག་པ་ཙམ་ནི་ཚད་མ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །རྣམ་པར་རྟོག་ཅེས་བྱ་བ་སྟེ་དྲན་པ་ཡིན་པའི་ཕྱིར་དང་། དངོས་པོ་མ་ཡིན་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །ཕྱི་རོལ་ལ་ནི་མཐོང་བའི་རྗེས་སུ་འབྲང་བ་ཅན་གྱི་རྣམ་པར་རྟོག་པའམ་གཞན་མ་ཡིན་པར་བསྟན་པ་ནི་གང་ཚེ་ཞེས་བྱ་བའོ། །ཐ་སྙད་མེད་ཅེས་བྱ་བ་ནི་ཕྱི་རོལ་ལའོ། །དོན་དམ་པར་ཞེས་བྱ་བ་ནི་བདེན་པའི་ཕྱི་རོལ་གྱི་ཡུལ་མཐོང་བའི་རྗེས་སུ་འབྲངས་པའི་ཕྱིར། སླུ་བ་ཅན་གྱི་
རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པའི་རྣམ་པ་ཉིད་རང་ཉིད་རིག་པར་བྱེད་པ་ལ་ཕྱི་རོལ་གྱི་བག་ཆགས་ཀྱི་ཕྱི་རོལ་གྱི་རྣམ་རྟོག་ཡིན་གྱི་གཞན་ལ་ནི་མ་ཡིན་པར་བསྟན་པ་ནི། མི་མངོན་པའི་རང་བཞིན་ཅན་ཞེས་བྱ་བ་སྟེ། རང་ཉིད་རིག་བྱ་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ། །ཤེས་
པའི་རྣམ་ཉིད་ཡིན་ན་ཐུན་མོང་བ་ཉིད་ཇི་ལྟར་ཡིན་ཞེས་ཟེར་བ་ལ་མིག་སེར་ཅན་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་བག་ཆགས་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་རོ། །འཁོར་བ་པའི་ཤེས་པ་ཐམས་ཅད་གཟུང་བ་ལ་སོགས་པའི་ངོ་བོས་བརྙོགས་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བརྫུན་པ་ཡིན་ཏེ།
เล่ม ๑๘๑ · หน้า 149b
ཕྱི་རོལ་གྱི་དོན་གྱི་སྟོང་པའི་ཕྱིར་ཡང་ཡོད་པའི་དོན་དང་ཅིག་ཤོས་ཉིད་ཀྱི་ཉེ་བ་དང་ཅིག་ཤོས་མེད་པ་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་ལ་འུ་བུ་ཅག་ལ་སོགས་པའི་ཤེས་པ་ཐམས་ཅད་ལོག་པ་ཡིན་ཏེ། རྣམ་པར་རྟོག་ལ་ཡིན་པའི་ཕྱིར། ཉེ་དང་བསྐལ་པ་ཉིད་ལ་ནི། །ཡོད་དང་མེད་པ་རྙེད་
དཀའ་ལ། །ཞེས་བྱ་བ་བསྟན་པ་ནི། ཐམས་ཅད་ཀྱང་ཞེས་བྱ་བ་སྟེ་ཁས་བླང་བའོ། །རྣམ་པ་གཞན་གྱིས་དགག་པར་བྱ་བ་རྗེས་སུ་བརྗོད་པ་ནི་འདི་ནི་བཅོམ་ལྡན་ཞེས་བྱ་བའོ། །བཟློག་པ་ནི་བསྐལ་པ་སྟེ་མེད་པའོ། །དེ་འདི་ཉེ་བ་ལ་སོགས་པ་སྟེ་དགེ་བ་དང་ཅིག་ཤོས་ལ་སོགས་པའི་བག་
ཆགས་མང་བའི་ཕྱིར་དཀའ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོད་མིན་པ་ལ་འབྱུང་ཡོད་མིན། །ཡོད་པ་ལ་ནི་མེད་པ་མེད། །ཅེས་བྱ་བ་དང་། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །ཞེས་བྱ་བ་ཡང་བརྫུན་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གྲངས་ཅན་པའི་ལྟ་བ་སྤངས་ནས་སངས་རྒྱས་པའི་
ཕྱོགས་སུ་ལྷུང་བ་ནི་དོན་མེད་པ་ཡིན་ཏེ། ལོག་པའི་ཤེས་པ་ཁྱད་པར་མེད་བཞིན་དུ་གྲངས་ཅན་ལ་སོགས་པའི་ཡོངས་སུ་དོར་ནས་སངས་རྒྱས་ཀྱི་ལྟ་བ་ཕྱོགས་གཅིག་ཏུ་མ་ལྷུང་བ་མི་རིགས་སོ་ཞེས་ཟེར་བ་ལ། སངས་རྒྱས་པའི་ཞེས་བྱ་བ་སྟེ། མི་སླུ་བ་དང་ཅིག་ཤོས་དག་གི་ཚད་མ་དང་
ཅིག་ཤོས་ཉིད་ཡིན་པས་ཕྱོགས་སུ་ལྷུང་བ་དང་ཅིག་ཤོས་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སད་པའི་ཤེས་པ་རྣམས་བརྫུན་པ་ཉིད་ཡིན་ན། ཡུལ་སོགས་པ་ལ་གནོད་པར་འགྱུར་ལ། མི་གནོད་ཀྱང་རྣལ་འབྱོར་པའི་ཤེས་པ་བརྫུན་པ་ཉིད་ཡིན་པ་དེའི་ཕྱིར། ཀ་བ་ལ་སོགས་པའི་ཤེས་པ་
ལས་ཁྱད་པར་མེད་དོ། །གལ་ཏེ་བློ་ནི་བརྫུན་ཉིད་ན། །གནོད་པ་ཇི་ལྟར་དམིགས་མ་ཡིན། །གནོད་པ་མེད་ཀྱང་དེར་འགྱུར་ན། །རྣམ་པར་གཞག་པ་འཐད་པ་མིན། །ཞེས་བྱ་བ་འདི་ལ་བསྟན་པ་ནི། བློ་རྣམས་བརྫུན་པ་ཉིད་ལ་ནི། །ཞེས་བྱ་བའོ། །དེ་ལྟར་གནོད་པ་ཉིད་ཀྱིས་ཁོ་བོ་ཅག་
གི་ཕྱོགས་ལ་ཡང་གནོད་པར་བྱེད་པ་ཡོད་པ་དང་མེད་པ་ཉིད་ཀྱིས་བྱས་པ་ཚད་མ་དང་ཅིག་ཤོས་སུ་རྣམ་པར་གཞག་པ་འདི་ནི་མི་མཐུན་པའི་སད་པའི་ཤེས་པ་མཐོང་ན་ཁོ་བོ་ཅག་གི་རྨི་ལམ་ལ་སོགས་པའི་ཤེས་པ་བརྫུན་པར་འགྱུར་རོ་ཞེས་བྱ་བ་འདི་ལ་བསྟན་པ་ནི་གནོད་བྱེད་ཅེས་བྱ་བའོ། །
เล่ม ๑๘๑ · หน้า 150a
གནོད་པར་བྱེད་པ་མེད་ན་ཡང་ཀ་བ་ལ་སོགས་པའི་ཤེས་པ་ཚད་མ་མ་ཡིན་པ་དང་། རྣལ་འབྱོར་པའི་ཤེས་པ་ཚད་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་པ་ཡིན་ན། ཁྱོད་ཀྱིས་དབྱེ་བ་སུ་ཡིས་བྱས། །ཞེས་བྱ་བ་འདི་ལ་བསྟན་པ་ནི། འཁྲུལ་པར་ཞེས་བྱ་བ་སྟེ།
ཀ་བ་ལ་སོགས་པར་རང་གི་རིག་བྱ་ཉིད་ཡིན་པས་ཕྱི་རོལ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཀ་བ་ལ་སོགས་པའི་ཤེས་པ་ལོག་པའི་ཤེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་རྗེས་སུ་དཔག་པ་གནོད་པར་བྱེད་པ་ཉིད་ཡོད་པ་ཡིན་ན་ཇི་ལྟར་གནོད་པ་ཇི་ལྟར་དམིགས་པ་ཡིན་ཞེས་ཟེར་བ་ནི། གཞན་
ཡོད་ཅེས་བྱ་བ་སྟེ། མངོན་སུམ་དང་འགལ་བ་འདི་ནི་གནོད་བྱེད་མ་ཡིན་ཏེ། མངོན་སུམ་ལ་མངོན་སུམ་གཞན་གནོད་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་གྱི་ཤེས་པ་ཡང་གནོད་བྱེད་ཉིད་མ་ཡིན་ཏེ། གནོད་པར་བྱེད་པའི་ཆོས་དང་ཆོས་མི་མཐུན་པ་ཉིད་ཀྱིས་གནོད་པར་བྱ་བ་ཡིན་
པའི་ཕྱིར་ལ། གནོད་བྱེད་ཀྱི་ནི་དེའི་ཆོས་དང་ཆོས་མི་མཐུན་པ་ཅན་ཉིད་གནོད་པར་བྱེད་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི་མི་སོགས་ཞེས་བྱ་བའོ། །བག་ཆགས་སད་པ་པ་ལས་ཞེས་བྱ་བ་ནི་དེའི་བསྐྱེད་བྱ་དེའིའོ། །མི་བདེན་པའི་དོན་ཉིད་ནི་མི་སླུ་བ་ལ་ཡང་ངོ་། །མེད་པའི་དོན་ཉིད་
ནི་ཕྱི་རོལ་གྱི་དོན་ཉིད་མ་ཡིན་པར་བསྟན་པ་ནི། མི་སླུ་བའི་རྣམ་པ་ཡང་ཞེས་བྱ་བའོ། །འདི་མ་ཡིན་ནོ་ཞེས་བྱ་བ་ཡང་བག་ཆགས་དང་འབྲེལ་པའི་ཤེས་པ་ཉིད་ལ་བརྟེན་པ་ཡིན་པར་བསྟན་པ་ནི། མི་སླུ་བར་སྣང་བ་ཡང་ཞེས་བྱ་བ་སྟེ། གནོད་པར་བྱེད་པའི་ཤེས་པ་འབའ་ཞིག་ལས་དེ་དང་
འབྲེལ་པས་ངེས་པ་ལ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བག་ཆགས་དང་འབྲེལ་པ་ཉིད་ཀྱང་སྤྱི་ལ་མི་སླུ་བ་དང་ཅིག་ཤོས་དག་ནི་ཁྱད་པར་ཡིན་པར་བསྟན་པ་ནི། བག་ཆགས་དང་ནི་འབྲེལ་ཡིན་ཡང་། །ཞེས་བྱ་བ་སྟེ། ཐམས་ཅད་དུ་སྔོན་པོ་ལ་སོགས་པ་ལ་མ་ཡིན་ཞིང་། གསལ་བ་ཉིད་
ལ་སོགས་པ་ལ་ནི་ཡིན་ནོ། །སྔོན་པོ་ལ་སོགས་པ་ཡང་བག་ཆགས་ཁོ་ན་ལས་ཡིན་པར་བསྟན་པ་ནི། དོན་གྱི་བདག་དེ་ཞེས་བྱ་བའོ། །འཇིག་རྟེན་པ་མི་ནི་ཉོ་ཚོང་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉི་གའི་བདག་ཉིད་ནི་གནོད་བྱ་དང་ཅིག་ཤོས་དག་གིས་ཡོད་པ་དང་མེད་
เล่ม ๑๘๑ · หน้า 150b
པར་སྦྱོར་བས་སོ། །དྲན་པ་ཉམས་ཕྱིར་ནི་འཛིན་པ་དང་དྲན་པ་དག་གི་ཁྱད་པར་ནུས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་སྣང་བ་ནི་དེ་ཉིད་གཞན་དུ་སྣང་བའོ། །གནོད་པ་དང་བཅས་པ་ནི་གནོད་བྱེད་ཡོད་པ་སྟེ་དེའི་ངོ་བོའོ། །འདིས་ཀྱང་དོན་མེད་པ་ཉིད་བསྟན་པ་ཡིན་ཏེ་གཞན་དུ་ན་སླུ་བ་མ་ཡིན་པར་བསྟན་
པ་ནི། དེ་ལྟའི་དོན་ཡོད་མིན་ཞེས་བྱ་བའོ། །རྣམ་རྟོག་གི་འཁྲུལ་པ་ལ་རྣམ་པ་བག་ཆགས་ཀྱི་འབྲེལ་པ་ཡིན་པར་བསྟན་པ་ནི། སྔོན་སྦྲུལ་མཐོང་བ་མེད་པར་ནི། །ཞེས་བྱ་བའོ། །བཟློག་པའི་སྣང་བ་ཡང་སྔར་མཐོང་བ་ལས་བྱུང་བ་ཡིན་པས་བག་ཆགས་ལས་བྱུང་བ་ཁོ་ན་ཡིན་པར་བསྟན་
པ་ནི། ཕྱིན་ཅི་ལོག་ལ་སོགས་པ་ཞེས་བྱ་བ་སྟེ། དུང་ལ་སེར་པོའི་ཤེས་པ་ནི་སྔར་མཐོང་བ་ལས་བྱུང་བ་མ་ཡིན་ན་ཇི་ལྟར་བག་ཆགས་ལས་བྱུང་བ་ཡིན་ཞེ་ན། མ་ཡིན་ཏེ་དེ་ལས་ཡང་གསེར་ལ་སོགས་པ་མཐོང་བ་རྒྱུ་ཡིན་པ་དེའི་ཕྱིར་བག་ཆགས་ལས་བྱུང་བ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི། རྟོགས་
པ་གཞན་དག་ཀྱང་ཞེས་བྱ་བ་སྟེ། སྐྱེ་བའི་དང་པོ་ནས་མིག་སེར་ཅན་ལ་ཡང་སྐྱེ་བ་གཞན་གྱི་མཐོང་བ་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནོད་པར་བྱེད་པ་མེད་ན་དོན་གྱི་ཡུལ་ཉིད་ལ་ཐོབ་པོ་སྙམ་དུ་སེམས་པ་ནི། གཞན་ལ་དོན་ཐོབ་ཅེས་བྱ་བའོ། །ཐོབ་པ་ཡོད་མིན་ན་མ་དམིགས་པའོ། །དོན་གྱི་
ངེས་པ་མ་ངེས་པ་ཡིན་པར་བསྟན་པ་ནི་ངེས་པའི་ཕྱིར་ཞེས་བྱ་བའོ། །དོན་མེད་པར་ངེས་པ་མ་ཡིན་པར་བསྟན་པ་ནི། དོན་ཞེས་ངེས་པ་ཞེས་བྱ་བའོ། །གནོད་པར་བྱེད་པར་ཡང་སད་པའི་ཤེས་པའི་བག་ཆགས་ཙམ་རྒྱུ་མཚན་ཡིན་པ་ཉིད་ཀྱི་ཤེས་པ་ནི། དོན་ལས་སྐྱེས་པ་ཉིད་ཀྱི་ངེས་པའི་གནོད་
བྱེད་ཡིན་པར་བསྟན་པ་ནི། བག་ཆགས་གཞི་ཅན་ཞེས་བྱ་བའོ། །བག་ཆགས་ལས་སྐྱེས་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཤེས་པ་སྔོན་མཐོང་ཞེས་བྱ་བའོ། །བག་ཆགས་ཙམ་རྒྱུ་མཚན་ཉིད་ཡིན་པའི་ཤེས་པ་གནོད་བྱེད་ཉིད་ཡིན་ན་རྣལ་འབྱོར་པའི་ཤེས་པའི་གནོད་བྱེད་ཉིད་ཀྱི་རྟོག་པ་སུས་
ཀྱང་མ་བྱས་སོ་ཞེས་བསྟན་པ་ནི་དེས་ཀྱང་འདི་ཡང་ཞེས་བྱ་བའོ། །བག་ཆགས་ཀྱི་གཞི་ཅན་ཉིད་ཀྱི་ཤེས་པ་ལས་འདི་ངེས་པས་མི་སྲིད་པ་མ་ཡིན་པར་བསྟན་པ་ནི་གོམས་པའི་སྟོབས་ཀྱིས་ཞེས་བྱ་བ་སྟེ། འདོད་པ་དང་མྱ་ངན་ལ་སོགས་ལ་རིག་པ་ཉིད་ཡིན་གྱི་ཚད་མ་ཅན་མ་ཡིན་པ་ཁོ་ན་བརྟགས་
เล่ม ๑๘๑ · หน้า 151a
པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་གཉེན་པོ་འདི་མ་ཡིན་ནོ་ཞེས་བྱ་བའི་དེ་ལས་བཟློག་པ་ཉ་ཕྱིས་ཀྱི་ཤེས་པ་བཞིན་དུ་དངུལ་གྱི་ཤེས་པ་ཡང་ཞེས་བྱ་བ་ནི། གྲངས་ཅན་ལ་སོགས་པའི་འདོད་པ་ལ་ངེད་ཀྱི་ནི་བསྒོམས་པའི་སྟོབས་ལས་བྱུང་བ་ཅན་གྱི་བློ་མྱ་ངན་ལས་
བསླད་པའི་བློ་གང་ཡིན་པ་དེ་དག་གི་ཞེས་བྱ་བར་སྦྱར་རོ། །འུ་བུ་ཅག་ལས་མཚན་ཉིད་མི་མཐུན་པ་ནི་རྣལ་འབྱོར་པ་རྣམས་ཡིན་ལ་དེའི་ཤེས་པ་ཡང་ཀ་བ་ལ་སོགས་པའི་ཤེས་པའི་གནོད་བྱེད་ཡིན་ནོ་ཞེས་བྱ་བ་འདི་ལ་རྗེས་སུ་དཔག་པ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ་དཔེ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་
རྣལ་འབྱོར་ཅན་གྱི་བློའི་དཔེའི་ཁྱེད་ལ་མེད་དོ་ཞེས་བྱ་བ་དེ་ལ་བསྟན་པ་ནི། དེ་འདྲའི་ཞེས་བྱ་བའོ། །ཁྱོད་ཀྱི་རྣལ་འབྱོར་པ་ལས་བཟློག་པའི་བློ་ཅན་གྱི་རྣལ་འབྱོར་པ་རྣམས་ནི་ལམ་པོ་ཆེའི་མིའི་དཔེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །ཁྱེད་ཅག་གི་དཔེ་གང་ཡིན་པ། །གཟུང་བ་དེ་ནི་ཡོད་པ་ཡིན། །ཞེས་
བྱ་བ་དེ་ལ་བསྟན་པ་ནི་ཁྱེད་ཀྱི་ལ་ནི་ཞེས་བྱ་བ་སྟེ། ཕྱི་རོལ་མི་དམིགས་པས་གནོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་དེ་ནས་ཞེས་བྱ་བ་སྟེ། ཕྱི་རོལ་མི་དམིགས་པས་གནོད་པའི་ཀ་བ་ལ་སོགས་པའི་བློ་ནི་དེ་ལྟར་མངོན་དུ་བྱེད་པ་པོ་ཤེས་ལ་གོ་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་
ཏེ་ཞེས་སྨོས་པ་བོར་ནས་དེས་ན་ཞེས་བྱས་པས་ལན་ཁོ་ན་ཡིན་ནོ། །གཉེན་པོ་དང་ནི་བཅས་པར་འགྱུར། །ཞེས་བྱ་བ་ནི་གནོད་བྱེད་དང་བཅས་པ་ཉིད་དུའོ། །རྒྱལ་དཔོག་པའི་ལ་ཡང་གཉེན་པོ་ཉིད་འགྲུབ་པ་ཡིན་ཏེ། མངོན་སུམ་ལ་སོགས་པ་སྨིག་རྒྱུ་ལ་སོགས་པའི་བློ་དག་དང་། མི་མཐུན་པ་
ཉིད་ཀྱི་ཕྱིར་དང་བློ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དེ་ཉིད་དེ་ཡིན་ནོ་ཞེས་གནོད་བྱ་ཉིད་རོ་ལ་སོགས་པ་ལ་གཟུགས་ཀྱི་བློ་བརྫུན་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། གཉེན་པོ་དང་བཅས་ཞེས་བྱ་བའོ། །གནོད་པར་བྱེད་པ་ཇི་ལྟ་བ་ཉིད་དམ་ཅིག་ཤོས་ཀྱང་གནས་པ་ནི། སྔ་མ་གནོད་པས་བསྐྱེད་པ་
ནི། །ཕྱི་མ་དག་གིར་འགྲུབ་པ་མིན། །དེ་ཕྱིར་རྟོགས་པའི་བདག་ཉིད་ཀྱིས། །བློ་ཡི་ཚད་མ་ཉིད་འཐོབ་པོ། །དེས་ན་གཞན་དུ་རྒྱུས་བསྐྱེད་པའི། །སྐྱོན་གྱི་ཤེས་པས་དམིགས་བསལ་ཡིན། །གང་གི་རྒྱུ་སྐྱོན་ཅན་ཡིན་པ་དང་། བརྫུན་པ་ཡིན་ནོ་ཞེས་ཀྱང་ཤེས་པ་དེ་ཉིད་མི་རིགས་པ་ཡིན་
เล่ม ๑๘๑ · หน้า 151b
པའི་ཕྱིར་ལ། འདི་ནི་དེ་ལྟ་བུ་མ་ཡིན་པར་བསྟན་པ་ནི། ལྟག་ཆོད་སྨྲས་པ་ཡིན་ཞེས་བྱ་བའོ། །གཅོད་པར་བྱེད་པའི་ཕྱི་རོལ་ལ། །ཀུན་གྱིས་ཐམས་ཅད་གནོད་བྱེད་ཡིན་པ་སྟེ་སྒྲུབ་བྱེད་མ་ཡིན་པའི་སྐྱོན་གཞན་མི་ཤེས་པ་ཡིན་ནོ་ཞེས་བསྟན་པ་ནི། ཇི་ལྟར་ཞེས་བྱ་བའོ། །གཉེན་པོ་
ཉིད་ནི་མི་མཐུན་པ་ཉིད་དོ། །གནོད་བྱེད་མ་ཡིན་པའི་རྣལ་འབྱོར་པའི་ཤེས་པ་ལ་ཡང་གནོད་བྱེད་ཀྱི་བློ་ཉིད་འབྱུང་ན་མ་ངེས་པ་ཡིན་པ་ནི། གནོད་བྱེད་ཀྱིས་ཀྱང་མ་ངེས་དང་། །ཞེས་བྱ་བའོ། །གནོད་པར་བྱེད་པའི་བློ་ལས་གཞན་ཉིད་ནི་རྒྱུའི་ཁྱད་པར་ཉིད་ཡིན་ཏེ། སྒྲུབ་པར་བྱེད་པའི་བློ་གཞན་ཉིད་
བཞིན་དུ་བསལ་བར་བྱ་བ་ཡིན་པ་ནི། དེ་ལས་གཞན་པའང་སྔ་མ་བཞིན། །ཞེས་བྱ་བའོ། །སྔ་མ་བཞིན་ཞེས་བསྟན་པའི་བཤད་པ་ནི། སད་སོགས་ཞེས་བྱ་བའོ། །ཇི་ལྟར་ངེས་པར་བརྟགས་པ་ཡིན་ཞེ་ན། སད་སོགས་ཤེས་པ་ཞེས་བྱ་བའོ། །ཐ་སྙད་ཅེས་བྱ་བ་ནི་གནོད་བྱ་གནོད་
བྱེད་ལ་སོགས་པའོ། །དེ་ནི་བརྗོད་པར་འགྱུར་ཞེས་བྱ་བ་ནི་བག་ཆགས་བརྟན་པ་དང་ཅིག་ཤོས་ལ་སོགས་གནོད་པར་བྱེད་པ་གྲུབ་ན་ཡང་རྨི་ལམ་བཞིན་དུ་བརྫུན་པའི་བློ་ཉིད་ལ་འགྱུར་རོ། །ཡང་དག་པའི་བློ་ལ་ནི་དེ་ལས་བཟློག་པ་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པར་འདོད་པར་འགྱུར་
བར་བསྟན་པ་ནི། ལོག་བློ་ཞེས་བྱ་བའོ། །སྔ་མ་བཞིན་དུ་བརྗོད་པ་བསྟན་པ་ནི། །བློ་ཀུན་ལོག་པ་ཉིད་ཡིན་ཡང་། །ཞེས་བྱ་བའོ། །རྒྱལ་དཔོག་པའི་འདོད་པ་ལ་ཅི་ནས་ཀྱང་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར། ཅི་ལས་མི་བརྫུན་པ་ཉིད་ཡིན། །ཞེས་བསྟན་པ་ནི།
ཕྱ་དང་ཞེས་བྱ་བའོ། །ཁྱད་པར་མ་ལུས་པས་དེ་ལྟར་འདི་ད་ལྟར་ཞེས་ཡུལ་དང་དུས་ཀྱི་མིང་ཅན་འདི་སྒྲུབ་བྱེད་མ་ཡིན་པ་དང་དེ་ལྟར་ཁྱབ་པ་ཡང་འདི་ལ་ད་ལྟར་མེད་པར་སྒྲུབ་པར་བྱེད་པ་ཡིན་གྱི་ཁྱད་པར་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་ཟད་པའི་རྒྱུ་མཚན་དང་ལྡན་པ་ཉིད་དང་། རྣལ་འབྱོར་པ་ཉིད་
ཀྱི་རྒྱུ་མཚན་དང་ལྡན་པ་ཉིད་ཀྱང་ལོག་པར་སྒྲུབ་པར་བྱེད་པ་དང་བཅས་པ་འདི་གཏན་ཚིག་ཡིན་ནོ་ཞེས་ཟེར་བ་ནི། སྐྱེ་བོ་མང་ཞེས་བྱ་བའོ། །ཕྱི་རོལ་ལ་མ་དམིགས་པས་གཉེན་པོ་དང་བཅས་པ་ཉིད་ཀྱིས་བློ་ཉིད་དུ་བཟློག་པའི་སྒྲུབ་བྱེད་མི་སྲིད་པར་ནུས་པར་བྱེད་པར་བསྟན་པ་ནི་གལ་ཏེ་འབྲེལ་པ་
เล่ม ๑๘๑ · หน้า 152a
ཞེས་བྱ་བའོ། །མ་མཐོང་བ་ཙམ་ནི་མི་མཐུན་པའི་ཕྱོགས་ལའོ། །མཐོང་བ་ཙམ་ནི་མཐུན་པའི་ཕྱོགས་ལའོ། །ཁྱབ་པ་ཉིད་བསྟན་པ་ནི། དོན་དམ་པར་ཞེས་བྱ་བའོ། །ཇི་ལྟར་བདེན་པ་དང་ཅིག་ཤོས་ཡིན་ཞེས་ཟེར་བ་ནི། ཀུན་རྫོབ་ཏུ་ནི་ཞེས་བྱ་བའོ། །ཆེས་ཆེ་བའི་
ཞེས་བྱ་བ་ནི་བག་ཆགས་ཀྱིའོ། །ཆེ་བ་དང་ཆེས་ཆེ་བ་དེ་ལ་ལྟོས་པ་མེད་པར་གནོད་པར་བྱེད་པ་ཉིད་ནི་ཕྱིན་ཅི་ལོག་པ་དམིགས་པ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི་སད་པའི་བློ་ནི་ཞེས་བྱ་བའོ། །མི་བདེན་ཡང་ཞེས་བྱ་བ་ནི་ཕྱི་རོལ་ལ་མ་ལྟོས་པར་རང་ཉིད་ཙམ་རིག་པ་ནའོ། །གཞལ་བྱ་གཞན་ཡང་
ཞེས་བྱ་བ་ནི་ཕྱི་རོལ་གྱི་ཚུལ་ལའོ། །གལ་ཏེ་འདི་ཡང་ཞེས་བྱ་བ་ནི་གནོད་པའི་བློའོ། །སྒྲུབ་བྱེད་དོན་ནི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་རྟོགས་པའི་དུས་སུ་གཟུང་བ་ལ་སོགས་པའི་དབྱེ་བ་མཐོང་བ་ཅན་ནོ། །བསྒྲུབ་བྱ་རྟོགས་པ་ལ་དེ་མེད་པ་ལ་སྐྱོན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་གྲུབ་པའི་ཕྱིར་རོ། །
གང་གི་ཕྱིར་དེའི་སྔ་མའི་སྒྲུབ་བྱེད་ནི་དམིགས་པ་མེད་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་རོ། །དེའི་སྐྱོན་ནི་འདིས་རྟོགས་པར་བྱེད་པའི་ཕྱིར་རྟོགས་པ་ཡིན་པའམ་དེ་ཉིད་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དྲན་བྱས་དེ་བློ་ཉིད་དུའོ། །དེ་བསྟན་པ་ནི་རྟོགས་པར་བྱེད་པའི་ཞེས་བྱ་བའོ། །འདིར་
ཞེས་བྱ་བ་བཤད་པ་ནི་བསྒྲུབ་བྱ་དང་ཐ་དད་མེད་པས་ཞེས་བྱ་བའོ། །ཐ་དད་པ་ནི་གསལ་བྱའི་དབྱེ་བ་མངོན་སུམ་ཡིན་པའི་ཕྱིར་རོ། །ཐ་མི་དད་པ་ནི་བརྟགས་པའི་ངོ་བོར་མཚུངས་པའི་ཕྱིར་ཐ་མི་དད་པར་བསྟན་པ་ནི། ལྡོག་པ་མཚུངས་པར་ཞེས་བྱ་སྟེ། བརྟགས་པར་རོ། །དངོས་པོ་ནི་བྱེད་པ་པོའོ། །
དངོས་པོ་དང་འབྲེལ་པ་ཉིད་བསྟན་པ་ནི། ཉམས་སུ་མྱོང་བ་ཞེས་བྱ་བ་སྟེ། དེ་བཞིན་དུ་འདི་ནི་མ་གྲུབ་པའོ་ཞེས་བྱ་བར་སྦྱར་རོ། །ཤེས་པའི་སྒྲ་ལས་ཞེས་ལྔ་པའི་མཐའ་ཅན་ལས་རང་གི་ཆ་ལ་དམིགས་པའི་ཤེས་པ་འབྱུང་བ་ནི་རྗེས་སུ་འགྲོ་བ་དང་ཕྱོགས་ཆོས་ཉིད་དག་མེད་པའི་ཕྱིར་གཏན་ཚིགས་མ་
ཡིན་པར་བསྟན་པ་ནི་དོན་མེད་པར་ནི་ཞེས་བྱ་བའོ། །དེའི་གཏན་ཚིགས་ཉིད་དུ་འཛིན་པར་བྱེད་པའི་བློའོ། །རང་གི་ཆ་ལ་དམིགས་པའམ་དེའི་སྒྲས་བསྐྱེད་པ་ནི་དེའི་བློའོ། །གཞི་མ་གྲུབ་པ་ནི་ཁྱད་པར་དུ་བྱ་བའི་མ་གྲུབ་པའི་ཕྱོགས་བརྗོད་པ་ཡིན་ནོ་ཞེས་བསྟན་པ་ནི། གཞི་ཡང་ཞེས་བྱ་བའོ། །
เล่ม ๑๘๑ · หน้า 152b
དཔེ་ལ་བསྒྲུབ་བྱ་མ་ཚང་བ་ཉིད་དང་གཏན་ཚིགས་འགལ་བ་ཉིད་ནི་ཁྱད་པར་མ་གྲུབ་པ་ཞེས་བྱ་བ་ཉིད་བརྗོད་པ་ཡིན་པར་བསྟན་པ་ནི་དེ་བཞིན་གཏན་ཚིགས་ཞེས་བྱ་བའོ། །སྔར་སྤངས་ཟིན་ཏོ་ཞེས་བྱ་བ་ནི་ཁྱད་པར་ལ་སོགས་པ་མ་གྲུབ་པའི་ལན་གྱིས་སོ། །སད་པའི་ཤེས་པ་བཞིན་རྨི་ལམ་གྱི་ཤེས་
པའི་ཡང་ཕྱི་རོལ་དུ་དམིགས་པ་མ་ཡིན་ནམ། འདི་སྔོན་པོའོ་ཞེས་རང་རིག་པ་བྱེད་པ་ལས་ཐ་དད་པར་སྔོན་པོ་བཞིན་དུ་གཟུང་བ་ཉིད་སྣང་བའི་ཕྱིར་བདག་སྔོན་པོའོ་ཞེས་གཟུང་བ་ཉིད་དང་འགལ་བའི་སྣང་བ་ཡིན་ནོ། །དེ་ནི་འདི་ལྟར་ཕྱི་རོལ་དམིགས་པ་ཉིད་ཡིན་ན་སྣང་བ་ནི་སྣང་བས་སྟོང་པ་མ་
ཡིན་ཏེ། དེ་ལྟ་བུར་མི་རིག་པ་ཉིད་ཀྱིས་སོ། །མི་སོགས་ཤེས་པ་ལ་ཕྱི་རོལ་ཀུན་དུ་མི་འདོད་པ་མིན་ཏེ་ཕྱི་རོལ་ལ་མི་དམིགས་པ་ཉིད་དུ་མཚུངས་པ་ཡིན་ཡང་། གནོད་པའི་ཤེས་པ་ལས་ཁ་ཅིག་ཚད་མ་ཉིད་མ་ཡིན་ནོ། །ཚད་མ་དང་ཅིག་ཤོས་དག་གི་ཡུལ་ལ་ལྐོག་ཏུ་མ་གྱུར་པ་དང་རང་ཉིད་
མ་ཡིན་པ་ཉིད་དུ་ཡང་སྣང་བ་ལ་ཁྱད་པར་འགའ་ཡང་མེད་ལ། ཡོད་པ་དང་མེད་པ་ཉིད་ཀྱིས་ཁྱད་པར་ཡིན་པའི་ཕྱིར། དེ་དག་གི་དེ་ཉིད་ཡིན་ནོ། །དེ་སྨྲས་པ་ནི་ཡུལ་དུས་གཞན་དུ་བདག་ཉིད་ཅན་ནོ། །གལ་ཏེ་ཡང་སྣང་བའི་རྒྱུ་མཚན་ཡོད་པ་ཉིད་ཡིན་ན། །དེ་ཡང་འདི་མ་ཡིན་ནོ་ཞེས་བཟློག་
པར་གོ་བའི་ཕྱིར་གཉི་གའི་བདག་ཉིད་ཡིན་ལ། དེ་ལྟ་ན་ཡང་དེ་ཚད་མ་མ་ཡིན་པའི་སྒྲའི་སྦྱོར་བ་ལས་ཚད་མ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་རྟོག་པ་མེད་པ་ལ་ནི་སྔོན་པོ་བཞིན་དུ་བཟུང་བ་མ་ཡིན་ལ། རྟོག་པ་ནི་གོམས་པ་ལས་བྱུང་བ་ཡིན་གྱི་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ།
བདག་མེད་པའི་ལུས་ལ་ཡང་རྣམ་པ་འགགས་ཀྱང་བདག་གོ་ཞེས་པ་འབྱུང་བའི་ཕྱིར་དང་། སྔོན་པོའི་ཚོགས་པ་ལ་ཡང་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་མ་ཡིན་ཏེ། ཉམས་སུ་མྱོང་བ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི་དེས་ན་འདི་ཞེས་བྱ་བ་སྟེ། དཔེ་ལ་བསྒྲུབ་བྱ་མ་ཚང་བ་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་རྣམ་པར་བསྲེགས་ན། །རྒྱལ་བ་ཅན་བཟང་འགྱུར་ཞིང་། །ཤེས་རབ་ཤིན་ཏུ་ཆེན་པོ། །མྱུར་བ་ཉིད་དུ་ཐོབ་འགྱུར། །དེས་ན་གཞན་རིག་ཅེས་བྱ་བ་ནི་ཕྱི་རོལ་རིག་པ་སྟེ། ཕྱི་རོལ་ལ་ལྟོས་པའི་གཟུགས་ལ་སོགས་པའི་ཤེས་པ་དེ་སྟོང་པ་ཉིད་མ་
เล่ม ๑๘๑ · หน้า 153a
ཡིན་པའི་ཚིག་ནི་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པ་ནི། ཕྱི་རོལ་ཉིད་ལའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ཉིད་ནི་མ་རིག་པ་ཡིན་པས་སུན་དབྱུང་བ་མ་ཡིན་པར་བསྟན་པ་ནི་རང་རིག་ཅེས་བྱ་བའོ། །ཕྱི་རོལ་གྱི་རིག་པ་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ། རང་རིག་
པ་ཉིད་ཅེས་བྱ་བ་སྨོས་སོ། །ཅི་ལས་ཤེ་ན་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ། བདག་ཉིད་མ་ཡིན་པ་ལ་ནི་རེག་པ་མ་ཡིན་ནོ། །རེག་ན་ཡང་དེའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་ལས་བདག་གིས་སྔོན་པོ་རིག་གོ་ཞེས་ཐ་སྙད་ཡིན་པའི་ཕྱིར། གསུམ་ཉིད་ཁོ་ན་དེ་ཉིད་ཡིན་
ཏེ། རྟོག་པ་མེད་པ་ལ་ཐ་སྙད་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཞེས་བྱ་བའོ། །འདིའི་རྣམ་པར་རྟོག་པ་ཡང་ཉམས་སུ་མྱོང་བའི་རྗེས་སུ་འགྲོ་ཞིང་གསུམ་ཀ་རྣམ་པར་གཞག་པར་བྱེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་ལ་ནུས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་འདི་ཉིད་ཅེས་བྱ་བ་
སྟེ། ཉམས་སུ་མྱོང་བའི་འཐོབ་པ་དེའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་བཤད་པ་ནི། ཞིབ་མོ་ཞེས་བྱ་བ་སྟེ། ཐ་སྙད་ལ་མི་དགོས་པ་འདི་ཅི་ཞིག་བྱ་ཞེས་བྱ་བའོ། །ཁྱོད་ཀྱི་ཡང་རིག་བྱེད་ལ་སོགས་པ་སྐྱེས་བུས་མ་བྱས་པ་ཉིད་ལ་སོགས་པ་ཞིབ་མོར་དཔྱད་པ་ནི་
ཐ་སྙད་ཀྱི་འབྲས་བུ་དང་བཅས་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་ཐ་སྙད་ཅེས་བྱ་བའོ། །ཁྱད་པར་ཅན་གྱི་ཐ་སྙད་འབྲས་བུ་ཡིན་གྱི་དེ་ཙམ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་ཇི་སྟེ་ཞེས་བྱ་བའོ། །རྟོག་པ་མེད་པའི་ཡུལ་རྣམ་པར་དཔྱད་པ་ལ་ཁྱེད་ལ་འབྲས་བུ་ཅི་ཡོད་ཅེས་ཟེར་བ་ལ་གང་ཚེ་ཕྱི་རོལ་ཞེས་
བྱ་བའོ། །ཉམས་སུ་མྱོང་བའི་རྗེས་སུ་འཇུག་པ་མི་སྲིད་པའི་ཕྱིར་རྗེས་སུ་འཇུག་པ་བསྟན་པ་ནི། གལ་ཏེ་བློ་ནི་ཞེས་བྱ་བའོ། །རྣམ་པའི་རྗེས་སུ་ཞུགས་ཅན་ནི་རྗེས་སུ་འཇུག་པའི་རྣམ་པ་ཅན་ནོ། །གཞན་ལས་ཞེས་བྱ་བ་ནི་བག་ཆགས་ལས་སོ། །དེའི་རྣམ་པ་ཅན་གྱི་འབྲས་བུའི་ཤེས་པ་
གཞན་ཤེས་པར་བྱ་བའི་དོན་དུ་དེ་ཉིད་ནི་སྐྱེད་བྱེད་སྔ་མའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པ་མེད་པ་ཉིད་འཛིན་པར་བྱེད་པ་མ་ཡིན་པར་མཐོང་བར་འདོད་དོ། །གལ་ཏེ་བློ་ནི་དེ་རྣམ་ཅན། །ཞེས་བྱ་བས་དེ་འདི་ལྟར་རྟོགས་པ་ཡིན་ནོ་ཞེས་ཟེར་བ་ནི་ཇི་སྟེ་ཞེས་བྱ་བའོ། །གཉི་ག་ཡང་ཞེས་བྱ་བ་ནི་དཀར་པོ་དང་
เล่ม ๑๘๑ · หน้า 153b
བདེ་བ་ལ་སོགས་པའི་བདག་ཉིད་དོ། །ཕན་ཚུན་ཞེས་བྱ་བ་ནི་རང་རིག་པ་གཅིག་གི་ཁོངས་སུ་གཏོགས་པའོ། །ཕན་ཚུན་རྗེས་སུ་འཇུག་པ་མེད་ན་རྡུལ་ཕྲ་རབ་ཀྱི་བར་དུ་ཐ་དད་པ་ཡིན་པས་མ་རིག་པར་འགྱུར་རོ་ཞེས་བསྟན་པ་ནི་འགའ་ཡང་ཞེས་བྱ་བའོ། །གཉི་ག་ཡང་རང་རིག་པ་གཅིག་གིས་བྱེད་
པ་ལ་འཇུག་པའི་ཕྱིར་རྣམ་པ་དང་བཅས་པའི་ལྟ་བ་གཞན་འཐོབ་པ་ཡིན་པར་བསྟན་པ་ནི་རང་རིག་པ་ཉིད་དོ་ཞེས་བྱ་བའོ། །འདི་ཉིད་ཅེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པ་ཉིད་དོ། །ལྐོག་ཏུ་མ་གྱུར་པ་ཉིད་ཅེས་བྱ་བ་གཞན་དུ་བརྟག་པར་བྱ་བ་མ་ཡིན་པར་བསྟན་པ་ནི་འོན་ཏེ་ཞེས་བྱ་བའོ། །
གཞན་བརྟག་པར་བྱ་བ་མ་ཡིན་པ་ནི་ཕྱི་རོལ་ལོ། །སྔོན་པོའི་ནི་བློ་བཞིན་དུ་ལྐོག་ཏུ་མ་གྱུར་པའི་ཁོངས་སུ་གཏོགས་པ་ཡིན་ན་གཞན་གྱིས་ཅི་ཞིག་བྱ་བ་ཞེས་བསྟན་པ་ནི་མཐོང་བའི་ཁྱད་པར་ཞེས་བྱ་བའོ། །བྲལ་བ་ནི་མི་སྣང་བའོ། །དེ་འཛིན་ན་ནི་དེའི་བདག་ཉིད་དུ་འཛིན་པས་སོ། །སྔོན་པོ་ནི་
གཉི་གའི་རྗེས་སུ་འཇུག་པ་རང་རིག་པ་གཅིག་པོའི་ཁོངས་སུ་གཉི་ག་གཏོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡན་གར་ཞེས་བྱ་བ་ནི་རིག་པ་ཡིན་པ་ལས་མཐོང་བ་ལས་ཕྱི་རོལ་ཡིན་ནོ། །ཞེན་པ་ཇི་ལྟར་མཐོང་བ་མ་ཡིན་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བས་ལོག་པར་འཛིན་པ་
ཡིན་པར་བསྟན་པ་ནི་མཐོང་བ་གང་ཡིན་པ་དེ་ཉིད་ཅེས་བྱ་བའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྣང་བ་གཉིས་མི་སྣང་བའི་ཕྱིར་རོ། །ཐ་དད་པ་ཡིན་ན་ཞེས་བྱ་བ་ནི་ནང་གི་བདེ་བ་ལ་སོགས་པའོ། །དེ་ལ་ནི་ཕྱི་རོལ་ལ་སྟེ་སྣང་བར་ཞེས་བྱ་བར་སྦྱར་རོ། །གཉི་ག་དེ་བཞིན་ལྐོག་ཏུ་མ་གྱུར་པ་
ཡིན་ཏེ། དེ་ལྟ་བུའི་བག་ཆགས་ཡོད་པའི་ཕྱིར་ཞེས་བསྟན་པ་ནི་གལ་ཏེ་ཐ་དད་ཅེས་བྱ་བའོ། །སྣང་བའི་སྒོ་ནས་བསྟན་ནས་ཚོགས་པ་ཐ་མི་དད་པར་བསྟན་པ་ནི། དཔེར་ན་ཞེས་བྱ་བའོ། །དེ་དང་དུས་མཚུངས་པ་ཅན་ནི་གསལ་བར་དུས་མཚུངས་པ་སྟེ། དེ་དང་དེ་མིན་ངོ་བོའི་ཞེས་བྱ་བའི་
རིགས་པས་སོ། །དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་སྔ་མ་ཉིད་དོ། །གང་གིས་རྟོགས་ཞེས་བྱ་བ་ནི་ཐ་མི་དད་པའི་སྣང་བ་ལས་སོ། །ལྐོག་ཏུ་མ་གྱུར་པ་ཉིད་ཀྱང་ཞེས་བྱ་བར་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་རྒོལ་བ་ཡིན་ནོ། །མ་ཡིན་ཏེ་ལྐོག་ཏུ་གྱུར་པར་ཐལ་བར་འགྱུར་བ་མ་ཡིན་པའོ། །
เล่ม ๑๘๑ · หน้า 154a
སྐྱེས་བུའི་དབྱེ་བས་ཞེས་བསྟན་པ་ནི། གཞན་གྱི་ཞེས་བྱ་བའོ། །ལྐོག་ཏུ་མ་གྱུར་པ་ཉིད་ཡོད་ཀྱང་ལྐོག་ཏུ་མ་གྱུར་པ་མ་ཡིན་ཏེ། གཞན་གྱི་རྒྱུ་ལ་ཡོད་པའི་ཕྱིར་ངའི་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་པོའིའོ། །ལྐོག་ཏུ་མ་གྱུར་པ་ཉིད་བཞིན་དུ་དེའི་བདག་ཉིད་ཀྱི་སྔོན་པོ་
ཡང་ལྐོག་ཏུ་གྱུར་པར་བརྟགས་པ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེས་ན་ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་བྱ་བའོ། །འགྲོ་བའམ་ཅི་ག་ཞེས་བྱ་བ་ནི་སྔོན་པོ་ཉིད་དོ། །གཞན་ལ་ནི་རྫས་ལ་སྟེ་སྐྱེས་བུ་ལའོ། །ལྐོག་ཏུ་གྱུར་པའི་གནས་སྐབས་ཀྱང་ཞེས་བྱ་བ་ནི་དུ་བ་ལས་
མེ་རྗེས་སུ་དཔག་པའི་གནས་སྐབས་ལ་སྟེ། མངོན་སུམ་ཡིན་ན་ནི་དུ་བ་བཞིན་དུ་རྗེས་སུ་དཔག་པ་ལ་དོན་མེད་པའི་ཕྱིར་རོ། །དྲན་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའོ། །འདི་ན་ཞེས་བྱ་བ་ནི་དུ་བའི་ཡུལ་ལའོ། །མེ་གང་གི་ཡུལ་གཅིག་གང་ཡིན་པ་དེ་ནི་ཡུལ་གཅིག་གོ། །དུ་བའི་ཡུལ་དུ་ནི་རྗེས་སུ་
དཔག་པར་བྱ་བའི་ཡུལ་དུའོ། །སྒྲོ་བཏགས་བཞིན་པ་ནི་སྣང་བཞིན་པ་ལས་གཞན་ཡིན་ཏེ། ལྐོག་ཏུ་གྱུར་པ་ཡིན་ནོ་སྙམ་དུ་སེམས་པ་ལ། མཐོང་བ་ལས་ཐ་དད་པར་ཞེས་བྱ་བ་སྨོས་སོ། །སྒྲོ་འདོགས་པའི་དུས་སུ་ཡང་སྣང་བཞིན་པ་ཉིད་ནི་ནང་གི་བདག་ཉིད་ཀྱི་རྗེས་སུ་བྱེད་པ་
ཉིད་ཡིན་པར་བསྟན་པ་ནི། མཐོང་བ་ཉིད་དུ་རྟོགས་པ་མེད། །ཅེས་བྱ་བའོ། །ཡོད་པ་གང་ཡིན་པ་ཞེས་བྱ་བ་ནི་གང་ཡིན་པ་དེ་ཡང་རུང་བའོ། །འཇུག་པར་བྱེད་པ་ཞེས་བྱ་བ་ནི་འཇུག་པར་བྱེད་པའི་མིའོ། །དེའི་ཕྱིར་སྒྲོ་འདོགས་པས་སྒྲོ་བཏགས་པ་ཡིན་པར་བསྟན་པ་ནི་སྒྲོ་
འདོགས་པ་དེ་ལྟ་བུ་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བ་ལས་སམ་སྒྲོ་འདོགས་པ་ལས་ཀྱང་འཇིག་རྟེན་འཇུག་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །སྔོན་མཐོང་བ་ཡང་དེ་ཡིན་ལ་སྨིག་རྒྱུའི་ཆུའི་ཡུལ་ཡང་ཡིན་པའོ། །གང་ལ་ནི་མེ་ལའོ། །ཡུལ་མེད་པའི་སྒྲོ་འདོགས་པ་མི་རིགས་པའི་ཕྱིར་མ་གཏོགས་
པ་སྒྲོ་འདོགས་པའི་ཡུལ་མ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ་དེ་ཞེས་བྱ་བའོ། །སྒྲོ་འདོགས་པར་བྱ་བ་བཞིན་དུ་ཡུལ་ཡང་སྒྲོ་འདོགས་པར་བྱ་བ་རྟོགས་པར་བྱ་བ་ཉིད་ཡིན་ནོ། །གཞན་དུ་ན་སྒྲོ་འདོགས་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བའོ། །ལྐོག་ཏུ་མ་གྱུར་པ་ཉིད་ཅེས་བྱ་
เล่ม ๑๘๑ · หน้า 154b
བ་ནི་སྒྲོ་འདོགས་པའི་ཡུལ་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་རྟོགས་པས་ལྐོག་ཏུ་གྱུར་པ་ཉིད་ཡིན་གྱི། བདག་ཉིད་ཀྱིས་རང་གི་ངོ་བོ་རྟོགས་པ་ནི། ལྐོག་ཏུ་མ་གྱུར་པ་ཉིད་ཅེས་བྱ་བར་སྦྱར་རོ། །གཞན་གྱིས་སམ་རང་ཉིད་ཀྱིས་རྟོགས་པའི་ལྐོག་ཏུ་གྱུར་པ་ལ་ཁྱད་པར་ཅི་ཡོད་
ཅེས་ཟེར་བ་ལ། དེ་ཉིད་ཅེས་བྱ་བ་སྨོས་སོ། །དེའི་ཕྱིར་སྒྲོ་འདོགས་པ་བརྫུན་པ་ཅི་ལས་ཡིན་ཞེས་ཟེར་བ་ལ་ཕྱི་རོལ་ཞེས་བྱ་བ་སྟེ། མི་སླུ་བ་མེད་པས་གཞན་གྱིས་རྟོགས་པའི་སྒྲོ་འདོགས་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྲ་ཤད་སྣང་བ་བཞིན་དུ་ཞེས་བྱ་བ་འདི་ལ། སྐྲ་ཤད་ལ་སོགས་
པ་ཞེས་བྱ་བ་ནི་གནས་སྐབས་ལ་སྟེ། རང་བཞིན་ཐ་དད་པ་ལས་སོ། །རང་བཞིན་གཅིག་ཏུ་འགྱུར་གྱི་ཞེས་བྱ་བ་ནི། ཉམས་པའི་རྒྱུ་ཐ་མི་དད་པའི་ཕྱིར་རོ། །སྒྱུར་ན་སྐྲ་ཤད་ལ་སོགས་པ་སྟེ། འགྱུར་རམ་ཅི་ཞེས་བྱ་བ་ནི་མ་ཡིན་ཞེས་བྱ་བའོ། །དེས་ན་ནི་མིག་ལས་སོ། །སྔོན་པོ་ལ་སོགས་
པ་དང་དེའི་ལྐོག་ཏུ་མ་གྱུར་པ་དག་ལ་རྣམ་པ་འགས་ཀྱང་མངོན་པར་ཞེན་པ་ཡིན་ཡང་རྒྱུ་ཐ་དད་པས་གཅིག་དང་དུ་མ་ཡིན་པའི་ཕྱོགས་སྔ་མའོ། །བག་ཆགས་ཀྱི་དབྱེ་བ་དང་དེ་སད་པར་བྱེད་པའི་སེམས་ཀྱི་ཁྱད་པར་མིག་ནི་ལྷན་ཅིག་བྱེད་པ་ཅན་ཡིན་ཏེ་རྨི་ལམ་གྱི་ཤེས་པ་ལྟ་བུའོ་ཞེས་བྱ་བའི་གྲུབ་
མཐའ་བསྟན་པ་ནི། འདིར་འགའ་ཞིག་ནི་ཞེས་བྱ་བའོ། །སྔོན་པོ་དང་ཅིག་ཤོས་ལ་སོགས་པའི་ཤེས་པའི་ཁྱད་པར་འགའ་ཞིག་སད་པར་བྱེད་པ་ཡིན་གྱི་ཕྱི་རོལ་མ་ཡིན་པར་བསྟན་པ་ནི་ནང་གི་ཞེས་བྱ་བའོ། །ཐ་དད་པའི་བག་ཆགས་ཀྱང་འབྲས་བུས་གོ་བྱ་ཡིན་ལ་དེས་ན། རྒྱུ་མཚན་ལ་ནི་
ངས་པ་ཉིད། །བག་ཆགས་ཡིན་པར་གང་བརྗོད་པ། །དེ་མི་སྲིད་པས་འདི་ཡིན་དང་། །གཞན་དོན་མེད་ཕྱིར་རྙེད་པར་དཀའ། །ཡུལ་དང་དུས་དང་རྒྱུ་མཚན་སོགས། །ཁྱོད་ལ་ངེས་པར་བྱེད་པ་མེད། །ཅེས་བྱ་བ་བསལ་བ་ཡིན་ནོ། །གཞན་དོན་མེད་ཕྱིར་ཞེས་བྱ་བ་རྩོམ་པར་མི་བྱེད་པའི་
ཕྱིར་རོ། །ཡུལ་ལ་སོགས་པ་དང་དེའི་ཤེས་པ་ལ་ཡང་ཁྱད་པར་མེད་དོ། །དེ་ཡང་ཡིན་ལ་ཁྱད་པར་གྱི་བག་ཆགས་ལ་སོགས་པ་ཡང་ཡིན་ནོ་ཞེས་སྦྱར་བར་བྱའོ། །དེ་ཡང་མིག་ལ་སོགས་པའི་ཁྱད་པར་བག་ཆགས་ཀྱི་ངོ་བོའི་རྟོག་པའོ། །ལུས་ཀྱང་ཞེས་བྱ་བ་ནི་བདག་ལ་སོགས་པའི་ཉེ་
เล่ม ๑๘๑ · หน้า 155a
བར་མཚོན་པའོ། །ཤེས་པའི་བདག་ཉིད་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ཉིད་ཡིན་ཏེ། མི་དམིགས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ་ལུས་སུ་སྣང་བ་ཞེས་བྱ་བའོ། །དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་ཉིད་ཀྱི་བག་ཆགས་ཀྱི་ཁྱད་པར་གྱི་ངོ་བོ་ལས་ཡུལ་
དང་དུས་དང་རྣམ་པ་ལ་སོགས་པ་ངེས་པ་ཡིན་གྱི། ཕྱི་རོལ་ལས་ནི་མ་ཡིན་པ་མ་མཐོང་བ་ཁྱད་པར་མེད་ན་ཇི་ལྟར་ཡིན་ཞེས་ཟེར་བ་ལ་ཇི་ལྟར་ཆགས་སོགས་ཞེས་བྱ་བ་སྨོས་ཏེ། བག་ཆགས་ཀྱི་ནུས་པ་མཐོང་བ་ཡིན་གྱི་ཕྱི་རོལ་གྱི་ནི་མ་ཡིན་ནོ་ཞེས་བྱ་བའོ་དོན་ཏོ། །མེད་པར་ཡང་ཞེས་བྱ་བ་ནི་འབད་
པ་མེད་ན་ཡང་ངོ་། །གཞན་དུ་ཡང་ཞེས་བྱ་བ་ནི། ཕྱི་རོལ་མེད་ན་ཡང་ངོ་། །ཇི་ལྟར་ཡིན་ཞེས་ཟེར་བ་ལ། །ཕྱི་རོལ་ཉིད་ནི་ཞེས་བྱ་བའོ། །སེམས་པ་གཞན་པ་དེ་ལས་གཞན་པའི་སད་པར་བྱེད་པར་གང་དུ་ཡིན་ཞེས་ཟེར་བ་ལ་དཔེར་ན་ཞེས་བྱ་བ་སྨོས་སོ། །གར་ཡང་ཞེས་བྱ་བ་ནི་ཕྱི་རོལ་ལའམ་མི་
བདེན་པ་ལའོ། །ཡང་མ་གོམས་པ་ནི་ནང་གི་ཡན་ལག་ཡིན་ཏེ་འབད་པ་ལས་ཀྱང་ངོ་ཞེས་བསྟན་པ་ནི་མངོན་དུ་ཕྱོགས་པར་མཚུངས་ཀྱང་ཞེས་བྱ་བའོ། །ཡུལ་དང་དུས་དང་རྒྱུ་མཚན་སོགས། །ཁྱེད་ལ་ངེས་པར་བྱེད་པ་མེད། །ཅེས་བྱ་བ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་
རྨི་ལམ་ལ་སོགས་པའི་ཞེས་བྱ་བའོ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ཕྱི་རོལ་ལོ། །སྐྱེ་བ་གཅིག་ལའམ་ཐ་དད་ལ། །དེ་ཚེ་ནའམ་དུས་གཞན་ནའང་། །ཡུལ་དེའམ་ཡུལ་གཞན་ལ་ཡང་རུང་། །རྨི་ལམ་ཤེས་པའི་སྤྱོད་ཡུལ་ཡིན། །ཞེས་ཟེར་བ་ནི་སྐྱེ་བ་གཞན་དུ་ཞེས་བྱ་བའོ། །མཐོང་བ་ནི་
མ་ངེས་པ་ཡིན་པས་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་ཐམས་ཅད་ཅེས་བྱ་བའོ། །ཡུལ་ངེས་པ་ཅན་ལ་སོགས་པའི་ངེས་པར་བྱེད་པ་མེད་པའི་ཕྱིར་ཡུལ་མ་ངེས་པ་ལ་སོགས་པ་ཐམས་ཅད་སྣང་བར་འགྱུར་བ་ཡིན་པར་ཟེར་བར་བསྟན་པ་ནི། གལ་ཏེ་ཡུལ་ལ་སོགས་པ་ཞེས་བྱ་བའོ། །མཐོང་
བ་ལ་སོགས་པ་ཞེས་བྱ་བ་ནི། མི་སྣང་བ་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་དོན་གྱི་རྣམ་པ་ཅན་གྱི་མཐོང་བ་ཉིད་ནི་ངེས་པར་བྱེད་པ་ཡིན་དུ་ཟིན་ཀྱང་དོན་ནི་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི་ད་ནི་དོན་གྱིས་ཞེས་བྱ་བའོ། །སྔོན་གྱི་སྣང་བ་ཉིད་ལས་ངེས་པར་བྱེད་པ་ཉིད་ནི་ཡུལ་འདིའོ་
เล่ม ๑๘๑ · หน้า 155b
ཞེས་བྱ་བ་ལ་སོགས་པའི་སྣང་བ་ལ་ནི་སྔ་མའི་དོན་ཡང་མཚུངས་པ་ཡིན་པར་བསྟན་པ་ནི་སྣང་བ་དོན་གྱི་ཞེས་བྱ་བའོ། །ཡུལ་དེ་ལ་སོགས་པའི་སྣང་བ་ད་ལྟར་ལ་སོགས་པའི་ཡུལ་ཅན་གྱིས་དེས་དེ་ཞེས་བྱ་བ་ནི་དོན་ཏོ། །ད་ལྟར་ནི་དུས་འདི་དང་འབྲེལ་པ་ཅན་ནོ། །སྔོན་གྱི་སྣང་བ་འདི་ལ་སྣང་
བ་མ་ཡིན་པར་བསྟན་པ་ནི་སྣང་བ་ནི་ཞེས་བྱ་བའོ། །གལ་ཏེ་ཡང་ཞེས་བྱ་བ་ནི་ཕྱི་རོལ་ཡང་ད་ལྟར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་མིན་ངོ་བོ་རིག་མིན་ཕྱིར་རོ། །མི་འཐད་པ་ཅི་ཡོད་ཅེས་བྱ་བ་ནི་རིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྒྱུད་པས་ཞེས་བྱ་བ་
མཐར་ཐུག་པ་མེད་པའོ། །གལ་ཏེ་མི་སླུ་བ་མེད་པས་དེར་འབྲེལ་པ་མ་ཡིན་ཞིང་འོན་ཀྱང་གནོད་པར་བྱེད་པ་མེད་པའི་ཕྱིར་གལ་ཏེ་གང་ཞིག་ཅེས་བྱ་བའོ། །ཤིན་ཏུ་ངེས་པ་ཉིད་ཅེས་བྱ་བ་ནི་གནོད་པ་མེད་པ་ཉིད་ཡིན་ལ། ཕྱི་རོལ་དུ་རྟོག་པར་བྱེད་པ་མ་ཡིན་ཏེ། གཞན་དུ་ཡང་ཡོད་པའི་ཕྱིར་རོ་ཞེས་
བསྟན་པ་ནི་བག་ཆགས་བསྟན་པ་ཞེས་བྱ་བའོ། །རྟོག་པ་ནི་ཐ་དད་པ་རྣམས་སོ། །སད་པའི་ཆུ་ལ་སོགས་པའི་འབྲས་བུ་གཤེར་བའི་གནས་སྐབས་ལ་སོགས་པ་ནི་རྨི་ལམ་ན་རྗེས་སུ་འཇུག་པ་མ་ཡིན་ནམ། རྨི་ལམ་ལ་སོགས་པ་ན་འབྱུང་བ་སད་པའི་གནས་སྐབས་ན་ནི་མ་ཡིན་ནོ་ཞེས་ཟེར་བ་ལ་རྨི་
ལམ་ཞེས་བྱ་བ་སྨོས་ཏེ། ཅུང་ཟད་ཅེས་བྱ་བ་ནི་གཤེར་བའི་གནས་སྐབས་ལ་སོགས་པའོ། །རྗེས་སུ་འཇུག་པ་མེད་ཅེས་བྱ་བ་ནི་དེ་འདྲ་བ་གང་ཡིན་པ་ཞེས་བྱ་བར་སྦྱར་རོ། །གནས་སྐབས་ནི་ལུས་ཀྱིའོ། །གནས་སྐབས་ཀྱི་ཁྱད་པར་ལས་ནི་འབྱུང་བར་བསྟན་པ་ནི། བྱིས་པའི་ཞེས་བྱ་
བ་སྟེ་ཕྱི་རོལ་གྱི་བྱིས་པ་ཡོད་པ་དེའི་ཕྱིར་ཕྱི་རོལ་དང་འདི་ན་དང་འདིའོ་ཞེས་འཛིན་པར་བྱེད་པའི་ཆ་ལས་ཐ་དད་པའི་རིག་བྱ་སྔོན་པོ་དང་སེར་པོ་ལ་སོགས་པ་མངོན་སུམ་ལ་སོགས་པས་བསྟན་པ་ཡིན་ནོ་ཞེས་བྱ་བ་སེལ་བ་ཡིན་ཏེ། མཐོང་བ་ལས་ཐ་དད་པའི་སྣང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །
དེའི་ཕྱིར་མཐོང་བ་ཡང་མ་ཡིན་པར་བསྟན་པ་ནི། དེའི་ཕྱིར་གཅིག་ལ་ཞེས་བྱ་བའོ། །སྔོན་པོ་བཞིན་དུ་འདི་ཉམས་སུ་མྱོང་བ་ཡང་ཉམས་སུ་མྱོང་བ་འབའ་ཞིག་ཡུལ་མ་ཡིན་ལ། རྣམ་པར་རྟོག་པ་ཡང་བདག་གི་དོན་གང་ཡང་དེའི་ཚེ་གཟུང་བ་མི་དྲན་ནོ་ཞེས་དྲན་པར་བྱེད་པ་སྟེ། འཛིན་པར་
เล่ม ๑๘๑ · หน้า 156a
བྱེད་པའི་རྣམ་པ་ནི་གཟུང་བར་བྱ་བའི་ངོ་བོ་དང་བྲལ་བ་ཡིན་ནོ། །དེ་བསྟན་པ་ནི་གཅིག་ལ་ཚུལ་གཉིས་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བས་གང་ལས་དེ་ལྟར་ཉམས་སུ་མྱོང་བའོ། །ཡུལ་ཉེ་བར་གནས་པ་ལས་བྱུང་བའི་ཉམས་སུ་མྱོང་བ་ནི་སེམས་པ་ཅན་གཞན་མ་ཡིན་ན་
གང་གི་བྱེད་པའི་ཤེས་པའི་བྱ་བའམ། ལས་ཀྱང་རུང་བའི་ཕྱི་རོལ་གྱི་ཉམས་སུ་མྱོང་བ་ལས་ཐ་དད་པའི་གསུམ་པོ་ནི་ཉམས་སུ་མྱོང་བར་མ་གྲུབ་ན་གང་གིས་ཤེས་པར་འགྱུར། འོན་ཏེ་བདག་གིས་འདི་མཐོང་ངོ་ཞེས་ཤེས་པ་པོའི་དྲན་པ་ནི་སྐད་ཅིག་པ་ནི་ཉམས་སུ་མྱོང་བ་ལ་མི་སྲིད་པས་ཡུལ་
གཞན་ལ་རྗེས་སུ་དྲན་པ་དང་བཅས་པ་གཞན་གྱི་སྒྲུབ་བྱེད་མ་ཡིན་པའི་སེམས་པ་ཅན་ནི། འདིར་བདག་ཡིན་ནོ་ཞེས་ཐ་སྙད་གདགས་པར་བྱ་བ་དེའི་བྱེད་པ་ནི་བྱ་བ་ཡིན་ལ་ཤེས་པ་ནི་དེའི་འབྲས་བུ་ཉམས་སུ་མྱོང་བ་ལས་གཞན་དུ་མི་འཐད་པ་ཡིན་པའི་ཕྱིར། དེ་ལ་རྣམ་པ་གཉིས་ཉིད་རིགས་པ་ཡིན་ཏེ།
མཐོང་བ་ནི་ཤིན་ཏུ་སྟོབས་དང་ལྡན་པ་ལས་བྱེད་པ་པོའི་མཆོག་ཡིན་པར་རང་ལ་རང་གིས་ཤེས་པ་ཡིན་ཏེ། གཞན་གྱིས་གསལ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་རྒྱུ་མཚན་ཡིན་པའི་གོ་བྱ་ཉིད་འདིའི་བདེ་བ་ལ་སོགས་པ་ནི་ཡུལ་གྱི་རྙོགས་པས་བརྙོགས་པའི་འཁོར་བ་ལ་རྟགས་དང་
དང་སྒྲ་ལ་སོགས་པའི་སེལ་བས་ཡིད་དང་ཕྲད་པའི་རྒྱུ་ཅན་མངོན་སུམ་ཡང་འདི་ཡིན་ཏེ། དེ་ངེས་པས་བདེ་བ་ལ་སོགས་པ་ལ་བཞིན་དུ་བརྟགས་པ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་འདོད་པ་ཉིད་བསྟན་པ་ནི་དྲན་པས་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་དྲན་པ་ཡིན་ལ་ཉམས་སུ་མྱོང་བའི་རྗོད་བྱེད་ལ་
སོགས་པ་དང་སྦྱོར་བའི་ཉམས་སུ་མྱོང་བའི་ཡུལ་ཏེ། དེ་ཡི་འོག་ཏུའང་དངོས་པོ་ནི། །རིགས་ལ་སོགས་པའི་ཆོས་གང་གིས། །བློ་ཡི་ངེས་པ་དེ་ཡང་ནི། །མངོན་སུམ་ཉིད་དུ་ཡང་དག་འདོད། །གཞན་དུ་སྔོན་པོ་ལ་སོགས་པའི་ལས་སམ་དེའི་ཡུལ་མ་ཡིན་ནོ། །དྲན་པ་དང་ནི་ངོ་ཤེས་དག །
བག་ཆགས་དབང་གིས་བྱུང་གྱུར་ན། །ཤེས་པ་པོ་ཡི་དོན་གཞན་ལ། །ངོ་ཤེས་པར་ནི་འགྲུབ་མི་འགྱུར། །ཞེས་བྱ་བ་མ་ཡིན་ནམ་བག་ཆགས་ལས་དྲན་པ་ནི་ཕྱི་རོལ་ཤེས་པ་པོའི་བདག་ཉིད་ལས་གཞན་དུ་འགྱུར་ཞིང་འདྲ་བ་ལས་ཀྱང་བག་ཆགས་སད་པ་ལས་ཡིན་གྱི་ཤེས་པ་པོའི་དྲན་པ་
เล่ม ๑๘๑ · หน้า 156b
གཞན་ཉིད་ཡིན་ན་མི་འབྱུང་སྟེ་གཞན་ཤེས་པ་པོ་མ་ཡིན་པའི་ཕྱིར་རོ། །འདི་ལ་བརྗོད་པ་ནི་འབྱུང་བར་འགྱུར་བའི་བདག་ཉིད་ཀྱི་རྣམ་པ་ཅན་གྱི་ཉམས་སུ་མྱོང་བ་ལས་ཐ་དད་པར་མ་ངེས་པ་ལས་བྱུང་བའི་བག་ཆགས་ནི་ཐ་མི་དད་པ་ཉིད་ཀྱིས་མཆོག་ཏུ་འཛིན་པ་སྐྱེད་པར་བྱེད་ལ། ཐ་དད་པར་ངེས་པ་
ཡིན་ན་ནི་དེ་ལྟར་མི་འགྱུར་ཏེ། དེ་ནི་རྣལ་འབྱོར་པའི་གནས་སྐབས་ཡིན་ཏེ། བདག་མེད་པ་ལ་སོགས་པ་རྟོགས་པའི་ཕྱིར་རོ། །དེ་ལ་བརྟེན་ནས་ཚུ་རོལ་མཐོང་བ་རྣམས་མི་རིགས་སོ་ཞེས་རྒོལ་བར་བྱེད་པ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་ནི་ལས་ཡིན་ལ། །སྔོན་པོ་ནི་
ཉམས་སུ་མྱོང་བ་མ་ཡིན་ནམ། འདི་སྔོན་པོའོ་ཞེས་བྱ་བའི་ཤེས་པ་ལ་ཕྱི་རོལ་དུ་ངེས་པར་རྟོགས་པ་ཡིན་ནོ་ཞེ་ན། གཟུང་བ་དང་ཅིག་ཤོས་ཀྱི་རྣམ་པ་དག་གིས་གཉིས་ཉིད་འགྲུབ་པ་ཡིན་པར་བསྟན་པ་ནི་འདིའི་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པ་མ་ཡིན་པ་སྔོན་པོ་མ་ཡིན་པ་དང་། རིག་པ་
ཡིན་པ་ལས་ལྡོག་པས་རྣམ་པ་གཉིས་ནི་གཟུང་བ་ལ་སོགས་པ་ཉིད་དུ་རིག་པ་ནི་ལྐོག་ཏུ་མ་གྱུར་པ་ཉིད་ཡིན་གྱི། གང་དུ་ཡང་འགའ་ཞིག་གིས་བྱེད་པ་མེད་པ་ཡིན་པ་དེའི་ཕྱིར། གཟུང་བྱ་ཉིད་དུ་ཁྱོད་འདོད་ཕྱིར། །གཅིག་ཉིད་ཡོད་པ་འདི་མིན་ཏེ། །དེ་ལྟའི་གཅིག་གི་བདག་ཉིད་ལ། །
ཁྱོད་ལ་དཔེ་འགའ་ཡོད་མ་ཡིན། །ཞེས་བྱ་བའི་ཕ་རོལ་པོའི་འདོད་པ་བསལ་བ་ཡིན་ཏེ། གཟུང་བ་དང་འཛིན་པ་དག་གཅིག་མ་ཡིན་གྱི། འོ་ན་ཅི་ཞེ་ན་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པའི་ཡུལ་ནི་གཅིག་སྟེ་མངོན་སུམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་སྔོན་པོ་ཉིད་ལས་
ཉིད་ནི་རྣམ་པར་རྟོག་པ་ལ་སྣང་བ་མ་ཡིན་པར་བསྟན་པ་ནི་ཐ་དད་པར་ཞེས་བྱ་བའོ། །སྔོན་པོའོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་བརྫུན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་མ་ཡིན་པའི་བག་ཆགས་ལས་བྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་ལྡོག་པ་དེའི་བརྟགས་པས་ཞེས་བྱ་བའོ། །རྣམ་པ་གཉིས་
ལས་ཞེས་བྱ་བ་ནི་འདི་ནི་ལྡོག་པའི་དོན་གྱིའོ། །སྡུག་པ་དང་མི་སྡུག་པ་དག་ལེན་པ་དང་འདོར་བའི་ཤེས་པའི་སྒྲུབ་བྱེད་དག་ཤེས་པ་ཉིད་དུ་དབྱེ་བ་མེད་པ་མ་ཡིན་ནམ། འབད་པ་ཆེན་པོས་བསྒྲུབ་པར་བྱ་བའི་ཕྱི་རོལ་འགྲུབ་ན། ཡིད་ལ་འདོད་པ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་གྱི། །
เล่ม ๑๘๑ · หน้า 157a
འབད་པ་མེད་པར་འགྲུབ་པའི་ཤེས་པ་ལས་འབྱུང་བ་ནི་མ་ཡིན་ནོ་ཞེས་ཟེར་བ་ལ་གང་ཚེ་ཞེས་བྱ་བ་སྨོས་སོ། །མ་གྲུབ་པ་ནི་མ་རྫོགས་པའོ། །དེའི་དངོས་པོར་ནི་འདོད་པ་དང་མི་འདོད་པའི་ངོ་བོ་གང་གི་ཡིན་པ་དེ་གཞན་ནི་ཕྱི་རོལ་ལོ། །རྣམ་རིག་རྒྱུ་ཞེས་བྱ་བ་ནི་
རྣམ་པར་རིག་པ་དང་དུས་མཚུངས་པ་མ་ཡིན་པ་ཉིད་རྫོགས་པའི་རྒྱུའོ། །དུས་མཚུངས་པ་ཉིད་ཡིན་ཡང་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པར་བསྟན་པ་ནི། ཡུལ་ཞེས་བྱ་བ་སྟེ་དབྱིབས་ཅན་ནམ། གཅིག་ཤོས་ཀྱང་དུས་མཚུངས་པར་ཕན་ཚུན་བྱ་
བ་བྱེད་པའི་མངོན་སུམ་ནི་བདེ་བ་དང་སྔོན་པོ་དག་གཉིས་སམ་གཉིས་མེད་པ་ནི་དེ་དག་རང་གི་རིག་པ་གཅིག་གིས་བྱེད་པའི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་འདི་ཉམས་སུ་མྱོང་བ་གང་གི་ཡིན་ཞེས་ཟེར་བ་ལ་དེ་ནི་ཞེས་བྱ་བ་སྟེ་རྣམ་པར་ཤེས་པའི་འོ། །དེ་ལྟར་ཞེས་བྱ་
བ་ནི་འདོད་པ་དང་ཅིག་ཤོས་ཉིད་ཀྱིས་སོ། །མྱོང་བ་ཞེས་བྱ་བ་ནི་ཕྱི་རོལ་མ་ཡིན་པ་ཉིད་དེ། ཕྱི་རོལ་ཉིད་དང་འགལ་བའི་ཕྱིར་ཤེས་པ་ཉིད་སྡུག་པ་ལ་སོགས་པའི་དབྱེ་བ་གོམས་པ་ལ་སོགས་བྱུང་བ་ཡིན་ཏེ། དེ་ལྟར་མཐོང་བ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཞེས་བྱ་བ་འབངས་
པ་ནི་དེའི་ཚེའོ། །རྒྱུ་ནི་རྣམ་པར་རིག་པའིའོ། །གྲུབ་པ་ཞེས་བྱ་བ་ནི་ཚད་མས་གྲུབ་པའོ། །ཉམས་སུ་མྱོང་ཡང་ཞེས་བྱ་བ་ནི་ངེས་པ་ཡིན་ན་སྟེ། དོན་ཉམས་སུ་མྱོང་བ་དང་འགལ་བའི་རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །གནོད་པ་མེད་པའི་ཕྱིར་འགལ་བ་མེད་པ་ན་
ཡང་ཕྱི་རོལ་ཐོབ་པར་འགྱུར་བ་མ་ཡིན་པར་བསྟན་པ་ནི། གང་གི་ཚེ་ཤེས་ཆ་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བ་ཇི་ལྟ་བཞིན་དུ་ངེས་པར་ཁས་ལེན་པ་ཡིན་ཡང་ཕྱི་རོལ་མ་ཡིན་ཏེ། ཤེས་པ་ཆ་ཁ་ཅིག་ཉིད་དུ་དོན་ཉིད་དུ་ངེས་པའི་རྗེས་སུ་འགྲོ་བའི་ཕྱིར་བདག་ནི་སྔོན་པོ་རིག་གོ་ཞེས་བྱ་བ་
ཡང་རང་ཉིད་རིག་པའི་ལས་ཉིད་རྗེས་སུ་བརྗོད་པ་ཡིན་གྱི་ལས་གཞན་ཉིད་ནི་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཟུང་བའི་རྣམ་པ་ནི་སྔོན་པོའོ་ཞེས་བྱ་བར་ངེས་པའི་སྟོབས་ཀྱིས་ཡིན་གྱི་སྣང་བ་ལས་གཞལ་བྱའོ་ཞེས་བྱ་བ་ནི་མ་ཡིན་ཏེ། ཕྱི་རོལ་དང་སྦྱོར་བ་འཛིན་པའི་
เล่ม ๑๘๑ · หน้า 157b
རྣམ་པ་ནི་ཤེས་པ་ཉིད་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་སྦྱོར་བཞིན་པ་མ་ཡིན་པ་སྟེ་ཕྱི་རོལ་ཡོད་ཀྱང་ཤེས་པའི་རིག་པ་ཁོ་ན་དེའི་རིག་པ་ཡིན་ནོ། །རིག་པའི་བྱེད་པ་རྟོགས་པ་རང་གི་རིག་པ་ཉིད་མ་ཡིན་ནམ། རང་གི་རིག་པ་ལས་གཞན་གྱི་ཤེས་པའི་ངོ་བོའམ། བྱེད་པ་ནི་མ་ཡིན་ཞེས་
བསྟན་ན་ནི་གལ་ཏེ་འདོད་པ་མྱོང་བར་འགྱུར་བ་ནི་རང་རིག་པ་ཉིད་ཡིན་ཏེ། རང་རིག་པ་ལས་གཞན་པའི་འདོད་པའི་རྣམ་པའི་དོན་ལ་རིག་པ་རྣམ་པ་མེད་པའི་ཕྱིར་རོ། །འདོད་པའི་བདག་ཉིད་རིག་པ་དང་དོན་རིག་པ་དག་ཐ་མི་དད་པ་ཡིན་ནོ་ཉེ་བར་བཏགས་པའི་ཁྱད་པར་ཡོད་ན་སྒྲོ་བཏགས་པ་
ཡིན་ལ། དེ་ཤེས་ན་རྗེས་སུ་དཔག་པ་ལ་ཤེས་སོ་ཞེས་བྱ་བར་མི་རིགས་ཏེ། ཤེས་པའི་ཤེས་པ་ཉིད་དོན་གྱི་ཤེས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་ཞེས་བྱ་བ་ནི་འདོད་པའི་རྣམ་པ་ཉམས་སུ་མྱོང་བས་སོ། །འགྱུར་བ་ཡིན་ཞེས་བྱ་བ་ནི་གཞན་དུ་མི་འཐད་པའི་ཕྱིར་རོ། །
དེ་བསྟན་པ་ནི་རིག་པ་གཞན་ཉིད་ལ་ཞེས་བྱ་བའོ། །ཉེ་བར་བཏགས་པ་ལས་ནི་ཐ་མི་དད་པ་ལས་ཏེ། གཉིས་སུ་མི་དམིགས་པ་ལས་ཕྱི་རོལ་རིག་པ་ཁས་བླངས་པའི་ཕྱིར་འདོད་པའི་རྣམ་པ་སྔོན་པོ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ཏེ། རང་རིག་པ་ཉིད་ཀྱིས་གཉི་ག་གྲུབ་པར་ཡོངས་སུ་
གཟུང་བའི་ཕྱིར། ཐ་དད་པའི་རིག་པ་ལས་ཡང་བདེ་བ་ཁོ་ནའི་རིག་པ་མ་ཡིན་ཏེ། སྔོན་པོ་གཞན་ཉིད་དུ་ཡོད་པའི་ཕྱིར་དབྱིབས་དང་བཅས་པ་རིག་པ་ཡིན་ལ། བདེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡང་ཐོབ་པར་མི་འགྱུར་བའི་ཕྱིར་ཐམས་ཅད་བདེ་བ་ཉིད་ཡིན་པས་ཇི་ལྟར་ཐ་དད་མ་ཡིན་པའོ། །ཇི་ལྟར་ཐ་དད་པ་
ཡིན་ཞེས་བྱ་བའི་ཐ་དད་པའི་ཕྱོགས་སེལ་བའི་ཚིགས་སུ་བཅད་པ་ལ་གནས་པ་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པ་གཞན་དུ་ནི་མི་འདོད་པའི་རྣམ་པའོ། །མྱོང་བར་འགྱུར་ན་ནི་ཞེས་བྱ་བ་ནི་དོན་ནོ། །འདོད་པའམ་མི་འདོད་པ་ཞེས་བྱ་བ་ནི་དོན་གྱི་གཉི་གའི་བདག་ཉིད་ཡིན་ཏེ། རྣམ་
པ་གཉི་གའི་བདག་ཉིད་ཀྱིས་གོ་རིམས་བཞིན་དུ་གཉི་ག་མེད་པར་འགྱུར་རོ། །གོ་རིམས་ཇི་བཞིན་མ་ཡིན་པར་འགྱུར་བར་བསྟན་པ་ནི། འདོད་པའི་རྣམ་པས་ཞེས་བྱ་བའོ། །དངོས་ཀྱི་འཇུག་པས་ཞེས་བྱ་བ་ནི་ཐ་དད་པས་ཉམས་སུ་མྱོང་བས་ཡིན་གྱི། བེམས་པོ་དང་ཅིག་ཤོས་ཀྱི་
เล่ม ๑๘๑ · หน้า 158a
ངོ་བོས་ནི་མ་ཡིན་ཞིང་ཉམས་སུ་མྱོང་བར་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གོ་རིམས་ཇི་ལྟ་བ་བཞིན་བསྟན་པ་མ་ཡིན་ནའོ། །ཉེ་བར་བཏགས་པ་ཉིད་ནི་ཐ་མི་དད་པ་ཉིད་ནི་བདེ་བ་དང་བདེ་བ་མ་ཡིན་པ་གཉིས་གཅིག་ལ་གཅིག་གི་ཚེ་འགལ་བ་
ཡིན་ནོ། །ཕྱི་དེར་བྱེ་བྲག་མེད་མོད་ཀྱི། །གོམས་པ་ཤིན་ཏུ་ཕུལ་བྱུང་ལས། །བློ་ལ་དགའ་དང་ཡོངས་སུ་གདུང་། །བདེ་སོགས་དོན་གྱི་ངོ་བོ་མིན། །ཞེས་བྱ་བ་མ་ཡིན་ནམ། དེ་ལྟར་ན་འདོད་པ་དང་ཅིག་ཤོས་ཀྱི་དོན་རྟོགས་པ་ཇི་ལྟར་བརྗོད་པ་ཡིན། འདོད་པ་དང་ཅིག་ཤོས་
ཀྱི་རྒྱུ་ལྷན་ཅིག་བྱེད་པ་ཉིད་ཀྱི་འདོད་པ་དག་ཅིག་ཤོས་ཉིད་ཡིན་གྱི་རང་ལ་ནི་མ་ཡིན་ནོ་ཞེ་ན། ཇི་ལྟ་དེ་ལྟ་ཡིན་དུ་ཆུག་ཀྱང་རྣམ་པ་ཐམས་ཅད་དུ་དོན་དེ་ཉིད་ཁོ་ན་ཡིན་པར་གོ་རིམས་བཞིན་དུ་སྟོན་པ་མ་ཡིན་ན་ཡང་དབྱེ་བ་མེད་དོ། །དེའི་ཕྱིར་རང་གི་རིག་པ་ཉིད་དོན་གྱི་བྱེད་པ་དང་འབྲས་བུ་ཡང་ཡིན་
ཏེ། ཐ་མི་དད་པའི་ཕྱིར་དབང་པོ་ལ་སོགས་པ་ལ་དོན་ཉིད་རིག་པར་ཅིའི་ཕྱིར་མི་འདོད་ཅེས་ཟེར་བ་ལ། ཕྱི་རོལ་དོན་ནི་ཞེས་བྱ་བ་སྟེ། རང་གི་རིག་པ་ཉིད་ཡིན་ན་ཉམས་སུ་མྱོང་བ་ཉིད་འདི་ཡིན་གྱི་དོན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་རེ་རེ་ཞིང་དབང་པོའི་དབྱེ་བས་སྐྱེད་པའི་
རིམ་པ་རྣམས་ཉིད་ཐ་དད་པས་དོན་ཐུན་མོང་བ་ཉིད་དུ་མི་འགྱུར་བར་བསྟན་པ་ནི། རང་ངོ་བོས་ཞེས་བྱ་བའོ། །དུ་མའི་བདག་ཉིད་ཅེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཉིད་དོ། །དོན་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར། རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་རིག་པའི་དབྱེ་བ་ལས་རིག་པ་
མེད་པར་ཐལ་བར་འགྱུར་རོ། །རང་གི་རྒྱུའི་བསྐྱེད་བྱ་ཉིད་ལ་དུ་བའི་བདག་ཉིད་ཉིད་དུ་ཐག་རིང་བ་དང་ཅིག་ཤོས་ཀྱི་དབྱེ་བས་རིག་པ་དང་ཅིག་ཤོས་ཀྱི་བདག་ཉིད་དེ་ལ་སྐྱོན་ནི་སུན་དབྱུང་བས་ཏེ། བསལ་བའོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གཞན་དག་ན་རེ་རིག་པ་གཅིག་གི་བདག་
ཉིད་ལས་བཟློག་པ་ནི་དོན་གཉིས་པའི་དམིགས་པ་ཁས་བླངས་པས་དོན་དང་ལྡན་པའི་ཉམས་སུ་མྱོང་བའི་འབྲས་བུ་ལ་ཡང་བྱ་བ་ནི་བྱེད་པ་པོའི་བྱ་བ་ཡིན་ལ། བྱེད་པ་པོ་ཡང་དེ་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ། །རྣམ་པར་རིག་པར་སྨྲ་བ་ཡང་དོན་བཞིན་དུ་ཁས་ལེན་པ་ཙམ་མ་ཡིན་ཏེ།
เล่ม ๑๘๑ · หน้า 158b
ཚད་མས་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྣམ་པར་ཤེས་པ་སྨྲ་བ་ཞེས་བྱ་བའོ། །ཚད་མ་མེད་ན་ནི་ཁྱད་པར་མེད་པར་ཁས་མ་བླངས་པས་ངེས་འགྱུར་བར་བསྟན་པ་ནི་རྟེན་མེད་པས་ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ཅེས་བྱ་བ་ནི་ཤེས་པའི་རིག་པ་ཡིན་ན་ནི་ཞེས་བྱ་བ་དང་སྦྱར་རོ། །འདོད་པ་ནི་
རིག་པར་རོ། །སྣ་ཚོགས་པའི་བདག་ཉིད་ཀྱི་དོན་ཡང་བག་ཆགས་ཀྱི་ངེས་པ་ལས་སྐྱེས་བུ་རེ་རེ་ཞིང་ངེས་པར་མཐོང་བ་ཡིན་གྱི། ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ནི་མ་ཡིན་ཏེ། ལས་ཉིད་དུ་སྣང་བའི་ཕྱི་རོལ་ལ་སོགས་པའི་བློ་ཉིད་ལ་དེ་ལྟར་འདྲ་བའི་ངོ་བོ་ཉིད་དུ་རྣམ་པར་གནས་པ་ལ་བག་
ཆགས་དང་ལྷན་ཅིག་བྱེད་པ་ཉིད་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི་མཐོང་བ་ལ་མ་ཡིན་པར་ཟེར་བ་ནི་དོན་དུ་མའི་རང་བཞིན་ཞེས་བྱ་བའོ། །བག་ཆགས་ཀྱི་སྔ་རོལ་དུ་ཡོད་པ་ལ་ཚད་མ་མེད་པའི་ཕྱིར་དང་། དེ་མ་ཐག་ཉིད་དུ་དམིགས་པའི་ཕྱིར་དེའི་བསྐྱེད་བྱ་ཉིད་ཀྱིས་ཤེས་པ་ཉིད་ཡིན་ན་ལས་ཉིད་
བེམས་པོ་བཞིན་དུ་འགལ་བར་བྱེད་པ་ཉིད་མ་ཡིན་བསྟན་པ་ནི་ཁས་བླངས་ན་ཡང་ཞེས་བྱ་བ་སྟེ། དུ་མ་ཉིད་དུ་དབྱེ་བས་རྣམ་པར་གཞག་པ་ནི་སྐྱེས་བུ་ཉིད་ཀྱི་བག་ཆགས་ཀྱི་ངེས་པས་སྔ་ན་ཡོད་པ་ལ་ཚད་མ་མེད་པས་ཚད་མའི་བདག་ཉིད་དུ་ཐལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་
དང་ལྡན་པ་ལ་རྣམ་པ་གཞན་དུ་རྟོགས་པ་སྟེ། ཁོང་དུ་ཆུད་པ་ཡིན་ན་རྣམ་པར་གཞག་པ་མེད་པར་ཐལ་བར་འགྱུར་བ་བསྟན་པ་ནི་རང་གི་རྣམ་པ་ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ནི་ཐབས་ཁས་ལེན་པ་ཡིན་ནའོ། །ཐ་དད་པར་ནི་དུ་མའི་བདག་ཉིད་དུ་སྟེ་ལས་སུ་སྒྲུབ་བྱེད་ཡིན་པའི་ཕྱིར་རྣམ་པ་གཉིས་
པོ་དག་ལས་གཅིག་ཉམས་སུ་མྱོང་ན་ཅིག་ཤོས་ཀྱང་ཉམས་སུ་མྱོང་བར་འགྱུར་རོ། །དངོས་པོའི་དོན་ཏོ་ཞེས་བྱ་བ་ནི་བག་ཆགས་ཀྱི་ཁྱད་པར་ཕྱི་རོལ་དུ་ངེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །རང་གི་ཤེས་པའི་རྗེས་བྱེད་པ། །མང་པོའི་རྣམ་པའི་དངོས་རྣམས་ལ། །ངེས་པར་བཟུང་བས་ནུས་པར་
འགྱུར། །སྔར་མིན་རྣམ་པའི་རྟོག་པ་མིན། །རང་གི་ཤེས་པའི་རྗེས་སུ་བྱེད་པ་ནི་བག་ཆགས་ཡིན་ན། ཕྱི་རོལ་ཉིད་ནི་བག་ཆགས་ཀྱི་ངེས་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་ཞེས་བྱ་བ་གཞན་དུ་སྦྱར་བའོ། །སྔ་མ་ལ་ནི་གཅིག་ཏུ་འགྱུར་བར་མ་བཤད་ལ། འདི་ལ་ནི་ཐ་དད་
เล่ม ๑๘๑ · หน้า 159a
པར་མི་འགྱུར་བ་ཡིན་ནོ། །འོན་ཀྱང་ཐ་མི་དད་པ་སྟེ་ངེས་པ་མེད་པས་རྣམ་པ་ཐམས་ཅད་ཀྱི་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །ཡང་གི་སྒྲས་ནི་རེ་ཞིག་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བ་དོན་རིག་པ་མ་ཡིན་ཏེ། ཐ་དད་པར་ཁས་བླངས་ཀྱང་སྟེ་དོན་ནི་སྔ་བ་
ཡིན་ལ་ཤེས་པ་ནི་འཕྱི་བ་ཡིན་ནོ། །གཉིས་པོ་དག་མྱོང་མི་འགྱུར་ཞེས་བྱ་བ་ནི་དོན་གྱི་རིག་པ་གཅིག་ཉིད་ཀྱིས་རྫོགས་པའི་ཕྱིར་དོན་གྱིས་གོ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དོན་རིག་པའི་དུས་ན་ཤེས་པ་ཡོད་ཀྱང་མ་མཐོང་བས་བསྒྲིབས་པས་སམ་ཚད་མ་མེད་པས་རིག་པ་
མ་ཡིན་པ་ཡིན་གྱི། མེད་པས་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་མ་མཐོང་ཞེས་བྱ་བའོ། །རིག་བཞིན་པའི་དོན་གྱིས་བསྒྲིབས་པས་རིག་པར་མི་འགྱུར་རོ་ཞེས་བསྟན་པ་ནི་རྟོགས་མི་འགྱུར་ཞེས་བྱ་བའོ། །དོན་གྱི་རིག་པ་ནི་ཤེས་པའི་རིག་པ་ལ་ཚད་མ་མ་ཡིན་ཏེ། དེ་ཡོད་ཀྱང་འཛིན་པར་འདོད་པ་མ་
ཡིན་ན་མི་རིགས་པའི་ཕྱིར་རོ། །འདོད་པ་གྲུབ་པ་ཡང་དངོས་སུ་བ་མ་ཡིན་ཏེ། དུ་བ་ནི་མེད་ན་མེ་འབྱུང་བ་ཉིད་ཀྱི་ཕྱིར་ཤེས་པའི་སྒོ་ནས་རིག་པར་བྱེད་པ་ཡིན་གྱི་དོན་གྱི་ཤེས་པ་ནི་དེ་ལྟ་མ་ཡིན་ཏེ། བསྒྲུབ་བྱ་མངོན་སུམ་མ་ཡིན་པ་ཉིད་ཀྱིས་དེ་མེད་ན་མི་འབྱུང་བས་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་མ་ཤེས་
པའི་དོན་ལ་སུ་ཞིག་གིས་ཀྱང་བློ་དམིགས་པ་མ་ཡིན་ཏེ། དོན་ཤེས་ན་ནི་རྗེས་སུ་དཔག་པ་ལས་བློ་རྟོག་པ་ཡིན་ནོ་ཞེས་ཤེས་པའི་དོན་ཅན་མ་ཡིན་ནོ། །གང་གི་ཕྱིར་ཚད་མ་ནི་ཡོད་ལ་གཞལ་བྱ་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པའོ། །འགྲེལ་པར་ནི་དོན་གྱི་རྣམ་པ་གཅིག་ཤེས་
པ་ན་རྣམ་པ་གཞན་བསྒྲིབས་པ་ཡིན་པ་ལ་བརྒལ་བའི་བསལ་བས་དེ་ལྟ་ན་དོན་ཇི་ལྟ་བ་བཞིན་དུ་རིག་པར་མི་འགྱུར་རོ་ཞེས་བསྟན་པ་ནི་གཅིག་ཏུ་སྟེ་དོན་གྱིའོ། །རྣམ་པ་གཉིས་དང་ལྡན་པ་སྔ་ན་ཡོད་པ་ལ་ཚད་མ་མེད་པའི་ཕྱིར་མ་མཐོང་བའི་ལོག་པར་སྟོན་པ་ཡིན་གྱི་བསྒྲིབས་པ་མ་ཡིན་པར་
བསྟན་པ་ནི་རབ་རིབ་ལྟ་བུར་ཞེས་བྱ་བའོ། །རབ་རིབ་ནི་ཟླ་བ་གཅིག་ལ་རྣམ་པ་གཉིས་སུ་མཐོང་བར་བྱེད་པས་བརྫུན་པ་ཡིན་པ་དེ་བཞིན་དུ་མ་མཐོང་བ་ཡང་གཅིག་ཉིད་ལ་གཉིས་ཀྱི་རྣམ་པར་རོ་ཞེས་བསྟན་པ་ནི། ཟླ་བ་གཉིས་ཉིད་ཅེས་བྱ་བའོ། །དོན་གྱི་དབང་གིས་མ་ཡིན་ནོ་ཞེས་བྱ་བ་ནི་
เล่ม ๑๘๑ · หน้า 159b
བརྫུན་པ་ཉིད་ཀྱི་ཕྱིར་རོ། །དེ་བསྟན་པ་ནི་མ་མཐོང་བ་ཉིད་ཀྱིས་ཞེས་བྱ་བའོ། །མེད་པ་མཐོང་བར་མི་ནུས་པ་ནི་ཡོད་པ་བསྒྲིབས་པ་དང་མཚུངས་པ་ཡིན་པར་བསྟན་པ་ནི་རུང་བའི་ཡུལ་ན་ཞེས་བྱ་བའོ། །ཡོད་པ་ལ་དམིགས་པའི་བདག་ཉིད་ཀྱིས་ལོངས་སྤྱོད་པ་གཞན་དུ་མི་འཐད་པས་
རྟོགས་པར་བྱ་བའི་མ་མཐོང་བ་ནི་ལོངས་སྤྱོད་པའི་བདག་ཉིད་མ་ཡིན་པ་བསྒྲིབས་པའི་འབྲས་བུར་མི་འཐད་པ་ཡིན་པར་བསྟན་པ་ནི། དེ་ལ་ཞེས་བྱ་བ་སྟེ་ཇི་ལྟར་རིག་པར་བྱེད་པ་ཡིན་ཞེས་བྱ་བར་སྦྱར་རོ། །ཆེས་འདོད་པའི་རིག་པའི་གོ་བྱ་ལས་ཕྱིན་ཅི་ལོག་ཏུ་བྱེད་པ་མ་ཡིན་ཏེ། ཚད་མ་མེད་
པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བསྡུ་བ་ནི་གནས་སྐབས་ཀྱི་དབང་དུ་བྱས་པའོ། །ལས་ནི་ལས་གཞན་དང་འབྲེལ་པས་རང་ཉིད་ཀྱིས་ཉམས་སུ་མྱོང་བ་སྐྱེད་པར་བྱེད། འགའ་ལ་ནི་སྒྲིབ་པར་བྱེད་པ་ལས་ཀྱི་ཕྱེད་མྱོང་ནས་ལས་གཞན་བར་དུ་གཅོད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ་
གོམས་པའི་དབང་གིས་འབྱུང་བར་མཐོང་ཞེས་བྱ་བ་སྟེ། གོམས་པའི་བདག་ཉིད་ཀྱི་ལས་རིག་པར་བྱེད་པ་ནི་ཚད་མ་ཅན་ཡིན་ལ། སྣ་ཚོགས་ལ་སོགས་པའི་བསྟན་བཅོས་ཀྱི་ནི་མ་ཡིན་ཏེ། འབྲས་བུ་དེའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པར་ཉམས་སུ་མྱོང་བ་མེད་པའི་ཕྱིར།
སྒྲ་ཉིད་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། མངོན་དུ་བྱེད་པ་དང་འབྲེལ་པ་དག་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཙམ་ནི་སྐྱེས་བུས་མ་བྱས་པ་ཉིད་མ་ཡིན་པ་ལ་ཡང་དོན་ལ་ཐེ་ཚོམ་ཟ་བའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་ཞིང་སྒྲ་ནི་འདི་ཚད་མ་ཉིད་མ་ཡིན་པ་ལས་འདས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །གོམས་པའི་བདག་ཉིད་ཀྱི་ལས་ཀྱང་དེ་ལས་གཞན་པས་བར་ཆོད་པས་རང་གི་འབྲས་བུ་རིག་པ་སྐྱེད་པར་བྱེད་པ་ནི་སྒྲིབ་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་ཉིད་ཅེས་བྱ་བའོ། །དེ་ལྟ་བུའི་མཐོང་བ་ནི་རིག་པའི་བདག་ཉིད་ཀྱིས་དོན་གྱི་སྐྱེད་བྱེད་ཉིད་ཡིན་གྱི་རིག་པ་མ་ཡིན་པ་རིག་པར་བྱེད་པ་མ་
ཡིན་པར་བསྟན་པ་ནི་གྲུབ་པ་ཉིད་ཅེས་བྱ་བའོ། །དེ་ཉིད་བསྟན་པ་ནི་བག་ཆགས་སྟོབས་ལས་ཞེས་བྱ་བའོ། །བག་ཆགས་ནི་རྟོག་པའི་སྐྱེད་བྱེད་ཡིན་གྱི། དོན་གྱི་ནི་མ་ཡིན་ཞེས་ཟེར་བ་ནི་གལ་ཏེ་དོན་ནི་ཞེས་བྱ་བའོ། །དེ་ལྟར་ནི་འདོད་པ་དང་མི་འདོད་པ་ཉིད་ཀྱིས་སོ། །མཚམས་སྦྱོར་
เล่ม ๑๘๑ · หน้า 160a
མེད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱང་ནི་དོན་གྱི་བློ་རྣམས་ཀྱང་ངོ་ཞེས་རིམ་པ་གཞན་དུ་སྦྱར་བའམ། དེ་ལ་འང་སྟེ་དོན་ལ་ཡང་ངོ་། །དེའི་ཕྱིར་ཇི་ལྟར་ཉམས་སུ་མྱོང་བ་སྟེ། ཇི་ལྟར་རིག་པའི་ངོ་བོར་ཤེས་པའི་བདག་ཉིད་
ཡིན་པའི་ཕྱིར་རང་ཉིད་ཉམས་སུ་མྱོང་སྟེ་རིག་པའི་ངོ་བོའོ། །ཇི་ལྟར་ཉམས་སུ་མྱོང་བ་ཡིན་ཞེས་ཟེར་བ་ལ། ཉམས་སུ་མྱོང་བ་མཆོག་ཏུ་འཛིན་པ་ནི་གང་ཕྱིར་ཞེས་བྱ་བའོ། །འདིའི་ནི་ཉམས་སུ་མྱོང་བའིའོ། །ཕྱིའི་དོན་ལ་ཡང་ཞེས་བྱ་བ་ཡང་ཞེས་བྱ་བ་ནི་ཐ་དད་པར་ཁས་ལེན་པ་ནའོ། །
དེ་སྟེ་དོན་རིག་པ་ལའོ། །རང་རིག་པ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་ངོ་བོའོ། །ཇི་ལྟར་རིག་པས་ནི་རིག་པ་ཁོ་ནར་འགྱུར་ན་ཐ་དད་པ་ལས་དོན་རིག་པར་ཇི་ལྟར་འགྱུར་ཞེས་ཟེར་བ་ལ་འདི་ལ་ཡང་ཉམས་སུ་མྱོང་བའི་རང་རིག་པ་ལ་ཤེས་པའི་ཉམས་སུ་མྱོང་བ་བོར་ནས་ཕྱི་རོལ་ཉིད་རྟོགས་པ་
ཡིན་ནོ་ཞེས་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའོ། །ཤེས་པ་ནི་ཤེས་པའི་བདག་ཉིད་དོ། །འདིའི་ནི་རང་གི་ངོ་བོའོ། །ཀུན་དུ་སྣང་བ་ནི་འདྲ་བ་ཉིད་དོ། །ཅི་ལས་ཤེ་ན་གང་གི་ཕྱིར་ཞེས་བྱ་བ་སྟེ། དེའི་ཕྱིར་ཡུལ་དུ་སྣང་བའོ་ཞེས་བྱ་བ་ནི་རྒྱུ་ཡིན་པའི་
ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །སྡུག་གུ་ལ་སོགས་པ་ནི་བདེ་བ་ལ་སོགས་པ་ཉིད་ཀྱིས་ཏེ། འདི་ནི་ཉེ་བར་མཚོན་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །རྣམ་པ་ཐ་དད་པས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྟེ་ཉེ་བར་བརྟགས་པའོ། །
རྣམ་པ་ཐ་དད་པ་མེད་པའི་ངོ་བོ་ཡིན་པས་འཛིན་པའི་རྣམ་པ་ནི་རང་རིག་པར་རུང་བའི་ངོ་བོར་ཐ་མི་དད་ཀྱང་ཉེ་བར་བཏགས་པ་ཉིད་ཀྱིས་རྣམ་པར་གཞག་པར་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་ལ་ཀུན་ལ་ཞེས་བྱ་བ་སྨོས་སོ། །སྔོན་པོ་ཞེས་དོན་གྱི་ཁྱད་པར་གྱི་ངེས་པ་བྱུང་བ་ནི་ཉམས་སུ་མྱོང་བའི་ཆའི་ཁྱད་པར་
སྔར་ཉམས་སུ་མྱོང་བ་ལ་རག་ལས་པ་ཡིན་གྱི་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་རང་མཚན་ཉིད་ཀྱིས་དབྱེ་བ་ལ་རིག་པའམ་ངེས་པ་ལ་ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཚོགས་པ་གཅིག་ལས་རག་ལས་པ་ཉིད་ཀྱི་ཁྱད་པར་གྱིས་དེ་མི་རིགས་པས་རིག་པར་བྱ་བ་མ་
เล่ม ๑๘๑ · หน้า 160b
ཡིན་ཞིང་ཡོད་པ་ཙམ་གྱིས་ཀྱང་ཁྱད་པར་མེད་པ་མ་ཡིན་ཏེ་ངོ་བོ་ལ་དབྱེ་བ་མེད་པའི་ཕྱིར་རོ། །རང་གི་མཚན་ཉིད་ཐ་དད་པའི་རྒྱུ་ཉིད་ཀྱང་དེ་ལས་གཞན་པ་ལས་ངོ་བོ་ཐ་དད་པ་བྱེད་པ་མ་ཡིན་ཏེ། དེའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ཁྱད་པར་མེད་ན་རིག་པར་བྱ་བ་མ་ཡིན་ལ། རིག་
ན་ཡང་རྣམ་པའི་ཁྱད་པར་ཐོབ་པར་འགྱུར་བ་དེའི་ཕྱིར། རྣམ་པ་མེད་པའི་ཁོ་བོ་ཅག་གི་བློ་ཞེས་བྱ་བ་ནི་མ་ཡིན་ནོ། །ཉེ་བ་གང་གིས་དོན་ཉིད་ཀྱི་རྣམ་པ་བདག་གིར་བྱེད་པ་དེ་ཉིད་ཀྱིས་དེ་རིག་པར་བྱེད་པར་འགྱུར་ན་རྣམ་པས་ཅི་ཞིག་བྱ་བ་འདི་ཡང་ལེགས་པ་མ་ཡིན་ཏེ་གཟུང་བའི་རྣམ་པ་རིག་པ་
ནི་འཛིན་པ་ཉམས་སུ་མྱོང་བ་འདི་ལས་སོ་ཞེས་བྱ་བ་ནི་མི་རིགས་པ་ཁོ་ན་ཡིན་པའི་དོན་ཏོ། །རྣམ་པ་ཡང་ཤེས་པ་ལ་གནས་པ་མ་ཡིན་ནམ། གཞན་གྱི་དོན་དུ་དོན་རྣམ་པར་གཞག་པར་བྱེད་པ་ཇི་ལྟར་མ་ཡིན་ཞེས་ཟེར་བ་ལ། གང་ཕྱིར་ཞེས་བྱ་བ་སྨོས་སོ། །རྣམ་པ་ནི་རང་ལས་ཐ་དད་པ་མེད་པས་
དོན་རིག་པར་སྒྲོ་བཏགས་པ་མ་ཡིན་ཏེ། འོན་ཀྱང་རང་ཉིད་ཀྱི་རྗེས་སུ་མཐུན་པ་ངེས་པས་ཐ་དད་པར་རྣམ་པར་འཇོག་པར་བྱེད་ཀྱི་འཛིན་པའི་རྣམ་པ་ནི་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དོན་གྱི་བདག་ཉིད་ནི་རྣམ་པའོ། །གནས་པ་ནི་ཉེ་བའོ། །འདི་ནི་ཞེས་བྱ་བ་རྣམ་པ་ནི་ཚད་མ་ཡིན་ལ། དོན་
ངེས་པ་ནི་འབྲས་བུ་ཡིན་གྱི་རང་ཉིད་ཀྱི་རིག་པ་ནི་མ་ཡིན་པ་ཡིན་ནམ་ཞེས་ཟེར་བ་ལ་བདག་ཉིད་རིག་པ་ཡིན་ཞེས་བྱ་བ་ནི་བདག་ཉིད་རིག་པ་ལས་ཏེ། རིག་པ་མ་ཡིན་པ་ལ་ངེས་པའི་མི་རིགས་པའི་ཕྱིར་རོ། །རྣམ་པའི་བདག་ཉིད་རིགས་པ་ནི་དོན་རིག་པ་གཞན་མེད་པའི་ཕྱིར་རོ། །འབྲས་བུ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དོན་དང་ཤེས་པ་དང་དེ་དག་དང་འབྲེལ་པ་ཅན་གྱི་བློ་ནི་མ་ཡིན་ཏེ་ཉམས་སུ་མྱོང་བ་མ་ཡིན་པར་བསྟན་པ་ནི། དོན་བདག་སྣང་བ་མ་ཡིན་པ་ཞེས་བྱ་བའོ། །ཕྱི་རོལ་ནི་རྗེས་སུ་དཔག་པ་ལས་བཞིན་དུ་མངོན་སུམ་
ལ་ཡང་སྣང་བཞིན་པ་མ་ཡིན་པ་ཉིད་ཡུལ་དུ་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་གང་གི་ཕྱིར་ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་ཡུལ་ཉིད་ནི་ངོ་བོར་སྣང་བ་ཡིན་གྱི་གཞན་ཞིག་གཞན་དུ་ངེས་པ་ནི་མ་ཡིན་ཏེ་དེ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་དེ་ཉིད་གཙོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ནི་ཕྱི་
เล่ม ๑๘๑ · หน้า 161a
རོལ་མ་ཡིན་པའོ། །རང་རིག་པ་ནི་རང་གི་ངོ་བོ་རིག་པ་སྟེ། མངོན་སུམ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཐབས་ཡིན་པ་དང་དང་པོར་རིག་པར་ཁས་བླངས་པ་ནི་མ་ཡིན་ནོ། །རང་རིག་པ་ནི་དོན་རྣམ་པར་ངེས་པས་རྣམ་པར་ངེས་པའི་ཡང་རྒྱུ་མཚན་ནི་རྣམ་པ་ཡིན་ལ། དོན་
རིག་པའི་ཡང་ངེས་པར་བྱེད་པའི་ངེས་པར་བྱེད་པ་གཅིག་པ་ཉིད་དུ་སྒྲོ་བཏགས་པ་ཡིན་པར་བསྟན་པ་ནི། དེའི་ཞེས་བྱ་བ་ནི་རང་རིག་པའི་སྟེ་ངེས་པ་དོན་དུ་སྒྲོ་བཏགས་པའིའོ། །བློ་ལ་ནི་གནས་དོན་ཞེས་བྱ་བ་ནི་རང་རིག་པའི་རྣམ་པའོ། །སྒྲུབ་བྱེད་ནི་ངེས་པ་ཅན་གྱི་ངེས་པ་སྒྲུབ་པར་བྱེད་པའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་བྱ་བ་ཉིད་ནི་དབང་པོ་ལས་འདས་པའི་བྱ་བ་དང་། དེའི་འབྲས་བུ་ལ་སོགས་པའི་རྟོག་པ་ནི་ཚད་མ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་དེའི་ཞེས་བྱ་བའི་བཤད་པའོ། །རྣམ་པས་བྱས་པའི་རིག་པས་རྣམ་པ་གཞན་མི་གནས་པ་སྟེ། ངེས་པར་འགྱུར་
བ་མ་ཡིན་ནམ་ཞེས་ཟེར་བ་ལ་ཇི་ལྟར་དོན་དེ་ནི་གནས་པ་ཞེས་བྱ་བ་སྟེ། རང་རིག་པའི་དུས་ཀྱི་རྣམ་པ་ཡིན་ལ་དེ་བཞིན་དུ་དོན་ཉེ་བའི་དུས་ན་ཡང་གསལ་བས་ངེས་པ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བཤད་པ་ནི་དེའི་རང་བཞིན་དུ་ཞེས་བྱའོ། །དོན་ཉེ་བའི་དུས་ན་ཡང་རྣམ་པ་ཡོངས་སུ་འདོར་ན་དོན་ཇི་
ལྟར་རིག་པ་ཡིན་ཞེས་ཟེར་བ་ལ་དེའི་བདག་ཉིད་ཕྱིར་ཏེ། རྣམ་པའི་ངོ་བོས་དོན་གནས་པ་སྟེ། རྣམ་པར་འཇོག་པའམ་ཐ་སྙད་ལས་སོ་ཞེས་བྱ་བ་ཡང་ངོ་། །དེ་ལྟ་ན་འོ་ན་ཞེས་བྱ་བ་ལ་སོགས་པའི་འབྲེལ་པ་ཡང་ཡུལ་གྱི་དབྱེ་བ་དང་དེའི་ལན་གྱི་སྒོ་ནས་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །
རང་རིག་ཡང་ཞེས་བྱ་བ་ནི་ཉེ་བའི་དུས་ན་ཡང་རང་གི་རྣམ་པ་ཙམ་ཡུལ་ཡིན་པའི་ཕྱིར། དོན་རིག་པ་ཡིན་ཏེ་རྣམ་པའི་རིག་པ་ཇི་ལྟ་བ་བཞིན་དུ་དོན་ཁས་བླངས་པའི་ཕྱིར་རོ། །གཉི་ག་ཡང་ཞེས་བྱ་བ་ནི་ཚད་མ་དང་འབྲས་བུའོ། །དེ་ཉིད་ཅེས་བྱ་བ་ནི་ཕྱི་རོལ་དང་དོན་དམ་པ་ལས་ཡང་དེ་དག་གི་
ཡུལ་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གནས་པའི་ཕྱིར་ཡུལ་ཐ་དད་པ་མ་ཡིན་ནོ། །དེ་ལྟ་ན་ཕྱི་རོལ་ཉིད་དུ་བྱ་བ་ཡིན་པའི་ཕྱིར། ཕྱི་རོལ་རིག་པ་ཉིད་ཡིན་ན་རང་རིག་པས་ཅི་ཞིག་བྱ་ཞེས་ཟེར་བ་ལ་རང་རིག་ཅེས་བྱ་བ་སྟེ་ཉེ་བའི་དུས་ནའོ། །གང་ལས་
เล่ม ๑๘๑ · หน้า 161b
ཤེ་ན་དེའི་བདག་ཉིད་ཕྱིར་ཏེ། རྣམ་པ་ཇི་ལྟ་བ་བཞིན་དུ་རང་རིག་པ་ནི་དོན་རིག་པ་ཡིན་པའི་ཕྱིར་རོ། །དོན་རིག་པ་དེའི་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར་འདི་ལྟར་དོན་བདག་སྣང་བ་ཡིན་ཞེས་བྱ་བ་འགལ་བའི་ཕྱིར་ཤེས་པའི་རིག་པ་ཁོ་ན་དོན་གྱི་རིག་པ་མ་
ཡིན་ཏེ་གཞན་ཉིད་ཡིན་ན་གཞན་དུ་མི་འཐད་པ་ཡང་དེ་མེད་ན་ནི་ཇི་ལྟར་ཡིན། ཡོད་ན་ནི་རྟོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དོན་དམ་པ་ན་ཞེས་བྱ་བའི་འགྲེལ་པ་ནི་དོན་རིག་པ་དེའི་བདག་ཉིད་དང་རང་རིག་པའི་ཚད་མ་ཉིད་དང་དོན་གྱི་ཡུལ་ཉིད་མེད་པ་རྣམས་བསྟན་པ་
ཡིན་ནོ། །བདག་ཉིད་དང་ཅིག་ཤོས་རིག་པ་ཉིད་ཀྱིས་ངེས་པ་དང་ཅིག་ཤོས་དག་ཏུ་འགལ་བ་མ་ཡིན་ཏེ། ཤེས་པ་དང་ཤེས་པ་མ་ཡིན་པ་ཉིད་གཞན་དུ་རྣམ་པར་དབྱེ་བ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་ན་ཞེས་བྱ་བའོ། །སྔོན་པོའི་རྣམ་པའི་ཤེས་པའི་གཉུག་མ་ཉིད་ཡིན་ན་སེར་པོ་ལ་
སོགས་པའི་རྣམ་པ་ཉིད་མི་འགྱུར་རོ་ཞེས་ཟེར་བ་ནི་རྣམ་པ་དུ་མ་ཅན་ཞེས་བྱ་བ་སྟེ། བག་ཆགས་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །རྣམ་པའི་བདག་ཉིད་རིག་པས་དོན་ནོ་ཞེས་ངེས་པ་ཡིན་ཡང་དོན་གཞལ་བྱ་ཉིད་ཇི་ལྟར་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའི་དགོས་པའི་དོན་ནོ། །
དོན་ནོ་ཞེས་ངེས་པར་རིག་པར་བྱེད་པའི་ཤེས་པ་ནི་དོན་གྱི་འབྲས་བུ་ཡིན་པར་བསྟན་པ་ནི་དེ་ལྟར་སྣང་བ་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པ་རྣམ་པ་ཉིད་ཀྱི་དོན་ནོ་ཞེས་པ་ཉིད་ཀྱི་ཕྱིར་འཛིན་པར་བྱེད་པ་ཉིད་བཞིན་དུ་འབྲས་བུ་ཉིད་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །དོན་ཡང་ངོ་ཞེས་བྱ་བ་འདི་ཡང་རྩ་བ་ཉིད་མ་ཡིན་
ཏེ། ངེས་པར་རྣམ་པར་འཇོག་པར་མི་བྱེད་པའི་ཕྱིར་ངེས་པར་གཟུང་བའི་དོན་མ་ཡིན་པར་བསྟན་པ་ནི། གལ་ཏེ་ཡང་ཞེས་བྱ་བ་སྟེ། དོན་ཙམ་ལ་ངེས་པ་ཡིན་གྱི་ཁྱད་པར་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །ཁྱད་པར་བཞིན་དུ་དེ་ཙམ་ཡང་ངེས་པ་ནི་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་
བ་ནི་གལ་ཏེ་ཞེས་བྱ་བ་སྟེ། སྨིག་རྒྱུ་ལ་ཆུར་སྣང་བ་ནི་ཆུའི་བག་ཆགས་ཀྱི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ལོག་པར་རྟོགས་པ་མེད་དེ། གཞན་དུ་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་རྒྱུ་ཡིན་ནོ་ཞེས་བྱ་བར་མི་འཛིན་པ་ནི་དོན་འཛིན་པ་ཡིན་ནོ། །ཇི་ལྟར་རྣམ་པ་འགའ་ཞིག་ལྟར་ཞེས་བྱ་བ་
เล่ม ๑๘๑ · หน้า 162a
ནི་དོན་མེད་ཀྱང་བག་ཆགས་ལས་འབྱུང་བའི་ཕྱིར་རོ། །བདེན་ཞེས་བྱ་བ་ནི་བག་ཆགས་ཙམ་ལས་བྱུང་བ་ཉིད་དོ། ཁས་བླངས་པ་སྒྲུབ་པར་བྱེད་པ་ནི་དོན་ཉེ་བར་གནས་པའི་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཉེ་བའོ། །འཛིན་པ་མ་ཡིན་པ་ནི་འཛིན་བྱེད་མ་ཡིན་པ་སྟེ།
དེའི་ཡུལ་ཉིད་མ་ཡིན་ན་དེར་སྣང་བ་ནི་བག་ཆགས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་ཞེས་བྱ་བ་དངོས་པོ་ལས་གཞན་མེད་དེ། ཡུལ་ལ་ཡང་ཡུལ་གཞན་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ཟེར་བ་ན་ཡུལ་གཞན་དུ་མཐོང་བ་ཞེས་བྱ་བའོ། །དེའི་དུས་ཉིད་ནི་མེད་པའི་བག་ཆགས་ལས་བྱུང་བ་ཡིན་པར་
བསྟན་པ་ནི་ཡུལ་གཞན་ཡང་ཞེས་བྱ་བའོ། །དེའི་དུས་ཉིད་ཀྱང་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་གང་ལ་ཡོད་པ་ཞེས་བྱ་བའོ། །ཡུལ་དང་དུས་ཀྱི་ངེས་པ་མེད་ན་དངོས་པོ་ཞེས་བྱ་བ་མེད་པར་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །གང་ན་ཡང་ནི་ཡུལ་ལའམ་དུས་ལའོ། །ཡུལ་
ལ་སོགས་པ་རྣམ་པར་མ་བཅད་པའི་དངོས་པོ་ཡོད་པ་ཡིན་ཏེ། སྣང་བའི་འབྲས་བུ་སྐྱེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་གདོན་མི་ཟ་བར་ཞེས་བྱ་བ་ནས་རྟོགས་སོ་ཞེས་བྱ་བའི་བར་དུའོ། །འོ་ན་མ་མཐོང་བ་ཞེས་བྱ་བ་ནི་ཡུལ་པཎ་ཌི་དང་ཡུལ་མ་ཐུ་ར་ལ་སོགས་པ་མ་མཐོང་བ་གང་གིའམ་རྨི་ལམ་དུ་སྣང་བ་ཡང་
ངོ་། །རང་ཉིད་ཀྱིས་མཐོང་བ་ཉིད་དུ་ཁྱད་པར་མེད་པས་ཐམས་ཅད་ལ་ཐམས་ཅད་སྣང་བར་འགྱུར་བར་བསྟན་པ་ནི་མ་མཐོང་བར་ཡང་ཞེས་བྱ་བ་སྟེ་དོན་ཐམས་ཅད་ཅེས་བྱ་བར་སྦྱར་རོ། །ཐམས་ཅད་ནི་སྐྱེས་བུ་སྟེ། ཡུལ་ལ་སོགས་པ་ཤེས་པའི་ལྷན་ཅིག་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གནས་
སྐབས་ཀྱི་ཁྱད་པར་ཡིན་ཟེར་བ་ནི་རབ་རིབ་ལ་སོགས་ཞེས་བྱ་བའོ། །དེ་ཉིད་ནི་མཐོང་བ་ཉིད་ཅེས་བྱ་བ་དང་སྦྱར་རོ། །སྣང་བས་ཞེས་བྱ་བ་ནི་མཐོང་བས་ཞེས་བྱ་བ་དང་སྦྱར་རོ། །འདི་ཉིད་ཅེས་བྱ་བ་ནི་རབ་རིབ་ཅན་གྱིས་མཐོང་བས་སོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་རུང་བའི་ཡུལ་ན་གནས་པ་མ་
གཏོགས་པར་མ་མཐོང་ངོ་ཞེས་བྱ་བའི་རྒོལ་བ་པོ་དག་ནི་ནུས་པ་མ་གཏོགས་པར་རོ། །དེ་ཉིད་ཅེས་བྱ་བ་ནི་སྣང་བཞིན་པའོ། །དོན་ཉིད་ཅེས་བྱ་བ་ནི་དོན་བྱེད་པར་ནུས་པ་ཉིད་དོ། །དེ་ལྟ་བུར་གྱུར་པ་ནི་དོན་བྱེད་པས་ནུས་པའོ། །ཐམས་ཅད་དེ་ལྟར་ཞེས་བྱ་བ་ནི་ནུས་པར་མངོན་པར་འདོད་པ་ཡང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด