ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๑ · หน้า 162b
ངོ་། །ནུས་པས་དོན་ཉིད་ཡིན་པ་ནི་ཤེས་པ་ཉིད་ལ་ཡང་འགལ་བ་མེད་ལ། གཟུང་བ་ཉིད་ཀྱི་དོན་ཉིད་ཡིན་ན་རབ་རིབ་ལས་བྱུང་བ་ལ་ཡང་འགྱུར་རོ། །དེ་ཉིད་དུ་ཡོད་པ་ལས་གནོད་པར་བྱ་བ་ཉིད་དམ་སླུ་བ་ཉིད་མ་ཡིན་ཏེ། དེ་ཉིད་ཀྱི་ཚེ་མི་སླུ་བའི་ཕྱིར་ཕྱིས་དེ་མེད་པ་ནི་དེ་ཉིད་མ་ཡིན་ནོ། །དེས་ན་
ཐམས་ཅད་མཚུངས་པའམ་ཅིག་ཤོས་ཀྱང་རུང་བ་ཡིན་ཏེ། སྐྱེས་ནས་ཞིག་པ་ནི་རྒྱུན་གྱི་རྒྱུ་མེད་པ་ཡིན་གྱི་མེད་པས་ནི་མ་ཡིན་ཏེ། ཡོད་པ་ནི་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་དེ་ལྟ་བུ་མ་ཡིན་ཞེས་བྱ་བ་ཡང་དེའི་རང་གི་ངོ་བོར་རྟོག་པ་ཙམ་ནི་འགལ་བ་ཅན་མ་ཡིན་ཏེ་དེ་ལྟར་བརྗོད་ཀྱང་
དེ་ལས་མ་འདས་པའི་ཕྱིར་རོ། །འཇུག་པ་མེད་ཀྱང་དེ་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་ཡང་དོན་དུ་གཉེར་བའི་དགོས་པ་ལས་དེའི་ངོ་བོ་དང་ཅིག་ཤོས་ཀྱིས་བྱས་པའི་ཚད་མ་དང་ཅིག་ཤོས་ཉིད་ནི་ཤེས་པ་ཉིད་ལ་ཡང་ཡིན་ནོ་ཞེས་བསྟན་པ་ནི་མཐོང་བ་པ་མ་གཏོགས་པའི་ཞེས་བྱ་བའོ། །ཁྱད་པར་
ནི་རབ་རིབ་ལས་གཞན་པ་ལས་སོ། །གཞན་གྱིས་བྱ་བ་ནི་མི་གཞན་གྱིས་ཏེ་སོགས་པ་ཞེས་བྱ་བ་ནི་མི་སྣང་བ་ཡང་ཐུན་མོང་བ་དང་ཅིག་ཤོས་ཉིད་ཅེས་བྱ་བའི་དོན་ཏོ། །དང་པོ་དང་གཟུང་བ་ལ་ཡོད་པ་དང་། མེད་པར་ཐེ་ཚོམ་ཟ་བ་ནི་ཕྲད་པའི་ཤེས་པ་ལ་ཡང་མཚུངས་ཏེ། ཁྱད་པར་མ་
མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི་ཅི་ལྟར་ཞེས་བྱ་བའོ། །རང་ཉིད་ལས་ཞེས་བྱ་བ་ནི་མཐོང་བ་ཉིད་ཐེ་ཚོམ་ཟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་རབ་རིབ་ལས་བྱུང་བ་ལ་ཡང་མཐོང་བ་ཡོད་པའི་ཕྱིར་རོ། །དེ་ནི་འདི་ལྟར་ངེས་པའི་ཡུལ་ཅན་ལ་ཡང་མེད་པའི་ཡུལ་ཅན་ཉིད་
དུ་མཐོང་བའི་ཕྱིར་ཅིག་ཤོས་ལ་ཡང་དེ་ཉིད་དུ་ཐལ་བར་བྱེད་པ་དང་། རྒྱུའི་སྐྱོན་ཤེས་པས་བརྫུན་པ་ཉིད་དང་། སྐྱོན་མེད་པའི་ཤེས་པས་ཀྱང་ཡང་དག་པ་ཉིད་དང་། དེ་ལྟའི་རྒྱུའི་སྐྱོན་རྣམས་ལས། །གང་ཞིག་གང་ལ་ཐེ་ཚོམ་འགྱུར། །དེ་ཉིད་ཡོད་དམ་མེད་པའི་ཕྱིར། །དེ་ལ་ཡང་དག་
དང་བརྫུན་བློ། །ཞེས་བྱ་བ་ནི་མི་རིགས་པར་བསྟན་པ་ནི་འོན་ཏེ་རྒྱུ་ནི་ཞེས་བྱ་བ་ལ་སོགས་པའོ། །དེའི་ཤེས་པ་ནི་རྒྱུ་དག་པ་ཉིད་ཀྱིས་ཤེས་པ་ཡང་ངོ་། །ཕྱི་རོལ་ལས་སྐྱེས་པ་ཉིད་ཤེས་པར་དཀའ་འོ་ཞེས་བྱ་བ་འཐད་པར་བྱས་ནས་བག་ཆགས་ལས་བྱུང་བ་ཉིད་ཤེས་པར་སླ་བར་བསྟན་པ་ནི་བག་
เล่ม ๑๘๑ · หน้า 163a
ཆགས་ལས་ཞེས་བྱ་བའོ། །རྣམ་པར་གནས་ཞེས་བྱ་བ་ནི་ཆུ་མ་མཐོང་བ་ལ་ཆུའི་ངེས་པ་མི་འབྱུང་བའི་ཕྱིར་རོ། །ཤེས་པ་ཅན་གྱི་བསྐྱེད་བྱ་ཉིད་དུ་ཉེ་བར་ལེན་པ་ཐ་མི་དད་པ་ནི་རྣམ་པར་རྟོག་པ་དང་ཅིག་ཤོས་དག་ངེས་པ་མེད་པ་དང་ཅིག་ཤོས་སུ་འཛིན་པ་དག་ལ་ཅིག་ཅར་ཉེ་
བར་བླང་བ་ཉིད་དུ་འགལ་བ་ཡང་མ་ཡིན་ཏེ། བག་ཆགས་ཀྱི་ཁྱད་པར་ཉེ་བར་ལེན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ལྟ་བུར་ལེན་གདབ་པར་སླ་བ་ཡིན་པར་བསྟན་པ་ནི། ཐོག་མེད་འབྲེལ་པ་ཡིན་པར་ནི། །ཞེས་བྱ་བའོ། །བག་ཆགས་དང་འབྲེལ་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཡང་རང་རིག་པ་
ཙམ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །རང་བཞིན་ལས་ཞེས་བྱ་བ་ནི་གཞན་ཡིན་ན་ཞེས་བྱ་བ་དང་སྦྱར་རོ། །གང་གིས་ཞེས་བྱ་བ་ནི་བེམས་པོ་ཉིད་ཀྱིས་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཉིད་ཅེས་བྱ་བ་ནི་གཞན་མ་ཡིན་པའི་ཕྱིར་འབྲེལ་པ་མེད་ན་དེས་
བྱས་པའི་འབྲེལ་པ་ཅན་མེད་པར་བསྟན་པ་ནི་འབྲེལ་པ་དང་འབྲེལ་པ་ཅན་དག་ཅེས་བྱ་བའོ། །ཕྱི་རོལ་གྱི་ཚུལ་ལ་ཡང་འདི་ལས་འདི་སྐྱེའོ་ཞེས་ངེས་པའི་རྟེན་ཡོད་པ་ནི་སྔ་མ་དང་ཕྱི་མའི་ཁྱད་པར་དང་བཅས་པ་ནི་དུས་ཀྱིས་བྱས་པ་ཡིན་ཡང་རྟོག་པ་མེད་ན་གོ་བ་མ་ཡིན་པར་བསྟན་པ་ནི་བག་
ཆགས་དང་འབྲེལ་པ་ཞེས་བྱ་བ་སྟེ། སྔར་མཐོང་བའི་བསྐྱེད་བྱ་ཉིད་ཁོ་ན་བག་ཆགས་ཀྱི་སྐྱེད་བྱེད་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དྲན་པ་མེད་པ་ནི་རྣམ་པར་རྟོག་པ་མེད་པ་ལ་རྣམ་པར་རྟོག་པ་གཞན་དེ་ཉིད་དུ་རྣམ་པར་འཇོག་པ་ཡིན་པར་བསྟན་པ་ནི་དེ་ལ་ཡང་ཞེས་
བྱ་བའོ། །དེ་ཉིད་འདིར་ཞེས་བྱ་བ་ནི་བསྡུ་བའོ། །འཛིན་པ་མ་ཡིན་ན་ཞེས་བྱ་བ་ནི་རང་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ན་ཡང་འབྲས་བུ་ལ་སོགས་པ་དེ་ཉིད་དེ་ལྟ་མ་ཡིན་པར་བསྟན་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །རྣམ་པར་ཤེས་པ་ཕྱི་རོལ་གང་གི་འབྲས་བུ་ཡིན་པའོ། །དངོས་
པོ་ནི་རྣམ་པར་འཇོག་པར་བྱེད་པ་རྟོག་པར་བྱེད་པ་ཡིན་ཡང་རྣམ་པར་རྟོག་པའི་གོ་བྱ་ཡང་འབྲས་བུའི་དུས་ལས་འདས་པ་བཞིན་དུ་ཡུན་རིང་པོར་འདས་པ་ཡང་ཡིན་ཏེ་རྟོག་པ་མེད་པའི་ཕྱིར་རོ། །དེའི་ནུས་པ་ཡིན་ཡང་དུས་འདས་པས་ཡོད་པ་ཉིད་ཡིན་ཡང་དེ་མ་ཐག་པ་ཡང་རྒྱུ་མ་ཡིན་ཏེ། འབྲས་
เล่ม ๑๘๑ · หน้า 163b
བུའི་དུས་ལས་འདས་པ་དང་ལྷན་ཅིག་ཡོད་པ་དང་རི་བོང་གི་རྭ་ལྟ་བུའོ། །ཡོད་ཀྱང་རེ་ཞིག་དེའི་ཚེ་མ་རྟོགས་པ་དེ་བཞིན་དུ་དེ་མ་ཐག་པ་ཡང་དེ་ཉིད་ཁོ་ནས་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དེ་ལྟར་རྟོགས་པའི་རྒྱུ་ཡིན་ནོ། །དེ་ནི་འདས་ནས་ཡུན་རིང་བ་ལ་ཡང་ངོ་། །དེ་ལ་དེ་མ་ཐག་པ་དེ་ཉིད་
གཞན་གྱི་ནུས་པ་མ་རྟོགས་པའི་ཕྱིར་དེ་མ་ཐག་པ་ཡང་རྒྱུད་ལ་གནས་པས་རྗེས་སུ་འགྲོ་བ་ལ་སོགས་པའི་གོ་ཆ་ཡིན་ལ་འདས་ཀྱང་རྒྱུ་ཡིན་ནོ། །རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པ་ལ་གནས་པ་མ་ཡིན་ཏེ། རྟོགས་པ་མཚུངས་པའི་ཕྱིར་རོ། །དེ་ལ་ཡང་གལ་ཏེ་ནུས་ན་དེའི་ཚེ་ཉིད་བྱེད་པར་
འགྱུར་ལ། མི་ནུས་པ་ཉིད་དེ་ལྟ་ན་དུས་གཞན་དུ་ཡང་བྱེད་པར་ཐལ་འགྱུར་མཚུངས་པ་ཡིན་ཏེ། གནས་པའི་བྱེད་པ་པོ་ཉིད་མ་གཏོགས་པའི་ཕྱིར་རོ། །མཐའི་སྐད་ཅིག་ལ་ཡང་དེའི་ངོ་བོ་ལས་མ་འདས་པའི་ཕྱིར་སྐད་ཅིག་གཞན་དང་གནས་པ་ཉིད་ཀྱི་བྱེད་པ་པོ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་
ནམ་མཐར་གནས་པ་ནི་དུས་དེ་སྙེད་ནི་སྔ་མ་ལ་ལྟོས་པ་ན་བྱེད་པ་པོ་ཉིད་ཇི་ལྟར་མ་ཡིན་པ་དེ་ལས་བྱུང་བ་ཡང་རྟོགས་པའི་ཕྱིར་རྒྱུ་མེད་པ་ཅན་ཉིད་ཀྱི་སྐྱོན་ཡང་མ་ཡིན་ནོ། །དེ་ལ་ཡང་དེ་མ་ཐག་པའི་སྔར་བྱུང་བ་དང་། དེ་ཉེ་བར་བྱེད་པ་ཞེས་བྱ་བ་ལ་ཡང་རྟོགས་པ་མ་ཡིན་པ་དང་། རིགས་པ་
ཡང་མངོན་སུམ་དང་འགལ་བ་ཡིན་ནོ། །ཕྱི་རོལ་ནི་མ་མཐོང་བ་ཉིད་འབའ་ཞིག་ལ་རྒྱུ་མ་ཡིན་པ་མ་ཡིན་གྱི་ངེས་པར་བྱེད་པ་མ་ཡིན་པ་ལས་ཀྱང་ངོ་ཞེས་བསྟན་པ་ནི་དེ་བཞིན་དུ་ཡུལ་དང་ཞེས་བྱ་བའོ། །ཆུ་ལས་ཆུ་དང་ཆུ་མ་ཡིན་པ་ཆུ་ཤེལ་གྱི་ལྷན་ཅིག་པའི་ཟླ་བའི་འོད་ཟེར་གྱིས་འཕོག་པའི་
རྒྱུན་ལས་ཀྱང་ངོ་། །ཆུ་ཉིད་དུ་ཆུ་དེའི་ས་བོན་ཡིན་ལ། རོ་དང་ནུས་པ་ལ་སོགས་པས་ཐ་དད་པས་རིགས་མི་མཐུན་པ་ཉིད་ཅིག་ཤོས་ལ་ཡང་ཡིན་ཏེ། ཡུལ་རེ་རེ་ཞིང་ནང་གི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་བ་ལས་དུ་བ་དང་དུ་བ་མ་ཡིན་པ་རྡུལ་ལྟ་བུ་ཤིང་གི་ཆ་ལས་ཀྱང་ངོ་། །མེ་ལས་
མེ་དང་མེ་མ་ཡིན་པའི་ཤིང་བསྲུབས་པ་ལས་ཀྱང་ངོ་ཞེས་བྱ་བ་ལ་སོགས་པ་ངེས་པ་ཅན་མ་ཡིན་པའི་རྒྱུ་ཉིད་ནི་ཕྱི་རོལ་གྱི་ཚུལ་ལ་རྒྱུ་མ་ཡིན་པའི་དོན་ཏོ། །ཤེས་པའི་ཚུལ་ལས་ནི་དུ་བ་ནི་དུ་བ་ལས་དང་དེའི་བག་ཆགས་ལས་ཀྱང་འབྱུང་ན་དུ་བ་ཉིད་ལས་ཡིན་ཏེ། འདས་པའི་དམིགས་པ་ཅན་གྱི་དུ་
เล่ม ๑๘๑ · หน้า 164a
བ་ཉིད་ཁོ་ན་བག་ཆགས་ཀྱི་མིང་ཅན་ཡིན་པའི་ཕྱིར་དུ་བ་ལས་ཀྱང་འབྱུང་བའམ་དུ་བ་མ་ཡིན་པ་ལས་བཞིན་དུ་དེའི་བག་ཆགས་ཉིད་དེས་སད་པ་ལས་ཞེས་བྱ་བ་ངེས་པ་ཡིན་པར་བསྟན་པ་ནི་རིག་པའི་ཕྱོགས་ལ་ནི་ཞེས་བྱ་བའོ། །ཆུར་སྣང་བ་ཡང་ནི་བདེན་པར་མངོན་པར་འདོད་
པ་སྟེ། སྦྲང་བུའི་ཚོགས་ལ་དུ་བ་ལྟ་བུར་དང་། སྨིག་རྒྱུ་ལ་ཆུ་ལྟ་བུར་འདི་དག་སྔར་དེའི་དམིགས་པ་ལས་བྱུང་བའི་ཕྱིར་རོ། །ཕྱི་རོལ་ཉིད་ཅེས་བྱ་བ་ནི་ཕྱི་རོལ་དུ་ཞེན་པའི་ཡུལ་ཉིད་དུ་འདོད་པ་ཡིན་ནོ། །དེ་བསྟན་པ་ནི་ཕྱི་རོལ་འདི་ནི་ཞེས་བྱ་བའོ། །མིང་ཙམ་ཞེས་བྱ་བ་རིག་པའི་བདག་ཉིད་ཀྱིས་ཤེས་
པ་ཡིན་པའི་ཕྱིར་ཚང་བང་དུ་དུ་བ་མེའི་བསྐྱེད་བྱ་ཉིད་ཡིན་པ་ལྟ་བུའོ། །བག་ཆགས་ཀྱི་འབྲས་བུ་ཉིད་ནི་སྣང་བའོ། །ཤེས་པ་ཉིད་ཡིན་པར་བསྟན་པ་ནི་རྒན་པོས་ཞེས་བྱ་བའོ། །བག་ཆགས་ཀྱི་སྟོབས་ལས་ཀྱང་སྔར་ཉམས་སུ་མྱོང་བའི་ཕྱི་རོལ་ཉིད་ཉམས་སུ་མྱོང་བར་བྱེད་པ་ཡིན་ཏེ། ཉམས་སུ་མྱོང་
བ་ལས་གཞན་མ་གཏོགས་པའི་ཕྱིར་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བསྟན་པའོ། །ཕྱི་རོལ་ཉིད་ཅེས་བྱ་བ་ནི་བཅོས་མའི་དཔེ་ནི་ལྟ་བུའོ། །བག་ཆགས་ལས་བྱུང་བའི་རྣམ་ཤེས་ཡུལ་གཅིག་ཉིད་དུ་རྨི་ལམ་མཐོང་བ་རྣམས་ཀྱི་ཐུན་མོང་བ་མཐོང་བ་ནི། ཡུལ་རུང་ཅན་གྱིས་མི་ཤེས་པས། །རང་གིས་
ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བྱ་བ་བསྟན་པ་ནི་ཐོག་མེད་ཅེས་བྱ་བའོ། །འབྲས་བུ་ཉིད་བག་ཆགས་ལས་བྱུང་བ་ཉིད་ཀྱིས་ཁྱབ་པ་ཡིན་པར་བསྟན་པ་ནི། འབྲས་བུ་ཡིན་ཕྱིར་ཞེས་བྱ་བའོ། །རྨི་ལམ་མཐོང་བ་ཡང་དེ་ཡིན་ལ་འབྲས་བུ་ཡང་དེ་ཡིན་པའོ། །གཙོ་བོ་དང་དབང་ཕྱུག་ལ་སོགས་པ་
ནི་བག་ཆགས་མ་གཏོགས་པར་མཐོང་བའི་ཡུལ་མེད་པར་བསྟན་པ་ནི་གཙོ་བོ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་དུས་ལ་སོགས་པའོ། །ཕ་རོལ་པའི་ལྷག་མ་ནི་ཚད་མས་མ་གྲུབ་པའི་ཕྱིར་རྟོག་པ་དང་ལྡན་པ་ལ་གཤའ་མ་མ་ཡིན་པ་སྟེ། འབྲས་བུའི་འགལ་བ་ཡིན་པར་བསྟན་པ་ནི་དེ་
ལྟ་མིན་ན་ཞེས་བྱ་བའོ། །མི་མཐུན་པའི་ཕྱོགས་ལ་གནོད་པར་བསྟན་པ་ནི་རང་དབང་དུ་ཞེས་བྱ་བའོ། །ལུང་ཕོགས་པ་ལས་དེ་ཡང་རྟོགས་པ་ཡིན་པར་ཟེར་བ་ནི། ལུང་དབོག་བྱེད་པའི་ཞེས་བྱ་བའོ། །ལེགས་པའི་དོན་ནི་དོགས་པ་འབྱུང་བའོ། །གང་གི་ལུང་འཕོགས་པ་གང་ལས་དེ་དེ་ལྟ་བུ་དེའི་
เล่ม ๑๘๑ · หน้า 164b
མི་སྡུག་པ་སྟེ་གཤའ་མ་མ་ཡིན་པ་བྱེད་པ་ཅན་གྱི་ལས་ཡིན་ལ་དེ་ལས་སྐྱེས་པ་ཡིན་པར་ཁས་བླངས་པས་དེ་བྱེད་པ་ཅན་ལས་ཀྱི་སྒོ་ནས་ཕྱིན་ཅི་ལོག་ཏུ་བྱེད་པ་ཡང་རྟོག་པ་དང་མི་ལྡན་པ་ཉིད་ལ་ངེས་པ་ཡིན་པར་བསྟན་པ་ནི་ཅི་རུང་བར་ནི་ཞེས་བྱ་བ་སྟེ། གཤའ་མ་ཉིད་ནི་དངོས་སུ་རིག་པ་ཡིན་པའོ། །གཞན་
དུ་ནི་འདི་ལ་དངོས་སུའམ་བརྒྱུད་པས་ཀྱང་བག་ཆགས་ལྷན་ཅིག་བྱེད་པ་ཉིད་ཡིན་ན། དེ་ཉིད་གཙོ་བོར་འགྱུར་རོ་ཞེས་བསྟན་པ་ནི། བག་ཆགས་སྟོབས་ལས་བྱུང་བ་ཞེས་བྱ་བའོ། །སྔར་བྱུང་བའི་ཤེས་པ་ལ་བརྟེན་ནས་ཕྱིས་འབྱུང་བ་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་ནི་བག་ཆགས་ཞེས་བརྗོད་
ཀྱི་ལྷན་ཅིག་བྱུང་བ་ཙམ་ལས་ནི་མ་ཡིན་ཏེ། ཕན་མི་འདོགས་པའི་ཕྱིར་རོ། །ཡོད་པ་ལ་མ་གཏོགས་པ་ནི་བྱེད་པ་མ་ཡིན་ཏེ། དེ་ལ་ཡང་དེ་མ་གཏོགས་པར་རྒྱུར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལྟར་ཞེས་བྱ་བའོ། །ཟད་པ་མིན་པ་ནི་གནོད་པ་མེད་པའི་ཕྱིར་རོ། །སྐྱེ་དང་འཇིག་པ་
མཚུངས་ན་ཡང་། །ཕན་ཚུན་ལྟོས་པ་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་ཉིད་ཡིན་ཏེ། །དེ་ཡི་བྱེད་ལས་མི་ཕན་ཕྱིར། །ཞེས་བྱ་བས་བར་མ་ཆོད་པར་སྐྱེད་པར་བྱེད་པ་ཉིད་མི་རིགས་ཏེ་གཟུགས་ཀྱིས་གཟུགས་བཞིན་དུ་སྣམ་བུ་ལ་ཡང་ཡིན་ནོ་སྙམ་དུ་སེམས་པ་སེལ་བ་ནི་རྗེས་སུ་འགྲོ་བ་ལ་
སོགས་པའི་རྗེས་སུ་བྱེད་པ་ཅན་བར་དུ་ཆོད་པའི་ཕྱིར་རོ་ཞེས་དགོངས་པས་སོ། །དེའི་ཕྱིར། བུམ་པའི་གཟུགས་ནི་འཇིག་པ་ལས། །དྲི་ལ་སོགས་པ་སྐྱེ་བཞིན་པ། །ཇི་ལྟར་རྒྱུར་ནི་མི་འདོད་པ། །ངོ་བོ་གཞན་ལའང་དེ་བཞིན་ནོ། །ཞེས་བྱ་བ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ། །བདེ་ལ་
གོམས་ལས་བདེ་འབྱུང་བ། །དབང་ཕྱུག་བསྙེན་པས་མ་ཡིན་ནོ། །ཞེས་བསྟན་པ་ནི་ལེགས་པའི་ཐབས་ཀྱིས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་སོ། །དེ་བས་ན་ཞེས་བྱ་བ་ནི་ཤེས་པའི་རྣམ་པ་ཁས་བླངས་པས་དོན་འཛིན་པ་ཡིན་ནོ་དོན་ཞིག་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཁྱོད་ཀྱིས་རྣམ་
པ་མེད་པ་ལ་དོན་འཛིན་པ་མི་སྲིད་པ་རྣམ་པ་དང་འབྲེལ་པར་འགྱུར་བ་ཇི་ལྟར་བརྗོད་ཅེས་ཟེར་བ་ལ་དེའི་བསམ་པ་ཞེས་བྱ་བའོ། །ཤེས་པ་དོན་འཛིན་པ་ཞེས་བྱ་བ་ནི་མཐར་ཐུག་པའི་ཚུལ་ཡིན་ལ། རྣམ་པ་མེད་ན་ཐམས་ཅད་དུ་འཛིན་བྱེད་མ་ཡིན་ཏེ། རྣམ་པ་མེད་པ་ལ་འབྲེལ་པའི་ཕྱིར་རོ། །རྣམ་པ་
เล่ม ๑๘๑ · หน้า 165a
དང་བཅས་པ་ལ་ཡང་དོན་མེད་པ་ཡིན་ལ། ཤེས་པ་དོན་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལེགས་པར་བྱས་པ་མ་ཡིན་ནོ། །ཐ་སྙད་ཅེས་བྱ་བ་ནི་རྣམ་པར་རྟོག་པའམ་སྒྲ་ལ་སོགས་པ་ཡང་ངོ་། །རྣམ་པར་དབྱེར་མེད་ནི་ཐམས་ཅད་རང་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཕྱིན་
ཅི་ལོག་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་ཡིན་ཏེ། དོན་མ་ཡིན་པའི་རང་གི་སྣང་བ་ལ་དོན་དུ་སྒྲོ་འདོགས་པས་འཇུག་པའི་ཕྱིར་རོ། །རྟོག་པ་མེད་པ་ནི་ཕྱིན་ཅི་ལོག་མ་ཡིན་ཏེ། རང་རིག་པ་ལས་འཁྲུལ་པར་མི་རིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཞིན་ཞེས་བྱ་བའི་སྒྲ་
ཡིན་ནོ། །ཤེས་པ་ཡིན་ན་རང་གིའམ་གཞན་གྱི་ཐུན་མོང་མ་ཡིན་པ་ཞིག་ན་རེ་ཞིག་རང་གི་ནི་མ་ཡིན་ཏེ། ང་མེད་ཀྱང་གཞན་ལ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གཞན་ཞེས་བྱ་བའོ། །གཞན་གྱི་ཡང་མ་ཡིན་ཏེ། དེ་མེད་ཀྱང་རང་གིས་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི་འདི་ད་ལྟར་ཞེས་བྱ་བའོ། །
གྱུར་པ་ཉིད་དོ་ཞེས་བྱ་བ་ནི་མེད་པའོ། །གཞན་གྱིས་ཇི་ལྟར་ཞེས་བྱ་བ་ནི་རང་རིག་པ་ཙམ་གྱི་ངོ་བོར་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་གཞན་གྱིས་མཐོང་བ་གང་ཡིན་པ་ལ་སོགས་པ་ནི་ཐུན་མོང་མ་ཡིན་པའི་མཚུངས་པ་དང་ཅིག་ཤོས་ཀྱི་བག་ཆགས་ལས་བྱུང་བ་ཡིན་ལ། དེ་ཕྱིར་སྐྱེས་ནས་
འཇིག་པ་ལ། །སྐད་ཅིག་མ་ཡང་རྩོམ་པ་མེད། །ཅེས་བྱ་བ་ནི་འཇིག་པར་མཚུངས་པའི་དུས་ཉིད་ཀྱིས་དེའི་རྒྱུ་ཉིད་མེད་པས་གཞན་དུ་ཡོད་པའི་རྒྱུ་ཡིན་པའི་ཕྱིར་མི་རིགས་སོ། །གང་གི་ཕྱིར་དུས་མཚུངས་པའི་ཡོད་པ་ནི་རང་གི་ངོ་བོས་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ལ་འབྱུང་བ་འབའ་ཞིག་ནི་མེད་ན་མི་འབྱུང་
བའི་ཕྱིར་ཚད་མའི་རྗེས་སུ་འབྲང་བ་རྣམས་དེ་ཙམ་རྒྱུ་མཚན་ཡིན་པ་དེའི་འབྲས་བུ་ཉིད་ཁ་ཅིག་ཏུ་གོ་བར་བྱེད་པ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །གཞན་གྱིས་མཐོང་བ་གང་ཡིན་པ་དེ་ངས་མཐོང་ངོ་ཞེས་བྱ་བ་ལ་རྗེས་སུ་དཔག་པར་འགྱུར་རོ་ཞེས་ཟེར་བ་ནི་འོན་ཏེ་དེ་ཡང་སྟེ་གཞན་
ཡང་ངོ་། །བདག་གིས་མཐོང་ངོ་ཞེས་བྱ་བ་དེ་ལ་གཞན་གྱིས་མཐོང་བ་གང་ཡིན་པ་དེ་རྗེས་སུ་སྦྱར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་མངོན་སུམ་མེད་ན་དེ་མངོན་དུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ལ་མེད་པའི་མངོན་སུམ་ཡང་། །དེ་ཡི་འབྲས་བུ་ལ་ཡོད་དོ། །ཞེས་ཟེར་བ་ནི་འབྲས་བུ་ཞེས་བྱ་བའོ། །ཐལ་
เล่ม ๑๘๑ · หน้า 165b
བ་མ་ཡིན་པའི་ཕྱིར་ནི་མེད་པའི་ཕྱིར་རོ། །སྤུ་ལྡང་བ་ལ་སོགས་པ་ཞེས་བྱ་བ་ནི་སྣང་བའི་དངོས་པའི་འབྲས་བུའོ། །གཞན་ནི་གཞན་པའོ། །མཐོང་བ་ནི་མངོན་སུམ་གྱིས་འདྲེས་པར་འགྱུར་བ་སྟེ་གཅིག་ཉིད་དུ་དེ་ལྟ་མ་ཡིན་ན་གཅིག་ཉིད་དུ་མངོན་སུམ་གྱིས་རྟོགས་པའོ། །ངོ་བོ་ཉིད་ནི་
དངོས་པོའི་རང་གི་ངོ་བོའོ། །མངོན་སུམ་མ་ཡིན་པ་ཞེས་བྱ་བ་ནི་ཡོད་བཞིན་པའོ། །གཞན་གྱིས་མཐོང་བ་ཉིད་ནི་སྣང་བའི་རང་བཞིན་ཡིན་པས་སྣང་བ་བཞིན་དུ་སྣང་བ་མི་དམིགས་པ་ལས་མེད་བཞིན་པར་བསྟན་པ་ནི་གཞན་གྱིས་ཞེས་བྱ་བའོ། །མ་ཡིན་ནམ་ཞེས་བྱ་བ་ནི་སླར་དྲི་བའོ། །སྣང་
བ་མི་དམིགས་པ་ལ་ཐེ་ཚོམ་མེད་པར་བསྟན་པ་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །ཡོད་དོ་ཞེས་བྱ་བ་ནི་སྔར་དུ་བ་ཙམ་མཐོང་བ་ན་གཞན་གྱིས་མཐོང་བ་ཉིད་ལ་ཐེ་ཚོམ་ཟ་བ་ཡོད་ཅེས་བྱ་བའི་དོན་ཏོ། །མ་མཐོང་བ་ཉིད་བདག་གིས་མཐོང་ངོ་ཞེས་བྱ་བ་ནི་ཐ་སྙད་ཁོ་ན་ཡིན་ནོ། །ལྐོག་ཏུ་གྱུར་པ་ལ་ནི་
ཕྱི་རོལ་ལའོ། །གཅིག་ཉིད་ལ་ཡང་ཞེས་བྱ་བ་ནི་ཕྱི་རོལ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །མ་ཡིན་ནོ་ཞེ་ན་ཞེས་བྱ་བའི་རང་གི་ངོ་བོ་ཙམ་ལ་མཐར་ཐུག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ནི་ཁྱད་པར་མེད་པའི་ཕྱིར་རོ། །གཅིག་ཏུ་བྱས་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་ཡིན་གྱི་དེའི་
བདག་ཉིད་ནི་མ་ཡིན་ནོ། །དེའི་བདག་ཉིད་ཡིན་པ་ལ་སྐྱོན་བསྟན་པ་ནི་མ་ཡིན་ཏེ། ཤེས་ཡུལ་ཞེས་བྱ་བའོ། །སྣང་འདིར་ཞེས་བྱ་བ་ནི་རྣམ་པར་བརྟག་པར་བྱ་བའི་བདག་ཉིད་ཀྱིས་སོ། །དེ་མེད་ན་མངོན་པར་འདོད་པ་ལས་གཞན་དུ་ལྐོག་ཏུ་གྱུར་པ་ནི་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་
ནི་སྣང་བ་སྤངས་པས་ཞེས་བྱ་བའོ། །ངག་གི་ཚུལ་ནི་རྣམ་པར་རྟོག་པ་སྟེ་མངོན་པར་འདོད་པའོ། །དེ་ལས་ཞེས་བྱ་བ་ནི་མངོན་པར་འདོད་པ་ལས་སོ། །མི་སླུ་བའི་ཕྱིར་ནི་ཇི་ལྟར་ངེས་པ་ཐོབ་པའི་ཕྱིར་རོ། །ཐོབ་པ་ཡོད་པ་ནི་རང་གི་ངོ་བོ་སྣང་བའོ། །དེ་ནི་ཕྲད་པར་བྱ་བའོ། །ཡོད་པར་ཞེས་བྱ་བ་
ནི་ངོ་བོ་ཉེ་བར་མཚོན་པའི་ཕྱིར་རོ། །སྔར་ནི་དེ་མེད་པ་ན་ཞེན་པ་ཙམ་ལའོ། །ཐོབ་པ་ཡོད་པ་ཞེས་བྱ་བ་དེ་བཤད་པ་ནི་དངོས་ཡོད་པར་ཞེས་བྱ་བའོ། །སྔར་ཞེས་བཤད་པ་ནི་འབྱུང་བའི་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཡོད་ན་ནི་ཞེན་པ་ཡོད་ནའོ། །རྟོགས་པ་ཉིད་ནི་ངོ་བོའི་སྣང་བའོ། །སྤྲིན་
เล่ม ๑๘๑ · หน้า 166a
ལྡང་བ་ལས་ཆར་འབབ་པར་རྗེས་སུ་དཔག་པར་འབྱུང་བར་འགྱུར་བའི་ཡུལ་ཅན་མ་ཡིན་ནམ། དུ་བས་མེ་ལ་ནི་མ་ཡིན་ནོ་ཞེས་ཟེར་བ་ལ་ཐམས་ཅད་དུ་ཞེས་བྱ་བ་སྟེ། དེ་ལ་ཡང་མི་སླུ་བ་ནི་འབྱུང་བར་འགྱུར་བ་ཁོ་ན་ལ་ཞེས་བྱ་བའི་དོན་ཏོ། །སྔ་མ་དང་ཕྱི་མར་གྱུར་པའི་རྒྱུན་
རྗེས་སུ་དཔག་པའི་ཡུལ་ཡིན་གྱི་འབྱུང་བར་འགྱུར་བ་ཁོ་ན་མ་ཡིན་ནོ་ཞེས་ཟེར་བ་ནི་གཉི་ག་ཞེས་བྱ་བའོ། །བྱུང་བར་གྱུར་པ་ལས་འབྱུང་བར་འགྱུར་བ་ཤིན་ཏུ་ཐ་དད་པ་ཇི་ཞིག་ཡིན་ཞེས་བསྟན་པ་ནི་རང་བཞིན་གཅིག་ཉིད་དུ་ཞེས་བྱ་བའོ། །བྱུང་དང་ཞེས་བྱ་བ་ནི་བྱུང་བའི་ངང་ཚུལ་ཅན་ཏེ་ད་ལྟར་
བའོ། །ཞེན་པས་གཅིག་ཉིད་ནི་མངོན་པར་འདོད་པ་ཙམ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །རྒྱུ་ནི་རྫ་མཁན་ལ་སོགས་པའོ། །དེ་ལྟ་ཉིད་དུ་ཞེས་བྱ་བ་ནི་བུམ་པ་དང་རྫ་མཁན་ལ་སོགས་པའམ། འདུས་བྱས་པའི་ཁྱིམ་ལ་སོགས་པ་ཡང་ངོ་། །དེ་ལྟར་མཐོང་བ་མིན་ན་སྔ་ན་ཡོད་པར་
རོ། །རྗེས་སུ་དཔག་པའི་དུས་སུ་ཡང་གཞན་གྱིས་མཐོང་བ་ཉིད་མ་ཡིན་ནམ། དེ་ཇི་ལྟར་འབྱུང་བར་འགྱུར་བ་ཡིན་ཞེས་ཟེར་བ་ལ་དེའི་ཚེའང་ཞེས་བྱ་བ་སྟེ་སྔ་རོལ་དུའོ། །ཅི་ལས་ཤེ་ན་དེ་བཞིན་ཏེ་ཞེས་བྱ་བ་སྟེ། གཞན་གྱིས་མཐོང་བའི་ངོ་བོས་ཡོད་དོ་ཞེས་བྱ་བ་ལ་ཚད་མ་མེད་དོ་ཞེས་བྱ་བའི་
དོན་ཏོ། །གཞན་ཡང་རང་གི་སྣང་བ་ཉིད་ཁོ་ན་རིག་པ་ཡིན་གྱི་གཞན་གྱི་སྣང་བ་ཉིད་ནི་མ་ཡིན་པར་བསྟན་པ་ནི་གཞན་ཡང་ཞེས་བྱ་བའོ། རྟོགས་པར་འགྱུར་བ་མིན་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །ཕྱི་རོལ་སྣང་བ་ཉིད་ནི་གཞན་གྱིས་མཐོང་བ་ཡིན་པའི་ཕྱིར་དང་། གཞན་གྱིས་
མཐོང་བ་ཉིད་ཀྱང་ཁོ་བོ་ཅག་གིས་བརྗོད་པས་གཞན་གྱིས་མཐོང་བ་ཡིན་པའི་ཕྱིར་རང་ལས་མ་ཡིན་པར་བསྟན་པ་ནི། རྗེས་སུ་དཔག་པ་ཡིས་ཤེས་ན། །ཞེས་བྱ་བ་སྟེ། མངོན་སུམ་གྱིས་མ་ཤེས་ནའོ། །དེ་ཡང་ཞེས་བྱ་བ་ནི་གཞན་གྱི་ཡང་ངོ་། །ཅི་ལས་ཤེ་ན་གཞན་དང་ཐུན་མོང་ཉིད་ཡིན་ན་ཞེས་བྱ་བ་སྟེ།
གཞན་གྱིས་མཐོང་བ་ཉིད་དུ་ཤེས་པ་ཡིན་ནའོ། །དེ་ནི་ཡོད་ཅེས་བྱ་བ་ནི་ཕྱི་རོལ་ཡིན་ཏེ། དེའི་བདག་ཉིད་ཀྱི་སྣང་བའོ། །དེ་ཡོད་ཉིད་ན་ནི་དེའི་བདག་ཉིད་སྣང་བའི་ཕྱི་རོལ་ཉིད་ཀྱི་ཤེས་པ་ཡོད་ན་སྟེ། འབྲེལ་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པའི་སྒོ་ནས་གཞན་གྱི་སྣང་བ་ཉིད་ཤེས་
เล่ม ๑๘๑ · หน้า 166b
པ་ལས་ཕྱི་རོལ་གྱི་བསྒྲུབ་བྱའི་ཤེས་པ་མེད་ན་དེ་དང་འབྲེལ་པའི་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱིས་བསྒྲུབ་བྱ་ཤེས་ན་དེ་དང་འབྲེལ་པ་ཤེས་པའི་ཕྱིར་རྗེས་སུ་དཔག་པ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཙམ་ནི་འབྲེལ་པ་མི་ཤེས་པའི་ཕྱིར་
ཕན་ཚུན་བསྟེན་པར་བརྗོད་དོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཞེས་བྱ་བའོ། །འདམ་བུའི་ཕུང་པོ་གཉིས་ལུས་དང་སེམས་ཀྱང་གཞན་ལས་ཡོད་པ་གྲུབ་པ་ནི་ཕན་ཚུན་བསྟེན་པ་ཡིན་གྱི་མ་གྲུབ་པ་ཡོད་པ་ཅན་མ་ཡིན་པར་བསྟན་པ་ནི་ཕན་ཚུན་བསྟན་པའི་ཕྱིར་ཞེས་བྱ་བའོ། །རང་གི་རྒྱུད་ལ་
སྔོན་པོ་མཐོང་བའི་འབྲས་བུ་ཕྱི་རོལ་གྱི་ཡིན་ནོ་ཞེས་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ངེས་པར་བྱས་ནས་གཞན་དུ་འབྲས་བུ་དེ་དེའི་བསྐྱེད་བྱ་ཡིན་ནོ་ཞེས་ངེས་པར་བྱེད་ཅིང་གཟུང་བ་ཉིད་རིག་པར་བྱེད་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཐོག་མ་མེད་པ་ཅན་གྱི་དེ་ལྟ་བུར་གྱུར་
པའི་རྗེས་སུ་དཔག་པ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའི་བག་ཆགས་ལས་རྗེས་སུ་བྱུང་བའི་ཕྱིར་རོ། །དོན་དམ་པར་ནི་ཞེས་བྱ་བ་ནི་མངོན་སུམ་གྱིས་བྱེད་པ་ཡིན་པའི་ཕྱིར་རོ། །མྱོང་བ་ཉིད་དོ་ཞེས་བྱ་བ་ནི་རང་རིག་པ་ཙམ་གྱི་མཐར་ཐུག་པའི་ཕྱིར་རོ། །ཡུལ་རུང་ཅན་གྱིས་མི་ཤེས་
པ། །རང་གིས་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བྱ་བའི་མཚན་ཉིད་ལས་ཐམས་ཅད་མ་འདས་པའི་ཕྱིར་རོ། །དབྱེ་བ་མེད་པ་ཞེས་བྱ་བ་ནི་ཉེ་བའི་ཁོངས་སུ་གཏོགས་པས་རྗེས་སུ་འགྲོ་བ་རིག་པའི་ཕྱིར་རོ། །ག་ལས་ཤེས་ན་ཞེས་བྱ་བ་ནི་འཁྲུལ་པ་ལ་ཡང་གཟུང་བ་ལ་སོགས་པའི་རྣམ་པར་
རྟོག་པ་མ་སྤངས་པའི་ཕྱིར་རོ། །འཁྲུལ་པའི་ངོ་བོ་ཕྱི་རོལ་ན་མེད་པ་ཉིད་སྔགས་ལ་སོགས་པས་སྣང་བ་ཆེ་བ་ལ་ཆུང་བར་དང་། ཆུང་བ་ལ་ཆེ་བར་ཡིན་ལ། དེ་ཉིད་ནི་ཕྱི་རོལ་མ་ཡིན་ཏེ་དེའི་རྒྱུ་མ་ཡིན་པའི་ཕྱིར་དང་། གཞན་གྱིས་མ་མཐོང་བའི་ཕྱིར་དང་། རྣམ་པར་རྣམ་པ་མ་གཏོགས་པར་ཕྱི་
རོལ་སྣང་བ་མ་ཡིན་པའི་ཕྱིར། གཉི་ག་ཞེས་བྱ་བ་དེ་དག་ཙམ་གྱིས་བཟུང་བ་དང་ཅིག་ཤོས་མ་ཡིན་པར་བསྟན་པ་ནི་སྔགས་དང་རྒྱུད་ལ་སོགས་པ་ཞེས་བྱ་བའོ། །ཕྱི་རོལ་སྣང་བ་ལ་འཁྲུལ་པ་ཉིད་ནི་གནོད་པར་བྱེད་པའམ་མེད་པར་ཡང་མ་ཡིན་ལ། ཉུང་བ་ལ་ཡང་ཡིན་ཏེ་འཕེལ་བ་ལས་ཡུལ་ལྷག་
เล่ม ๑๘๑ · หน้า 167a
པ་ཉིད་ཀྱི་ཕྱིར་ལ། དེ་བཞིན་དུ་འགྲིབ་པ་ཡིན་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མ་རྟོགས་པ་ནི་མ་དཔྱད་པའོ། །གང་གི་རང་བཞིན་ནི་ཕྱི་རོལ་དང་ཕྱི་རོལ་མ་ཡིན་པ་ཡང་ངོ་། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་རིག་པར་བྱེད་པའོ། །མ་ཡིན་ཏེ་རྗེས་སུ་དཔག་
པ་ཞེས་བྱ་བ་ནི་རྣམ་པར་དཔྱད་པའོ། །ནུས་པ་ཞེས་བྱ་བ་ནི་དེའི་སྔ་རོལ་དུ་མངོན་སུམ་ལ་དེ་མེད་པའི་ཕྱིར་རོ། །མངོན་སུམ་ཉིད་ཅེས་བྱ་བ་ནི་དཔྱོད་ན་ཡང་ངོ་། །ཐལ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དུ་བ་ལས་མེ་དཔོག་པ་ལ་ཡང་ངོ་། །མངོན་སུམ་པ་ཡོད་པས་རྣམ་པར་དཔྱོད་པའི་ཉིད་མངོན་སུམ་ཡིན་གྱི།
དུ་བ་ལས་མེ་དཔོག་པ་ལ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། དེ་ཉིད་མངོན་སུམ་ཡིན་ལ་རག་མོད་ཅེས་བྱ་བ་ནི་རིམ་པ་བཟློག་པ་ཡིན་ནོ། །དེ་རྣམ་པར་དཔྱོད་པའི་བདག་ཉིད་ཀྱི་བག་ཆགས་ཡིན་ཏེ། རྣམ་པར་དཔྱོད་པའི་རིམ་གྱིས་འབྱུང་བའི་ཕྱིར་རོ། །དོན་དམ་པ་ཉིད་མ་ཡིན་པ་ནི་ཕྱི་རོལ་མ་ཡིན་པའོ། །
འོན་ཏེ་དཔྱོད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པས་ཕྱི་རོལ་རྣམ་པར་གཞག་པར་བྱེད་ན་དེ་བཞིན་དུ་ཕྱི་རོལ་མ་ཡིན་པ་ཡང་ཡིན་པ་འགལ་བར་བསྟན་པ་ནི་བཟློག་པ་ལ་ཡང་རྗེས་སུ་དཔག་པ་སྟེ། རྣམ་པར་རྟོག་པ་ཕྱི་རོལ་མི་དམིགས་པ་ལས་བྱུང་བའོ། །གཉི་གར་ཞེས་བྱ་བ་ནི་སྔར་ཡོད་པ་དང་ཕྱིས་མེད་པ་
རྟོགས་པ་ཡིན་ཏེ། སྐྱེས་བུ་རེ་རེའི་ཤེས་པ་རེ་རེ་ལ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཤེས་པ་བོར་ནས་དེ་ལས་གཞན་རྗེས་སུ་རྟོགས་པར་བྱེད་ན། ཐ་དད་པར་འགྱུར་བ་དེའི་ཕྱིར་གཟུང་བ་ཉིད་ནི་ལྐོག་ཏུ་གྱུར་པའི་ངོ་བོ་ལས་གཞན་མ་ཡིན་ནོ། །དེའི་ཕྱིར་ནི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་བཟློག་
པས་ཡོད་པ་མ་ཡིན་པ་ཉིད་ཀྱིས་སོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་བཟློག་པས་མ་རྟོགས་ན་ཡང་ངོ་། །ཐུན་མོང་བ་ཉིད་དུ་ཡོད་པ་ཞེས་བྱ་བ་རྒོལ་བའོ། །འོན་ཏེ་ཞེས་བྱ་བ་ནི་གྲུབ་མཐའ་ཅན་གྱིས་དྲིས་པ་སྟེ། མ་རྟོགས་སོ་ཞེས་བྱ་བ་ནི་བཟློག་པ་ཡིན་ལ་གཞན་གྱིས་བཟློག་པ་མ་རྟོགས་པའོ། །རྗེས་སུ་
དཔག་པ་རྟོགས་ན་བཟློག་པ་ལ་ཡང་ཡིན་པར་བསྟན་པ་ནི་བཟློག་པ་ལ་ཡང་ཞེས་བྱ་བ་སྟེ་འགལ་ལོ་ཞེས་བྱ་བའི་དོན་ནོ། །མེད་དོ་ཞེས་བྱ་བ་ནི་ཐུན་མོང་བ་ཉིད་འཛིན་པའི་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་རང་དང་གཞན་ལས་སྣང་དུ་རུང་བ་གཅིག་ཉིད་ཀྱིས་ཡུལ་ཅན་རྗེས་སུ་དཔག་
เล่ม ๑๘๑ · หน้า 167b
པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་སྤུ་ལྡང་བ་ལ་སོགས་པ་གཅིག་བདེ་བ་བཞིན་དུ་འདྲ་བ་ཡིན་ཡང་སྐབས་དང་བཅས་པ་ཡིན་པར་བསྟན་པ་ནི། གཅིག་ཉིད་དང་ཞེས་བྱ་བའོ། །དེ་ལྟར་བཟློག་པའི་རྗེས་སུ་དཔག་པ་མ་ཡིན་ཏེ། མ་མཐོང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་འདིར་ནི་ཞེས་
བྱ་བ་སྟེ། དེ་ཉིད་དང་གཞན་ཉིད་འདི་ལ་ཁྱད་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ན་ཐུན་མོང་བ་ཉིད་ལ་མངོན་སུམ་མི་འཇུག་པའི་ཕྱིར་གཞན་ལ་དེ་ལྟར་ཐུན་མོང་བ་ཉིད་དུ་རྟོགས་པ་མ་ཡིན་ཏེ། གཞན་ལ་ནི་དེ་ལྟར་ངེས་པ་ཡིན་ཞེས་བྱ་བ་ནི་གྲུབ་མཐའི་ཉེ་བར་བསྡུ་བ་ཡིན་ནོ། །གཞན་གྱིས་མངོན་
སུམ་ནི་ཐུན་མོང་བ་ཉིད་ལ་མ་ཡིན་ཡང་ཇི་ལྟར་དེ་མེད་ཀྱང་གཞན་གྱི་དེ་ཡིན་ཞེས་རྒོལ་བའོ། །འོན་ཏེ་ཞེས་བྱ་བ་ནི་མངོན་སུམ་མེད་ཀྱང་རྗེས་སུ་དཔག་པ་དེ་ལྟ་བུ་ཡིན་སྙམ་དུ་སེམས་པ་ལ། རྗེས་སུ་དཔག་པ་ཐུན་མོང་བ་ཉིད་ལ་ཡང་ངོ་ཞེས་བསྟན་པ་ནི་བཟློག་པ་ལ་ཡང་ཞེས་བྱ་བ་སྟེ་ཐུན་མོང་ཉིད་ལའོ། །མེད་དོ་
ཞེས་བྱ་བ་ནི་དེ་མེད་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །འགལ་བ་ཉིད་ལ་ལན་འདེབས་པ་ནི་གཅིག་ཉིད་དང་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཐུན་མོང་བ་ཉིད་དུ་རྗེས་སུ་དཔག་པ་ཇི་ལྟར་འཇིག་རྟེན་པ་ཡིན་ཞེས་ཟེར་བ་ལ་འདྲ་བ་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པའི་དོན་
ཉིད་ནི་མངོན་སུམ་གྱི་ཡིན་ཏེ་ཁྱོད་ཀྱིས་ཀྱང་འདི་མཐོང་ངམ་ཅི་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ལས་ཤེས་པར་སླ་བ་ཡིན་པར་བསྟན་པ་ནི་འདིར་ནི་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་ཤེས་པའི་བདག་ཉིད་ཁོ་ན་ཐུན་མོང་བ་ཉིད་དུ་བརྟགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཉིད་བསྟན་པ་ནི་
དེ་དག་མ་བསླད་ཅེས་བྱ་བའོ། །དཔེར་ན་ཞེས་བྱ་བ་ནི་ཐུན་མོང་བ་ཉིད་དུ་བརྟགས་པའོ། །འདི་དག་ནི་སྔགས་ལ་སོགས་པ་བསླད་པས་མཐོང་བ་རྣམས་ཀྱིའོ། །ཆུང་ངུའང་ཆེན་པོར་ཞེས་བྱ་བའི་འང་གི་སྒྲ་ལས་ཆེན་པོ་འང་ཆུང་ངུར་ཇི་ལྟར་མཐོང་བ་ཐུན་མོང་བ་ཉིད་ཀྱིས་དེ་བཞིན་དུ་མཐོང་བའི་ཕྱིར་
ཞེས་བྱ་བར་སྦྱར་རོ། །གཟུང་བའི་རྣམ་པ་ལས་གཞན་པ་གཟུང་བ་མ་ཡིན་གྱི་གཟུང་བ་དང་གཟུང་བ་མ་ཡིན་པའི་རྣམ་པ་ཡང་མ་ཡིན་པར་བསྟན་པ་ནི་དེ་བཞིན་དུ་འདི་ནི་ཞེས་བྱ་བའོ། །དེའི་ཕྱིར་ཐུན་མོང་བ་དེ་ལས་གཞན་དུ་ཐུན་མོང་བ་མ་ཡིན་པའོ། །དེ་སྟེ་ཐུན་མོང་བ་མ་མཐོང་བའོ། །རང་རིག་པ་
เล่ม ๑๘๑ · หน้า 168a
ཙམ་རིག་པ་མ་ཡིན་ནམ་རྟགས་ལ་སོགས་པ་མེད་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་ཟེར་བ་ལ་གཞན་གྱིས་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ནི་མི་དམིགས་པ་ལས་བྱུང་བའོ། །གཞན་གྱིས་ཁས་བླངས་པའི་རྟགས་ནི་རྟོགས་པས་སྒྲོ་བཏགས་པ་མ་ཡིན་ནམ། ཇི་
ལྟར་འགའི་ཡང་སྒྲུབ་བྱེད་ཡིན་ཞེས་ཟེར་བ་ལ་ཡང་ན་ཞེས་བྱ་བ་སྟེ་རྟོག་པས་བྱས་པ་ཉིད་ནི་མི་སླུ་བ་ཅན་ཉིད་ཡིན་པའི་ཕྱིར་དངོས་སུ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ནི་རིག་པའོ། །ཇི་ལྟར་ནི་ཐ་མི་དད་པའོ། །གཞན་ནི་ཕྱི་རོལ་ལོ། །རྗེས་སུ་དཔག་པ་ནི་
དེའི་ངོ་བོའི་རྣམ་པར་འཇོག་པར་བྱེད་པར་ཐ་དད་པར་མཐོང་བར་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་རྗེས་སུ་དཔག་པ་ཡང་ཞེས་བྱ་བ་སྨོས་ཏེ། གཞན་ལ་ཐ་མི་དད་པར་རྣམ་པར་འཇོག་པར་བྱེད་ན་རང་ཉིད་ལ་ཡང་མཚན་ཉིད་མཚུངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་མི་དམིགས་པའི་
རྗེས་སུ་དཔག་པ་བཞིན་དུ་འདི་ཡང་མངོན་པར་འདོད་པའི་ཁྱད་པར་ཡིན་པའི་ཕྱིར་ལ། མངོན་པར་འདོད་པ་ཡང་རང་གི་རིག་པ་ཙམ་ཡིན་པར་བསྟན་པ་ནི་དེ་ཡང་ཞེས་བྱ་བའོ། །མངོན་པར་འདོད་པ་ཙམ་གྱི་བག་ཆགས་ལས་བྱུང་བ་ལས་ཚད་མ་དང་འབྲས་བུ་ལ་སོགས་པའི་རྣམ་པར་གཞག་པ་ནི་ཐལ་ཆེས་
པ་ཡིན་ནོ་ཞེས་ཟེར་བ་ནི་འོ་ན་ཇི་ལྟར་ཞེས་བྱ་བའོ། །མཐོང་བའི་བྱེད་པ་དང་ཅིག་ཤོས་ཀྱི་རྗེས་སུ་འབྲངས་པ་ལས་རྣམ་པར་དབྱེ་བ་བསྟན་པ་ནི་གཟུང་བ་འཛིན་པ་ཞེས་བྱ་བའོ། །ཇི་ལྟར་རྗེས་སུ་སྣང་བཞིན་པ་ནི་མཐོང་བའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ལས་མ་འདས་པས་སོ། །གཟུང་བ་དང་རིག་པ་
རྣམ་པར་རིག་པ་ནི་གཞལ་བྱ་ལ་སོགས་པའི་བདག་ཉིད་རྣམས་སོ། །གནས་པ་ནི་དབྱེ་བས་གཞག་པ་སྟེ་རྣམ་པར་རྟོག་པས་བསྟན་པའི་གཟུང་བ་ལ་སོགས་པ་ལ་གཞལ་བྱ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དེ་དང་དེ་ལས་ལོག་པའི་ཕྱིར་ཐལ་ཆེས་པ་མ་ཡིན་ནོ། །ལྡོག་པའི་དབྱེ་བ་བསྟན་པ་ནི་དེ་ཉིད་
ཅེས་བྱ་བ་སྟེ། སྔོན་པོ་ལ་སོགས་པའོ། །གཞན་ལ་ཞེས་བྱ་བ་ནི་འཛིན་བྱེད་གཞན་ལའོ། །ཐ་སྙད་དུ་ཞེས་བྱ་བ་ནི་མངོན་པར་འདོད་པ་ལས་སོ། །ཡོད་པ་མ་ཡིན་པ་སྟེ་མེད་པ་ཐོབ་པའི་ཕྱིར་ཡོད་པ་མ་ཡིན་པ་གང་གི་བདག་ཉིད་ཡིན་པ་དེ་ལ་ཡོད་པ་ཡིན་གྱི། ཡོད་པ་ལ་ནི་མ་ཡིན་ཏེ་རང་ཉིད་ཀྱིས་ཡོད་
เล่ม ๑๘๑ · หน้า 168b
པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་འཛིན་པ་ཞེས་བྱ་བ་ནི་སྐད་ཀྱི་བྱིངས་ཀྱི་དོན་དུ་མ་ཡིན་པའི་ཕྱིར་རོ། །ཐུན་མོང་བ་ལ་སོགས་པ་ཞེས་བྱ་བའི་ཐུན་མོང་བའི་ཚད་མའོ། །ལྷག་མ་ཞེས་བྱ་བ་ནི་མེད་པ་མ་ཡིན་པའོ། །འདི་བདག་གིས་མཐོང་བར་གྱུར་ཏོ་ཞེས་འཛིན་པ་སྔར་མཐོང་བ་ངོ་ཤེས་པའི་སེམས་
པ་ཅན་ནི་བདག་མ་ཡིན་ནམ། དེའི་དབང་པོ་ལ་སོགས་པའི་རྣམ་པར་འགྱུར་བ་ནི་འདི་ཤེས་པའི་ཕྱིར་ཤེས་པ་ཡིན་ཏེ། དེས་བྱས་པ་ཡང་ཡུལ་ཉེ་བར་གཞག་པ་དང་། ཉམས་སུ་མྱོང་དང་རྟོགས་པ་ཞེས་བྱ་བ་ཡང་ངོ་། །ཡུལ་ཡང་ཕྱི་རོལ་གྱི་དངོས་པོ་འཛིན་པའི་ཤེས་པས་རྟོགས་པའི་བདག་ཉིད་གང་
ཡིན་པ་འདིའི་ཡུལ་ཡང་ཡིན་པ་མ་རིག་པའི་དབང་གིས་ངེས་པ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །ཤེས་པ་ཉིད་ལས་ལོག་པས་དེ་ལྟར་ཐ་སྙད་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པར་དབྱེ་བ་ཡིན་ཡང་དེ་མ་ཡིན་པ་ལས་ལོག་པས་གཅིག་
ཏུ་ཞེན་པ་ཡིན་ཏེ། མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་གཞན་མ་ཡིན་པར་བསྟན་པ་ནི་དེ་ལྟ་མིན་ན་ཞེས་བྱ་བ་སྟེ། གཞན་གྱིས་ཡང་བདག་ལ་ཐ་དད་པ་ནི་བརྟགས་པ་ཁོ་ན་ཡིན་ཏེ། གཞན་དུ་ན་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འགལ་བ་བསྟན་པ་ནི་གལ་ཏེ་གཅིག་ཡིན་ན་ཞེས་བྱ་བའོ། །སྣང་བ་ནི་
མངོན་སུམ་མོ། །སྣ་ཚོགས་པར་སྣང་བ་གཅིག་ཉིད་ཡིན་ན་སྔོན་པོ་ལ་སོགས་པའི་ཡུལ་ལ་ཐལ་ཆེས་པར་བསྟན་པ་ནི་གཞན་ལ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ཡང་རྣམ་པར་དབྱེ་བ་དང་ལྡན་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ཐ་དད་མེད་པ་ནི་གཅིག་ཉིད་དོ། །གཞན་གྱི་ཐ་མི་དད་པའི་རང་བཞིན་མཐོང་
བ་མེད་པའི་ཕྱིར་ཐ་མི་དད་པར་ཉམས་སུ་མ་མྱོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཚུལ་ལ་ནི་སྔོན་པོ་ལ་སོགས་པ་ཡང་ཤེས་པ་ལས་ཐ་མི་དད་པ་ཉམས་སུ་མྱོང་བའི་ཕྱིར་དེ་དང་རྗེས་སུ་མཐུན་པར་ངེས་པ་ཡིན་པར་བསྟན་པ་ནི་བློས་དངོས་ཐ་དད་མེད་ཅེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་རྒོལ་
བ་པོའིའོ། །བཤད་པར་བྱ་བར་ཉེ་བར་བླངས་པའམ། གཞན་ཡང་སྔོན་པོ་ལ་སོགས་པའི་ཐ་མི་དད་པ་དགག་པར་བྱ་བ་ལ་ཐ་དད་པའི་ངོ་བོ་མཐོང་བའི་ཕྱིར་འགལ་བ་དམིགས་པ་ཡིན་པའི་བཤད་པ་ནི། དེ་ལྟ་ན་ནི་འོ་ན་རང་བཞིན་ཐ་དད་པར་སྣང་བས་ན་ཞེས་བྱ་བའོ། །ཡོད་པའི་རང་བཞིན་ཐ་དད་པར་
เล่ม ๑๘๑ · หน้า 169a
ཞེས་འདོད་པ་ལ་ནི་རང་བཞིན་མི་དམིགས་པར་བཤད་པའོ། །ཐམས་ཅད་བདེན་པ་ཉིད་དོ་ཞེས་བཤད་པ་ནི་གསལ་བ་ཉིད་ཅེས་བྱ་བའོ། །བདག་ཉིད་གཞན་ནོ་ཞེས་བྱ་བ་ནི་ཐ་དད་པ་ཡིན་ནའོ། །བདག་ཉིད་ཁོ་ན་ཡིན་པར་བསྟན་པ་ནི་གསལ་བའི་རང་བཞིན་ཉིད་ཅེས་བྱ་
བའོ། །མང་པོ་ཉིད་ནི་བདག་རྣམས་ཀྱི་སྟེ་སེམས་པ་ཅན་གཅིག་ཡིན་པའི་ཕྱིར་རོ། །སྟོང་པར་ཞེས་བྱ་བ་ནི་ཐ་དད་པའི་ངོ་བོ་ཡིན་ཏེ། དངོས་དམིགས་པའི་ཕྱིར་གཅིག་ཉིད་མ་ཡིན་ཏེ་ངོ་ཤེས་པ་ནི་ལྡོག་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ཐམས་ཅད་བདག་ཁོ་ན་
ཡིན་པའོ། །འཁྲུལ་པ་མེད་ན་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བ་ཡིན་ཏེ། བདག་ཐ་མི་དད་པའི་ཕྱིར་དང་དེ་ཉིད་མ་ཡིན་པ་སྣང་བ་ཉིད་ལས་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་ཡིན་པའི་ཕྱིར་རོ། །མེད་པ་ཉིད་ཀྱི་ཕྱིར་གནོད་བྱ་ཉིད་མི་འགྲུབ་པར་བསྟན་པ་ནི་འདི་ནི་འཁྲུལ་པ་ཞེས་བྱ་བའོ། །མེད་པར་
མ་ངེས་པ་ལས་ཀྱང་སྔོན་པོ་ལ་སོགས་པའི་ཁྱད་པར་གྱི་སྣང་བ་ལྡོག་པའི་ཕྱིར་རྣལ་འབྱོར་པ་འཇུག་པར་མི་འགྱུར་བར་བསྟན་པ་ནི་འཁྲུལ་པར་ངེས་པ་ལ་ཞེས་བྱ་བའོ། །དེའི་ཕྱིར་འཇུག་པའི་ཤེས་པ་བཞིན་བདག་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་གཉི་གའི་ངོ་བོ་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་
བསྟན་པ་ནི་གང་གིས་དངོས་པོ་ཞེས་བྱ་བ་སྟེ་གཉི་གའི་བདག་ཉིད་ཀྱིས་ཏེ། སྔོན་པོ་དང་སྔོན་པོ་མ་ཡིན་པ་ཡོད་པ་དང་མེད་པ་ལ་སོགས་པས་སོ། །གཅིག་དང་དུ་མའི་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །རང་བཞིན་ནི་གཉི་གའི་བདག་ཉིད་ཀྱིའོ། །བློ་ནི་དངོས་པོ་ཐམས་ཅད་ལས། །ལྡོག་དང་རྗེས་འགྲོའི་བདག་ཉིད་ལས། །
གཉི་གའི་བདག་ཉིད་སྐྱེད་པ་ན། །དེ་མེད་ན་ནི་མི་འགྲུབ་བོ། །ཞེས་བྱ་བ་བསལ་བ་ཡིན་གྱི་རིག་པའི་བདག་ཉིད་ནི་མ་ཡིན་ནོ། །གཉི་གའི་བདག་ཉིད་འགལ་བ་ཁོ་ན་ཡིན་པར་བསྟན་པ་ནི་གཅིག་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བའོ། །རིག་པའི་བདག་ཉིད་ཀྱིས་གཅིག་ཉིད་ཡིན་ན་གཉི་གའི་བདག་ཉིད་དུ་འགལ་
བ་ཉིད་དུ་བསྟན་པ་ནི་གཅིག་ནི་ཞེས་བྱ་བའོ། །རིག་པའི་བདག་ཉིད་ཀྱིས་དུ་མ་ཉིད་དུ་མངོན་པར་འདོད་པ་ལ་གཅིག་ཉིད་བསྟན་པ་ནི་མྱོང་བ་མ་ཡིན་པ་ཞེས་བྱ་བའོ། །རང་གི་ངོ་བོའི་མཐར་ཐུག་པ་ལ་ཡང་གཅིག་ཉིད་ཡིན་ཏེ། མཐར་ཐུག་པ་མ་རྟོགས་པའི་ཕྱིར་རོ། །ཐ་དད་པར་མ་རྟོགས་པའི་ཕྱིར་
เล่ม ๑๘๑ · หน้า 169b
རྟོགས་པའི་མཐར་ཐུག་པ་མ་ཡིན་པར་བསྟན་པ་ནི། རང་རིག་པ་ཉིད་ཅེས་བྱ་བའོ། །དེའི་ནང་དུ་ཞེས་བྱ་བ་ནི་རིམ་པ་གཅིག་རྟོགས་པ་ན་ཐ་དད་པ་ཉིད་རྟོགས་པ་ཡིན་ཏེ། རྟོགས་པའི་རྗེས་སུ་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །སྣ་ཚོགས་པའི་རྣམ་པའི་ཕྱི་རོལ་གྱི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་
པ་སྔོན་པོ་ལ་སོགས་པ་ཕྱི་རོལ་དུ་མ་ཡིན་ལ། རིག་པ་ནི་གཅིག་གི་རྗེས་སུ་འགྲོ་བ་ཉམས་སུ་མྱོང་བའི་ཕྱིར་མ་བཀག་པ་ཡིན་ལ། བསྒོམས་པ་ལས་བྱུང་བ་ཉིད་ནི་ཅིའི་ཕྱིར་མི་བདེན་ཞེས་ཟེར་བ་ལ་བཟློག་པར་ནུས་པའི་ཕྱིར་ན་ཞེས་བྱ་བའོ། །བཟློག་པར་ནུས་པ་ནི་མི་བདེན་པ་ཡིན་ཏེ། རང་གི་རྒྱུ་ལས་
བྱུང་བའི་ཕྱི་རོལ་ནི་བསྒོམས་པས་བཟློག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱེ་བ་མེད་པར་རིག་པ་ནི་དབྱེ་བ་དང་ལྡན་པ་འཁྲུལ་པས་རྟོགས་པ་ཡིན་ནོ་ཞེས་བསྟན་པ་མ་ཡིན་ནམ། དབྱེ་བ་དང་ལྡན་པ་མེད་ན་ཡང་གཙོ་བོའི་རྗེས་སུ་བྱེད་པ་ཅན་ནི་འཁྲུལ་པ་མ་ཡིན་ནོ་ཞེས་ཟེར་བ་ནི་ཆོས་མཐུན་
པ་ཉིད་ཅེས་བྱ་བ་སྟེ། རྣམ་པར་དབྱེ་བ་དང་ལྡན་པ་ནི་དངུལ་གྱི་བཞིན་དུ་ཉ་ཕྱིས་ལ་དངུལ་དུ་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ནང་གིས་བསླད་པ་ནི་རྣམ་པར་རྟོག་པའི་བག་ཆགས་ཏེ། ཡུལ་ལ་སོགས་པ་ལ་ཡོད་པའི་འདྲ་བ་ཉིད་ལ་སོགས་པ་ལ་ལོག་པའོ། །ནང་གིས་ཞེས་བྱ་བ་
རྣམ་པར་རྟོག་པར་བྱ་བའི་གཟུང་བ་ལ་སོགས་པ་ཡིན་ལ། རྣམ་པར་རྟོག་པ་ཡང་བག་ཆགས་ལས་བྱུང་བ་ཡིན་པར་བསྟན་པ་ནི་གང་ཞེས་བྱ་བའོ། །རྣམ་པར་རྟོག་པའི་རྣམ་པར་དབྱེ་བ་མ་མཐོང་ན་ཇི་ལྟར་དེའི་བག་ཆགས་སད་པ་ཡིན་ཞེས་ཟེར་བ་ལ། དེ་ནི་ཞེས་བྱ་བ་སྨོས་ཏེ། དེའི་མཐོང་བ་ནི་
འཁྲུལ་པ་ཡིན་ནོ་ཞེས་དགོངས་པའོ། །འོན་ཏེ་དེ་ལྟ་མ་ཡིན་པར་མཐོང་ན་ཇི་ལྟར་འཁྲུལ་པ་མ་ཡིན་ཞེས་སྦྱར་བས་ཆོས་མཐུན་པ་ཉིད་མཐོང་བ་ལས་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་འདི་ནི་འཁྲུལ་པ་བརྒྱུད་པ་ཞེས་བྱ་བ་ནི་ལན་ཡིན་ནོ། །བརྟགས་པ་ནི་ཚད་མ་དང་ཅིག་ཤོས་ཀྱི་ཞེན་པའོ། །མཐོང་
བའི་རྗེས་སུ་འབྲངས་པའི་རྟོགས་པས་གཞལ་བྱ་ལ་སོགས་པ་ལ་གཟུང་བ་ལ་སོགས་པ་རྣམ་པར་གཞག་པ་མི་རིགས་པ་མ་ཡིན་ནམ། མཐོང་བ་ལ་ནི་དབྱེ་བ་ཐམས་ཅད་ནུབ་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཇི་ལྟར་ཞེས་བྱ་བའོ། །རང་གི་བདག་ཉིད་ཅེས་བྱ་བ་ནི་དབྱེ་བ་ནུབ་པས་རྒྱུ་མཚན་མེད་པའི་རྣམ་
เล่ม ๑๘๑ · หน้า 170a
པར་གཞག་པ་ངེས་པས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་འཁྲུལ་པ་ལ་སྟེ་ཇི་ལྟར་མཐོང་བའི་རྣམ་པར་གཞག་པ་སྟེ་ལྡོག་པའི་རྒྱུ་མཚན་ལ་ལྡོག་པར་བྱེད་པའི་ངོ་བོ་ཐ་མི་དད་པ་ནི་ཡོངས་སུ་གཅོད་པ་ཡིན་ཏེ། འདིས་སྟོན་པོ་ལ་སོགས་པའི་བློ་ཡོད་པ་དེའི་བདག་ཉིད་ཀྱིས་ཡོངས་
སུ་གཅོད་པས་སོ། །གཞན་ལ་མ་ལྟོས་པའི་འཛིན་པར་བྱེད་པའི་རྣམ་པ་ཚད་མ་ཡིན་ཏེ་བྱེད་པ་པོ་མེད་པའི་ཕྱིར་དང་། དོན་གྱིས་གོ་བ་ཉམས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དེའི་སྒྲུབ་བྱེད་ཡིན་པར་འདོད་པའོ། །དེའི་ནི་ཡོངས་སུ་གཅོད་པའི་བདག་ཉིད་རིག་པའོ། །ཅི་ལས་ཤེ་ན་དེའི་བདག་ཉིད་ཕྱིར་ཏེ་རིག་
པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རབ་ཏུ་རྟོགས་པར་བྱེད་པའི་ཚིག་ལས་དེའི་ཡུལ་ཅན་གྱི་གཞལ་བྱ་ཤུགས་ཀྱིས་བསྟན་པ་ཡིན་ནོ། །དེ་བསྟན་པ་ནི་དེ་ཉིད་བསྒྲུབ་བྱ་ཞེས་བྱ་བ་སྟེ་དེའི་ཡུལ་ཉིད་ཀྱིས་རིག་པ་དང་། ངེས་པ་དག་འབྱུང་བའི་ཕྱིར་དེ་ཉིད་སྒྲུབ་བྱེད་ཡིན་ཏེ་དེ་ཡོད་ན་གཞན་མེད་ཀྱང་རིག་པའི་
ཕྱིར་དང་། རིག་པའི་བདག་ཉིད་དེ་ལས་ཐ་མི་དད་པའི་ཕྱིར་རོ། །རིག་པའི་བདག་ཉིད་དང་འགལ་བའི་ཕྱིར་རང་ལ་རིག་པ་མ་ཡིན་པ་མ་ཡིན་ནམ་འོ་ན་ཅི་ཞེ་ན། གཞན་ལའོ་ཞེས་ཟེར་བ་ལ་དེ་ལ་ནི་བསྒྲུབ་པར་བྱ་བའི་རང་གི་རིག་པའི་བདག་ཉིད་ལ་ཚད་མ་ནི་འདོད་ཆགས་ལ་སོགས་པ་རིག་པར་མཐོང་
བ་དེ་ལ་འགལ་བ་མེད་དེ། རིག་པ་ལས་གཞན་པས་རིག་ན་བདེ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྒྲུབ་པའི་ཕྱིར་རོ། །རིག་པའི་དོན་བྱེད་པ་ནི་གཞན་དུ་ཡང་མ་ཡིན་ལ། བདེ་བ་ནི་གཞན་ཡང་མ་ཡིན་ལ་དེ་བཞིན་དུ་སྔོན་པོ་ལ་ཡང་མ་ཡིན་ཏེ། ཁ་བསྒྱུར་བ་
ལ་སོགས་པ་ཡོད་པའི་ཕྱིར་ཞེས་ཟེར་བ་ལ་འདི་ནི་ཀུན་ལ་ཞེས་བྱ་བའོ། །སྔོན་པོ་ལ་ནི་རིག་པ་དང་ཁ་བསྒྱུར་བ་ལ་སོགས་པ་ཡང་རིག་པའི་བདག་ཉིད་ཀྱི་དོན་བྱེད་པ་གཉིས་ཡིན་ལ། བདེ་བ་ལ་སོགས་པ་ལ་ནི་རིག་པ་ཁོ་ན་ཡིན་གྱི་དེ་དག་ཙམ་གྱི་ཁྱད་པར་ནི་མ་ཡིན་ཏེ། རིག་པ་ལས་ཐ་མི་
དད་པར་ཉམས་སུ་མྱོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བདེ་བ་ལ་སོགས་པ་ཇི་ལྟར་རང་རིག་པ་ཡིན་པར་མི་འགལ་བ་ཡིན་ཞེས་ཟེར་བ་ལ་བདེ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གོམས་པའི་སྟོབས་ལས་ཞེས་བྱ་བ་ནི་རང་རིག་པ་སྒྲུབ་པར་བྱེད་པའོ། །ཐ་དད་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི་ཐ་དད་པ་ཉམས་
เล่ม ๑๘๑ · หน้า 170b
སུ་མ་མྱོང་བའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པའི་ཚིག་ནི་རྨོངས་པ་ཡིན་པར་བསྟན་པ་ནི་རྣམ་པ་བཞིར་ཞེས་བྱ་བའོ། །ཐ་དད་པ་ཁོ་ནའོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་ཉིད་འཛིན་པར་བྱེད་པའི་ཕྱིར་དབྱིབས་མ་ཡིན་པའོ། །སྔོན་པོའི་རྣམ་པ་ཞེས་བྱ་བ་ནི་དབྱིབས་དང་བཅས་པ་དང་ཅིག་ཤོས་ཞེས་བྱ་བའི་
ཁྱད་པར་ཡིན་གྱི་གཟུང་བ་དང་ཅིག་ཤོས་ནི་མ་ཡིན་ཏེ། ལས་དང་བྱེད་པ་པོ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །མི་སླུ་བ་དང་ཅིག་ཤོས་དག་གིས་ཚད་མ་དང་ཅིག་ཤོས་ཉིད་དུ་ལས་དང་འབྲས་བུའི་ངོ་བོ་འཐད་པའི་ཕྱིར་ཤེས་པ་ཙམ་ལ་ཡང་དགེ་བ་དང་ཅིག་ཤོས་རྣམ་པར་དབྱེ་བ་མ་ཡིན་ནོ། །རྣམ་པ་མེད་པ་
ལ་ནི་རྣམ་པར་དབྱེ་བ་རང་ཉིད་གྲུབ་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ནི་བདེ་བ་ལ་སོགས་པ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཀྱིས་རང་ཉིད་རིག་པ་ཇི་ལྟར་ཡིན། བདེ་བ་ལ་སོགས་པའི་བདག་ཉིད་བཞིན་དུ་བདེ་བ་དང་སྔོན་པོ་ལ་སོགས་པ་དག་ལ་ཁྱད་པར་མེད་དེ་ལས་དང་ཅིག་ཤོས་ཀྱི་ངོ་བོས་གཉི་ག་
མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལའང་ཞེས་བྱ་བའོ། །ཉམས་མྱོང་བདག་ཉིད་ཕྱིར་ནི་ཉམས་སུ་མྱོང་བ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གཞན་གྱིས་ཉམས་སུ་མྱོང་ན་དེའི་ཉམས་སུ་མྱོང་བ་མི་རིགས་པའི་ཕྱིར་རུང་བ་ཉིད་ནི་གཞན་ལ་མ་ལྟོས་པའི་ངོ་བོའོ། །ལྐོག་ཏུ་གྱུར་པའི་རང་བཞིན་ཡིན་
པའི་ཕྱིར་དང་། སྣང་བཞིན་པ་ཡིན་པའི་ཕྱིར་རོ། །དེ་བསྟན་པ་ནི་སྔོན་པོ་ལ་སོགས་པ་ཞེས་བྱ་བའོ། །མ་ཡིན་ཏེ་རང་གི་ངོ་བོས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ཕྱིར་མིག་ལ་སོགས་པ་སྣང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེད་པར་བྱེད་པ་ཡང་འབའ་ཞིག་མ་ཡིན་པར་བསྟན་པ་ནི། གང་གི་
ཕྱིར་ཞེས་བྱ་བའོ། །མ་ཞུགས་ཀྱང་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ལ་ལྟོས་པ་མེད་པའོ། །འདི་ལྟར་ཞེས་བྱ་བ་ནི་སད་པའི་གནས་སྐབས་ནའོ། །གཞན་ཉིད་དུ་ཞེས་བྱ་བ་ནི་འདོད་པ་དང་མི་འདོད་པ་ཉིད་ཀྱིས་སོ། །མིག་ལ་སོགས་པ་ཞེས་བྱ་བ་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །མངོན་
དུ་ཕྱོགས་པར་བྱེད་པ་དང་སྣང་བ་དག་ལ་དབྱེ་བ་ཞེས་བྱ་བའི་དོན་ཏོ། །དེ་གོམས་པ་དང་ཅིག་ཤོས་དག་གིས་མིག་ལ་ཕན་འདོགས་པའི་ཕྱིར་འདིའི་དབྱེ་བ་ཡིན་ནོ་སྙམ་དུ་སེམས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་གོམས་པ་ཉིད་གཙོ་བོ་ཡིན་ལ། མིག་ནི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་གཟུགས་འཛིན་
เล่ม ๑๘๑ · หน้า 171a
པ་ལ་ངེས་པར་བྱེད་པ་ཡིན་ཡང་དེ་ལ་ངེས་པ་དང་མ་ངེས་པ་འཛིན་པའི་ཤེས་པ་སྐྱེད་པར་བྱེད་པ་ནི་བག་ཆགས་ཀྱི་རྣམ་པར་དབྱེ་བ་ལས་ཡིན་ཏེ། བདེ་བ་དང་ཅིག་ཤོས་བསྟན་པ་ནི་གལ་ཏེ་མིག་སོགས་ཞེས་བྱ་བ་སྟེ། མིག་ལས་བྱུང་བ་གཟུགས་མངོན་དུ་བྱེད་པ་གཞན་
ལས་ཇི་ལྟར་ཡིན་ཞེས་བྱ་བ་བསལ་བ་ཡིན་ནོ། །གཞན་དུ་གྱུར་པ་ལ་རང་གི་ངོ་བོ་མེད་པས་སྣང་བ་ལ་ཁྱད་པར་མེད་ན། དངོས་པོའི་ངོ་བོ་མེད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་མ་ཡིན་ཏེ་ཕན་ཚུན་ཞེས་བྱ་བ་སྟེ། མི་སླུ་བ་ཡང་སྣང་བ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །འཁྲུལ་ན་ཞེས་བྱ་བ་ནི་ཕྱི་རོལ་ན་ཐམས་
ཅད་དུ་མེད་པ་ཡིན། ཡུལ་དང་དུས་སུ་གཞན་པའི་བདག་ཉིད་འཁྲུལ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཡིད་བརྟན་པ་ག་ལས་ཡིན་ཞེས་བྱ་བ་སྟེ། དོན་ལ་མི་སླུ་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ལས་གཞན་རིག་ན་ཡུལ་ལ་སོགས་པ་གཞན་དུ་ཡང་འགྱུར་བ་ཞིག་ན། གཞན་
དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་དེས་ན་སྣང་བ་ཞེས་བྱ་བའོ། །སྣང་བཞིན་དུ་ནི་ཕྱི་རོལ་གྱི་དོན་གྱིའོ། །ཤེས་པ་ཐམས་ཅད་ཕྱི་རོལ་ཉིད་མ་ཡིན་ནམ། དབྱེ་བ་ན་གནོད་པར་བྱེད་པ་མེད་པའི་ཤེས་པ་ལས་ཡིན་ནོ་ཞེས་ཟེར་བ་གནོད་བྱ་ཞེས་བྱ་བའོ། །དེའི་གནོད་བྱ་ནི་ཕྱི་རོལ་གྱིས་བྱས་པའི་འདྲ་བ་ཉིད་
དམ་ཕྱི་རོལ་གྱི་བདག་ཉིད་ཀྱིས་སྒྲོ་བཏགས་པའི་ངོ་བོའོ། །དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པས་རྣམ་པ་དང་བཅས་པའི་རིགས་པ་དང་དོན་རིག་པ་ལ་ཡང་དེའི་རིག་པ་ཡིན་ན་དེའི་ལན་ནི་རྣམ་པར་རིག་པ་ཙམ་གྱི་ཚུལ་ཡིན་ཏེ། ཕྱི་རོལ་ཡོད་ན་དེའི་རིག་པ་ཉིད་དུ་འགྱུར་རོ། །
དེ་ཉིད་རྣམ་པའི་རིགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་ཤེས་པ་རྣམ་པ་དང་བཅས་པ་ཞེས་བྱ་བ་སྟེ། ཐམས་ཅད་ཁོ་ན་ཞེས་བྱ་བ་ནི་ཤུགས་ཉིད་ཀྱིས་སོ། །ཉེ་བར་གཞག་པས་བསྒྱུར་ཕྱིར་ན། །ཞེས་བྱ་བ་ནི་རྣམ་པ་དང་བཅས་པ་ཞེས་བྱ་བར་སྦྱར་རོ། །མིག་ལ་སོགས་པའི་སྣང་བ་ཉེ་བ་
ལས་ཡུལ་མ་ཡིན་ཡང་དྲི་ལ་སོགས་པ་མིག་ལ་སོགས་པ་ལ་སྣང་བར་འགྱུར་རོ་ཞེས་ཟེར་བ་ལ་ཇི་སྲིད་པ་ཞེས་སྨོས་སོ། །ཉེ་བ་ལས་སྨད་པ་མ་ཡིན་ཏེ་འོན་ཀྱང་མིག་ལ་སོགས་པའི་བསྐྱེད་བྱ་སྣང་བ་ཁྱད་པར་ཅན་ཡིན་པར་བསྟན་པ་ནི་འོན་ཏེ་ཞེས་བྱ་བའོ། །དེར་ཤར་བ་ཞེས་བྱ་བ་ནི་མིག་འབྲས་
เล่ม ๑๘๑ · หน้า 171b
ལ་ཤར་བ་སྟེ་སྣང་བའོ། །ཆེན་པོ་མ་ཡིན་པར་ནི་རགས་པར་མ་ཡིན་པ་སྟེ་མིག་འབྲས་ཙམ་ཡིན་པའི་ཕྱིར་རོ། །ཅི་འདྲ་ཞེས་བྱ་བ་ནི་སྔོན་པོའམ་སེར་པོ་སྟེ། གསལ་བར་བྱེད་པའི་རྣམ་པ་བསྒྲིབས་པའི་ཕྱིར་རོ། །འདི་ཉིད་བསྟན་པ་ནི་མདོག་ཀྱང་ཞེས་བྱ་བའོ། །ཞུགས་པ་ནི་འོད་ཟེར་རྣམས་སོ། །རྒྱབ་
དང་མདུན་ཇི་སྙེད་པའི་ཡུལ་གྱི་ཚད་ཀྱིས་ཆེན་པོ་ལ་སོགས་པ་རྣམས་ཏེ། ཆེན་པོ་དང་ཆུང་ངུ་ལ་སོགས་པ་རྣམས་ལའོ། །ཁྱད་པར་ཅན་ནི་སྔར་མི་གསལ་བ་ལས་གསལ་བ་དང་། མིག་གི་སྣང་བའི་དང་འབྲེལ་པ་ཡིན་ན། རིག་པའི་བདག་ཉིད་ཡིན་ལ་སྔར་རིག་པའི་བདག་ཉིད་
མ་ཡིན་པ་དང་། དེའི་བསྐྱེད་བྱའི་ཁྱད་པར་མེད་ན་སྔར་མི་གསལ་བ་འམ་མི་རིག་པའོ། །ཁྱད་པར་གཞན་ཡིན་ན་ནི་ཐུག་པ་མེད་པར་འགྱུར་བར་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །འོད་ཟེར་ལས་རིག་པ་ཡིན་ན་ཐམས་ཅད་དེའི་ངོ་བོ་ཡིན་ལ། འོད་ཟེར་འགྲུབ་པ་ལ་ཚད་མ་མེད་པར་བསྟན་པ་
ནི་འོན་ཏེ་རང་བཞིན་ཞེས་བྱ་བའོ། །ཀུན་གྱི་རྣམ་པར་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་རོ། །དོན་གནས་ནི་ཉེ་བ་ནའོ། །སྐྱེས་ཙམ་ཞེས་བྱ་བ་ནི་ལྡོག་པ་དང་བྲལ་བའི་རྗེས་སུ་འགྲོ་བ་ཙམ་ལས་སོ། །གང་ལས་ཞེས་བྱ་བ་ནི་ལྡོག་པ་དང་བཅས་པའི་རྗེས་སུ་འགྲོ་བ་ལས་སོ། །ཉེ་བ་གང་
ལས་ཤེས་པ་དོན་ཉིད་ཀྱི་རྗེས་སུ་བྱེད་པ་དེས་དེ་ཉིད་རྗེས་སུ་འཛིན་པར་འགྱུར་ན་རྣམ་པའི་རྟོག་པ་ལ་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ལ་ཉེ་བ་ཉིད་ནི་དབང་པོ་ལས་འདས་པ་ཡིན་ཡང་རིག་པ་ལ་ནི་ཤེས་ན་སྟེ། དེ་རིག་པ་ཉིད་ནི་དེ་ལྟ་བུའི་དོན་གྱིས་རིག་པའི་ཕྱིར་དང་། རང་ཉིད་མངོན་སུམ་
པས་གཞན་ལ་མི་འཇུག་པའི་ཕྱིར་དང་། འཇུག་ན་ཡང་དེའི་ངོ་བོར་ཐལ་བར་འགྱུར་བའི་ཕྱིར་དབང་པོ་ཡང་ངེས་པར་བྱེད་པ་ཉིད་ཡིན་ནོ། །དབང་པོ་ཙམ་ལས་ངེས་པ་ཡིན་ན་དེའི་ཡུལ་ཡང་དེ་ཉིད་ལས་ཡིན་པའི་ཕྱིར་དོན་མེད་པར་འགྱུར་རོ། །དོན་ལས་སྐྱེ་བཞིན་པ་ནི་དབང་པོ་ལ་ངེས་པ་ཅན་
ཡིན་ནོ་ཞེས་བྱ་བ་ཡང་ཡིད་ཀྱི་ལ་ཐུ་ཙམ་ཡིན་ཏེ། དེ་ལས་སྐྱེ་བ་ཉིད་དེའི་བདག་ཉིད་མ་ཡིན་པས་མ་ངེས་པའི་ཕྱིར་རོ། །དབང་པོ་ཡོད་ཀྱང་དེ་མེད་ན་རིག་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་དབང་པོའི་སྒོ་ནས་དེའི་བདག་ཉིད་ཀྱི་རྣམ་པར་སྒྲོ་བཏགས་པ་ནི་རྗེས་སུ་འགྲོ་བ་ལ་སོགས་པས་རྟོགས་པར་བྱ་བ་
เล่ม ๑๘๑ · หน้า 172a
ཡིན་གྱི་འབའ་ཞིག་ནི་མ་ཡིན་པར་བསྟན་པ་ནི་ཡུལ་རྣམས་ལས་ཞེས་བྱ་བའོ། །རྣམ་འགའ་ཞེས་བྱ་བ་ནི་སྐྱེ་བ་ལ་ངེས་པར་བརྟགས་པ་མ་བྱས་ཀྱང་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་འདྲ་བའི་རྣམ་པ་སྟེ། འདྲ་བ་ཉིད་དམ་དེ་ཉིད་དུ་སྒྲོ་བཏགས་པ་ཡང་རུང་བ་
གང་གི་ཡིན་པ་ཤེས་པ་སྟེ། དབང་པོ་ལས་ཡུལ་འཛིན་པ་ལ་སོ་སོར་ངེས་པ་ཡིན་ཏེ། ངེས་པའི་རྣམ་པ་སྐྱེད་པར་བྱེད་པས་ཕན་འདོགས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གང་ཁོ་ན་ལས་ཞེས་བྱ་བ་ནི་གང་དང་གང་ཁོ་ན་ལས་སོ། །སྐྱེད་པར་བྱེད་པ་ཉིད་དུ་ཁྱད་པར་མེད་ཀྱང་ཅུང་ཟད་ཉིད་ནི་འདྲ་བ་ཉིད་
ཀྱིས་སྐྱེད་པར་བྱེད་པའམ། དེ་ཉིད་དུ་སྒྲོ་བཏགས་པའི་ཡུལ་ཡིན་པར་བསྟན་པ་ནི་དཔེར་ན་ཞེས་བྱ་བ་སྟེ། རིག་པའི་སྔོན་པོ་ནི་རིག་པ་ལས་ཐ་མི་དད་པར་ཕྱི་རོལ་གྱིས་བྱས་པ་ནི་ཕས་བྱས་པའི་བུའི་ངོ་བོ་བཞིན་དུ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གཅིག་གི་ཞེས་བྱ་བ་ནི་བྱེད་པ་པོ་ཡིན་ཡང་དེ་ལས་གཞན་པ་
རྣམ་པའི་བྱེད་པ་པོ་མ་ཡིན་པར་ཤེས་པར་བྱ་བའི་ཆེད་དུའོ། །དེ་བསྟན་པ་ནི་དེ་ལས་བྱུང་བ་ཞེས་བྱ་བའོ། །དེ་བཞིན་དུ་དོན་ཉིད་ལས་དོན་གྱི་རྣམ་པ་མཐོང་ངོ་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། དོན་ཉིད་རྣམ་པ་བྱེད་པ་ཡིན་ཏེ། དེའི་རྣམ་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་ཉིད་རྣམ་
པའི་ཁྱད་པར་སྐྱེད་པར་བྱེད་པས་ཡུལ་འཛིན་པ་ལ་ངེས་པར་བྱེད་པ་ཡིན་གྱི་དབང་པོ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་ཐག་རིང་ཞེས་བྱ་བའོ། །རྣམ་པའི་བྱེད་པ་པོ་ཉིད་ནི་གཟུང་བ་ཉིད་ན་ལ་ཡན་ལག་གི་གཙོ་བོ་ཡིན་ན། ཁྱབ་པ་ཐལ་ཆེས་པའི་རྒྱུ་ཉིད་ཀྱིས་ཅི་ཞིག་བྱ་ཞེས་བསྟན་པ་ནི་དེ་ལས་གཞན་དང་
ཞེས་བྱ་བ་སྟེ། དེའི་རྒྱུ་ཉིད་དུ་ནི་ཤེས་པའི་རྒྱུ་ཉིད་དུའོ། །མཚུངས་པ་ནི་དེ་ལས་གཞན་པ་དབང་པོ་ལ་སོགས་པ་རྣམས་དང་ངོ་། །ཡུལ་དག་ལ་ནི་མཚུངས་པ་ལའོ། །དེའི་ཆས་ནི་རྣམ་པ་བྱེད་པ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་མ་ཡིན་ཏེ་སྨིག་རྒྱུ་དཀར་པོ་ལ་སོགས་པ་ལ་ཡང་ཆུའི་
རྣམ་པ་སེར་པོ་ཅན་ལ་རང་གི་རྣམ་པར་སྒྲོ་བཏགས་པས་རྒྱུ་མ་ཡིན་པས་ཡུལ་མ་ཡིན་པའི་ཕྱིར་རོ། །ཡུལ་ངེས་པ་ཅན་ཉིད་ཀྱང་སྐྱོན་རྣམས་ཀྱི་དེ་ཉེ་བ་ཡོད་པས་ནུས་པ་མངོན་པར་གསལ་བའི་ཕྱིར་རོ། །དེ་མེད་པར་ཞེས་བྱ་བ་ནི་རང་གི་རྣམ་པར་སྒྲོ་འདོགས་པར་བྱེད་པ་ཉིད་མེད་ན་དེ་ཡུལ་ཉིད་མ་ཡིན་
เล่ม ๑๘๑ · หน้า 172b
ནོ། །རྒྱུ་ཉིད་ཀྱིས་རང་གི་རྣམ་པར་སྒྲོ་འདོགས་པར་བྱེད་པ་ཉིད་བརྗོད་པར་འདོད་པ་ཉིད་དུ་བསྟན་པ་ནི། རྒྱུ་ཉིད་ཀྱིས་ནི་ཞེས་བྱ་བའོ། །དེའི་རྣམ་པ་ནི་བདག་ཉིད་ཀྱི་རྣམ་པའོ། །གཉི་གའི་རྒྱུ་ཉིད་དང་བདག་གི་རྣམ་པར་སྒྲོ་འདོགས་པར་བྱེད་པ་ཉིད་ཀྱང་ངོ་། །དེ་ལྟ་མ་ཡིན་ཡང་ཞེས་བྱ་བ་ནི་མྱོང་བ་ཉིད་མ་ཡིན་ནའོ། །
མ་རྟོགས་པའམ་གཞན་རྟོགས་པ་ཙམ་ཡིན་ན་ཡུལ་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་རྟོགས་པ་དང་ཞེས་བྱ་བ་སྨོས་སོ། །ཡུལ་མི་རིགས་པར་བསྟན་པ་ནི་གལ་ཏེ་ཞེས་བྱ་བ་སྟེ་སྔོན་པོ་ལ་སོགས་པའོ། །དོན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་སྟེ་དབང་པོ་ལ་སོགས་པ་ལ་བརྟེན་པའི་བདག་
ཉིད་ཡིན་པའི་ཕྱིར་ཏེ། གཞན་དུ་ན་དེ་མི་རིགས་པའི་ཕྱིར་རོ། །མི་ནུས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་བསྟན་པ་ནི་མ་རྟོགས་པ་ནི་ཞེས་བྱ་བའོ། །རྟོགས་བཞིན་པ་ལ་ནི་དེའི་ངོ་བོ་ཉིད་ཁོ་ན་རྟོགས་པ་ཡིན་པའི་ཕྱིར་གཞན་ལྷག་མ་ཡིན་ནོ། །དེ་བསྟན་པ་ནི་
རྟོགས་སོ་ཞེ་ན་ཞེས་བྱ་བའོ། །རྟོགས་བཞིན་པ་ཉིད་འབྲས་བུ་ཡིན་པས་བྱེད་པ་རྟོགས་པར་བྱེད་པ་མ་ཡིན་ནམ། དེ་ཡང་བདག་གི་འགྱུར་བའི་བློའམ་དབང་པོ་ལ་སོགས་པའི་བྱེད་པའང་རུང་ཞེས་ཟེར་བ་ལ་བྱ་བ་གཞན་ཞེས་བྱ་བའོ། །བསྟན་ཏོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་ཉིད་ལས་དེ་ལྟ་
བུའི་ངོ་བོ་སྐྱེད་པ་ལས་རྟོགས་པར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་བསྟན་ཟིན་པ་ནི་དེ་མེད་ན་ནི་དེ་མི་འབྱུང་ཞེས་བྱ་བ་ལ་སོགས་པས་སོ། །ཡུལ་ཤེས་དེའི་ཤེས་པའི་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ངོ་། །དོན་གྱི་རང་གི་སྣང་བ་ནི་དོན་སྣང་བ་དང་རང་སྣང་བ་ཞེས་བྱ་བས་
ཚུལ་གཉིས་ཉིད་ཅེས་བྱ་བ་བཤད་པ་ཡིན་ནོ། །ཡུལ་ཤེས་པའི་ཤེས་པ་ཞེས་བྱ་བ་ནི་བྱེ་བྲག་ལས་སོ། །འོག་མ་དག་ནི་ཞེས་བྱ་བ་ནི་འདི་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །རེ་ཞིག་འདི་ལྟར་རྣམ་པ་རྣམས། །སྤྲོས་
དང་ལྡན་པར་མཐོང་བ་མིན། །ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། འདི་བུམ་པའོ་ཞེས་བྱ་བ་ལས་བུམ་པའི་རྣམ་པ་མ་རྟོགས་པར་ཤེས་པའི་རྣམ་པར་མི་རྟོག་པའི་ཕྱིར་མི་རིགས་པ་ཡིན་ནོ། །བུམ་པའི་རྣམ་པ་འདི་ཉམས་སུ་མྱོང་བས་མྱོང་བ་མ་ཡིན་ན་བུམ་པ་ཉམས་
เล่ม ๑๘๑ · หน้า 173a
སུ་མྱོང་བར་མི་འགྱུར་ཞིང་། རྣམ་པ་དང་བཅས་པ་ཉིད་ཀྱིས་ཁྱད་པར་མེད་པ་ན་བུམ་པའི་ཤེས་པ་དེའི་ཤེས་པའི་དབྱེ་བ་ལས་ནི་མ་ཡིན་ནོ། །རྣམ་པ་མེད་པ་ཉིད་ཡིན་ཡང་རང་ཉིད་ཁོ་ན་ཡིན་ཏེ། རྣམ་པ་མེད་པ་ཉིད་དུ་མཚུངས་པ་ཡིན་
ཡང་ཇི་ལྟར་རྣམ་པ་དང་བཅས་པ་རྣམས་ཀྱི་དབྱེ་བའི་ངེས་པ་རང་བཞིན་ཅན་ཡིན་པ་དེ་བཞིན་དུ་ཤེས་པ་རྣམས་ཅིའི་ཕྱིར་མ་འགྲུབ་ཅེ་ན། ཤེས་པ་དང་མ་ཤེས་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །བུམ་པ་དང་དེའི་ཤེས་པ་ལ་སོགས་པའི་ཡུལ་ཐ་དད་པ་ལས་དེས་མ་རིག་ན་
ཤེས་པ་ཐ་དད་པ་ཡང་མ་ཡིན་ལ་རིག་ན་ཡང་ཚུལ་གཉིས་ཉིད་ཡིན་ནོ། །དེའི་ཕྱིར། ཡུལ་དུ་ཐ་སྙད་འདོགས་པ་ནི། །ཤེས་ལ་ངེས་རྟོགས་མེད་ན་མིན། །དེ་ཕྱིར་ཤེས་བདག་ཉིད་གཅིག་ལ། །གཟུང་བྱ་ཐ་དད་རྒྱུ་མཚན་ནི། །རིག་པའི་དབྱེ་བ་འགྲུབ་འདི་ལ། །རྣམ་གཞན་ངེད་ལ་ཅི་ཞིག་དགོས། །
ཞེས་བྱ་བའི་དོན་ནི་བདེན་པ་མ་ཡིན་ནོ། །ཕྱིས་ཀྱི་དུས་སུ་དྲན་པ་ལས། །འདི་ནི་ངེས་པ་མེད་མ་ཡིན། །ཞེས་བྱ་བ་བཤད་པ་ནི་ཅི་འདྲ་ཞིག་ཅེས་བྱ་བ་ནི་དྲན་པ་སྟེ། མངོན་སུམ་གྱིས་རྟོགས་པ་ལ་ལྷག་པར་མོས་པ་ནི། རྗེས་སུ་དཔག་པ་མ་ཡིན་པ་ལས་ཡིན་གྱི་རྗེས་སུ་དཔག་པ་ལས་
བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བའི་དྲན་པ་ཡང་མ་ཡིན་ཏེ། གཞན་དུ་ཉམས་སུ་མྱོང་བ་ལ་ཐ་སྙད་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་གང་ཞིག་ཅེས་བྱ་བའོ། །ཉམས་སུ་མྱོང་བ་དྲན་པ་ཕྱི་རོལ་ལ་ཡིན་གྱི་རྣམ་པ་ནི་མ་ཡིན་པར་
བསྟན་པ་ནི་དེ་ལྟ་བུར་ཞེས་བྱ་བ་སྟེ། མངོན་སུམ་གྱི་སྣང་བ་སྟེ་དེའི་རྗེས་སུ་འབྲང་བའི་དྲན་པ་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་པ་ཕྱི་རོལ་ལོ་ཞེས་བྱ་བ་ཡང་མངོན་སུམ་པ་མ་ཡིན་པར་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །མངོན་སུམ་གྱི་སྣང་བ་མ་རྟོགས་པ་གཞན་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་བ་ནི་སྣང་བཞིན་པའི་དོན་དུའོ། །དོན་ནི་ཕྱི་རོལ་ལོ། །དེ་འདྲ་བ་ནི་སྣང་བ་ཅི་འདྲ་བའོ། །གཅིག་པ་ཉིད་དེ་ཐ་མི་དད་པ་ཡིན་ནའོ། །དོན་ནི་སྣང་བས་སོ། །རགས་པ་ཞེས་བྱ་བ་ནི་དོན་དང་དོན་མ་ཡིན་པའི་ཐུན་མོང་བ་ཡིན་ཏེ། དོན་མ་ཡིན་པ་ཡང་ཕྱི་རོལ་ཡིན་པའི་
เล่ม ๑๘๑ · หน้า 173b
ཕྱིར་རོ། །དེ་སྐད་ཟེར་བ་ནི་ཆ་གཉིས་ཞེས་བྱ་བའོ། །སྣང་བཞིན་པ་ནི་ཕྱི་རོལ་ལམ་དོན་མ་ཡིན་པས་ཡང་མ་ཡིན་ཏེ། གཞན་དུ་དེ་ལྟར་ངེས་པའི་ཕྱིར་ཞེས་བསྟན་པ་ནི་འདི་ནི་ཕྱིས་ཞེས་བྱ་བ་དེ་མེད་ན་ནི་དེ་མི་འབྱུང་ཞེས་བྱ་བས་སོ། །རིག་པ་ཁོ་ན་ཤེས་པའི་དོན་གྱི་རྣམ་པ་ཉིད་རྟོགས་བྱ་མ་ཡིན་ནོ། །
སོ་སོར་སྣང་བས་ཀྱང་ངོ་ཞེས་བསྟན་པ་ནི་དོན་དང་ལྡན་པ་ཞེས་བྱ་བའོ། །དོན་དང་འདྲ་བའི་རྣམ་པ་ནི་དོན་གྱི་རྣམ་པའི་ཤེས་པའི་ཡིན་ལ་དེ་མ་ཡིན་པའོ། །དེ་ལ་དགོས་པ་ནི་འདི་ཁོ་ན་དོན་ཉིད་ཡིན་ནོ་ཞེས་བྱ་བར་རོ། །ངེས་པ་ནི་དེའི་རྣམ་པ་ཅན་ཉིད་ཀྱི་འདས་པ་ལ་སོགས་པར་འཛིན་པ་ལའོ་ཞེས་
བསྟན་པ་ནི་འདས་པའི་ཞེས་བྱ་བའོ། །ཚུལ་གཉིས་ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་ཉིད་ཀྱི་གཞལ་བྱ་དང་། གཞན་གྱིས་མི་འགྲུབ་པའི་རྟོགས་པ་ཉིད་དོ། །འཛིན་པར་བྱེད་པ་རང་རིག་པར་གྱུར་པ་ནི་འབྲས་བུའོ། །དགག་པར་བྱ་བ་བསྟན་པ་ནི་གང་དག་ཤེས་པ་ནི་ཞེས་བྱ་བའོ། །ཤེས་པ་ནི་རྟོགས་པ་
ཉིད་ཡིན་ན་ཤེས་པ་ལ་ངེས་པ་ཡིན་ཏེ་ངེས་ན་བདག་གིར་འགྱུར་བ་སྟེ་བྱེད་པ་ཤེས་པ་པོ་ཉིད་ཀྱི་ངོ་བོ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་བ་ནི་མྱོང་བ་མ་ཡིན་ལ་ཞེས་བྱ་བ་སྟེ་མངོན་སུམ་མོ། །དེ་ཉིད་ཀྱི་ཕྱིར་དེ་ནི་རྣམ་པ་མ་ཡིན་ཏེ་མངོན་སུམ་དང་ཅིག་ཤོས་དག་དེའི་བདག་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་དོན་གྱི་
རྣམ་པ་ཡང་ཞེས་བྱ་བའོ། །གསལ་བ་ཞེས་བྱ་བ་ནི་ཕྱི་རོལ་ཉིད་དུ་ངེས་པ་རྣམ་པར་འཛིན་པ་ཡིན་ནའོ། །དེ་ཡང་ཞེས་བྱ་བ་ནི་འཛིན་པའོ། །ཐམས་ཅད་ལ་ནི་རབ་རིབ་ལས་བྱུང་བ་ལ་སོགས་པ་ལ་ཡང་ངོ་། །དོན་ལྟ་བུའི་རྣམ་པར་ཤེས་པ་གང་གི་ཡིན་པ་དེའི་ངོ་བོ་ཞེས་བྱ་བས་རིག་པར་བྱ་བ་
བསྟན་པ་ཡིན་ནོ། །དེ་ལ་བསྟན་པ་ནི་གང་ལ་དོན་ཡོད་པ་ཞེས་བྱ་བས་ཚིགས་སུ་བཅད་པ་བཤད་པ་ཡིན་ནོ། །མངོན་སུམ་གྱིས་གནོད་པ་ཞེས་བྱ་བ་ནི་ཉེ་བའི་སྣང་བ་ནི་འདས་པའི་དོན་དང་འགལ་བ་ཅན་ཡིན་པའོ། །འབྲེལ་པ་འཛིན་པ་ཉེ་བའི་མངོན་སུམ་གྱི་སྣང་བ་ལྐོག་ཏུ་གྱུར་པ་མ་ཡིན་པ་ཕྱི་རོལ་
ལས་གཞན་པའོ། །དེས་ན་ཞེས་བྱ་བ་ནི་འབྲེལ་པ་འཛིན་པ་ལས་སོ། །དེ་ཞེས་བྱ་བ་ནི་ཤེས་པ་ཡིན་ནའོ། །ཐམས་ཅད་དུ་ནི་དོན་བཞིན་དུ་མངོན་པར་འདོད་པ་ལ་ཡང་ངོ་། །ཡུལ་ཤེས་པ་ལ་རང་བཞིན་ནི་ཚུལ་གཉིས་ཉིད་དོ། །དེའི་སྟེ་ཡུལ་ཤེས་པའི་ཤེས་པ་ཡིན་ལ་དེའི་དེ་ཡང་ཚུལ་
เล่ม ๑๘๑ · หน้า 174a
གཉིས་ཡིན་ནོ། །དེ་ཁོ་ན་བཞིན་དུ་ཐམས་ཅད་ལའོ། །ཚུལ་གཉིས་ཉིད་འཛིན་པ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་དེས་མ་ངེས་པ་མ་ཡིན་ཏེ་ཕྱི་རོལ་གྱི་ཡུལ་ཉིད་མངོན་པར་འདོད་པ་ཙམ་ལས་ཡིན་པའི་ཕྱིར་དང་། མི་སླུ་བས་ཀྱང་ཚད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར། མ་
ལུས་སྒྲུབ་པར་བྱེད་བློ་ཡང་། །གལ་ཏེ་བརྫུན་འདོད་དེ་ཡི་ཕྱིར། །ཇི་ལྟར་འདོད་པ་ཀུན་མེད་པའམ། །མ་ཚང་སོགས་པར་ཐལ་བར་འགྱུར། །དེ་རྣམས་དམིགས་བཅས་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པར་ལེགས་པར་སྨྲས་པ་མ་ཡིན་ནོ། །དེ་འཛིན་པ་ལ་འདས་པ་ཉིད་སྣང་བ་མ་ཡིན་
ཏེ་ངོ་བོ་རིག་པ་མ་ཡིན་ན། ངོ་བོ་རིག་ན་ཡང་འདས་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདིའི་ངོ་བོ་ཉིད་སྤྱིར་གཟུང་བ་ཉིད་དུ་སྣང་བ་ཡིན་པར་བསྟན་པ་ནི་སྔོ་སོགས་ཞེས་བྱ་བའོ། །རིགས་ནི་ཁ་དོག་དང་ལྡན་པ་མ་ཡིན་ལ། བསྒོས་ན་ཡང་ཤེལ་ལྟ་བུར་ཐ་དད་པར་གྲུབ་ནའོ། །དེ་ཡང་རང་
གི་རིག་པར་བྱ་བ་ཤེས་པའི་ངོ་བོ་ཕྱི་རོལ་དུ་མངོན་པར་འདོད་པའི་བྱེད་པའི་ཡུལ་ནི་རང་གི་རིག་པ་ལ་གསལ་བ་ཡིན་ཞིང་ཕྱི་རོལ་ལ་ནི་མི་གསལ་བ་ཡིན་ནོ། །དེ་ལྟར་དབྱེ་བ་ཡང་མ་ཡིན་ཏེ། དེའི་མངོན་པར་འདོད་པ་ཉིད་དང་རང་ཉིད་རིག་པ་ལ་ཐ་དད་པ་མེད་པའི་ཕྱིར་མི་རྟག་པ་ནི་རེས་འགའ་བའི་སྣང་བ་
ཡིན་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་ནི་སྣང་བ་ཡིན་ལ་སྣང་བཞིན་པ་ནི་མ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པ་མ་ཆད་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ཉིད་ཀྱི་ཕྱིར་ནི་སྣང་བཞིན་པ་ཉིད་ཀྱི་ཕྱིར་རོ། །སྐྱེད་པར་བྱེད་པ་མ་ཡིན་པ་ནི་སྣང་བར་འགྱུར་བ་མ་ཡིན་པ་སྟེ། ཁྱབ་
པ་ཅན་གྱི་སྣང་བ་མི་རིགས་པའི་ཕྱིར་རོ། །རང་གི་རིག་པ་ཞེན་པ་དང་བརྗོད་པ་དག་ལ་མངོན་པར་འདོད་པའི་ཡུལ་ཉིད་ལ་སོགས་པའི་དོན་ཡང་དེ་མ་རྟོགས་པའམ་ཅིག་ཤོས་མེད་པར་བསྟན་པ་ནི་མིང་སོགས་ཞེས་བྱ་བའོ། །ཞེན་པར་བྱ་བ་ནི་རང་གི་རིག་པ་ལས་ཐ་དད་པའི་ཤེས་བྱ་མ་
ཡིན་ཞིང་ཞེན་པ་ལས་ཐ་དད་པ་དང་ཅིག་ཤོས་དང་བྲལ་བ་དངོས་པོ་མེད་པའི་ཞེན་པར་བྱ་བ་ཡང་མ་ཡིན་ཏེ། རང་གི་རྣམ་པ་ཕྱི་རོལ་དུ་སྒྲོ་བཏགས་པ་ནི་རྣམ་པར་རྟོག་པའི་ཤེས་བྱ་ཡིན་ཏེ། དེ་ལྟར་འཕངས་པ་ནི་དེའི་བྱེད་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བ་ཡང་དོན་
เล่ม ๑๘๑ · หน้า 174b
མེད་པ་ཉིད་དུ་མི་རིགས་པའི་ཕྱིར། མ་རིག་པ་ལས་དེ་ལྟ་བུའི་བྱེད་པ་ཡིན་གྱི། དེ་ལྟ་བུའི་གཟུང་བ་ནི་མ་ཡིན་ཏེ། རྣམ་པ་མེད་པ་རིག་པ་མ་ཡིན་པའི་ཕྱིར་དང་རྒྱུ་མ་ཡིན་པ་ཡུལ་མ་ཡིན་པའི་ཕྱིར་དང་། འབྲས་བུ་ལ་སོགས་པ་ཉིད་ཀྱིས་ཀྱང་དོན་མེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་
ནི་ཚུལ་འདི་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ལ་ཡོད་པའི་རིགས་པའོ། །ཅི་ལས་ཤེ་ན་འདོད་པ་ཙམ་ཞེས་བྱ་བ་སྟེ། མ་རིག་པ་ལས་བྱུང་བ་སྐྱེད་བྱེད་མ་ཡིན་པ་གཟུང་བ་མ་ཡིན་ཏེ། དམིགས་པའི་ཤེས་པ་སྐྱེད་པར་མི་བྱེད་པ་མི་རིགས་པའི་ཕྱིར་ཏེ། འདོད་པ་ཙམ་ལས་བྱུང་བ་ནི་དམིགས་པ་དང་
འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཉམས་སུ་མྱོང་བ་དག་དེའི་བདག་ཉིད་ཉམས་སུ་མྱོང་བ་ལས་ཚུལ་གཉིས་ཉིད་འབའ་ཞིག་མ་ཡིན་གྱི། དྲན་པ་ལས་ཀྱང་རྗེས་སུ་དཔག་པ་ལས་བྱུང་བ་ཡིན་པར་བསྟན་པ་ནི་རྣམ་པ་འདི་འདྲ་ཞེས་བྱ་བ་སྟེ། རྣམ་པ་འདི་འདྲ་བ་ཞེས་བྱ་བ་ནི་འདས་པ་འཛིན་
པའོ། །མྱོང་ལས་ཞེས་བྱ་བ་ནི་དེའི་ཡུལ་ཉིད་དོ། །སྟོང་ན་ཞེས་བྱ་བ་ནི་དེའི་ཡུལ་དུ་ཐ་སྙད་འདོགས་པས་སོ། །ཤེས་ལ་ངེས་རྟོག་མེད་ན་མིན། །ཞེས་བསྟན་པ་ནི་དེའི་བདག་ཉིད་མ་ཡིན་པའི་ཡུལ་ཡང་མ་ཡིན་ན་ཁྱད་པར་མ་ཡིན་ལ། ཉམས་སུ་མྱོང་བ་དང་རྣམ་པ་དག་འདྲེས་པས་ཐ་མི་
དད་པར་སྣང་བ་མ་ཡིན་ཏེ། དྲན་པའི་རྣམ་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྣང་བཞིན་པ་འདི་ཕྱི་རོལ་མ་ཡིན་པ་ནི་བདེན་ཏེ། དེ་ནི་འདས་པ་ཡིན་ལ་དེས་སྒྲོ་བཏགས་པའི་ངོ་བོ་ཡང་དྲན་པའི་དངོས་སུ་བ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་དེའི་རྣམ་པ་ཅན་གྱི་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །
དེ་ཚེ་ཞེས་བྱ་བ་བརྟེན་པའི་རྣམ་པའི་དུས་སུའོ། །མེད་ཕྱིར་ནི་འདས་པའི་ཕྱིར་རོ། །དེ་ལྟར་ཡིན་ན་མྱོང་ལའང་འགྱུར་རོ་ཞེས་བྱ་བ་ནི་དྲན་པ་ལྟ་བུའོ། །དེར་ཞེས་བྱ་བ་ནི་རྣམ་པར་ཏེ་རྣམ་པ་མེད་པ་ཉིད་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འདས་པ་ལས་ནི་མི་གསལ་བའི་རྣམ་པ་ཡིན་ལ། གསལ་བ་
ནི་དོན་ཉིད་མ་ཡིན་ནམ། ཉམས་སུ་མྱོང་བ་ལ་ནི་རྣམ་པར་རྟོག་པ་མ་ཡིན་ནོ་ཞེས་ཟེར་བ་ལ་རྣམ་པ་དེ་ནི་ཞེས་བྱ་བ་སྨོས་ཏེ་འདི་ནི་དོན་གྱི་བསྐྱེད་བྱ་མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་ལ་གསལ་བ་དོན་བྱེད་པར་ནུས་པ་ནི་ཉམས་སུ་མྱོང་བའི་བདག་ཉིད་རྗེས་སུ་མཐུན་པར་བྱེད་པ་ཞེས་བྱ་
เล่ม ๑๘๑ · หน้า 175a
བ་འདི་ཉིད་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་དྲན་པ་ལ་སྣང་བ་ཅན་གྱི་དོན་གྱི་མ་ཡིན་ནོ་ཞེས་དམ་བཅས་གཞན་ཉིད་ཡིན་པའི་ཕྱིར་དོན་གྱི་བསྐྱེད་བྱ་རྣམ་པ་དེ་མ་ཡིན་དུ་ཟིན་ཀྱང་། བག་ཆགས་ཀྱི་བསྐྱེད་བྱ་ཤེས་པ་ལ་ཐ་དད་པ་ནི་ཞེན་པར་བྱ་བ་ཉིད་ཀྱིས་ཕྱི་
རོལ་ཡིན་ལ། ཤེས་པ་དོན་གྱི་བྱ་བ་བྱེད་པ་ཉིད་ཀྱིས་དངོས་པོ་ཡིན་ནོ་སྙམ་དུ་སེམས་པ་ལ་རྣམ་པ་དེ་ནི་ཞེས་བྱ་བ་སྨོས་སོ། །ཐུན་མོང་མ་ཡིན་པའི་ཤེས་པ་ལས་གཞན་པ་ནི་གཞན་པའོ། །བདག་ལ་འབྲེལ་པ་ཞེས་བྱ་བ་ནི་རང་གི་བག་ཆགས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་ནི་
ཐུན་མོང་བ་མ་ཡིན་པ་སྟེ། དུ་བ་ལྟ་བུ་ཡིན་ལ་དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡང་ཞེས་བྱ་བ་ནི་མ་བསྟན་པར་ཏེ། དེ་ལྟ་ན་ཡང་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །གཞན་ཉིད་དོ་ཞེས་བྱ་བ་ནི་སྟོན་པ་པོ་དང་འབྲེལ་པ་དང་འདྲ་བ་ཡིན་གྱི་ཕྱི་རོལ་གྱི་ངོ་བོ་
དང་ལྡན་པ་ནི་མ་ཡིན་ནོ། །རེ་རེ་དག་དང་ཞེས་བྱ་བ་ནི་སྐྱེས་བུ་རེ་རེ་ཞིང་ཐ་དད་པའི་ཕྱི་རོལ་གྱིས་སོ། །དེའི་བདག་ཉིད་ལ་སོགས་པ་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱི་བདག་ཉིད་བཞིན་དུ་ཐུན་མོང་མ་ཡིན་པའོ་ཞེས་དགོངས་པའོ། །མཚམས་སྦྱོར་བ་ནི་ལོག་པར་རྟོགས་པ་མ་ཡིན་པའོ། །དེར་
སྣང་མིན་ནི་ཐ་དད་པ་མ་ཡིན་པར་སྣང་བ་དག་གིའོ། །ཐ་མི་དད་པའི་བློ་ནི་འདྲ་བ་ཉིད་དམིགས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ཉིད་ལ་ཕྱི་རོལ་དེ་ནི་མེད་པ་ཡིན་ལ་དེའི་རྣམ་པའི་བློའི་རྣམ་པ་དང་ལྡན་པ་ནི་ཐ་དད་པ་ཡིན་ན་ཡང་གཞན་ཡང་རྟོགས་པར་འགྱུར་རོ་ཞེས་སྔ་མ་བཞིན་དུ་ཐལ་བར་འགྱུར་བ་
བསྟན་པ་ནི་དེ་ཚེ་ཞེས་བྱ་བ་སྟེ། ཐ་དད་པ་ལ་ཐ་མི་དད་པར་སྣང་བ་ཁས་བླངས་པའི་དུས་ནའོ། །འོན་ཏེ་འདྲ་བ་ཉིད་ཅེས་བྱ་བ་ནི་དེ་ཉིད་ཀྱི་ཤེས་པའི་ཡུལ་ལ་རེ་རེ་ཞིང་ཁས་བླངས་པ་ཡིན་ན་ནི་མ་ཡིན་ནོ། །ཐ་དད་པར་སྣང་བ་ཡང་ཐུན་མོང་བ་ཉིད་ཀྱི་ཕྱིར་དེའི་ཤེས་པ་དེ་ཡིན་པར་བསྟན་པ་ནི་དེ་ལྟ་ན་འོ་ན་ཞེས་
བྱ་བའོ། །གང་གི་ཚེ་ནི་གང་གི་དུས་སུ་ཡང་ངོ་། །བདེན་པ་ལ་ཡང་ཐ་མི་དད་པ་ལ་ཐ་དད་པའི་བློའི་རྣམ་པ་ཡིན་པའི་ཕྱིར་བློ་ཐ་དད་པའམ་ཐུན་མོང་བ་ཉིད་དམ་ཐུན་མོང་མ་ཡིན་པ་ཉིད་ལ་ཡང་ཤེས་པའི་རྣམ་པ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དོན་དང་ལྡན་པའི་ཉམས་སུ་མྱོང་བའི་སེམས་
เล่ม ๑๘๑ · หน้า 175b
ལ་དོན་མེད་པའི་རྣམ་པར་དོགས་པ་མ་ཡིན་ནམ། ཇི་ལྟར་སེལ་བར་བྱེད་ཅེས་ཟེར་བ་ལ་གལ་ཏེ་ན་ཞེས་བྱ་བ་སྟེ། ཡོངས་སུ་བརྟགས་པས་ཞེས་བྱ་བ་ནི། སྔོ་སོགས་ཐ་དད་ཅན་སྣང་ཕྱིར། །ཞེས་བྱ་བ་ལ་སོགས་པས་སམ། གནོད་པར་བྱེད་པའི་ཚད་མའི་སྟོབས་ཀྱིས་ཏེ། རྣམ་པ་དེ་ནི་དོན་གྱི་མིན། །ཞེས་
བྱ་བ་ལ་སོགས་པ་ལས་སོ། །ཉམས་སུ་མྱོང་བ་ནི་རྣམ་པ་དང་བཅས་པ་ཡིན་ཏེ། དེ་འཛིན་པ་ལ་དེ་དང་ལྡན་པ་ཉིད་དུ་སྣང་བའི་ཕྱིར་རོ། །དེའི་ཤེས་པ་འཛིན་པ་ཅན་ནི་དེ་དང་ཐ་དད་པའི་ཡུལ་ལ་འཛིན་པ་ཅན་མ་ཡིན་ན་ཡུལ་དུ་ཐ་སྙད་འདོགས་པ་གང་གིས་དེ་འཛིན་པ་ཅན་དུ་འགྱུར་ཞེས་བསྟན་པ་ནི་
དེ་ཡང་ནི་ཞེས་བྱ་བའོ། །ཆ་གཉིས་ཞེས་བྱ་བ་ནི་ཡུལ་དང་ཉམས་སུ་མྱོང་བ་དག་གོ། །རྣམ་པ་གཅིག་གིས་ཞེས་བྱ་བ་ནི་རང་གི་རྣམ་པའོ། །དེ་ཤེས་པ་ཡིས་ཞེས་བྱ་བ་ནི་ཡོངས་སུ་བརྟགས་པ་སྟེ་སྔོན་པོའི་བདག་ཉིད་ཉམས་སུ་མྱོང་བའི་རྣམ་པའི་ཤེས་པ་དེ་ལྟར་དུས་ཕྱིས་ཡོངས་སུ་བརྟགས་པའི་ཕྱིར་རོ་
ཞེས་བྱ་བའི་དོན་ཏོ། །ཡུལ་གྱི་རྣམ་པ་ཉིད་བཞིན་དུ་འཛིན་པ་ཉིད་ཀྱང་སྐྱེ་བའི་དུས་ན་གཉིས་ཀྱི་རྣམ་པ་ཉིད་དུ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནམ། དྲན་པ་ཉེ་བར་དགོད་པས་ཅི་ཞིག་བྱ། ཉམས་སུ་མྱོང་བ་མ་ཡིན་པ་ཡང་འདི་དྲན་པ་མ་ཡིན་ཞིང་དེ་ཤེས་པ་དེའི་འཛིན་པ་ཉིད་ཁོ་ན་ཡིན་ནོ། །
དྲན་པའི་རྗེས་ཀྱི་དུས་ལ་ཞེས། །འདི་ནི་བརྫུན་པ་ཉིད་དུ་གྲགས། །དེ་ཉིད་ཚེ་ན་འདི་རིག་པ། །དོན་གྱིས་གོ་བ་སྐྱེ་བ་ཡིན། །དོན་ཤེས་པ་ཉིད་ལས་གཞན་དུ་མི་འཐད་པས་དེའི་ཤེས་པ་རྟོགས་སོ་ཞེས་ཟེར་བ་ལ་དེ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །ཉམས་སུ་མྱོང་བཞིན་པའི་སྔོན་པོ་ནི་གཞན་གྱིས་
སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་འཛིན་པ་དང་རིག་པའི་བདག་ཉིད་ཀྱི་ཕྱིར་དེའི་བདག་ཉིད་དུ་གྱུར་པའི་འབྲས་བུ་ཡང་ཡིན་ཏེ། སྔོན་པོ་གཟུང་བའོ་ཞེས་བྱ་བས་དེ་མ་ཡིན་པ་ལས་ལོག་པས་ཐ་མི་དད་པར་མ་རྟོགས་པ་ལོག་པར་རྟོག་པ་རྣམས་རྟོགས་པ་ཡིན་ནོ། །ཕྱིས་ཀྱི་དུས་སུ་དྲན་པ་ལས། འདི་ནི་
ངེས་པ་མེད་མ་ཡིན། །ཞེས་དགོངས་པའོ། །འབའ་ཞིག་ནི་དོན་གྱི་རྣམ་པ་དང་བྲལ་བ་རྒྱལ་དཔོག་པ་གང་གི་ཡིན་པ་དེའི་ཡང་བློ་ངོ་བོ་རྣམ་པ་མེད་པ་ནི་བློ་གཞན་ལས་ཐ་དད་པར་ངེས་པར་རྟོགས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དོན་གྱིས་གོ་བ་ཞེས་བྱ་བའོ། །ངེས་པ་གཟུང་བྱ་མིན་པ་ནི་རྣམ་པ་
เล่ม ๑๘๑ · หน้า 176a
མེད་པ་རྟོག་པ་ཙམ་ཡིན་པའི་ཕྱིར་ཤེས་པའི་ཁྱད་པར་ལས་བློ་རྟོགས་པ་ཡིན་ནོ། །ཐ་དད་པར་འགྱུར་བ་མ་ཡིན་པ་ནི་དངོས་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་གྷ་ཉ་ཞེས་བྱ་བས་སོ། །དེ་ནི་ཞེས་བྱ་བ་ནི་ཀྟི་ནའོ། །དེ་ལྟ་ཡིན་ནའོ། །ངེས་པར་བརྟག་པར་བྱ་བ་
ཅི་ཞིག་ཡིན་ཞེས་ཟེར་བ་ལ་དེའི་ཕྱིར་སྔོན་པོ་ལ་སོགས་པ་ཞེས་བྱ་བའོ། །ཆོས་ཀྱི་བྱེ་བྲག་གིས་ནི་ལྡོག་པས་བྱས་པའོ། །དེའི་རྣམ་པ་ཉིད་ནི་རྟོགས་པའི་ངོ་བོའི་སྔོན་པོ་ཉིད་དོ། །སྔོན་པོའི་ཤེས་པའོ་ཞེས་བྱ་བ་ནི་ཐ་མི་དད་པར་ཉམས་སུ་མྱོང་བ་དང་འགལ་བར་བསྟན་པ་ནི་སྔོན་པོ་ལས་ཞེས་བྱ་
བའོ། །ངོ་བོ་གཅིག་ཉིད་ཡིན་ན་ཇི་ལྟར་འདོད་པའི་བློ་ཉིད་མེད་པ་ཡིན་གྱི་མངོན་སུམ་གྱི་དོན་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་ཞེས་བྱ་བ་དང་འོ་ན་ནི་ཞེས་བྱ་བའོ། །ཅི་ལ་བརྟེན་ནས་གང་གི་སེལ་བ་ཡིན་ཞེས་ཟེར་བ་ལ་ཚད་མས་གྲུབ་གྱུར་ཞེས་བྱ་བའོ། །དོན་ནམ་བློ་ཡང་
རུང་ཚད་མས་གྲུབ་པོ་ཞེས་བྱ་བའི་བརྟག་པ་གཉིས་ཡིན་པར་བསྟན་པ་ནི་གལ་ཏེ་དོན་ཞེས་བྱ་བའོ། །དོན་གྱི་ཕྱོགས་ལ་གཉིས་ཉིད་ཡིན་པར་བསྟན་པ་ནི་དེ་ལ་རེ་ཞིག་ཅེས་བྱ་བའོ། །བློ་ནི་དོན་རྟོགས་པ་ཉིད་ཀྱི་ཤེས་བྱ་མ་ཡིན་པར་བསྟན་པ་ནི་དེ་བློ་དང་ལྡན་པ་ཞེས་བྱ་བའོ། །ཕྱི་རོལ་ལ་ཡང་ཉམས་
སུ་མྱོང་བའི་ཉམས་སུ་མྱོང་བ་ཉིད་དེ་ཉམས་སུ་མྱོང་བ་མ་ཡིན་ནམ། གཞན་དུ་ན་ཉམས་སུ་མྱོང་བ་མ་ཡིན་པར་ཟེར་བ་ནི་འོན་ཏེ་དོན་ཡང་ཞེས་བྱ་བའོ། །ཉམས་སུ་མྱོང་བའི་ཉམས་སུ་མྱོང་བ་དང་། དོན་ཉམས་སུ་མྱོང་བ་གཅིག་ཡིན་པར་བསྟན་པ་ནི་དེ་ལྟ་ན་ཞེས་བྱ་བའོ། །དེའི་རྣམ་པ་ཅན་ནི་
དོན་ལ་ཉམས་སུ་མྱོང་བ་ངེས་པར་བྱེད་དོ་ཞེ་ན། དོན་ནི་ཞེས་བྱ་བའོ། །ངེས་པའི་རྣམ་པ་ནི་རྣམ་པའི་སྒོ་ནས་དོན་ལ་ཉམས་སུ་མྱོང་བ་ངེས་པར་བྱེད་པས་ཉམས་སུ་མྱོང་བ་ཉིད་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དཀར་པོ་ལས་ནི་ཞེས་བྱ་བའོ། །ངེས་པ་མེད་ན་ཉམས་སུ་མྱོང་བ་ལ་རྣམ་པར་རང་གི་
ངོ་བོ་ལས་ངེས་པར་བྱེད་ཅིང་ངེས་པའི་འཕེན་པར་བྱེད་ཀྱི་ངེས་པ་ནི་མ་ཡིན་ཏེ། རྣམ་པ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་ཙམ་ལས་བྱུང་བ་ནི་དེའི་མཐར་ཐུག་པ་ཡིན་པའི་ཕྱིར་དོན་ཞིག་པར་འགྱུར་རོ་སྙམ་དུ་སེམས་པ་ལ་སྐད་ཅིག་ཉིད་སོགས་ཞེས་བྱ་བ་སྨོས་
เล่ม ๑๘๑ · หน้า 176b
ཏེ། ཐ་མི་དད་པ་ཉིད་དུ་ངེས་པའི་ཡུལ་དེ་ཞིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པས་ཀྱང་རྣམ་པ་དང་ཕྱི་རོལ་ཐོབ་བྱའི་ཉམས་སུ་མྱོང་བར་བྱེད་པ་ཡང་དེ་ལས་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དེ་ཕྱིར་ཞེས་བྱ་བའོ། །རྟོགས་པར་བྱེད་པའི་བློ་ནི་སྤྱིས་ཡིན་ཏེ། དེའི་རྒྱུ་ཉིད་ནི་ཁྱད་པར་ལས་ཡིན་ནོ་
ཞེ་ན་དེས་ན་ཞེས་བྱ་བ་སྨོས་སོ། །རྒྱུ་ཉིད་ཀྱིས་རྟོགས་བྱ་བ་ཉིད་དབང་པོ་ལ་ཡང་ཡིན་ཏེ། རྒྱུ་ཉིད་ཀྱིས་ཞེས་བྱ་བ་ཡང་བློས་བྱས་པ་ཡིན་གྱི་དངོས་སུ་བའི་འབྲེལ་པ་ལ་རག་ལས་པ་ནི་མ་ཡིན་ཏེ། གཞན་དུ་ཡང་ཡོད་པའི་ཕྱིར་མཐོང་བ་ལས་གཞན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་
གཉིས་ཉིད་ཡིན་ན་གཟུང་བ་དང་ཅིག་ཤོས་ཀྱི་བདག་ཉིད་ཀྱིས་ཐ་དད་པ་མ་ཡིན་ནམ། རྣམ་པ་དག་ཉིད་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་བ་ལ་ཡང་ན་ཞེས་བྱ་བའོ། །རྣམ་པ་གཅིག་གི་ངོ་བོ་ཁྱད་པར་གང་གི་ཡིན་པ་དེའོ། །ཁྱད་པར་ལྷག་པ་ཅན་མ་ཡིན་པ་ཉིད་ཀྱང་འདིར་ཁྱད་པར་བྱེད་པ་ཡིན་པར་
བསྟན་པ་ནི་གཅིག་གིས་ཞེས་བྱ་བའོ། །འདི་ལ་གཅིག་སྣང་བ་ཡིན་གྱི་གཟུང་བ་ལ་སོགས་པ་ཉིད་ནི་མ་ཡིན་ན་ཇི་ལྟར་རྣམ་པ་གཉིས་ཉིད་ཡིན་ཞེས་ཟེར་བ་ལ་ཆ་གཉིས་ལ་ནི་ཞེས་བྱ་བ་སྟེ་ཁྱད་པར་ནི་དེ་དང་དེ་ལས་ལོག་པ་ཡིན་ལ་དེས་བྱས་པའི་རྣམ་པ་གཉིས་ཉིད་ཡིན་གྱི་སྔོན་པོ་དང་སེར་པོ་བཞིན་དུ་སྣང་བའི་
དབྱེ་བས་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདེ་བ་དང་སྔོན་པོ་ཡང་སོ་སོར་སྣང་བ་མ་ཡིན་ནམ། ཇི་ལྟར་གཅིག་ལ་རྗེས་སུ་འཇུག་པ་ཡིན་ཞེས་ཟེར་བ་ལ་རྟོགས་པ་དང་སྔོན་པོའི་རྣམ་པ་དག་དབྱེ་བ་མེད་པའོ། །དེ་དག་གིས་མ་ཡིན་པར་བསྟན་པ་ནི་དེ་དག་ཀྱང་ཞེས་བྱ་བ་སྟེ། དེ་དག་ཀྱང་
གཅིག་ལ་གནས་པའི་རིག་པའི་རྗེས་སུ་འཇུག་པའི་ཕྱིར་ཐ་མི་དད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །རང་གི་རིག་པ་ཡིན་ལ་སྔོན་པོ་ནི་རིག་པར་བྱ་བ་ཡིན་པས་སོ་སོ་བ་མ་ཡིན་ནམ་ཞེས་ཟེར་བ་ནི་གལ་ཏེ་རྣམ་པ་གཉིས་ཞེས་བྱ་བའོ། །གཞན་དུ་ན་ཞེས་བྱ་བ་ནི་ཐ་དད་པ་ཡིན་ནའོ། །དེ་རྣམ་ཅན་མིན་
ནི་ཐ་དད་པའི་ཕྱིར་གཞན་གྱི་རྣམ་པ་ཅན་ཐ་མི་དད་པ་སྔོན་པོའི་རྣམ་པ་ཅན་ནོ། །ཤེས་ལ་ནི་དྲན་པ་ལ་ཇི་ལྟར་གནས་པར་འགྱུར་རོ། །དྲན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་སྔོན་པོ་དྲན་བཞིན་པ་ནི་ལྡོག་པ་ལས་ཚུལ་གཉིས་པར་བརྗོད་དོ་ཞེས་ཟེར་བ་ནི་གལ་ཏེ་བདག་ཉིད་དེའི་རྣམ་པར་
เล่ม ๑๘๑ · หน้า 177a
ཞེས་བྱ་བའོ། །ཉམས་སུ་མྱོང་བ་དང་ཡུལ་གཉིས་ཉམས་སུ་མྱོང་བ་དྲན་པ་མ་ཡིན་ནམ། གཅིག་ལ་རྣམ་པ་གཉིས་ཇི་ལྟར་འདོད་ཅེས་ཟེར་བ་ལ་འདི་ལྟར་ཕྱི་མ་ཕྱི་མའི་ཞེས་བྱ་བའོ། །རྟོགས་པའི་སྔོན་པོ་ལས་གཞན་པ་རང་གི་ངོ་བོ་མ་རྟོགས་པ་མཆོག་ཏུ་འཛིན་པ་ལ་སྣང་བ་
མ་ཡིན་ཏེ། དེ་ལྟར་དེ་ལ་མཆོག་ཏུ་འཛིན་པ་ཡིན་ན་འདི་ཉིད་གསུམ་དང་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ཐ་དད་པར་འགྱུར་བའི་ཕྱིར་རྒྱུན་གྱི་ལེགས་པར་མཚོན་པ་རྨོངས་པའི་གནས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ང་ལ་ཅི་ཞིག་ཡོད་པར་གྱུར་ཞེས་རྒྱུན་མཆོག་ཏུ་འཛིན་ན་མི་སྣང་བ་མེད་པར་བསྟན་པ་ནི་
གདོན་མི་ཟ་བར་ཞེས་བྱ་བའོ། །རེ་ཞིག་འདི་ལྟར་རྣམ་པ་རྣམས། །སྤྲོས་དང་ལྡན་པར་མཐོང་བ་མིན། །ཞེས་བྱ་བ་ཡང་མི་རིགས་སོ། །རྒྱུ་མེད་ཕྱིར་ན་འཇིག་རྟེན་པ། །དཔྱོད་པར་བྱེད་པ་མི་འདོད་ཀྱི། །སྟོབས་དང་སྟོབས་མིན་སོགས་བསྒྲུབ་ཕྱིར། །རིགས་པར་ཤེས་རྣམས་དཔྱོད་པར་བྱེད། །
མ་དཔྱད་པར་ནི་གཉིས་སམ་ཅིག་ཤོས་སུ་ཡང་ཞེས་བྱ་བར་ངེས་པར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཅེས་བྱ་བ་ནི་རྣམ་པ་གཉིས་ཅན་གཅིག་ཡིན་པའོ། །རྒྱུན་གྱི་ཡོངས་སུ་བརྟགས་པ་དེ་ཉིད་མཚོན་པའི་ཐབས་ཡིན་པར་བསྟན་པ་ནི་དོན་གྱི་ངོ་བོས་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་དང་པོའོ། །
དོན་གྱི་ངོ་བོས་ནི་དོན་གྱི་ངོ་བོ་དང་ལྷན་ཅིག་པའོ། །དེའི་ཞེས་བྱ་བ་ནི་ཤུགས་ཀྱིས་རང་གི་ངོ་བོའོ། །དེའི་ཕྱིར་རྣམ་གཉིས་ཞེས་བྱ་བ་སྟེ་རྣམ་པ་མེད་པ་དང་། རིག་པའི་བདག་ཉིད་མ་ཡིན་པ་ཡང་དེ་ལྟ་བུའི་ཁྱད་པར་གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་དུ་ཐ་སྙད་འདོགས་པ་ནི། །ཤེས་ལ་དེས་རྟོག་
མེད་ན་མིན། །དེ་ཕྱིར་ཤེས་བདག་ཉིད་གཅིག་ལ། །གཟུང་བྱ་ཐ་དད་རྒྱུ་མཚན་ནི། །རིག་པའི་དབྱེ་བ་འགྲུབ་འདི་ལ། །རྣམ་གཞག་ངེད་ལ་ཅི་ཞིག་དགོས་སྙམ་དུ་སེམས་པ་ནི། འོན་ཏེ་གཉིས་པས་ཞེས་བྱ་བའོ། །བསྲེ་བ་ནི་རིག་པར་བྱ་བ་དང་། རིག་པར་བྱེད་པ་དག་ཐ་དད་པར་ཤེས་པ་དག་
གཅིག་ཏུ་བྱེད་པའོ། །འཁྲུལ་པ་ཡིས་ཞེས་བྱ་བ་ནི་བསྲེ་བའི་བཤད་པའོ། །འདི་ལ་རྒལ་བ་ནི་དོན་འབྲས་ཉིད་ཀྱིས་ཞེས་བྱ་བ་ཡིན་ལ། དེ་རྗེས་སུ་བརྗོད་ནས་བསྟན་པ་ན་སྣང་བ་དང་ཞེས་བྱ་བ་སྟེ། འབྲེལ་པ་མེད་པ་ཡུལ་ཉིད་ཡིན་ན་ནི་ཐལ་ཆེས་པའི་ཕྱིར་རྒྱུ་མ་ཡིན་ཞིང་། རྒྱུ་ཡང་རྣམ་པ་ཁས་མི་
เล่ม ๑๘๑ · หน้า 177b
ལེན་ན་དེ་དག་ཙམ་ཡིན་པས་སྣང་བ་དང་ཡིད་ལ་བྱེད་པ་ལ་ཡང་འགྱུར་ཏེ་དྲན་པ་ལ་ཡང་ཉམས་སུ་མྱོང་བ་ལས་བག་ཆགས་ཀྱིས་སྐྱེད་པར་བྱེད་པ་ཡིན་ཞིང་དམིགས་པ་ཡང་རྣམ་པ་མེད་ན་སྐྱེད་པར་བྱེད་པ་ཙམ་ཡིན་ནོ། །བྱེད་པ་པོ་ཉིད་ཀྱང་དོན་ལ་ཁྱད་པར་ཅན་དུ་སྐྱེད་པར་བྱེད་པ་ཡིན་གྱི་ཁྱད་པར་ཅན་ལས་གཞན་
ཤེས་པ་ནི་མ་ཡིན་ནོ། །སྐྱེད་པར་བྱེད་པ་ཡང་དབང་པོ་ལ་སོགས་པ་ཉིད་དང་སྣང་བ་ཡང་སྐྱེད་པར་བྱེད་པ་ནི་ཐལ་ཆེས་པའི་ཡུལ་ཡིན་གྱི་གཟུགས་ཀྱི་བདག་ཉིད་ནི་མ་ཡིན་ཏེ་ཡིད་ལ་བྱེད་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་ཚད་ཉིད་ཕུལ་དུ་བྱུང་བ་རྟོགས་པར་བྱ་བ་ཤེས་པར་བྱེད་པ་པོ་ཉིད་ཀྱི་ངོ་བོ་
བདག་གི་འགྱུར་བ་ནི་ཤེས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་གཟུགས་ལ་སོགས་པའི་ཞེས་བྱ་བ་སྨོས་སོ། །རང་གི་རིག་པའི་རྟོགས་པའི་ངོ་བོ་ལས་གཞན་པ་ཤེས་པ་མ་ཡིན་ཏེ། རང་གི་རིག་པའམ་གཞན་ཡང་ཞེས་བྱ་བ་ནི་ལོག་པར་རྟོགས་པ་ཡིན་ཏེ། འབྲས་བུའི་ཤེས་པ་འཛིན་པའམ་དྲན་པ་ཡིན་
ན་དེའི་བདག་ཉིད་མ་ཡིན་པའི་དོན་ལ་དེ་དག་ཡོད་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་མི་འཛིན་ན་འཛིན་པ་ལས་ནི་དེའི་འབྲས་བུ་མ་ཡིན་པ་ཡིན་ཏེ་དེའི་འབྲས་བུ་ཡང་དེ་ལྟར་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་བཞིན་འབྲས་བུ་ཐམས་ཅད་ཀྱང་། །ཞེས་བྱ་བའོ། །ཤེས་པ་ལ་དོན་གྱི་
བསྐྱེད་བྱ་དབང་པོ་ལ་སོགས་པ་ལ་མི་སྲིད་པའི་འབྲེལ་པ་ཅུང་ཟད་ཡོད་པ་ཡིན་གྱི་དོན་གྱི་རྣམ་པ་ནི་མ་ཡིན་ལ། དེ་ཉིད་ཀྱི་དོན་འཛིན་པ་ཡིན་ན་རྣམ་པའི་བརྟགས་པས་ཅི་ཞིག་བྱ་ཞེས་ཟེར་བ་ནི་འོན་ཏེ་བྱ་བ་ལ་སོགས་པའོ། །དོན་དང་འདྲེ་བ་བསྟན་པ་ནི་ཁྱད་པར་ཅན་ཉེ་བ་ཡིན་ནོ། །དོན་གྱི་རྣམ་པ་ནི་
དོན་གྱི་བསྐྱེད་བྱ་ཉེ་བ་སྟེ་དོན་གྱི་རྣམ་པ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི་འདྲ་བ་ལས་ཞེས་བྱ་བའོ། །དོན་ལས་དེའི་རྣམ་པ་ཅན་ཉིད་ཉེ་བ་ཡིན་ལ། དབང་པོ་ལ་སོགས་པ་ལས་ནི་རྣམ་པ་མེད་པ་ཉིད་ཀྱི་སྐལ་བ་ནི་རང་གི་རྒྱུ་བརྒྱུད་པ་ལས་འོངས་པ་ཡིན་གྱི། དེ་མ་ཡིན་པའི་ངོ་བོ་འཛིན་པར་བྱེད་པ་ནི་མ་ཡིན་ཏེ།
ཤེས་པ་ཡོད་ན་དོན་དེའི་ཡུལ་དུ་འགྱུར་རོ་ཞེས་བྱ་བ་ཡང་དེའི་རྣམ་པ་འདི་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་པར་མི་འཛིན་པ་ཞེས་བྱ་བ་ནི་དེའི་བདག་ཉིད་དོ། །སྔོན་པོའི་ཤིང་ཞེས་བྱ་བ་ནི་ཐག་རིང་བའི་ཁྱད་པར་ལའོ། །དེའི་འབྲས་བུ་ཉིད་ཀྱིས་ཤེས་པ་དྲན་པས་དོན་དྲན་པ་མ་ཡིན་པ་དེ་ལྟ་ན་ཅིར་འགྱུར་
เล่ม ๑๘๑ · หน้า 178a
ཞེས་ཟེར་བ་ལ་དང་པོ་ཞེས་བྱ་བ་སྨོས་ཏེ། དང་པོ་གཅིག་གི་ཤེས་པ་ཙམ་གྱིས་གཟུང་བ་ལའོ། །རྣམ་པ་མེད་པ་ཉིད་དང་རང་གི་རིག་པ་མ་ཡིན་པ་ཉིད་དག་གིས་དང་པོ་བ་གཉི་གའི་རང་བཞིན་ཉིད་མ་ཡིན་ན་འབྱེད་པར་འགྱུར་བ་མ་ཡིན་ཏེ་ཐ་དད་པར་མི་འགྱུར་བའོ། །ངེས་པར་
འཛིན་པའི་སེམས་ཀྱིས་ཞེས་བྱ་བ་ནི་ངེས་པར་དཔྱོད་པའི་སེམས་ཀྱིས་ཏེ། དང་པོའི་ཤེས་པ་ཙམ་དང་གཉིས་པ་གཞན་ཡང་རང་གི་འཛིན་བྱེད་ལ་སྣང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངེས་པར་འཛིན་པར་མི་བྱེད་པ་སུ་ཞིག་གིས་ཡིན་ཞེས་ཟེར་བ་ལ་གཉིས་པ་ངེས་པར་འཛིན་པ་ཡི་ཞེས་བྱ་བའོ། །
ཕན་ཚུན་ཐ་དད་པ་ཁོ་ན་ཤེས་པ་སྣང་བ་མ་ཡིན་ཏེ། རྣམ་པའི་ཁྱད་པར་ཉམས་སུ་མྱོང་བ་མ་ཡིན་པར་བསྟན་པ་ནི་དོན་བསྲེ་བ་དང་འབྲེལ་པ་ཅན་ཏེ། ལྡན་པ་སྔོན་པོའོ་ཞེས་དོན་དང་བསྲེ་བ་དང་ལྡན་པ་ཡིན་གྱི་རྣམ་པ་མེད་པའི་ཤེས་པ་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། རྣམ་པ་ཉིད་མངོན་སུམ་པ་ཡིན་པའི་ཕྱིར་
རོ། །རིག་པ་ཙམ་གྱི་རྟོགས་བྱ་རྣམ་པ་དང་བཅས་པ་མ་ཡིན་གྱི་འོན་ཀྱང་མངོན་སུམ་ཡིན་ཏེ། རིགས་པས་དཔྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནི་རིགས་པའི་ཕྱིར་རོ། །དོན་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བས་ཡུལ་གྱི་ཡུལ་ཅན་གྱི་རིགས་པ་བསྟན་པ་ཡིན་ནོ། །འབྲེལ་
པ་ནི་ངོ་བོ་ཡིན་གྱི་ངེས་པར་འཛིན་པ་ནི་མ་ཡིན་ནོ། །རྣམ་པ་མེད་པ་ལ་ནི་དེའི་ཚེ་བདག་གིས་དོན་གང་ཡང་འཛིན་པ་ཡིན་པར་མི་དྲན་ནོ་ཞེས་གཟུང་བའི་ངོ་བོ་དང་བྲལ་བའི་འཛིན་པ་སྐྱེ་བ་དྲན་པར་བྱེད་པ་དེའི་ཕྱིར་འགལ་བའམ་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་འབའ་ཞིག་ཅེས་བྱ་བའོ། །ཅི་ཞིག་
བཟུང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་སྤྱི་ལ་ངེས་པ་ཡིན་གྱི་དེ་དག་གི་ཁྱད་པར་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཏེ། གཅིག་ལ་མ་ངེས་པར་ཟེར་བ་ལ་བཟུང་ལ་ཞེས་བྱ་བ་སྟེ། ངེས་པར་འཛིན་པ་དང་ཅིག་ཤོས་དག་ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེར་ནི་ཞེས་བྱ་བ་ནི་འཛིན་པ་ལ་ཤེས་པ་འབའ་
ཞིག་པ་ཉིད་ནི་འཛིན་པ་ཉིད་དང་འགལ་བ་ཡིན་པར་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དུས་སུའོ། །དེ་ལྟ་བུར་གྱུར་པ་ཉིད་ནི་འཛིན་བྱེད་མ་ཡིན་པ་ཉིད་དོ། །དེ་ཁོ་ན་ལྟར་ནི་འཛིན་པ་ཉིད་ཀྱིས་སོ། །དེའི་ཕྱིར་ནི་འཛིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་
เล่ม ๑๘๑ · หน้า 178b
ནི་གཟུང་བའོ། །དེའི་ཕྱིར་འབའ་ཞིག་ཉིད་འཛིན་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའོ། །དེ་ལ་བརྟེན་པ་ནི་གཟུང་བ་ལ་བརྟེན་པའོ། །དབྱེ་བར་མི་ནུས་པ་ཞེས་བྱ་བ་ནི་དྲན་པས་སམ་ཉམས་སུ་མྱོང་བས་ཐ་མི་དད་པར་རྟོགས་པའི་ཕྱིར་རོ། །དང་པོ་རང་བཞིན་གཉིས་མིན་ན། །ཞེས་བྱ་བ་ལ་ཡང་སྔོན་པོ་
ལ་སོགས་པའི་གཟུང་བའི་སྟོབས་ཀྱིས་གཞན་ལས་འབྱེད་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ་གཞན་དུ་ཞེས་བྱ་བའོ། །གལ་ཏེ་ཡང་ཞེས་བྱ་བ་འདི་ཉིད་ཀྱི་བཤད་པ་ནི་དེ་སྐད་དུ་ཡང་ཞེས་བྱ་བ་སྟེ། ཤེས་བྱེད་བསྟན་པ་ཉིད་ནི་གཟུང་བའི་ཡུལ་མ་ཡིན་པ་ཉིད་ལ། དེ་ལ་ངེས་པར་འཛིན་པ་མ་ཡིན་པའི་ཕྱིར་ལ་
དེའི་འཛིན་པ་ལ་སོགས་པ་ཡང་འབྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐག་རིང་པོའི་དོན་གྱི་རྣམ་པ་ལས་ཀྱང་སྐྱེ་བ་ནི་དེའི་རྣམ་པ་ཅན་དང་དེའི་འཛིན་བྱེད་དུ་ཡང་འགྱུར་བར་བསྟན་པ་ནི་དེའི་ཞེས་བྱ་བ་སྟེ། དོན་གྱི་རྣམ་པ་ཅན་གྱི་ཤེས་པ་དེ་ལས་ཏེ་དང་པོ་ལས་སོ། །ཤེས་པ་དང་ཤེས་བྱ་ཐ་དད་པ་ཡང་
ཕན་ཚུན་ལྟོས་པའི་ཤེས་པ་ཡོད་པ་ཅན་ནི་གཞན་དུ་བྱ་བར་མི་ནུས་སོ་སྙམ་དུ་སེམས་པ་ནི་འོན་ཏེ་ཤེས་པ་ཞེས་བྱ་བའོ། །ཅི་ལས་ཤེ་ན་དེ་ལ་གནས་པ་ཉིད་ཅེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ཤེས་པ་དང་ཤེས་བྱ་དག་ལྷན་ཅིག་པ་ཉིད་ཀྱི་ངོ་བོ་དང་དམིགས་པ་ཡང་ཡུལ་དང་
ཡུལ་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པར་མི་རིགས་ན་ཡུལ་ལ་སོགས་པ་ཉིད་ལྷན་ཅིག་པ་ཉིད་ཀྱང་མི་རིགས་པར་བསྟན་པ་ནི་གཉིས་དག་ཅེས་བྱ་བའོ། །དབང་པོ་ལ་སོགས་པ་ཉིད་ཀྱི་བློ་ནི་སྔོན་པོ་རྟོགས་པ་ལ་སོགས་པའི་ངོ་བོས་ཤུགས་ཀྱིས་གཞན་ཡིན་པར་ཟེར་བ་ལ་སྔོན་པོའི་
རྣམ་པ་ཞེས་བྱ་བའོ། །སྔོན་པོ་མཐོང་བ་ན་བདེ་བ་མཐོང་བ་ནི་ཤེས་པ་ཉིད་མ་ཡིན་པར་ཁས་བླངས་པར་བསྟན་པ་ནི་བདེ་བ་ལ་སོགས་པའི་ངོ་བོར་ན་ཞེས་བྱ་བའོ། །བདེ་བའི་ཤེས་པ་ཡང་གཞན་གྱི་འཛིན་བྱེད་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེ་མེད་ཀྱང་ནི་འཛིན་བྱེད་
ཉིད་མེད་ན་ཡང་ངོ་། །བདེ་བ་ལ་སོགས་པ་གཞན་གང་ཡང་རུང་བ་མ་ཡིན་ཏེ། དེ་དམིགས་ན་གདོན་མི་ཟ་བར་དམིགས་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་སྣང་བའོ། །གང་མེད་པར་ཡང་ཞེས་བྱ་བ་ནི་འཛིན་པ་ཉིད་མེད་པར་ཡང་ངོ་། །དེས་བྱས་པ་ནི་འཛིན་པ་ཉིད་བྱས་པའི་འཛིན་པ་སྟེ། བདེ་བ་ལ་
เล่ม ๑๘๑ · หน้า 179a
སོགས་པ་འཛིན་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ཁྱད་པར་གྱིས་ནི་སྣང་དུ་རུང་བས་སོ། །བྱས་པ་ནི་རབ་ཏུ་སྦྱར་བའོ། །དེ་མེད་པར་ནི་གཞན་གྱི་སེམས་ལའོ། །སྔོན་པོ་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་ཉིད་ནི་དང་པོའི་ཤེས་པ་ལ་གཉིས་པར་ངེས་པར་རྟོགས་པ་ནི་ལྐོག་ཏུ་མ་
གྱུར་པ་ཉིད་འཛིན་པ་ཡིན་ཞེས་བྱ་བའི་དོན་ཏོ། །ལྐོག་ཏུ་མ་གྱུར་པའི་སྔོན་པོ་དང་ལྷན་ཅིག་འབྱུང་བའི་བདེ་བ་རྣམ་པ་མེད་པ་ཚོགས་པ་གཅིག་ལས་འབྱུང་བ་ནི་འདི་ཉིད་འཛིན་པ་ཡིན་ནོ་སྙམ་དུ་སེམས་པ་ལ་གྱུར་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་སྨོས་སོ། །ཡུལ་དུ་མ་ཤེས་པ་གཅིག་ལ་རྐྱང་པ་བཞིན་དུ་
སྣང་བ་ནི་བདེ་བ་དང་སྔོན་པོ་ལ་སོགས་པ་རང་གི་རིག་པ་གཅིག་གི་ཁོངས་སུ་གཏོགས་པ་ནི་གཅིག་ཡིན་ཏེ། རྣམ་པ་ལྟ་བུའོ་ཞེས་བསྟན་པ་ནི་ངེས་པར་ཞེས་བྱ་བའོ། །ཅིག་ཅར་དུ་ནི་རང་རིག་པ་གཅིག་གི་ཁོངས་སུ་གཏོགས་པའོ། །ངེས་པར་ཞེས་བྱ་བ་ནི་སོ་སོ་བ་མ་ཡིན་པར་དམིགས་པ་ལས་ཐ་མི་དད་
པའི་དམིགས་པ་ཉིད་དོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་རྐྱང་པ་རིག་པ་ཉིད་ནི་གཅིག་ཉིད་མ་ཡིན་ཏེ་རྐྱང་པ་ཉིད་ཀྱི་ཕྱིར་རོ། །དུ་མ་མ་ཡིན་ཏེ་རིག་པ་གཅིག་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དུ་མ་བཞིན་གཅིག་མ་ཡིན་ཏེ་རིག་པ་གཅིག་གི་ཁོངས་སུ་གཏོགས་པས་གཅིག་ཉིད་དུ་ངེས་པའི་ཕྱིར་
རོ་ཞེས་བསྟན་པ་ནི་ཡུལ་ནི་ཞེས་བྱ་བའོ། །ཐ་མི་དད་པ་ཉིད་རྐྱང་པ་ཡིན་པའི་ཕྱིར་ཐ་དད་པར་ཐ་སྙད་འདོགས་པ་ལ་བརྟེན་པར་མཐོང་བར་བསྟན་པའི་རྣམ་ཤེས་འཁྲུལ་པས་ཞེས་བྱ་བའོ། །ཐ་དད་པའི་བག་ཆགས་ཀྱི་སྙིང་པོ་ཅན་ཡིན་པའི་ཕྱིར་རྣམ་ཤེས་འཁྲུལ་པ་གང་དག་གི་ཡིན་པ་དེ་དག་གིས་མཐོང་བ་སྟེ། ཐ་
དད་པའི་ཡུལ་གྱི་མཐོང་བ་སྲིད་པའོ། །ཟླ་བའི་ནི་རབ་རིབ་ཅན་ལ་སྣང་བའོ། །གཉིས་མེད་པར་ཞེས་བྱ་བ་ནི་རིག་པ་གཅིག་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དེ་ཐ་དད་པའི་བག་ཆགས་ཡིན་ན་རྒྱུད་གཞན་ལྟ་བུའི་ཚུལ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ཉིད་ལ་ནི་རིག་པ་གཅིག་གི་ཁོངས་
སུ་གཏོགས་པའི་ཕྱིར་རོ། །བདག་ཉིད་ལ་ཡང་ནི་རང་རིག་པ་ལ་སྟེ་དེའི་རྣམ་པའི་ཁྱད་པར་གྱིས་ཁྱད་པར་ཡིན་པའི་ཕྱིར་རོ། །རབ་རིབ་ཅན་གྱི་རྣམ་པ་གཉིས་ལའམ་དེ་དང་ལྡན་པའི་མཐོང་བ་ལ་མཐོང་བ་ཐ་དད་པ་མངོན་པར་འདོད་པ་མ་ཡིན་པ་མ་ཡིན་ནམ། ཐ་མི་དད་པས་དེའི་ཡུལ་གྱི་ཟླ་བ་ནི་
เล่ม ๑๘๑ · หน้า 179b
ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་ཡུལ་ཞེས་བྱ་བའོ། །རྣམ་པར་ཤེས་པའི་རྣམ་པ་ཐ་དད་པའི་ཕྱིར་ནི་ཁྱད་པར་ཡིན་པའི་ཕྱིར་འདི་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་རབ་རིབ་ཅན་ནི་མ་ཡིན་ནོ། །དེའི་བདག་ཉིད་ལ་ནི་ཟླ་བ་གཉིས་ཀྱི་རྣམ་པའི་ཤེས་པའི་བདག་ཉིད་ལའོ། །དེ་ཞེས་བྱ་བ་ནི་གཞན་ནམ་རང་རིག་གི་ངོ་བོའིའོ། །
ཐ་དད་པའི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་མཐོང་བའི་བདག་ཉིད་ཅན་ནི་དེ་སྐྱེད་པར་མཐོང་བར་འདོད་པའི་ཡུལ་ཡིན་ཏེ། གཞན་ཉིད་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་རང་གི་ངོ་བོ་ནི་ཞེས་བྱ་བའོ། །གཞན་དུ་ནི་གཞན་གྱི་ངོ་བོ་སྟེ་རང་གི་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར་གཞན་
གྱི་ངོ་བོ་ཡང་རང་གི་ངོ་བོས་ཤེས་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་གཞན་གྱི་ངོ་བོ་ནི་རང་ལ་ཡོད་པ་རྣམ་པར་བྱ་བ་ཡིན་གྱི་རྣམ་པ་མེད་པས་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པར་རྟོགས་པར་ནུས་པ་མ་ཡིན་པ་ནི་ཞེས་བྱ་བ་རང་རིག་པའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཐ་དད་པར་མ་རྟོགས་
ན་རིགས་པ་ཅི་ཡིན་ཞེས་ཟེར་བ་ལ་གལ་ཏེ་ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ནི་བདེ་བ་དང་སྔོན་པོ་ལ་སོགས་པའི་བདག་ཉིད་དོ། །གཞན་དུ་ནི་དུ་མ་ཉིད་དུའོ། །མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣ་ཚོགས་པར་ཉམས་སུ་མྱོང་བའོ། །ཟླ་བ་གཉིས་ནི་གཅིག་ཉིད་མ་ཡིན་པར་རང་གིས་
རིག་པ་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །གཞན་གྱིས་ཀྱང་མ་ཡིན་ཏེ་རྣམ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་རང་དང་གཞན་དག་གིས་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རྩོམ་པ་ཉིད་ཀྱི་ཚེ་བཤད་ཟིན་ཏོ། །ཐ་དད་པ་དྲན་པར་བྱ་བ་ཡང་སྔོན་པོ་དང་སེར་པོ་གཅིག་ཏུ་དམིགས་པར་
མཐོང་བ་མ་ཡིན་ནམ་ཞེས་ཟེར་བ་ལ་དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་སྟེ། ཐ་མི་དད་པར་འཛིན་པ་དེ་ཡང་རྐྱང་པ་ལ་དམིགས་པའི་ཕྱིར་གཅིག་ཉིད་ཡིན་ལ་ཐ་དད་པར་འཛིན་པའི་དྲན་པ་ནི་འཁྲུལ་པས་སོ། །དེ་ལྟ་བུའི་རིག་པར་བྱེད་པ་ལས་སྔོན་པོའི་རིག་པ་མ་ཡིན་ཏེ་རིག་པ་ཉིད་ཁོ་ན་མི་དྲན་ན་དེ་མི་དྲན་པའི་ཕྱིར་རོ། །
ངེས་པས་ཞེས་བྱ་བ་ཡང་འདི་ཉིད་ཀྱི་ཁྱད་པར་བརྗོད་པའི་ཆེད་དུ་ཡིན་པར་བསྟན་པ་ནི་དེ་ནི་དེ་བཞིན་ཏེ་ཞེས་བྱ་བའོ། །འདོད་ན་ནི་ཞེས་བྱ་བ་ནི་འཁྲུལ་པས་ཐ་དད་པར་རྣམ་པར་གཅད་པའོ། །འདི་ལྟར་ཞེས་བྱ་བ་ནི་ངེས་པ་མེད་པའོ། །སྔོན་པོ་ནི་ཐ་དད་པར་དམིགས་པའི་སྔོན་པོ་སྟེ་རྐྱང་པ་དམིགས་པ་ཡིན་
เล่ม ๑๘๑ · หน้า 180a
པའི་ཕྱིར་གཅིག་ཉིད་དུ་འགལ་བས་སེར་པོ་བསལ་བ་ཡིན་གྱི་རང་གི་དམིགས་པ་ལ་ནི་མ་ཡིན་ཏེ། རང་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་སོ་སོར་ཐ་དད་ཅེས་བྱ་བའོ། །དེ་བཞིན་དུ་བདེ་བ་དང་སྔོན་པོ་དག་གཅིག་པར་དམིགས་པ་མ་ཡིན་ཏེ། དེ་དག་ནི་འགལ་བ་དམིགས་
པ་གཅིག་པར་དམིགས་པའི་ཁོངས་སུ་གཏོགས་པ་མ་ཡིན་པར་དེ་ལྟར་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། །རྟག་པ་དང་ནི་ཅིག་ཤོས་དག །ཅེས་བྱ་བའོ། །འགལ་བ་ནི་ཕན་ཚུན་དམིགས་པ་ལ་རྗེས་སུ་ཞུགས་པ་མེད་པའོ། །གཉིས་པ་ནི་བདེ་བ་དང་སྔོན་པོ་དག་ལ་སྟེ། བདེ་བ་ནི་རང་གི་
རིག་པའི་རྟོགས་པ་ཡིན་པ་དེ་ལྟ་ན་ཡང་རྣམ་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེ་བ་མེད་པ་ནི་རང་རིག་པ་གཅིག་གི་ཁོངས་སུ་གཏོགས་པའོ། །དེ་ཉིད་དང་ནི་རང་རིག་པ་དང་ངོ་། །རིག་པར་བྱ་བ་དང་རིག་པར་བྱེད་པ་དག་སྔོན་པོ་དང་སེར་པོ་བཞིན་དུ་ཐ་དད་པར་རིག་པ་མ་ཡིན་པར་
བསྟན་པ་ནི་མྱོང་བ་མེད་པར་ཞེས་བྱ་བའོ། །རང་གི་རིག་པ་གཅིག་ལ་རྗེས་སུ་ཞུགས་པ་ཡིན་པར་བསྟན་པ་ནི་འདི་ལྟར་ཞེས་བྱ་བའོ། །བདེ་བ་དང་སྔོན་པོ་དང་དེ་ཉིད་ཀྱི་ཕྱིར་ཐ་དད་པར་སྣང་ཡང་ཐ་མི་དད་པའམ་ཐ་དད་པའི་འབྲས་བུ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཐ་དད་པར་ནི་ཞེས་བྱ་བའོ། །ཐ་དད་རིག་པ་
ཞེས་བྱ་བ་ནི་དེ་སྙེད་ལ་སོགས་པའི་ཐ་དད་པ་ཉིད་ཀྱི་ཁྱད་པར་རོ། །རིག་པ་ལས་བཞིན་དུ་སེར་པོ་ལས་ཀྱང་སྔོན་པོ་ཐ་མི་དད་པའི་རིག་པ་ཅན་གཅིག་ཉིད་ཡིན་པར་བསྟན་པ་ནི་བླང་བྱ་དང་ཞེས་བྱ་བའོ། །དུས་གཞན་ལ་ཐ་དད་པར་རིག་པ་ནི་གཞན་ཉིད་ཡིན་པར་བསྟན་པ་ནི་དེའི་ཚེ་ཞེས་བྱ་བའོ། །ཐ་དད་
པ་དང་ཐ་མི་དད་པ་རིག་པའི་སེར་པོ་གཅིག་ཏུ་བརྟགས་ནས་མ་ངེས་པའི་འཁྲུལ་པ་ཡིན་པར་བསྟན་པ་ནི་ཐ་དད་པའི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བའི་རྣམ་འགྲེལ་གྱི་དོན་ནི་གཅིག་དམིགས་པའི་རང་བཞིན་དུ་གཞན་ལའང་ཁྱད་པར་མེད་པ་ཡིན་ཏེ། གཞན་དུ་ན་འདི་ལ་ཡང་འགྱུར་རོ་ཞེས་བྱ་བའི་
དཔྱད་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་སྣང་བ་ཡིན་ན་ཤེས་པའི་རྣམ་པ་ཉིད་ཐོབ་པར་འགྱུར་ན་ཞེས་པ་ཇི་ལྟར་ཡིན་ངེས་པ་མ་ཡིན་ན་ཡང་དེ་དང་ལྡན་པ་ཉིད་ལས་དབྱེ་བ་ཡིན་གྱི་རིག་པ་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཤེས་པ་འབའ་ཞིག་ཅེས་བྱ་བའོ། །རྒྱུ་ཉིད་ནི་སྐྱེད་པར་བྱེད་པའོ། །
เล่ม ๑๘๑ · หน้า 180b
ཐ་དད་པར་ནི་ཁྱད་པར་རོ། །འགྱུར་བ་ནི་ཤེས་པའི་རྣམ་པའི་ཁྱད་པར་ལས་སོ་ཞེས་རྗེས་སུ་དཔོག་པ་ནི་དོན་གྱི་ནུས་པ་ཡིན་ཏེ། དེའི་རྣམ་པ་མ་ཡིན་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར་རོ། །རང་གི་རྣམ་པ་ལ་དོན་དུ་ལྷག་པར་མོས་པའི་ཕྱིར་སྲིད་པའམ། དེ་མི་འཛིན་ན་འབྲེལ་པ་མི་འཛིན་པས་སྲིད་པ་ནི་མངོན་
པར་འདོད་པ་ཙམ་ཡིན་པའི་ཕྱིར་ལ་དེ་ཉིད་ཀྱི་ན་སྔོན་པོ་འདི་ཞེས་ཤེས་པ་ལ། ཕྱི་རོལ་སྔོན་པོར་ངེས་རྟོག་ཡིན། །ཞེས་བྱ་བའི་དོན་ཏོ། །སྲིད་པ་ལ་ཡང་རྒྱུ་མཚན་མེད་པར་ཐལ་བར་འགྱུར་ཕྱིར་རྒྱུ་མཚན་བསྟན་པ་ནི་རྒྱུ་གཞན་དག་ནི་ཞེས་བྱ་བའོ། །ལྡོག་པ་ཙམ་ལས་འཇུག་པ་ཡིན། ཞེས་བྱ་བ་ནི་སྤྱི་མཐོང་
བའི་མཚན་ཉིད་དོ། །འོ་ན་དེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཉིད་དོན་ཡིན་ནོ་ཞེས་བྱ་བའི་འགལ་བའོ། །དེའི་རྣམ་པ་ཞེས་བྱ་བ་ནི་མངོན་སུམ་གྱི་རྣམ་པ་དང་འདྲ་བ་ཉིད་ཡིན་གྱི་རྗེས་སུ་དཔག་པ་ལ་ནི་དེའི་རྣམ་པ་དང་འདྲ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་རིག་པ་ཙམ་ལའོ། །གནས་པའི་ཕྱོགས་
ཞེས་བྱ་བ་ནི་དོགས་ནས་ཞེས་བྱ་བའི་དོན་ཏོ། །སྟོན་པ་ནི་ཞེས་བྱ་བ་ནི་གྲུབ་མཐའོ་ཞེས་བྱ་བ་རྒྱལ་བ་ཅན་གྱིའོ། །འདིར་མ་ཡིན་ནོ་ཞེས་བྱ་བ་ཕྱི་རོལ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་དག་གིའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྣ་ཚོགས་པའི་རྣམ་པ་ཅན་རྨི་ལམ་མཐོང་བ་ན་དེའི་རྣམ་པ་སྐྱེད་པར་
བྱེད་པ་མཐོང་བ་ཡིན་གྱི་རྣམ་པ་མེད་པ་ཉིད་གྲུབ་པ་མ་ཡིན་ཏེ། སེམས་འཁྲུགས་པ་ཙམ་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གྲུབ་པ་བཞིན་དུ་དོན་དང་བརྟག་པར་བྱ་བ་མ་ཡིན་ཏེ། འབྲས་བུ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་མཐོང་བའི་ཞེས་བྱ་བ་སྟེ།
འབྲས་བུའི་ཁྱད་པར་རོ། མ་མཐོང་བ་ནི་འབྲས་བུ་མ་མཐོང་བའོ། །ཐག་རིང་བ་ལ་ཤིང་གི་རྣམ་པ་ནི་ཤེས་པ་ཡིན་ཏེ་གསལ་བའི་དོན་ནི་མ་རྟོགས་པ་སྟེ། མ་རིག་པ་བག་ཆགས་མ་གཏོགས་པར་དེ་ཡིན་ཏེ། དེས་འགའ་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་གལ་ཏེ་ཕྱིའི་ཞེས་བྱ་བའོ། །
ཐག་རིང་པོ་ན་ཤེས་པའི་རྣམ་པ་མཐོང་བ་ནི་གང་གི་ཚེ་གཞན་དུ་མཐོང་བ་དེ་ཉིད་མཐོང་བ་ཉིད་ཡིན་གྱི་བག་ཆགས་མ་གཏོགས་པ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ་དེར་ཡང་ཞེས་བྱ་བའོ། །དཔྱོད་པ་པོ་དག་གིས་དེ་ལྟར་ཤེས་ཀྱི་ཐ་སྙད་བྱེད་པ་པོ་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་
เล่ม ๑๘๑ · หน้า 181a
ནི་དཔྱད་པ་ཞིབ་མོ་ཞེས་བྱ་བའོ། །རྟོགས་པ་མ་ཡིན་པ་ནི་དཔྱད་པ་དམན་པ་སྟེ་དཔྱོད་པར་མི་བྱེད་པས་དེའི་རྣམ་པ་ལ་བདག་གིས་སྔོན་པོ་མཐོང་ངོ་ཞེས་ཐ་དད་པར་རྟོག་པའི་ཕྱིར་རོ། །དོན་ཡོད་ན་ལྷན་ཅིག་བྱེད་པ་རྣམས་ཀྱིས་སྒྲོ་བཏགས་པའི་ཁྱད་པར་ཅན་ཉེ་བར་ལེན་པའི་འབྲས་
བུའི་རྒྱུད་ཐ་དད་པར་བྱེད་པ་མ་ཡིན་ཏེ། རྟག་ཏུ་ཚེགས་པའི་ཚོགས་པ་དང་བྲལ་བའི་ཕྱིར་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་པ་དང་དེ་དང་རྗེས་སུ་མཐུན་པའི་འཇུག་པ་ནི་བདག་འདི་བྱེད་དོ་ཞེས་སྲོག་གཅོད་པ་ལ་སོགས་པ་མི་འདོད་པའི་འབྲས་བུ་ཅན་ནི། འདོད་པའི་འབྲས་བུ་བྱེད་པ་མ་ཡིན་པའི་ཕྱིར་ལོག་པའི་
ཤེས་པ་ལ་འཇུག་པ་བཞིན་དུ་དེ་ལ་ཡང་འདོད་པའི་ང་རྒྱལ་གྱི་གནས་ཉིད་འཐོབ་པ་མ་ཡིན་ཏེ། དབང་པོའི་དོན་ཙམ་ཉེ་བ་ཡིན་པའི་ཕྱིར་ལ། བདག་མེད་པར་ལྟ་བ་ཕྱིན་ཅི་མ་ལོག་པ་དང་དེ་དང་རྗེས་སུ་མཐུན་པའི་སྦྱོར་བ་ལ་སོགས་པ་འདོད་པའི་འབྲས་བུ་དང་ལྡན་པ་ནི་ཡང་དག་པའི་ཤེས་པ་བཞིན་དུ་འདོད་པ་འཐོབ་
པར་བྱེད་པ་ཡིན་ལ། ཤེས་པ་ཙམ་དུ་དབྱེ་བ་མེད་པའི་ཕྱིར་དགེ་བ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་དོ་སྙམ་དུ་སེམས་པ་ནི་གལ་ཏེ་ཕྱི་རོལ་གྱི་དོན་ཞེས་བྱ་བའོ། །རྣམ་པའི་ཁྱད་པར་ལས་ངེས་པ་ཡིན་ནོ་ཞེས་བྱ་བའི་མི་རིགས་ཏེ། །སེར་པོ་ལས་ཀྱང་སྔོན་པོ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱི་རོལ་མེད་ན་
ཞེས་བྱ་བའོ། །སེར་པོ་ནི་ཕྱི་རོལ་ཏེ་ཕན་ཚུན་རྒྱུ་ཉིད་ལ་ནི་ངེས་པ་མེད་དོ། །ལྷན་ཅིག་བྱེད་པའི་དོན་ནི་སྔོན་པོའི་སྣང་བ་ལས་སེར་པོ་དང་ལྷན་ཅིག་བྱེད་པ་ལས་སེར་པོར་སྣང་བ་ཡིན་ལ། སེར་པོའི་སྣང་བ་ལས་ཀྱང་སྔོན་པོ་དང་ལྷན་ཅིག་བྱེད་པས་སྔོན་པོའི་སྣང་བ་ཡིན་ནོ། །དེ་དག་ལས་ངེས་པ་མེད་པར་གསལ་
བར་བྱེད་པ་ནི་རྣམ་པར་ཤེས་པར་སྨྲ་བས་ནི་ཞེས་བྱ་བའོ། །མྱུ་གུར་ཞེས་བྱ་བ་ནི་སྐྱེ་བའི་དབང་དུ་བྱས་པའོ། །རིང་དུ་སྤངས་པ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པ་ཉིད་མེད་པའི་ཕྱིར་དང་། ལྐོག་ཏུ་གྱུར་པའི་རྗེས་སུ་དཔག་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཁྱད་པར་ལས་སོ། །ལྷན་ཅིག་བྱེད་པ་
རྣམས་ཀྱིས་སྒྲོ་བཏགས་པའི་ཁྱད་པར་ཅན་གྱི་རྒྱུ་དང་འབྱེད་པར་བྱེད་པ་ནི་ཉེ་བར་ལེན་པ་ནི་ཕྱི་རོལ་ལམ་ཤེས་པ་ལ་ཡང་ཁྱད་པར་མེད་དོ། །དེ་བཞིན་དུ་མི་སླུ་བ་དང་ལྡན་པ་ནི་ཚད་མ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ། །རྣམ་པ་དང་བཅས་པའི་ཤེས་པ་ནི་ཐ་དད་པའི་ཡིན་གྱི་རྨོངས་པ་དང་ཅིག་ཤོས་ལས་བྱུང་
เล่ม ๑๘๑ · หน้า 181b
བའི་རྟོགས་པ་ཙམ་ནི་མ་ཡིན་ཏེ། བསོད་ནམས་དང་ཅིག་ཤོས་ཀྱང་ངོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དབྱེ་བ་ཤིན་ཏུ་རྙེད་པར་སླ་བ་ཡིན་པར་བསྟན་པ་ནི་ས་བོན་ལས་ཞེས་བྱ་བའོ། །རྣམ་པ་དང་བཅས་པའི་ཤེས་པ་ནི་ངེས་པར་བྱེད་པ་ཡང་ཡིན་ལ། གཞན་ཡང་སྔོན་པོའི་བག་ཆགས་ཀྱིས་སྙིང་པོ་ཅན་
གྱི་སེར་པོ་ལས་ཀྱང་སྔོན་པོ་ལ་སྣང་བ་ངེས་པ་ཡིན་ནོ། །སད་པར་བྱེད་པ་ཡང་དམིགས་པ་ལ་ལྷན་ཅིག་བྱེད་པ་བཞིན་དུ་དམིགས་པ་ཁ་ཅིག་ལ་རྨི་ལམ་དུ་མཐོང་བ་ཡིན་ཏེ། གཉིད་སྣ་ཚོགས་པ་ཡིན་ཡང་བག་ཆགས་སྣ་ཚོགས་པ་སད་པ་ལས་བྱུང་བ་ཡིན་ནོ། །ཕྱི་རོལ་དུ་སྨྲ་བ་ཡང་འདི་སྤོང་བར་བྱེད་པ་མ་
ཡིན་ཞིང་། འདི་ལ་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཡང་འབྲས་བུའི་ནུས་པ་ཅན་གྱི་རིགས་པ་མེད་ན་ཉེ་བར་མཚོན་པར་བླ་བའི་སད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་འབྲེལ་པའི་ནི་འབྲེལ་པ་ངེས་པ་ཙམ་གྱིའོ། །ཕྱི་རོལ་དང་རྣམ་པར་རིག་པ་དག་གི་ཚུལ་མཚུངས་པ་ཡིན་ཡང་
རྣམ་པར་རིག་པ་ལ་ཡོན་ཏན་ཅི་ཡོད་ན་གང་གིས་ཇི་ལྟར་མངོན་པར་འདོད་པའི་ཕྱི་རོལ་ཚུར་བརྒྱུད་ནས་འོངས་པ་བསྒོམས་ནས་དེ་སྨྲ་བར་བྱེད་ཅེས་ཟེར་བ་ལ་སྣང་བ་ཉིད་ཀྱིས་ཞེས་བྱ་བ་སྟེ། རྣམ་པའི་ཁྱད་པར་དང་ལྡན་པའི་ཤེས་པས་སོ། །དགོས་པ་ནི་གྲང་བ་མེད་པར་བྱེད་པ་ལ་སོགས་པའོ། །སྣང་བའི་རྒྱུ་
སྣང་བཞིན་པ་མ་ཡིན་པའི་དབང་པོ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་མི་སྣང་བའི་ཡོད་ཀྱང་ཞེས་བྱ་བ་སྟེ། དེ་ཡང་མཐོང་བའི་བག་ཆགས་མ་གཏོགས་པ་ཚད་མའི་ཡུལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཉིད་ཅེས་བྱ་བ་ནི་རྒྱུ་དང་རྒྱུ་ཅན་གྱི་བདག་ཉིད་དོ། །རྒྱུ་ནི་བག་
ཆགས་ཡིན་ལ་དེས་ན་ཕྱི་རོལ་མེད་ཀྱང་དེ་ངེས་པ་ཡིན་པར་བསྟན་པ་ནི་ཕྱིའི་དོན་ནོ་ཞེས་བྱ་བའོ། །དེ་ཡང་ཕྱི་རོལ་དུ་སྨྲ་བའི་ཡང་ཐབས་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་སྣང་བ་མེད་ན་ཞེས་བྱ་བའོ། །འགྱུར་རོ་ཞེས་བྱ་བ་ནི་བག་ཆགས་ཀྱི་ངེས་པ་ལས་སོ། །ཕྱི་རོལ་སྣང་བཞིན་པ་མ་ཡིན་པ་ཡང་འགལ་བ་མེད་དོ་ཞེས་བྱ་
བ་ཡང་མི་རིགས་ཏེ། མེད་པ་ཉིད་དུ་འགལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་ཡིན་པར་བསྟན་པ་ནི། །གལ་ཏེ་དོན་དེ་སུ་ལ་ཡང་། །ཞེས་བྱ་བའོ། །གྲུབ་ན་ཞེས་བྱ་བ་ནི་མ་དམིགས་བཞིན་པའི་གནས་སྐབས་ན་ཡང་འབྲས་བུ་ཉིད་ལ་སོགས་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཁ་ཅིག་ཏུ་མ་དམིགས་
เล่ม ๑๘๑ · หน้า 182a
པ་དེ་དམིགས་ན་དམིགས་བཞིན་པ་དེའི་འབྲས་བུ་ཡིན་པས་རྣམ་པར་རྟོག་པ་དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་ཁྱབ་པ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་གཅིག་ཉིད་དུ་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ནི་དེ་མ་ཡིན་པ་ལས་ལོག་པས་སོ། །གཞན་ཞེས་བྱ་བ་ནི་རྒྱུད་གཞན་
ལས་འབྱུང་བའི་ཕྱིར་རོ། །འདི་ནི་མཚུངས་སོ་ཞེས་བྱ་བ་ནི་དེ་ལས་གཞན་གྱིས་དམིགས་པའི་ཕྱིར་རོ། །རང་ལ་སྣང་དུ་རུང་བ་དང་ཅིག་ཤོས་ལ་སྣང་དུ་རུང་བ་དག་གཅིག་པ་ཉིད་དུ་སྒྲོ་འདོགས་པར་ནི་ཕྱི་རོལ་དུ་སྨྲ་བ་དང་ཅིག་ཤོས་ལ་མཚུངས་པ་ཡིན་པར་བསྟན་པ་ནི་རྣམ་པར་ཤེས་པ་སྣང་བ་ལ་ཡང་ཞེས་བྱ་
བའོ། །མྱུ་གུ་སྣང་བ་ལ་ཕྱི་རོལ་བཞིན་དུ་ས་བོན་མི་སྣང་བ་ནི་སྒྲོ་བཏགས་པས་རྒྱུ་ཡིན་ནོ་ཞེས་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །དེའི་ངོ་བོ་ཡང་ཡིན་ལ་ངེས་པ་ཡང་ཡིན་ཞིང་། དེ་དག་སྣང་བ་ཡང་ཡིན་ལ། འབྲེལ་པ་ཡང་ཡིན་པ་དེ་དག་གོ་རིམས་བཞིན་དུ་གང་གི་ཡིན་པ་དེ་དག་གོ། །འཁྲུལ་
པས་གཟུང་བའི་མྱུ་གུའི་སྣང་བ་ནི་ཕྱི་རོལ་གྱི་ས་བོན་དུ་སྣང་བའོ། །རྣམ་པར་འཇོག་པར་བྱེད་པ་མ་ཡིན་ཏེ། བག་ཆགས་ཙམ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་སྣང་བ་ལ་མི་སླུ་བ་ཅན་གྱི་རྗེས་སུ་དཔག་པ་མ་ཡིན་ཏེ། རང་ཉིད་དོན་བྱེད་པའི་ཉམས་སུ་མོང་བ་ལ་དེ་ལྟར་བརྗོད་པའི་ཕྱིར་མ་ཡིན་ནམ་
ཞེས་ཟེར་བ་ལ་གཞན་ཡང་ཞེས་བྱ་བའོ། །ཕྱི་རོལ་གྱི་རྗེས་སུ་དཔག་པ་ལ་ཡང་སྣང་བ་མི་སླུ་བ་ཡིན་ཏེ། འཇུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ལན་ནི་རྣམ་པར་ཤེས་པ་སྣང་བ་ལ་ཡང་མཚུངས་ཏེ། གཞན་གྱི་སྣང་བའི་སེམས་པ་ཅན་གྱི་རྗེས་སུ་དཔག་པ་ལ་གནོད་པ་མེད་དོ་ཞེས་བྱ་
བའི་དོན་ཏོ། །འགྱུར་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལའོ། །ཕྱི་ནས་ཉིད་ནི་མི་སླུ་བའི་དུས་ཉིད་ལའོ། །སྔར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ནའོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་མི་སླུ་བའི་དུས་ཀྱིའོ། །རྟག་ཏུ་ཞེས་བྱ་བ་ནི་རྟོགས་པའི་ཁྱད་པར་རོ། །གཅིག་ནི་མི་སླུ་བའི་དང་མཚུངས་
པའི་རྣམ་པ་གང་གི་ཡིན་པ་དེའོ། །གཞན་གྱི་ངོ་བོ་ནི་དོན་དམ་པའི་ངོ་བོས་སམ་སྤྱིའི་རྣམ་པས་སོ། །དེར་ནི་ཕྱི་རོལ་དུའོ། །དེས་ཅི་ཞིག་བྱ་ཞེས་བྱ་བ་ནི་དགོས་པ་ཅན་གྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་མེད་ན་ཞེས་བྱ་བ་ནི་རྟོག་པས་སྒྲོ་བཏགས་པའི་ཕྱི་རོལ་མེད་ནའོ། །རྣམ་པར་ཆད་པ་སྐྱེས་ཞེས་བྱ་བ་ནི་མི་
เล่ม ๑๘๑ · หน้า 182b
སླུ་བའི་དུས་ཙམ་ལ་ཡོད་པས་སོ། །དེ་ཞེས་བྱ་བ་ནི་སྔར་རོ། །ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྣང་བ་མེད་པས་གཅིག་མཐོང་བར་མཚུངས་པའོ། །མི་སླུ་བ་ལ་རྒྱ་སྐྱེགས་འབྲས་བུ་ལ་ཡོད་པའི་ཚོན་གྱིས་སོ། །རྣམ་ཤེས་ཚོགས་ནི་རིམ་གྱིས་འབྱུང་བའི་སྐད་ཅིག་མ་རྣམས་བསྡུས་པའོ། །དེའི་བག་ཆགས་ནི་
ཤེས་པ་སྔ་མའི་བག་ཆགས་སོ། །ངེས་པ་ནི་ཤེས་པའོ། །ཕྱི་རོལ་ལ་ཚད་མ་མེད་པའི་ཕྱིར་མེར་སྣང་ལས་ཏེ་རྗེས་སུ་དཔག་པ་ལས་སོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །དཔེ་ཅན་ལ་ནི་དེས་དེའམ་ཞེས་བརྗོད་པ་ཡིན་ལ་རྣམ་པར་ཤེས་པའི་ཚུལ་ལ་འདི་གཉིས་ལ་ཞེས་བྱ་བའི་ཕྱི་རོལ་དང་ཅིག་ཤོས་དག་ལའོ། །དུ་བ་མེས་སྐྱེད་འགྱུར་བ་མིན། །
ཞེས་བྱ་བ་ནི་བག་ཆགས་ཉིད་ལས་བྱུང་བའི་ཕྱིར་རོ། །མེའི་སྣང་བ་ནི་དེའི་བག་ཆགས་སད་པར་བྱེད་པ་ཉིད་ཀྱི་རྒྱུ་ཉིད་ཡིན་པ་ནི་དུ་བ་ལ་ཡང་ཡིན་ཏེ། དེས་ཀྱང་དེ་སད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལས་རྗེས་སུ་དཔག་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས་ཟེར་བ་ནི་རྒྱུ་དག་ནི་ཡིན་ན་ཡང་ཞེས་བྱ་བའོ། །དུ་བ་ནི་
མེའི་བག་ཆགས་དང་བཅས་པའི་རང་གི་བག་ཆགས་ལས་བྱུང་བ་ཡིན་ལ། དེ་གཉི་ག་དེ་ལྟར་སད་པ་ཡིན་པར་གོ་བར་བྱེད་པ་ཡིན་ལ། ཚོགས་པ་གཅིག་ལ་རག་ལས་པ་ལས་མེར་སྣང་བ་ཡང་ངོ་། །གང་གི་དེ་སད་པ་ཡིན་ན་དེའི་འབྲས་བུ་མེད་པ་མ་ཡིན་ཏེ། དེའི་དངོས་པོ་ཉིད་སད་པར་བྱེད་པ་ཉིད་དུ་བརྗོད་
པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལའང་ཞེས་བྱ་བའོ། །སད་པས་གསལ་བའི་བག་ཆགས་གང་གི་ཡིན་པ་དེའོ། །དེ་ལྟ་བུའི་གསལ་བ་ཉིད་དུ་བར་སྣང་བའི་རྒྱུའི་ལྷན་ཅིག་བྱེད་པ་ཉིད་ཡིན་པའི་ཕྱིར་མ་སད་པ་ནི་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་འགྱུར་ཞེས་བྱ་བ་ནི་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །མེ་བཞིན་ཡིན་པ་ནི་སྐྱེད་
པས་ན་ཞེས་བྱ་བ་དང་སྦྱར་རོ། །དུ་བ་དང་འབྱུང་བར་འགྱུར་བའི་མེ་དག་གི་སྣང་བ་དག་སྟེ་དེའི་ངོ་བོའོ། །ལྐོག་ཏུ་གྱུར་པ་ནི་རྗེས་སུ་དཔག་པར་བྱ་བའོ། །མ་གྱུར་པ་ནི་མི་སླུ་བར་རྟོགས་པའོ། །བག་ཆགས་ཀྱི་དབང་ཉིད་ཀྱིས་ཞེས་བྱ་བ་ནི་གཅིག་པ་ཉིད་དུ་འཛིན་པའི་སྔར་མཐོང་བ་ངོ་ཤེས་པ་དེའི་ངོ་བོ་ཡིན་པའི་ཕྱིར་ད་ལྟར་བའི་
སྣང་བ་གཞན་ལ་གནས་པའི་རྗེས་སུ་དཔག་པ་ལ་འགལ་བ་མེད་པར་བསྟན་ནས། རང་ཉིད་ཀྱི་འབྱུང་བར་འགྱུར་བ་ལ་ཡང་བསྟན་པ་ནི་ཕྱིའི་དོན་ལ་ཡང་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་མེ་མ་ཡིན་པ་ལ་འཇུག་པའི་རྒྱུད་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །གོམས་པའི་ཡུལ་ཅན་གྱིས་བསྒྲུབ་
เล่ม ๑๘๑ · หน้า 183a
པའི་འབྲས་བུའི་ཆ་ལ་བཏང་སྙོམས་སུ་འཇིག་པ་བཞིན་དུ་དགོངས་པའི་མཐར་ཐུག་པ་ཡིན་པར་བསྟན་པ་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །རྒྱུད་ལ་ཡང་འདས་པ་ལ་སོགས་པའི་ཆ་ཕྲད་པར་མ་ཡིན་ཏེ། ཆ་རྣམས་ནི་རྒྱུད་དུ་བརྗོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པ་ནི་མཐོང་ཕྱིར་
ཞེས་བྱ་བའོ། །ཕྱི་རོལ་ཉིད་དགོས་པ་ཅན་མ་ཡིན་པར་བསྟན་པ་ནི་ཕྱི་དོན་ལ་ནི་ཞེས་བྱ་བའོ། །ཤིན་ཏུ་ངེས་ཞེས་བྱ་བ་ནི་འཇུག་པའི་ཡུལ་ཡིན་པའི་ཕྱིར་གཅིག་ཉིད་དུ་ཞེན་པས་འཇུག་པ་ན་འབྱུང་བར་འགྱུར་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ། །ཅི་ལས་ཤེ་ན་རིག་པས་ཞེས་བྱ་བ་སྨོས་
ཏེ་ཐོབ་པའི་ཡུལ་ནི་རིག་པའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་བའི་དོན་གྱི་ཡུལ་ཅན་ཞེས་བྱ་བ་ལ་སོགས་པ་ནི་གཡོ་འགུལ་བྱེད་པ་ལས་བརྩམས་ནས་འབྲས་བུ་དང་ཕྲད་པའི་བར་དུ་གཅིག་པ་ཉིད་དུ་ཞེན་པས་མངོན་སུམ་ཡིན་པར་བལྟ་བར་བྱ་བའོ། །བག་ཆགས་ནི་རྟོགས་པར་
བྱ་བ་ཡིན་པས་དེའི་བསྐྱེད་བྱའི་སྣང་བ་ལ་གཅིག་པར་ཞེན་པས་མེར་སྣང་བའི་བློ་ཉིད་ནི་རྟོགས་འགྱུར་ཞེས་བྱ་བས་བསྟན་ཟིན་པར་བསྟན་པ་ནི་བག་ཆགས་དེ་ཡང་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་མེ་བཞིན་ནོ་ཞེས་བྱ་བ་ནི་ད་ལྟར་བ་དང་གཅིག་ཉིད་དུ་ཞེན་པ་ནའོ། །ཕྱི་རོལ་གྱིས་བྱས་པའི་སྣང་བ་ལ་དད་པའི་
ཡུལ་ཅན་ཉིད་ནི་རྣམ་པར་ཤེས་པའི་ཚུལ་ལ་མི་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ནི་འཇིག་རྟེན་དོན་ཉིད་ཅེས་བྱ་བའོ། །སྣང་བ་ཉམས་པར་མི་བྱེད་པ་ནི་བག་ཆགས་བརྟན་པོ་ཁྱད་པར་དུ་བྱེད་པ་ཡོད་ན་ཤུགས་ཀྱིས་ཕྱི་རོལ་ཐོབ་པར་འགྱུར་བ་མ་ཡིན་པར་བསྟན་པ་ནི་གལ་ཏེ་བག་ཆགས་བརྟན་པ་བརྟེན་ནས་
ཞེས་བྱ་བའོ། །མཚམས་སྦྱོར་ལྡན་ན་ཞེས་བྱ་བ་ནི་ཉམས་པ་ཅན་མ་ཡིན་པའོ། །ཡིན་ཡང་ཞེས་བྱ་བ་བཤད་པ་ནི། རྨི་ལམ་གྱི་ཁྱད་པར་ཉིད་ཅེས་བྱ་བའོ། །འཇུག་པ་མེད་པར་ཐལ་བ་ནི་ཐལ་བར་འགྱུར་བའོ། །དུ་བའི་སྣང་བའི་བློ་ནི་རང་གི་བག་ཆགས་དེའི་བསྐྱེད་བྱ་རྟོགས་པར་བྱེད་པ་ཡིན་
གྱི་དེའི་སྣང་བའི་མཐར་ཐུག་པའི་མེའི་བག་ཆགས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་མེ་ལ་སོགས་པ་ཞེས་བྱ་བའོ། །རང་གི་བག་ཆགས་བཞིན་དུ་མེའི་བག་ཆགས་ཀྱང་གྲོགས་བྱས་ནས་དུ་བའི་བློ་བསྐྱེད་པ་ཡིན་པར་བསྟན་པ་ནི་སེམས་རྒྱུད་དེ་རུང་ཞེས་བྱ་བའོ། །མེའི་སྣང་བ་ལ་རུང་བའི་
เล่ม ๑๘๑ · หน้า 183b
བག་ཆགས་སྙིང་པོ་སྟེ། དུ་བའི་བག་ཆགས་ཀྱི་སྙིང་པོ་ཅན་རྒྱུད་གང་གི་ནང་ན་ཡོད་པ་དེའི་སྙིང་པོ་ཅན་ཡིན་གྱི་ཕྱི་རོལ་གྱི་དུ་བ་མེའི་བསྐྱེད་བྱ་ཅན་ནི་མ་ཡིན་ཏེ། དེ་དག་གི་སྣང་བ་ལ་ཚད་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་འཁོར་བའི་སྤྲོས་པ་ཞེས་བྱ་བའོ། །སེམས་ཉིད་ལས་ཞེས་བྱ་བ་ནི་བག་ཆགས་ཀྱི་ངོ་བོ་ལས་སོ། །དུ་
བའི་བག་ཆགས་ཀྱང་ལྷན་ཅིག་བྱེད་པ་ལའོ། །ཅི་ལས་ཤེ་ན་མེའི་བག་ཆགས་ནི་དུ་བའི་སྣང་བ་སྐྱེད་བྱེད་ཡིན་ཏེ། དུ་བའི་བག་ཆགས་གྲོགས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རིམ་པའོ། །མེ་སྣང་བའི་བློ་ཉིད་ནི་རྟོགས་འགྱུར་ཞེས་གསུངས་པས་མ་འོངས་པའི་ཡུལ་ཉིད་དུ་གསུངས་པ་ཡིན་པར་བསྟན་པ་ནི་
ཐམས་ཅད་དུ་ནི་མ་འོངས་པ་ཞེས་བྱ་བའོ། །དུ་བ་ལས་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཚུལ་ལ་ཡང་ངོ་། །འདིའི་སྣང་བ་ནི་རབ་རིབ་ཅན་གྱིས་མཐོང་བ་ལས་ཁྱད་པར་བྱེད་དེ་དོན་གྱི་དབྱེ་བ་མེད་དོ་ཞེས་བསྟན་པ་ནི་དེའི་དུས་སུ་ཞེས་བྱ་བའོ། །ཕྱི་རོལ་ལ་ཡང་རང་གི་དུས་ན་ཤེས་པ་ལ་མེད་པ་དང་ཁྱད་པར་མེད་
པ་ན་བསྟན་པ་ནི་ཇི་ལྟར་ཚད་མ་ཉིད་ཅེས་བྱ་བའོ། །གཉའ་བོའི་ཚུལ་གྱིས་ཏེ་འཇལ་གཉའ་ལྟ་བུའོ། །བག་ཆགས་ཙམ་གྱིས་གོ་བྱ་ནི་བག་ཆགས་ཙམ་ལས་འབྱུང་བའི་མེའི་ཤེས་པའི་གོ་བྱེད་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་མངོན་སུམ་གྱིས་རྟོགས་པ་ཡིན་ལ་རང་གི་ངོ་
བོའི་རྟོགས་པ་ཡང་བག་ཆགས་ཉིད་ལས་ཡིན་ཏེ། རྨི་ལམ་ལྟ་བུའི་ཞེས་བསྟན་པ་ནི་བག་ཆགས་ཀྱང་ཞེས་བྱ་བའོ། །རིགས་སོ་ཞེས་བྱ་བ་ནི་ཕྱི་རོལ་ལ་ཚད་མ་མེད་པའི་ཕྱིར་སྣང་བ་གཞན་ཉིད་བག་ཆགས་ཉིད་ཀྱིས་མངོན་སུམ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་པའི་སྣང་
དུ་རུང་བར་བྱེད་པའི་བག་ཆགས་དང་འབྲེལ་པ་ཅན་གྱི་སེམས་ཀྱི་རྒྱུད་ཀྱི་བསྐྱེད་བྱ་དུ་བའི་བློ་ཡིན་ནོ་ཞེས་བྱ་བས་འབྱུང་བར་འགྱུར་བའི་མེའི་བློའི་བསྐྱེད་བྱ་ཉིད་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཐོབ་པར་བྱ་བའི་བློའི་བསྐྱེད་བྱ་ཉིད་མངོན་སུམ་གྱི་རང་གི་ངོ་བོ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཞེས་
བྱ་བ་ནི་ངེས་པ་ཡང་ཤེས་པའི་རྣམ་པའི་ཡུལ་ཉིད་ཀྱིས་ཕྱི་རོལ་དུ་མེད་པའི་ཕྱིར་རོ། །བདེན་ཏེ་ཕྱི་རོལ་མཐོང་བ་ཉིད་ལ་མཁས་པས་རིག་པ་ལ་མི་མཁས་པ་དག་ཕྱི་རོལ་དུ་མངོན་པར་རློམ་པར་བྱེད་ཅིང་དེ་ལྟར་མངོན་པར་འདོད་པ་ཡང་དེ་རྗེས་སུ་གཟུང་བའི་ཆེད་དུ་ཁས་བླངས་པ་ཁོ་ནས་ཤེས་པའི་རྣམ་པ་
เล่ม ๑๘๑ · หน้า 184a
ཉིད་བརྗོད་བྱ་ཡིན་པར་བསྟན་པ་ནི་མཁས་པ་རྣམས་ལ་ཞེས་བྱ་བའོ། །ལྷན་ཅིག་ནི་དེའི་བདག་ཉིད་དུ་མཐོང་བ་དེ་མྱོང་བ་ཡང་ཉམས་སུ་མྱོང་བའི་ངེས་པས་སོ། །དེ་ཡང་ནི་ཚུལ་གཉིས་ཉིད་དེ་རང་གི་རིག་པ་དང་སྔོན་པོ་ལ་སོགས་པ་ཉིད་ཀྱིས་སོ། །ཐ་མི་དད་པར་ཉམས་སུ་མྱོང་
བའི་ལྕགས་ནི་མེ་བཞིན་དུ་རྗེས་སུ་འགྲོ་བ་ལ་སོགས་པས་ཐ་དད་པ་ཁོ་ན་ཡིན་པར་བསྟན་པ་ནི་འཛིན་པ་ཉིད་ཅེས་བྱ་བའོ། །དེ་ཉིད་དང་ཞེས་བྱ་བ་ནི་རིག་པའི་རྣམ་པའོ། །ཐ་དད་པར་ཉམས་སུ་མྱོང་བ་ཡང་བདེ་བ་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་ཐ་དད་པ་ལ་ཡང་ཞེས་བྱ་བའོ། །དུས་ཐ་དད་
པ་ལ་ཡང་རྣམ་པ་ཐ་མི་དད་པས་གཅིག་པར་རིག་པ་མ་ཡིན་པར་བསྟན་པ་ནི་དེ་ཉིད་ཅེས་བྱ་བའོ། །མངོན་སུམ་ནི་དེ་མ་ཡིན་པ་ལས་ལྡོག་པར་བྱེད་པ་འཛིན་པ་ཡིན་ཏེ། །དེ་ལ་མཆོག་ཏུ་འཛིན་པ་སྐྱེད་པར་བྱེད་པའི་ཕྱིར་འབྲེལ་པར་འཛིན་པར་བྱེད་པ་ཡིན་གྱི་འདི་མ་ཡིན་པའི་ཡུལ་ལ་སོགས་པ་འཛིན་པར་བྱེད་པ་མ་ཡིན་
པར་བསྟན་པ་ནི་མ་ཡིན་ཏེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་གཅིག་ཉིད་ཁོ་ན་ཡུལ་ལ་སོགས་པའི་དབྱེ་བ་ཅན་མ་ཡིན་པའོ། །དེ་བཞིན་དུ་སྔོན་པོ་མ་ཡིན་པ་དང་རིག་པ་མ་ཡིན་པ་ལས་ལོག་པར་འཛིན་པ་དང་། དེ་ལ་མཆོག་
ཏུ་འཛིན་པ་དག་གིས་ཐ་དད་པ་དང་ཐ་མི་དད་པ་དག་གོ། །རྟོགས་པའི་རང་བཞིན་དང་ཞེས་བྱ་བ་ནི་བདེ་བ་དང་སྔོན་པོ་དག་རིག་པ་གཅིག་གི་བདག་ཉིད་ཀྱི་ཁོངས་སུ་གཏོགས་པ་དག་གོ། །སྤྱིར་ཞེས་བྱ་བ་ནི་འདི་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །ལྷན་ཅིག་དམིགས་པ་ངེས་པ་ཉིད་
ནི་རང་རིག་པ་གཅིག་གི་བྱེད་པ་ལ་རྗེས་སུ་ཞུགས་པ་ཉིད་དོ། །དོན་གྱི་དབྱེ་བས་དབྱེ་བ་མེད་པ་བཞིན་དུ་རྣམ་པ་མེད་པ་ཉིད་ཀྱིས་དབང་པོ་ཐ་དད་པ་ལས་ཀྱང་ཐ་དད་པར་མི་འགྱུར་ཏེ། འདི་རྣམ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་
གསལ་བ་དང་མི་གསལ་བ་དང་བསྲེས་པ་ལ་སོགས་པ་ཡང་ངོ་། །དབང་པོ་འགྱུར་བས་བྱས་པའི་འགྱུར་བའི་རྣམ་པ་ཅན་གྱི་ཤེས་བྱ་ནི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་པར་བསྟན་པ་ནི་དབང་པོའི་ཁྱད་པར་ཞེས་བྱ་བ་སྟེ། རྣམ་པ་ནི་དེ་ལྟ་བུའི་དབྱེ་བ་ཅན་ཡིན་གྱི་རྟོགས་པ་ནི་མ་ཡིན་ཏེ། ཁྱད་པར་
เล่ม ๑๘๑ · หน้า 184b
མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་ལ་ཡང་དེ་ལྟར་ཐ་དད་པ་མེད་དེ་དབྱེ་བ་མེད་པའི་ཕྱིར་རོ། །ཐ་དད་ན་ཡང་ཤེས་པ་ཐམས་ཅད་ལ་དེ་ལྟ་བུར་སྣང་བར་འགྱུར་ཏེ། ངོ་བོ་དེ་རེས་འགའ་བ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་གྱི་ཞེས་བྱ་བ་སྟེ། རྣམ་པ་ནི་འབྲས་བུ་ཡིན་ཏེ་ཇི་སྲིད་པ་པོའི་འདྲེས་
པ་ལ་སོགས་པས་ཐ་དད་པར་འགྱུར་གྱི་དོན་ནི་མ་ཡིན་ཏེ་རྟོགས་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཤེས་པའི་དོན་ལས་དེར་སྣང་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རུང་བའི་ཡུལ་ཉིད་དུ་ཁྱད་པར་མེད་པས་ཆ་བཞིན་དུ་ཆ་གཞན་ལ་ཡང་ཤེས་པ་དེ་ལྟ་བུའི་ངོ་བོ་ཉིད་དུ་འགྱུར་ཏེ། དབང་པོའི་
རྣམ་པར་འགྱུར་བའི་བག་ཆགས་རྣམས་ཀྱང་འཛིན་པའི་ངེས་པ་ཅན་ཉིད་མ་ཡིན་ན། དོན་ཉིད་དེ་ལས་དེའི་ཚེ་སྐྱེ་བ་ནི་ཤེས་པ་བཞིན་ཡིན་ཏེ། སྔར་ཡོད་པ་ལ་ཚད་མ་མེད་པའི་ཕྱིར་རམ། མི་འཛིན་པ་ཉིད་དུ་སྣང་བའི་ཕྱིར་ཡང་ཤེས་པའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གྱི་རྣམ་
པ་གཅིག་ལས་དེ་དང་རྣམ་པ་གཅིག་པའི་ཤེས་པ་ནི་དབང་པོ་ལ་སོགས་པའི་དབྱེ་བ་སྣ་ཚོགས་པའི་ལྷན་ཅིག་བྱེད་པ་ཅན་སྣ་ཚོགས་པར་ནི་མི་རིགས་སོ་ཞེས་བསྟན་པ་ནི་དོན་ལ་བརྟེན་ནས་སོ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་དེའི་རྣམ་པ་ཅན་གྱིའོ། །འགའ་ཡིས་ཞེས་བྱ་བ་ནི་བསྲེས་པ་ལ་སོགས་
པས་སོ། །གཞན་ལས་ཀྱང་ཞེས་བྱ་བ་ནི་དབང་པོ་ལ་སོགས་པས་ཀྱང་ངོ་། །སྐྱེ་བར་འགྱུར་བ་ཡོད་ན་གཞན་ལས་ཀྱང་སྟེ་དབང་པོ་ལ་སོགས་པས་ཀྱང་ངོ་། །དེའི་རྣམ་པ་ཉིད་ནི་བསྲེས་པ་ལ་སོགས་པའི་རྣམ་པ་ཉིད་དོ། །རྣམ་པའམ་ཤེས་པ་ཉིད་ཀྱང་དེ་ལས་དེའི་ངོ་བོ་ཡིན་ལ་གཞན་ལས་ནི་གཞན་གྱི་རྣམ་
པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་བསྟན་པ་ནི་འདི་ལྟར་ཞེས་བྱ་བའོ། །འགའ་ཡིས་ཞེས་བྱ་བ་ནི་ལས་དང་འབྱུང་བ་ཆེན་པོ་ལ་སོགས་པ་ལས་སོ། །དབང་པོ་ནི་ཤེས་པ་སྐྱེད་པར་བྱེད་ཅིང་དེ་ཉིད་རང་གི་སྐྱོན་གྱིས་སྲེ་བར་བྱེད་ཀྱི། དོན་གྱི་བསྐྱེད་བྱའི་རྣམ་པ་ལ་མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་རྣམ་པ་
ལ་ཡང་དབང་པོའི་སྐྱོན་གྱི་བྱེད་པ་མཐོང་བར་བསྟན་པ་ནི་མར་མེ་ལ་སོགས་ཞེས་བྱ་བ་སྟེ། དབང་པོ་ནི་སྐྱོན་བཞིན་དུ་དེའི་རྣམ་པ་ཡང་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མར་མེའི་རང་བཞིན་དེ་ལྟ་བུའི་རྣམ་པ་ཅན་མ་ཡིན་ནམ། ཇི་ལྟར་དབང་པོ་ཉིད་དེ་ལྟ་བུར་བྱེད་པ་ཡིན་ཞེས་ཟེར་བ་ལ་དེའི་ཞེས་བྱ་བ་སྟེ།
เล่ม ๑๘๑ · หน้า 185a
མར་མེ་ཡང་རྒྱུ་མཚན་ཡིན་གྱི་དེ་ལྟ་བུའི་བདག་ཉིད་ནི་མ་ཡིན་ཏེ། དེ་ལྟ་བུའི་བདག་ཉིད་མ་ཡིན་པ་ཡང་སྐྱོན་ལས་བྱུང་བའི་རྒྱུ་མཚན་ཡིན་ཏེ། ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་ལ་དེ་ཉིད་ཀྱི་ཕྱིར་འདི་དེ་ཉིད་ཡིན་ན་གཞན་གྱིས་ཀྱང་མཐོང་བར་འགྱུར་རོ་ཞེས་
བྱའི་དོན་ཏོ། །དེ་ལྟ་བུའི་རྣམ་པ་ཕྱི་རོལ་ཉིད་ཡིན་ཡང་དབང་པོའི་སྐྱོན་ཡོད་ཀྱང་ཚད་མ་མ་ཡིན་པར་བསྟན་པ་ནི་ཡང་དག་མཐོང་ན་ཞེས་བྱ་བའོ། །ཉམས་པ་ཉིད་ནི་དེ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཡོད་པ་ཞེས་བྱ་བའོ། །ཕྱི་རོལ་ཉིད་ཀྱི་ཁྱད་པར་མཐོང་བ་ན་མ་ཉམས་པ་ཡིན་ལ་དེ་ལས་གཞན་པ་སྣང་
དུ་རུང་བ་དཀྱིལ་འཁོར་དང་བྲལ་བ་ལ་རྒྱས་པ་ཙམ་ཡང་མཐོང་བར་འགྱུར་བར་བསྟན་པ་ནི་རབ་རིབ་ཀྱིས་སྦྱངས་ཞེས་བྱ་བ་སྟེ། གཞན་གྱིས་མཐོང་བའི་ངོ་བོ་འཛིན་པའི་ནུས་པར་སྒྲོ་བཏགས་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་མིག་གོ། །གསལ་མ་ཡིན་ནོ་མི་ནུས་པའོ། །དེ་ལྟར་ན་གཞན་ལ་སྣང་བ་མི་
གསལ་བར་མཐོང་བར་འགྱུར་རོ། །འོ་ན་ཇི་ལྟར་ངེས་པར་བསྟན་པ་ཡིན་ཞེ་ན། གང་ཞིག་ཅེས་བྱ་བའོ། །གཞན་གྱི་སྣང་བ་མ་མཐོང་བའི་ཕྱིར་ནུས་པ་ཉམས་པ་ཡིན་གྱི་སྦྱངས་པ་སྟེ་ཁྱད་པར་ཅན་དུ་བྱས་པ་མ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །ཡང་དག་ཡང་དག་མིན་ནི་ཡང་དག་པ་
ཡིན་ན་ཐམས་ཅད་ཡང་དག་པ་དང་ཡང་དག་པ་མ་ཡིན་ན་ཐམས་ཅད་དེ་ལྟ་བུ་ཡིན་ཏེ། མཐོང་བ་ཉིད་དོན་བྱེད་པ་ཉིད་ཡིན་པ་དེའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ཡང་དེ་ཉིད་ཡིན་ཏེ་གཞན་དུ་ན་ཐུག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པ་ཉིད་མིན་ཏེ། ཕྱི་རོལ་གྱི་ཤེས་པའི་ཚོགས་པ་ལས་བྱུང་
བའི་ཕྱིར་རོ་ཞེས་བསྟན་པ་ནི་ཞེས་བྱ་བ་སྟེ། གང་ཞིག་ཅེས་བྱ་བ་ནི་ཤེས་པའི་ངོ་བོས་སོ། །གཞན་དུ་ནི་ཇི་ལྟ་བུར་ན་ཞེས་བྱ་བ་ནི་ཕྱི་རོལ་ཏེ་དབང་པོ་ཉིད་ནི་དེའི་བསྐྱེད་བྱ་མ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་དང་། དེ་མ་ཡིན་པ་ལས་ལོག་པའི་སྐད་ཅིག་གི་ཁྱད་པར་ཡང་དེའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་ལེན་པ་ཡང་
རྒྱུན་ཁོ་ན་ཡིན་གྱི་སྐད་ཅིག་མ་ཉེ་བར་ལེན་པ་ལ་སོགས་པ་ཉིད་ནི་འཇིག་རྟེན་པ་མ་ཡིན་ཏེ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་རིབ་ལ་སོགས་པ་ཞེས་བྱ་བ་ནི་ཤེས་པའི་ཚོགས་པ་ལས་འབྱུང་བ་ཉིད་དོ། །གཞན་ཡང་དཀྱིལ་འཁོར་ཉིད་མཐོང་བ་མ་ཡིན་ཏེ་གང་གིས་དེའི་སྣང་དུ་རུང་བ་གཞན་
เล่ม ๑๘๑ · หน้า 185b
ཡང་མཐོང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་བསྟན་པ་ནི་སྣང་དབང་ཞེས་བྱ་བའོ། །གཅིག་གི་ནི་དཀྱིལ་འཁོར་དང་བྲལ་བའོ། །རྟོགས་པ་ནི་འདིས་སོ། །དེས་ན་ནི་རྟོགས་པའི་ནུས་པས་ཡིན་གྱི་གཞན་གྱི་རྒྱུ་མ་ཡིན་ནོ། །དཀྱིལ་འཁོར་མཐོང་བའི་ཡང་དཀྱིལ་འཁོར་ལ་སོགས་པ་རྒྱུ་མ་ཡིན་ཏེ་རང་
རིག་པ་ལས་གཞན་དུ་ཡུལ་མ་ཡིན་ལ། དེས་ན་ཡུལ་ཡང་རང་རིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ནི་ཡུལ་གཞན་ལ་སོགས་པ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་རབ་རིབ་ཀྱིས་སྦྱངས་ཞེས་བྱ་བའི་རིགས་པས་སོ། །གང་དུ་ཞེས་བྱ་བ་ནི་གཞན་དུའོ། །རང་སྣང་བ་ཡིན་ན་ནི་ཞེས་བྱ་བ་ནི་དཀྱིལ་
འཁོར་རོ། །གཞན་ཡང་ནི་གཞན་དུ་ཡོད་པ་ཡང་ངོ་། །ཕན་ཚུན་དུ་ཞེས་བྱ་བ་ནི་གཞན་དུ་གནས་པ་ནི་འདིར་གནས་པའི་གཞན་དུའོ། །མྱོང་བ་ཉིད་དུ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་དག་ལས་གཅིག་ལས་ཡང་ཕྱི་རོལ་མི་གནས་པའི་ཕྱིར་རོ། །དེས་ན་ཡང་མྱོང་བའི་བདག་ཉིད་ལས་མྱོང་བའི་རྒྱུ་རྗེས་སུ་དཔོག་པ་
ཡིན་པར་བསྟན་པ་ནི་སྔོན་པོ་ལ་སོགས་པ་ལ་ཡང་མྱོང་བ་གནས་པར་འགྱུར་བ་རྣམས་ཞེས་བྱའོ། །དཀྱིལ་འཁོར་བཞིན་དུ་གཞན་ལ་ཡང་ཕྱི་རོལ་རྗེས་སུ་དཔག་པ་མ་ཡིན་པ་མ་ཡིན་ནམ་འབྲེལ་པ་མ་མཐོང་བར་ཁྱད་པར་མེད་པར་ཟེར་བ་ལ་དཀའ་བ་ལ་སོགས་པ་ཞེས་བྱ་བའོ། །གཞན་གྱིས་ནི་མི་གཞན་གྱིས་
སོ། །ཤེས་པ་གཞན་གྱིས་ནི་སྐྱོན་ལས་མ་བྱུང་བས་ཡིན་གྱི་དཀྱིལ་འཁོར་ཉིད་ནི་མ་ཡིན་ནོ། །དེའི་འབྲས་བུ་ནི་ཕྱི་རོལ་དོན་གྱི་འབྲས་བུའོ། །དེ་ལྟ་ན་ཇི་ལྟར་རྟོགས་པ་ཡིན་ཞེ་ན་དེ་ལྟ་བུ་མ་ཡིན་པའོ། །འཇིག་རྟེན་གྱི་ཞེས་བྱ་བ་ནི་དེའི་དེ་ལྟ་བུའི་ཞེན་པའི་ཐ་སྙད་དོ། །ཐམས་ཅད་ཉིད་ནི་དོན་བྱེད་པར་
ནུས་པའམ་ཅིག་ཤོས་ཀྱང་ངོ་། །ཅི་སྟེ་མ་ཡིན་ཞེ་ན་ཞེས་བྱ་བ་ནི་དེ་ལྟ་བུའི་ཞེན་པས་སོ། །ཇི་ལྟར་མི་འདོད་ཅེས་བྱ་བ་ནི་དེའི་བདག་ཉིད་མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །མྱོང་བའི་ངོ་བོ་མ་ཡིན་ཡང་ཞེས་བྱ་བ་ནི་དོན་གྱི་སྟེ། གཞན་མྱོང་བའི་ཕྱིར་རམ་མྱོང་བ་གཞན་འཛིན་པར་བྱེད་པ་མེད་པ་
ན་ཚད་མ་མེད་པའི་ཕྱིར་དང་། རང་ཉིད་རིག་པ་ཡིན་ན་དོན་གྱིས་གོ་བ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཡིན་ཞེས་བྱ་བ་ནི་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །མ་ཡིན་ཏེ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པ་ཉིད་བཞིན་དུ་དོན་ལྐོག་ཏུ་མ་གྱུར་པ་ཉིད་དུ་འཐད་པའི་ཕྱིར་རོ། །དེ་ལ་ཡང་གཞན་ལ་ལྟོས་པ་ཡིན་
เล่ม ๑๘๑ · หน้า 186a
ན་རྟགས་མེད་པའི་ཕྱིར་རྒྱུ་རྟོགས་པ་མ་ཡིན་ནོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །འདི་ལ་ཚད་མ་ཅི་ཡོད་ཅེས་བྱ་བ་ནི་དེ་ལ་གཟུང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱེད་ལ་ཡང་ཞེས་བྱ་བ་ནི་ངེས་པ་ཡོད་པ་ལའོ། །ངེས་པ་མེད་ཀྱང་ཕྱི་རོལ་སྣང་བ་ཡིན་ནོ་ཞེས་
ཟེར་བ་ལ་གཞན་རིག་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའོ། །བུམ་པ་ཞེས་བྱ་བ་ནས་གནས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་རྒོལ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་མུན་པའོ། །ཚོགས་པ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བའོ། །ངེས་པར་གྲུབ་པ་ཡིན་ན་དོན་དམ་པར་ནི་ཞེས་བྱ་བ་ནི་ལན་ཡིན་ཏེ། མངོན་
སུམ་ཉིད་མ་ཡིན་པའི་ཕྱིར་དང་། ངེས་པ་ཡང་དེའི་མཐར་ཐུག་པ་ཉིད་ཀྱིས་རང་དབང་མེད་པའི་ཕྱིར་དེ་ལྟ་བུའི་ངེས་པ་ལས་ཕྱི་རོལ་གྲུབ་པ་ནི་མ་ཡིན་ནོ། །ངེས་པ་ཙམ་འདི་ནི་རང་རིག་པ་ཡིན་ལ་མར་མེའི་གསལ་བ་ཉིད་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ་དབང་པོ་དང་བཅས་པ་ལས་རྟོགས་པ་འབྱུང་བའི་ཕྱིར་
བུམ་པ་དང་སྣང་བ་དང་བཅས་པ་ཉིད་ནི་མ་ཡིན་ལ་མར་མེ་ལས་ནི་ཡིན་གྱི་རང་ཉིད་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཙམ་ནི་དཔེ་ཡིན་གྱི་རང་ཉིད་རྟོགས་པ་ནི་མ་ཡིན་ནོ། །རྣམ་པ་ནི་དཀྱིལ་འཁོར་གྱི་རྣམ་པའོ། །ཕྱི་རོལ་ཉིད་སྔོན་པོ་ལ་སོགས་པ་བཞིན་དུ་དཀྱིལ་འཁོར་དབང་པོ་ལ་སོགས་པས་རྟོགས་
པ་ནི་རྟོགས་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེ་ན་མར་མེའི་སྣང་བ་ཁོ་ན་འཛིན་པར་མི་འགྱུར་ཏེ། གང་གི་ཕྱིར་དངོས་པོ་སོ་སོ་བ་ནི་དེ་ལ་འབྲེལ་པ་མེད་པས་ཏེ་དེ་ཉིད་ཡོད་ན་འཛིན་པ་མ་ཡིན་པར་བསྟན་པ་ནི། གཞན་ཡང་གལ་ཏེ་ཞེས་བྱ་བའོ། །མར་མེ་ལས་ཐ་དད་པ་དེའི་གནས་ཁོ་ན་འཛིན་པར་མི་འགྱུར་
བར་བསྟན་པ་ནི། གལ་ཏེ་དེ་ཉིད་ཅེས་བྱ་བ་སྟེ་དེ་དཀྱིལ་འཁོར་གྱི་རྣམ་པའོ། །གླིང་བུ་རྐྱང་པ་ལ་སོགས་པ་ལ་ཕྱོགས་གཅིག་འཛིན་པ་མ་ཡིན་པར་བསྟན་པ་ནི་ཁྱོན་དང་ལྡན་ཞེས་བྱ་བ་སྟེ། འཛིན་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལ་ལྟོས་པ་འཛིན་པ་ཡིན་ནོ། །
མར་མེ་ཙམ་གྱིས་ཞེས་བྱ་བ་ནི་མར་མེ་གང་དང་གང་དུ་མར་མེ་སྦར་བ་དེ་དང་དེ་ན་འབྱུང་བ་དེའི་ཕྱིར་གཉི་ག་རྒྱུ་ཉིད་མ་ཡིན་ནོ། །བྱེད་པ་འཇུག་པ་ཞེས་བྱ་བ་ནི་རྟོགས་པ་ཉིད་དུ་བྱེད་པའི་ཕྱིར་རོ། །དུས་མཚུངས་པ་ཉིད་ཀྱིས་ནི་རྟོགས་པ་ཉིད་ཀྱི་འབྲས་བུ་དང་ངོ་། །རྗེས་སུ་འགྲོ་བ་ལ་སོགས་པ་ནི་མིག་
เล่ม ๑๘๑ · หน้า 186b
དང་དེའི་གཟུགས་ཀྱི་ཡུལ་ལོ། །མར་མེ་ནི་དཔེའོ། །དེ་ཉིད་ནི་དཀྱིལ་འཁོར་ཉིད་དོ། །མིག་ནི་མིག་གི་དབང་པོའོ། །ཡོངས་སུ་གསལ་བ་ནི་སྔོན་པོ་ལ་སོགས་པ་རྟོགས་པའི་ངོ་བོའམ་དཀྱིལ་འཁོར་གྱི་ངོ་བོའོ། །དཔེར་ན་མར་མེས་མར་མེ་གསལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འོད་ཀྱིས་
འོད་གསལ་བར་བྱ་བ་མ་ཡིན་ཏེ། རང་གསལ་བ་ཉིད་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ངོ་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཉིས་པོ་ནི་མིག་དང་གཟུགས་དག་གོ། །གཞན་ཞེས་བྱ་བ་ནི་དེ་ལྟ་བུའི་ངོ་བོས་བསྐྱེད་པའི་བག་ཆགས་སོ། །ཚུལ་གཉིས་ནི་རང་རིག་པ་དང་སྔོན་པོའི་ངོ་བོ་
ཡིན་གྱི་རང་རིག་པ་ལས་གཞན་པའི་དཀྱིལ་འཁོར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དོན་ཉིད་རང་རིག་པའི་རྣམ་པ་མ་ཡིན་པའོ། །མི་རུང་ངོ་ཞེས་བྱ་བ་ནི་རང་རིག་པའི་རྣམ་པར་རོ། །ཁྱད་པར་ལས་ནི་ཚོགས་པའི་ཁྱད་པར་ལས་ཏེ། ཐག་རིང་པོ་ལ་བར་དུ་ཡོད་པའི་སྣང་བ་འཕྲོས་པས་མང་
པོ་ཡིན་པའི་ཕྱིར་བཀབ་པ་མི་གསལ་བར་ནི་རིགས་ཏེ། ལྷ་ཁང་ལ་སོགས་པ་བཞིན་དུ་ཆ་འགའ་མི་འཛིན་པའི་ཕྱིར་དུ་མའི་བདག་ཉིད་དོན་ཡིན་པས་བསགས་པའི་ཕྱོགས་ཀྱིས་བྲི་བ་འཛིན་པ་ལ་འགལ་བ་མེད་དོ། །ཆེན་པོ་ལས་ཆུང་ངུ་ཡོད་པའི་ཕྱིར་རོ། །མྱ་ངན་དུ་ཆུང་ངུ་ལ་ཆེན་པོར་འཛིན་པ་ནི་
འཁྲུལ་པ་ཡིན་ཏེ། རྒྱས་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་དེར་འགྱུར་ཞེས་བྱ་བ་སྟེ། ཐག་རིང་བ་དང་ཉེ་བའི་ཁྱད་པར་ལས་སྣང་བ་ཐ་དད་པའི་ཕྱིར་བཀབ་པའི་ཆ་ནི་མི་འཛིན་ལ། ཅིག་ཤོས་ནི་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆ་གཅིག་བཀབ་པ་ཡིན་ན་དེའི་ཕྱོགས་གཞན་ཡང་བཀབ་
པ་ཡིན་ལ་མ་བཀབ་ན་ཡང་དེའི་ཆ་དང་ལྡན་པ་གཞན་ཡང་བཀབ་པར་མི་འགྱུར་ཏེ། རྡུལ་ཕྲ་རབ་ཉིད་དུ་ཁྱད་པར་མེད་དོ་ཞེས་བསྟན་པ་ནི་དེའི་སྟེ། སྣང་བས་ཆོད་པ་ཡིན་ན་ནི་ཆ་འགའ་ཞིག་མི་མཐོང་ན་ཅིག་ཤོས་ཀྱང་ངོ་། །མ་ཆོད་ན་ཡང་གཞན་མཐོང་ན་གཞན་ཡང་ངོ་ཞེས་བྱ་བའི་དོན་ཏོ། །མཐོང་
བའི་ཡུལ་ཞེས་བྱ་བ་ནི་རུང་བའི་ཡུལ་ན་གནས་པའོ། །གཞན་གྱི་ནི་ཐག་རིང་པོ་ལ་ངོ་བོ་གཞན་མེད་པའོ། །ཤེས་པ་ནི་དེ་ཡོད་པ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །དོན་ལ་མི་སྲིད་ན་ཤེས་པ་ལ་ཡིན་པར་བསྟན་པ་ནི་འདི་ནི་མཐོང་བ་ཞེས་བྱ་བའོ། །མ་ཚང་བ་མེད་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཡོངས་སུ་གྱུར་
เล่ม ๑๘๑ · หน้า 187a
པར་མཚུངས་པ་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་ནི་དོན་གྱི་རང་བཞིན་ནོ། །སྣང་བ་ཐ་དད་ཀྱི་སྣང་དུ་རུང་བ་ནི་མ་ཡིན་ནོ་ཞེ་ན། སྣང་བ་ནི་ཞེས་བྱ་བ་སྟེ། སྣང་བ་ནི་དེ་ལས་ཐ་དད་པའི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་
བཞིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེའི་གནས་སྐབས་ན་མི་སྣང་བ་དང་ལྡན་པ་མ་ཡིན་ཏེ། མེད་པའི་ཕྱིར་དང་ཐག་རིང་པོར་མི་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་ཐ་དད་པ་ཡིན་ན་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་སྤྱི་ནི་དོན་གཞན་དུ་འདོད་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་དོན་གྱིའོ། །གསལ་
བ་ཉིད་ནི་ཕྱིས་དེ་ལྟ་བུའི་དོན་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཞེས་བྱ་བ་ནི་དོན་ཉིད་ཡིན་ནའོ། །དེའི་ནི་ཐག་རིང་པོ་ན་སྣང་བའོ། །གཞན་ནི་རིང་པོ་མ་ཡིན་པ་ནའོ། །གཉི་ག་གཅིག་ཡིན་ཏེ། གཅིག་ཉིད་དུ་སྣང་བའི་ཕྱིར་ཞེས་བསྟན་པ་ནི་དེའི་ངོ་བོར་ཞེས་བྱ་བའོ། །རང་བཞིན་ཐ་དད་ནི་སྣང་བ་ལས་སོ། །
དེ་ཞེས་བྱ་བ་ནི་རྟོགས་པ་ཡིན་ཏེ་གཅིག་ཉིད་ཀྱིས་གནོད་པའི་ཕྱིར་རོ། །རྟོགས་པ་ཉིད་བག་ཆགས་ལས་ཐ་མི་དད་པའི་རྣམ་པ་ཅན་ཡིན་པ་དེའི་ཕྱིར་རྣམ་པ་དང་བཅས་པ་ཉིད་ཡིན་པར་བསྟན་པ་ནི་ཐ་དད་མེད་པར་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་དུས་ཕྱིས་སོ། །གང་ལས་ཞེས་བྱ་བ་ནི་ཆ་
ཡང་ཉེ་བ་བཞིན་དུ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་དུ་མ་ཅན་གྱི་རྫས་ལ་ཡན་ལག་འགའ་ཞིག་རིང་པོར་སྣང་བ་གང་ཡིན་པ་ནི་རགས་པ་ཡིན་ལ་གཞན་ནི་དེ་ལྟ་མ་ཡིན་པ་དེའི་ཕྱིར་གསལ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་སྣང་བ་ཞེས་བྱ་བའོ། །སྣང་བ་མི་གསལ་བ་
ཞེས་བྱ་བ་ནི་ཐག་རིང་བའི་ཕྱིར་རོ། །ཐ་དད་ན་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཅན་ཐག་རིང་བའམ། གཞན་དུ་ཡང་སྣང་དུ་རུང་བའོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་ཡན་ལག་ཐམས་ཅད་དང་ལྡན་པ་ཁྱབ་པ་ཅན་ནོ། །མཐོང་བས་ཞེས་བྱ་བ་ནི་ཡན་ལག་མི་འཛིན་ན་ཡང་ངོ་། །
མི་སྣང་བའི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་གྱི་ངོ་བོ་འཛིན་པ་མི་གསལ་བ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཕྱི་རོལ་དོན་གཅིག་ཅེས་བྱ་བ་སྟེ། ཉེ་བ་ན་ཡང་ཡན་ལག་ཐམས་ཅད་འཛིན་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ནའམ། རྡུལ་ཕྲ་རབ་ཀྱི་དབྱེ་བས་
เล่ม ๑๘๑ · หน้า 187b
གཅིག་ཡིན་པ་ལ་གཅིག་གི་འཛིན་པ་དང་མི་འཛིན་པ་ནི་གཞན་ལ་ཡང་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཕྲ་རྡུལ་དུ་མ་ཞེས་བྱ་བའོ། །གཞན་དུ་ན་ད་དང་བཅས་པར་འཛིན་པ་ནའོ། །གཞན་དུ་འགྱུར་བ་ནི་ཡོངས་སུ་གསལ་བའི་རྣམ་པ་ཉིད་དོ། །ཆེས་སྲབ་པའི་ཡན་ལག་མི་
འཛིན་པ་ཉིད་ཡན་ལག་ཅན་འཛིན་པ་ལ་ནི་མི་གསལ་བ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ནམ་ཞེས་ཟེར་བ་ལ་གཞན་ཞེས་བྱ་བ་ནི་ཡན་ལག་ཉིད་སེང་ལྡེང་དང་པ་ལ་ཤ་ལ་སོགས་པ་ལ་ནི་མ་ཡིན་ཏེ། ཡན་ལག་ཅན་དེ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་ན་སྣ་ཚོགས་པ་གཅིག་ཏུ་གྱུར་ལ།
ཐག་རིང་བ་ལ་དེ་ཐ་དད་པར་སྣང་བ་ཇི་ལྟར་དེ་ཙམ་ནི་མི་གསལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་མ་ཡིན་ཏེ། རང་བཞིན་རྟོགས་པ་ཉིད་མི་གསལ་བ་རྟོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ནི་གསལ་བ་ཡིན་ཏེ། ཐལ་བར་འགྱུར་ཞེས་བྱ་བ་དང་མཚམས་སྦྱོར་རོ། །དུ་མ་ཉིད་ཡིན་ན་ཞེས་བྱ་བ་ནི་རྡུལ་ཕྲ་རབ་
བསགས་པའི་བདག་ཉིད་ཡིན་པའི་ཕྱིར་ཕྱི་རོལ་ལོ། །དེ་མི་འཛིན་ན་ནི་རྡུལ་ཕྲ་རབ་གཅིག་མི་འཛིན་ནའོ། །དེ་ལས་གཞན་པ་ནི་རྡུལ་ཕྲ་རབ་གཞན་ཏེ་དེ་དང་ལྷན་ཅིག་འཛིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་གཅིག་མི་འཛིན་ན་གཞན་འཛིན་པ་མ་ཡིན་ཏེ་བསྡུས་པ་འཛིན་པའི་ཕྱིར་རོ། །ཡོངས་སུ་གསལ་བ་
ནི་ངོ་བོའོ། །དེ་ཉིད་ཅེས་བྱ་བ་ནི་ཡོངས་སུ་གསལ་བ་ཉིད་དོ། །དེ་ལས་ཞེས་བྱ་བ་ནི་གཞན་འཛིན་པ་ལས་སོ། །དེ་ཞེས་བྱ་བ་ནི་གསལ་བ་ཉིད་དོ། །དེ་ལྟ་བུར་གྱུར་པ་ནི་དེ་ལས་གཞན་པ་འཛིན་པ་ལས་བྱུང་བའོ། །གཞན་གྱིས་ཀྱང་ནི་ཉེ་བ་ན་ཡོད་པས་པོ། །རྟོགས་པ་ཉིད་ནི་ཤེས་པ་ཉིད་དོ། །
དོན་འབར་བཞིན་པར་མཐོང་བ་ཞེས་བྱ་བ་ནི་བཟུང་བའོ། །འབྲས་བུ་འབར་བཞིན་པ་ཉིད་ཡིན་པས་མིག་ལ་དེ་ལྟར་བརྗོད་པ་ཡིན་གྱིས་རང་ཉིད་ལས་ནི་མ་ཡིན་ཏེ། མངོན་སུམ་ལས་རྟོགས་པའི་ཕྱིར་རོ། །དེ་ལྡན་ཞེས་བྱ་བ་ནི་འབར་བཞིན་པ་དང་ལྡན་པའོ། །དེའི་འབྲས་བུ་མཐོང་བ་ནི་མིག་གིའོ། །འོན་
ཀྱང་ཡུལ་ཉིད་ཀྱིས་རང་གི་ཆོས་ཡུལ་ཅན་ལ་སྒྲོ་འདོགས་པ་ཡིན་ནོ་ཞེས་ཟེར་བ་ནི་དེར་འགྱུར་ན་ཞེས་བྱ་བའོ། །ལན་ནི་སྔོན་པོ་ལ་ཡང་ཞེས་བྱ་བའོ། །ཤེས་པ་ལ་ཡོད་པ་ཉིད་ནི་མི་གསལ་བ་ཉིད་ཡིན་གྱི་དོན་ལ་གནས་པ་མ་ཡིན་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འཇིག་རྟེན་ཐམས་ཅད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด