ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་པཱརྟི་ཀ་སྱ་བྲྀཏྟི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๒ · หน้า 293b

༄༅༅།། །།རྒྱ་གར་སྐད་དུ། པྲ་མཱ་ཎ་པཱརྟི་ཀ་སྱ་བྲྀཏྟི་ནཱ་མ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ། བམ་པོ་དང་པོ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་པའི་གནས་འཇུག་ང་རྒྱལ་གྱིས་བྱས་

འབིགས་བྱེད་དེ་ཉིད་ཀྱིས་ཁྱབ་གང་ཡིན་ལ། །རབ་རིབ་དབང་གིས་མི་བཟད་མུན་པ་ལྟར་འཇུག་ཕ་རོལ་ལྟ་བ་འདི་དག་ནི། །འདོད་པས་མྱོས་པ་ལས་རྒྱལ་བ་ཞེས་རབ་གྲགས་དེ་ཁོ་ན་ཉིད་སྣང་བ་ཅན། །འཇིག་རྟེན་མ་ལུས་སྣང་བྱེད་བདུད་རྩིའི་བདེ་བ་དེས་ནི་འཇིག་རྟེན་དག་བྱེད་ཤོག །དེ་

ལྟར་འཕགས་པའི་བདེན་པ་བཞི་ལ་འཇུག་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་རྣམ་པར་བཞག་ནས་དེ་ཉིད་བསྟན་པར་བྱ་བའི་ཕྱིར་ལེའུ་གཉིས་པས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་གསལ་བར་བཤད་པར་མཛད་དོ། །འདིར་ཚད་མའི་མཚན་ཉིད་དང་། བཅོམ་ལྡན་འདས་ཚད་མར་གྱུར་པར་

བཞེད་ནས། སློབ་དཔོན་གྱིས་བསྟན་བཅོས་ཀྱི་དང་པོར་ཚད་མར་གྱུར་པ་ཞེས་པས་བསྟོད་པ་གསུངས་སོ། །ཚད་མར་གྱུར་པ་འགྲོ་ལ་ཕན་མཛད་བཞེད། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །རང་གི་གཞུང་ལུགས་འཐོར་ལས་འདིར་གཅིག་ཉིད། །ཚད་མ་གྲུབ་པ་ཀུན་

ལས་བཏུས་པ་བརྩམ། །ཞེས་གསུངས་ཏེ། འདིར་ཡང་སྔ་མ་ཕྱེད་ཀྱིས་ནི་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མར་གྱུར་པའི་བཅོམ་ལྡན་འདས་བསྟན་པར་མཛད་དོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་གཉིས་ཏེ། སྙིང་རྗེ་དང་། ཐབས་སོ། །དེ་ལ་སྙིང་རྗེ་ནི་འགྲོ་ལ་ཕན་པར་བཞེད་

ཅེས་བྱ་བས་བསྟན་ཏོ། །ཐབས་གོམས་པར་བྱ་བ་ནི་སྟོན་པ་ཞེས་བྱ་བས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་གཉིས་ཏེ། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་ནི་བདེ་གཤེགས་ཞེས་པས་བསྟན་ཏེ། དེ་ལ་

བདེ་བའི་སྒྲས་ནི་དོན་གསུམ་ཉེ་བར་འཛིན་ཏེ། རབ་ཏུ་མཛེས་པར་གཤེགས་པ་དང་། ཕྱིར་མི་ལྡོག་པར་གཤེགས་པ་དང་། ལྷག་མ་མེད་པའི་དོན་དུ་གཤེགས་པའི་ཕྱིར། གཟུགས་བཟང་པོ་དང་། རིམས་ནད་ལེགས་པར་བྱང་བ་དང་། བུམ་པ་རབ་ཏུ་གང་བ་བཞིན་ནོ། །གཞན་

เล่ม ๑๘๒ · หน้า 294a

གྱི་དོན་ཕུན་སུམ་ཚོགས་པ་ཡང་སྐྱོབ་པ་ཞེས་པས་བསྟན་ཏེ། ཡོངས་སུ་མྱ་ངན་ལས་མ་འདས་པའི་ཆོས་ཀྱི་སྐུས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །དེ་ལྟ་བུར་གང་གྱུར་པ་དེ་ནི་ཚད་མར་འཁྲུངས་པ་ཞེས་བྱའོ། །འོག་མ་ཕྱེད་ཀྱིས་ནི་དགོས་པ་དང་། བསྟན་

བཅོས་ཀྱི་བསྡུས་པའི་དོན་བསྟན་ཏེ། དེ་ལ་ཚད་མ་གྲུབ་པ་ཞེས་བྱ་བའི་ཚིག་གིས་དགོས་པ་བསྟན་ཏོ། །ལྷག་པས་ནི་རང་གི་གཞུང་ལུགས་བསྡུས་པའི་རང་བཞིན་དུ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པའི་དོན་དུ་གནས་པ་ལས་ཁ་ཅིག་རྩོད་པར་བྱེད་དེ། ཚད་མར་གྱུར་པའི་བཅོམ་ལྡན་

འདས་ཅིའི་ཕྱིར་སྒྲུབ་པར་བྱེད། འདི་ལྟར་རིག་བྱེད་པའམ། དེ་ལས་སྐྱེས་པའི་ཤེས་པ་ལ་གནོད་པ་དང་བྲལ་བའི་ཕྱིར་ཚད་མ་ཡིན་ཏེ། མངོན་སུམ་དང་། རྗེས་སུ་དཔག་པ་བཞིན་ནོ། །གནོད་པ་མེད་པའི་ཤེས་པ་ནི་ཚད་མའོ་ཞེས་གལ་ཏེ་ཚད་མའི་མཚན་ཉིད་ལ་རྩོད་པ་དེའི་ལན་གདབ་པར་འདོད་

ནས། རྣམ་པར་འགྲེལ་པ་མཛད་པ་ཐུན་མོང་གི་མཚན་ཉིད་ཉེ་བར་བསྟན་པའི་ཕྱིར། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བྱ་བ་སྨོས་ཏེ། ཤེས་པ་ནི་ཚད་མ་སྟེ། དེ་ཡོད་ན་ཡོངས་སུ་གཅོད་པ་འགྲུབ་པའི་ཕྱིར་དང་། དབང་པོ་ལ་སོགས་པ་ལ་དེ་བཟློག་པའི་ཕྱིར་རོ། །གང་ལ་སླུ་བ་མེད་པ་ཡོད་

པ་དེའི་ཤེས་པ་ཡོད་པ་དེ་ནི་གདོན་མི་ཟ་བར་ཚད་མ་སྟེ། སླུ་བ་ལ་དེ་བཟློག་པའི་ཕྱིར་རོ། །གཞན་དུ་ན་གལ་ཏེ་དབང་པོ་ལ་སོགས་པ་ཚད་མར་གྱུར་ན་ནི་རབ་རིབ་ཀྱིས་བསྒྲིབས་པའི་དབང་པོ་ཡང་ཚད་མར་ཐལ་བར་འགྱུར་རོ། །རབ་རིབ་ལ་སོགས་པའི་ཉེས་པས་ཉམས་པའི་ཕྱིར་ཇི་ལྟར་ཚད་

མར་འགྱུར་ཞེ་ན། དབང་པོ་ལས་འདས་པའི་ཕྱིར་མིག་རབ་རིབ་དང་བཅས་པར་ཇི་ལྟར་ཤེས། གལ་ཏེ་སླུ་བར་བྱེད་པའི་ཤེས་པ་སྐྱེ་བས་སྐྱོན་དང་བཅས་པར་སྟོན་ངེས་སོ་ཞེས་ཟེར་ན། དེ་ལྟ་ན་འོ་ན་ནི་སླུ་བར་བྱེད་པ་དང་བྲལ་བར་མཐོང་བ་སྐྱེས་པ་ཉིད་ལས་རྒྱུ་དག་པར་ངེས་པའི་ཕྱིར་སླུ་བ་མེད་པའི་

ཤེས་པ་ཉིད་ཚད་མ་ཡིན་ནོ། །སླུ་བ་མེད་པ་སྨོས་པས་ཀྱང་ཚད་མའི་མཚན་ཉིད་གཞན་བཟློག་པ་ཉིད་ཡིན་ནོ། །དེའི་ཕྱིར་བློ་རྟོགས་པའི་བདག་ཉིད་དུ་གྱུར་པ་ནི་ཚད་མ་ཉིད་དུ་ཇི་ལྟར་འགྱུར་ཏེ། གང་གི་ཕྱིར་རྟོགས་པའི་བདག་ཉིད་ཁོ་ནར་གྱུར་པ་ཚད་མར་ཁས་བླངས་པས་ཟླ་བ་གཉིས་སུ་མཐོང་བ་

เล่ม ๑๘๒ · หน้า 294b

ཚད་མར་འགྱུར་རོ། །འོན་ཏེ་གནོད་པ་མེད་པའི་རྟོགས་པ་ཚད་མ་ཡིན་ན་གནོད་པ་མེད་པའི་ཤེས་པ་ཉིད་གང་གི་ཚེ་མཐོང་བ་དེའི་སྐྱེ་བའམ། འོན་ཏེ་དུས་གཞན་དུ་གནོད་པ་མེད་པའི་ཤེས་པ་སྐྱེ། དེའི་ཚེ་ནི་གནོད་པ་དང་བྲལ་བ་ཉིད་དུ་མ་གྲུབ་པས་ཚད་མའི་མཚན་ཉིད་དུ་ཇི་ལྟར་འགྱུར། དུས་གཞན་དུ་

ཡང་གནོད་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ངེས་པའི་ཐབས་ཡོད་པ་མ་ཡིན་ནོ། །གཞན་ཡང་ཕྱོགས་དང་པོ་ཁས་ལེན་ན། དེའི་ཚེ་ཡང་མིག་རབ་རིབ་ཀྱིས་ཉམས་པས་ཟླ་བ་གཉིས་སུ་མཐོང་བ་སྐྱེས་པའི་ཚེ་གནོད་པ་མེད་པའི་ཕྱིར། ཟླ་བ་གཉིས་སུ་མཐོང་བའི་ཤེས་པ་ཚད་མར་ཐལ་བར་འགྱུར་རོ། །

འོན་ཏེ་དུས་གཞན་དུ་གནོད་པ་ཅན་མཐོང་བས་ཟླ་བ་གཉིས་སུ་མཐོང་བའི་ཤེས་པ་ཚད་མར་མི་འགྱུར་ན་དེའི་ཚེ་ཡང་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་གནོད་པ་ཅན་ནི་ཚད་མ་ཡིན་པའི་ཕྱིར་གཞན་ལ་མི་ལྟོས་ཀྱི་ལོག་པའི་ཤེས་པ་ཉིད་ནི་གཞན་གྱིས་ངེས་པར་འགྱུར་བའི་ཕྱིར་ཚད་མ་མ་ཡིན་ནོ་

ཞེ་ན། དེ་ནི་མ་ཡིན་ཏེ། གནོད་པ་ཅན་གྱི་ཚད་མ་ལ་གལ་ཏེ་གནོད་པ་མེད་པར་ངེས་ན་དེའི་ཚེ་སྔར་གྱི་ཤེས་པ་ཡང་ཚད་མ་མ་ཡིན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འོན་ཏེ་གནོད་པ་ཅན་ལ་གནོད་པ་མ་མཐོང་བས་ཚད་མ་ཡིན་ན་ནི་ཡོངས་སུ་ཤེས་པ་ཙམ་གྱིས་ཀྱང་ཚད་མར་མི་འགྱུར་ཏེ།

འོ་ན་ཅི་ཞེ་ན་གནོད་པ་མ་མཐོང་བའི་ཕྱིར་རོ། །དེ་ལ་གནོད་པ་མ་མཐོང་བ་ཙམ་གྱིས་ཀྱང་དུས་གཞན་དུ་གནོད་པ་དང་བྲལ་བའོ་ཞེས་བྱ་བར་ངེས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་གནོད་པ་ཅན་དེ་ལ་གནོད་པ་ཡོད་ན་ནི་དེའི་ཚེ། དང་པོ་ཉིད་ཀྱི་ཤེས་པ་ཡང་ཚད་མར་འགྱུར་ན་དེ་ནི་རིགས་པ་མ་ཡིན་ནོ། །

དེ་ལ་ཡང་གལ་ཏེ་གནོད་པ་ཡོད་ན་ནི་གནོད་པ་སྲིད་པའི་ཕྱིར་ཚད་མར་ངེས་པ་མེད་དོ། །འོན་ཏེ་རྒྱུའི་ཉེས་པ་ཟླ་བ་གཉིས་སུ་མཐོང་བའི་ཤེས་པ་ཚད་མར་འགྱུར་བ་ལ་གནོད་ན་ནི་རབ་རིབ་ལ་སོགས་པའི་སྐྱོན་ཡོངས་སུ་ཤེས་པ་ཡང་སླུ་བ་ཉིད་ཀྱི་ཤེས་པར་འགྱུར་བའི་ཕྱིར་སླུ་བ་མེད་པ་དང་། སླུ་བ་དང་

བཅས་པ་དག་ཉིད་ཚད་མ་དང་། ཅིག་ཤོས་སུ་རྣམ་པར་གཞག་པར་རིགས་ཏེ། དེའི་ཕྱིར་རྩོད་པའི་གཞིར་གྱུར་པའི་ཤེས་པ་ནི་ཚད་མ་མ་ཡིན་ཏེ་སླུ་བ་མེད་པ་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཚད་མར་གྱུར་པའོ་ཞེས་འབད་པས་སྒྲུབ་པར་བྱེད་དོ། །འོན་ཏེ་སླུ་བ་མེད་པས་ཤེས་པ་སྔ་མ་

เล่ม ๑๘๒ · หน้า 295a

ཚད་མར་འདོད་ན་སླུ་བ་མེད་པར་ཤེས་པ་ཉིད་ཚད་མ་ཡིན་ནམ་ཚད་མ་མིན། གལ་ཏེ་ཚད་མ་མ་ཡིན་ན། ཇི་ལྟར་དོན་བྱེད་པར་གནས་འོན་ཏེ་ཚད་མ་ཡིན་ན་ནི་དེའི་ཚེ་དེ་ལ་ཡང་སླུ་བ་མེད་པར་ཤེས་པ་གཞན་དང་ལྡན་པས་ཚད་མ་ཐུག་པ་མེད་པར་འགྱུར་རོ། །གཞན་

ཡང་གལ་ཏེ་སླུ་བ་མེད་པའི་ཤེས་པ་ཚད་མར་ཁས་བླངས་པ་དེའི་ཚེ་རྨི་ལམ་དུ་མཐོང་བ་དང་དུང་དཀར་པོ་ལ་སེར་པོར་ཤེས་པ་ཡང་དོན་བྱ་བ་བྱེད་ནུས་པའི་ཕྱིར་ཚད་མར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་དོན་བྱེད་པ་རུ་གནས་པ་ནི་མི་སླུ་བ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དོན་ནི་བསྲེག་པ་

དང་བཙོ་བ་ལ་སོགས་པའོ། །བྱེད་པ་ནི་སྒྲུབ་པ་སྟེ། གནས་པ་ནི་ཁོང་དུ་ཆུད་པའམ་མི་འགྱུར་བ་ཉིད་ལ་བྱའོ། །འདི་སྙམ་དུ་གང་ལ་ཐ་དད་པའི་དོན་བྱེད་པ་དེ་ལ་ཇི་སྲིད་དུ་ཚད་མ་དང་འབྲེལ་པའི་ཕྱིར་དང་། གང་དུ་ཐ་མི་དད་པའི་དོན་བྱེད་པ་ཡོད་པ་དེ་ཉིད་ནི་ཤིན་ཏུ་ཡང་ཚད་མ་ཡིན་ནོ། །

འདི་ལྟར་སླུ་བ་མེད་པའི་ཤེས་པ་སྐྱེས་པ་དེའི་ཚེ་དོན་བྱེད་པར་ཁོང་དུ་ཆུད་པར་འགྱུར་བ་དེ་བས་ན་དེ་ཉིད་ལ་སྐྱེས་བུའི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་ཕྱིར་དེ་ལ་ཡོངས་སུ་བརྟག་པས་དགོས་པ་མེད་དོ་སྙམ་དུ་དགོངས་སོ། །འདིས་ནི་དང་པོའི་ཤེས་པ་སླུ་བ་མེད་པར་ཤེས་པ་ལ་ལྟོས་པ་

ཇི་ལྟ་བ་དེ་བཞིན་སླུ་བ་མེད་པའི་ཤེས་པ་ལ་ལྟོས་པས་སོ་ཞེས་ཟེར་བ་དེ་བསལ་བ་ཡིན་ནོ། །དོན་བྱེད་པ་ལས་མི་འགྱུར་བ་ཉིད་དོ་ཞེས་བསྟན་པས་ཀྱང་རྨི་ལམ་དུ་མཐོང་བ་བསལ་བ་ཡིན་ཏེ། དེ་ལ་དོན་བྱེད་པ་ལས་འགྱུར་བའི་ཕྱིར་འདི་ལྟར་རྨི་ལམ་ན་བརྟན་པ་མ་ཡིན་པ་དང་། ལྡོག་པ་ཉིད་

དུ་འགྱུར་གྱི་སད་པའི་ཤེས་པ་ལ་ནི་དེ་ལས་བཟློག་པ་ཡིན་ནོ། །དུང་ལ་སེར་པོར་མཐོང་བ་ཉིད་ཚད་མ་མ་ཡིན་ཏེ་དོན་བྱ་བ་བྱེད་པ་དང་བྲལ་བའི་ཕྱིར་རོ། །དབྱིབས་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱེད་པར་འགྱུར་རོ་ཞེ་ན། དེ་ལ་རྗེས་སུ་དཔག་པ་ཉིད་ཚད་མར་འགྱུར་ཏེ། འདི་ལྟར་སྣང་བའི་ཁྱད་

པར་ཉིད་ནི་དེ་ལྟ་བུར་གྱུར་པའི་དབྱིབས་མེད་ན་མི་འབྱུང་བའི་ཕྱིར་དང་། སེར་པོ་སྒྲུབ་པའི་དོན་བྱེད་པ་མེད་པས་མངོན་སུམ་དུ་སེར་པོ་བཟུང་བ་ལ་ཚད་མ་མ་ཡིན་ནོ། །ཡང་ན་གལ་ཏེ་གང་གི་ཚེ། སླུ་བ་མེད་པའི་ཤེས་པ་ཚད་མ་མ་ཡིན་པ་དེའི་ཚེ། ཤེས་པའི་བདག་ཉིད་དུ་གྱུར་པ་དང་།

เล่ม ๑๘๒ · หน้า 295b

སླུ་བ་མེད་པ་ཉིད་རང་གི་ངོ་བོ་ཡོངས་སུ་གཅོད་པའི་དུས་སུ་གཅོད་པའི་ཕྱིར་རབ་ཏུ་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའམ། འོན་ཏེ་རང་གི་ངོ་བོ་ཡོངས་སུ་མི་གཅོད་ན། དེའི་ཚེ་ཤེས་པ་རང་རིག་པར་མི་འགྱུར་རོ་ཞེས་རྩོད་པར་འགྱུར་དུ་འོང་ངོ་སྙམ་ནས། དོན་བྱེད་པ་རུ་གནས་པ་ནི་མི་སླུ་བ་ཡིན་ཏེ་

ཞེས་བྱ་བ་སྨོས་སོ། །དེས་ནི་འདི་སྐད་དུ་ཤེས་པའི་རང་བཞིན་ཉིད་ལ་མི་སླུ་བ་མ་ཡིན་ཏེ་དོན་བྱེད་པར་ཁོང་དུ་ཆུད་པ་ལ་མི་སླུ་བ་ཡིན་ནོ། །མི་སླུ་བ་དང་འབྲེལ་པས་སླུ་བ་མེད་པ་ཉིད་དོ། །རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཚེ་ཤེས་པ་དོན་བྱེད་པར་སྣང་བ་ནི་མ་ཡིན་ལ་ཉམས་སུ་མ་མྱོང་ན་དོན་བྱེད་པ་དེ་

དང་འབྲེལ་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་སོ། །དེ་སྐད་དུ་ཡང་འབྲས་བུ་མངོན་སུམ་དུ་མ་གྱུར་པར་རྒྱུར་ངེས་པ་མེད་དོ་ཞེས་བཤད་དོ། །གལ་ཏེ་དོན་བྱེད་པར་གནས་པ་ལ་སླུ་བ་མེད་པ་དེའི་ཚེ་སྒྲའི་ཤེས་པ་དང་ཁྲ་བོ་མཐོང་བ་ནི་ཚད་མར་མི་འགྱུར་ཏེ། ཐ་དད་པའི་དོན་བྱེད་པ་མེད་པའི་ཕྱིར་

མཚན་ཉིད་མ་ཁྱབ་པའི་སྐྱོན་ཡོད་དོ་སྙམ་དུ་སེམས་ན་དེའི་ཕྱིར་བསམ་པ་རྟོགས་པར་བྱེད་པས་ན་སྒྲ་ལས་བྱུང་བའམ་ཞེས་བྱ་བ་སྨོས་ཏེ། སྒྲ་ནི་སྒྲའི་དངོས་པོ་སྟེ་སྒྲ་ལས་བྱུང་བ་ནི་སྒྲའི་ཡུལ་ཅན་གྱི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འང་གི་སྒྲས་ནི་ཁྲ་བོ་ལ་སོགས་པ་མཐོང་བ་ཡང་གཟུང་

ངོ་། །དེ་ལ་བསམ་པ་ནི་འདོད་པའོ། །རྟོགས་པ་ནི་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །འདིར་ཡང་བསམ་པའི་ཡུལ་གྱིས་འདོད་པའི་དོན་སྟོན་པའོ། །དེས་ནི་འདི་སྐད་དུ་སྒྲའི་ཤེས་པ་ནི་ཐ་མི་དད་པའི་དོན་བྱེད་པ་དང་ཕྲད་པར་བྱེད་པས་ཚད་མ་སྟེ། འདི་ལྟར་དབྱངས་ཐོས་པ་ཉིད་

དོན་བྱེད་པར་འདོད་པའོ། །ཁྲ་བོ་ལ་སོགས་པ་མཐོང་བ་ཡང་ཁོང་དུ་ཆུད་པའི་དོན་བྱེད་དོ། །དོན་བྱེད་པར་གནས་པ་ཁྱད་པར་མེད་པར་གཟུང་བས་ནི་སླུ་བ་མེད་པ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་འདིས་ནི། ཐོས་པའི་བློ་ནི་ཚད་མ་མིན། །ཅིག་ཤོས་དང་ནི་འབྲེལ་མེད་ཕྱིར། །ཞེས་བྱ་

བ་དེ་བསལ་བ་ཡིན་ནོ། །དེ་ལྟ་མོད་ཀྱི་གང་ལ་ཐ་དད་པའི་དོན་བྱེད་པ་དེ་ལ་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ནི་གཞན་གྱི་ཡུལ་ཅན་གྱི་ཚད་མས་ཇི་ལྟར་རྣམ་པར་གཞག་ཅེ་ན། དེར་ཡང་གཟུགས་དང་། རེག་པ་དང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་དེ་དེ་ཉིད་དུ་མངོན་པར་ཞེན་པའོ། །

เล่ม ๑๘๒ · หน้า 296a

གང་དུ་མཐོང་བ་འཛིན་པ་ཉིད་ཀྱི་དོན་བྱེད་པ་དེར་དེའི་འབྲས་བུས་ཕྲད་པའི་རང་བཞིན་ནི་གཅིག་ཏུ་ཞེན་པ་ཡིན་ཏེ་ཚད་མ་ནི་ཀུན་དུ་ཐ་སྙད་ལ་ལྟོས་པའོ་ཞེས་འོག་ནས་འཆད་པར་འགྱུར་རོ། །གལ་ཏེ་སླུ་བ་མེད་པ་ཚད་མ་མ་ཡིན་ནམ། །སྒྲ་ལས་བྱུང་བའི་ཤེས་པ་ནི་ཚད་མར་མི་འགྱུར་ཏེ།

འདི་ལྟར་ཕྱི་རོལ་གྱི་དོན་དེ་ལ་མི་སླུ་བ་མེད་དེ་འབྲེལ་པ་མེད་པའི་ཕྱིར་རོ། །འོན་ཏེ་བསམ་པ་རྟོགས་པར་བྱེད་པས་སྒྲ་ལས་བྱུང་བ་ཚད་མར་ཁས་ལེན་གྱི། དོན་ལ་མ་ཡིན་ན་དེ་ལྟ་མོད་ཀྱི་བསམ་པ་ནི་ཐ་དད་པའམ། ཐ་དད་པ་མ་ཡིན་པར་དོན་བྱེད་པ་དང་ཕྲད་པར་མི་ནུས་པའི་ཕྱིར་ཇི་ལྟར་ཚད་མ་ཡིན། དེ་ལ་

ཡང་སློབ་དཔོན་གྱིས་སྒྲ་ལས་བྱུང་བ་ནི་ཚད་མ་གཞན་པ་མ་ཡིན་ཏེ། རྗེས་སུ་དཔག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བས་ཚད་མ་ཉིད་དུ་སྨྲས་སོ་ཞེ་ན་འདིར་སྨྲས་པ། སྨྲ་བ་པོ་ཡི་བྱེད་པའི་ཡུལ། །བློ་ལ་སྣང་བའི་དོན་གང་ཡིན། །དེ་ལ་སྒྲ་ནི་ཚད་ཡིན་གྱི། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །སྨྲ་བ་པོའི་བྱེད་པ་

བསམ་པའི་ཡུལ་གྱི་དོན་གང་ཡིན་པ་དེའི་སྒྲའི་ཤེས་པ་ལ་གསལ་བ་ནི་རབ་ཏུ་སྣང་བ་སྟེ། སྒྲ་ནི་མངོན་པར་འདོད་པའི་དོན་དེ་ཉིད་ལ་ཚད་མ་ཡིན་གྱི་དོན་གྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཅན་ནི་མ་ཡིན་ནོ། །འདིའི་དོན་ནི་ཕྱི་རོལ་གྱི་དོན་ལ་སྒྲ་ཚད་མར་ཁས་ལེན་པ་ནི་མ་ཡིན་གྱི་འོན་ཀྱང་བསམ་པ་ལ་སྟེ།

སྨྲ་བ་པོའི་རིགས་པ་ལ་མི་སླུ་བ་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟར་མི་སླུ་བས་ཚད་མ་ཡིན་ན་སྲེ་བའི་ཤེས་པ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་ངེས་པར་ཞུགས་པས་སྐྱེས་བུའི་དོན་འགྲུབ་པར་འགྱུར་བའི་ཕྱིར། ཇི་ལྟར་སྲེ་བའི་ཤེས་པ་ཚད་མ་མ་ཡིན། འདི་ལྟར་སླུ་བ་མེད་པ་དང་། སྔ་ནས་མེད་

པའི་དོན་འཛིན་པ་ནི་ཚད་མ་ཡིན་ན་འདིར་ཡང་ཆ་ཤས་ཅན་ལ་སོགས་པའི་ཤེས་པ་ཀུན་རྫོབ་ཀྱང་ཚད་མར་འགྱུར་ཏེ། དེ་ལ་ཡང་མི་སླུ་བ་མཐོང་བའི་ཕྱིར་རོ། །འོན་ཏེ་སྲེ་བའི་ཤེས་པ་ཞུགས་པར་གྱུར་པའི་དེ་མ་ཐག་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ཏེ། འདོད་པ་ཉིད་ཀྱིས་ཆོད་པའི་ཕྱིར་རོ་

ཞེ་ན་ནི། དེ་ལྟ་ན་ཡང་མཐོང་བ་ནི་ཤིན་ཏུ་ཆོད་པའི་ཕྱིར་ཚད་མར་མི་འགྱུར་རོ། །འོན་ཏེ་སྲེ་བའི་ཤེས་པ་གཏོད་པར་བྱེད་པའི་ཤེས་པ་ལས་སྐྱེས་པའི་ཕྱིར་ཚད་མ་མ་ཡིན་ན། དེ་བཞིན་དུ་མཐོང་བ་ཡང་རྟོགས་པ་མེད་པའི་དབང་པོ་ལས་སྐྱེས་པ་དེ་ཉིད་ཚད་མར་མི་འགྱུར་རོ། །དེ་བས་ན་གལ་ཏེ་

เล่ม ๑๘๒ · หน้า 296b

རྒྱུ་གཞན་ནས་གཞན་དུ་བརྟགས་པ་དེའི་ཚེ་གཏོད་པར་བྱེད་པ་ནི་ཚད་མར་མི་འགྱུར་རོ། །དེ་བས་ན་ཐ་སྙད་དུ་ཕན་འདོགས་པའི་དེ་མ་ཐག་པར་འཇུག་པས་དེའི་ཚེ་རྟོག་པ་དང་བཅས་པ་ཚད་མར་འགྱུར་རོ་ཞེས་སེམས་ན་དེའི་ཕྱིར། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་བློ་ནི་ཚད་མ་ཉིད། །བླང་

དང་དོར་བྱའི་དངོས་པོ་ལ། །འཇུག་ལ་དེ་གཙོ་ཉིད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། ཀུན་རྫོབ་ཀྱི་ཤེས་པ་ནི་ཚད་མར་འདོད་པ་མ་ཡིན་ཏེ་གཟུང་བ་འཛིན་པའི་ཕྱིར་རོ། །སྲེ་བའི་ཤེས་པ་ནི་རྟག་པ་ལ་གཅིག་ཏུ་མངོན་པར་ཞེན་པས་ཚད་མར་ཁས་ལེན་ན། སྲེ་བའི་ཤེས་པས་རྟག་པ་ཉིད་སྔ་ན་མེད་

པ་མཐོང་བ་མ་ཡིན་ཏེ་མཐོང་བའི་དངོས་པོ་ཉིད་ལ་དེས། མངོན་པར་ཞེན་པའི་ཕྱིར་རོ། །འདི་ལྟར་སྲེ་བ་ཤེས་པའི་ཡུལ་སྔོན་གྱི་དེ་དང་གཅིག་པ་ཉིད་ཡིན་གྱི། ད་ལྟར་བྱུང་བ་ལ་དེ་ཉིད་དུ་ལོག་པར་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། སྔར་གྱི་དངོས་པོ་དེ་ཡང་སྔོན་གྱི་རྟོགས་པ་སྟེ། ད་ལྟར་བྱུང་བའི་དུས་ཀྱི་

དངོས་པོ་དང་བྲལ་བ་དང་། ད་ལྟར་གྱི་དངོས་པོ་ནི་ད་ལྟ་ཉིད་དུ་མཐོང་བས་སྔོན་གྱི་དངོས་པོ་དང་བྲལ་བར་རྟོགས་པར་བྱའོ། །དེས་ན་མཐོང་བའི་རྗེས་སུ་འབྲངས་པའི་ངེས་པའི་ཤེས་པས་མཐོང་བས་ཁོང་དུ་ཆུད་པ་ཉིད་ལ་ངེས་པ་ཡིན་ཏེ། གཞན་དུ་ན་སྔར་ཤེས་པ་མེད་པའི་རྟོགས་པ་ངེས་པའི་

ཤེས་པ་འཁྲུལ་པར་ཐལ་བར་འགྱུར་རོ། །མཐོང་བས་ནི་སྔ་མ་དང་ཕྱི་མའི་རང་བཞིན་ཐ་དད་པར་མྱོང་བའི་ཕྱིར་ལ་ངེས་པས་ནི་དེ་ལ་དེ་ཉིད་དུ་གཞག་པའི་ཕྱིར་ཇི་ལྟར་འཁྲུལ་པར་མི་འགྱུར། དེའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་པ་ནི་ཤེས་པའི་ཤེས་པ་ཉིད་དེ། གང་གི་ཕྱིར་དང་པོ་མཐོང་བ་ཉིད་

ཀྱི་རྗེས་སུ་འབྲངས་ནས་ལྐོག་ཏུ་གྱུར་པའི་རང་བཞིན་ལ་ཞེན་པའི་ཕྱིར་ཤེས་པའི་ཤེས་པའོ། །དེ་ནི་ད་ལྟར་གྱི་མཐོང་བའི་སྟོབས་ཀྱིས་ཀྱང་ད་ལྟར་བ་ལ་ཞེན་ནས་དེ་ཉིད་འདིའོ་ཞེས་ཤེས་པའོ། །དེ་བས་ན་རིགས་པ་འདི་ཉིད་ཀྱིས་ཆ་ཤས་ཅན་གྱི་ཤེས་པ་བཀག་པ་ཡིན་ནོ། །དེ་ལ་ཡང་

མིག་དང་རེག་པ་ལས་སྐྱེས་པའི་ཤེས་པ་ཁས་ལེན་ན་མིག་གི་རྣམ་པར་ཤེས་པ་ལ་ནི་ཁ་དོག་གསལ་བའི་རང་བཞིན་སྣང་ལ། རེག་པའི་ཤེས་པ་ལ་ནི་ཚ་བ་ལ་སོགས་པའི་ཁྱད་པར་སྣང་གི །དེ་ལ་ཁ་དོག་དང་། རེག་པ་དང་བྲལ་བའི་ཡན་ལག་ཅན་གྱི་རྫས་སྣང་བ་ནི་མ་ཡིན་ནོ། །དེས་

เล่ม ๑๘๒ · หน้า 297a

ན་མཐོང་བ་དང་རེག་པ་ལ་ཞེན་པའི་ཤེས་པ་ནི་གང་མཐོང་བ་དེ་ཉིད་རེག་པའོ་ཞེས་གཟུགས་དང་། རེག་པར་ལྡན་པའི་ཆ་ཤས་ཅན་སྣང་བར་མི་འགྱུར་རོ། །གལ་ཏེ་གཅིག་ཏུ་རྟོག་པའི་ཤེས་པ་ཚད་མ་མ་ཡིན་ན་དེའི་ཚེ་སྔ་མ་དང་། ཕྱི་མ་དང་བྲལ་བའི་ད་ལྟར་བྱུང་བའི་

འཛིན་པ་ལས་རྟོག་པ་མེད་པ་མཐོང་བ་ལས་ཇི་ལྟར་འཇུག །འོན་ཏེ་སྔ་ཕྱི་མཚམས་སུ་སྦྱར་བས་རྗེས་སུ་དྲན་པའི་སྒོ་ནས་འཇུག་པར་ཁས་ལེན་ན་ནི། འདི་ལྟར་མངོན་སུམ་དུ་སྣང་བ་ལས་སྐྱེས་བུ་འཇུག་པར་མི་འགྱུར་རོ། །གཞན་དུ་གཟུང་བའི་དངོས་པོ་ལ་འཇུག་པ་ཡོད་པས་སྲེག་པ་

དང་འཚོད་པ་ཉམས་སུ་མྱོང་བས་ཀྱང་རྒྱུན་མི་འཆད་པར་འཇུག་པར་འགྱུར་རོ་ཞེ་ན། དེའི་ཕྱིར་མཐོང་བའི་དངོས་པོ་ལ་འདོད་པ་ཉིད་ཀྱིས་འཇུག་པའི་འབྲས་བུ་ནི་ཤེས་པས་ཡིན་གྱི་དེ་ཉིད་དུ་འཛིན་པ་སྲེ་བའི་ཤེས་པ་ལ་ནི་ཅུང་ཟད་ཀྱང་དགོས་པ་མེད་དེ་གཞན་ལ་ཐ་སྙད་གྲུབ་པའི་ཕྱིར་རོ། །དེ་ལྟ་

ན་འོ་ན་འདོད་པ་ཉིད་ཀྱིས་འཇུག་པའི་ཕྱིར་ཚད་མར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་མཐོང་བའི་དངོས་པོ་ལ་འདོད་པས་འཇུག་པའི་ཕྱིར་མཐོང་བ་ཉིད་ཚད་མ་མ་ཡིན་ན་དེ་ལྟར་ན་གྲོགས་དག་མིག་ཕྱེ་བས་གཟུགས་མཐོང་བ་ལ་འཇུག་པ་ཡང་ཚད་མར་མི་འགྱུར་རོ། །གཟུང་

བ་འཛིན་པ་འདོད་པའི་ཚད་མ་བཟློག་པར་མི་ནུས་ཏེ། །གང་གི་ཕྱིར་མཐོང་བས་ཁོང་དུ་ཆུད་པ་ཉིད་ནི་དྲན་པས་རྟོགས་པ་མ་ཡིན་གྱི་དྲན་པའི་ཡུལ་དུ་བྱས་པའི་འབྲས་བུ་ནི་ད་ལྟར་བ་དང་འབྲེལ་པའི་ས་ཡུལ་དུ་བྱེད་པའི་ཕྱིར་རོ། །ཡང་ན་བཟུང་བ་འཛིན་པ་ཉིད་ཀྱང་ཐ་སྙད་ཀྱི་དོན་བྱེད་པས་

དབང་པོ་ལ་སོགས་པ་ནི་ཚད་མར་ཁས་བླངས་པར་འགྱུར་ཏེ། གནོད་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་ན་དེ་ནི་ཡོད་པ་མ་ཡིན་ཏེ་བློ་ཉིད་ཚད་མ་ཡིན་གྱི་དབང་པོ་དང་འདོད་པ་ནི་མ་ཡིན་ནོ། །ཅི་སྟེ་ཞེ་ན། བླང་དང་དོར་བྱའི་དངོས་པོ་ལ། །འཇུག་ལ་དེ་གཙོ་ཉིད་ཡིན་ཕྱིར། །ཞེས་བྱ་བ་སྨོས་

ཏེ། བླང་དང་དོར་བྱའི་དངོས་པོ་ལ་འཇུག་པ་ལ་བློ་གཙོ་བོ་ཉིད་ཡིན་ཏེ། དབང་པོ་ཡོད་པ་ཙམ་གྱིས་སུ་ཡང་འཇུག་པ་མེད་པའི་ཕྱིར་རོ། །འདོད་པ་ལས་ཉེ་བར་འཇུག་པ་ཡོད་དུ་ཆུག་ན་ཡང་། དེ་ནི་འཇུག་པའི་ཡུལ་ཉེ་བར་སྟོན་པ་མེད་པའི་ཕྱིར་གཙོ་བོ་མ་ཡིན་ནོ། །ཅི་སྟེ་དེ་འདོད་པ་ལས་

เล่ม ๑๘๒ · หน้า 297b

འཇུག་པར་འགྱུར་ན་དེ་མེད་པས་འཇུག་པར་མི་འགྱུར་བའི་ཕྱིར། ཅི་སྟེ་གཙོ་བོ་མ་ཡིན་ཞེ་ན། དེ་ལྟ་ན་འོ་ན་ནི་སྟོབས་དང་ལྡན་པ་ལ་སོགས་པ་མ་གཏོགས་པར་འཇུག་པ་མི་དམིགས་པས་ནུས་པ་ལ་སོགས་པ་ཚད་མར་འགྱུར་རོ། །གཞན་ཡང་ཇི་ལྟར་འདོད་པ་མ་གཏོགས་པར་

མཐོང་བའི་དངོས་པོ་ལ་འཇུག་པར་མི་ནུས་ལ་དེ་བཞིན་དུ་འདོད་པ་ཡོད་པ་ལས་ཀྱང་མཐོང་བ་མ་གཏོགས་པར་སོ་སོར་ངེས་པར་འཇུག་པར་མི་འགྱུར་བའི་ཕྱིར་ནུས་པ་མཚུངས་པར་མཐོང་བ་ཡིན་ནོ། །དེ་ལྟ་བས་ན་འཇུག་པར་འགྱུར་བའི་ཤེས་པ་ནི་ཅི་བྱེད་པ་ལས་གཙོ་བོ་ཡིན་ཞེ་ན། ཡུལ་ཉེ་

བར་མཐོང་བའི་ཕྱིར་བློ་ཉིད་གཙོ་བོ་ཡིན་ཏེ་འདོད་པ་ནི་ཐ་སྙད་སྐྱེས་པ་ཙམ་དུ་ཟད་དོ། །དེ་ཡང་ཚད་མ་ཡིན་ན་ཧ་ཅང་ཐལ་ཆེས་པར་བཤད་དོ། །ཡང་བཟླས་ཏེ་གཟུང་བ་འཛིན་པ་ཉིད་ནི་ཚད་མ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་གཟུང་བ་འཛིན་པ་ནི་ལྷག་པ་མི་བྱེད་པའི་ཕྱིར་དོན་མེད་

པ་ཉིད་དེ་འབྲས་བུ་མེད་པའི་ཚད་མ་བསམ་པར་འོས་པ་མ་ཡིན་ལ་འཇུག་པའི་ཡུལ་ཉེ་བར་སྟོན་པས་ན་བློ་ཉིད་ཐ་སྙད་ལ་གཙོ་བོར་འགྱུར་གྱི་དབང་པོ་དང་འདོད་པའི་ཤེས་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་ཡང་ཚད་མའི་འབྲས་བུ་འཇུག་པའི་མཚན་ཉིད་ཅན་སྐལ་བའི་དབང་པོ་

ལ་མ་ཡིན་ཏེ། འབྲས་བུ་དེ་དང་འབྲེལ་བས། མིག་ལ་སོགས་པ་ཚད་མ་མ་ཡིན་གྱི། འོན་ཀྱང་ཚད་མའི་འབྲས་བུ་མ་ཆོད་པ་རྟོགས་པའི་མཚན་ཉིད་དེ་སྐྱེད་པར་བྱེད་པས་ན་ཚད་མ་ཡིན་ནོ། །རྟོགས་པའི་འབྲས་བུ་འབྱུང་ཞིང་བསྐྱེད་པ་ནི་ཚད་མའི་བྱ་བ་ཡིན་པས་འཇུག་པ་ཉིད་ལ་ཕན་འདོགས་

པར་བྱེད་པས་དབང་པོ་ནི་དེ་བཞིན་དུ་ཚད་མའོ་སྙམ་དུ་སེམས་ན། འདིར་སྨྲས་པ། ཡུལ་ཅན་རྣམ་པ་ཐ་དད་ཕྱིར། །བློ་རྟོགས་ཐ་དད་པ་ཡིན་པས། །ཡུལ་ཉིད་ཀྱི་རྣམ་པར་ནི་ཡུལ་གྱི་རྣམ་པ་སྟེ། དེའི་རྣམ་པ་ཉིད་དམ། ཡུལ་རྟོགས་པའི་རང་བཞིན་དེ་ཉིད་ཐ་དད་པའི་བློས་ཏེ་ཤེས་པའི་རྟོགས་

པ་ཉིད་ཐ་དད་པ་དེ་བས་ན་བློ་ནི་ཚད་མའོ་ཞེས་བྱ་བར་སྙེགས་སོ། །འདི་ལྟར་མིག་ལ་སོགས་པ་བེམས་པོ་ཡིན་པས་ཚད་མ་མ་ཡིན་ནོ། །འོན་ཏེ་གསལ་བ་མ་ཡིན་ཡང་དབང་པོ་ལ་སོགས་པ་ནི་ཤེས་པ་སྐྱེད་པར་བྱེད་པས་ཚད་མ་ཡིན་ན་དེའི་ཚེ་བདག་དང་། ཡུལ་དག་ཀྱང་ཤེས་པ་སྐྱེད་པའི་ཕྱིར་ཚད་མར་འགྱུར་

เล่ม ๑๘๒ · หน้า 298a

རོ། །བྱེད་པ་པོ་དང་ལས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཤེས་པ་ལ་བྱེད་པ་ཡོད་ན་དེ་ཚད་མ་མ་ཡིན་ནམ། སྐྱེས་བུ་ནི་བྱེད་པ་པོ་ཡིན་ལ། ལས་ནི་ཡུལ་ཉིད་དེ་དག་ནི་ཚད་མ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་ལས་དེ་ཉིད་ཡུལ་དུ་ཇི་ལྟར་ཤེས། རྣམ་པར་ཤེས་པ་ལ་སྣང་

བས་སོ་ཞེ་ན། འོ་ན་ནི་མཐོང་བ་ཉིད་ཀྱང་ཡུལ་མཐོང་བའི་ཕྱིར་དེ་ཉིད་ཚད་མར་རིགས་པ་ཡིན་གྱི་མིག་ལ་སོགས་པ་ནི་མཐོང་བ་ལས་ཆོད་པའི་ཕྱིར་ཚད་མ་མ་ཡིན་ནོ། །ཅི་སྟེ་ཡང་ཡུལ་གྱི་རྣམ་པ་ཐ་དད་པས་རྟོགས་པ་ཐ་དད་དེ། གང་ཞིག་ཐ་དད་པས་འབྲས་བུ་ཐ་དད་པར་འགྱུར་བ་དེ་ནི་དེའི་སྒྲུབ་བྱེད་དམ་

པའོ། །སྒྲུབ་བྱེད་དམ་པ་ཡང་ཚད་མ་ཡིན་པའི་ཕྱིར། དེའི་རྣམ་པ་ཡོངས་སུ་གཅོད་པར་བྱེད་པས། བྱེད་པ་པོ་ཉིད་དེ་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ། །ཤེས་པ་ནི་དེ་དོན་ཐམས་ཅད་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྟོགས་པ་ཐ་དད་པར་ནུས་པས་ན་རྣམ་པ་ནི་ཤེས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་བློ་

ཉིད་ཚད་མ་ཡིན་ནོ། །དེ་ལྟར་ན་འགྱུར་མོད་ཀྱི་དབང་པོ་ཡང་དག་པ་དང་། མ་དག་པ་ལས་རྟོགས་པ་ཐ་དད་པའི་ཕྱིར་ཇི་ལྟར་སྒྲུབ་བྱེད་མིན་ཞེ་ན། འདིར་སྨྲས་པ། དེ་ཡོད་ན་འདི་ཡོད་པའི་ཕྱིར། །དེའི་རྣམ་པ་ཡོད་པ་ཉིད་ལ་ཡོངས་སུ་གཅོད་པ་འདི་ཡོད་པར་རྣམ་པར་འཇོག་པའི་ཕྱིར་རོ། །དེས་ནི་འདི་སྐད་

དུ་སྟོན་པར་འགྱུར་ཏེ་རྣམ་པ་ཐ་དད་པ་ཉིད་ཀྱིས་བློ་ཐ་དད་པར་འགྱུར་ཏེ། མིག་ལ་སོགས་པ་ནི་འདི་ལྟར་རང་གི་ངོ་བོ་དག་པ་དང་། མ་དག་པ་ཐ་དད་པར་གྱུར་པས་རྟོགས་པ་ཐ་དད་པ་ཉིད་དུ་གྱུར་ཀྱང་། དེ་ལྟར་ཐམས་ཅད་ལ་ཡོད་པ་ཡིན་པས་ཚད་མར་མི་འགྱུར་རོ། །འདི་ལྟར་མིག་ལ་

སོགས་པས་སྦྱངས་པའི་མིག་ལ་སྔོན་པོ་དང་། སེར་པོ་ལ་སོགས་པའི་ཤེས་པ་ཐ་དད་པ་དམིགས་པར་འགྱུར་བ་དེ་ནི་དབང་པོ་ཐ་དད་པས་མ་ཡིན་པའི་ཕྱིར་ཇི་ལྟར་སྒྲུབ་བྱེད་ཉིད་དུ་འགྱུར། ཡང་ན་གལ་ཏེ་དབང་པོ་ནི་ངེས་པར་རྟོགས་པའི་སྒྲུབ་བྱེད་མ་ཡིན་པས་རྒྱུ་མཚན་མ་ཡིན་ཏེ་རྣམ་པས་ཆོད་པའི་ཕྱིར་

རོ། །དེའི་ཚེ་ཡུལ་ལྟར་སྣང་བ་ཡང་ཤེས་པ་ཐ་དད་པར་ངེས་པར་བྱེད་པ་མ་ཡིན་པས་ཚད་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། དེ་ཡོད་ན་ནི་ཡོད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། འདིས་ནི་འདི་སྙམ་དུ་སྔོན་པོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་སྐྱེས་པ་ན་ངེས་པར་ཁོང་དུ་ཆུད་པར་འགྱུར་ཏེ་རྣམ་

เล่ม ๑๘๒ · หน้า 298b

པ་ནི་རྟོགས་པའི་བདག་ཉིད་ཀྱི་ཕྱིར་རོ་སྙམ་དུ་དགོངས་སོ། །དེ་ལྟ་ན་འོ་ན་ནི་ཐ་དད་པ་མེད་པའི་ཕྱིར་ཚད་མའི་འབྲས་བུ་ཡོད་པར་ཇི་ལྟར་འགྱུར་ཞེ་ན། ཚད་མ་ལས་ཐ་དད་པའི་འབྲས་བུ་ནི་མེད་དོ། །འོན་ཀྱང་ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པས་ཚད་མར་འདོད་ལ་རྟོགས་པའི་རང་བཞིན་

གྱིས་ནི་འབྲས་བུ་ཡིན་པར་ཤེས་པར་བྱའོ། །ཅི་སྟེ་ཕྱོགས་མཐོང་བ་ལས་དེ་དང་ཕྲད་པར་ཇི་ལྟར་ཤེས་པ་ཡིན་ཏེ་མངོན་སུམ་གྱི་ཤེས་པས་མི་སླུ་བ་མཐོང་བ་མ་ཡིན་ཏེ། དེ་དང་ཉེ་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ཙམ་སྣང་བའི་ཕྱིར་མི་སླུ་བ་དང་ཅིག་ཤོས་ཀྱི་ཤེས་པ་ཐ་དད་པར་བྱེད་པ་ནི་མ་

ཡིན་ནོ། །གཞན་དུ་ན་ཤེས་པ་སྐྱེས་པའི་དུས་ཉིད་དུ་ཕྲད་པ་དང་ཅིག་ཤོས་ངེས་པའི་ཕྱིར་གང་ཡང་འཁྲུལ་པ་མེད་པ་དང་བཟློག་པ་མཐོང་བའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་དོན་མེད་ན་མི་འབྱུང་བའི་རིགས་པ་ཉིད་ཚད་མར་འགྱུར་ཏེ། ཁོང་དུ་ཆུད་པའི་རང་བཞིན་ལ་རྟོགས་པར་

གྱུར་པ་དེ་དང་ཐ་དད་པ་མ་ཡིན་པའི་ཕྱིར། འཁྲུལ་པའི་རྒྱུ་ཡོད་པ་ཉིད་ཀྱིས་ཀྱང་ལ་ལར་ངེས་པ་མ་ཡིན་པ་ཉིད་ཀྱིས་དེ་ལ་ནི་གཞན་ལས་ཚད་མ་ཡིན་གྱི་གང་དུ་ཕྲད་པ་ལ་ཤིན་ཏུ་གོམས་པས་འཁྲུལ་པ་སྤངས་ནས་ཤེས་པ་འཇུག་པ་ཅན་དེ་རུ་ཇི་ལྟ་བའི་ཉམས་སུ་མྱོང་བ་སྐྱེད་པའི་ཕྱིར་རང་ཉིད་ཚད་

མ་ཡིན་ནོ། །དེ་བས་ན་དོན་མེད་ན་མི་འབྱུང་བ་ནི་དོན་དང་ཕྲད་པ་ལ་རག་ལས་པས་རྣམ་པར་གཞག་པའམ། ད་ལྟར་གྱི་སྣང་བ་ལ་སོགས་པའི་ཡུལ་ལ་ལྟོས་པ་ཡིན་ཏེ། དེ་ལ་སྔོན་དུ་ཡོད་པས་ཡོངས་སུ་འཛིན་པར་བྱེད་དོ་ཞེས་ཟེར་ན་དེ་ནི་རིགས་པ་མ་ཡིན་ཏེ། དོན་དང་ཕྲད་པར་སྣང་བ་མེད་ན།

དེ་མེད་ན་མི་འབྱུང་བ་མི་འཛིན་པའི་ཕྱིར་རོ། །ཅི་སྟེ་དེའི་ཚེ་ཕྲད་པར་བྱ་བ་སྣང་བ་མ་ཡིན་ཡང་དེ་མེད་ན་མི་འབྱུང་བ་ཉིད་ནི་ཤེས་པའི་རང་བཞིན་ཡིན་པས་ཇི་ལྟར་མི་ཤེས་ཤེ་ན། དེ་ལ་སྨྲས་པ། སླུ་བ་མེད་པ་མ་བཟུང་བར། །མེད་ན་མི་འབྱུང་བ་འཛིན་ནོ། །ཞེས་གལ་ཏེ་རྟོག་ན། ཕྲད་པ་

པ་ལ་བྱེ་བྲག་མེད་པ་དེའི་ཚེ་འདོད་པའི་དོན་བྱེད་པ་ལ་སླུ་བ་མེད་པ་བཞིན་དུ་མི་འདོད་པའི་འབྲས་བུ་ནུས་པ་འཛིན་པའི་ཤེས་པར་འགྱུར་རོ། །དེའི་ཕྱིར་ཤེས་པ་ལ་རང་གི་ངོ་བོ་ཉིད་སྣང་བར་འགྱུར་གྱི་ཕྲད་པའི་དོན་མེད་ན་མི་འབྱུང་བ་ཉིད་ནི་མ་ཡིན་ནོ། །འོན་ཏེ་ཕྱོགས་གཉིས་པ་ཁས་ལེན་པར་

เล่ม ๑๘๒ · หน้า 299a

བྱེད་ན་དེའི་ཚེ་མདུན་ན་གནས་པའི་དོན་མེད་ན་མི་འབྱུང་བ་ཉིད་ཀྱི་ཟླ་བ་ལ་རྣམ་པ་གཉིས་སུ་མཐོང་བ་དེ་ཡང་ཚད་མར་འགྱུར་རོ། །འོན་ཏེ་དོན་བྱེད་པར་མཐོང་བ་ལས་སྔར་གྱི་ཤེས་པ་ཚད་མར་ངེས་པར་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་གཅིག་ལ་གཅིག་བརྟེན་པའི་ཉེས་པར་

འགྱུར་ཏེ། ཚད་མ་ངེས་པར་འཇུག་པ་དེ་ལས་དོན་བྱ་བ་བྱེད་པར་རྟོགས་པ་དེ་བས་ན་ཤེས་པ་སྔ་མ་ཚད་མ་ཡིན་པའི་ཕྱིར་འཁོར་ལོ་འཁོར་བ་བཞིན་དུ་འཇུག་པར་འགྱུར་རོ། །གཞན་ཡང་དོན་བྱེད་པར་མཐོང་བ་ནི་བཙོ་བ་དང་། སྲེག་པ་ལ་སོགས་པར་སྣང་བ་དང་། སྒྲུབ་བྱེད་སྣང་བའི་ཡུལ་སྔ་

མའི་གཟུགས་ལ་སོགས་པ་ཡིན་པའི་ཕྱིར་ཡུལ་ཐ་དད་པས་ཚད་མ་མ་ཡིན་ནོ། །འོན་ཏེ་དོན་བྱེད་པའི་ཤེས་པ་ཉིད་ཡུལ་གཅིག་པ་དེ་ལྟ་ན་ཡང་དོན་མཚུངས་པའི་ཕྱིར་ཇི་ལྟར་ཤེས་པ་སྔ་མ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །གཞན་ཡང་མི་སླུ་བའི་ཤེས་པ་སྐྱེས་པའི་ཚིག་ཤེས་པ་སྔ་མ་མེད་པ་དེ་བས་ན་ཤེས་པ་

སྔ་མའི་ཡུལ་མེད་པ་ཅན་ལ་བྱེད་པས་དུས་ཕྱིས་འབྱུང་བའི་ཤེས་པ་ཇི་ལྟར་ཚད་མར་ཐོབ་པར་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ། རྗེས་སུ་དཔག་པ་དོན་བྱེད་པའི་རྟགས་ལས་སྐྱེས་པའི་ཡུལ་མེད་ན་ཡང་ཤེས་པ་སྔ་མས་ཚད་མར་འགྱུར་བ་སྟེ། དུ་བ་ཡོད་པས་མེ་ཡོད་བྱ་བ་

བཞིན་ནོ་ཞེ་ན། རྗེས་སུ་དཔག་པ་དེ་ཡང་ཇི་ལྟར་ཚད་མ་ཡིན་པར་ངེས་པར་བྱེད། དེ་ལྟར་ནི་འགྱུར་མོད་ཀྱི་རྗེས་སུ་དཔག་པ་ནི་ཚད་མར་རང་ཉིད་ཀྱིས་ངེས་པ་སྟེ་འབྲེལ་པ་ངེས་པའི་རྟགས་ཀྱི་སྟོབས་ལས་སྐྱེས་པའི་ཕྱིར་རོ། །མངོན་སུམ་ལ་ནི་འཁྲུལ་པའི་ཚོགས་ཀྱིས་གཡོགས་པར་མཐོང་

བའི་ཕྱིར་ཚད་མར་གཞན་གྱིས་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ་འདི་ལྟར་རང་གི་རྟགས་ངེས་པ་མངོན་སུམ་གྱིས་ཡིན་ནམ། རྗེས་སུ་དཔག་པ་ལས་ཡིན་གལ་ཏེ་མངོན་སུམ་གྱིས་ཡིན་ན་དེའི་ཚེ་མངོན་སུམ་གྱི་རྟགས་ངེས་པ་དེ་བས་ན་དེ་ལ་རྗེས་སུ་དཔག་པ་དང་། རྗེས་སུ་དཔག་

པ་ལས་མངོན་སུམ་ཚད་མེད་ངེས་པས་གསལ་བར་གཅིག་ལ་གཅིག་བརྟེན་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པ་ལས་རྟགས་ངེས་པ་ཡིན་ན། དེའི་ཚེ་རྗེས་སུ་དཔག་པ་རྟགས་གཞན་ལ་བརྟེན་པས་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་འགའ་ཞིག་ཏུ་མེའི་གཟུགས་

เล่ม ๑๘๒ · หน้า 299b

མཐོང་བ་ལས་སྲེག་པ་ལ་སོགས་པའི་དོན་ངེས་པར་བྱེད་དོ་ཞེ་ན། དེ་ལྟ་མོད་ཀྱི་གཞན་དག་ཏུ་ཡང་དེ་ཇི་ལྟར་འགྱུར། དེའི་དོན་མཐོང་བར་བྱེད་པ་ཉིད་ཚད་མ་སྔ་མས་ཡིན་ནོ་ཞེ་ན། གང་དུ་སྔར་དོན་བྱེད་པར་སྣང་བ་ནི་ཚད་མས་གྲུབ་པ་སྟེ། གང་ཚད་མས་མེད་ན་མི་འབྱུང་བ་དེས་དོན་བྱེད་པར་ངེས་སོ། །

གང་དུ་དོན་བྱེད་པ་དེ་ཚད་མ་ཡིན་ནོ་ཞེ་ན། འདིར་དོན་བྱེད་པ་ཚད་མར་མ་གྲུབ་པ་ལས་མཐོང་བ་མ་ཡིན་ནམ། ཚད་མར་མ་གྲུབ་པ་ལ་ངེས་པར་དོན་དང་ཕྲད་པ་མེད་པའི་ཕྱིར་ཇི་ལྟར་དེ་ལ་དོན་བྱེད་པ་ཚད་མ་ཡིན། དེ་ལྟ་མོད་ཀྱི། འོན་ཀྱང་ངེས་པར་དོན་བྱེད་པ་དང་ཕྲད་པ་མེད་པའི་ཕྱིར་ཇི་ལྟར་ཚད་མ་དེ་

ལ་མི་སླུ་བ་མ་གྲུབ་པ་ཡིན། དེའི་ཕྱིར་རང་བཞིན་ཙམ་བཟུང་བ་ལས་ཚད་མར་ངེས་པ་ནི་མ་ཡིན་ནོ། །ཤིན་ཏུ་གོམས་པར་བྱ་བ་ལས་གཟུགས་ཀྱི་ཁྱད་པར་རིག་པ་ཉིད་ལས་སླུ་བ་མེད་པར་ངེས་སོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རིག་པ་མ་ཡིན་ཏེ། གོམས་པ་དེ་མངོན་སུམ་གྱིས་རྟོགས་པ་

ལ་ཡིན་ནམ། རྗེས་སུ་དཔག་པས་རྟོགས་པ་ལ་འཇུག་པ་ཡིན། དེ་ལ་རྗེས་སུ་དཔག་པས་ཤེས་པ་ལ་ནི་གལ་ཏེ་གོམས་པར་གྱུར་པ་ལས་དོན་བྱེད་པ་མ་འཁྲུལ་པར་གཟུགས་ཀྱི་ཁྱད་པར་རིག་པའི་ཕྱིར་དེའི་ཚེ་རྗེས་སུ་དཔག་པ་ཡང་མངོན་སུམ་མེད་ན་མི་འཇུག་པའི་ཕྱིར་གཅིག་ལ་གཅིག་

བརྟེན་པར་འགྱུར་རོ། །འོན་ཏེ་མངོན་སུམ་གྱི་ཡུལ་དུ་བྱས་པའི་མེའི་གཟུགས་མཐོང་ན། བཙོ་བ་དང་སྲེག་པ་ལ་སོགས་པར་སྣང་བ་ཡང་གོམས་པར་བྱེད་ན་གང་གི་ཚེ་གཟུགས་མཐོང་བའི་དེ་མ་ཐག་ཏུ་དོན་བྱེད་པ་ཉམས་སུ་མྱོང་བས་དེ་ཉིད་ངེས་པ་ཡོད་པ་ཡིན་པས་ཡུལ་གཞན་དུ་ཡང་དེ་བཞིན་

དུ་གཟུགས་དོན་བྱེད་པ་མེད་ན་མི་འབྱུང་བ་ཇི་ལྟར་མི་ངེས། ཐམས་ཅད་མཁྱེན་པ་མ་ཡིན་པའི་མངོན་སུམ་དུ་ཡུལ་དང་དུས་ཐམས་ཅད་དུ་འགྲོ་བ་དང་ལྷན་ཅིག་སྤྱོད་པ་དང་། ཉེ་བར་སྟོན་པ་མ་ཡིན་པ་དེ་བས་ན་མངོན་སུམ་ནི་སླུ་བ་མེད་པ་ངེས་པར་བྱེད་པ་མ་ཡིན་ཞིང་། རྗེས་སུ་དཔག་པས་ཀྱང་

ངེས་པ་མ་ཡིན་ནོ། །དེས་ན་རང་ཉིད་ཚད་མ་ཡིན་པར་རིགས་སོ་སྙམ་དུ་སེམས་ན། འདིར་སྨྲས་པ། རང་ལས་རང་གི་ངོ་བོས་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་ལ་རང་མངོན་སུམ་གྱི་ངོ་བོ་ཉིད་ཐུན་མོང་མ་ཡིན་པ་དང་། རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན་གྱི་ཚད་

เล่ม ๑๘๒ · หน้า 300a

མ་མ་ཡིན་ནོ། །འདི་ལ་ཚད་མ་སླུ་བ་མེད་པ་ཉིད་དུ་བརྗོད་པ་ཡང་དེ་ལ་སྣང་བ་ནི་མ་ཡིན་པར་བཤད་དོ། །འོན་ཏེ་རྟོགས་པར་བྱེད་པ་ཉིད་ཚད་མ་ཡིན་ལ། རང་ཉིད་ལས་རྟོགས་པ་སྟེ་དེ་ནི་ཚད་མ་མ་ཡིན་ནོ། །གང་གི་ཕྱིར་སྤྱོད་པ་པའི་ལྟ་བས་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན། ཇི་

ལྟར་ཚད་མ་དེ་རང་གིས་གྲུབ། ཅི་སྟེ་ཡང་ཤེས་པ་སྐྱེས་པས་ཚད་མ་ཉམས་སུ་མྱོང་བ་ཡིན་ཏེ་དོན་ཉམས་སུ་མྱོང་བ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །ཤེས་པ་ཁོང་དུ་ཆུད་ནས་ཕྱིས་མི་སླུ་བར་ངེས་པ་ནི་མ་ཡིན་པའི་ཕྱིར་རང་ཉིད་དུ་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་སླུ་བ་མེད་པའི་མཚན་

ཉིད་ནི་ཚད་མར་ཁས་ལེན་པ་དེ་ལྟ་ན་རང་ཁོང་དུ་མ་ཆུད་ཀྱང་དོན་ཡོངས་སུ་གཅོད་པར་བྱེད་པར་འགྱུར་ལ། ཕྱིས་ནི་དོན་གྱིས་གོ་བར་རྟོགས་པའི་ཕྱིར་ཉེས་པ་ཅི་ཡང་མེད་དོ་ཞེ་ན། དེ་ནི་མི་རིགས་ཏེ། རང་ཉིད་ཚད་མར་ཁས་ལེན་ན་འཁྲུལ་པའི་ཤེས་པ་ཡང་རང་གི་དོན་འཛིན་པར་བྱེད་པ་ནི་གཞན་ལ་

མི་ལྟོས་པས་རང་ཉིད་ཀྱིས་ཚད་མ་མ་ཡིན་པ་ཐོབ་པར་འགྱུར་རོ། །དེ་ཉིད་སྨྲས་པ། ཚད་མ་མིན་པ་དོན་ལ་ནི། །འཛིན་པར་བྱེད་ན་རང་ཉིད་ལས། །ཞེས་སོ། །འོན་ཏེ་དེ་ལ་གནོད་པ་ཡོད་པས་ལོག་པ་ཉིད་དུ་བཟུང་བས་ནི་བཟློག་པའི་ཕྱིར་གཞན་ལས་ཚད་མ་མ་ཡིན་པར་གཞན་གོ་ཞེ་ན། དེ་

ནི་མ་ཡིན་ཏེ། གནོད་པར་བྱ་བ་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་ཤེས་པ་ལ་གནོད་དམ། ཡུལ་ལ་གནོད་པར་འགྱུར་གྲང་ན། དེ་ལ་ཤེས་པ་ལ་གནོད་པ་མ་ཡིན་ཏེ། དེའི་ཤེས་པ་སྐྱེས་པའི་ཕྱིར་རོ། །ཡུལ་ལ་ནི་མ་ཡིན་ཏེ། ཡུལ་ནི་ཤེས་པ་ལ་བརྟེན་ནས་རང་གི་ངོ་བོ་སྣང་

བའི་ཕྱིར་དེ་ལ་ཅིས་གནོད་པར་འགྱུར། འོན་ཏེ་འཁྲུལ་པའི་ཤེས་པ་ལ་སྣང་བའི་ཡུལ་དེ་ལ་དོན་བྱེད་པ་མི་འཐོབ་པའི་ཕྱིར་བརྫུན་པ་ཞེས་བརྗོད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་དོན་བྱེད་པ་མི་འཐོབ་ཏུ་ཆུག་ན་ཡང་དེ་ལྟ་མོད་ཀྱི་སྔར་བཟུང་བ་མཐོང་བ་དེ་ལ་ཅི་

ཞིག་ཏུ་འགྱུར་ན་གང་གིས་བརྫུན་པ་ཞེས། དངོས་པོ་གཞན་དུ་གྱུར་པ་སྣང་བ་དང་བྲལ་བས་ནི་སྔར་གྱི་སྣང་བ་མི་བདེན་པར་རིགས་པ་ནི་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་གྱི་བྱ་བ་བྱེད་པ་ཉིད་དང་བྲལ་བ་ཇི་ལྟར་བདེན་ཞེ་ན། རང་གི་ངོ་བོ་ཉིད་སྣང་བ་ཉམས་སུ་མྱོང་བའི་ཕྱིར་

เล่ม ๑๘๒ · หน้า 300b

རོ། །དེ་ལ་གང་གི་ཕྱིར་ཐ་དད་པའི་དོན་བྱེད་པ་ཉིད་མེད་ཀྱང་རང་གི་ངོ་བོ་ཉིད་སྣང་བ་ནི་ཡོད་དེ་གང་དུ་ཡང་གནོད་པ་ཡོད་པ་མ་ཡིན་པས་སོ། །གཞན་ཡང་གནོད་པ་ཅན་གྱིས་བཟུང་བ་ལ་ནི་ལོག་པའི་ཤེས་པ་ཉིད་ལྡོག་པ་མེད་པའི་ཕྱིར་གཞན་ལས་ཚད་མ་མ་ཡིན་པ་དེའི་ཚེ་ཚད་མ་ཡང་གཞན་ལས་མ་ངེས་

ན་འཇིག་རྟེན་པ་མི་འཇུག་པའི་ཕྱིར། དེ་ཡང་གཞན་ལས་ཡིན་ནོ། །དེ་བས་ན་གལ་ཏེ་སླུ་བ་མེད་པ་ཉིད་ཚད་མ་ཡིན་པའམ། རྟོགས་པའི་ཁྱད་པར་ཚད་མར་འདོད་པ་དེ་ལྟ་མོད་ཀྱི་གཞན་ལ་མ་ལྟོས་པ་ཉིད་ཚད་མ་ཡིན་ནོ་ཞེས་ཟེར་བ་དེ་བསལ་བ་ཡིན་ཏེ། ཡོངས་སུ་ཤེས་པ་མ་གཏོགས་

པར་འཇུག་པའི་ཡན་ལག་མེད་པ་ནི་འབྲས་བུ་ལ་ཕན་མི་འདོགས་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ལ་ལྟོས་ནས་རང་ཉིད་ཚད་མ་ཡིན་ནོ་ཞེས་བརྗོད་ན་དེ་ཇི་ལྟར་ཤེས་པ་ཡིན། གང་གི་ཕྱིར་དོན་ཡོངས་སུ་གཅོད་པར་ནུས་པའི་མཚན་ཉིད་ཚད་མ་ཡིན་ན། ནུས་པ་ནི་ཤེས་པ་ལས་སྔར་ཡོད་

པ་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་རོ། །མཐོང་བ་དང་ལྷན་ཅིག་སྐྱེ་བ་ཡང་མ་ཡིན་ཏེ། དེའི་ཚེ་ནི་གང་དུ་དེ་བྱེད་པར་རྣམ་པར་གཞག་སྐྱེ་བ་ལས་ཕྱིས་དེའི་ནུས་པ་འབྱུང་བ་ཡང་མ་ཡིན་ཏེ། དེའི་ཚེ་ཤེས་པ་ཉིད་སྐད་ཅིག་མ་ཡིན་པས་ཡོད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཕྱིན་ཅི་ལོག་གི་དོན་

ཡོངས་སུ་གཅོད་པར་ནུས་པ་ཡང་རང་ཉིད་ཡིན་པས་ཚད་མ་མ་ཡིན་པ་ཡང་རང་ཉིད་ཀྱིས་ཐོབ་པར་འགྱུར་རོ། འོན་ཏེ་རབ་རིབ་ཀྱི་ཉེས་པ་རྗེས་སུ་འགྲོ་བ་དང་། ལྡོག་པ་འཇུག་པས་གཞན་ལས་ཚད་མ་མ་ཡིན་པར་ཁས་ལེན་ན་དེ་ལྟ་ན་ནི་གྲོགས་དག་ཡོན་ཏན་ཅན་གྱི་རྒྱུ་ཡོད་པ་

དང་། མེད་པའི་རྗེས་སུ་འཇུག་པས་གཞན་ལ་ཚད་མར་ཁས་བླང་བར་བྱའོ། །འོན་ཏེ་ཡོན་ཏན་ཅན་གྱི་རྒྱུ་མ་གཏོགས་པར་ཡང་རྒྱུ་ཙམ་ལས་རྗེས་སུ་དཔག་པའི་ཚད་མ་སྐྱེ་བ་མཐོང་ན་དེ་ལ་ཡོན་ཏན་ཅན་གྱི་བྱེད་པ་མེད་པར་འགྱུར་རོ། །དེ་ལྟ་ན་ཡང་ཉེས་པའི་རྒྱུ་མ་གཏོགས་པར་ཡང་རྒྱུ་ཙམ་

གྱིས་བསྐྱེད་པའི་ཐེ་ཚོམ་ཟ་བའི་ཤེས་པ་དང་། ཉ་ཕྱིས་ལ་དུང་དུ་མཐོང་བའི་ཕྱིར། ཚད་མ་མ་ཡིན་པ་ལ་ཉེས་པའི་བྱེད་པ་མེད་པར་འགྱུར་རོ། །འོན་ཏེ་དེ་ལ་ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་གི་ཤེས་པ་མཐོང་བས་བློ་གཡེར་བག་ཅན་མ་ཡིན་པར་དཔག་གོ་ཞེ་ན་དེ་ལྟ་མོད་ཀྱི་འོན་

เล่ม ๑๘๒ · หน้า 301a

ཀྱང་རྗེས་སུ་དཔག་པ་ཚད་མར་མཐོང་བ་ལས་རྟགས་ཀྱི་ཡོན་ཏན་གསལ་བར་ངེས་པར་དག་གོ། །དེ་ལྟ་བས་ན་ངེས་པ་མ་གཏོགས་པར་རྟགས་ལས་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུའི་ཡོན་ཏན་སྔོན་དུ་སོང་བ་ཉིད་ནི་ཚད་མ་ཡིན་པར་གཞག་གོ། །ཡོན་ཏན་གྱི་

བྱེད་པ་སྐྱོན་ལས་བཟློག་པ་མ་ཡིན་ནམ། ཚད་མ་ལ་ནི་མ་ཡིན་ནོ། །འོ་ན་ཚད་མ་མ་ཡིན་པ་དེར་ཡང་ཉེས་པས་བྱེད་པ་ནི་མ་ཡིན་ཏེ། ཡོན་ཏན་ལོག་པའོ་ཞེས་བྱ་བར་ཅི་སྟེ་རྟོག་པར་མི་བྱེད། དེས་ན་ཡོད་པ་ལ་ལྟོས་ནས་རང་ཉིད་ཚད་མ་མ་ཡིན་ནོ། །གཞན་ཡང་གལ་ཏེ་ནུས་པ་རྒྱུ་མེད་ན་ཅི་སྟེ་

དེ་ཐམས་ཅད་དུ་འཇུག་པར་མི་འགྱུར་ཏེ་རྒྱུ་མེད་ན་ཡུལ་ལ་སོགས་པ་ངེས་པ་མི་འཐད་དོ། །ནུས་པ་ནི་ཆོས་མ་ཡིན་ནམ། ཆོས་ཀྱང་ཆོས་ཅན་མ་གཏོགས་པར་མི་འབྱུང་བས་ཤེས་པའི་ཁྱད་པར་ཉིད་འགའ་ཞིག་ལ་བརྟེན་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་ནུས་པ་ནི་རྒྱུ་མེད་པའི་ཆོས་ཅན་གྱི་

དབང་དུ་འགྱུར་བར་མི་རིགས་ཏེ། ཕན་འདོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་ནུས་པ་ནི་དངོས་པོ་ལས་གཞན་ན་མེད་དེ། གང་གི་དངོས་པོའི་འབྲས་བུར་འགྱུར། ནུས་པ་འབྲས་བུ་མ་ཡིན་ན་འབྲེལ་པ་མ་གྲུབ་པ་ཡིན་ནོ། །གལ་ཏེ་ནུས་པ་ཐ་དད་པ་དང་། སོ་སོར་ངེས་པའི་རྫས་

ཀྱི་དངོས་པོ་ཡིན་ན། དེའི་ཚེ་དེ་ཡོད་ན་ཡོད་པའི་ཕྱིར་ཡོད་པ་ཁྱད་པར་ཅན་གྲུབ་པ་དང་། གཞན་དུ་ཡང་རྗེས་སུ་འགྲོ་བ་དང་། ལྡོག་པ་འཇུག་པ་རྒྱུ་དང་འབྲས་བུའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་ལྟོས་པའམ། ངེས་པ་ལ་ལྟོས་པ་གཉིས་སྲིད་པས་རང་ལས་ཚད་མ་མ་ཡིན་ནོ། །དེ་

ལྟ་བས་ན་དོན་བྱེད་པ་མཐོང་བས་ཚད་མར་རྟོགས་པ་དེའི་ཚེ་ཡང་བཙོ་བ་དང་། སྲེག་པ་ལ་སོགས་པའི་རང་གི་ངོ་བོ་སྣང་བ་དེ་ལ་སྔར་མཐོང་བ་སྔོན་དུ་མི་བྱེད་པའི་ཕྱིར་དེ་ལ་ཇི་ལྟར་ཚད་མར་འགྱུར། སྲེག་པ་ལ་སོགས་པ་ཚོར་བའི་དེ་མ་ཐག་པར་དྲན་པ་སྐྱེ་བས་ཚད་མར་འཇོག་པ་མ་ཡིན་ནམ་

ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དྲན་པ་ཡང་མཐོང་བའི་རྗེས་སུ་འབྲངས་ནས་སྐྱེ་ལ། མཐོང་བ་ནི་སྔ་ཕྱིའི་དངོས་པོར་རང་གི་རང་བཞིན་སྣང་བར་ངེས་པ་ཉིད་ཡིན་པ་དེ་བས་ན་དྲན་པས་ནི་དོན་བྱེད་པ་དང་འབྲེལ་པ་མི་མཐོང་ངོ་། །གལ་ཏེ་མཐོང་བས་ཁོང་དུ་མ་ཆུད་པ་ཉིད་འབྲེལ་བར་སྒྲོ་

เล่ม ๑๘๒ · หน้า 301b

འདོགས་ན་ནི་འཁྲུལ་པར་ཐལ་བར་འགྱུར་རོ། །གང་ཡང་དྲན་པ་ནི་རང་གི་ངོ་བོ་ཉིད་ལ་གནས་པ་མི་གསལ་བའི་རྣམ་པ་མྱོང་བ་དེས་ན་དེར་ཡང་རང་གི་ངོ་བོ་རྟོགས་པ་ཉིད་དོ། །འོན་ཏེ་མི་སླུ་བ་ཉིད་རྗེས་སུ་དཔག་པས་མྱོང་ན། དེར་ཡང་ཡོངས་སུ་གསལ་བ་མ་ཡིན་པ་ཉིད་ཀྱི་དངོས་པོ་མྱོང་བར་

འགྱུར་རོ། །ཡང་རྗེས་སུ་དཔག་པ་མངོན་སུམ་མ་ཡིན་པར་མི་འབྱུང་བ་དེ་བས་ན་འབྲེལ་པ་འཛིན་པ་ནི་མངོན་སུམ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །དེས་ནི་རང་གི་ངོ་བོ་ཉིད་ཐམས་ཅད་རིག་པར་སྣང་གི་ཚད་མ་ནི་མ་ཡིན་པའི་ཕྱིར་ངོ་བོ་ཉིད་རང་གིས་རྟོགས་པའོ་ཞེས་བྱ་བར་གནས་སོ། །དེ་ལྟ་ན་

ཚད་མ་ནི་ཚད་མ་ཡིན་པ་ལས་ལོག་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར། ཚད་མ་ཐ་སྙད་ལས་ཡིན་ནོ། །ཞེས་སྨོས་པ་ལ། དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ་ཚད་མ་ནི་ཀུན་དུ་ཐ་སྙད་པའོ། །ཐ་སྙད་ནི་ཇི་ལྟ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟ་དེ་ལྟར་མེད་པ་སྟེ། འཁོར་བ་གང་དུ་ཡང་དོན་དམ་

པར་ན་མེད་པས་གྲོལ་བ་ཉིད་དུ་ཐལ་བར་འགྱུར་བ་ཉིད་དོ་ཞེ་ན། དེའི་ཕྱིར་རེ་ཞིག་འཁོར་བ་ནི་ཐ་སྙད་དུ་གྲུབ་པར་ཡོད་ལ་དཔྱད་ན་སྟོང་པ་ཡིན་པ་དེ་བཞིན་དུ། ཚད་མ་དང་ཚད་མ་མ་ཡིན་པའི་ཆ་ཡང་ཐ་སྙད་དུ་ཡོད་པའོ། །འོ་ན་དོན་དམ་པ་ལ་ཚད་མ་མེད་དོ་ཞེ་ན། དེ་དེ་བཞིན་ཏེ། ཚད་མ་

གང་ཡིན་པ་ནི་ཀུན་རྫོབ་ཏུ་ཡིན་ནོ་ཞེས་སྨྲས་སོ། །གལ་ཏེ་ཡང་དོན་དམ་པའི་ཚད་མ་མངོན་སུམ་ལས་སམ། རྗེས་སུ་དཔག་པ་ལས་ཡིན་ན། ཐ་སྙད་ཅེས་པའི་ཚིག་ཅི་སྟེ་བརྗོད་ཅེ་ན། དེའི་ཕྱིར་ཚད་མ་ཐ་སྙད་ལས་ཡིན་ནོ་ཞེས་པ་ལ་ཐ་སྙད་དུ་གྲུབ་པའི་རྗེས་སུ་དཔག་པའི་སྟོབས་

ཀྱིས་ངེས་པར་ཤེས་པས་མངོན་པར་འདོད་པའི་དོན་བྱེད་པ་ནི་སྒྲུབ་པར་བྱེད་པ་ཉིད་དུ་འཇུག་ཅིང་གོམས་པ་ཕུལ་དུ་བྱུང་བའི་ཚེ། རྗེས་སུ་དཔག་པ་མེད་པར་ཡང་ཤེས་པ་འཇུག་པའི་ཕྱིར་མངོན་སུམ་ཡང་ཚད་མར་བརྗོད་དོ། །འདི་ལྟར་སྲེག་པ་ལ་སོགས་པའི་དོན་བྱེད་འདོད་པས་བ་

ལང་ལ་སོགས་པ་ཡང་སེམས་ཤིང་སྲེག་པ་ལ་སོགས་པར་དམིགས་ཏེ། ཅིག་ཅར་སྲེག་པ་ལ་སོགས་པ་དང་། བ་ལང་ལ་སོགས་པ་ལ་རྟོག་པ་འཇུག་པ་ནི་མ་ཡིན་པའི་ཕྱིར་རྟོག་པ་མེད་པའི་ཤེས་པ་ཉིད་དེར་འཇུག་པར་བྱེད་པའོ། །ཡང་ན་ཐ་སྙད་ནི་དོན་བྱེད་པའི་ཤེས་པས་ཚད་མར་

เล่ม ๑๘๒ · หน้า 302a

རྟོགས་པའོ། །ཡང་ན་འདིས་ཐ་སྙད་འདོགས་པར་བྱེད་པས་ཐ་སྙད་ནི་རྗེས་སུ་དཔག་པ་སྟེ། དེས་ན་ཚད་མའོ། །འདི་ལྟར་དེ་ལྟ་བུའི་ཤེས་པ་ནི་སླུ་བ་མེད་པ་ཉིད་དུ་ཤེས་པའོ། །རྗེས་སུ་དཔག་པ་ནི་འབྲེལ་པ་ངེས་པར་བཟུང་བ་ལས་འཇུག་པ་མ་ཡིན་ནམ། འབྲེལ་

པ་འཛིན་པ་ནི་མངོན་སུམ་གྱི་ཚད་མ་ཉིད་དེ། རྗེས་སུ་དཔག་པ་ལས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ཚད་མ་ཡིན་པར་ཡང་རྗེས་སུ་དཔོག་པའི་ཕྱིར། གཅིག་ལ་གཅིག་བརྟེན་པའི་ཉེས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འབྲེལ་པ་ངེས་པར་འཛིན་པ་ནི་

གཞན་དག་ཏུ་མངོན་སུམ་དང་མི་དམིགས་པས་སོ། །འདིར་ཡང་གཟུགས་ལ་སོགས་པའི་སྣང་བ་ཡོད་ན་སྲེད་པ་ལ་སོགས་པའི་དགོས་པ་མཐོང་བར་འགྱུར་གྱི། དེ་མེད་ན་དམིགས་པར་མི་འགྱུར་རོ། །དེ་བས་ན་ཡོད་པ་དང་མེད་པར་འཇུག་པས་འབྲེལ་པ་འཛིན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ལ་

ཅི་སྟེ་ཐུག་པ་མེད་པར་འགྱུར། རྗེས་སུ་འགྲོ་བ་དང་། ལྡོག་པ་ངེས་པས་ནི་གདོན་མི་ཟ་བར་བསྐྱེད་བྱ་སྐྱེད་བྱེད་ཀྱི་མཚན་ཉིད་དུ་འགྱུར་ཏེ། གཞན་དུ་ན་ཐ་སྙད་རྒྱུན་ཆད་པར་བརྗོད་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། མཐོང་བ་ནི་རེག་པ་ཉམས་སུ་མྱོང་བ་ལ་ད་ལྟར་གྱི་དུས་སུ་མྱོང་བ་

ཕྲད་པའི་རང་བཞིན་ཅན་སྣང་བ་ནི་མ་ཡིན་ཏེ། རང་གིས་མཐོང་བས་ཡུལ་དུ་བྱས་པའི་སྔོན་པོ་ལ་སོགས་པ་ལས་རྒྱུད་གཞན་པ་འཛིན་པ་ཉིད་ཀྱི་ངེས་པ་ནི་མ་ཡིན་ནོ། །དེ་བས་ན་རེག་པ་ལ་སོགས་པའི་ཤེས་པས་གཟུགས་ཀྱི་ཡུལ་ལ་ཚད་མར་ཇི་ལྟར་འགྱུར་ཏེ། ཡུལ་ཐ་དད་པར་འགྱུར་རོ་ཞེས་

བསྟན་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཟུགས་དང་། རེག་པ་དག་ལ་དེ་ཉིད་དུ་གཅིག་པར་ཐ་སྙད་རྣམ་པར་འཇོག་པ་དེར་ཡང་ཡུལ་ལ་སོགས་པ་ཐ་མི་དད་པའི་ཕྱིར། གཅིག་ཏུ་མངོན་པར་ཞེན་པ་ཡིན་ཏེ། མཐོང་བ་གང་ཡིན་པ་དེ་ཉིད་དང་ཕྲད་པའི་ཕྱིར། ཕྲད་པ་ནི་སྔར་

མཐོང་བ་དེ་དང་ལྷན་ཅིག་རྒྱུད་གཅིག་ལ་འཇུག་པའི་ཕྱིར་དང་། དོན་གཅིག་ལ་འཇུག་པའི་ཕྱིར་མངོན་པར་ཞེན་པ་ལ་ལྟོས་ནས་ཚད་མ་ཡིན་ནོ་ཞེས་བསྟན་ཏོ། །ཕྲད་པར་བྱེད་པ་ཚད་མ་མ་ཡིན་ནམ། དེ་ཡང་ཅི་སྟེ་དོན་བྱེད་པའི་ཤེས་པས་བྱེད་དམ། འོན་ཏེ་མི་བྱེད་པར་ཁས་བླང་བར་བྱ། དེ་ལ་གལ་

เล่ม ๑๘๒ · หน้า 302b

ཏེ་ཕྱོགས་གཉིས་པ་ལྟར་ན། དེའི་ཚེ་དོན་བྱེད་པའི་ཤེས་པ་མ་གཏོགས་པར་མཐོང་བ་ཇི་ལྟར་དེ་སྐྱེད་པ་ཡིན། འོན་ཏེ་དང་པོ་ལྟར་ན་དེ་ལྟར་ན་ཡང་མཐོང་བའི་དངོས་པོ་ནི་གང་གི་ཚེ་དོན་བྱེད་པར་དམིགས་པར་བྱེད་པ་དེའི་ཚེ། དོན་བྱེད་པར་ཤེས་པ་པོས་ཇི་ལྟར་ཕྲད་པར་ཤེས་པར་བྱ་ཞེ་ན། འདིར་སྨྲས་པ།

གལ་ཏེ་ཐབས་ལས་བྱུང་བ་ལ་ནི་མ་འོངས་པ་ལ་ཚད་མའི་བྱེད་པ་མེད་པས་ཐེ་ཚོམ་ཟའོ། །ད་ལྟ་ན་ཡང་ཐབས་ངེས་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ནོ། །འདི་ལྟར་མཐོང་བས་ནི་ཐབས་ཤེས་པར་བྱའི་དོན་བྱེད་པར་བྱ་བ་ནི་མ་ཡིན་ནོ། །རྒྱུ་གཞན་དང་འབྲེལ་པ་ལས་སྲེག་པ་ལ་སོགས་པ་བྱེད་པར་ཇི་

ལྟར་ཤེས་པར་བྱེད་པ་ཉིད་དུ་ནུས། ཐབས་ངེས་པར་གྱུར་ན་ཐབས་ལས་བྱུང་བ་ལ་ཐེ་ཚོམ་ཟ་བ་འཇུག་པ་ཡང་མཐོང་སྟེ། སོ་ནམ་བྱེད་པ་ན་འཁོར་ལས་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་འཁོར་ལོ་ལྟ་བུའི་སྐྱོན་མི་འཇུག་སྟེ། འདི་ལྟར་སྒྲུབ་བྱེད་ངེས་པའི་དོན་ལ་དང་པོ་ཞུགས་པ་ནི་ཚད་མ་ངེས་པ་

མ་གཏོགས་པ་ཡང་སྲིད་པ་ཡིན་ནོ། །སླུ་བ་མེད་པ་ཉིད་ཀྱིས་སྔར་བཟུང་བ་ལ་གོམས་པའི་སྟོབས་ཀྱིས་འཇུག་པ་ཡིན་ཏེ། དེའི་རིགས་ཡིན་པའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་གཉིས་པ། གལ་ཏེ་ཡང་ཚད་མ་ངེས་པ་ཉིད་ཐམས་ཅད་དུ་ཐ་སྙད་

པ་ཡིན་ན་གཅིག་ལ་གཅིག་བརྟེན་པར་འགྱུར་རོ་ཞེ་ན། དེ་ཡང་མེད་དེ། འགའ་ཞིག་ཐམས་ཅད་དོན་དུ་གཉེར་བ་མེད་པར་ཡང་སླུ་བ་མེད་པ་དང་པོའི་དུས་སུ་ངེས་པ་སྟེ། འདི་ལྟར་གྲང་བ་དང་ལྡན་པ་འགའ་ཞིག་མེ་ཉེ་བར་གཉེར་ཏེ་དེ་དེར་མེའི་རང་བཞིན་སྲེག་པ་ལ་སོགས་པའི་དོན་བྱེད་པའི་

འབྲེལ་པ་དཔྱོད་པར་བྱེད་དོ། །དེ་བཞིན་དུ་ཇི་ལྟར་མེའི་ཕྱོགས་སུ་འགྲོ་བ་དེས་ཇི་ཞིག་ལྟར་འབྲེལ་པ་ཤེས་པས་ཐམས་ཅད་དུ་ཚད་མས་ངེས་པར་འཛིན་པ་ཅན་འཇུག་པར་བྱེད་པ་ཡིན་ནོ། །འོན་ཏེ་ཡང་དོན་བྱེད་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་རྗེས་སུ་འགྲོ་བ་མ་འཁྲུལ་པའི་རང་བཞིན་གྱིས་མ་

ཡིན་ནམ། དེ་ཇི་ལྟར་ཁོང་དུ་ཆུད་པར་འགྱུར་ཏེ། གང་དུ་མ་འཁྲུལ་བ་ཉམས་སུ་མྱོང་བ་དེ་ཉིད་དུ་འགྱུར་གྱི་ཡུལ་ལ་སོགས་པ་གཞན་དུ་ནི་ཤེས་པའི་བྱེད་པ་མེད་པས་ཇི་ལྟར་ངེས་པ་ཡིན་ཏེ། གང་དུ་དོན་བྱེད་པ་ཉམས་སུ་མྱོང་བ་དེར་ཡང་སྲེག་པ་ལ་སོགས་པ་འབའ་ཞིག་ཉམས་སུ་མྱོང་

เล่ม ๑๘๒ · หน้า 303a

བའི་ཕྱིར། སྔ་མའི་ཤེས་པ་དོན་བྱེད་པར་མཐོང་བས་སླུ་བ་མེད་པ་ཉིད་ཇི་ལྟར་ཁོང་དུ་ཆུད་པར་འགྱུར། འདི་ལྟར་དེའི་ཤེས་པ་འདས་པ་དེའི་ཚེ་དགོས་པ་རིག་པའི་དུས་ན་ནི་མེད་ལ། གང་དུ་གཟུགས་དང་རེག་པའི་རིག་པ་དག་ལྷན་ཅིག་འབྱུང་བ་ཡིན་པ་དེའི་ཚེ་ཡང་

ཕན་ཚུན་ལོག་པའི་ཡུལ་ཙམ་རྟོགས་པའི་ཕྱིར་ཚད་མར་ངེས་པ་ནི་མ་ཡིན་ནོ། །འོན་ཏེ་དོན་བྱེད་པའི་ཤེས་པ་རྟགས་ལས་བྱུང་བ་ནི་མ་ཡིན་ཞིང་། སྔ་མའི་ཤེས་པ་ཚད་མར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་ཏེ། སྔར་མཐོང་བ་འདས་པའི་ཕྱིར་དང་། གསལ་བ་ཉེ་བར་གྱུར་པ་མ་གཏོགས་པར་

ནར་སོན་པའི་ཚད་མ་མི་ཤེས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྲེག་པ་ལ་སོགས་པ་མྱོང་བས་ཚད་མ་ལ་ཐེ་ཚོམ་ཟ་བ་བསལ་ཏོ། །ཚད་མ་ནི་དོན་མེད་ན་མི་འབྱུང་བ་ཉིད་དེ་ཡང་རང་ཉིད་ལས་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཐེ་ཚོམ་བཟློག་པ་ཙམ་ལ་རྟོགས་པ་སྔོན་དུ་འགྲོ་བ་དག་འཇུག་པ་ནི་

མ་ཡིན་ཏེ། འོ་ན་ཅི་ཞེ་ན། མངོན་སུམ་དང་། རྗེས་སུ་དཔག་པས་སོ། །དེ་ལ་གལ་ཏེ་མངོན་སུམ་ཉིད་ཀྱིས་འཇུག་ན་དེའི་ཚེ་མངོན་སུམ་ཁོ་ནས་ཚད་མར་ངེས་སོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་རྗེས་སུ་དཔག་པས་ཀྱང་ངེས་པར་གདོན་མི་ཟ་བར་ཁོང་དུ་ཆུད་པར་བྱ་སྟེ། གཞན་དུ་ན་

ངེས་པ་མ་གཏོགས་པར་ཐེ་ཚོམ་ཇི་ལྟར་ལྡོག་པར་འགྱུར། གལ་ཏེ་ཡང་དོན་བྱ་བ་བྱེད་པ་ལས་ཐེ་ཚོམ་ལྡོག་ན་གདོན་མི་ཟ་བར་དོན་བྱེད་པ་རྟགས་ཡིན་ནོ། །གང་གི་ཕྱིར་སྒྲོ་བཏགས་པའི་ཐེ་ཚོམ་བཟློག་པ་ཉིད་རྗེས་སུ་དཔག་པ་ཉིད་དེ། དེར་ཡང་འབྲེལ་པ་ངེས་པ་མེད་ན་མེད་དོ་ཞེས་བརྗོད་དོ། །དེའི་ཕྱིར་

ཚད་མ་ཐ་སྙད་ཀྱིས་ཡིན་ནོ་ཞེས་སྨྲས་ཏེ། དེས་ནི་འདི་སྐད་དུ་གང་འབྲེལ་པ་འཛིན་པ་དེ་ནི་ཐ་སྙད་དུ་བཏགས་པས་རྗེས་སུ་འགྲོ་བ་དང་། ལྡོག་པར་འགྱུར་བར་གཞག་གི་ཡོད་པ་དང་མེད་པར་གྱུར་པ་ཉིད་མངོན་སུམ་གྱིས་གྲུབ་པ་ནི་མ་ཡིན་ཏེ། དེ་ལ་སྔ་ཕྱི་འཇུག་པ་མེད་པས་སོ། །དེར་དོན་བྱེད་པའི་ཤེས་

པ་ཚད་མ་ནི་ཐ་མི་དད་པར་དོན་བྱེད་པ་མྱོང་བའི་ཕྱིར། དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་ནོ། །གང་དུ་ཤེས་པ་ལ་ཤིན་ཏུ་བརྟན་པར་གནས་པས་ངེས་པ་དེར་ཡང་སྔར་གྱི་ཤེས་པ་ལ་གནས་པ་གང་ཡིན་པ་དེ་ཉིད་དོན་བྱེད་པའི་རང་བཞིན་གྱིས་ཐ་སྙད་པའི་ལམ་འཇུག་སྟེ། དེས་ན་བཏགས་ནས་དེའི་བདག་

เล่ม ๑๘๒ · หน้า 303b

ཉིད་ཅེས་བྱ་བར་སྟོན་གྱི། དོན་དམ་པར་ནི་བསྐྱེད་བྱ་སྐྱེད་བྱེད་ཁོ་ནའི་འབྲེལ་པ་སྟེ། སྒྲུབ་པ་དང་། དོན་བྱེད་པ་དག་གི་ཕྱིར་ཚད་མ་ཐ་སྙད་ལས་སོ་ཞེས་བྱ་བར་གནས་སོ་ཞེས་བྱ་བར་སྟོན་ཏོ། །གལ་ཏེ་དེ་ལྟར་ཐ་སྙད་ཀྱིས་ཚད་མར་རྣམ་པར་འཇོག་པ་ཡིན་ན་དེའི་བསྟན་བཅོས་ཀྱིས་ཅི་ཞིག་བྱ་སྟེ། འདི་

ལྟར་བསྟན་བཅོས་ཀྱི་བཤད་པ་ཡང་ཐ་སྙད་ལས་ཚད་མ་ཁོང་དུ་ཆུད་པའི་ཕྱིར་རོ་ཞེ་ན། འདིར་བསྟན་བཅོས་རྨོངས་པ་ཞེས་སྨྲས་ཏེ། རྨོངས་པ་ནི་སྒྲོ་བཏགས་པའོ། །བཟློག་པ་ནི་འདིས་བཟློག་པ་ཡིན་ནོ། འདིའི་དགོངས་པ་ནི་གལ་ཏེ་ཐ་སྙད་ཀྱིས་ཕྱིན་ཅི་མ་ལོག་པའི་ཚད་མའི་རྒྱུར་

གྱུར་པའི་བསྟན་བཅོས་ཀྱི་ཕན་ཚུན་འགལ་བར་ཚད་མའི་མཚན་ཉིད་བསྟན་པ་སེལ་བར་བྱེད་པ་ཡིན་ཏེ། དེ་བས་ན་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་རྣམ་པར་བཅད་པའི་ཕྱིར་བསྟན་བཅོས་བྱས་སོ། །འོན་ཀྱང་ཚད་མའི་མཚན་ཉིད་བསྟན་བཅོས་ལས་བཤད་པ་ལ་འབྲས་བུ་མེད་དེ། བཅོམ་

ལྡན་འདས་ཀྱི་གསུང་རབ་ཉིད་ལས་རྨོངས་པ་ལྡོག་གི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་བསལ་བར་འདོད་ནས། མི་ཤེས་དོན་གྱི་གསལ་བྱེད་པའང་། །ཞེས་སྨྲས་སོ། །འོན་ཀྱང་ཚད་མའི་མཚན་ཉིད་ནི། མི་ཤེས་དོན་གྱི་གསལ་བྱེད་འདི་ཡིན་ཏེ། འདིས་གསལ་བར་བྱེད་པས་མ་

བཟུང་བའི་དོན་འཛིན་པའི་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཤེས་པ་ཉིད་སྨོས་པས་དེར་ཀུན་རྫོབ་ཀྱི་ཆ་ཤས་ཅན་གྱི་ཤེས་པ་ལ་སོགས་པ་བསྩལ་ཏོ། །དོན་སྨོས་པས་ནི་དོན་མེད་པར་སྣང་བ་དུང་ལ་སེར་པོར་ཤེས་པ་བསྩལ་ཏོ། །གསལ་བྱེད་ཅེས་སྨོས་པ་ནི་དབང་པོ་ལ་སོགས་པ་ལ་

དེའི་གསལ་བར་བྱེད་པ་ཉིད་མེད་པའི་ཕྱིར་རོ། །སླུ་བ་མེད་པ་སྨོས་པ་མ་གཏོགས་པར་ཟླ་བ་གཉིས་མཐོང་བར་གྱུར་པ་ཡང་ཚད་མར་ཐལ་བར་འགྱུར་བ་མ་ཡིན་ནམ། འོན་ཏེ་དོན་སྨོས་པས་དེ་གསལ་བ་ཡིན་ན། དེ་ལ་དོན་དང་བྲལ་བ་ཇི་ལྟར་རྟོགས། མི་སླུ་བ་ལས་ཡིན་ན། འོ་ན་དེ་ཉིད་

སླུ་བ་མེད་པ་ཚད་མའི་མཚན་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། བསམ་པར་བྱ་བ་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བསམ་པར་བྱ་བ་ཡང་། །ཚད་མའི་མཚན་ཉིད་མི་སླུ་བ་ཉིད་ཡིན་ན། དེའི་ཚེ་དངོས་པོ་ལ་སོགས་པ་ཡང་མཚན་ཉིད་དུ་འགྱུར་རོ། །དེ་ལྟ་

เล่ม ๑๘๒ · หน้า 304a

བས་ན་གང་དངོས་སུ་བྱུང་བ་དེ་ནི་མཚན་ཉིད་དེ། གཞན་དུ་ཤུགས་ལས་བྱུང་བ་ནི་མ་ཡིན་ནོ། ཅི་སྟེ་ཡང་དངོས་པོ་ནི་ཚད་མའི་མཚན་ཉིད་ལ་མངོན་སུམ་དུ་གྲོགས་བྱེད་པ་མ་ཡིན་ཡང་། གཞན་ནས་གཞན་དུ་བརྒྱུད་པ་ཡང་ཡིན་པ་མ་ཡིན་ནམ། དངོས་པོ་ཡང་ཚད་

མ་ཁོང་དུ་ཆུད་པ་ལ་ཕན་འདོགས་སོ་ཞེ་ན། དེ་ལྟ་ན་ཡང་མི་ཤེས་པའི་དོན་སྨོས་པས་ནི་གཟུང་བ་འཛིན་པའི་ཤེས་པ་བསྩལ་བ་ཡིན་གྱི། མི་སླུ་བ་སྨོས་པས་སེལ་བ་ནི་མ་ཡིན་ཏེ། ཀུན་རྫོབ་དང་། ཆ་ཤས་ཅན་ལ་སླུ་བ་མེད་པ་མཐོང་བའི་ཕྱིར་རོ། །སླུ་བ་མེད་པའི་ཤེས་པ་ཁོ་ནས་དེའི་དོན་

ཉིད་དུ་བྱེད་པ་ནི་མ་ཡིན་ཏེ། གཞན་དུ་ཡང་མཐོང་བ་དང་འབྲེལ་པས་མི་སླུ་བ་སྲིད་པའི་ཕྱིར་རོ། །ཡང་ན་དོན་ནི་དོན་དམ་པ་ལ་བརྗོད་དེ་མི་ཤེས་པའི་དོན་གསལ་བར་བྱེད་པ་ནི་དོན་དམ་པ་རྟོགས་པ་ལ་བཤད་དོ། །དོན་དམ་པ་ནི་གཉིས་སུ་མེད་པ་ཁོ་ནའོ། །ཕྱི་རོལ་གྱི་ཚུལ་ལ་ཡང་འཕགས་

པའི་བདེན་པ་བཞི་ཤེས་པ་ནི། དོན་དམ་པའི་ཚད་མའི་མཚན་ཉིད་དུ་བརྗོད་པ་ནི་མ་ཡིན་ཏེ། གཞན་གྱི་ནི་ཀུན་རྫོབ་ཡིན་ནོ། །གལ་ཏེ་མི་ཤེས་པ་ཉིད་ཀྱི་དོན་གསལ་བ་ཚད་མ་ཡིན་ན་ནི་སྤྱིའི་ཤེས་པ་སྟེ། རིགས་ལ་སོགས་པའི་ཤེས་པ་ཡང་། གཏོད་པར་བྱེད་པའི་ཤེས་པས་མ་

མཐོང་བ་མཐོང་བའི་ཕྱིར་ཚད་མར་ཐལ་བར་འགྱུར་རོ། །དེའི་ཤེས་པ་ནི་དྲན་པའོ་ཞེས་བརྗོད་པར་མི་ནུས་ཏེ་གཏོད་པའི་ཤེས་པས་རིགས་མ་རྟོགས་པའི་ཕྱིར་རོ་ཞེས་པ་དེ་བསྟན་པའི་ཕྱིར། རང་གི་ངོ་བོ་རྟོགས་ལས་གཞན། །སྤྱི་ཡི་ཤེས་པའང་ཐོབ་པར་འགྱུར། །ཞེས་སྨོས་པ་ལ། རང་

གི་མཚན་ཉིད་ཀྱིས་རང་གི་ངོ་བོ་རྟོགས་པ་ལས་གཞན་ཏེ་དུས་ཕྱིས་སྤྱིའི་ཡུལ་གྱི་ཤེས་པ་སྐྱེ་བ་གང་ཡིན་པའི་ཤེས་པ་དེ་ཚད་མར་ཐོབ་པར་འགྱུར་རོ་ཞེས་བྱ་བར་འབྲེལ་ཏོ་ཞེ་ན། འདིར་སྨྲས་པ། རང་གི་མཚན་ཉིད་མི་ཤེས་ན། །ཤེས་པ་གང་ཡིན་བསམས་པ་ལས། །ཞེས་བྱ་བ་ལ།

རང་གི་མཚན་ཉིད་མི་ཤེས་པ་ཤེས་པ་ནི་དོན་བྱེད་པའི་ཤེས་པ་སྐྱེས་པ་གང་ཡིན་པ་དེ་ཚད་མ་ཡིན་ནོ་ཞེས་བྱ་བར་བསམས་ནས། སྤྱིའི་ཤེས་པ་ནི་ཚད་མར་མི་འགྱུར་རོ་ཞེས་བྱ་བར་སྙེགས་སོ། །གཏོད་པར་བྱེད་པའི་ཤེས་པས་ཁོང་དུ་ཆུད་པའི་རང་གི་མཚན་ཉིད་ནི་སྤྱིའི་ཤེས་པས་མ་

เล่ม ๑๘๒ · หน้า 304b

རྟོགས་པའི་ཕྱིར་ཚད་མ་མ་ཡིན་ནོ། །སྤྱི་སྔ་ན་མེད་པ་འཛིན་པའི་ཕྱིར་མ་ཡིན་ནམ། ཅི་སྟེ་ཚད་མ་མ་ཡིན་ན། ཁོང་དུ་ཆུད་པའི་མཚན་ཉིད་འཛིན་པ་ནི་གནོད་པའི་ཤེས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ན་མཚན་ཉིད་ནི། དེ་ལ་སྔོན་མེད་དོན་ཤེས་པ། །ངེས་ཏེ་གནོད་པ་སྤངས་པ་དང་། །སྐྱོན་མེད་

པ་ལས་སྐྱེས་པ་ནི། །ཚད་མར་འཇིག་རྟེན་པ་འདོད་དོ། །ཞེས་ཟེར་བ་དེ་འདིར་བཟློག་པར་བྱ་བའི་ཕྱིར། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱ་བ་ལ། ཡོད་པ་ཉིད་དང་། མེད་པ་ཉིད་ཀྱི་གཞལ་བྱ་མཐོང་བའི་ཤེས་པ་ནི་ཚད་མར་བརྗོད་དོ། །རང་གི་མཚན་ཉིད་ལ་ཡོད་པ་ཉིད་དང་། མེད་

པ་ཉིད་དཔྱོད་དེ། དོན་བྱེད་པ་སྒྲུབ་པའི་ཕྱིར་རོ། །སྤྱི་ལ་ནི་སྲེག་པ་ལ་སོགས་པའི་བྱེད་པ་དང་བྲལ་བའི་ཕྱིར་དེས་ཚད་མ་ལ་ཕན་འདོགས་པ་མེད་དོ། །སྤྱིའི་ཤེས་པ་ནི་སྔར་མེད་པའི་དོན་བཟུང་བ་ལས་ཚད་མ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་ཏེ། འདི་ལྟར་ཟླ་བ་གཉིས་སུ་མཐོང་བ་ཡང་

སྔར་མེད་པ་འཛིན་པས་ཚད་མར་འགྱུར་རོ། །འོན་ཏེ་དེ་ལ་གནོད་པ་མཐོང་བས་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་ནི་གནོད་པ་ཅན་གྱིས་ཀྱང་དོན་བྱེད་པའི་དངོས་པོ་དང་བྲལ་བ་ཤེས་པར་བྱེད་པའི་ཕྱིར་རང་གི་མཚན་ཉིད་རྟེན་པར་དཔྱོད་དོ། །དེ་ལྟ་ནི་འགྱུར་མོད་ཀྱི། སྤྱིའི་ཤེས་པ་ནི་དེ་ཉིད་

འདི་ཡིན་ནོ་ཞེས་ངེས་པས་རང་གི་མཚན་ཉིད་ལ་འཇུག་གོ་ཞེ་ན། ཅི་ཞིག་ལྟར་སྤྱིའི་ཞེན་པ་མ་གཏོགས་པར་མཐོང་བ་ཉིད་ལས་འཇུག་པ་ཡོད་པ་མ་ཡིན་ནམ། མཐོང་བ་ལས་མ་གཏོགས་པར་ནི་སྤྱིའི་ཤེས་པས་མི་འཇུག་པའི་ཕྱིར་མཐོང་བ་ཉིད་ཚད་མ་ཡིན་ནོ། །གཞན་ཡང་སྤྱིའི་ཤེས་

པ་རིགས་ལ་འཇུག་པར་འགྱུར་རམ། རང་གི་མཚན་ཉིད་ལ་ཡིན། དེ་ལ། དེ་རིགས་ལ་ནི་མ་ཡིན་ཏེ། །སྤྱི་ཡི་དགོས་པ་ཤེས་པ་དང་། །བརྗོད་པ་ནི་རང་གི་རྟོགས་པ་ཙམ་དུ་གྱུར་པའི་ཕྱིར་རོ། །རང་གི་མཚན་ཉིད་ལ་ཡང་མ་ཡིན་ཏེ། དེ་གཏོད་པར་བྱེད་པའི་ཤེས་པའི་

ཡུལ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤྱིའི་ཤེས་པའི་ཡུལ་རང་གི་མཚན་ཉིད་ཡིན་ན། དེ་ལྟ་མོད་ཀྱི་གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ཏེ་དག་པར་མཐོང་བའི་ཤེས་པ་ཉིད་སྤྱི་དང་ལྡན་པར་ཁྱོད་འདོད་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་མི་རྟོག་པའི་བློས། དངོས་པོ་གཉིས་

เล่ม ๑๘๒ · หน้า 305a

སུ་ཡང་འཛིན་པ་ཡིན་ཞེས་སྨྲས་སོ། །གང་གི་ཚེ་ཡང་དོན་དམ་པའི་ཚད་མའི་མཚན་ཉིད་དུ་འདོད་པ་དེའི་ཚེ་རང་རིག་པའི་ངོ་བོ་ཉིད་ཁོང་དུ་ཆུད་པ་ལས་དེ་ལས་གཞན་པའི་སྤྱི་གཟུང་བ་དང་། འཛིན་པ་ནི་མངོན་པར་ཞེན་པ་ནི་ཡང་དག་པར་རིག་པར་ཁོང་དུ་མ་ཆུད་པ་ནི་གཟུང་བ་

དང་། འཛིན་པ་ལེན་པའི་ཕྱིར་ཚད་མར་འགྱུར་བར་བལྟ་བར་བྱའོ་ཞེ་ན། ཤེས་པའི་རང་གི་མཚན་ཉིད་མི་ཤེས་པར་ཤེས་པ་གང་མངོན་དུ་འཛིན་པ་དེ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བར་དགོངས་པས་འཛིན་པ་ལ་སོགས་པར་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་གྱི་དོན་

གསུང་བ་མཛད་ཅེ་ན། གདུལ་བྱའི་སྐྱེ་བོའི་ངོར་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་གཟུང་བར་བྱ་བའི་ཕྱིར། ཕྱི་རོལ་གྱི་དོན་དུ་བསྟན་ཏེ། དོན་དམ་པ་ལ་ནི་གཟུང་བ་དང་། འཛིན་པ་དང་བྲལ་བས་རང་རིག་པ་ཉིད་ཡིན་ནོ། །དེ་ཉིད་གང་ལས་ཤེས་ཤེ་ན། །རང་གི་མཚན་ཉིད་

དཔྱད་པ་ལས་ཏེ། དཔྱད་ནས་གཟུང་བ་དང་འཛིན་པའི་དངོས་པོ་ཐམས་ཅད་ཉམས་པར་འགྱུར་བས་གཉིས་སུ་མེད་དོ། །དེ་ཉིད་གཉིས་སུ་མེད་པར་དཔྱད་པའི་ཕྱིར་གསུང་རབ་མ་ལུས་པ་ལ་འཇུག་པར་བྱ་སྟེ། ཕྱི་རོལ་གྱི་དོན་ལྷག་པར་བཤད་པ་ནི་དྲང་བའི་དོན་ཉིད་དོ། །འོ་ན་ཇི་ལྟར་ཕྱི་རོལ་

དང་ནང་གི་བྱེ་བྲག་གིས་ཐ་དད་ཅེ་ན། རྟོགས་པ་ཙམ་གྱིས་ཕྱི་རོལ་དང་། ནང་ཐ་དད་པ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་ཐ་དད་པ་ཙམ་དུ་ཚད་མ་མ་ཡིན་ནམ། ཇི་ལྟར་བཅོམ་ལྡན་འདས་ཚད་མར་འགྱུར་ཞེ་ན། བཅོམ་ལྡན་འདས་ནི་ཡང་དག་པའི་ཚད་མ་ཡིན་ཏེ། འདི་ལྟར།

དེ་ལྡན་བཅོམ་ལྡན་ཚད་མ་ཡིན། །ཞེས་སྨོས་པ་ཇི་ལྟར་ན་མངོན་སུམ་དང་། རྗེས་སུ་དཔག་པ་ཚད་མ་ཡིན་པ་དེ་བཞིན་དུ་ཡེ་ཤེས་ཀྱི་གཟུགས་ཅན་བཅོམ་ལྡན་འདས་ཀྱང་མི་སླུ་བར་མཛད་པས་དེ་བཞིན་གཤེགས་པ་ནི། རང་ལས་ངེས་པའི་མངོན་སུམ་གྱི་ཚད་མ་ཁོ་ནའོ། །དེ་བཞིན་

གཤེགས་པ་ཁོ་ན་ཚད་མ་ཡིན་གྱི། རིག་བྱེད་ནི་ཚད་མ་མ་ཡིན་པ་དེ་ག་ལས་ཤེས་ཏེ། དེ་ལ་ཡང་ཕྱོགས་གཅིག་ལ་སླུ་བ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། ཡང་དག་མ་ཡིན་བཟློག་ཕྱིར་རོ། །ཡང་དག་པར་བརྗོད་སྒྲུབ་ལ་ལྟོས། །དེ་བས་ཚད་མ་ཉིད་དུ་རིགས། །ཞེས་བྱ་བ་

เล่ม ๑๘๒ · หน้า 305b

སྨོས་ཏེ། གང་གི་ཕྱིར་ཡང་དག་པ་མ་ཡིན་པ་བཟློག་པ་ནི་སྒྲོ་འདོགས་པ་བཟློག་པ་སྟེ། དེའི་ཕྱིར་ན་བཅོམ་ལྡན་འདས་ནི་ཡང་དག་པའམ། གྱུར་པ་ཞེས་བརྗོད་དེ། བདེན་པའི་དོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་སྒྲུབ་བྱེད་ལ་ལྟོས་ནས། ཚད་མར་རིགས་སོ། །སྒྲུབ་

བྱེད་ཀྱང་འདིར་བདེན་པ་མི་སླུ་བའི་ཚིག་ཉིད་དེ། དེས་ན་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་གྱི་རིག་བྱེད་ནི་མ་ཡིན་ཏེ། ཕྱོགས་གཅིག་ལ་མི་སླུ་བ་ཡིན་ཡང་ཐམས་ཅད་ལ་མ་མཐོང་བའི་ཕྱིར་སྒྲུབ་བྱེད་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་བདེན་པའི་གསུང་ཉིད་ཚད་མའི་ཡུལ་ལ་

མངོན་སུམ་དང་། རྗེས་སུ་དཔག་པས་མི་གནོད་པའི་ཕྱིར་རོ། །མཐོ་རིས་ལ་སོགས་པའི་ཡུལ་དབང་པོ་ལས་འདས་པ་རང་གི་ཚིག་དང་འགལ་བ་མེད་པས་ཁོང་དུ་ཆུད་པར་བྱའོ། །དེ་ལ་གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་འདས་པའི་ཡུལ་ལ་བྱེད་པ་མེད་དེ། གཅིག་

ནི་དེར་ཉེ་བ་ཙམ་ཡིན་ལ་གཞན་ནི་རྟགས་ལས་སྐྱེས་པའི་ཕྱིར་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་ན། དེ་ལྟ་མོད་ཀྱི། རྟག་པ་ཉིད་དང་། དབང་ཕྱུག་ལ་སོགས་པ་ཚད་མ་ཡིན་ཏེ། ཅིའི་ཕྱིར་རྒྱུ་དང་འབྲས་བུར་རྟོགས་པར་བྱེད་ཅེ་ན། དེ་བཟློག་པའི་ཕྱིར། ཚད་མ་རྟག་པ་ཉིད་ཡོད་

མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་དེས། །མི་བརྟན་ཕྱིར་ན་རིམ་སྐྱེས་པ། །རྟགས་ལས་སྐྱེས་པའི་མི་རུང་སྟེ། །ལྟོས་པ་མི་རིགས་པ་ཡི་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྟག་པའི་དབང་ཕྱུག་ལ་སོགས་པ་ལ་ནི་ཚད་མ་མེད་དོ། །གང་ལས་ཤེས་ཤེ་ན། །

གང་དུ་ཡང་དེས་ཕན་བཏགས་པ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་ཡོད་པ་ལས་རྟོགས་པ་ནི། ཚད་མ་སྟེ་ཕྱིན་ཅི་ལོག་གི་ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །དངོས་པོ་ཡོད་པར་རྟོགས་པ་ཡང་ཤེས་བྱ་མི་རྟག་པས་འཇིག་པར་འགྱུར་བ་དེ་བས་ན་འདིར་རྟག་པ་མ་ཡིན་ནོ་ཞེས་

བྱ་བ་ནི་དམ་བཅའ་བའོ། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཞེས་བྱ་བས་ནི་གཏན་ཚིགས་སྟོན་པའོ། །ཤེས་བྱ་མི་རྟག་པ་ཉིད་དེས། །ཞེས་བྱ་བས་ནི་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མའོ། །དེས་ནི་འདི་སྐད་དུ་སྟོན་ཏེ། རྟག་པ་ནི་ཚད་མ་མ་ཡིན་ཏེ། དངོས་པོ་

เล่ม ๑๘๒ · หน้า 306a

ཡོད་པ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་མངོན་སུམ་བཞིན་ནོ། །དབང་ཕྱུག་ལ་སོགས་པའི་ཤེས་པ་ཚད་མ་ཡིན་ན་ནི་རྟག་པ་མ་ཡིན་ཏེ། འདི་ལྟར་ཤེས་པའི་ཚད་མ་ཉིད་ཡུལ་གྱི་བྱེད་པ་ཡིན་ན། དེ་ལས་བྱུང་བའམ། ཡུལ་གྱི་རྣམ་པ་ཡིན་ན། དེ་ལ་གལ་ཏེ་

རྟག་པ་ཉིད་དབང་ཕྱུག་གི་ཤེས་པ་རིམ་གྱིས་གཞལ་བྱ་ལ་བྱེད་ན་དེའི་ཚེ། བྱེད་པ་དང་། མི་བྱེད་པ་ཐ་དད་པའི་ཕྱིར་རྟག་པ་ཉིད་མ་ཡིན་ནོ། །ཅིག་ཅར་བྱེད་པ་ཡང་མ་ཡིན་ཏེ། ཤེས་བྱ་རིམ་པར་ཤེས་པའི་ཕྱིར་རོ། །འོན་ཏེ་ཇི་ལྟར་མེ་ལོང་ལ་སོགས་པ་མི་འགྱུར་བར་གཟུགས་བརྙན་གཞན་

དང་། གཞན་དུ་མཐོང་བ་དེ་བཞིན་དུ་དབང་ཕྱུག་གི་ཤེས་པ་མི་འགྱུར་བ་ཉིད་དུ་གཞན་དང་གཞན་གྱི་དངོས་པོ་འཛིན་ཏོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཤེས་བྱ་ལ་ཤེས་པའི་བྱེད་པ་མེད་པས་རང་དབང་ཁོ་ནས་དེ་རིག་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་མིག་ཕྱེ་ན་མི་འགྱུར་ཡང་གཞན་

དང་གཞན་གྱི་དངོས་པོ་རུང་བའི་གནས་སུ་འཛིན་པ་དེ་བཞིན་དུ་རྟག་པའི་ཤེས་པ་ཡང་མི་འགྱུར་བ་ཉིད་དུ་ཤེས་བྱ་ཐམས་ཅད་འཛིན་ཏོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ་གང་གི་ཕྱིར་མིག་ལ་དངོས་པོའི་བྱེད་པ་ཡོད་པ་སྟེ། དེ་མེད་ན་ཤེས་པ་མི་སྐྱེ་བས་སོ། །དབང་ཕྱུག་གི་ཤེས་པ་ཡང་རྟག་

པའི་ཕྱིར་ལྡོག་པ་མེད་དོ་ཞེས་འོག་ནས་བཤད་པར་བྱའོ། །དེས་ན་དེ་ལས་བྱུང་བ་དང་དེའི་རྣམ་པ་ཉིད་ནི་རྟག་པ་ཉིད་ལ་མི་སྲིད་དོ། །དབང་ཕྱུག་གི་ཤེས་པ་ནི་མི་རྟག་ཀྱང་དབང་ཕྱུག་རྟག་པ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རིམ་གྱིས་སྐྱེ་བའི་ཤེས་པ་གང་ཡིན་པ་དེ་ནི་རྟག་པ་སྟེ། དབང་

ཕྱུག་ལས་སྐྱེ་བར་མི་འཐད་པའི་ཕྱིར་ཏེ་རྒྱུ་དང་མ་བྲལ་བས་སོ། །དེས་ནི་འདི་སྐད་དུ་སྟོན་ཏེ། གལ་ཏེ་རྒྱུ་རྟག་པ་ནི་འབྲས་བུ་རིམ་གྱིས་སྐྱེ་བ་མ་ཡིན་ཏེ། རྒྱུ་རྟག་ཏུ་ཡོད་པའི་ཕྱིར་རོ། །དེ་བས་ན་ཤེས་བྱ་གཞན་ནས་གཞན་དུ་འབྱུང་བ་ན། རིམ་པ་ཉམས་སུ་མྱོང་བར་མི་འགྱུར་རོ། །

དེ་ལྟར་ནི་འགྱུར་མོད་ཀྱི་དབང་ཕྱུག་གི་ཤེས་པ་རྐྱེན་དང་ཕྲད་ནས་ཤེས་པ་སྐྱེད་དོ་ཞེ་ན། དེའི་ཕྱིར་དབང་ཕྱུག་རྟག་པ་ལ་ནི་ལྟོས་པ་མི་རུང་བའི་ཕྱིར་ཏེ། དེ་ལ་ཕན་འདོགས་པ་མེད་པ་ཡིན་ནོ། །འདི་ལྟར་ཕན་འདོགས་པའི་རྒྱུ་དོན་གཅིག་ལ་བྱེད་པ་ཡིན་ནམ། ལྷག་པར་བྱེད་པའི་རྒྱུ་ཡིན་

เล่ม ๑๘๒ · หน้า 306b

པར་བརྟག་གྲང་ན། དེ་ལ་དོན་གཅིག་ལ་བྱེད་པའི་རྒྱུ་ཉིད་ཀྱིས་ཡུལ་ལ་ཕན་འདོགས་པའི་རྒྱུ་མཚན་ནི་མ་ཡིན་ཏེ། སྔ་མ་ཉིད་དུ་དེ་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དང་བྲལ་བའི་དོན་བྱེད་པ་སྔ་མ་ཉིད་དུ་ཕན་འདོགས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་ཡང་ལྷག་པ་ནི་

ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་རྟོགས་པ་མི་འཐད་པས་དེ་ནི་བདེན་པ་མ་ཡིན་ནོ། ལྷག་པ་ནི་ཐ་དད་པའམ། ཐ་མི་དད་པ་ནི་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེ་བས་ན་རྟག་པ་ལ་ལྟོས་པ་མེད་དེ་ཕན་འདོགས་པའི་རྒྱུ་རྣམས་གཉིས་དང་བྲལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་

འོན་ཀྱང་དབང་ཕྱུག་མི་རྟག་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་རྐྱེན་ལ་མི་ལྟོས་ཏེ། ངོ་བོ་ཉིད་ཀྱི་ཡེ་ཤེས་དང་། འདོད་ཆགས་དང་བྲལ་བ་དང་། དབང་ཕྱུག་ལ་སོགས་པ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཏེ། སྔ་མ་སྔ་མའི་སྐད་ཅིག་འགྱུར་བ་ཙམ་གཅིག་ལས་སྐྱེས་པའི་ཕྱིར་རོ་

ཞེ་ན། འདིར་སྨྲས་པ། རྣམ་འགས་ཕན་འདོགས་མེད་པའི་ཕྱིར། །མི་རྟག་ན་ཡང་ཚད་མ་མེད། །དབང་ཕྱུག་མི་རྟག་ན་ཡང་ཚད་མར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་གིས་ཕན་འདོགས་པ་ཉིད་མེད་པའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་འགའ་ཞིག་གིས་ཕན་

འདོགས་པའམ། གནོད་པ་ཤེས་པ་དེའི་ཚེ་བསྒོམས་པས་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡོངས་སུ་ཤེས་པ་ལས་སྲོག་ཆགས་ལ་སྙིང་རྗེ་བས་ཕན་པ་སྟོན་པར་བྱེད་དོ། །གང་གི་ཚེ་ཡང་ངོ་བོ་ཉིད་ཁོ་ནས་དེའི་ཤེས་པ་ཡིན་ན་དེས་གཞན་ལ་གཉེན་པོ་ཇི་ལྟར་སྟོན་པར་བྱེད་དེ།

འདི་ལྟར་རང་གི་རྒྱུད་ལ་འདོད་ཆགས་དང་བྲལ་བའི་ཐབས་ཤེས་པ་མ་ཡིན་ཏེ། དེའི་རང་གི་ངོ་བོ་ཉིད་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །རྒྱུད་གཞན་ལ་བསྒོམ་པའི་ཐབས་ཤེས་པས་འདོད་ཆགས་དང་བྲལ་བ་ཐོབ་པར་བྱ་བའི་ཕྱིར། དེ་ལ་སྟོན་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི།

འོན་ཀྱང་རྒྱུད་གཞན་པ་ཉིད་ལ་རྒྱུའི་སྟོབས་ཀྱིས་སྐྱེས་པའི་འདོད་ཆགས་ཀྱི་གཉེན་པོ་ཡོངས་སུ་ཤེས་པ་ཅན་གྱི་ཚད་མ་ཡོད་བཞིན་དུ་དབང་ཕྱུག་གིས་ཅི་ཞིག་བྱ། འོན་ཏེ་རྒྱུད་གཞན་དེ་ཉིད་ལ་དབང་ཕྱུག་གིས་སྟོན་ཏོ་ཞེ་ན། འོ་ན་གང་གི་ཚེ་དེ་ལ་དབང་ཕྱུག་གིས་སྟོན་པ་དེའི་ཚེ། འདོད་

เล่ม ๑๘๒ · หน้า 307a

ཆགས་ལ་སོགས་པའི་གཉེན་པོར་ཇི་ལྟར་ཤེས། གཞན་ཡང་གྲོལ་བའི་བདག་ཉིད་ཅན་ལ་དམིགས་ནས་ཤེས་སོ་ཞེ་ན། དེ་ལྟ་མོད་ཀྱི། འོན་ཀྱང་ཐོག་མ་མེད་པ་ནས་འདོད་ཆགས་དང་བྲལ་བ་བརྒྱུད་པའི་ཕྱིར། རྟག་པ་ནི་ཚད་མར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལེགས་

པར་སྨྲས་སོ། །ཡང་ན་གལ་ཏེ་འཛིན་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་པས་ཚད་མ་མེད་པ་ཅན་ཉིད་དོ། །དེའི་དོན་ནི་དེ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་པས་ནམ་ཡང་ཕན་འདོགས་པ་མེད་པའི་ཕྱིར་ཞེས་པ་དེ་ནི་ལྟོས་པ་མེད་པ་དང་ལྡན་པའི་གཏན་ཚིགས་སོ། །འོན་ཏེ་སྡོད་ཅིང་འཇུག་

པ་དང་། དབྱིབས་ཀྱི་ཁྱད་པར་དང་། དོན་བྱེད་པ་ལ་སོགས་པ་དབང་ཕྱུག་སྒྲུབ་པ་མ་ཡིན་ནམ། གང་སྡོད་ཅིང་སྡོད་ཅིང་འཇུག་པ་དེ་ཐམས་ཅད་ནི་བློ་དང་ལྡན་པའི་རྒྱུ་ཡིས་བྱས་པ་སྟེ། སྟ་རེ་ལ་སོགས་པས་གཅོད་པ་བཞིན་ནོ། །གང་གི་ཕྱིར་སྟ་རེ་ལ་སོགས་པ་རང་ཉིད་འཇུག་ན་ནི་རྒྱུན་དུ་འཇུག་པར་

ཐལ་བར་འགྱུར་རོ། །ལུས་དང་། དབང་པོ་དང་། ས་ལ་སོགས་པ་ནི་སྡོད་ཅིང་འཇུག་པའོ། །དེ་བཞིན་དུ་གང་དབྱིབས་ཀྱི་ཁྱད་པར་ལྡན་པ་དེ་ཐམས་ཅད་བྱེད་པ་པོས་བྱས་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །ལུས་དང་དབང་པོ་ལ་སོགས་པ་ཡང་དབྱིབས་ཀྱི་ཁྱད་པར་དང་

ལྡན་པའོ། །དེ་བཞིན་དུ་གང་དོན་བྱ་བ་བྱེད་པ་དེ་ཐམས་ཅད་བྱེད་པ་པོས་བྱས་པ་སྟེ། སྟེའུ་ལ་སོགས་པ་བཞིན་ནོ། །ལུས་དང་། མིག་དང་ས་ལ་སོགས་པ་ཡང་དོན་བྱ་བ་བྱེད་པའི་ཕྱིར་ཞེས་བྱ་བའོ། །སོགས་པའི་སྒྲས་ནི་བྱས་པ་ཉིད་ཉེ་བར་བཟུང་སྟེ། འབྲས་བུ་གང་ཡིན་པ་དེ་

ཐམས་ཅད་ནི་བློ་དང་ལྡན་པའི་རྒྱུ་ལས་བྱུང་བ་སྟེ། ཡལ་ག་ལ་སོགས་པ་བཞིན་ནོ། །རི་ལ་སོགས་པ་ཡང་འབྲས་བུ་ཡིན་ཞེས་ཟེར་ན། འདིར་སྨྲས་པ། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་སོགས་པ་ལ། །འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་

ཚོམ་ཟ་བ་ཡིན། །འདིར་སྡོད་ཅིང་འཇུག་པ་ལ་སོགས་པ་རྣམས་ཀྱི་གཏན་ཚིགས་ནི་སྤྱིར་བློ་དང་ལྡན་པ་རྣམས་ཀྱི་རྒྱུར་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་བམ། ཕུལ་དུ་བྱུང་བའི་སེམས་པས་བྱིན་གྱིས་བརླབས་པ་ཉིད་ཀྱི་ཁྱད་པར་ཡིན་པར་བརྟག་གྲང་ན། དེ་ལ་གལ་ཏེ་སྤྱི་གྲུབ་པ་དེ་ལྟ་ན་ནི་

เล่ม ๑๘๒ · หน้า 307b

ཕྱོགས་མ་ཡིན་ཏེ། ཕྱོགས་ནི་མ་གྲུབ་པ་ལ་འདོད་པའི་ཕྱིར་རོ། །སྤྱིར་སེམས་སྔོན་དུ་འགྲོ་བ་ཙམ་ནི་གྲུབ་པ་ཉིད་དེ། དེ་ལྟར་ཡང་གསུངས་པ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་གསུངས་སོ། །འོན་

ཏེ་ལས་སྣ་ཚོགས་པའི་སྔོན་དུ་སེམས་འགྲོ་བ་ཉིད་དེ། ལས་འཇུག་པ་དང་ལྡོག་པའི་དོན་དུ་དབང་ཕྱུག་ཁས་བླང་བར་བྱ་སྟེ། དེ་ལྟར་ཡང་དེ་ནི་དབང་ཕྱུག་གིས་བསྐུལ་བ་ལས་ཆོས་སྟོན་ཏོ་ཞེས་བཤད་དོ། །དེ་བས་ན་བྱེད་པ་པོས་བྱས་པའི་ལས་སྔོན་དུ་སོང་བའི་ནི་གྲུབ་པ་ལ་སྒྲུབ་པ་ནི་

མ་ཡིན་ཏེ། དབང་ཕྱུག་གིས་བྱས་པའི་ལས་ཁས་བླངས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ལས་ཉིད་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར། སྣ་ཚོགས་ལ་འཇུག་པ་ཉིད་ཡིན་ནོ། །སེམས་མེད་པའི་འབྲས་བུ་གང་ཡིན་པ་དེ་ནི་རང་ཉིད་སྐྱེ་བར་འཇུག་པ་མ་ཡིན་ཏེ། དེ་འདི་ཡིན་

ཞེས་དཔྱད་ནས་འཇུག་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རང་ཉིད་དཔྱད་ནས་འཇུག་པ་དཔྱོད་པ་པོས་བསྐུལ་ནས་འཇུག་པར་གྱུར་གྲང་ན། སེམས་མེད་པ་ནི་རང་ཉིད་འཇུག་པ་མ་ཡིན་ནོ། །དེ་ལ་གལ་ཏེ་ལས་སེམས་ཀྱི་ངོ་བོ་ཉིད་ཡིན་ན་གཞན་གྱིས་དཔྱད་པ་དེ་ལ་དགོས་པ་ཅི་

ཡོད། གཞན་དུ་ན་ཇི་ལྟར་ལས་སེམས་ཀྱི་རང་བཞིན་ཡིན་ཡང་། དབང་ཕྱུག་གིས་བསྐུལ་ནས་འཇུག་པ་དེ་བཞིན་དུ་རྫ་མཁན་ཡང་དབང་ཕྱུག་གིས་བསྐུལ་བའི་འབྲས་བུའོ་ཞེས་ཅིའི་ཕྱིར་ཁས་མི་ལེན། འོན་ཏེ་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་འབྲས་བུ་ལ་འཇུག་

པ་ཡིན་ན། འོ་ན་ནི་དབང་ཕྱུག་ཀྱང་དབང་ཕྱུག་གཞན་གྱིས་བྱིན་གྱིས་རློབ་པར་འགྱུར་རོ། །འོན་ཏེ་དབང་ཕྱུག་ནི་རང་ཉིད་ཡོངས་སུ་ཤེས་པས་འཇུག་གི་རྫ་མཁན་ནི་མི་ཤེས་པའི་ཕྱིར། རང་ཉིད་ལ་དཔྱོད་པའི་མཐུ་མེད་པས་དབང་ཕྱུག་གིས་བསྐུལ་ནས་འཇུག་པའོ། །དེའི་

ཕྱིར། མི་ཤེས་སྐྱེ་བོ་རང་དབང་མེད། །བདག་དེས་སྡུག་བསྔལ་དུ་འགྱུར་བ། །དབང་ཕྱུག་གིས་ནི་བསྐུལ་བ་ལས། །མཐོ་རིས་དང་ནི་ངན་འགྲོར་འགྲོ། །ཞེས་སྨྲས་པ། དེ་ནི་བདེན་པ་མ་ཡིན་ཏེ། དེ་ཐམས་ཅད་ཤེས་པར་མི་འགྲུབ་པའི་ཕྱིར་རོ། །འོན་ཏེ་རྒྱུ་ལས་

เล่ม ๑๘๒ · หน้า 308a

འབྲས་བུ་ཡོངས་སུ་ཤེས་པར་འདོད་པ་དེ་ལྟར་ན་ཡང་གཅིག་ལ་གཅིག་བརྟེན་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་སྒྲུབ་པ་ན། བྱ་བ་བྱེད་པ་ཡིན་ཞིང་བྱ་བ་བྱེད་པ་ཉིད་ལས་ཀྱང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དབང་ཕྱུག་གིས་

བསྐུལ་བའི་ལས་ལས་འབྲས་བུ་སྐྱེ་བ་དེ་ལྟ་ན་ཡང་ཆོས་ཉིད་ནི་རྗེས་སུ་གནོད་པར་འགྱུར་གྱི། ཆོས་མ་ཡིན་པ་ཇི་ལྟར་གནོད་པར་འགྱུར། འཁོར་བ་ཉིད་དུ་སྐྱེས་པ་ལ་ལེགས་པ་སྟེར་བས་གཞན་ལ་ཕན་པ་བྱེད་པར་འགྱུར་རོ། དབང་ཕྱུག་ནི་འདོད་ཆགས་དང་བྲལ་བ་དང་

བྱེད་པ་དང་ལྡན་ན། ཡང་ཇི་ལྟར་འཇིག་རྟེན་པ་ལ་ཆོས་མ་ཡིན་པ་གནོད་ཅིང་མི་ཕན་པ་སྟེར་བ་ཡིན། ཆོས་མ་ཡིན་པ་དེ་ནི་འཇིག་རྟེན་ལས་ཀྱིས་བསྐུལ་ཞིང་སྡུག་བསྔལ་བསྐྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་། འཁོར་བ་དབང་ཕྱུག་ལས་མ་ཡིན་པར་འགྱུར་རོ། །དབང་ཕྱུག་གི་

འདོད་པ་མ་གཏོགས་པར་ལས་གཅིག་པུ་ལས་འབྲས་བུ་སྐྱེ་བ་མ་ཡིན་པར་སྨྲ་ན། དེ་ལྟ་ན་ཡང་ལོག་པར་རྟོགས་པ་ཉིད་དོ། །དེ་ལྟ་བས་ན་སྤྱི་བསྒྲུབ་པར་བྱ་བ་ལ་འདོད་པ་གྲུབ་པའོ། །འོན་ཏེ་ཕུལ་དུ་བྱུང་བའི་བློ་དང་ལྡན་པ་སྔོན་དུ་སོང་བ་ཉིད་སྒྲུབ་པར་བྱེད་ན། དེའི་ཚེ་དཔེ་མ་གྲུབ་

པར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་བྱེད་པ་པོ་སྔོན་དུ་འགྲོ་བ་ཉིད་གང་དུ་ཡང་རྗེས་སུ་འགྲོ་བ་མ་ཡིན་ནོ། །འདོད་པའི་ཡུལ་དུ་བྱེད་པའི་བསྒྲུབ་བྱ་ཉིད་ནི་བརྗོད་པ་ཙམ་གྱིས་བྱེད་པ་པོ་སྔོན་དུ་འགྲོ་བར་སྟོན་པ་ནི་མ་ཡིན་ཏེ། དེ་ལ་ལོག་པར་རྟོགས་པ་ལ་རྒྱུ་མེད་པའི་ཕྱིར་རོ། །ད་ནི་

གཏན་ཚིགས་ཀྱི་སྐྱོན་བཤད་པར་བྱ་སྟེ། ཡང་ན་ཐེ་ཚོམ་ཟ་བ་ཡིན་ཞེས་དེ་ལ་སྡོད་ཅིང་འཇུག་པ་དང་། དོན་བྱ་བ་བྱེད་པ་ལ་ནི་ཤིན་ཏུ་གསལ་བར་མ་ངེས་པ་ཉིད་དོ། །དབང་ཕྱུག་ནི་སྡོད་ཅིང་འཇུག་པ་དང་། དོན་བྱེད་པ་ཅན་གྱི་བྱེད་པ་པོ་གཞན་གྱིས་བྱས་པ་ནི་མ་ཡིན་ནོ། །འོན་ཏེ་འདིས་

སེམས་དང་ལྡན་པ་ཡིན་ན། འོ་ན་ནི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བའི་སྲོག་ཆགས་ཀྱང་སེམས་དང་ལྡན་ཡང་དབང་ཕྱུག་གིས་བྱིན་གྱིས་བརླབས་པ་མ་ཡིན་ཏེ། ཐམས་ཅད་ཤེས་པ་ནི་རང་དབང་དུ་མ་གྲུབ་པའོ་ཞེས་བསྟན་ཏོ། །དབྱིབས་ཀྱི་ཁྱད་པར་ནི་ཐེ་ཚོམ་ཟ་བའི་མ་

เล่ม ๑๘๒ · หน้า 308b

ངེས་པ་ཡིན་ཏེ། འདི་ལྟར་དབྱིབས་ཀྱི་ཁྱད་པར་ལ་ཕན་འདོགས་པར་འགྱུར་ཡང་སེམས་དང་ལྡན་པ་བྱིན་གྱིས་བརླབས་པ་མ་ཡིན་པ་འདི་ལ་འགལ་བ་ཅི་ཡོད། དོན་བྱེད་པ་ལ་སོགས་པ་ཡང་ལྷག་མ་དང་ལྡན་པར་མཚུངས་སོ། །མ་ངེས་པ་དེ་དག་དང་ལྡན་པའི་ཕྱིར་དེ་དག་ནི་གཏན་ཚིགས་

སམ། རྟོགས་པར་བྱེད་པ་མ་ཡིན་ནོ། །ཡང་ན་ཐེ་ཚོམ་ཟ་བ་དང་མ་གྲུབ་པར་འགྱུར་རོ། །དབྱིབས་ནི་སེམས་ལས་སྐྱེས་པར་དམིགས་པ་མ་ཡིན་ནམ། རི་ལ་སོགས་པའི་དབྱིབས་ཀྱང་རྒྱུ་སེམས་ལས་མ་རྟོགས་པར་ཇི་ལྟར་སྐྱེ་བར་འགྱུར་ཏེ། དཔེར་ན་མེ་ཡིས་བསྐྱེད་

པའི་དུ་བ་མེ་མ་རྟོགས་པར་སྐྱེ་བ་མ་ཡིན་ཏེ། འབྲས་བུ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དབྱིབས་ནི་ཇི་ལྟར་སེམས་མ་རྟོགས་པར་འབྱུང་བར་འགྱུར་ཞེ་ན། འདིར་དེ་བཟློག་པའི་ཕྱིར། བྱིན་རློབ་ཡོད་མེད་རྗེས་འཇུག་ཅན། །བཀོད་སོགས་ཅི་འདྲ་

བར་གྲུབ་ལ། །དེ་ལ་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ་འབྲས་བུ་ཉིད་ཙམ་མམ། དབྱིབས་ཉིད་ཙམ་གྱིས་ནི་མ་ཡིན་ཏེ། མངོན་པར་འདོད་པའི་རྒྱུ་མཚན་རྟོགས་པའི་རྟགས་མེད་ན་མ་ཡིན་ནོ། །འོན་ཀྱང་བཀོད་པ་ལ་སོགས་པ་ཅི་འདྲ་བར་

ངེས་པ་སྟེ། འབྲས་བུ་ནི་བྱིན་གྱིས་རློབ་པ་ཡོད་པ་དང་མེད་པ་དག་གི་རྗེས་སུ་འཇུག་ཅིང་རྗེས་སུ་འགྲོ་བ་དང་། ལྡོག་པ་ལ་རག་ལས་པ་སྟེ་དེ་དང་ལྡན་པའོ། །དེ་བས་ན་བཀོད་པ་ལ་སོགས་པ་ངེས་པ་ལས་གང་བློ་དང་ལྡན་པའི་རྒྱུ་སྔོན་དུ་སོང་བ་ཉིད་ཡང་ཐོག་ལ་སོགས་པ་ལ་རྗེས་སུ་

དཔོག་པ་དེ་ནི་རིགས་པ་སྟེ་མཛེས་པའོ། །འདི་ལྟར་དོན་བྱེད་པར་མ་མཐོང་བར་ཡང་། ཡང་ཐོག་ལ་སོགས་པ་མཐོང་བའི་ཕྱིར་བློ་ཡིས་བྱས་པ་ཡིན་པར་དཔག་གི །རི་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ཡོད་པ་ནི་སེམས་ཀྱིས་བསྐྱེད་པ་ཉིད་དུ་མཐོང་བ་ནི་མ་ཡིན་ནོ། །དེ་ལྟ་ནི་

འགྱུར་མོད་ཀྱི། གང་གི་ཕྱིར་རི་ལ་སོགས་པའི་དབྱིབས་མཐོང་བར་གྱུར་ཀྱང་། སེམས་ཀྱིས་བསྐྱེད་པ་ཉིད་དུ་ངེས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟ་བས་ན་བསྒྲུབ་པར་བྱ་བ་སྟེ། དཔེར་ན་ཡོད་པའི་དོན་མཐོང་ཡང་། མི་རྟག་པ་ཉིད་དུ་མ་ངེས་པས་རྗེས་སུ་དཔོག་པ་བཞིན་ནོ་ཞེ་ན།

เล่ม ๑๘๒ · หน้า 309a

ཡོད་པ་ལ་སོགས་པའི་རྟགས་ངེས་པ་ནི་འབྲེལ་པ་ངེས་པར་འཛིན་པ་མེད་པ་ལས་མི་རྟག་པ་ལ་སོགས་པ་ངེས་པ་མ་ཡིན་པའི་ཕྱིར་འདིར་འཁྲུལ་པར་རིགས་པ་མ་ཡིན་ནམ། འདི་ནི་ར་ལ་སོགས་པའི་དབྱིབས་རིགས་པ་ལ་བློ་དང་ལྡན་པའི་རྒྱུ་མེད་ན་མི་འབྱུང་

བ་དབྱིབས་ཀྱི་ཁྱད་པར་དྲན་པར་ཡོད་ན་ཅིའི་ཕྱིར་རྗེས་སུ་དཔོག་པ་འབྱུང་བ་མ་ཡིན། ཚིག་གིས་ཀྱང་ཚུལ་གསུམ་དྲན་པར་བྱེད་དེ་དེ་ནི་སྔོན་དུ་ཡོད་པར་ངེས་པ་འགྲོ་ན། དེ་ཡོད་པ་ནི་མ་ཡིན་ཏེ། དབྱིབས་ཀྱི་ཁྱད་པར་ནི་བྱེད་པ་པོ་མེད་པར་འབྱུང་བས་མ་གྲུབ་པོ། །དེ་དག་གི་ནི་དབྱིབས་ཀྱི་

ཁྱད་པར་རྟགས་མ་ཡིན་པར་བསྟན་ནོ། །དེ་ལྟར་འགྱུར་མོད་ཀྱི་ཁྱད་པར་སྤངས་པའི་སྤྱི་དབྱིབས་ཀྱི་རྟགས་ཡོད་ན་ཁྱད་པར་ནི་རྟགས་མ་ཡིན་པའི་ཕྱིར་ཏེ་རྗེས་སུ་འགྲོ་བ་དང་བྲལ་བས་སོ་སྙམ་དུ་སེམས་ན་དེའི་ཕྱིར། དངོས་ཐ་དད་ལ་རབ་གྲུབ་པ། །སྒྲ་མཚུངས་པས་ཐ་དད་མེད་ཕྱིར། །རྗེས་

དཔོག་རིགས་པ་མ་ཡིན་ཏེ། །རྫས་སྔོན་པོ་ལས་མེ་དཔོག་བཞིན། །ཞེས་བྱ་བ་སྨོས་ཏེ། སྤྱིའི་རྟགས་དེ་ཉིད་ཀྱང་བསྒྲུབ་བྱ་མེད་ན་མི་འབྱུང་བ་དང་། འབྲེལ་པ་མེད་པས་ཡང་དངོས་པོ་ཐ་དད་པ་ལ་སྟེ། ཡོད་པའི་ཁྱད་པར་བུམ་པ་ལ་སོགས་པ་ལ་སེམས་ལས་སྐྱེས་པར་གྲུབ་ཀྱི། རི་ལ་སོགས་

པ་ལ་རྗེས་སུ་དཔོག་པ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་མཚུངས་པ་སྟེ། མངོན་པར་བརྗོད་པ་མཚུངས་པས་གང་ཐ་མི་དད་པ་ནི་རྣམ་པ་གཅིག་ཏུ་ཤེས་པ་སྟེ་དབྱིབས་མཚུངས་པའོ། །དེ་ཇི་ལྟ་བུ་ཞེ་ན། དཔེར་ན་སྔོན་པོར་མཚུངས་པའི་རྫས་ནི་མེ་དཔོག་པའི་རྟགས་མ་

ཡིན་ཏེ། མེ་ངེས་པར་འདོད་པ་ལ་སྔོན་པོའི་ཁྱད་པར་ངེས་པར་གཟུང་བར་བྱས་ན་མེ་མེད་ན་མི་འབྱུང་བའི་དངོས་པོ་ཉིད་གང་ཡིན་པ་དེ་རྟོགས་པར་བྱེད་པ་ཡིན་ནོ། །སྔོན་པོ་ཉིད་ཙམ་མཚུངས་པ་ནི་ཁང་པ་སྐྱ་བོ་ལའང་ཡོད་པའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་ནོ། །རྫས་སྔོན་པོ་ལ་མེ་རྗེས་

སུ་དཔོག་པ་ལ་གནོད་པ་ཡོད་དེ། དེ་དང་འགལ་བའི་མཁར་སྐྱ་བོ་ལ་སོགས་པ་མཐོང་བ་མ་ཡིན་ནམ། དབྱིབས་མཚུངས་པ་འདི་ལ་སེམས་ལས་སྐྱེས་པ་ཉིད་དུ་དཔོག་པ་ལ་གནོད་པ་མ་མཐོང་བའི་ཕྱིར་དེ་ཇི་ལྟར་རྗེས་སུ་དཔོག་པ་མིན་ཞེ་ན། འདིར་སྨྲས་པ། དེ་ལྟ་མིན་ན་རྫ་མཁན་

เล่ม ๑๘๒ · หน้า 309b

གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི། །འགྱུར་བ་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་བྱས་དེས་གྲུབ་འགྱུར། །གནོད་པ་མེད་པ་ཉིད་ཀྱིས་རྗེས་སུ་དཔོག་པ་སྐྱེ་བ་ནི་མ་ཡིན་ཏེ། འོན་ཀྱང་འབྲེལ་པ་ངེས་པ་ལས་སོ། །གཞན་དུ་འབྲེལ་པ་ངེས་པ་མ་གཏོགས་པར་དབྱིབས་

མཚུངས་པ་ལས་སེམས་ཀྱིས་བྱས་པ་ཉིད་དུ་རྗེས་སུ་དཔོག་ན། རྫ་མཁན་གྱིས་འགའ་ཞིག་ཏུ་འཇིམ་པའི་འགྱུར་བ་བུམ་པ་ལ་སོགས་པ་བྱས་པ་ན་གྲོགས་མཁར་ལ་རྫ་མཁན་གྱིས་བུམ་པ་བཞིན་བྱས་པར་དཔོག་པར་འགྱུར་ཏེ། འཇིམ་པའི་འགྱུར་བ་ཡིན་པའི་ཕྱིར་རོ། །འདི་སྙམ་

དུ་དགོངས་ཏེ་གྲོག་མཁར་ལ་རྫ་མཁན་གྱིས་བསྐྱེད་པ་ཉིད་ལ་གནོད་པ་མ་མཐོང་བས་རྗེས་སུ་དཔག་པར་འགྱུར་རོ། །རྫ་མཁན་གྱིས་བྱས་པ་ལས་བྱུང་བར་མ་མཐོང་བ་ཉིད་གནོད་པ་ཅན་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི། འོན་ཀྱང་ལྗོན་ཤིང་ལ་སོགས་པ་སེམས་ལས་བྱུང་བ་ཉིད་དུ་མ་

དམིགས་པའི་ཕྱིར། དབང་ཕྱུག་གིས་བྱས་པ་ཉིད་ལ་ཇི་ལྟར་གནོད་པ་མེད་པ་ཡིན། དེ་ལྟ་ན་འོ་ན་ནི་དམིགས་པར་མ་གྱུར་པའི་ལས་ཀྱིས་ཀྱང་ཇི་ལྟར་ནུས་པ་ཡིན་ཞེ་ན། འགྲོ་བ་སྣ་ཚོགས་པར་མཐོང་བའི་ཕྱིར། ལས་ཡོད་པར་བཤད་པར་བྱའོ། །དེའི་ཕྱིར་དབྱིབས་མཚུངས་པ་ནི་

རྟགས་མ་ཡིན་ཏེ་འབྲེལ་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་གནས་སོ། །འདི་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་མ་ཡིན་ནམ། དཔེར་ན་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དུ་རྟོགས་པ་འདི་ཅི་སྟེ་བརྩལ་མ་ཐག་ཏུ་འབྱུང་བ་དངོས་པོ་ཡིན་ནམ། འོན་ཏེ་ཤེས་པ་ཡིན། དེ་ལ་བརྩལ་མ་

ཐག་ཏུ་འབྱུང་བ་དངོས་པོ་ཡིན་ན་ནི་མ་གྲུབ་པ་སྟེ། རྟག་པ་ཉིད་དུ་ཁས་བླངས་པ་ལས་རྒྱུ་ཡོད་པ་དང་ལྡན་པ་ནི་རྟག་པའོ་ཞེས་སྨྲས་པས་སོ། །འོན་ཏེ་གསལ་བར་བྱས་པས་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཡིན་པ་དེ་ལྟ་ན་ཡང་མི་རྟག་པ་མ་ཡིན་ཏེ། རྩོལ་བས་ཡོད་པ་ཉིད་དུ་གསལ་

བར་བྱེད་པའི་ཕྱིར་རོ། །ཇི་ལྟར་སྒྲོན་མས་བུམ་པ་གསལ་བར་བྱེད་པ་བཞིན་ནོ། །དེ་བཞིན་དུ་དབྱིབས་ཀྱི་ཁྱད་པར་འདིར་ཡང་ཡིན་ཏེ། ཅི་བུམ་པ་ལ་ཡོད་པའི་དབྱིབས་ཡིན་ནམ། འོན་ཏེ་ས་ལ་སོགས་པའི་ཡིན་ཞེས་རྟོགས་པ་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་

เล่ม ๑๘๒ · หน้า 310a

ནོ་ཞེ་ན། འདིར་སྨྲས་པ། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་ཡིན་ན། །འབྲེལ་པ་ཅན་ནི་ཐ་དད་པས། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། །ཅེས་བྱ་བ་ལ། སྤྱིས་ཀྱང་རྩོལ་བ་ལས་བྱུང་བའི་འབྲས་བུ་བྱེད་ཀྱི་ཡུལ་ལ་

སྐྱོན་གང་ཡིན་པ་དེ་ནི་འབྲས་བུ་མཚུངས་པར་འདོད་དོ། །སྐྱོན་ཇི་ལྟ་བུ་ཞེ་ན། ཐ་དད་པར་བརྗོད་པའི་སྐྱོན་ཏེ། ཐ་དད་པར་བརྗོད་པ་ནི་བཀོད་པ་སྟེ། འབྲས་བུ་ཞེས་བྱ་བ་ཅི་མངོན་པར་གསལ་བ་ལ་གནས་པ་མ་ཡིན་ནམ། འོན་ཏེ་སྐྱེ་བ་ལ་གནས་པ་ཡིན་ཞེས་འབྲེལ་པ་ཅན་

ཐ་དད་པ་ལས་ཐ་དད་པར་བརྗོད་པའི་སྐྱོན་གང་ཡིན་པ་དེ་ནི། འབྲས་བུ་མཚུངས་པར་འདོད་ཀྱི་ཡང་དག་པའི་སྐྱོན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བྱའི་སྟེ། མི་རྟག་པའི་རྗེས་སུ་འགྲོ་བའི་ཕྱིར་ཏེ་ཁྱབ་པའི་ཕྱིར་རོ། །འདིའི་དོན་ནི་འབྲས་བུ་རྩོལ་བ་ལས་བྱུང་བ་ཉིད་ནི་གལ་

ཏེ་སྐྱེ་བ་ལ་གནས་སམ་མངོན་པར་གསལ་བ་ལ་གནས་པ་དེ་ལྟ་ན་ཡང་རྩོལ་བའི་དེ་མ་ཐག་ཏུ་བྱུང་བ་ཉིད་སྤྱིར་རྟག་པ་ལ་མི་སྲིད་དོ། །ཇི་ལྟར་ཡང་རྟག་པ་དང་འགལ་བའི་རྩོལ་བ་ལས་བྱུང་བ་ཉིད་ཇི་ལྟ་བ་དེ་བཞིན་དུ་ལེའུ་བཞི་པ་ལས་རྟོགས་པར་བྱའོ། །དེ་ལྟ་བས་ན་སྤྱི་གཟུང་བའི་

རྩོལ་བ་ལས་བྱུང་བ་ཉིད་འབྲེལ་པ་ཐ་དད་པས། ཐ་དད་པས་བརྗོད་པ་ནི་ལྟག་ཆོད་ཉིད་ཡིན་ཏེ། གལ་ཏེ་ཡང་རྩོལ་བ་ལས་བྱུང་བའི་ཤེས་པ་དང་རྟག་པ་ལ་སོགས་པ་འགལ་བ་མེད་པ་དེའི་ཚེ་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་བློ་སྔོན་དུ་བྱེད་པའི་རྗེས་སུ་འགྲོ་བའི་ཤེས་པ་ཡོད་པ་ནི་མ་

ཡིན་པ་དེ་ལྟ་ན་ཡང་དབྱིབས་ཀྱི་སྒྲ་བརྗོད་པར་བྱ་བ་ཉིད་ཀྱི་རྗེས་སུ་འགྲོ་བ་ཉིད་དེ། དབྱིབས་དབྱིབས་ཞེས་བྱ་བ་མངོན་པར་རྗོད་པར་བྱེད་པ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དབྱིབས་ཀྱང་འབྲེལ་བ་ཐ་དད་པས་ཅི་དབྱིབས་འདི་བུམ་པ་ལ་གནས་པའི་རྟགས་ཡིན་ནམ། འོན་ཏེ་རི་ལ་སོགས་

པ་ལ་གནས་པ་ཡིན་ཞེས་གཏན་ཚིགས་ལ་རྟོགས་པ་གང་ཡིན་པ་དེ་ནི་སྐྱོན་ལྟར་སྣང་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རིགས་གཞན་ལ་ནི་རབ་གྲུབ་པའི། །སྒྲ་ཡི་སྤྱི་ནི་མཐོང་བའི་ཕྱིར། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཡིན་ཕྱིར་རྭ་ཅན་གཞན། །ཞེས་བྱ་བ་

เล่ม ๑๘๒ · หน้า 310b

ལ། ཇི་ལྟར་ཚིག་ལས་ཐ་དད་པའི་རིགས་གཞན་ལ་རབ་ཏུ་གྲུབ་པས་རྭ་དང་ལྡན་ཞེས་ཏེ། ཚིག་ལ་གོ་ཞེས་བྱ་བས་ནི་མ་ཡིན་ཏེ། ཚིག་ལ་ཐ་མི་དད་པར་དཔག་པར་བྱའོ། །དེ་བཞིན་དུ་ལྗོན་ཤིང་ལ་སོགས་པ་དང་མཚན་ཉིད་མི་མཐུན་པ་ལ་སེམས་དང་ལྡན་པར་གྲུབ་ཀྱང་དབྱིབས་ཀྱི་སྒྲ་

མཚུངས་པར་མཐོང་བ་ལས་རི་ལ་སོགས་པ་ལས་སེམས་སྒྲུབ་བྱེད་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིས་ནི་རྗོད་པར་བྱེད་པ་ནི་རྟགས་མ་ཡིན་པར་བསྟན་ཏེ། དོན་གྱི་སྤྱི་ནི་རྟགས་ཇི་ལྟ་བ་དེ་བཞིན་དུ་བརྗོད་དོ། །སྒྲ་ཡང་དབྱིབས་ཀྱི་ཁྱད་པར་ལས་ཐ་དད་པའི་རི་ལ་སོགས་པ་ལ་ཇི་ལྟར་འཇུག་སྟེ། སྒྲ་

རྣམས་ནི་དོན་དང་འབྲེལ་པའི་ཕྱིར་རོ། །དེས་ན་སྒྲ་ལས་དབྱིབས་ཀྱི་ཁྱད་པར་གྲུབ་པ་མ་ཡིན་ནམ། དེ་ལྟ་བས་ན་སེམས་ཀྱིས་བྱས་པ་ཉིད་དོ་སྙམ་དུ་སེམས་ན་དེའི་ཕྱིར། རྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་དོན་དང་འབྲེལ་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །

ཐམས་ཅད་ལས་ནི་ཐམས་ཅད་འགྲུབ། །ཅེས་བྱ་བ་ལ་སྒྲ་དེ་དག་སྲིད་པའི་ཕྱིར་མངོན་པར་འདོད་པའི་དོན་འགྲུབ་པ་སྟེ། ངེས་པར་མངོན་པར་འདོད་པའི་དོན་ཐམས་ཅད་སྲོག་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཐོབ་པར་འགྱུར་རོ། །གང་གི་ཕྱིར་བརྗོད་པར་འདོད་པ་

གཞན་གྱི་དབང་གི་ཕྱིར་ཏེ། རྗོད་པར་འདོད་པ་གཞན་ལ་རག་ལས་པའི་ཕྱིར་སྒྲ་གང་ལ་མེད་པ་ཡིན་ཏེ་ཐམས་ཅད་ལ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་དེའི་དོན་འགྲུབ་ན་ནི་སུ་ཡང་ཕོངས་པར་མི་འགྱུར་རོ། །དེའི་ཕྱིར་གཞན་གྱིས་ཁས་བླངས་པའི་སྒྲུབ་བྱེད་ནི་བདེན་པ་མ་

ཡིན་ནོ། །དེས་ནི་མི་རྟག་སྩོགས་པས་ཀྱང་། །སེར་སྐྱ་ལ་སོགས་སེམས་མེད་སོགས། །ཤུན་ལྤགས་བཤུས་ནས་འཆི་བའི་ཕྱིར། །སེམས་དང་ལྡན་པ་དཔྱད་པ་ཡིན། །ཞེས་བྱ་བ་ལས་སྒྲུབ་བྱེད་མ་གྲུབ་པ་དེས་ནི་བརྗོད་པ་མཚུངས་པའི་ཕྱིར་ཞེས་རྟགས་མེད་པ་དེ་མ་ཐག་

པར་བསྟན་པས་སེར་སྐྱ་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་གཅེར་བུ་པ་རྣམས་གཟུང་ངོ་། །མི་རྟག་པ་ལ་སོགས་པའི་སྒྲས་བྱས་པ་ཉིད་བསྟན་པ་ཡིན་ཏེ། སེམས་མེད་པ་ལ་སོགས་པར་དེ་དག་གིས་སྤྱོད་པ་དང་། འཆི་བ་ལ་སོགས་པ་ལས་སེམས་དང་ལྡན་པར་

เล่ม ๑๘๒ · หน้า 311a

དཔྱོད་པར་བྱེད་དོ། །གྲངས་ཅན་ནི་མི་རྟག་པ་ལ་སེམས་མེད་པ་དང་། གཅེར་བུ་པ་ནི་ཤུན་ལྤགས་ཐམས་ཅད་བཤུས་པས་འཆི་བའི་རྟགས་ལས་ཤིང་རྣམས་སེམས་ཡོད་པར་རོ། །དེ་དག་གཉི་ག་ནི་མ་གྲུབ་པ་ཡིན་ནོ། །གྲངས་ཅན་པ་ཡང་ཡོད་པ་མ་ཡིན་པ་ལས་

སྐྱེ་བ་མ་ཡིན་ཏེ། ཡོད་པ་ཉིད་གསལ་བར་བྱེད་པས་ཁས་ལེན་པའི་ཕྱིར་རོ། །གང་ཡང་དངོས་པོའི་བྱས་པ་ཉིད་གང་ཡིན་པ་དེས་མི་ཤེས་པའི་ཕྱིར་ཚད་མ་མི་ཤེས་པས་རྒོལ་བ་ལ་གྲུབ་པོ་ཞེས་བརྗོད་དོ། །ཇི་ལྟར་སེམས་དང་མི་ལྡན་པ་ལ་རྟགས་མེད་པ་དེ་བཞིན་དུ་བསྟན་པར་བྱའོ། །རྟགས་གཉིས་པ་ནི་ཕྱིར་

རྒོལ་བ་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་སངས་རྒྱས་པ་ནི་རྣམ་པར་ཤེས་པ་དང་། དབང་པོ་དང་། ཚེ་འགགས་པའི་མཚན་ཉིད་འཆི་བ་ཡིན་གྱི། གལ་ཏེ་ཤིང་ལ་དེ་གྲུབ་ན་ནི་སེམས་དང་ལྡན་པ་གྲུབ་པ་ཉིད་དུ་འགྱུར་བ་དེ་བས་ན་སྐམ་པ་ཙམ་ལ་འཆི་བ་ཞེས་སྨྲ་བ་དེ་ནི་ཤ་སྐམ་པ་ལ་

སོགས་པ་ལ་ཡང་མཐོང་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་གཉིད་ལོག་པ་ལ་སོགས་པ་གཟུང་སྟེ་དེ་ནི་མ་གྲུབ་པའོ། །གཉིད་དང་ལྡན་པའི་སེམས་ཀྱི་གནས་སྐབས་ནི་གཉིད་ལོག་པ་ཞེས་བརྗོད་དེ། དེ་ལྟ་བུར་གྱུར་པའི་གཉིད་ལོག་པ་ནི་ཤིང་ལ་གྲུབ་པ་མ་ཡིན་ནོ། །ལོ་མ་འཁུམས་

པ་ལས་གཉིད་ལོག་པའི་སྒྲར་སྨྲ་བ་ནི་སྒྲ་བརྗོད་པ་ཙམ་ལས་དོན་གྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་འབྲེལ་པ་ཅན་དུ་རྟོགས་པས་འབྲས་བུ་དང་། དབྱིབས་ནི་སེམས་ཀྱིས་བསྐྱེད་པ་ཉིད་ཀྱི་རྟགས་མ་ཡིན་ན། འོ་ན་ནི་བྱས་པ་ཉིད་ཀྱང་རྟགས་མ་ཡིན་པར་འགྱུར་བ་མ་ཡིན་

ནམ། དེ་ལ་ཡང་ཐ་དད་པར་རྟོགས་པ་ལས་འདི་ཅི་སྟེ་མེད་པ་སྐྱེད་པ་ཡིན་ནམ། འོན་ཏེ་ཡོད་པ་ཉིད་གསལ་བར་བྱེད་པ་ཡིན། དེ་ལ་བརྟག་པ་དང་པོ་ནི་གྲངས་ཅན་ལ་མ་གྲུབ་པ་ཡིན་ཞིང་། གཉིས་པ་ནི་སངས་རྒྱས་པ་ལ་མ་གྲུབ་པའི་ཕྱིར། མ་གྲུབ་པས་བྱས་པ་ནི་རྟགས་མ་ཡིན་

ནོ་ཞེ་ན། ལན་སྨྲས་པ། དངོས་པོའི་རང་བཞིན་མ་གྲུབ་ན། །འདི་རིགས་གཞན་དུ་གྲུབ་ན་ནི། །ཁྱད་པར་གནོད་པ་ཅན་མིན་ཏེ། །སྒྲ་ནི་ནམ་མཁའ་རྟེན་ཡིན་བཞིན། །ཞེས་བྱ་བ་ལ་དངོས་པོ་ནི་སྒྲུབ་བྱེད་དམ། ཆོས་ཅན་གྱི་རང་བཞིན་ལ་མ་གྲུབ་ན་འདི་རིག་པ་ཉིད་ཡིན་ཏེ། དེ་མ་

เล่ม ๑๘๒ · หน้า 311b

གྲུབ་པའི་མཚན་ཉིད་དུ་བལྟ་བར་བྱའོ། །བྱས་པ་ཉིད་ལ་སོགས་པའི་སྒྲུབ་བྱེད་གྲུབ་ན། ཁྱད་པར་མེད་པ་སྐྱེད་པའམ། ཡོད་པ་གསལ་བ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ནི་ཁྱད་པར་གྱིས་གནོད་པ་ཅན་ལ་མ་གྲུབ་པ་ཡིན་ནོ། །དེས་ནི་འདི་སྐད་དུ། རྒྱུ་དང་རྐྱེན་འབྲེལ་པ་ཉིད་ཡོད་པ་དེའི་ཚེ། མེད་པ་

སྐྱེད་པ་ཉིད་ཀྱི་ཕྱིར་རམ། ཡོད་པ་ཉིད་གསལ་བ་ལས་ཁྱད་པར་སེམས་པ་ནི་མཁོ་བ་མ་ཡིན་ནོ། །མི་རྟག་པ་ཉིད་མ་རྟོགས་པར་རྣམ་པ་ཐམས་ཅད་དུ་ནམ་ཡང་དམིགས་པ་མ་ཡིན་པའི་ཕྱིར་བྱས་པ་ནི་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཡང་རྟག་པ་ལ་གསལ་

བ་མི་སྲིད་པས་གདོན་མི་ཟ་བར་བྱས་པ་ཉིད་གོ་བར་བྱེད་པར་འགྱུར་ཏེ། གྲངས་ཅན་གྱི་གསལ་བ་ཉིད་བྱས་པའི་སྒྲར་བརྗོད་པའི་ཕྱིར་རོ། །དཔེར་ན་སྒྲ་རྣ་བའི་གཟུང་བྱ་ནི་ནམ་མཁའི་ཡོན་ཏན་དུ་མ་གྲུབ་པ་ལས་མ་གྲུབ་པར་འདྲེན་པ་ནི་མ་ཡིན་ནོ། །གྲངས་ཅན་ལ་བྱས་པ་ཉིད་བརྗོད་པ་

ལས་མེད་པ་བསྐྱེད་པ་ནི་གང་དུ་ཡང་མ་གྲུབ་པ་མ་ཡིན་ནམ། དེ་བས་ན་རྗོད་བྱེད་མ་གྲུབ་པས་གཞན་དོན་གྱི་རྗེས་སུ་དཔག་པར་ཇི་ལྟར་རིགས་ཤེ་ན། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་

བཤད་པ་བཞིན། །ཞེས་བྱ་བ་སྨོས་ཏེ། རྗོད་པར་བྱེད་པ་ངེས་པ་མེད་ཀྱང་དངོས་པོ་ལ་རྟགས་ཀྱི་མཚན་ཉིད་གསལ་བྱེད་མི་རྟག་པ་ལ་གྲུབ་པ་ཡིན་ཏེ། རྟག་པ་ལ་གསལ་བ་མི་འཐད་པའི་ཕྱིར་རོ། །དཔེར་ན་འུག་པ་པ་སྟེ། བྱེ་བྲག་པ་ལ་སངས་རྒྱས་པས་ལུས་ལ་སོགས་པའི་

སྒྲུབ་པར་བྱེད་པ་སྟེ། རྟོགས་པར་བྱེད་པ་བཤད་པ་དེ་བཞིན་དུ་དེ་ལ་འདི་ནི་ཚད་མ་ཡིན་ཏེ། རྡུལ་ཕྲ་རབ་ནི་མི་རྟག་པ་སྟེ། ལུས་ཅན་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་རེག་པར་བྱ་བ་ཡིན་པའི་ཕྱིར་གཟུང་ངོ་། །དེ་ལ་གལ་ཏེ་བྱེ་བྲག་པ་ལ་སྒྲ་མ་གྲུབ་ན་ཡང་ཀུན་དུ་

འགྲོ་བ་མ་ཡིན་པའི་བོང་ཚོད་ཀྱི་ལུས་ཡིན་པ་དང་། རེག་པར་བྱ་བ་རྫས་ལ་ཐ་དད་པའི་ཡོན་ཏན་སངས་རྒྱས་པས་རེག་པར་བྱ་བ་ཉིད་ལུས་ཅན་གྱི་སྒྲར་བརྗོད་དེ། རེག་པར་བྱ་བའི་སྒྲའི་རྫས་ལས་ཐ་དད་པའི་ཡོན་ཏན་གྲུབ་པ་ནི་མ་ཡིན་ནོ། །རེག་པར་བྱ་བ་དོན་ལ་གྲུབ་

เล่ม ๑๘๒ · หน้า 312a

པའི་ཕྱིར་སྒྲུབ་བྱེད་ཡིན་ནོ། །ཇི་ལྟར་དོན་མ་གྲུབ་པ་ཉིད་དང་། མ་ངེས་པ་ལ་སོགས་པ་ནི་རྟགས་མ་ཡིན་པ་དེ་བཞིན་དུ་སྒྲ་ཡང་མ་གྲུབ་པའམ། མ་ངེས་ན་གཏན་ཚིགས་མ་ཡིན་པ་ཡིན་ནམ་ཞེ་ན། འདིར་སྨྲས་པ། དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་

འཁྲུལ་པ་མེད་ན་ཡང་། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །ཞེས་བྱ་བ་ལ་དེ་ཉིད་དེ་དོན་ལ་འཁྲུལ་པའོ། །སོགས་པའི་སྒྲས་ནི་མ་གྲུབ་པའམ། འགལ་བས་སྐྱོན་དང་ལྡན་པའི་སྒྲུབ་བྱེད་དུ་ཤེས་པར་བྱ་བའི་སྒྲ་ལ་མ་ཡིན་ཏེ། དོན་དེ་དང་འབྲེལ་

པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །དོན་ནི་འབྲེལ་པས་གོ་བར་བྱེད་པ་ཡིན་ཏེ། དེ་དང་བྲལ་ན་གོ་བར་བྱེད་པ་མ་ཡིན་པས་དོན་ལ་བརྟེན་པ་ཉིད་ཀྱིས་སྐྱོན་དུ་རྣམ་པར་གཞག་པར་བྱའོ། །ཡང་ན་སྒྲ་རྣམས་འཁྲུལ་པ་མེད་པར་གྲགས་པ་ཡིན་དུ་ཆུག་ན་ཡང་འཁྲུལ་པ་མེད་པའི་སྒྲ་ནི་དངོས་པོ་

དང་བྲལ་ན་སྒྲུབ་བྱེད་སྐྱོན་ཅན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལས་དངོས་པོ་གྲུབ་པའི་ཕྱིར་ཏེ། དངོས་པོ་ཉིད་དངོས་པོའི་གོ་བྱེད་དེ་འབྲེལ་པའི་ཕྱིར་ཡིན་གྱི། སྒྲ་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འོ་ན་ནི་མ་འཁྲུལ་པར་ཇི་ལྟར་འགྱུར་ཞེ་ན། གྲགས་པའི་ཁྱད་པར་ཅན་གྱི་ཡུལ་

ལ་ངེས་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྟོགས་པར་འདོད་པས་འཁྲུལ་པ་མེད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་འབྲེལ་པའི་རྒྱུ་དང་བྲལ་བའི་ཕྱིར་སྒྲ་རྣམས་གོ་བར་བྱེད་པ་མ་ཡིན་ནོ། །དེ་ལ་གླང་ཕྲུག་གི་བྱེ་བྲག་ནི་མཆེ་བ་ཅན་ཏེ། ལག་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་དཔེར་བརྗོད་

པ་སྟེ། འདིར་ཡང་གཏན་ཚིགས་ཀྱི་དོན་གླང་པོ་ཆེ་དང་འབྲེལ་པ་ལ་བརྗོད་པར་འདོད་དོ། །ལག་པ་དང་ལྡན་པ་ནི་རྭ་ཅན་ལས་ཐ་དད་པའི་སྐྱེས་བུ་ལ་སོགས་པ་ཡོད་པའི་ཕྱིར་རྟགས་འཁྲུལ་པ་ཡིན་ནོ། སྒྲ་ནི་གླང་པོ་ཆེ་ལ་འཇུག་པར་གྲགས་ཏེ། ལག་པ་ཅན་ཙམ་དོན་ནི་མ་ཡིན་

ནོ། །རྟོགས་པ་པོས་མངོན་པར་ཞེན་པའི་དབང་གིས་སྒྲ་མ་འཁྲུལ་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་མི་རྟག་ན་ཡང་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་གནས་སོ། །ཡང་གི་སྒྲས་ནི་རྟག་པ་ཡང་ངོ་། །གལ་ཏེ་ཡང་དབང་ཕྱུག་ལ་སྒྲུབ་པར་བྱེད་པའི་ཚད་མ་གོ་བྱེད་མེད་པ་དེ་

เล่ม ๑๘๒ · หน้า 312b

ལྟ་ན་ཡང་དབང་ཕྱུག་གིས་བསྐྱེད་པའི་སྣ་ཚོགས་ལ་གནོད་པར་བྱེད་པ་མེད་པ་མ་ཡིན་ནམ། དབང་ཕྱུག་དེ་ཇི་ལྟར་མེད་པར་ངེས་ཤེ་ན། འདིར་སྨྲས་པ། ཇི་ལྟར་དངོས་དེ་རྒྱུ་ཡིན་ལ། །དེ་ལྟར་དེ་ཉིད་གང་གི་ཚེ། །རྒྱུ་མིན་དེ་ནི་གང་གི་རྒྱུར། །འདོད་ལ་རྒྱུ་མིན་ཅིས་མི་

འདོད།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་གསུམ་པ། ཇི་ལྟར་རང་བཞིན་གང་གིས་སྣ་ཚོགས་པའི་རྒྱུ་དེ་དབང་ཕྱུག་ཅེས་བྱ་བའི་དངོས་པོ་ཡིན་པ་དེ་ལྟར་རང་བཞིན་དེ་ཉིད་ཀྱི་རྒྱུ་མ་ཡིན་པ་དེའི་ཚེ་དེའི་རྒྱུ་ཚད་མ་གང་གིས་འདོད་ཅིང་། རྒྱུ་མ་

ཡིན་པ་ཉིད་དུ་ཅིའི་ཕྱིར་མི་འདོད་འདིའི་དགོངས་པ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་དབང་ཕྱུག་རྩོམ་པར་བྱེད་པ་ལ་སྔར་རྒྱུ་མེད་པ་དེ་བཞིན་དུ་རྩོམ་པར་བྱེད་པའི་ཚེ་ཡང་རྒྱུ་མེད་པ་ཉིད་དོ། །དབང་ཕྱུག་གི་སེམས་བྱེད་པ་ལ་ཞུགས་པ་ན། སྲོག་ཆགས་རྣམས་སྡུག་བསྔལ་ལ་

འཇུག་པར་འདོད་པ་ནི་མེད་དོ། །ཡང་ན་ལས་ཀྱི་སྟོབས་ཉིད་ཀྱིས་གསོན་པའི་འཇིག་རྟེན་བདེ་བ་དང་། སྡུག་བསྔལ་བར་འགྱུར་གྱི་དབང་ཕྱུག་གིས་ནི་མ་ཡིན་ནོ། །ལས་ཀྱི་འཇུག་པ་ནི་རང་གི་འབྲས་བུ་སྐྱེད་པས་དབང་ཕྱུག་གི་འདོད་པ་མེད་ན་མེད་པར་བསྟན་པ་མ་ཡིན་ནམ་ཞེ་ན།

དེའི་ཕྱིར་འདོད་ཆགས་དང་བྲལ་བ་ནི་གཟུ་བོ་ཉིད་ཡིན་གྱི་ཅིའི་ཕྱིར་བདེ་བ་དང་། སྡུག་བསྔལ་ལ་སྐུལ་ཞིང་འགྱེགས་པ་ལ་འཇུག་པར་བྱེད་པ་ཡིན། ཡང་ན་ཁྱབ་པ་ཉིད་དང་། གཅིག་པུ་ཉིད་ཀྱི་དབང་ཕྱུག་ཅེས་བྱ་བའི་དངོས་པོ་དེ་ཉིད་ཐམས་ཅད་དུ་རྒྱུ་ཡིན་ན། དེ་བཞིན་དུ་

དེ་ཉིད་ཁྱབ་པ་ཉིད་དང་། གཅིག་པ་ཉིད་ཀྱི་ནམ་མཁའ་ལ་སོགས་པ་ལ་དེ་གང་གི་ཚེ་རྒྱུ་མིན་པ་ཡིན་པ་ན་དེའི་ཚེ། དབང་ཕྱུག་ཅེས་བྱ་བ་ལ་གང་གིས་རྒྱུར་འདོད་པར་བྱ་སྟེ་ནམ་མཁའ་བཞིན་དུ་རྒྱུ་མ་ཡིན་པར་ཅིའི་ཕྱིར་མི་འདོད། འོན་ཏེ་འབྲས་བུ་བྱེད་འདོད་པ་དེ་ལ་ཡོད་ཅིང་

ནམ་མཁའ་ལ་སོགས་པ་ལ་དེ་དང་བྲལ་བའི་ཕྱིར་རྒྱུ་མ་ཡིན་པ་ཉིད་ཅེས་བྱའོ་ཞེ་ན། བྱེད་འདོད་པ་ཙམ་ཉིད་ཀྱིས་སྣ་ཚོགས་དབང་ཕྱུག་གི་འབྲས་བུ་ནི་མ་ཡིན་ནོ། །འོན་ཀྱང་བྱེད་པས་ཡིན་ན། དེ་ཡང་མེད་པར་རྗེས་ཐོགས་སུ་བཤད་པར་བྱའོ། །བྱེད་འདོད་པས་ནི་

เล่ม ๑๘๒ · หน้า 313a

འབྲས་བུ་འབྱུང་བར་འགྱུར་བ་སྟེས་དབང་དུ་ཡང་མི་སྲིད་དོ། །གལ་ཏེ་ཡང་ཁོ་བོ་ཅག་གིས་དབང་ཕྱུག་བྱ་བ་བྱེད་པར་མ་མཐོང་ཡང་དེ་ཁོ་ན་ཉིད་མཐོང་བས་དེ་གཟིགས་པ་མ་ཡིན་ནམ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དབང་

ཕྱུག་དུ་མར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དབང་ཕྱུག་དུ་མར་འགྱུར་མོད་སྐྱོན་ཅི་ཡོད་ཅེ་ན། མཚོན་དང་སྨན་གྱི་འབྲེལ་བ་ལས། །ནག་པའི་རྨ་ནི་འཚོ་བ་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོག་མི་བྱེད། །ཅེས་བྱ་བ་སྨོས་ཏེ། བདག་

ཅག་ལ་སོགས་པས་བྱེད་པ་མ་མཐོང་བ་ཅན་གྱིས་སྡོང་དུམ་ལ་དབང་ཕྱུག་བཞིན་དུ་རྒྱུ་ཉིད་དུ་ཅིའི་ཕྱིར་མི་རྟོག །གང་གི་འབྲས་བུར་ཞེ་ན། །མཚོན་དང་འབྲེལ་བ་ལས་རྨ་འབྱུང་ཞིང་། སྨན་དང་འབྲེལ་བ་ལས་རྨ་འཚོ་བར་འགྱུར་ཏེ་དབང་ཕྱུག་བཞིན་ནོ། །སྡོང་དུམ་ལ་བྱེད་པ་ལྟར་རུང་བ་མི་

དམིགས་པ་ལས་བདག་གི་དངོས་པོ་ཤེས་པ་ནི་རིགས་པ་མ་ཡིན་ལ། དབང་ཕྱུག་ནི་ལྟར་རུང་བ་མ་ཡིན་ཞིང་། མ་མཐོང་བ་ལས་ཀྱང་བྱ་བ་བྱེད་པ་མི་ལྡན་པ་མ་ཡིན་ནམ་ཞེ་ན། འདི་ལ་ལན་གདབ་པའི་ཕྱིར། རང་བཞིན་ཐ་དད་མེད་པར་ནི། །དོན་བྱེད་པ་ཡང་མི་རུང་ངོ་། །རྟག་ལ་

ལྡོག་པ་ཉིད་མེད་ཕྱིར། །ནུས་པ་ཉིད་ནི་རྟོགས་པར་དཀའ། །ཞེས་བྱ་བ་ལ་རྟག་པ་ནི་རྒྱུན་གྱིས་རྟག་པ་ལས་སམ། གཞན་ཡང་རུང་སྟེ། དབང་ཕྱུག་གིས་བྱེད་པ་མི་རིགས་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་མེད་པ་ནི་འབྲས་བུ་ཕུལ་དུ་བྱུང་བ་མེད་པ་སྟེ། གལ་ཏེ་རྫ་མཁན་གྱིས་བྱས་པའི་དབྱིབས་

ལ་སོགས་པའི་ཁྱད་པར་བཞིན། རི་ལ་སོགས་པ་དབང་ཕྱུག་གིས་བྱས་པའི་ཁྱད་པར་དམིགས་ན་ནི་དབང་ཕྱུག་གིས་ནུས་པ་ཡིན་ནོ། །ཡང་གལ་ཏེ་དབང་ཕྱུག་དེ་ཉིད་རང་བཞིན་གཅིག་པ་ཡིན་ན། འབྲས་བུའི་དུས་སུ་རང་བཞིན་གྱིས་ཐ་དད་པར་བལྟ་སྟེ། རྟག་པ་ལ་ཐ་དད་པ་དང་འབྲེལ་

པའི་ཕྱིར། འབྲས་བུ་ལ་ནུས་པ་རིང་དུ་གྱུར་པ་ནི་རྟག་པ་ལ་ཐ་དད་པའི་དངོས་པོ་མེད་དོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཐ་དད་པ་ལས་དབང་ཕྱུག་གི་འབྲས་བུ་ནུས་པ་མ་ཡིན་གྱི། འོན་ཀྱང་རྟག་པ་དང་ཁྱབ་པས་འབྲས་བུའི་ཡུལ་དུ་ཉེ་བར་བྱེད་པར་ནུས་པ་ཡིན་ནོ། །སྡོང་དུམ་ལ་ནི་

เล่ม ๑๘๒ · หน้า 313b

གདོན་མི་ཟ་བར་ཉེ་བ་མེད་པའི་ཕྱིར་རྨ་འཚོ་བའི་རྒྱུ་མེད་དོ་ཞེ་ན་སྨྲས་པ། གང་དག་ཡོད་པས་ཡོད་འགྱུར་ཉིད། །གང་དེ་དག་ལས་གཞན་རྟོག་ན། །དེ་རྒྱུ་ཉིད་དུ་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་བྱ་བ་ལ་གང་དག་སྟེ་ས་བོན་དང་ཞིང་ས་ལ་སོགས་པའོ། །ཡོད་

པར་འགྱུར་བ་ཉིད་དེ་མེད་ན་ནི་མ་བྱུང་བ་ཡིན་ནོ། །གང་སྟེ་མྱུ་གུ་ལ་སོགས་པའོ། །དེ་དག་ནི་གཞན་དབང་ཕྱུག་གོ། །དེ་རྒྱུ་ཉིད་མྱུ་གུའི་རྒྱུ་ཡིན་པར་རྟོག་ན་ནི་མཐའ་མེད་པར་འགྱུར་བ་དེ་ལྟར་ན་སོ་སོར་ངེས་པའི་རྒྱུ་ཉིད་ངེས་པ་མ་ཡིན་ནོ། །རྟག་པ་ཉིད་དང་ཁྱབ་པ་ཉིད་ཀྱིས་རྒྱུ་ཉིད་བསལ་བ་ཡིན་

ནོ། །འོ་ན་གལ་ཏེ་ས་ཡོངས་སུ་མ་གྱུར་པའི་རང་བཞིན་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ་དབང་ཕྱུག་ཀྱང་འབྲས་བུ་གཞན་དང་གཞན་སྐྱེད་པར་བྱེད་དོ་ཞེ་ན་སྨྲས་པ། མྱུ་གུ་སྐྱེ་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་གྱུར་ནས་ནི། །རྒྱུ་ཡིན་ལེགས་པར་སྦྱངས་པ་ན། །དེ་ཡི་

ཁྱད་པར་མཐོང་ཕྱིར་རོ། །ཞེས་བྱ་བ་ལ། རང་བཞིན་ཡོངས་སུ་གྱུར་པ་ནི་གོང་ནས་གོང་དུ་འབྲས་བུའི་ཁྱད་པར་སྐྱེད་པའི་རྗེས་སུ་འགྲོ་བ་ཕུལ་དུ་བྱུང་བ་སྟེ། དེས་ན་རྒྱུར་གྱུར་པ་ནི་ས་ལ་སོགས་པའོ། །སོགས་པའི་སྒྲས་ནི་ས་བོན་ལ་སོགས་པ་བཟུང་སྟེ་མྱུ་གུ་ལ་སོགས་པ་སྐྱེད་པའི་རྒྱུ་

ཡིན་ནོ། །རང་བཞིན་མ་གྱུར་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ས་ལ་སོགས་པ་དེ་སྦྱངས་པ་ན། འབྲས་སཱ་ལུ་ལ་སོགས་པ་བཏབ་ན། མྱུ་གུའི་ཁྱད་པར་གཞན་དང་། གཞན་གྱི་རང་བཞིན་མཐོང་བའི་ཕྱིར་རོ། །གལ་ཏེ་ས་ལ་སོགས་པ་མ་གྱུར་པ་ཉིད་མྱུ་གུའི་རྒྱུ་ཡིན་ན་དེའི་ཁྱད་

པར་ལ་ལྟོས་པ་མ་ཡིན་ནོ། །འདིར་སྨྲས་པ། ཇི་ལྟར་ཡུལ་དང་དབང་པོ་ཡིས། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །དེ་ལྟར་འདི་ཡིན་ཞེ་ན་ཞེས་བྱ་བ་ལ། ཇི་ལྟར་མིག་ཕྱེ་ན་གཞན་དང་གཞན་མཐོང་བ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་གཞན་དང་གཞན་མཐོང་བར་འགྱུར་གྱི་དེ་ལ་

གཞན་དང་གཞན་དུ་འབྱུང་བའི་འབྲས་བུ་འགྱུར་བར་དཔོག་པ་ནི་མ་ཡིན་ནོ། །དེ་ལྟར་མི་འགྱུར་བའི་རང་བཞིན་འཕྲོག་བྱེད་ནི་ས་གསུམ་སྐྱེད་པ་ཡིན་ནོ་ཞེ་ན། མིག་དེ་ལའང་ཁྱད་པར་ཡོད་ཕྱིར་རོ། །ཞེས་བྱ་བ་ལ་མིག་ལ་སོགས་པ་དེ་ལ་ཡང་ཁྱད་པར་ཡོད་པ་ཡིན་ཏེ། འདི་ལྟར་

เล่ม ๑๘๒ · หน้า 314a

གཟུགས་ཀྱི་ཁྱད་པར་ཡུལ་ཉེ་བ་དང་རིང་བ་ལས་གསལ་བ་དང་། མི་གསལ་བའི་རིག་པ་སྐྱེ་བ་དེ་བཞིན་དུ་མིག་ཅུང་ཟད་ཟུམ་པ་ལས་མི་གསལ་བར་སྣང་བའི་ཕྱིར། མིག་ལ་སོགས་པའི་ཁྱད་པར་ཕུལ་དུ་བྱུང་བར་རྣམ་པར་ཤེས་པ་ལས་གྲུབ་པ་ཡིན་ནོ། །དེ་

ལྟར་ནི་འགྱུར་བ་མོད་ཀྱི། མིག་ལ་སོགས་པ་ལ་གནས་པའི་ཁྱད་པར་མངོན་སུམ་ལས་འདས་པའི་ཕྱིར། ཇི་ལྟར་ངེས་པ་ཡོད་པ་ཡིན་ཏེ། གང་གིས་ན་དེ་ཐ་དད་པས་འབྲས་བུ་ཐ་དད་པར་བྱ་ཞེ་ན། འདིར་སྨྲས་པ། སོ་སོ་སོ་སོར་ནུས་མེད་རྣམས། །རྒྱུན་ལ་ཕུལ་བྱུང་མེད་པ་ན། །

ཚོགས་པ་ཡོད་ནའང་ནུས་མེད་འགྱུར། །དེའི་ཕྱིར་ཕུལ་བྱུང་གྱུར་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་མིག་ལ་སོགས་པ་རྣམས་སོ། །སོ་སོར་ནི་ནུས་པ་མེད་པས་མིག་ལ་སོགས་པའི་རིག་པ་ནི་རང་བཞིན་སོ་སོར་ངེས་པར་སྐྱེ་བ་ནི་མ་ཡིན་ཏེ། ཡུལ་གྱི་རྣམ་པ་རྟོགས་པའི་རང་བཞིན་

མ་མཐོང་བའི་ཕྱིར་རོ། །ཚོགས་པ་ཡོད་ན་ཡང་རྒྱུན་ཕུལ་དུ་བྱུང་བ་སྟེ། ཁྱད་པར་དུ་གྱུར་པ་མེད་ན་ནུས་པ་མེད་པར་གྱུར་ཏེ་གནས་སྐབས་སོ་སོ་བ་བཞིན་ནོ། །མཐོང་བས་དབང་པོ་འགྲུབ་པ་དེ་བཞིན་དུ་མིག་ལ་སོགས་པ་རྣམས་ལ་ཕུལ་དུ་བྱུང་བ་གྲུབ་པ་ཡིན་ནོ། །འདིའི་དགོངས་པ་ནི་ཇི་

ལྟར་འབྲས་བུ་མཐོང་བས་དབང་པོ་ལ་སོགས་པ་ཡོད་པ་དེ་བཞིན་དུ་འབྲས་བུའི་ཁྱད་པར་མཐོང་བ་ལས་ཕུལ་དུ་བྱུང་བ་ངེས་སོ། །དེ་ཕྱིར་སོ་སོར་ནུས་མེད་གང་། །ཚོགས་ལ་ཡོན་ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཞེས་

བྱ་བ་ལ། གང་གི་ཕྱིར་དེ་ལྟར་ཚོགས་པ་ན་ཡང་ཕུལ་དུ་བྱུང་བ་མ་རྟོགས་པར་འབྲས་བུ་སྐྱེད་པ་མེད་དེ། དེའི་ཕྱིར་སོ་སོར་མི་ནུས་པ་གང་ཡིན་པ་མིག་ལ་སོགས་པ་རྣམས་ལ་ཡོན་ཏན་སྲིད་པར་འགྱུར་ཏེ། གྲོགས་བྱེད་པ་འམ་ཉེ་བར་སྡུད་པར་སྐྱེད་པའོ། །སྡུད་པའི་ཚེ་དབང་ཕྱུག་ལ་སོགས་

པ་ཐ་དད་པ་མེད་པས་རྒྱུ་མ་ཡིན་པ་ཉིད་དོ། །སོགས་པའི་སྒྲས་ནི་དུས་དང་ཕྱོགས་རྣམས་བཟུང་ངོ་། །དེ་ལྟ་བུ་འདིས་ནི་དབང་ཕྱུག་ལ་གནོད་པར་བྱེད་པའི་ཚད་མ་དང་། དོན་བྱེད་པ་ལ་སོགས་པའི་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསྟན་པ་ཡིན་ནོ། །ཇི་ལྟར་རྟག་པའི་ཚད་མ་ལ་རྒྱུ་དང་རྟགས་མེད་

เล่ม ๑๘๒ · หน้า 314b

པ་དེ་བཞིན་དུ་མི་རྟག་པའི་ཚད་མ་ལ་ཡང་དེ་བཞིན་དུ་མེད་པ་མ་ཡིན་ནམ། གང་གི་ཕྱིར། ལྐོག་གྱུར་དོན་ཤེས་ཚད་མ་ཡིན། །དེ་ལ་སྒྲུབ་བྱེད་མེད་པའི་ཕྱིར། །འཇུག་པར་བྱེད་པ་ཡོད་མིན་ཞེས། །ཁ་ཅིག་རབ་ཏུ་རྗོད་པར་བྱེད། །ཅེས་བྱ་བ་ལ། ཚད་མ་ནི་ལྐོག་ཏུ་གྱུར་པ་སྟེ། དབང་པོ་ལས་

འདས་པ་ཐམས་ཅད་རིག་པར་ཁས་ལེན་ན་དེ་ཡང་དབང་པོ་ལས་འདས་པའི་རིག་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་སྒྲུབ་པའི་ཡུལ་ལ་འཇུག་པ་མི་སྲིད་དོ་ཞེས་ཁ་ཅིག་རྗོད་པར་བྱེད་དེ། འདི་ལྟར་ཐམས་ཅད་མཁྱེན་པའི་

གཏན་ཚིགས་མེད་པའི་ཕྱིར་རོ། །འདི་ལྟར་གདོན་མི་ཟ་བ་ཐམས་ཅད་ཤེས་པ་རྟོགས་པའི་རྒྱུ་ངེས་པ་མ་དམིགས་པ་ཡིན་ཏེ། གང་སྔགས་ལ་སོགས་པ་དམིགས་པ་དེ་ནི་གྲུབ་པའི་མཐའ་ཐམས་ཅད་ལ་ཐུན་མོང་བའི་ཕྱིར་གཏན་ཚིགས་ཉིད་དོ་ཞེས་བྱ་བར་ངེས་པ་ནི་མ་ཡིན་ལ། ཐམས་

ཅད་རིག་པར་ངེས་པའི་གཏན་ཚིགས་ཡོད་པ་མ་ཡིན་ཏེ། བདག་ཅག་གིས་མ་དམིགས་པའི་ཕྱིར་རོ། །མངོན་སུམ་གྱི་ངེས་པར་མི་བྱེད་ལ་ཕྱོགས་གཅིག་ཏུ་མྱོང་བ་ལ་ངེས་པ་ཡང་མ་ཡིན་ཏེ། རིག་བྱེད་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་མངོན་སུམ་དུ་

བྱེད་པར་འགྱུར་བ་ནི་མ་ཡིན་ཏེ། ད་ལྟར་བྱུང་བ་དང་རུང་བའི་ཡུལ་ནི་མིག་ལ་སོགས་པའི་སྟོབས་ཀྱིས་འཛིན་པའི་ཕྱིར་རོ། །གཞན་ཡང་དངོས་པོ་ཐམས་ཅད་མངོན་སུམ་དུ་བྱེད་པ་ཐམས་ཅད་མཁྱེན་པ་ཡིན་ན། མི་གཙང་བ་ལ་སོགས་པའི་རོ་ཡང་མྱོང་བར་འགྱུར་ཏེ། ཕྲད་པ་

འཛིན་པའི་ཕྱོགས་ལ་ཡང་། །ཇི་ལྟར་དབང་པོས་ཐམས་ཅད་རིག །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་ཐམས་ཅད་ཤེས་ན་ནི་དེ་ཡང་དབང་པོའི་ཤེས་པས་གཟུང་བ་དེས་འཛིན་པའི་ཕྱིར་ཏེ། གཞན་དུ་ན་ཡིད་འཁྲུལ་པར་ཐལ་བར་འགྱུར་རོ། །རྗེས་སུ་དཔག་པས་གཟུང་བ་ལ་ཡིད་

འཇུག་པ་ནི་མ་ཡིན་ཏེ། དེ་ནི་ཡུལ་དང་དུས་ཉེ་བ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བསྟན་བཅོས་ཀྱི་ཡུལ་ལ་འཇུག་པ་ནི་མ་ཡིན་ཏེ། དེ་ལས་ཕྱིན་ཅི་ལོག་གི་དོན་ལ་འཇུག་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་མངོན་སུམ་དུ་བྱེད་པ་ཡང་རིམ་གྱིས་སམ། ཅིག་ཅར་ཡིན་པར་བརྟག་

เล่ม ๑๘๒ · หน้า 315a

གྲང་ན། དེ་ལ་རིམ་གྱིས་ནི་མ་ཡིན་ཏེ། ཤེས་བྱ་དཔག་ཏུ་མེད་པས་ཡོངས་སུ་མི་རྫོགས་པའི་ཕྱིར་རོ། །ཅིག་ཅར་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་ཏེ། རྗེས་ལས་ཐོབ་པའི་ཤེས་པ་གཟུང་བ་འཛིན་པས་ཚད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་

རིག་པ་འདི་ཡིན་ནོ། །ཞེས་བྱ་བར་ངེས་པའི་ཐབས་ཡོད་པ་ནི་མ་ཡིན་ཏེ། བདག་ཅག་ལ་སོགས་པས་ཤེས་བྱ་མ་ལུས་པ་འཛིན་པ་མེད་ན་ཐམས་ཅད་ཤེས་པ་ངེས་པ་མ་ཡིན་པའི་ཕྱིར་རོ། །ཐམས་ཅད་རིག་པ་མ་གྲུབ་ན་དེའི་སྒྲུབ་པ་ངེས་པ་མེད་པའི་ཕྱིར་འཇུག་པར་མི་འགྱུར་རོ་སྙམ་ན། དེ་

ལ་ལན་བཏབ་པ། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས། །དེ་བཤད་དོགས་པར་བྱ་བའི་ཕྱིར། །ཤེས་ལྡན་ཁ་ཅིག་ཚོལ་བར་བྱེད། །ཅེས་བྱ་བ་ལ། ཤེས་པ་དང་ལྡན་པ་ཁ་ཅིག་ཤེས་པ་དང་ལྡན་པ་དེས་བརྗོད་པ་ལ་ཅིའི་ཕྱིར་འཇུག་པ་ན་རྟོགས་པར་བྱ་

བའི་ཕྱིར་ཏེ། ཅི་ཞེ་ན། མི་ཤེས་པ་སྟོན་པར་བྱེད་པ་ལ་འཇུག་ན་འཁྲུལ་པར་དོགས་པའི་ཕྱིར་རོ་ཞེས་སྤྱོད་དེ། དེ་ལྟར་དོགས་པའི་ཐེ་ཚོམ་དང་ལྡན་པ་རྣམས་དོན་དུ་གཉེར་བར་བྱེད་དོ་ཞེས་བྱ་བར་སྙེགས་སོ། །དེའི་དོན་ནི་འདི་ཡིན་ཏེ་གང་དུ་འཇུག་པར་འདོད་པ་དེར་ཡེ་ཤེས་དོན་དུ་གཉེར་བར་

བྱེད་ཀྱི་གཞན་དུ་མི་ཤེས་པ་ལ་མ་ཡིན་ཏེ། འདོད་པའི་དོན་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་མངོན་པར་འདོད་པའི་ཡུལ་ལ་ཡོངས་སུ་ཤེས་པར་འདོད་པ་དེ་ཙམ་ཞིག་ཚད་མར་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཕྱིར་ན་ཚད་མ་མ་ཡིན་གྱི། འོན་

ཀྱང་སླུ་བར་མི་བྱེད་པས་ཚད་མ་མ་ཡིན་ནོ། །དེའི་ཐམས་ཅད་མཁྱེན་པ་ནི་རྗེས་སུ་དཔག་པར་བྱ་བ་སྟེ། འདི་ལྟར་གཙོ་བོར་གྱུར་པ་ནི་སྐྱེས་བུའི་དོན་ཤེས་པ་དང་། ཚད་མས་མཐོང་བའི་དོན་ཤེས་པར་འགྱུར་བའི་ཕྱིར་གཞན་དུ་ཡང་ཡོངས་སུ་ཤེས་པ་ཡོད་དོ། །གང་ཡང་ཚད་

མས་མཐོང་བའི་དོན་གཙོ་བོར་གྱུར་པ་མ་ཤེས་ན། དེ་ཚད་མ་མ་ཡིན་ནོ། །ཇི་སྟེ་ཚངས་པ་ལ་སོགས་པས་བསྟན་ཅེ་ན། རྨོངས་པ་གཅིག་ནས་གཅིག་ཏུ་བསྟན་པའོ། །འོ་ན་བཅོམ་ལྡན་འདས་ཀྱང་ཇི་ལྟར་མངོན་སུམ་དུ་བྱེད་པ་རྗེས་སུ་དཔག་ཅེ་ན། ཚད་མས་མཐོང་བ་གཙོ་བོར་

เล่ม ๑๘๒ · หน้า 315b

གྱུར་པའི་དོན་སྟོན་པའི་ཕྱིར་རོ། །གལ་ཏེ་ཡང་མངོན་སུམ་དུ་བྱེད་པ་མེད་ན་ཚད་མས་མཐོང་བ་གཙོ་བོར་གྱུར་པའི་དོན་ལ་བཅོམ་ལྡན་འདས་མི་སླུ་བས། དབང་པོ་ལས་འདས་པ་ལ་སོགས་པ་འཇུག་པར་འགྱུར་བ་ན་རྟོགས་པ་སྔོན་དུ་གཏོང་བ་ཡིན་ནོ། །རིག་བྱེད་ལ་ནི་དོན་མངོན་དུ་བྱེད་

པའི་ཚད་མ་མ་མཐོང་ཞིང་། གཙོ་བོར་གྱུར་པའི་དོན་ལ་མི་སླུ་བ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་དུ་འཇུག་པ་མ་ཡིན་ནོ། །དེ་ཕྱིར་དེ་ལ་འཇུག་པ་ཡི། །ཤེས་པ་རྣམ་པར་དཔྱད་བྱ་ཡི། །སྲིན་བུའི་གྲངས་ནི་ཡོངས་ཤེས་པ། །དེ་ནི་ཁོ་བོ་ལ་ཅི་མཁོ། །ཞེས་བྱ་བ་ལ། གང་གི་ཕྱིར་

འཇུག་པ་གང་ཡིན་པ་དེ་ཉིད་དུ་ཡོངས་སུ་ཤེས་པ་ཚོལ་བ་དེ་བས་ན་འཕགས་པའི་བདེན་པ་བཞིའི་ཡུལ་ལ་འཇུག་པར་གྱུར་པ་དང་། ལས་དང་འབྲས་བུའི་འབྲེལ་པ་ཡོངས་སུ་ཤེས་པ་དག་བཅོམ་ལྡན་འདས་ལ་དཔྱད་པར་འོས་ཀྱི་སྲིན་བུའི་གྲངས་ཡོངས་སུ་ཤེས་པ་ནི་དེ་བཞིན་གཤེགས་པ་དེ་ལ་ཁོ་

བོ་ཅག་སྟེ། བདག་ཅག་མཐོ་རིས་དང་ཐར་པ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་ཀྱང་ཉེ་བར་མཁོ་བ་མ་ཡིན་ནོ། །གལ་ཏེ་གཙོ་བོར་གྱུར་པའི་དོན་ལ་སླུ་བ་མེད་པས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་བརྗོད་ན། ལོ་གཅིག་ཁྱུད་སྐོར་ལ་ཟླ་བ་བཅུ་གཉིས་ཡོད་པར་མི་སླུ་བས་རིག་བྱེད་ཀྱང་ཚད་

མར་འགྱུར་རོ་ཞེ་ན། འདིར་སྨྲས་པ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པར་རིག་མཛད་པ། །གང་ཡིན་དེ་ནི་ཚད་མ་སྟེ། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་བྱ་བ་ལ། དགོས་པ་མེད་པའི་ཕྱོགས་གཅིག་མཁྱེན་པ་ལས་བཅོམ་ལྡན་འདས་ཚད་མ་མ་ཡིན་ནོ། །འོན་

ཀྱང་བླང་བ་དང་དོར་བའི་དེ་ཁོ་ན་ཉིད་ནི་སྡུག་བསྔལ་དང་འགོག་པ་སྟེ། དེའི་ཐབས་ནི་རིམ་པ་བཞིན་ཀུན་འབྱུང་དང་། ལམ་རིག་པར་མཛད་པ་གང་ཡིན་པ་དེ་ནི་ཚད་མར་འདོད་ཀྱི། སྲིན་བུ་ལ་སོགས་པ་ཐམས་ཅད་ཀྱི་གྲངས་ཡོངས་སུ་ཤེས་པ་ལས་ནི་མ་ཡིན་ནོ། །འདིས་ནི་འཕགས་

པའི་བདེན་པ་བཞི་མངོན་དུ་བྱེད་པ་དང་། མཐོ་རིས་ཀྱི་ལམ་རིག་པ་ལས་བཅོམ་ལྡན་འདས་ཚད་མ་ཡིན་པར་སྟོན་ཏོ། །ཅི་ཐམས་ཅད་རིག་པ་མི་སྲིད་དམ་ཡང་ན་དེ་ཡིས་གཅིག་ཏུ་དགོས་པ་མེད་པས་གཙོ་བོར་གྱུར་པའི་དོན་ཡོངས་སུ་ཤེས་པའི་ཚད་མར་བརྟག་ཅེ་ན། སྨྲས་པ། རིང་པོར་མཐོང་

เล่ม ๑๘๒ · หน้า 316a

ངམ་མ་མཐོང་ཡང་། །འདོད་པའི་དེ་ཉིད་མཐོང་བ་ཡིན། །རིང་མཐོང་ཚད་མ་ཡིན་ན་ནི། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་བྱ་བ་ལ། ཐམས་ཅད་རིག་པ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཚད་མ་ལ་ཕན་འདོགས་པ་མེད་དོ། །འདི་ལྟར་རིང་པོར་མཐོང་བའམ། ཐམས་ཅད་མ་མཐོང་ཡང་རུང་སྟེ། འདོད་པའི་

དེ་ཁོ་ན་ཉིད་འཕགས་པའི་བདེན་པ་བཞི་མཐོང་བའི་ཕྱིར་ཚད་མའོ། །འོན་ཏེ་རིང་དུ་མཐོང་བ་ཚད་མ་ཡིན་ན་སྐབས་སུ་བབ་པའི་དོན་མ་ཤེས་པར་དེའི་ཚེ་གྲོགས་དག་སོང་ངམ། ཤོག་ལ་ཐར་པ་འདོད་པ་ལ་མཐོ་རིས་དོན་དུ་གཉེར་བ་ཁྱེད་ཀྱིས་རིང་དུ་མཐོང་བའི་བྱ་རྒོད་བསྟེན་པར་གྱིས་ཤིག །འདིའི་

དོན་ནི་འདི་ཡིན་ཏེ། ཐམས་ཅད་མཁྱེན་པ་རྣམ་པ་ཀུན་ནས་སྤོང་བ་མ་ཡིན་ཏེ། འོན་ཀྱང་ཐབས་དང་བྲལ་བས་ཁོ་བོ་ཅག་ཡོངས་སུ་ཤེས་པའི་ལམ་དུ་འཇུག་པ་ནི་མ་ཡིན་ནོ། །གང་ཞིག་ཚད་མར་གྱུར་པར་འདོད་པ་དེས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་བྱ་བ་སྟེ་གཞན་དུ་ན་ཡོངས་སུ་

ཚང་བའི་དོན་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་དོན་གྱི་གཙོ་བོ་ཤེས་པ་དང་། ཐམས་ཅད་རིགས་པའི་ཚད་མ་ཉིད་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་སྒྲུབ་བྱེད་ཐུགས་རྗེ་ཞེས་བྱ་བ་སྨོས་ཏེ། ཕ་རོལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དེ་ཡང་རབ་ཀྱི་མཐར་ཕྱིན་པ་སྟེ་དེ་ནི་ཐམས་ཅད་

མཁྱེན་པའི་སྒྲུབ་བྱེད་དོ། །སྙིང་རྗེ་ནི་ཐབས་མ་ཤེས་ན་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་མ་ཡིན་ནམ། འདི་ལྟར་ཇི་སྲིད་དུ་སྲོག་ཆགས་རྣམས་ལ་སྙིང་རྗེ་སྐྱེས་པ་དེ་སྲིད་དུ་སྡུག་བསྔལ་གྱིས་ཉོན་མོངས་པར་འགྱུར་བའི་ཕྱིར། རང་ཉིད་སྡུག་བསྔལ་ན། ཇི་ལྟར་ཐམས་ཅད་མཁྱེན་པ་

འགྲུབ་པར་འགྱུར་ཏེ། སྡུག་བསྔལ་ཅན་ལ་ཕན་འདོགས་པ་དང་བྲལ་བའི་ཕྱིར་རོ། །འོན་ཏེ་དེའི་ཐབས་ཡོངས་སུ་ཤེས་པ་ཡོད་པས་སྙིང་རྗེས་སྡུག་བསྔལ་མི་སྐྱེད་ན། འོ་ན་ནི་ལམ་ཉིད་སྒྲུབ་བྱེད་ཡིན་ན་སྙིང་རྗེས་ཅི་ཞིག་བྱ་སྟེ། འདི་ལྟར་ལམ་མངོན་དུ་བྱས་པས། སྡུག་བསྔལ་

ཐམས་ཅད་ལྡོག་གོ་ཞེ་ན། འདིར་སྨྲས་པ། ཐམས་ཅད་ཤེས་པ་སྐྱེད་པ་སྙིང་རྗེ་ནི་མ་ཡིན་ཏེ། འོན་ཀྱང་ཐབས་གོམས་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །སྙིང་རྗེས་ཀྱང་ཐམས་ཅད་མཁྱེན་པའི་ཐབས་ལ་སྐྱེས་བུ་འཇུག་པར་བྱེད་པས་སྒྲུབ་བྱེད་དུ་བརྗོད་དོ། །གལ་ཏེ་ཡང་སྲོག་ཆགས་

เล่ม ๑๘๒ · หน้า 316b

རྣམས་ལ་སྙིང་རྗེ་མེད་ན་ནི་ཐམས་ཅད་མཁྱེན་པའི་ཐབས་ལ་འཇུག་པ་མ་ཡིན་ལ། བདག་དང་བདག་གིར་འཛིན་པ་མེད་ན་འདོད་ཆགས་ལ་སོགས་པ་ཟད་པ་འགྱུར་བའི་ཕྱིར་བདག་མེད་པར་མཐོང་བ་དེ་ནི་གཉེན་པོ་ཡིན་ནོ། །དེའི་ཕྱིར་ཡིད་སྙིང་རྗེ་དང་ལྡན་པར་གྱུར་ན་སྡུག་བསྔལ་ཐམས་ཅད་དང་

བྲལ་ཏེ། ཐམས་ཅད་མཁྱེན་པ་ཉེ་བར་སྐྱེ་བར་འགྱུར་རོ། །རབ་ཀྱི་མཐར་ཕྱིན་པའི་སྙིང་རྗེ་དེ་ཉིད་གང་ལ་སྐྱེ་བར་འགྱུར་ཞེ་ན། དེའི་ཕྱིར། གོམས་པ་ལ་ཞེས་བྱ་བ་སྨོས་ཏེ། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་སྙིང་རྗེ་དེ་ཉིད་གོམས་པ་ལས་རབ་ཀྱི་མཐར་ཕྱིན་པར་འགྱུར་ཏེ། འདི་ལྟར་དགེ་བའི་

བཤེས་གཉེན་གྱིས་ཡོངས་སུ་ཟིན་པའམ། རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཆེན་པོས་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་ཏེ་ཡང་དེ་ཉིད་ལ་མངོན་དུ་བྱས་ནས་སྐྱེ་བ་དུ་མ་རུ་བསྐྱེད་ཅིང་གོམས་པ་མཐར་ཕྱིན་པར་གྱུར་ནས་སྙིང་རྗེས་སྐྱེས་བུ་རྣམས་ལ་ཕན་འདོགས་པའི་ཤེས་པ་འཇུག་པའི་ཕྱིར།

དེ་ཉིད་ཐམས་ཅད་རིག་པའི་སྒྲུབ་བྱེད་དོ། །འདིར་བརྗོད་པ། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པ་གྲུབ་པ་མེད་ཅེ་ན། །ཞེས་བྱ་བ་ལ་བློ་ནི་ལུས་འདི་ལ་བརྟེན་པ་སྟེ། འདི་ལྟར་ཕ་དང་མའི་རྗེས་སུ་འབྲང་བའི་གཟུགས་དང་། ཡིད་དང་སྙན་པ་དང་། ཐ་སྙད་ལ་སོགས་པ་བུའི་ཡུལ་

མཐོང་ངོ་། །དཔེར་ན་རི་མོ་མཁན་གྱིས་བྲིས་པའི་རི་མོ་རྩིག་པའི་ལོགས་ལ་གནས་པ་ནི་རྩིག་པ་ལས་གཞན་དུ་བརྟེན་པ་མ་ཡིན་ཞིང་། ཁང་པ་ཞིག་ན་འཇིག་པར་འགྱུར་རོ། །མ་དུ་ལུང་གའི་འབྲས་བུ་ལ་བརྟེན་པའི་གཟུགས་ལ་སོགས་པ་ནི་དེ་ཉམས་ན་འཇིག་པར་འགྱུར་ཏེ། དེའི་

ཡོན་ཏན་ཡིན་པའི་ཕྱིར་དང་། འབྲས་བུ་གཞན་ལ་མི་བརྟེན་པའི་ཕྱིར་རོ། །མེས་སྐྱེད་པའི་ངེས་པར་གྱུར་པའི་དུ་བ་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་དེ་ཞིག་ན་འཇིག་པར་འགྱུར་རོ། །ཆང་གི་ནུས་པ་ཡང་ཆང་གི་རྫས་ལ་བརྟེན་པ་ཉིད་དེ། ཆང་གཞན་ལ་མི་བརྟེན་པས་རང་གི་རྟེན་ཉམས་

ན་ལྡོག་པར་འགྱུར་རོ། །དེ་བཞིན་དུ་བློ་ཡང་ལུས་ལ་བརྟེན་པའི་ཕྱིར། ལུས་ཞིག་ན་འཇིག་པར་འགྱུར་ཏེ། ལུས་གཞན་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་སྐྱེ་བ་གཞན་ཉིད་མེད་པའི་ཕྱིར་སྐྱེ་བ་གཞན་དུ་གོམས་པས་བསགས་པ་མི་འགྲུབ་པོ་ཞེ་ན། དེ་ནི་རིགས་པ་མ་ཡིན་

เล่ม ๑๘๒ · หน้า 317a

ཏེ། མིན་ཏེ་རྟེན་ནི་བཀག་ཕྱིར་རོ། །ཞེས་བྱ་བ་ལ། སྔར་གྱི་རྣམ་པར་ཤེས་པ་ལ་མ་ལྟོས་པའི་ལུས་ནི་རྒྱུ་རྒྱུན་ཉིད་ཀྱིས་སམ། ཡོན་ཏན་གྱིས་སམ། ནུས་པའི་རང་བཞིན་གྱིས་རྟེན་དུ་གྱུར་པའི་དངོས་པོ་བཀག་པའི་ཕྱིར་རོ། །ཇི་ལྟར་ལུས་ལ་བརྟེན་པ་མེད་པར་

དེ་ལྟར་ཡང་བཤད་པར་བྱའོ། །ཇི་སྟེ་ཕ་དང་མའི་མིག་ལ་སོགས་པ་དང་འདྲ་བར་བུའི་མིག་ལ་སོགས་པ་དམིགས་པར་གྱུར་པས་འཇིག་རྟེན་གཞན་ལས་འོངས་པ་ཉིད་ནི་མ་ཡིན་ན། དེ་ཇི་ལྟར་འཇིག་རྟེན་ཕ་རོལ་པར་ཡོད་པར་ངེས་ཤེ་ན། འདིར་སྨྲས་པ། སྐྱེ་ཞིང་སྐྱེ་བ་ལེན་པ་ན། །

རང་གི་རིགས་ལ་ལྟོས་མེད་ཅན། །འབྱུང་རྔུབ་དབང་པོ་བློ་རྣམས་ནི། །ལུས་གཅིག་པུ་ལས་མ་ཡིན་ཏེ། །ཐལ་ཆེས་ཕྱིར་རོ་ཞེས་བྱ་བ་ལ་འབྱུང་བ་དང་རྔུབ་པ་དང་། དབང་པོ་དང་། བློ་དེ་དག་གི་གཡོ་བ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ལས་རང་གི་རིགས་ལ་ལྟོས་པ་མེད་པའི་

ཡུལ་ལས་སྐྱེ་བ་ནི་མ་ཡིན་ཏེ། གང་གི་ཕྱིར་མི་སྲུན་པ་ནི་བདག་དང་བདག་གིར་གོམས་པའི་རྒྱུ་ཅན་ཡིན་གྱི། ཕ་དང་མའི་རང་བཞིན་ཁོ་ནའི་རྒྱུ་ཅན་མ་ཡིན་ནོ། །དམ་པ་མ་ཡིན་པ་དང་འགྲོགས་ན་སྐྱེ་བོ་དམ་པ་ཡིན་པར་སྣང་སྟེ། གཡོ་བ་ལ་སོགས་པ་དེས་སྔོན་མི་སྲུན་པ་ལ་གོམས་

པའི་རྒྱུ་ཅན་ཡིན་ནོ། །མ་ལ་སོགས་པའི་སེམས་ཀྱི་དཔྱོད་པ་ལ་སོགས་པ་བུ་ལ་སྣང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཕ་དང་མའི་རང་བཞིན་འདོད་པའི་སྟོབས་ཉིད་ལས། དེར་ཕ་དང་མ་དག་ཡོངས་སུ་འཛིན་ཏེ་དཔེར་ན་མཁན་པོས་ཆོས་བཤད་པའི་ལུགས་སློབ་མ་དེ་ལ་གོམས་པའི་

ཁྱད་པར་ཉིད་སྣང་སྟེ། མཁན་པོའི་བློ་ལས་སློབ་མ་ཤེས་པ་སྐྱེ་བ་ཅན་དུ་ཁས་ལེན་པ་ནི་མ་ཡིན་ཏེ། སློབ་དཔོན་ནི་གཅིག་ཏུ་བདག་པོ་ཙམ་ཉིད་དོ། །སློབ་དཔོན་གྱིས་བཤད་པ་ལ། རང་འདོད་པ་གོམས་པའི་སྟོབས་ཀྱིས་ཆོས་འཛིན་པར་བྱེད་དོ། །དེ་བཞིན་དུ་མ་ལ་སོགས་པའི་ཆོས་

འཛིན་པ་འདི་ཡང་རང་འདོད་པ་ལ་གོམས་པ་ཉིད་དོ། །གང་མ་ལ་སོགས་པའི་རང་བཞིན་འདོད་པ་ཙམ་ནི་ཕ་ལ་སོགས་པའི་སྤྱོད་པ་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་ལུས་འབའ་ཞིག་ལས་སྲོག་ཆགས་རྣམས་སྐྱེ་བ་ནི་མ་ཡིན་ནོ། །འོན་ཏེ་སྲོག་ཆགས་རྣམས་ཀྱི་སྐྱེ་བ་ནི་ལུས་འབའ་ཞིག་

เล่ม ๑๘๒ · หน้า 317b

ལས་འབྱུང་བར་ཁས་ལེན་ཏེ། གོམས་པ་ལས་མི་སྲུན་པ་ལ་སོགས་པ་མཐོང་བ་ལས་ནི་གནོད་པ་དང་བྲལ་བའི་ཕྱིར་སྲོག་ཆགས་རྣམས་ནི་ལུས་ལས་སྐྱེས་པ་ལ་གནོད་པ་མེད་དོ་ཞེ་ན། དེ་ལྟ་ན་ཡང་སྐྱེ་བ་ཡོངས་སུ་འཛིན་པ་ལ་ཐལ་ཆེས་ཏེ། ད་ལྟར་བྱུང་བའི་དུས་སུ་མི་སྲུན་པ་ལ་སོགས་པ་ལ་

གོམས་པར་འཇུག་པར་མི་འགྱུར་བ་དེ་བས་ན། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ཉིད་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་འབྲས་བུའི་ཆོས་གང་ཡིན་པ་དེ་ནི་རྒྱུ་མེད་པ་མ་ཡིན་ནོ། །གལ་ཏེ་ཡང་སྔོན་བྱིས་པའི་གནས་སྐབས་ན་མི་སྲུན་པ་ལ་སོགས་པ་མ་གཏོགས་པར་མི་སྲུན་པ་ལ་སོགས་

པ་ལ་གོམས་པ་དང་འབྲེལ་པར་ད་ལྟར་ཡང་སྣང་ངོ་། །དུ་བ་ནི་དུ་བ་ལས་ཀྱང་སྐྱེ་ཞིང་མེ་ལས་ཀྱང་བྱུང་བ་དང་། དེ་བཞིན་དུ་འབྲས་སཱ་ལུ་ནི་སཱ་ལུ་ཉིད་དང་རེས་འགའ་བ་ལང་གི་ལྕི་བ་ལས་འབྱུང་བ་དང་། རི་མོ་ནི་རི་མོ་མཁན་གྱིས་བྱས་པ་དང་། རི་མོ་མཁན་མ་གཏོགས་པར་བྱའི་གཤོག་པ་ལ་སྣང་བ་དེ་

བཞིན་དུ། གོམས་པ་མ་གཏོགས་པ་ཉིད་དུ་མིག་ལ་གཡོ་བ་ལ་སོགས་པ་མཐོང་བའི་མ་ཡིན་ནམ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་དུ་བས་བསྐྱེད་པའི་དུ་བའི་རྣམ་པ་བཞིན་དུ། མེ་ལས་འབྱུང་བ་ནི་མ་ཡིན་ཏེ། མེ་ཡིས་བསྐྱེད་པའི་དུ་བ་ནི་རྒྱུན་འཇུག་པ་ཡིན་ལ། དུ་བས་

བསྐྱེད་པའི་དུ་བ་ནི་སྐད་ཅིག་རེ་རེ་ལ་འཇིག་ཅིང་འཇུག་པར་ཤེས་པར་བྱའོ། །འདི་ནི་བྱིས་པའི་དུས་སུ་གོམས་པ་མ་གཏོགས་པར་གོམས་པ་ལས་བྱུང་བའི་གཡོ་བ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་གཡོ་བ་ལ་སོགས་པ་ཤེས་པར་བྱ་སྟེ། དེས་ན་སྔོན་རང་གི་རིགས་ལ་གོམས་པ་སྔོན་དུ་འགྲོ་

བ་ཡིན་ནོ། །ཡང་ན་ཐལ་ཆེས་པར་འགྱུར་ཏེ། གལ་ཏེ་ལུས་འབའ་ཞིག་ལས་འབྱུང་འཇུག་ལ་སོགས་པ་འབྱུང་བ་དེའི་ཚེ་ས་ལ་སོགས་པ་ལས་དབུགས་འབྱུང་བར་འགྱུར་ཏེ། འབྱུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་སའི་སྟེང་ཐམས་ཅད་སྲོག་ཆགས་ཀྱི་རང་

བཞིན་དུ་ཐལ་བར་འགྱུར་རོ། །འོན་ཏེ་འབྱུང་བ་ཡོངས་སུ་གྱུར་པའི་ཁྱད་པར་ཉིད་སྲོག་ཆགས་སུ་སྐྱེ་ན་ཡོངས་སུ་གྱུར་པའི་ཁྱད་པར་དེ་ཡང་། ཡོངས་སུ་གྱུར་པའི་ཁྱད་པར་གཞན་ལས་ཡིན་པས་ཡོངས་སུ་གྱུར་པ་གཞན་དང་གཞན་དུ་མཐའ་མེད་པར་འགྱུར་རོ། །ཇི་སྟེ་ཡོངས་

เล่ม ๑๘๒ · หน้า 318a

སུ་གྱུར་པ་དེ་མཐོང་དུ་རུང་ངམ་མི་རུང་། གལ་ཏེ་མཐོང་དུ་རུང་ན་ནི་མེད་དེ་མི་དམིགས་པའི་ཕྱིར་རོ། །འོན་ཏེ་མཐོང་དུ་མི་རུང་ན་ནི་ཡོད་པར་ཇི་ལྟར་ཤེས། འབྱུང་བ་མ་གཏོགས་པ་གང་ཡང་ཡོངས་སུ་གྱུར་པའི་རྒྱུ་མེད་དེ། གལ་ཏེ་གྱུར་པ་རང་གི་ཉེ་བར་ལེན་པ་ཙམ་དང་

འབྲེལ་པ་ཡིན་ན། ཡུལ་དང་དུས་ཐམས་ཅད་པར་འགྱུར་རོ། །ཇི་སྟེ་འབྱུང་འཇུག་ལ་སོགས་པ་རྣམས་འབྲས་བུར་འགྱུར་བའི་དབང་པོ་ལ་སོགས་པ་སྐྱེ་བ་གཞན་དུ་འཇུག་པ་ནི་གྲུབ་ཏུ་ཆུག་ན་མ་འོངས་པའི་སྐྱེ་བར་འཇུག་པར་ཇི་ལྟར་གྲུབ། འཆི་བའི་གནས་སྐབས་ཀྱི་མིག་ལ་སོགས་

པའི་འཇིག་རྟེན་གཞན་གྱི་ཤེས་པའི་འབྲས་བུ་མ་ཡིན་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། །གང་གི་ཕྱིར་ན་མཐོང་བ་གང་། །ཉིང་མཚམས་སྦྱོར་བར་ནུས་པ་ནི། །དེ་ཅིར་འགྱུར་ན་ཕྱིས་གང་མེད། །གང་གིས་མཚམས་སྦྱོར་ལྡན་མེད་ཡིན། །ཞེས་བྱ་བ་ལ། སྲོག་ཆགས་ལ་

སོགས་པ་སྔོན་གྱི་དུས་སུ་ཉིང་མཚམས་སྦྱོར་བར་ནུས་པ་དང་ལྡན་པ་གནས་སྐབས་བར་མར་མཐོང་བ་གང་ཡིན་པའམ། འཇིག་རྟེན་གཞན་དུ་འཇུག་པའི་སྲོག་ཆགས་ལ་སོགས་པ་དེ་ནི་སྔར་ཡོད་པ་ལ་ལྷག་པ་ཅི་ཞིག་ཡོད་ན། རྒྱུ་གང་ཞིག་མེད་པ་ཡིན། ཕྱི་ནས་འཆི་བའི་གནས་སྐབས་སུ་

གང་གི་དེ་ལྷག་པའི་རྒྱུ་བ་དང་བྲལ་བས། ཕྱིས་འཆི་བའི་དུས་སུ་འཇིག་རྟེན་གཞན་དུ་འབྱུང་བའི་སྲོག་ལ་སོགས་པས་སྲོག་ལ་སོགས་པ་ཉིང་མཚམས་སྦྱོར་བ་ནི་མ་ཡིན་ཞིང་། དེའི་རྒྱུ་མེད་པ་ཡིན། གཡོ་བ་ལ་སོགས་པས་ནི་མི་གཡོ་བ་གོམས་པ་ལས་འབྱུང་སྟེ་ཉམ་ཆུང་བ་ལ་སོགས་པའི་

མཚན་ཉིད་ལས་ཉམ་ཆུང་བ་ནི་ལུས་ལ་བརྟེན་པ་དེས་ན་སྐྱེ་བ་སྔ་མ་མ་གྲུབ་པ་མ་ཡིན་ནམ། དེ་བས་ན་སྐྱེ་བ་ཐོག་མ་མེད་པ་བརྒྱུད་པ་མ་གྲུབ་པས་ཐོག་མ་མེད་པ་ཉིད་མེད་ཀྱང་དཔེར་ན་དུ་བ་དུ་བ་གཞན་གྱིས་བསྐྱེད་པ་རྒྱུན་ཆད་པ་དེ་བཞིན་དུ་རིགས་མཐུན་པས་བསྐྱེད་པའི་སྲོག་ལ་སོགས་པ་ཡང་ཀུན་དུ་

མི་འཇུག་པའི་ཕྱིར་རོ། །སྲོག་ཆགས་རྣམས་ཐོག་མ་མེད་པ་མ་ཡིན་ནོ། །སྔ་ནི་མེད་པའི་སེམས་ཅན་གྱི་སྐྱེ་བ་ཡང་སྔོན་གྱི་རྒྱུན་འཆད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ་སྐྱེ་བ་རྣམས་ཉམ་ཆུང་བ་ལ་སོགས་པ་རང་བཞིན་ཉིད་ཀྱིས་མ་ཡིན་ཏེ། འོན་ཀྱང་རང་གི་རིགས་གོམས་པ་

เล่ม ๑๘๒ · หน้า 318b

ལས་སོ། །ཇི་ལྟར་གཡོ་བ་ལ་སོགས་པ་དེ་གོམས་པ་ལས་ཡིན་པ་དེ་བཞིན་དུ་ཉམ་ཆུང་བ་ལ་སོགས་པ་ཡང་ལེ་ལོ་གོམས་པ་ལས་ཏེ། འདི་ལྟར་གཉིད་གོམས་པ་ལས་མིག་རྡིབ་པར་འགྱུར་ཞིང་སད་ན་ནི་མི་གཡོ་བའི་ཕྱིར་ལོག་པ་དང་སད་པ་བཞིན་མངོན་དུ་གྱུར་པའི་བག་ཆགས་ལས་

སད་པ་དང་པོ་སྐྱེ་བའི་ཚེ་མིག་ལ་སོགས་པ་དང་ལྡན་ནོ། །ལུས་གཞན་ལ་གནས་པ་ལུས་གཞན་དུ་ཇི་ལྟར་འཕོ་བར་འགྱུར་ཞེ་ན། ཇི་ལྟར་རྫས་གཞན་ལ་གནས་པའི་ནུས་པ་སྔགས་ལ་སོགས་པའི་མཐུས་རྫས་གཞན་ལ་འཕོ་བ་སྟེ། འདི་ལྟར་དུག་གི་ནུས་པ་སྔགས་ཀྱི་སྟོབས་

ཀྱིས་ཁ་ར་ལ་སོགས་པ་ལ་འཕོ་བ་དེ་བཞིན་དུ་ལས་ཀྱི་མཐུས་ལུས་ལ་གནས་པའི་མིག་ལ་སོགས་པ་ལུས་གཞན་ལ་འཕེན་པར་བྱེད་པས་དེ་བས་ན་མིག་ལ་སོགས་པ་ཐོག་མ་མེད་པ་གྲུབ་པ་ཡིན་ནོ། །སྙི་བ་ལ་སོགས་པའི་ཁྱད་པར་བཞིན་འབྱུང་པོའི་ཚོགས་གང་ཡང་རུང་བའི་

སྲོག་ལ་སོགས་པ་ཡང་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། གང་ལ་དྲོད་གཤེར་སོགས་སྐྱེ་བས། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་སོགས་ཆ་སྟེ་འགའ་ཡང་མེད། །དེའི་ཕྱིར་ཐམས་ཅད་ས་བོན་བདག །ཅེས་བྱ་བ་ལ་ས་ལ་སོགས་པའི་ཆ་འམ། བྱེ་བྲག་འགའ་ཡང་ཡོད་

པ་མ་ཡིན་ཏེ། ས་ལ་སོགས་པའི་ཆ་གང་ཞིག་ཏུ་སྲོག་ཆགས་སྐྱེ་བ་མ་ཡིན་པའོ། ཐ་མ་ན་དྲོད་གཤེར་ལས་སྐྱེ་བ་ནི་མཐོང་བ་སྟེ་སོགས་པའི་སྒྲས་ནི་སྒོ་ང་ལས་སྐྱེ་བ་ལ་སོགས་པ་གཟུང་ངོ་། །འདི་ལྟར་རས་ལ་གཏུམས་པའི་ཆུ་ཡང་ཞག་ཅུང་ཟད་ཅིག་གནས་པ་ན་དེར་སེམས་ཅན་

གནས་ཏེ་རྒྱ་མཚོ་ཆེན་པོ་ན་ནི་སྲོག་ཆགས་ཆ་བྱད་སྣ་ཚོགས་པ་ཐམས་ཅད་སྣང་བ་ཡིན་ནོ། །དེའི་ཕྱིར་དེ་བས་ན། འབྱུང་བའི་སྐྱེད་པ་ཐམས་ཅད་སྲོག་ཆགས་དང་ལྡན་པ་དེའི་ཕྱིར་སྲོག་ལ་སོགས་པ་ནི་ཆ་ཤས་མེད་པ་ཡིན་ནོ། །འོ་ན་ཁྱོད་ཀྱི་ལུགས་ཀྱིས་ཀྱང་ཐམས་ཅད་

སྲོག་ཆགས་དང་ལྡན་པ་མ་ཡིན་ནམ། ས་ལ་སོགས་པ་ཐམས་ཅད་ལ་སྲོག་ཆགས་སྐྱེ་བ་མེད་ཅེ་ན། འདིར་སྨྲས་པ། དེ་ལྟར་དབང་པོ་སོགས་རིགས་ལས། །ལྟོས་མེད་རྣམས་ནི་འབྱུང་བ་ན། །ཇི་ལྟར་གཅིག་ནི་འགྱུར་བ་ཡིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་

เล่ม ๑๘๒ · หน้า 319a

རོ། །ཞེས་བྱ་བ་ལ་འབྱུང་བ་རྣམས་ལས་སུ་རུང་ཡང་རིགས་མཐུན་པ་ལ་མ་ལྟོས་པར་ཤེས་པ་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་ལས་བདག་པོར་གྱུར་པ་ལས་སྲོག་ཆགས་རྣམས་འབྱུང་བ་ཡིན་ནོ། །དེས་ན་བག་ཆགས་སད་པ་སྐྱེ་བ་གང་ཡིན་པ་དེར་སྲོག་ཆགས་རྣམས་སྐྱེ་བ་

ཡིན་ནོ། །ཁྱོད་ལ་ནི་འབྱུང་བ་ལས་མ་གཏོགས་པའི་ལས་ཁས་མི་ལེན་པའི་ཕྱིར་འབྱུང་བ་ཙམ་དང་འབྲེལ་པའི་མིག་ལ་སོགས་པ་རྣམས་འདོད་དོ། །དེ་བས་ན་དབང་པོ་ལ་སོགས་པ་རྣམས་རིགས་མཐུན་པ་ལ་མ་ལྟོས་པར་འབྱུང་ན་ནི་དཔེར་ན་འབྱུང་བའི་ཚོགས་གཅིག་ལ་སྲོག་ཆགས་ཀྱི་གཟུགས་སུ་

གྱུར་པ་དེ་བཞིན་དུ་འབྱུང་བ་རྣམས་ཐམས་ཅད་ལ་ཡང་འགྱུར་རོ། །ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་ལུས་ཀྱི་མངལ་དུ་མིག་ལ་སོགས་པ་དམིགས་པ་གྲུབ་པའི་མཐས་གཞག་པ་མ་ཡིན་ནམ། དེར་ཡང་མིག་ལ་སོགས་པའི་ཤེས་པ་རྣམས་སྐྱེ་བ་སྟེ། དེ་ཇི་ལྟར་འཇིག་རྟེན་ཕ་རོལ་

གྱི་དབང་པོ་ལས་ཡིན་པར་བརྗོད་པར་བྱ་ཞེ་ན། འདིར་སྨྲས་པ། དབང་རྣམས་སོ་སོ་ལ་གནོད་ཀྱང་། །ཡིད་བློར་གནོད་པ་ཡོད་མ་ཡིན། །འདི་འཇིག་ན་ནི་དེ་དག་གི །འཇིག་པ་དག་ཀྱང་མཐོང་བར་འགྱུར། །ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པས་འཕངས་པ་ཉིད་ཀྱི་མིག་ལ་

སོགས་པ་ནི་རང་གི་བྱ་བ་བྱེད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དབང་པོ་ལ་བརྟེན་པ་ནི་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་གྱི་ཡིད་དེ་ཉིད་ལས་ཡིན་ཏེ། འབྱུང་བའི་ཚོགས་ལ་བརྟེན་པ་ནི་མ་ཡིན་ནོ། །སོ་སོ་པ་ནི་རེ་རེ་བའི་མིག་ལ་སོགས་པ་ལ་གནོད་ཀྱང་དེ་ཡིད་ཀྱི་བློ་ལ་ནི་གནོད་པ་མ་

ཡིན་ཏེ་འགྱུར་བ་ནི་མ་ཡིན་ནོ། །ཡིད་ཀྱི་བློ་དེ་ལ་ནི་མྱ་ངན་ལ་སོགས་པས་འཇིག་པ་སྟེ་གྱུར་ན། མིག་ལ་སོགས་པ་དེ་རྣམས་འཇིག་པས་ཏེ་ཉམས་པ་འམ་འགྱུར་བར་མཐོང་བ་ཡིན་ནོ། །དེ་གྱུར་པས་འགྱུར་བ་ནི་འབྲས་བུ་ཉིད་ཡིན་པ་དེ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་དབང་པོ་ལ་

རྟེན་པ་ནི་མ་ཡིན་ནོ། །འོན་ཀྱང་དེ་ཉིད་དེ་ལ་བརྟེན་པ་ཡིན་ནོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མིག་ལ་སོགས་པ་བརྟེན་ན་འོ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྟེན་མེད་པ་ཉིད་དུ་འགྱུར་ཏེ། རྣམ་པར་ཤེས་པ་དྲུག་ནི་རྟེན་དང་བཅས་པར་ཁས་བླངས་པ་མ་ཡིན་ནམ་ཞེ་ན། འདིར་སྨྲས་

เล่ม ๑๘๒ · หน้า 319b

པ། དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་འགའ་ཞིག་ལ་བརྟེན་ཏེ། །དབང་པོ་རྣམས་ཀྱི་རྒྱུ་མཚན་ཡིན། །དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་བྱ་བ་ལ། དབང་པོའི་གནས་པའི་རྟེན་ནི་འཕེན་པར་བྱེད་པའི་ལས་ཡིན་ཏེ། འདི་ལྟར་དགེ་བ་དང་། མི་དགེ་བའི་ལས་ཀྱིས་འཕངས་པའི་

ཡིད་ཀྱི་བློ་སོ་སོར་ངེས་པའི་དུས་སུ་ཡོད་པ་ཡིན་ནོ། །དབང་པོ་རྣམས་ཀྱི་རྒྱུ་མཚན་འཕེན་པར་བྱེད་པའི་ལས་ནི་བློ་གནས་པའི་རྟེན་ཡིན་ནོ། །ལས་དེ་ནི་ལས་ཞེས་བྱ་བ་ཉིད་དེ་དབང་པོའི་རྟེན་ཡིན་ཏེ་སྔོན་གྱི་བློ་ཉིད་ལ་བརྟེན་པ་ཡིན་ནོ། །དེ་ལྟར་ཡང་སེམས་ཀྱི་ལས་ནི་སེམས་ཉིད་ཀྱིས་

བྱེད་པ་ཡིན་ཏེ། འདིས་ནི་ལས་ནི་ཡིད་ཀྱི་བློའི་རྟེན་ཡིན་པར་བསྟན་ཏེ། ལས་ཀྱང་ཡིད་ཀྱི་བློ་སྔ་མ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཐོག་མ་མེད་པའི་ལས་ནི་སེམས་ལ་ཉེ་བར་སྦྱར་བའི་ཕྱིར་རོ། །དེའི་ཕྱིར་དབང་པོ་ནི་བློ་ལས་ཡིན་ཏེ་དབང་པོ་ལས་ནི་མ་ཡིན་ཏེ། དེ་ལྟར་ནི་འགྱུར་མོད་ཀྱི་ང་

དང་བདག་གི་རྣམ་པ་ཡིད་ཀྱི་རྣམ་པར་ཤེས་པ་ལས་ད་ལྟར་བྱུང་བའི་སྐྱེ་བ་ཡོངས་སུ་འཛིན་གྱི་མ་འོངས་པའི་སྐྱེ་བ་ཇི་ལྟར་འཛིན་ཅེ་ན། འདིར་སྨྲས་པ། ཅི་སྟེ་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་དང་འདྲ་བར་འགྱུར། །ཞེས་བྱ་བ་ལ་འཇིག་རྟེན་ཕ་རོལ་འདས་པར་གྱུར་པའི་བློ་

ལ་མ་རིག་པ་དང་སྲེད་པར་ལྡན་པ་དེ་ལྟ་བུ་ཡོད་པར་གྱུར་ན་ཚེ་འདིའི་མིག་ལ་སོགས་པ་རྣམས་ལ་འཕེན་པར་བྱེད་པ་ཡོད་པའམ། ད་ལྟར་གྱི་དུས་སུ་ཡིད་ཀྱི་བློ་འཕེན་པ་ཡང་རུང་སྟེ། དེ་བཞིན་དུ་འཆི་བའི་གནས་སྐབས་སུ་ཡང་དབང་པོ་ལ་སོགས་པ་རྣམས་འཇིག་རྟེན་ཕ་རོལ་ཏུ་

འགྲོ་བར་འགྱུར་བའི་འཕེན་པར་བྱེད་པ་ཡོད་པ་ཡིན་ནོ། །དེ་ལྟ་བུས་ནི་གསུང་རབ་ལས་བསྟན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མའི་འཇིག་རྟེན་ཕ་རོལ་དུ་འགྲོ་བར་ནུས་པ་ཡིན་ལ། སྔོན་གྱི་ནི་མཐོང་བ་གང་ཞེས་བྱ་བ་ལ་སོགས་པ་སྟེ་གཡོ་བ་ལ་སོགས་པའི་རང་བཞིན་དང་

ལྡན་པ་མིག་ལ་སོགས་པ་འཇིག་རྟེན་ཕ་རོལ་པོ་ཡིན་པར་མཐོང་བ་གང་ཞེས་པས་བསྟན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལུས་ལ་བརྟེན་པར་གསུང་རབ་ལས་གསུངས་པ་མ་ཡིན་ནམ། དེ་དང་ཇི་ལྟར་མི་འགལ་ཞེ་ན། འདིར་སྨྲས་པ། ཤེས་པ་དེ་ཡིས་ཕན་འདོགས་

เล่ม ๑๘๒ · หน้า 320a

ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །ཅེས་བྱ་བ་ལ། དེའི་ཤེས་པ་ནི་ལུས་ཀྱི་ཤེས་པ་སྟེ། མིག་ལ་སོགས་པ་ལས་སྐྱེས་པའོ། །ཕན་འདོགས་ཕྱིར་ཏེ་ཕན་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡིད་ནི་ལུས་ལ་བརྟེན་པར་བཤད་ཀྱི། དོན་དམ་པར་ནི་ཡིད་

ལུས་ལ་བརྟེན་པ་ནི་མ་ཡིན་ནོ། །དེའི་ཕྱིར་ངར་འཛིན་པའི་མཚན་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོ་དང་ལུས་ལ་བརྟེན་པར་གནས་པ་ནི་མ་ཡིན་ནོ། །ཡང་བདག་དང་བདག་གིར་འཛིན་པའི་ཡིད་དོན་དམ་པར་ལུས་ལ་བརྟེན་པ་ཉིད་དུ་ཅིའི་ཕྱིར་ཁས་མི་ལེན་ཏེ། ལུས་དང་བྲལ་བའི་

རྩིག་པ་ལ་ཡིད་མ་མཐོང་བའི་ཕྱིར་མ་ཡིན་ནམ་ཞེ་ན་དེ་ནི་བདེན་པ་མ་ཡིན་ཏེ། མ་མཐོང་བ་ཙམ་གྱི་འབྲས་བུ་ཉིད་མ་ཡིན་གྱི། འོན་ཀྱང་ཡོད་པ་དང་མེད་པའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ཡང་ལུས་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ནི་མཐོང་སྟེ། འདི་ལྟར་མྱ་ངན་ལ་སོགས་པ་ཡིད་

གྱུར་ན། ལུས་རིད་པར་གྱུར་པ་དང་། ཡིད་དགའ་བར་གྱུར་ན་ལུས་ཚོན་པོར་གྱུར་ཞིང་ཆེན་པོར་འགྱུར་རོ། །ཡང་ན་ཇི་ལྟར་དབང་པོ་མེད་བློ་མིན། །དེ་མེད་པར་ནི་དེ་དག་ཀྱང་། །དེ་ལྟར་ཕན་ཚུན་རྒྱུ་ཉིད་ཡིན། །དེ་ཕྱིར་ཕན་ཚུན་རྒྱུ་ཅན་ནོ། །ཞེས་བྱ་བ་ལ། གལ་ཏེ་ཡང་དབང་པོ་མེད་

ན་རྩིག་པ་ལ་སོགས་པ་ལ་བློ་མི་འབྱུང་བ་དེ་ལྟར་མིག་ལ་སོགས་པ་དེ་ཡང་ཡིད་ཀྱི་མཚན་ཉིད་ཀྱི་བློ་མེད་ན་འབྱུང་བ་མ་ཡིན་པ་དེས་ན་ཇི་ལྟར་མིག་ལ་སོགས་པ་དང་འབྲེལ་པ་ཅན་གྱི་བློ་འམ། ལུས་དང་འབྲེལ་པ་ཅན་དེ་བཞིན་དུ་མིག་ལ་སོགས་པའི་བློ་དང་འབྲེལ་པ་ཅན་རྣམས་ཡིན་

ནོ། །དེ་ལྟ་ན་ཡང་ཕན་ཚུན་རྒྱུ་ཉིད་ཡིན་ཏེ། ཕན་ཚུན་རྒྱུར་འགྱུར་བ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་དག་ཕན་ཚུན་རྒྱུ་ཡིན་པའི་ཕྱིར། །དུས་ད་ལྟར་བ་བཞིན་དུ་སྐྱེ་བ་དང་འཆི་བའི་ཚེ་ལུས་དང་ཡིད་ཕན་ཚུན་རྒྱུ་ཉིད་དུ་འགྱུར་བས་འཇིག་རྟེན་ཕ་རོལ་མེད་པ་ནི་

མ་ཡིན་ནོ། །མིག་ལ་སོགས་པ་དང་འབྲེལ་པ་ལ་གནོད་པ་ཅན་བརྗོད་ཀྱི་ལུས་དང་འབྲེལ་པ་ལ་ནི་གནོད་པ་མེད་པ་མ་ཡིན་ནམ་ཐལ་ཆེས་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་རང་བརྒྱུད་པ་འཇིག་རྟེན་ཕ་རོལ་དུ་འགྲོ་བས་སྐབས་སུ་བབ་པའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด