ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་པཱརྟི་ཀ་སྱ་བྲྀཏྟི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๒ · หน้า 320b

ཕྱིར་རོ། །དེ་ཡང་གཡོ་བ་ལ་སོགས་པའི་ཐ་སྙད་རང་གི་རིགས་ལ་གོམས་པ་སྔོན་དུ་འགྲོ་བར་བསྟན་ཏོ་ཞེ་ན། འདིར་སྨྲས་པ། རིམ་པ་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མིན། །ལུས་ལ་རིམ་པས་བློར་འགྱུར་ན། །དེ་ཡང་རིམ་པ་གསལ་བར་བྱེད། །ཅེས་

བྱ་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པའི་ལུས་བསྟན་ན། ལུས་དབང་པོ་དང་བཅས་པ་ཡང་བསྟན་པ་ཉིད་དེ། ཡིད་ཀྱི་བློ་དང་འབྲེལ་པའི་རིགས་པ་མཚུངས་པའི་ཕྱིར་རོ། །དེ་ལྟར་ཡང་སྨྲས་པ། རྒྱུ་ལུས་ཏེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན། །དེ་ལ་མི་རྟག་པ་ཡིན་ན་གང་

གི་ཕྱིར་རིམ་མིན་ལས་ཏེ་རིམ་པ་ཡོད་པ་མ་ཡིན་པའི་ལུས་ལས་རིམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བ་ཡོད་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་རིམ་གྱིས་སྐྱེ་བའི་ཕྱིར་རོ། །ལུས་རྟག་པ་ལས་ཡིན་ན་ནི། དུས་རྟག་ཏུ་འབྲས་བུ་ཅིག་ཅར་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི་

འགྱུར་མོད་ཀྱི་ལུས་རྟག་པའི་གྲོགས་བྱེད་པ་ལ་ལྟོས་པ་རྒྱུ་ཉིད་ཡིན་གྱི་ཡན་གར་བ་ནི་མ་ཡིན་ནོ། །གྲོགས་བྱེད་པས་ཀྱང་འབྲས་བུ་རིམ་གྱིས་སྐྱེད་དོ་ཞེ་ན་འདིར་སྨྲས་པ། ཕན་འདོགས་པའི་ཡུལ་ལ་རྟག་པ་སྟེ་ལྟོས་པ་མ་ཡིན་ཏེ། དེ་ལྟ་བུ་ཡིན་ན་ཁྱད་པར་ཅན་མ་ཡིན་པ་སྟེ།

འདི་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདིའི་དགོངས་པ་ནི་རྟག་པའི་ལུས་ལ་གྲོགས་བྱེད་པ་ནི་དོན་གཅིག་བྱེད་པས་ཡིན་ནམ་ཕུལ་དུ་བྱུང་བས་འཇོག་པས་ཡིན། དེ་ལ་རྟག་པའི་གྲོགས་བྱེད་པ་དོན་གཅིག་བྱེད་པས་ཡིན་ན། ཚོགས་པའི་དུས་བཞིན་སྔར་ཡང་དུས་སོ་སོར་འབྱུང་

བའི་ཕྱིར་རོ། །དེས་ན་དེ་དང་འབྲེལ་པའི་འབྲས་བུ་དེའི་ཚེ་འཐོབ་པར་འགྱུར་ཏེ། དེ་ལྟར་ཚོགས་པ་ཉིད་ཀྱིས་སྐྱེད་པ་ཡིན། འོན་ཏེ་ལྷག་པར་གཞག་པ་ཡིན་པ་དེའི་ཚེ་ཡང་རྟག་པར་མི་འགྱུར་བ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །འགྱུར་ན་ནི་མི་རྟག་པ་ཉིད་དོ་ཞེས་བཤད་དོ། །འོ་ན་

ཏེ་ལུས་སྔར་གྱི་བློ་ལ་ལྟོས་ནས་རྣམ་པར་ཤེས་པ་རིམ་གྱིས་སྐྱེད་པ་དེ་ལྟ་ན་ཡང་ལུས་ཀྱང་སྐད་ཅིག་མ་ཉིད་དུ་འགྱུར་ཏེ། དེ་ལྟ་བས་ན་ལུས་བློ་དང་ལྷན་ཅིག་པ་སྔ་མ་སྔ་མའི་ལུས་ནི་བློ་དང་ལྷན་ཅིག་སྐྱེ་བ་ཐོབ་པར་འགྱུར་རོ། །དེ་ལྟ་ན་ནི། སྐད་ཅིག་སྔ་མ་སྔ་མ་ནི། སོ་

เล่ม ๑๘๒ · หน้า 321a

སོའི་སྐད་ཅིག་སྔར་མེད་དེའི། །རྒྱུར་འགྱུར་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་དུ་ནི་མཐོང་བར་འགྱུར། །ཞེས་བྱ་བ་ལ། སྐད་ཅིག་མ་སོ་སོ་སྔ་ན་མེད་པ་ནི་ཤེས་པ་དང་བཅས་པའི་ལུས་དེའི་ཤེས་པ་དང་བཅས་པའི་ལུས་ཉིད་སྔ་མ་སྔ་མ་ལུས་ཀྱི་སྐད་ཅིག་མ་

རྒྱུར་འགྱུར་རོ། །དེ་བས་ན་དུས་དབུ་མ་བཞིན་མཐོང་བ་ཉིད་རྒྱུ་ཡིན་ཏེ། ཤེས་པ་དང་བཅས་པའི་ལུས་བསྐྱེད་པ་སྐྱེ་བ་དང་འཆི་བ་དག་ལ་ཡོད་དེ། འདིས་ནི་ལུས་ཉིད་རྒྱུ་ཡིན་ཡང་འཇིག་རྟེན་ཕ་རོལ་འགྲུབ་པོ་ཞེས་བསྟན་ཏོ། །འཆི་བའི་སེམས་གང་ཡིན་པ་དེ་ཡང་སེམས་གཞན་དང་

ཉིང་མཚམས་སྦྱོར་བ་ནི་མ་ཡིན་ནོ། །དཔེར་ན་ཐ་མའི་སེམས་བཞིན་ནོ། །འཆི་བའི་སེམས་ཀྱང་འཆི། །འཕོ་བའི་དུས་སུ་བདག་ལ་སོགས་པས་རྣམ་པར་ཤེས་པ་མ་ཡིན་ནམ། ཇི་ལྟར་འཇིག་རྟེན་ཕ་རོལ་གྲུབ་ཅེ་ན། དེའི་ཕྱིར་སྨྲས་པ་ཐ་མའི་སེམས་ནི་སེམས་གཞན་དང་མཚམས་

སྦྱོར་བ་ལ་འགལ་བ་ཅི་ཡོད་ཅེས་བྱ་བ་ལ། འཆི་བའི་སེམས་ནི་སེམས་གཞན་ཏེ། འཇིག་རྟེན་ཕ་རོལ་པོར་གྱུར་པ་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཞིག་ཡོད་དེ། འདི་ལྟར་འཆི་བའི་སེམས་སུ་འང་འགྱུར་ལ། སེམས་གཞན་དང་མཚམས་སྦྱོར་བ་ཡོད་པར་འགྱུར་བ་འདི་ལ་

འགལ་བ་ཅི་ཡོད། འདིས་ནི་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསྟན་པ་ཡིན་ནོ། །འོན་ཏེ་འཆི་བའི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་དགྲ་བཅོམ་པ་ལ་འགལ་བར་མཐོང་ངོ་ཞེ་ན། འདིར་སྨྲས་པ། དགྲ་བཅོམ་སེམས་གང་དེ་ཡང་ནི། །གང་ཕྱིར་མཚམས་སྦྱོར་མེད་པར་འདོད། །

ཅེས་བྱ་བ་ལ། དགྲ་བཅོམ་པའི་ཐ་མའི་སེམས་སེམས་གཞན་དང་མཚམས་མི་སྦྱོར་བར་ཚད་མ་གང་གིས་ཤེས་པ་ཡིན་ཏེ། འདིས་ནི་དཔེ་ལ་བསྒྲུབ་བྱ་མ་ཚང་བར་སྟོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདོད་ཆགས་དང་བྲལ་བའི་འཆི་བའི་སེམས་སེམས་གཞན་དང་

མཚམས་སྦྱོར་བར་འགྱུར་བ་མ་ཡིན་པར་གྲུབ་པའི་མཐའ་ཉིད་ཀྱིས་སྟོན་པའི་ཕྱིར་རོ། །ཇི་ལྟར། སེམས་ནི་རྣམ་པར་ཐར་བ་ན། །མར་མེ་བཞིན་དུ་མྱ་ངན་འདའ། །ཞེས་གསུངས་སོ་ཞེ་ན། འདིར་སྨྲས་པ། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའ་དོན་དུ་རྟོགས་སམ་

เล่ม ๑๘๒ · หน้า 321b

ཅི། །ཞེས་བྱ་བ་ལ། ཚད་མས་མ་གྲུབ་པའི་དོན་ཅན་ནི་ཡོངས་སུ་མ་གྲུབ་པའི་དོན་ཅན་གྱི་གྲུབ་པའི་མཐའོ། །དེས་ཇི་ལྟར་རྟོགས་པར་འགྱུར། འདིའི་དོན་ནི་གྲུབ་པའི་མཐའ་ཚད་མ་ཡིན་ནམ་ཚད་མ་མ་ཡིན། དེ་ལ་གལ་ཏེ་ཚད་མ་མ་ཡིན་པ་དེ་ལྟ་ན་ཡང་། ཇི་ལྟར་གྲུབ་པའི་

མཐའ་བསྟན་པའི་འདོད་ཆགས་དང་བྲལ་བའི་སེམས་གཞན་དང་མཚམས་སྦྱོར་བར་མི་འགྱུར་རོ་ཞེས་བཟུང་བ་དེ་བཞིན་དུ་གྲུབ་པའི་མཐའ་བརྗོད་པའི་བདག་ལ་སོགས་པའི་སེམས་སེམས་གཞན་དང་མཚམས་སྦྱོར་རོ་ཞེས་བསྟན་པ་འདི་ཡང་ཅིའི་ཕྱིར་གཟུང་བར་མི་བྱ། འོན་

ཏེ་དེ་ཚད་མ་མ་ཡིན་པ་དེའི་ཚེ་འདོད་ཆགས་དང་བྲལ་བའི་སེམས་མཚམས་སྦྱོར་མེད་དོ་ཞེས་ཇི་ལྟར་ཤེས་པར་བྱ། དེ་ལ་འདོད་ཆགས་དང་བྲལ་བའི་སེམས་ནི་བདག་ཉིད་ཐམས་ཅད་ཀྱི་རྒྱུན་ཆད་པ་མ་ཡིན་ཏེ། འོན་ཀྱང་ཉོན་མོངས་པ་རྒྱུན་འཆད་པ་ཉིད་ཀྱི་ཡོངས་སུ་དག་པའི་

སེམས་ཡོད་དོ། །མར་མེ་བཞིན་དུ་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཐར་པ་ནི་ཕྱི་རོལ་གྱི་ཚུལ་ལ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །ཞེས་བཤད་པར་བྱའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། །བམ་པོ་བཞི་པ། འདིར་རྒོལ་བའི་ལན་ནི།

དེ་རྒྱུ་མ་ཚང་ཕྱིར་ཡིན་ན། །དེ་ཉིད་འདིར་ནི་ཅིས་མི་བརྗོད། །ཅེས་བྱ་བ་ལ། དེ་ལྟར་འགྱུར་མོད་ཀྱི་རྒྱུ་ནི་མ་རིག་པ་དང་སྲེད་པའི་མཚན་ཉིད་དེ་མ་ཚང་བའི་ཕྱིར་ན་འདོད་ཆགས་དང་བྲལ་བའི་སེམས་དེ་སེམས་གཞན་དང་མཚམས་སྦྱོར་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་རྒྱུ་མ་ཚང་

བ་དེ་ཉིད་འདིར་ཏེ་བདག་ཅག་ལ་སོགས་པ་འཆི་བའི་སེམས་ལ་ཅིའི་ཕྱིར་མི་བརྗོད་དེ། འཆི་བའི་སེམས་ཉིད་ཡིན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་མ་ངེས་པའི་གཏན་ཚིགས་ཅི་སྟེ་འགོད་པར་བྱེད། འོ་ན་རྒྱུ་ལུས་ཀྱི་མཚན་ཉིད་འཆི་བའི་དུས་སུ་མ་ཚང་བའི་ཕྱིར་རྒྱུར་ལེན་པར་བྱེད་

པ་ཡིན་ནོ་ཞེ་ན་དེ་ཡང་འདིར་ལྷག་པར་བཀོད་པས་ཅི་བྱ་སྟེ། འོན་ཀྱང་འཆི་བའི་སེམས་ཁོ་ན་འགོད་པར་བྱའོ། །འོན་ཏེ་དེ་ནི་མ་ངེས་པའི་ཕྱིར་མི་འགོད་ན། དེ་ལྟ་ན་ཡང་རྒྱུ་མ་ཚང་བ་ཡང་མ་གྲུབ་པའི་ཕྱིར་མཚུངས་པར་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །རྒྱུ་མ་ཚང་བ་ལ་

เล่ม ๑๘๒ · หน้า 322a

སོགས་པ་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་ལུས་ཉིད་དབང་པོ་དང་བཅས་པ་ལས་སམ། དབང་པོ་མེད་པ་ལས་ཡིན་ཏེ། སེན་མོ་ལ་སོགས་པ་བཞིན་ཡིད་ཀྱི་ཤེས་པ་སྐྱེ་བ་མ་ཡིན་ནོ། །གང་གི་ཕྱིར་སྙིང་གའི་ཕྱོགས་སུ་སེམས་པ་རྟོགས་པའི་རྣམ་པ་

དམིགས་སོ་ཞེ་ན། འདིར་སྨྲས་པ། དབང་པོ་བཅས་ལ་ཡིད་ཤེས་མིན། །དེ་བློ་བཞིན་འཛིན་ཐོབ་ཕྱིར་རོ། །ཤེས་བསྐྱེད་ནུས་པ་ཐ་དད་ཕྱིར། །ཐམས་ཅད་ལས་ནི་མ་ཡིན་ནོ། །སེམས་ཉིད་མེད་ཕྱིར་གཞན་ལས་མིན། །རྒྱུ་དབྱེར་མེད་པས་ལྷན་ཅིག་གནས། །དབང་བཞིན་གཟུགས་

དང་རོ་བཞིན་ནོ། །དོན་གྱི་སྒོ་ནས་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡིད་ཀྱི་བློའི་རྒྱུ་མཚན་དབང་པོ་དང་བཅས་པའི་ལུས་ཡིན་ནམ། དབང་པོ་མེད་པ་ཡིན། རེ་ཞིག་དབང་པོ་དང་བཅས་པ་ནི་མ་ཡིན་ནོ། །དེ་བཞིན་དེ་དབང་པོའི་བློ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་འཛིན་པར་འགྱུར་ཕྱིར་

ཏེ། སྣང་བ་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དབང་པོ་དང་བཅས་པ་ནི་དབང་པོ་དང་ལྡན་པར་འཇུག་པས། དབང་པོའི་ལུས་སོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་མིག་གི་སྟོབས་ཀྱིས་སྐྱེས་པར་གྱུར་པ་གསལ་བར་སྣང་བ་དེ་བཞིན་དུ།

མིག་ལས་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་གཅིག་ཉིད་ལས་མཚན་ཉིད་མི་མཐུན་པས་འབྲས་བུ་ཉེ་བར་བསྐྱེད་པ་ནི་མཐོང་བ་མ་ཡིན་ནམ། དཔེར་ན་མེ་ནི་དུ་བ་དང་ཐལ་བ་སྐྱེད་པར་བྱེད་པ་ན་ཚོགས་དེའི་དབྱེ་བས་ཡོད་

པར་འགྱུར་རོ། །དེ་ལ་གཟུགས་ཀྱིས་ཕན་འདོགས་པའི་མིག་གསལ་བར་སོ་སོར་སྣང་བའི་ཤེས་པ་སྐྱེ་ལ་མིག་གཟུགས་དང་བྲལ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་རྣ་བ་ལ་ཡང་བལྟ་བར་བྱའོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ་མིག་གི་རྗེས་སུ་འབྲངས་

པའི་ཤེས་པ་དབང་པོ་ལས་སྐྱེས་པ་ཡིན་ཏེ། དབང་པོ་ལ་ནི་ཡིད་ཀྱི་ཤེས་པའི་བྱེད་པ་མེད་ན། དེ་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དབང་པོས་སྐྱེད་པ་ཡིན། དེའི་བློ་བཞིན་དུ་འཛིན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོའི་བྱེད་པའི་རྗེས་སུ་འབྲང་བ་ལ་ནི་མིག་

เล่ม ๑๘๒ · หน้า 322b

གི་བློ་ཡིས་དོན་འཛིན་པ་ཡིན་ནོ་ཞེས་ཐ་སྙད་འདོགས་སོ། །གལ་ཏེ་ཡིད་ཀྱི་བློ་ཡང་དབང་པོ་ལས་སྐྱེ་ན། མིག་གི་ཤེས་པ་བཞིན་དུ་དབང་པོ་ལ་བརྟེན་ནས་དོན་རྟོགས་པ་ཡིན་ནོ། །དབང་པོའི་བྱ་བ་དང་བྲལ་ན། ཇི་ལྟར་ཡིད་ཀྱི་ཤེས་པ་དབང་པོ་ལས་སྐྱེས་ཞེས་བརྗོད་པར་བྱ།

མིག་གི་བྱེད་པ་ཡང་ཡིད་ལ་མི་དམིགས་ཏེ། དེས་ན་དབང་པོ་ལ་སྐྱེས་པ་ནི་ཡིད་ཀྱི་ཤེས་པ་མ་ཡིན་ནོ། །དེ་དག་གིས་ནི་སོ་སོར་དབང་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །དེ་ལྟར་འགྱུར་མོད་ཀྱི་མིག་ལ་སོགས་པའི་ཚོགས་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་

བར་འགྱུར་རོ་ཞེ་ན་ཐམས་ཅད་ལས་ཀྱང་མ་ཡིན་པའི་ཕྱིར་ཏེ། དབང་པོ་ལ་སོགས་པའི་ཚོགས་འདུས་པ་ལས་ཀྱང་ཡིད་ཀྱི་ཤེས་པ་སྐྱེ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྐྱེད་པའི་ནུས་པ་ཐ་དད་པའི་ཕྱིར་ཏེ། ཤེས་པ་སྐྱེད་པའི་ནུས་པ་སོ་སོར་ཐ་དད་པ་སྟེ། ཕན་ཚུན་

ལྟོས་པ་མེད་པར་མིག་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །གང་དུ་ས་ལ་སོགས་པའི་ཚོགས་པ་ལས་འབྲས་བུ་སྐྱེད་པ་དེ་ཉིད་དུ་རྒྱུ་གཅིག་དང་བྲལ་ན་འབྲས་བུ་འབྱུང་བ་ནི་མ་ཡིན་ནོ། །མིག་ལ་སོགས་པ་འདུས་པ་ཉིད་ལས་ཤེས་པ་སྐྱེ་ན་ནི་རེ་རེ་དང་བྲལ་བས་མི་སྐྱེ་བའི་

ཕྱིར་དབང་པོ་རེ་རེ་བ་དང་བྲལ་ཡང་། དབང་པོ་གཞན་ལས་ཤེས་པ་དང་། །ཡིད་ཀྱི་བློ་མཐོང་བ་ཡིན་ནོ། །དེས་ན་ཚོགས་པ་ལས་ཀྱང་མི་སྐྱེའོ། །ཀྱང་གི་སྒྲས་ནི་གཏན་ཚིགས་སྔ་མ་གཟུང་ངོ་། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སེམས་མེད་པའི་ལུས་ལས་འབྱུང་བ་

དེའི་ཚེ་སེམས་མེད་པའི་ཕྱིར་རྒྱུ་མཚན་གཞན་ལས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་ནོ་ཞེས་ཟེར་ན། འོ་ན་ཏེ་སེམས་མེད་པའི་ཕྱིར་ཞེས་བྱ་བའི་དོན་ནི་གལ་ཏེ་དབང་པོའི་ཤེས་པ་དང་བྲལ་བའི་ཕྱིར་ཡིན་ན། དེ་ནི་འདོད་པ་ཉིད་དེ། འདི་ལྟར་དབང་པོའི་ཤེས་པ་དང་བྲལ་བར་

གྱུར་ན། དེའི་ཤེས་པ་སྐྲ་དང་སེན་མོ་ལ་སོགས་པ་མི་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་སྐྱེའོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཡིན་ན། དེ་ལྟ་ན་ཡང་སྐྲ་ལ་སོགས་པ་ལ་ཡིད་ཀྱི་ཤེས་པ་མེད་པ་ནི་བསྒྲུབ་པར་བྱའོ། །ཡིད་ཀྱི་ཤེས་པ་དང་བྲལ་བ་ནི་གཏན་

เล่ม ๑๘๒ · หน้า 323a

ཚིགས་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གིས་མ་གྲུབ་བོ་ཞེ་ན། འདིར་སྨྲས་པ་ཇི་ལྟར་སེམས་པ་པོ་རེག་པ་ལ་སོགས་པས་དམིགས་པ་ན་དེ་ཤེས་པ་ཡིན་ཏེ། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པས། སྐྲ་དང་། སེན་མོ་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་དང་

འབྲེལ་པ་ཉིད་ཀྱིས་དེ་མེད་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མེད་པར་འགྱུར་རོ། །སེན་མོ་བཏབ་ན་ཡིད་འཁྲུགས་པར་འགྱུར་བས། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལུས་ལ་བརྟེན་པ་མ་ཡིན་ན། ཇི་ལྟར་ལུས་དང་། སེམས་དག་ལྷན་ཅིག་པར་འགྱུར་བ་ཡིན་ཞེ་ན། འདིར་

སྨྲས་པ། ལས་ཞེས་བྱ་བའི་རྒྱུ་དེ་དང་ལྷན་ཅིག་གནས་པ་ངེས་པའི་རྒྱུ་ཐ་དད་པ་མེད་པའི་ཕྱིར། ལུས་དང་སེམས་ལྷན་ཅིག་གནས་པ་ཡིན་ཏེ། དབང་པོ་བཞིན་དང་། གཟུགས་དང་རོ་བཞིན་ཏེ། ཇི་ལྟར་དབང་པོ་རྣམས་དང་། གཟུགས་དང་། རོ་དག་ནི་ཕན་ཚུན་བསྟེན་པ་མ་

ཡིན་ཡང་། རྒྱུ་ཐ་དད་མེད་པས་དུས་ཅུང་ཟད་ཅིག་ལྷན་ཅིག་གནས་པ་ཡིན་ནོ། །དེ་ལ་གལ་ཏེ་ཡིད་ཀྱི་བློར་གྱུར་པས་དབང་པོའི་འགྱུར་བ་དེའི་འགྱུར་བ་དེ་ནི། མིག་ལ་སོགས་པ་དེ་ལ་བརྟེན་པ་ཡིན་པ་དེའི་ཚེ། བད་ཀན་ལ་སོགས་པས་ལུས་གྱུར་པ་ན། ཡིད་ཀྱི་རྣམ་པར་ཤེས་པ་

ཡང་འགྱུར་བའི་ཕྱིར་ཡིད་དེ་ལ་བརྟེན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དོན་གྱི་སྒོ་ནས་ཞེས་བྱ་བ་སྨོས་ཏེ་དོན་ནི་གཟུང་བ་སྟེ། མཚོན་ཆ་ལ་སོགས་པ་བཏབ་པའི་སྒོ་ནས་ཏེ། ལུས་འགྱུར་བ་བྱེད་པ་བརྟེན་པ་མེད་ན་ཡང་འགྱུར་རོ། །འདིའི་དགོངས་པ་ནི་རལ་གྲི་ལ་སོགས་པས་

བཏབ་པའི་ལུས་གྱུར་པས་ཡིད་འགྱུར་བར་ཡང་དམིགས་སོ། །ཡིད་འགྱུར་བ་ཙམ་གྱིས་ནི་བརྟེན་པར་འཇོག་པ་མ་ཡིན་ནམ། ཁྲག་ལ་སོགས་པ་མཐོང་བ་ཙམ་གྱིས་ཀྱང་རང་བཞིན་གྱིས་སྡར་མའི་ཡིད་འགྱུར་བར་མཐོང་བའི་ཕྱིར་ཡིན་གྱི། ཕྱི་རོལ་གྱི་ཁྲག་ཙམ་ལ་ཡིད་བརྟེན་པ་ནི་མ་

ཡིན་ནོ། །གཞན་ཡང་ལུས་གྱུར་ན་རྣམ་པར་ཤེས་པ་འགྱུར་བ་ནི་རྒྱུར་གྱུར་པ་ཡིན་ནམ་ཕན་འདོགས་པས་ཡིན་གྲང་ན། དེ་ལ་རྒྱུ་ཉིད་ཀྱིས་ནི་ལུས་ཡིད་ཀྱི་རྣམ་པར་ཤེས་པ་ཟློག་པར་བྱེད་པ་མ་ཡིན་ཏེ། རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་སྨྲས་པ། གང་ཞིག་ཡོད་ཉིད་

เล่ม ๑๘๒ · หน้า 323b

ཕན་འདོགས་བྱེད། །རྟག་ཏུ་དེ་ནི་རྗེས་འཇུག་ཕྱིར། །དེ་རྒྱུ་བདུན་པ་དང་ད་ལས། །སྐྱེ་བ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་རྒྱུ་ལྡོག་པར་བྱེད་པ་པོ་གང་ཞིག་ཡོད་པ་ཉིད་ཕན་འདོགས་པར་བྱེད་པའི་འབྲས་བུ་དེ་ལྡོག་པའི་རྒྱུ་ཡིན་ནོ། །ཇི་ལྟར་ཡོད་པ་ཉིད་ཕན་འདོགས་པ་

ཡིན་ཞེ་ན་རྟག་ཏུ་དེའི་རྗེས་སུ་འཇུག་པའི་ཕྱིར་ཏེ་འབྲས་བུའི་རྗེས་སུ་འཇུག་པའི་ཕྱིར་རོ། །རྗེས་སུ་འཇུག་པ་ནི་འབྲང་བའོ། །རྟག་ཏུ་ནི་རྒྱུན་དུའོ། །རྒྱུ་གང་ཞིག་ཡོད་པ་ཉིད་ཕན་འདོགས་པ་ན་རྟག་ཏུ་འབྲས་བུའི་རྗེས་སུ་འཇུག་པའི་ཕྱིར་ནི་རྒྱུ་ཡིན་ནོ། །དེ་ལོག་ན་འབྲས་བུ་ཡང་ལྡོག་

པར་བྱེད་དེ། གང་ཞིག་རེས་འགའ་ཕན་འདོགས་པ་དེ་མེད་ན། གཞན་དུ་རེས་འགའ་ཕན་འདོགས་ནུས་པ་དེར་འགྱུར་གྱི། དེ་ཉིད་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །དཔེར་ན་ཕུལ་དུ་བྱུང་བའི་རྒྱུ་འབྲས་སཱ་ལུ་ལ་སོགས་པའི་རྒྱུ་ས་བོན་ལོག་པར་བྱེད་པ་མ་ཡིན་པ་དེ་བཞིན་

དུ། ལུས་རྣམ་པར་ཤེས་པའི་འབྲས་བུ་མེད་པ་ནི་ལུས་ཀྱི་འགྱུར་བ་མེད་ན་ཡང་སྔར་གྱི་སེམས་ཙམ་འགྱུར་བ་ལས། རེས་འགའ་འགྱུར་བ་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་ལུས་ཀྱི་ཡོད་པ་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་ལས་ཕན་འདོགས་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་

ལུས་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ན། ཤེས་པ་སྐྱེས་ནས་ཤེས་སམ། དེ་ལས་མ་སྐྱེས་པར་ཡིན། དེ་ལས་མ་སྐྱེས་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་མེད་པའི་ཕྱིར་རོ། །ཤེས་པ་སྐྱེས་ནས་ཀྱང་རྒྱུ་ལུས་ལས་ཡིད་ཀྱི་རྣམ་པར་ཤེས་པ་ཅན་སྐྱེ་བར་ཤེས་པ་

མ་ཡིན་ནོ། །ང་འམ་བདག་གི་རང་བཞིན་ལ་རང་ལ་དམིགས་ནས། རྣམ་པར་རྟོག་གི་དེ་ལ་མ་དམིགས་པའི་ཤེས་པ་གཞན་འཛིན་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་མི་གཞན་གྱི་རྣམ་པར་ཤེས་པ་ལས་སྔར་གྱི་ལུས་ཤེས་པ་ནས། དེ་ལས་ལུས་ལ་ཤེས་པ་

སོ་སོར་ངེས་པ་ཡིན་ནོ་ཞེ་ན། གང་དུ་སྐྱེས་བུ་གཞན་གྱིས་ཕ་རོལ་གྱི་ལུས་དམིགས་པ་དེ་རུ་ཕ་རོལ་གྱི་ཤེས་པ་དམིགས་ན་ཡང་ཕ་རོལ་གྱི་ཤེས་པ་ལས་ཐེ་ཚོམ་ཟ་བ་མ་ཡིན་ནམ། དཔེར་ན་གཉིད་ལོག་པའི་འབྲས་བུ་ལུས་ནི་མཐོང་བ་ལས། གཉིད་ལོག་པའི་ཤེས་པ་ལ་

เล่ม ๑๘๒ · หน้า 324a

ཐེ་ཚོམ་ཟ་བ་བཞིན་ནོ། །དེ་བས་ན་ཕ་རོལ་གྱིས་ཀྱང་ཤེས་པ་ལུས་ཀྱི་འབྲས་བུར་མི་རྟོགས་སོ། །ལྕི་བ་ལས་སཱ་ལུ་སྐྱེ་བ་ཡང་། ལྕི་བའི་ཡོད་པ་ཉིད་ཕན་འདོགས་པར་བྱེད་པས་སཱ་ལུའི་རྗེས་སུ་འབྲང་བ་མ་ཡིན་ཏེ། དེ་ལྟ་ན་ཡང་ལྕི་བ་མེད་པར་སཱ་ལུའི་དངོས་པོ་ཡོད་པ་

མ་ཡིན་ནམ་ཞེ་ན། དེ་ནི་མི་བདེན་ཏེ། ཇི་ལྟར་ལྕི་བ་ལས་སཱ་ལུ་སྐྱེ་བ་དེ་བཞིན་དུ་དེ་ཉིད་ལས་སཱ་ལུ་སྐྱེ་བ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་གཡེར་བག་དང་ལྡན་པ། སྐྱེ་བ་འདི་དང་ཕྱི་མ་ལ་ངེས་པ་མ་ཡིན་ནོ། །འདི་ཡོད་པས་འདི་ཡོད་པ་འདི་སྐྱེས་པས་འདི་སྐྱེ་བ་རྒྱུ་དང་འབྲས་བུའི་

མཚན་ཉིད་མ་ཡིན་ནམ། དེའི་ཇི་ལྟར་འགལ་བ་མེད་པའི་མཚན་ཉིད་ཡིན་ཞེ་ན། སྨྲས་པ། རྟག་ཏུ་ཕན་འདོགས་པར་བྱེད་པས་བདུན་པར་བརྗོད་དེ། འདི་ཡོད་པས་འདི་ཡོད་ཅིང་། འདི་སྐྱེས་པ་ལས་འདི་སྐྱེ་ཞེས་ལྔ་པས་རྟག་ཏུ་འཇུག་པར་བརྗོད་དོ། །དེ་བས་ན་ལྔ་པ་བདུན་པའི་

མཚན་ཉིད་ཀྱིས་འགལ་བ་མེད་དེ་དོན་གཅིག་པའི་ཕྱིར་རོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་པས་ལུས་ལྡོག་པར་བྱེད་པ་པོ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། བུམ་སོགས་ལ་ནི་མེ་སོགས་བཞིན། །འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་

པའང་ཡིན་སླ་སྟེ། །དེ་ཙམ་གྱིས་ནི་ལྡོག་མ་ཡིན། །ཞེས་བྱ་བ་ལ་ཤེས་པ་ལ་ཕན་འདོགས་པར་བྱེད་པ་ལུས་ཡིན་མོད་ཀྱི། དེ་ལྟ་ན་ཡང་ལུས་ལ་སོགས་པ་དེ་ཙམ་གྱིས་ཏེ། ཕན་འདོགས་པ་ཙམ་གྱིས་རྣམ་པར་ཤེས་པ་ལྡོག་པ་ནི་མ་ཡིན་ནོ། །དཔེར་ན་བུམ་པ་ལ་སོགས་ཕན་

འདོགས་པར་བྱེད་པ་མེ་ཡིན་པས་དམར་པོ་ལ་སོགས་པའི་ཡོན་ཏན་འཇོག་པར་བྱེད་པ་དེ་ལྟ་ན་ཡང་ལྡོག་པར་བྱེད་པ་མ་ཡིན་ནོ། །འདི་ལ་བརྗོད་པར་བྱ་སྟེ། ལུས་ལ་གནས་པ་ཡིན་ན་སེམས། ལྡོག་པ་མེད་པར་ཐལ་ཕྱིར་རོ། །དེ་ཡོད་ཡོད་དང་དབང་འགྱུར་ཕྱིར། །དེ་ལས་

འབྱུང་རྔུབ་དེ་མ་ཡིན། །ཞེས་བྱ་བ་ལ། གལ་ཏེ་རྣམ་པར་ཤེས་པའི་རྒྱུ་ལུས་ཡིན་པ་དེ་ལྟ་ན་ཡང་ལུས་ལ་གནས་པ་སྟེ། རྟེན་ཡིན་ཡང་སེམས་ལྡོག་པར་མི་འགྱུར་རོ། །འབྱུང་བ་དང་རྔུབ་པ་ནི་སེམས་ཀྱི་རྒྱུ་མ་ཡིན་ནམ། དེའི་ཕྱིར་འཆི་བའི་ལུས་ལ་འབྱུང་བ་དང་རྔུབ་པ་མ་

เล่ม ๑๘๒ · หน้า 324b

ཚང་ན། རྣམ་པར་ཤེས་པ་ལྡོག་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། འབྱུང་བ་དང་འཇུག་པ་ནི་སེམས་དེ་ཉིད་ལས་ཡིན་པ་དེ་བས་ན། འཇུག་པ་ལ་སོགས་པ་སེམས་དེ་མེད་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ཡོད་པའི་ཕྱིར་ཏེ། སེམས་ཡོད་ན་འབྱུང་བ་དང་རྔུབ་པ་ཡོད་པ་དང་།

སེམས་མེད་ན་མེད་པ་དེ་བས་ན་འབྱུང་བ་དང་རྔུབ་པ་དེ་ནི་སེམས་དང་འབྲེལ་པའོ་ཞེས་བྱ་བར་ངེས་པ་ཡིན་ནོ། །དབང་དུ་གྱུར་པའི་ཡང་ཕྱིར་ཏེ། འབྱུང་བ་དང་འཇུག་པ་སེམས་ཀྱིས་མ་བསྐྱེད་ན་ནི་དེའི་ཚེ་དབང་དུ་མི་འགྱུར་བ་ལས་འབྱུང་བ་དང་འཇུག་པ་དག་སེམས་ཀྱི་དབང་དུ་གྱུར་

པར་དམིགས་སོ། །གལ་ཏེ་ཡང་འབྱུང་བ་དང་འཇུག་པ་དག་རྒྱུ་གཞན་དག་ལས་སྐྱེ་བ་ཡིན་ན། སེམས་ལ་རག་ལས་པར་མི་འགྱུར་ཏེ། སེམས་ཀྱི་དངོས་པོ་ནི་རྒྱུ་གཞན་དང་འབྲེལ་པ་ལ་དབང་དུ་བྱེད་པ་ནི་མ་ཡིན་ནོ། །འོན་ཏེ་འབྱུང་བ་དང་འཇུག་པ་རྒྱུ་གཞན་ལས་སྐྱེ་བས་

སེམས་ལས་ངེས་པ་མ་ཡིན་ཏེ། དཔེར་ན་ཇོ་བོས་ཁོལ་པོ་བཞིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ཁོལ་པོར་གྱུར་པའི་སྐྱེ་བ་ནི། རྒྱུ་གཞན་ལས་སྐྱེས་པའི་ཕྱིར། ཇོ་བོས་བསྐྱེད་པ་ནི་མ་ཡིན་གྱི། འབྱུང་བ་དང་འཇུག་པ་ནི་སེམས་མ་གཏོགས་པར་མི་སྐྱེ་བའི་ཕྱིར་སེམས་དང་

འབྲེལ་པ་ཉིད་དོ། །གཉིད་ལོག་པའི་ཚེ་ཡང་འབྱུང་བ་དང་། འཇུག་པ་ཡོད་ན་དེ་ལ་སེམས་མེད་པའི་ཕྱིར་དེ་དག་ཇི་ལྟར་སེམས་དང་འབྲེལ་པར་འགྱུར་སྙམ་དུ་སེམས་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སྡུར་པ་དྲག་པོ་ལ་སོགས་པའི་འགྱུར་བ་ཐམས་ཅད་སྔོན་གྱི་རྣམ་པར་ཤེས་པའི་

བག་ཆགས་ཀྱི་ཁྱད་པར་གྱི་རྗེས་སུ་འགྲོ་བ་སྟེ། འདི་ལྟར་དབུགས་གཞན་པ་ལ་གོམས་པས་རྨི་ལམ་དུ་གཞན་པར་རྒྱུ་ཞིང་། ཤིན་ཏུ་རིང་བ་ལ་གོམས་པས་དབུགས་རིང་བར་འགྱུར་རོ། །དེ་ལ་སྨྲས་པ། དབུགས་འབྱིན་པ་དང་འདྲེན་པ་དེའི། །འབད་རྩོལ་མེད་པར་གང་ལས་

འབྱུང་། །ཞེས་བྱ་བ་ལ། གལ་ཏེ་སྲོག་དང་རྩོལ་བའི་འབྲས་བུ་སེམས་ཡིན་ན་དེའི་ཚེ་འབྱུང་བ་དང་རྔུབ་པ་དང་སྤྲོ་བ་དང་། འདྲེན་པ་དག་དེའི་འབད་རྩོལ་མེད་པར་འགྱུར་ན། དེ་ལྟར་རྩོལ་བ་མེད་པར་འབྱིན་པ་དང་། འདྲེན་པ་མ་མཐོང་བའི་ཕྱིར་རོ། །འོན་ཏེ་སྤྲོ་བ་དང་།

เล่ม ๑๘๒ · หน้า 325a

འདྲེན་པའི་འབྱུང་བ་དང་། རྔུབ་པ་དག་རྩོལ་བ་ལ་རག་ལུས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། དེ་རྒྱུ་གཞན་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་ལ་སོགས་པའི་ངོ་བོ་ཉིད་ནི་སེམས་ལ་མ་ཡིན་གྱི། སེམས་ལ་འདྲེན་པ་དང་སྤྲོ་བ་ཡིན་ནོ་ཞེ་ན། རླུང་རྟེན་པ་རྒྱུ་

ཡིན་ནམ། མ་ཡིན་པར་བརྟག་ན། གལ་ཏེ་རྒྱུ་མ་ཡིན་ན་དེའི་ཚེ་རྣམ་པར་ཤེས་པ་མི་འགག་པར་འགྱུར་ཏེ་ལུས་ཡོད་པའི་ཕྱིར་རོ། །འོན་ཏེ་རླུང་རྟེན་པ་ཤེས་པའི་རྒྱུ་ཡིན་ན། དེ་ལྟ་ན་ཡང་ཤི་བའི་ལུས་ལ་ཡང་རླུང་རྟེན་པའི་རང་བཞིན་ཡོད་པས། འབྱུང་འཇུག་ནི་རླུང་རྟེན་པའི་འབྲས་བུ་

སྟེ། དེས་ན་དེ་དང་འབྲེལ་པའི་སེམས་ལྡོག་པ་མ་ཡིན་ནོ། །དེའི་ཕུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་དག་ཏུ་འགྱུར། །ཕུལ་དུ་བྱུང་བ་དང་འགྲིབ་པ་ལས་སེམས་ཀྱང་འཕེལ་ཞིང་འགྲིབ་པ་ཐོབ་པར་འགྱུར་ཏེ། འབྱུང་བ་དང་འཇུག་པའི་འབྲས་བུ་ཡིན་པའི་ཕྱིར་གདོན་མི་

ཟ་བར་འགྲིབ་པར་འགྱུར་བའམ། འཕེལ་བར་འགྱུར་བ་སྟེ་འབྲས་བུ་ཉམས་པ་དང་སྐྱེ་བར་འགྱུར་གྱི། གཞན་དུ་ན་ཇི་ལྟར་རྒྱུ་རུ་འགྱུར། །དེ་དག་གིས་ནི་འབྱུང་བ་དང་འཇུག་པ་དག་ནི་སེམས་དང་འབྲེལ་པ་བཀག་ནས་སྔ་མའི་ཤེས་པ་དང་འབྲེལ་པར་བསྟན་པ་ཡིན་ལ། ད་ནི་

འབྱུང་བ་ལ་སོགས་པའི་འབྲས་བུ་སེམས་ཡིན་ན། འགག་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་དག་ཐལ་བར་མཚུངས་ན་ཡང་ཞེས་བྱ་བ་སྨོས་ཏེ། དེ་དག་འབྱུང་བ་དང་འཇུག་པ་དག་དགག་པ་མེད་པར་ཐལ་བར་མཚུངས་པ་ཡིན་ནོ། །ལུས་ལ་བརྟེན་པར་འགྱུར་བའམ།

རླུང་རྟེན་པ་ལ་འབྲེལ་པའི་འབྱུང་བ་དང་འཇུག་པ་དག་ནི་འགག་པ་མེད་པར་འདས་མ་ཐག་པ་ཉིད་དུ་བསྟན་པ་ཡིན་ནོ། །ལུས་དང་འབྲེལ་པ་ཉིད་ཡིན་ཡང་ལུས་ཡོད་ན་འགག་པ་ནི་མ་ཡིན་པ་བཞིན་དུ་སེམས་ཀྱི་རྒྱུ་སེམས་ཡིན་ནམ། འབྱུང་བ་ལ་སོགས་པ་ཡིན་ན་སེམས་འགག་པ་མེད་

པར་ཐལ་བར་འགྱུར་ཏེ། སྔོན་བཞིན་དུ་ཡོད་པའི་ཕྱིར་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། སེམས་རྒྱུ་ཡིན་ཡང་མཚུངས་མ་ཡིན། །གནས་པ་འཕེན་པར་བྱེད་པ་ཡི། །རྒྱུ་གཞན་ཡིན་པར་འདོད་པའི་ཕྱིར། །ཞེས་བྱ་བ་ལ། སྐྱོན་མཚུངས་པ་མ་ཡིན་ཏེ། གང་ལ་ཞེ་ན། སེམས་ནི་སེམས་

เล่ม ๑๘๒ · หน้า 325b

ཀྱི་རྒྱུ་ཅན་ཡིན་ཡང་ངོ་། །ཅིའི་ཕྱིར་ཞེ་ན་རྒྱུ་མཚན་གང་གི་གནས་པ་ཞེས་བྱ་བ་དུས་ཅུང་ཟད་ཅིག་སྡུད་པའོ། །འཕེན་པར་བྱེད་པའི་རྒྱུ་ལས་སམ། མ་རིག་པ་ཞེས་བྱ་བ་སེམས་ལས་གཞན་པ་ཡང་ཁས་བླངས་པ་ཡིན་ནོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དཔེར་ན་རྨི་ལམ་ནི་གཉིད་དང་རྗེས་སུ་

འབྲེལ་པ་ཡིན་ཀྱང་གཉིད་ལ་རྣམ་པ་སྣ་ཚོགས་པའི་སྣང་བ་འབྱུང་བ་ཉིད་ཡིན་ཏེ། འདི་ལྟར་གཉིད་དུ་མཚུངས་པ་ཡིན་ཡང་། གང་ལ་ལ་ཁ་ཅིག་ཏུ་རྨི་ལམ་མཐོང་བ་ནི་བག་ཆགས་སད་པའི་རྒྱུ་ཉིད་ཀྱི། རྨི་ལམ་གྱི་ཤེས་པ་དེ་དག་སྣ་ཚོགས་པ་ཡིན་པའི་ཕྱིར་སྣ་ཚོགས་པ་མཐོང་བ་ཡིན་ནོ། །

དེ་བཞིན་དུ་ཤེས་པ་ནི་སེམས་ཀྱིས་བསྐྱེད་པ་ཡིན་ཡང་། ལས་ཀྱི་བག་ཆགས་ཀྱི་ཆ་ཡིས་བྱས་པས་སྲོག་ཆགས་རྣམས་འཚོ་བའི་དུས་སུ་ཐ་དད་པ་ཡིན་ནོ། །ཉེས་པས་ཉམས་པས་ལུས་རྒྱུ་མིན། །སྡོང་བུ་ལ་སོགས་བཞིན་ཞེ་ན། །ཞེས་བྱ་བ་ལ་སོགས་པ་བད་ཀན་དང་མཁྲིས་པ་ལ་སོགས་པའི་

ཉེས་པས་ཉམས་པར་ནི་གྱུར་པའི་ལུས་རྒྱུར་མི་འགྱུར་ཏེ། དཔེར་ན་ཆུ་ལ་སོགས་པས་བསླད་པའི་སྡོང་བུ་ནི་མར་མེ་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེས་ནི་ལྡོག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པ་དེ་བསལ་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ཤི་བའི་ཉེས་པས་ཉམས་གྱུར་ཚེ། །སླར་ཡང་

སྐྱེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཤི་བའི་ལུས་ལ་ཉེས་པ་རིམས་དང་དུག་ལ་སོགས་པའི་སྐྱོན་མཉམ་པས་འགག་པར་འགྱུར་ན། སླར་ཡང་དུས་ཕྱིས་ལུས་མ་ཚང་བ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་སླར་འཚོ་བ་ཉིད་དུ་ཐལ་བར་འགྱུར་རོ། །ཇི་ལྟར་རླུང་ལ་སོགས་པའི་ཉེས་པས་ཉེས་པའི་

ལུས་ལ་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར། གང་གི་ཚེ་ཤི་བའི་ལུས་ལ་སྐྱོན་དང་བྲལ་བ་དེ་ལྟ་ན་ཡང་ཅིའི་ཕྱིར་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད། དཔེར་ན་ལིང་ཏོག་གིས་ཉམས་པའི་མིག་གཟུགས་ཀྱི་རྐྱེན་མི་བྱེད་ཀྱི། ལིང་ཏོག་དང་བྲལ་བར་གྱུར་ན་མིག་གིས་མཐོང་བར་འགྱུར་བ་ལྟ་

བུའོ། །འདིར་བརྩད་པ། གལ་ཏེ་མེ་ནི་ལྡོག་ན་ཡང་། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །ཞེས་བྱ་བ་ལ། ཤིང་འགྱུར་བར་བྱེད་པའི་རྒྱུ་མེ་ལོག་པར་གྱུར་ཀྱང་མེ་ཡིས་བྱས་པའི་ཤིང་འགྱུར་བ་ཐལ་བ་ནི། སླར་ལྡོག་པ་མ་ཡིན་པས་ཤིང་གི་དངོས་པོར་ཁས་ལེན་པ་མེད་པ་ཇི་ལྟ་བ་དེ་

เล่ม ๑๘๒ · หน้า 326a

བཞིན་དུ་ཤི་བའི་ལུས་ལ་སེམས་འགྱུར་བའི་རྒྱུ་རིམས་ལ་སོགས་པ་ལོག་ཀྱང་སེམས་དེ་ལྡོག་པ་ནི་མེད་དོ་ཞེ་ན། མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། །ཞེས་བྱ་བ་ལ། དེ་ནི་རིགས་པ་མ་ཡིན་ཏེ། །གསོ་བའི་སྦྱོར་བ་ཡོད་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། གལ་ཏེ་རླུང་ལ་སོགས་པའི་

ཉེས་པ་ཉམས་ནའང་། ཤིང་འགྱུར་བ་བཞིན་དེའི་ཚེ་མེ་ཡིས་ཅུང་ཟད་ཙམ་བསྒྱུར་བས་ཤིང་མི་ལྡོག་པ་དེ་བཞིན་དུ་རིམས་ལ་སོགས་པའི་སྐྱོན་གྱིས་བྱས་པ་ཤིན་ཏུ་ཆུང་ངུས་ཀྱང་ལྡོག་པར་མི་འགྱུར་བའི་ཕྱིར། གསོ་བས་སྐྱོན་སེལ་བ་མ་ཡིན་པར་འགྱུར་བ་ལས་གསོ་བ་ལས་སྐྱོན་ཉམས་

པར་མཐོང་བ་ཡིན་ནོ། །འཆི་བའི་འགྱུར་བ་ལས་སྔ་རུ་ཉེས་པར་ཅུང་ཟད་འགྱུར་བ་ཉིད་དེ་ཉེས་པས་གཞག་པའི་འཆི་བ་སེལ་བར་མི་འགྱུར་རོ། །དེས་ན་རླུང་ལ་སོགས་པའི་ཉེས་པ་འགྱུར་བར་བྱེད་པས་ལྡོག་པ་དང་ལྡོག་པ་མེད་པ་ཡོད་ཅེ་ན། འདིར་སྨྲས་པ། སླར་ཡང་མི་འབྱུང་ཕྱིར་

ལ་ལ། །ཁ་ཅིག་འགྱུར་བ་སྐྱེད་པར་བྱེད། ཁ་ཅིག་བཟློག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་ལྟ་བུའོ། །དང་པོ་ཆུང་ཡང་ལྡོག་པ་མིན། །ཕྱིར་ལྡོག་རུང་བའི་འགྱུར་བ་གང་། །དེ་ནི་སླར་འབྱུང་བ་ཡིན་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ། །ཞེས་བྱ་བ་ལ་འདིའི་དོན་ནི་འདི་

ཡིན་ཏེ། ཆོས་ཅན་ལ་ལ་ལ་སླར་ཡང་མི་འབྱུང་བ་ཡིས་འགྱུར་བ་ཁ་ཅིག་སྐྱེད་པར་བྱེད་དེ། དཔེར་ན་ཤིང་ལ་མེ་ཡིས་སླར་མི་འབྱུང་བའི་འགྱུར་བ་རྩོམ་པར་བྱེད་ལ། ཆོས་ཅན་ཁ་ཅིག་ལ་ནི་བཟློག་ནས་སླར་འབྱུང་བ་ཡིས་འགྱུར་བ་ཁ་ཅིག་སྐྱེད་པར་བྱེད་དེ། དཔེར་ན་མེ་ཉིད་ཀྱིས་གསེར་

ལ་སླར་འབྱུང་བའི་འགྱུར་བ་སྐྱེད་དོ། །འདི་ལྟར་གསེར་ཞུ་བར་གྱུར་ནས་ཡང་སྲ་བར་འགྱུར་ལ། དང་པོ་སྟེ་ཤིང་ཆུང་བ་སྟེ་བག་ཙམ་ཅིག་ཚིག་པ་ཡང་ལྡོག་པ་མིན་ཏེ། སླར་རྣལ་མོར་མི་འགྱུར་ཏེ། འདི་ལྟར་མེས་ཤིང་ཆུང་ངུ་ཅིག་བསྲེགས་ཀྱང་སླར་འབྱུང་བར་མི་འགྱུར་ལ། གསེར་

ཅུང་ཟད་བཞུ་བའི་མཚན་ཉིད་ནི་བསྐྱར་ཏེ། གསེར་དུ་འགྱུར་བས་གང་ཞིག་འགྱུར་བ་ད་ནི་སླར་འབྱུང་ཞིང་སྔོན་གྱི་རང་བཞིན་དུ་འགྲོ་བ་སྟེ། དཔེར་ན་གསེར་གྱི་སྲ་བ་བཞིན་ནོ། །དེ་བས་ན་རིམས་ལ་སོགས་པའི་ཉེས་པས་བྱས་པའི་འགྱུར་བ་ཆུང་ངུ་ལ་ལྡོག་པར་ནུས་པའི་ཕྱིར་

เล่ม ๑๘๒ · หน้า 326b

འཆི་བའི་མཚན་ཉིད་ཀྱི་འགྱུར་བ་ཆེན་པོ་ཡང་སླར་ལྡོག་པ་སྟེ། སླར་ཡང་འགྱུར་རོ། །འདི་ལྟར་གཉིད་ཀྱིས་བྱས་པའི་སེམས་འགགས་པའི་མཚན་ཉིད་ཀྱི་འགྱུར་བ་ནི་གཉིད་མེད་ན་ལྡོག་པར་འགྱུར་རོ། །འོན་ཏེ་གཉིད་ཀྱི་གནས་སྐབས་སུ་ཤེས་པ་མི་འགག་ན་དེ་བཞིན་དུ་ཉམས་སུ་མ་མྱོང་བའི་

རང་བཞིན་ཤེས་པ་ཡིན་པར་འགལ་བར་འགྱུར་རོ། །གལ་ཏེ་གཉིད་ལོག་པའི་ཤེས་པ་མྱོང་བ་མེད་པ་ཡིན་ན་ནི། ཤི་བའི་རོ་ལ་རིག་པ་མེད་པར་གསལ་བར་ཡང་འདྲ་བར་འགྱུར་ཏེ། རོ་དང་གཉིད་ལོག་པ་དག་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེ་བས་ན་ཇི་ལྟར་གཉིད་ལོག་

པ་སད་པར་ནུས་པ་བཞིན་དུ་རོ་ཡང་སྨན་གྱི་སྦྱོར་བ་ལས་འཚོ་བར་འགྱུར་རོ། །འོན་ཏེ་གཉིད་ལོག་པ་ལ་མྱོང་བ་མེད་ཀྱང་། ནུས་པའི་རང་བཞིན་གྱིས་ཡོད་ན་ནི་ནུས་ཞེས་བྱ་བ་འདི་ཅི་ཡིན། གལ་ཏེ་སེམས་ཉིད་ཡིན་ན་ནི། དེའི་ཚེ་སེམས་ཉིད་ཡོད་པས་ཇི་ལྟར་མྱོང་བ་མེད་པ་ཡིན། འོན་ཏེ་

སེམས་ལས་ནུས་པ་གཞན་ཡིན་ན་ནི། འོ་ན་ལུས་ཉིད་ནུས་པར་འགྱུར་ཏེ། གཉིད་ལོག་དུས་སུ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་ནི་ལུས་ནུས་པར་གནས་པས་རོའི་དུས་སུ་ཡང་སེམས་མི་ལྡོག་པར་འགྱུར་རོ། །དེ་བས་ན་དེའི་ཚེ་ནུས་པའི་ལུས་ཞིག་ནས་གཞན་པའི་ནུས་པ་མེད་པ་སྐྱེས་སོ་ཞེ་ན་

ནུས་པ་མེད་པ་འདི་ཅི་ཡིན། ཤེས་པ་དང་བྲལ་བ་ཉིད་དོ་ཞེ་ན། གཉིད་ལོག་པ་ན་ཡང་ཤེས་པ་དང་བྲལ་བའི་ཕྱིར་སད་པའི་ཚེ་མྱོང་བ་སྐྱེ་བར་མི་འགྱུར་རོ། །འོན་ཏེ་གཉིད་ལོག་པའི་ཚེ་འབྱུང་བ་དང་འཇུག་པ་ཡོད་པ་དེ་བས་ན་གཉིད་ལོག་པའི་ཚེ་ལུས་ལ་ཤེས་པ་སྐྱེད་པའི་ནུས་པ་ཡོད་དོ་ཞེ་ན་འོ་ན་ནི་

ཤེས་པ་སྐྱེད་པའི་ཕྱིར་སད་པ་ཉིད་དུ་འགྱུར་རོ། །འོན་ཏེ་འབྱུང་བ་དང་། འཇུག་པའི་གྲོགས་ལས་གཉིད་སད་པར་བྱེད་པ་ལས་སེམས་སྐྱེའོ་ཞེ་ན། གཉིད་ཅེས་བྱ་བ་ནི་ཅི་ཡིན། སེམས་མེད་པའོ་ཞེ་ན། ཤེས་པ་མེད་པའི་རོ་ལ་ཡང་སེམས་ཡོད་པར་འགྱུར་རོ། །འོན་ཏེ་དབུགས་མེད་པས་

ལུས་འབའ་ཞིག་ལས་མི་སྐྱེ་ན་ནི་བརྒྱལ་བ་ལ་སོགས་པ་འགྱུར་བ་ན། དབུགས་ལ་སོགས་པ་མེད་པའི་ཕྱིར་སེམས་མེད་པར་འགྱུར་རོ། །དེས་ན་དབུགས་ལ་སོགས་པ་ནི་ཤེས་པའི་རྒྱུ་མ་ཡིན་ཏེ་འབྱུང་བ་དང་འཇུག་པ་ནི་སེམས་ཀྱི་རྒྱུ་མ་ཡིན་ནོ་ཞེས་སྔར་བསྟན་ཏོ། །གཞན་ཡང་ལུས་

เล่ม ๑๘๒ · หน้า 327a

ལས་སྐྱེ་བར་མཚུངས་ཀྱང་། གཉིད་ལོག་པ་སད་པའི་ཚེ་སྔར་གོམས་པ་བཞིན་དུ་མྱོང་བར་སྣང་སྟེ། དེས་ན་ལུས་སམ། འབྱུང་འཇུག་ནི་རྒྱུ་མ་ཡིན་ནོ། །སྔར་གོམས་པའི་གྲོགས་བྱེད་པ་ཡོད་ན་ལུས་ལས་ཤེས་པ་སྐྱེ་བ་མ་ཡིན་ནམ་ཞེ་ན། དེ་ནི་མི་བདེན་ཏེ། སད་པའི་ཚེ་གོམས་པ་

ཉིད་ཡོད་པ་མ་ཡིན་པས་ལུས་ཀྱི་གྲོགས་བྱེད་པ་མེད་དེ། ལྷན་ཅིག་བྱེད་པས་སྟོང་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ལྷན་ཅིག་པ་ནི་མེད་པའི་ཕྱིར་སྔར་གྱི་ཤེས་པ་ཉིད་སད་པའི་རྒྱུ་ཡིན་གྱི་ལུས་ནི་མ་ཡིན་ནོ། །ཐུན་ལ་སོགས་པ་སད་པའི་རྒྱུ་ཡིན་ནམ་ཞེ་ན། གདོན་མི་ཟ་བར་བརྩངས་པ་ལ་

སོགས་པ་ཁོ་ནས་སད་པ་མ་ཡིན་ཏེ། མ་བརྩངས་པར་ཡང་རང་ཉིད་སད་པར་མཐོང་བའི་ཕྱིར་རོ། །སད་པའི་ཚེ་མཐོང་བའི་དངོས་པོ་དང་འབྲེལ་པས་དང་པོ་དངོས་པོའི་བློ་སྐྱེ་བ་མ་ཡིན་ནམ། དེ་ལ་ད་ལྟར་བ་མཐོང་བ་དང་། སྔར་གྱི་ཤེས་པ་དག་ལ། ཇི་ལྟར་གྲོགས་བྱེད་པ་འཐད་ཅེ་ན། འདི་

ལ་ཡང་ངེས་པ་མེད་དེ། སད་པར་གྱུར་ན་གང་དམིགས་པ་དེ་དང་འབྲེལ་པས་དུས་ཉེ་བར་རྟོགས་པར་འགྱུར་ཏེ། འདི་ལྟར་འཇུངས་པས་ཕངས་ནས་གཉིད་ལོག་པ་གང་ཡིན་པ་དེ་བཞིན་དུ་དེ་ཉིད་ལ་སད་པའི་ཚེ་ཡང་སྐྱེ་བས་ནང་གི་རེག་བྱ་མྱོང་བ་ནི་སད་པའོ། །གང་སྔར་གོམས་པའི་རྐྱེན་ཅི་འདྲ་བ་དེ་

དང་མཐུན་པར་སད་པའི་ཚེ། ལུས་ཀྱི་བདེ་བ་གོམས་པར་འགྱུར་ཏེ། འདི་ལྟར་བྲེད་པར་གྱུར་པའི་ཡིད་འབྲོས་པའི་རྣམ་པའི་རྒྱུ་མཚན་མྱོང་བ་ན་སད་པའི་དུས་སུ་ཡང་། སྡུག་བསྔལ་མྱོང་བར་འགྱུར་བ་དེ་བཞིན་དུ་ཤིན་ཏུ་གདུག་པའི་ཡིད་ཅན་གཞན་ལ་གནོད་པ་དང་མཐུན་པའི་རལ་གྲི་འདོན་པ་

ལ་སོགས་པའི་བདེ་བ་སད་པ་ན་འབྱུང་བ་སྟེ། དེ་བས་ན་སེམས་ནི་ལུས་དང་འབྱུང་འཇུག་གི་རྒྱུ་ཅན་མ་ཡིན་གྱི། འོན་ཀྱང་སྔར་གོམས་པའི་ཤེས་པའི་རྒྱུ་ཅན་ནོ། །གལ་ཏེ་ལུས་རྒྱུ་ཡིན་ན་ལྡོག་པ་མེད་པར་འགྱུར་རོ། །འོན་ཏེ་སྐྱོན་གྱིས་བསྒྱུར་བས་རྒྱུར་མི་འགྱུར་རོ་ཞེ་ན། སྐྱོན་རྣམས་སླར་མི་

འབྱུང་བའི་འགྱུར་བ་རྩོམ་པར་བྱེད་ན་ནི་དེས་བྱས་པའི་འགྱུར་བ་ཆུང་ངུ་རིད་པ་ལ་སོགས་པ་དང་། བརྒྱལ་བ་ལ་སོགས་པས་ཤེས་པ་རྒྱུན་ཆད་པའི་ཚེ་ན་ལྡོག་པ་མེད་པར་འགྱུར་རོ། །རིད་པ་ལ་སོགས་པ་གང་གིས་བྱས་པའི་འགྱུར་བ་དེ་གསོ་བར་རུང་ན། དེ་ཉིད་ཀྱིས་བྱས་པའི་འཆི་བའི་

เล่ม ๑๘๒ · หน้า 327b

མཚན་ཉིད་ཀྱི་འགྱུར་བ་ཡང་གསོ་བར་རུང་སྟེ། གསེར་གྱི་སྲ་བ་བཞིན་ནོ། །གང་གི་ཕྱིར་གསེར་སྲ་བར་གྱུར་ཀྱང་འགྱུར་བའི་རྒྱུས་འཇུ་ཞིང་སླར་ཡང་སྲ་བར་འགྱུར་རོ། །གསོ་བའི་སྦྱོར་བས་འགྱུར་བ་གསོ་བར་རུང་བ་དང་། གསོ་བར་མི་རུང་བའི་ནད་ཀྱིས་སླར་མི་འབྱུང་བར་བསྒྱུར་བ་མ་ཡིན་ནམ་དེས་ན་སྐྱོན་

མེད་དོ་ཞེ་ན། འདིར་སྨྲས་པ། ཅུང་ཟད་གསོར་མི་རུང་བརྗོད་པ། །འཚོ་བྱེད་རྙེད་དཀའ་ཉིད་ཕྱིར་རམ། །ཚེ་ཟད་ཕྱིར་རོ་ཉེས་པ་ནི། །གཅིག་ཏུ་གསོར་མི་རུང་བ་མེད། ཅེས་བྱ་བ་ལ་རླུང་ལ་སོགས་པའི་ཉེས་པས་བྱས་པའི་འགྱུར་བ་ལྡོག་པར་ནུས་པའི་སྨན་ནམ་འཚོ་བར་བྱེད་པའི་སྨན་

པ་རྙེད་པར་དཀའ་ཞིང་ཕྲད་པར་མི་ནུས་པའི་ཕྱིར་རམ། ཚེ་ཟད་པའི་ཕྱིར་ཅུང་ཟད་གསོ་བར་མི་རུང་བར་བརྗོད་དོ། །ཚེ་ཞེས་བྱ་བ་ནི་ལས་ཀྱི་ཡོད་པའི་མཚན་ཉིད་དེ། དེ་ཟད་པས་ཀྱང་ཅུང་ཟད་ནད་ལ་སོགས་པ་གསོ་བར་མི་རུང་བར་བརྗོད་དོ། །ཡང་ན་དགེ་བ་དང་མི་དགེ་བའི་ལས་ཀྱི་ནུས་པ་ཟད་

པ་ཉིད་ལས་ཟད་དོ། །ལས་དང་བྲལ་ན་རླུང་ལ་སོགས་པའི་ཉེས་པ་ནི་གཅིག་ཏུ་གསོར་མི་རུང་བ་མེད་དེ། སླར་འབྱུང་བའི་འགྱུར་བ་རྩོམ་པར་བྱེད་པའི་ཕྱིར་རོ། །རོའི་ལུས་ལ་རླུང་ལ་སོགས་པས་བྱས་པའི་འགྱུར་བ་ལྡོག་པ་མེད་པ་མ་ཡིན་ནམ། བརྒྱལ་བ་ལ་སོགས་པས་བྱིས་པའི་འགྱུར་

བ་ལྡོག་པ་བཞིན་དུས་གཞན་དུ་འབྱུང་བ་ནི་མ་ཡིན་ཏེ་ལུས་ཉིད་མེད་པའི་ཕྱིར་དང་། བརྒྱལ་བ་ལ་སོགས་པ་ལ་ནི་ལུས་ཡོད་པ་ཡིན་པས་འགྱུར་བ་མེད་ན་ཤེས་པ་འབྱུང་བ་ཡིན་ལ། རོའི་ལུས་དེ་ཉིད་དུ་བསྲེགས་པའི་ཕྱིར་རམ། གཞན་དུ་ཡང་གྱུར་པའི་ཁྱད་པར་དང་ལྡན་པའི་ཕྱིར།

ཉམས་པར་གྱུར་པས་སླར་འཚོ་བ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ལུས་སམ་འབྱུང་འཇུག་དག་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པར་བསྟན་ཟིན་ལ། ཤེས་པའི་རྒྱུ་ནི་སེམས་ཡིན་པར་གཉིད་ལོག་པ་དང་། སད་པ་བཞིན་སྐྱེ་བ་གཞན་ལེན་ཏོ་ཞེས་བཤད་པར་བྱའོ། །ཡང་ན། རོ་ཡི་དུག་

སོགས་འདུས་པ་ལས། །དེ་ཡི་སོ་རྗེས་བཅད་པས་ཀྱང་། །འགྱུར་བའི་རྒྱུ་དང་བྲལ་ནས་སུ། །དེ་ཅི་སླར་འཚོ་མི་འགྱུར་རམ། །ཞེས་བྱ་བ་ལ། སྲོག་ཆགས་ཀྱི་རོའི་དུག་ལ་སོགས་པ་སོས་བཟུང་བའི་གནས་སུ་འདུས་ཏེ། འདི་ལྟར་ཇི་སྲིད་གསོན་པ་དེ་སྲིད་དུ། ལུས་ཐམས་ཅད་ཁྱབ་པར་དུག་

เล่ม ๑๘๒ · หน้า 328a

འཇུག་ལ། སྲོག་བཏང་ནས་སོ་རྗེས་སུ་འོང་བར་འགྱུར་རོ། །རྨ་བཏོད་པའི་ལུས་ཀྱི་ཆ་བཅད་ན། སྲོག་ཆགས་རྣམས་མི་འཆི་བ་མཐོང་བའི་ཕྱིར། །དེའི་སོ་རྗེས་བཅད་པའི་རྒྱུ་ལས་ཏེ། །ཀྱང་གི་སྒྲས་ནི་ཨ་གད་ལ་སོགས་པའི་སྦྱོར་བས་སོ། །འགྱུར་བའི་རྒྱུ་དུག་དང་བྲལ་

ནས་ཅིའི་ཕྱིར་སླར་འཚོ་བར་མི་འགྱུར། དེའི་ཕྱིར། ལུས་ནི་གནས་པ་ཡིན་ན་སེམས། །ལྡོག་པ་མེད་པར་ཐལ་ཕྱིར་རོ། །ཞེས་བྱ་བ་འདི་གནས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཇི་ལྟར་མེས་བསྒྱུར་བའི་ས་བོན་ནི་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་རིམས་ལ་སོགས་པས་བསྒྱུར་བའི་ལུས་ནི། འཆི་

བའི་ཚེ་རྣམ་པར་ཤེས་པའི་རྒྱུ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། སྐྱོན་རྣམས་སླར་འབྱུང་བའི་འགྱུར་བ་རྩོམ་པའི་ཕྱིར། ཤིན་ཏུ་ཆད་པ་ནི་མ་ཡིན་ནོ། །སཱ་ལུ་ལ་སོགས་པའི་མྱུ་གུ་སྐྱེད་པའི་ནུས་པ་ས་བོན་ལ་སོགས་པ་ལ་བདག་ཉིད་ཐམས་ཅད་ཀྱིས་བརླག་པའི་ཕྱིར་མྱུ་གུ་ལ་སོགས་པ་མེད་པར་

འགྱུར་རོ། །ཡང་ན། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་གྱི་འགྱུར་བ་དག །བྱེད་པར་མི་ནུས་དཔེར་འཇི་བ། །འགྱུར་བ་མེད་པར་བུམ་སོགས་བཞིན། །ཞེས་བྱ་བ་ལ། ཉེ་བར་ལེན་པ་འགྱུར་བ་མེད་པར་ནི་ཉེ་བར་ལེན་པའི་ཤེས་པ་འགྱུར་བར་བྱེད་པར་མི་ནུས་ཏེ། འཇི་བ་མ་གྱུར་པར་

བུམ་པ་ལ་སོགས་པ་འགྱུར་བ་མ་མཐོང་བའི་ཕྱིར། རྒྱུར་གྱུར་པ་ལས་འབྲས་བུ་འགྱུར་བ་གང་ཡིན་པ་འདི་ནི་ཉེ་བར་ལེན་པའི་ཆོས་ཡིན་ནོ། །རྒྱུ་མང་པོ་ཉེ་བར་གྱུར་པ་ལས་གང་ཞིག་གང་ལ་ལར་ཁོ་ནའི་ཉེ་བར་ལེན་པའི་རྒྱུ་སྟེ། ལུས་རྒྱུ་ཉིད་ཡིན་ཡང་། ལུས་འགྱུར་བ་ཉིད་ཀྱིས་ཤེས་པ་འགྱུར་

བ་ནི་མ་ཡིན་ནོ། །ལུས་འགྱུར་བ་མེད་པར་འཇིག་པ་དང་། མྱ་ངན་ལ་སོགས་པས་སེམས་འགྱུར་བ་མཐོང་བའི་ཕྱིར་རོ། །ཆུ་གྱུར་པས་ཀྱང་མྱུ་གུ་འགྱུར་བ་མ་ཡིན་ནམ། དེའི་ཉེ་བར་ལེན་པ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྒྱུན་གྱི་རྒྱུ་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །ས་བོན་ཡང་རྒྱུན་གྱི་རྒྱུ་

ཡིན་གྱི། ཆུ་ལ་སོགས་པ་ནི་གནས་སྐབས་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་རོ། །ནུས་པ་ལ་སོགས་པ་ནི་ཐུན་མོང་གི་རྒྱུ་ཡིན་པས་རྒྱུན་གྱི་རྒྱུ་ནི་མ་ཡིན་ནོ། །ཆུ་ལ་སོགས་པས་སཱ་ལུའི་རྒྱུན་ལྡོག་པ་ནི་མ་ཡིན་ཏེ། དེ་མེད་ཀྱང་སཱ་ལུའི་རྒྱུན་མི་ལྡོག་པའི་ཕྱིར་རོ། །གང་ཡང་མྱུ་གུའི་གནས་

เล่ม ๑๘๒ · หน้า 328b

སྐབས་ཆུའི་རྒྱུན་ཅན་དེ་ནི་དེ་མེད་ན་ལྡོག་པར་འགྱུར་བ་ཁོ་ནའོ། །དེའི་ཕྱིར་ལུས་ཉེ་བར་ལེན་པ་མ་ཡིན་པས། དེ་རླུང་ལ་སོགས་པས་ལུས་གྱུར་ཀྱང་སེམས་ལྡོག་པ་མ་ཡིན་ནོ། །འོ་ན་ལུས་དང་སེམས་དག་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་ཅན་མ་ཡིན་པར་ཇི་ལྟར་ངེས་ཤེ་ན། དངོས་

གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེ་དེའི་ཉེར་ལེན་དུ་མི་རིགས། །བ་ལང་བ་མེན་ལ་སོགས་བཞིན། །ཞེས་བྱ་བ་ལ། དངོས་པོ་གང་ཞིག་སྟེ་ལུས་མ་གྱུར་པས་འགྱུར་བའི་དངོས་པོ་གང་ཡིན་པ་མྱ་ངན་ལ་སོགས་པས་རྣམ་པར་ཤེས་པ་འགྱུར་བ་དེ་ནི། ལུས་

དེའི་ཉེ་བར་བླང་བར་བྱ་བ་མ་ཡིན་ཏེ། དཔེར་ན་བ་ལང་གྱུར་པ་མེད་ཀྱང་བ་མེན་འགྱུར་བས་དེ་དེའི་ཉེ་བར་ལེན་པ་མ་ཡིན་པ་བཞིན་ནོ། །བ་ལང་དང་། བ་མེན་དག་ཉེ་བར་ལེན་པ་དང་། ཉེ་བར་བླང་བར་བྱ་བ་མེད་པས་ལྡོག་པ་དང་ལྡོག་པར་བྱེད་པ་མ་ཡིན་པ་ལས་ལུས་དང་སེམས་ལ་ཅི་ཞིག་མཚུངས་

ཏེ། གཞན་ལ་སྐྱོན་ཡོད་པས་གཞན་སྐྱོན་དང་ཡོན་ཏན་ཅན་དུ་མི་འགྱུར་བའི་ཕྱིར་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། སེམས་དང་ལུས་དག་དེ་བཞིན་ཏེ། །དེ་རྒྱུ་ཅན་འབྲས་བསྐྱེད་པ་ནི། །གྲོགས་བྱེད་ཕྱིར་ན་ལྷན་ཅིག་གནས། །མེ་དང་ཟངས་མའི་ཞུ་ཉིད་བཞིན། ཞེས་བྱ་བ་ལ། དེའི་རྒྱུ་སྟེ་ལུས་

དང་ཤེས་པའི་རྒྱུ་སྔོན་གྱི་དུས་སུ་འབྱུང་བ་ལས། ལུས་དང་ཤེས་པ་ཉིད་འབྲས་བུ་བསྐྱེད་པས་ལུས་ཀྱི་གནས་སྐབས་གོང་ནས་གོང་དུ་ཁྱད་པར་ཅན་དུ་བྱེད་པའི་མཚན་ཉིད་ཅན་ནོ། །གྲོགས་བྱེད་པ་སྟེ་ལྷན་ཅིག་ཏུ་ཕན་འདོགས་པར་བྱེད་པའི་ཕྱིར། ལྷན་ཅིག་ཏུ་གནས་པ་སྟེ་མེ་དང་ཟངས་མའི་

ཞུ་བ་ཉིད་བཞིན་དུ། དཔེར་ན་མེ་དང་ཟངས་མའི་ཞུ་བ་ཉིད་ལྷན་ཅིག་ན་ཡོད་པ་གྲོགས་བྱེད་པ་མེ་ཡོད་པ་ལས་ཟངས་ཀྱི་ཞུ་བ་ཉིད་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ནི་ལུས་ཀྱི་གྲོགས་བྱེད་པ་ཅན་ནམ། ལུས་ཀྱང་སེམས་ཀྱི་གྲོགས་བྱེད་པ་ཅན་ཏེ། གོང་ནས་གོང་དུ་ལུས་དང་སེམས་སྐྱེད་

པའི་ཕྱིར་ལུས་དང་སེམས་དག་ནི་ལྷན་ཅིག་ཏུ་གནས་པའོ། །དེ་ལྟར་ན་འགྱུར་མོད་ཀྱི་གལ་ཏེ་ལུས་སེམས་ཀྱི་ཉེ་བར་ལེན་པ་མ་ཡིན་ཡང་རྟེན་དུ་ནི་འགྱུར་ཏེ། དེས་ན་ལུས་ཞིག་ན་ཤེས་པ་ལྡོག་པར་འགྱུར་ཞིང་། ལུས་གཞན་ལ་འཕོ་བ་མེད་དེ། དཔེར་ན་རྩིག་པ་ལ་བརྟེན་པའི་རི་མོ་རྩིག་པ་

เล่ม ๑๘๒ · หน้า 329a

ཞིག་པ་ན་འཇིག་ཅིང་། རྩིག་པ་གཞན་ལ་འགྲོ་བ་མེད་པ་བཞིན་ནོ་ཞེ་ན་དེ་ནི་མི་བདེན་ཏེ། གང་གི་ཕྱིར་རི་མོ་ལ་སོགས་པ་རས་ལ་སོགས་པ་ལ་གནས་པ་ནི་རྟེན་གཞན་ལས་འོངས་པར་ཤེས་པ་མ་ཡིན་གྱི། སེམས་ནི་རྨི་ལམ་གྱི་མཐའ་ཅན་གྱི་ལུས་དང་བྲེད་པ་ལ་སོགས་པའི་ལུས་

ཀྱི་རྗེས་སུ་འབྲང་བ་ལས་སད་པའི་གནས་སྐབས་དང་། དང་པོ་སྐྱེས་པའི་ཚེ་སྐྱེ་བ་གཞན་གྱི་ལུས་ལ་གནས་པའི་འདུ་བྱེད་ཀྱི་རྗེས་སུ་འགྲོ་བར་རྟོགས་པ་ཡིན་པ་དེ་བས་ན། རི་མོ་བཞིན་རྟེན་སོ་སོར་ངེས་པ་ནི་མ་ཡིན་ཏེ། སོ་སོར་ངེས་པའི་རྟེན་ཉིད་ནི་ལུས་ཞིག་ན་འཇིག་པའི་ཕྱིར་རོ། །གཞན་

ཡང་ལུས་སམ་གཞན་ལ་ཡང་རྟེན་ཉིད་མེད་པའི་ཕྱིར་ལུས་ཞིག་ན་འཇིག་པར་ཇི་ལྟར་འགྱུར། རི་མོ་ལ་སོགས་པ་ནི་རྩིག་པ་ལས་ཐ་དད་པ་མ་ཡིན་པ་ཉིད་དེ་བས་ན་རང་བཞིན་ཉིད་ཀྱིས་འཇིག་པར་གྱུར་གྱི་རྟེན་ཞིག་པས་ནི་མ་ཡིན་ནོ། །འོ་ན་ཐ་དད་པ་མེད་པས་རྟེན་དང་བརྟེན་པའི་དངོས་པོར་མ་

གྱུར་མོད། ལུས་དང་སེམས་དག་རྟེན་དང་བརྟེན་པ་ཇི་ལྟར་མི་འགྱུར་ཞེ་ན། འདིར་སྨྲས་པ། ཡོད་མེད་དག་ལ་རྟེན་མེད་ཕྱིར། །རྟེན་ནི་གནས་པའི་རྒྱུ་མ་ཡིན། །ཡོད་པ་ཡིན་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར། །ཐ་དད་ན་ཡང་དེ་ཡི་རྒྱུ། །དེ་ཡི་དངོས་པོ་ལ་ཅི་བྱ། །ཞེས་

བྱ་བ་ལ། ཡོད་པ་མ་ཡིན་པ་ལ་ནི་རྟེན་མེད་དེ། ནམ་མཁའི་མེ་ཏོག་ལ་རྟེན་མེད་པའི་ཕྱིར་རོ། །འོན་ཀྱང་རྒྱུ་ལས་སྐྱེ་བ་ཉིད་དུ་འདོད་ལ་ཡོད་པ་མ་ཡིན་པ་མེད་པས་རྒྱུ་ཉིད་མེད་ན་རྟེན་མ་ཡིན་ནོ། །ཡོད་ན་ཡང་གཞན་ལ་རག་མ་ལས་པའི་ཕྱིར། ལུས་རྟེན་མ་ཡིན་ནོ། །ཡོད་ཀྱང་གནས་པའི་

རྒྱུ་ཡིན་པའི་ཕྱིར་རྟེན་མ་ཡིན་ནམ་ཞེ་ན། འདི་ནི་མི་འཐད་དེ། གནས་པ་འདི་གནས་པ་པོ་ལ་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་ལུས་ལ་སོགས་པས་ཤེས་པ་གནས་པ་ཡིན་ན་དེ་ཉིད་ཀྱིས་བྱས་པར་གྱུར་པ་ལས་ཤེས་པ་ནི་ལུས་ལས་སྐྱེས་པ་མ་ཡིན་ནོ་ཞེས་འདི་ནི་སྔར་བསྟན་ཟིན་ཏོ། །དངོས་

པོ་གྲུབ་པ་ལ་ཡང་ཅུང་ཟད་མ་གྲུབ་པའི་ཆ་ཡོད་པ་མ་ཡིན་ནམ། རྒྱུ་དེའི་ཕྱིར་རྟེན་ཡིན་ལ། བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པ་ནི་རྒྱུར་བརྗོད་དོ། །གང་ལ་ལ་ཆོས་སྐྱེད་པ་དེ་ནི་གཞི་ཡིན་གྱི་དངོས་པོ་ལ་བརྟེན་པ་ཐ་དད་པ་མ་ཡིན་ཏེ། ལྟུང་བ་ནི་དངོས་པོ་ཡང་ངོ་བོར་ཡོད་པའི་ཕྱིར་རོ། །

เล่ม ๑๘๒ · หน้า 329b

གལ་ཏེ་གནས་པ་ཐ་དད་པ་མ་ཡིན་ན། དེའི་ཚེ་ངོ་བོ་ཉིད་ཀྱི་གནས་པ་ནི་རྟག་ཏུ་ཡོད་པར་འགྱུར་བ་དེ་ལྟ་བས་ན་གནས་པ་ཐ་དད་པའོ་ཞེ་ན། འདི་ནི་དེའི་རྟེན་མ་ཡིན་ཏེ། དེ་བས་ན་ཤེས་པའི་དངོས་པོ་ལ་ཅི་ཞིག་བྱེད་ན། གང་གིས་འདི་རྟེན་ཡིན་ཞེ་ན་བརྗོད་པར་བྱ་སྟེ། འདི་ལྟར་གནས་པ་དང་། དངོས་པོ་

ལ་བདག་ཉིད་གཅིག་པ་ཡོད་པ་མ་ཡིན་ཏེ། དངོས་པོ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། དངོས་པོ་ཉིད་གནས་པར་སྐྱེད་པའི་ཕྱིར་རོ། །རྟེན་གཞན་པ་རྟགས་པ་དོན་མེད་པའི་ཕྱིར་རོ། །གལ་ཏེ་ཡང་ལུས་སེམས་ཀྱི་རྟེན་ཡིན་ཏེ་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན།

དེའི་ཚེ་ལུས་གནས་པ་ན་སེམས་ཀྱང་གནས་པས། འཇིག་པ་མེད་པར་ཐལ་བར་འགྱུར། དེ་འཇིག་རྒྱུ་ལས་འདོད་པ་ནི། །དེ་ཡང་ཐལ་བ་མཚུངས་པ་སྟེ། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ། །ཅེས་བྱ་བ་ལ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་

པོ་ལྔ་པ། དེ་ལྟར་ནི་འགྱུར་མོད་ཀྱི་སེམས་འཇིག་པ་འཇིག་པའི་རྒྱུ་ལས་ཁས་ལེན་པར་བྱེད་དེ། འགལ་བའི་རྐྱེན་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལ་ཡང་རྟག་པ་མཚུངས་པ་ཉིད་དུ་ཐལ་བར་འགྱུར་ཏེ། འཇིག་པ་ཞེས་བྱ་བ་ནི་དངོས་པོ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །འཇིག་པ་ཐ་དད་ན་ཡང་འཇིག་

པའི་རྒྱུས་ཅི་ཞིག་བྱེད་དེ། དེའི་ཕྱིར་འཇིག་པའི་རྒྱུས་ཅི་ཡང་མི་བྱེད་དོ། །དེ་བས་ན་མི་འཇིག་པའི་ཕྱིར་རང་ཉིད་གནས་པ་ཡིན་པས་གནས་པའི་རྒྱུས་ཅི་ཞིག་བྱ། གལ་ཏེ་ཡང་ཇི་སྲིད་འཇིག་པའི་རྒྱུས་འཇིག་པ་མི་སྐྱེད་པ་དེ་སྲིད་དུ་རང་ཉིད་གནས་པ་ཡིན་པའི་ཕྱིར་གནས་པའི་རྒྱུས་ཅི་ཞིག་བྱ་སྟེ། ཅུང་

ཟད་ཀྱང་གནས་པའི་རྒྱུས་མི་བྱེད་པ་ཉིད་དོ། །འཇིག་པའི་རྒྱུ་མ་འོངས་པར་དུ་དེ་ལ་གནས་ན་ཞེས་བྱ་བ་ལ། འཇིག་པ་པོ་མ་འོངས་པ་སྟེ། མ་བྱུང་བའི་བར་ཏེ་སྔར་སེམས་ཀྱི་གནས་པ་ལུས་དེ་ལས་ཡིན་ནོ་ཞེ་ན། ལན་སྨྲས་པ། འཇིག་པ་ནི། དངོས་ཆོས་ཉིད་འགྱུར་གནོད་མེད་འདི། །གནས་པའི་རྒྱུ་ཡིས་

ཅི་བྱར་ཡོད། །ཅེས་བྱ་བ་ལ། འོ་ན་དེ་ལྟར་ན་འཇིག་པའི་རྒྱུ་དོན་མེད་དུ་ཐལ་བར་འགྱུར་བའི་ཕྱིར་རང་གི་རྒྱུ་ཉིད་ལས་འཇིག་པའི་རང་བཞིན་ཡིན་པས་ན་འཇིག་པ་དངོས་པོའི་ཆོས་ཉིད་དུ་འགྱུར་ཏེ། དངོས་པོའི་ངོ་བོ་ཉིད་འཇིག་པ་ཡིན་པའི་ཕྱིར། འདི་ལ་འགལ་བ་མེད་པ་སྟེ། འགལ་བ་མེད་པ་འདི་

เล่ม ๑๘๒ · หน้า 330a

ལ་ཡོད་པས། དངོས་པོའི་ངོ་བོ་ཉིད་གང་གིས་ཀྱང་གཞན་དུ་བྱ་བར་མི་ནུས་པའི་ཕྱིར། གནས་པའི་རྒྱུ་ཡིས་ཅི་ཞིག་བྱེད། འོན་ཏེ་གནས་པའི་རྒྱུ་མེད་ན་འཇིག་པ་དེ་གནས་པའི་རྒྱུ་ཡོད་ན་འཇིག་པ་བཀག་པར་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན་ནི་འཇིག་པ་འགེགས་པས་འཇིག་པ་

འདི་ལས་གཞན་ལ་བྱེད་པ་ཉིད་དོ། །དེས་ན་འཇིག་པ་ལ་ཅི་ཡང་མ་བྱས་པས་འཇིག་པ་མེད་པ་ཁོ་ནར་འགྱུར་ན། ཇི་ལྟར་སེམས་མི་གནས་པ་ཡིན། ཆུ་ལ་གཞི་མཐོང་བ་མ་ཡིན་ནམ། དེ་ལ་རྟག་པ་རྒྱུས་ཀྱང་གནོད་པ་མ་ཡིན་པ་དེ་བས་ན་རྟེན་ཡིན་ནོ། །དེས་ན་ཡོད་པ་དང་མེད་པར་རྟོག་པ་དོན་

མེད་དོ་ཞེས་བསྟན་པའི་ཕྱིར། དཔེར་ན་ཆུ་ལ་སོགས་པའི་གཞི་བཞིན་ནོ་ཞེ་ན། ཆུ་ལ་སོགས་པའི་གཞི་ས་ཕྱོགས་ན་མཐོང་བ་དེ་བཞིན་དུ། ཤེས་པའི་ཡང་རྟེན་ལུས་ཡིན་ནོ་ཞེ་ན། དེའི་ཕྱིར་སྨྲས་པ། འདི་ལ་འང་མཚུངས། དངོས་རྣམས་སྐད་ཅིག་རེ་རེར་འཇིག །དངོས་རྒྱུན་དེ་ལྟར་སྐྱེ་བའི་

ཕྱིར། །རྒྱུན་ཉིད་ཡིན་ཕྱིར་དེ་རྟེན་ཡིན། །དེ་ལྟར་མིན་ན་རིག་པ་མིན། འཕོ་བ་ཡིས་ནི་གེགས་བྱེད་ཕྱིར། །ཆུ་ལ་སོགས་པའི་རྟེན་འགྱུར་གྱི། །འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་རྟེན་གྱིས་ཅི་བྱ། ཞེས་བྱ་བ་ལ། འདི་ཡང་ཆུའི་གཞི་སའི་སྟེང་ལ་སོགས་པ་ལ་ཡོད་པ་དང་། མེད་པ་

དག་གི་རྟེན་མ་ཡིན་ཞེས་བྱ་བའི་བརྩད་པ་མཚུངས་པ་ཡིན་ནོ། །ཆུའི་གཞིར་གྱུར་པའི་ས་གཞི་ལ་སོགས་པ་མཐོང་བའི་ཕྱི་མ་ཡིན་ནམ། དེས་ན་བརྩད་པར་མི་རུང་ངོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ས་ཕྱོགས་ནི་ཆུ་མི་འབོ་བའི་རྟེན་དུ་གྱུར་པས་རྟེན་ཡིན་གྱི། འབོ་བ་གང་ཡིན་པ་དེའི་ནི་རྟེན་མ་

ཡིན་ལ། རྟེན་གང་ཡིན་པ་དེའི་འབོ་བ་ནི་མ་ཡིན་པའི་ཕྱིར་འབོ་བ་དང་། མི་འབོ་བ་དག་ཕན་ཚུན་སྤངས་པས་གནས་པའི་ཕྱིར་རོ། །སྔར་ནི་འབོ་བ་ལ་ཕྱིས་ནས་མི་འབོ་བ་མ་ཡིན་ནམ་དེས་ན་འགལ་བ་མེད་དོ་ཞེ་ན། དེ་ལྟ་ན་ནི་གང་འབོ་བ་དེའི་རྟེན་མ་ཡིན་ཏེ། མངོན་སུམ་གྱིས་གཡོ་བ་དང་། མི་

གཡོ་བ་དག་གཅིག་པ་ཉིད་དུ་མི་རྟོགས་པའི་ཕྱིར་རོ། །འབོ་བ་དང་མི་འབོ་བ་དུས་གཅིག་པ་ཉིད་དུ་དམིགས་པ་ནི་མ་ཡིན་ནོ། །དུས་མི་གཅིག་ན་ནི་ཇི་ལྟར་གནས་པར་བྱེད་དེ། དུས་གསུམ་དུ་གནས་པར་བྱེད་པས་བཟུང་བ་ཡིན་གྱི། དུས་མང་པོ་དང་འབྲེལ་པ་ཅན་ཉིད་ཅིག་ཅར་འཛིན་པ་མ་

เล่ม ๑๘๒ · หน้า 330b

ཡིན་ནོ། །རིམ་གྱིས་རྟོགས་པར་བྱེད་དོ་ཞེ་ན། རིམ་པའི་དོན་ཉིད་བསམ་པར་བྱ་སྟེ། འདི་ལྟར་རིམ་པ་ཞེས་བྱ་བའི་ཐ་སྙད་ནི་ཡོད་པ་དང་མེད་པ་དག་སྟེ། དེ་ཡང་ཐ་དད་པའི་དུས་དག་མ་ཡིན་ནམ། ཡོད་པ་དང་མེད་པ་དག་ཀྱང་གཟུང་བའམ་འཛིན་པ་ཡིན། དེ་ལ་བཟུང་བའི་ཡོད་པ་དང་། མེད་པ་

འཇོག་ན་འཛིན་པ་གཅིག་པ་ཉིད་དུ་མི་འགྱུར་རོ། །འཛིན་པ་དུས་མ་ཡིན་ན། གཟུང་བ་ཡང་རིམ་པར་འགྱུར་བའི་ཕྱིར་འཛིན་པའི་གནས་སྐབས་ཅན་གཅིག་པ་ཉིད་མ་ཡིན་པ་དེ་བས་ན། ཆུ་མི་འབོ་བ་ད་ལྟར་འཛིན་ཅིང་། འབོ་བ་ནི་མ་འོངས་པའི་རྟོག་པའི་སྤྱོད་ཡུལ་ཡིན་པས་འབོ་བ་དང་། མི་འབོ་བའི་

གནས་སྐབས་ན་ཡོད་པའི་ཆུ་གཅིག་པ་ཉིད་དུ་མངོན་སུམ་གྱིས་མཐོང་བ་མ་ཡིན་ནོ། །འདིའི་དོན་ནི། །ཡོད་མེད་དག་ལ་རྟེན་མེད་ཕྱིར། །ཞེས་བྱ་བ་ཡིན་ཏེ། རྟེན་དང་བརྟེན་པའི་དངོས་པོ་མཐོང་བ་མ་ཡིན་ནོ། །འོ་ན་ཇི་ལྟར་མཐོང་བ་མ་ཡིན་པར་རྟེན་དང་བརྟེན་པའི་དངོས་པོར་བརྟག་པར་བྱ་ཞེ་ན། དེ་ལྟ་མོད་

ཀྱི་ད་ནི་ཕྱིན་ཅི་ལོག་ཏུ་རྟོག་པ་ལ་ནི་མེད་པར་འགྱུར་གཞན་ཡང་དངོས་པོ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པར་ཁས་བླངས་པར་གྱུར་པ་ནི། དངོས་པོའི་རྒྱུན་ཏེ། ངོ་བོའི་རྒྱུན་དེ་ལྟར་བརྟགས་པས་ཉེ་བར་ལེན་པ་དང་མཚུངས་པའི་ཡུལ་དུ་ཆུ་སྐྱེ་བའི་ཕྱིར། ས་ཕྱོགས་དེ་རྒྱུ་ཡིན་པས་རྟེན་ཡིན་ནོ། །དེ་

ལྟར་ན་མ་ཡིན་ཏེ་སྐྱེ་བར་ཁས་མི་ལེན་ན་རྟེན་ཉིད་དུ་དེ་རིགས་པ་མ་ཡིན་ནོ། །ཡང་ན་རྒྱུ་མ་ཡིན་པ་ཡང་རྟེན་ཡིན་ནོ་ཞེས་བྱ་བ་འདི་ཁས་ལེན་ན་དེ་ལྟ་ན་ཡང་འབོ་བའི་ཆོས་ཅན་གྱི་ཆུ་ལ་སོགས་པ་རྣམས་འགྲོ་བའི་གགས་བྱེད་པའི་ཕྱིར་ས་ཕྱོགས་ལ་སོགས་པ་རྟེན་དུ་འགྱུར་གྱི། འགྲོ་བ་དང་བྲལ་བའི་

ཡོན་ཏན་རྣམས་ཇི་ལྟར་རྟེན་ཡིན། རྫས་འབོ་བའི་གགས་བྱེད་པའི་ཕྱིར་རྟེན་དུ་འགྱུར་རོ། །ཡོན་ཏན་ལ་སོགས་པ་ནི་བྱེད་པ་མེད་པའི་ཕྱིར་འབོ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་སེམས་ཡོན་ཏན་ནམ། ལས་སམ། སྤྱིར་གྱུར་པའི་རྟེན་ལུས་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །སེམས་ལ་འགྲོ་བ་

མེད་ཀྱང་ཡོན་ཏན་ཡིན་པའི་ཕྱིར་སོ་སོར་ངེས་པའི་ལུས་ལ་བརྟེན་པ་མ་ཡིན་ནམ། དེ་ལོག་ན་ལྡོག་སྟེ། དཔེར་ན་གཟུགས་རང་གི་རྟེན་ཞིག་ན་འཇིག་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། དེས་ནི་འཕྲོད་པ་འདུ་བ་དང་། །འཕྲོད་པ་འདུ་བའི་རྒྱུ་དང་ནི། །རིགས་ལ་སོགས་པའི་རྣམ་གཞག་ཉིད། །

เล่ม ๑๘๒ · หน้า 331a

རྟེན་མེད་ཕྱིར་ན་གསལ་བ་ཡིན། །ཞེས་བྱ་བ་ལ། འདིས་ནི་འགྲོ་བ་མེད་པར་རྟེན་དང་། བརྟེན་པ་རྟག་པར་རིགས་པ་ནི་མ་ཡིན་ཞིང་། ཡོན་ཏན་མེད་པ་ལ་རྟེན་མེད་དོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་སྤངས་པ་དེ་དག་གིས་ནི་འཕྲོད་པ་འདུ་བ་ཡང་གསལ་

བ་དང་། འདུ་བའི་རྒྱུ་ཡང་གསལ་བ་ཡིན་ཏེ། འདི་ལྟར་འདུ་བ་ཡིན་ན་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ཏེ། ཅིག་ཅར་ཡོད་པའི་ཕྱིར་རོ། །འོན་ཏེ་འདུ་བ་མ་ཡིན་ན་དེའི་ཚེ་འཕྲོད་པ་འདུ་བའི་རྒྱུ་ཉིད་མེད་པར་འགྱུར་རོ། །རིགས་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་ནམ་མཁའ་དང་། འགྲོ་

བ་དང་གཅིག་པ་ཉིད་ལ་སོགས་པའོ། །རྣམ་གཞག་ཉིད་ནི་རྫས་ལ་བརྟེན་པ་ཉིད་དེ། འབྲས་བུ་ཉིད་མ་གཏོགས་པར་རྟེན་དུ་བརྗོད་པ་གང་ཡིན་པ་དེ་ཡང་གསལ་བ་ཡིན་ནོ། །གལ་ཏེ་ཡང་རིགས་ལ་སོགས་པ་རྟེན་པ་ཉིད་ཡིན་ཡང་རྫས་ལ་སོགས་པ་སོ་སོར་ངེས་པ་གནས་པ་ཉིད་

བཀག་པ་སྟེ། འདི་ལྟར་གསལ་བ་ལ་བརྟེན་པའི་རིག་གསལ་བའི་ཁྱད་པར་སོ་སོར་ངེས་པ་ཉིད་ལ་བརྟེན་པ་ནི་མ་ཡིན་ཏེ། གསལ་བ་གཞན་གྱི་ཡང་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་ལུས་ལ་བརྟེན་པའི་སེམས་ལུས་མེད་ཀྱང་ལུས་གཞན་གྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་

ཕ་རོལ་མ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་ལ་མ་གཏོགས་པར་གང་ལ་ཡང་རྟེན་དང་བརྟེན་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །འདི་ལྟར། གཞན་ལས་དངོས་པོ་འཇིག་ན་ནི། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ། །དེ་གཞན་མེད་པར་འཇིག་ན་ཡང་། །གནས་པའི་

རྒྱུ་རྣམས་ནུས་མེད་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཐོ་བ་ལ་སོགས་པ་གཞན་ཉིད་ལས་དངོས་པོ་འཇིག་ན་ནི། དེའི་ཚེ་འབྲས་བུའི་རྫས་དེའི་ཡོན་ཏན་ལ་སོགས་པ་དེའི་གནས་པའི་རྒྱུ་རྟེན་གྱིས་ཅི་ཞིག་བྱ། འོན་ཏེ་རྫས་ལ་སོགས་པ་དེ་ནི་མི་མཐུན་པའི་སྦྱོར་བ་རྣམས་མེད་པར་ཡང་འཇིག་པར་འགྱུར་ན་ནི། དེ་

ལྟར་ན་འོ་ན་ནི་རང་གི་རྒྱུ་ཉིད་ལས་འཇིག་པར་འབྱུང་བའི་ཕྱིར་རྫས་ལ་སོགས་པ་རྣམ་པར་གནས་པའི་རྒྱུ་སྐྱེད་པའི་རྫས་རྣམས་ལ་ནུས་པ་མེད་པར་འགྱུར་རོ། །འདི་དག་གིས་ནི་ཡོན་ཏན་ལ་སོགས་པ་འགྲོ་བ་དང་བྲལ་བ་རྣམས་ལ་རྟེན་མེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ནི་དངོས་པོ་དང་རྟེན་དང་བཅས་

เล่ม ๑๘๒ · หน้า 331b

པ་ཉིད་ཡིན་ན་གང་ལ་ཡང་འཇིག་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྟེན་བཅས་ཐམས་ཅད་གནས་ལྡན་པས། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །ནམ་ཡང་འཇིག་པར་མི་འགྱུར་རོ། །ཞེས་བྱ་བ་ལ། དངོས་པོ་གང་ཅུང་ཟད་གནས་པ་དང་ལྡན་པ་དེ་ཐམས་

ཅད་རྟེན་དང་བཅས་པ་སྟེ། རྟེན་དང་ལྷན་ཅིག་འཇུག་པའི་ཕྱིར་རོ། །སྐྱེ་བ་ཐམས་ཅད་ཀྱང་རྟེན་དང་བཅས་པ་སྟེ། སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་རང་གི་རྒྱུ་ཡོད་པ་དང་། འདུ་བ་ནི་སྐྱེ་བ་སྟེ། དེས་ན་གང་ཅུང་ཟད་སྐྱེ་བ་དེ་ཐམས་ཅད་རང་གི་རྒྱུ་ལ་བརྟེན་པའོ། །དེའི་ཕྱིར་རྡུལ་ཕྲ་རབ་ལ་

སོགས་པ་རྒྱུ་རྟག་པ་ལ་གནས་པས་ཇི་ལྟར་དེ་ལ་བརྟེན་པའི་འབྲས་བུ་ཐམས་ཅད་འཇིག་པར་འགྱུར་ཏེ། འདི་ལྟར་རྟེན་ཞིག་པ་ཉིད་ན་འཇིག་པར་རིགས་ཏེ། གཞན་དུ་ན་རྟེན་དུ་མི་རུང་བའི་ཕྱིར་རོ། །རྟེན་དང་བརྟེན་པའི་དངོས་པོ་ཐམས་ཅད་འགེགས་པ་བསྡུ་བའི་ཚིགས་སུ་བཅད་པ་ནི། གལ་ཏེ་

རང་འཇིག་ངང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང་། །གལ་ཏེ་རང་འཇིག་ངང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང་། །ཞེས་བྱ་བ་ལ། གལ་ཏེ་རང་གི་ངོ་བོ་ཉིད་ཀྱིས་འཇིག་པའི་ངང་ཚུལ་གྱི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་། དེའི་གནས་པར་བྱེད་པ་སྟེ།

གནས་པའི་རྒྱུ་གཞན་གང་ཞིག་ཡོད་དེ། མེད་ཅེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་རང་ཉིད་འཇིག་པའི་ངང་ཚུལ་གྱི་བདག་ཉིད་ཅན་མ་ཡིན་པ་དེ་ལྟ་ན་ཡང་། རང་ཉིད་གནས་པའི་ཕྱིར། དངོས་པོ་ལ་གཞན་གནས་པའི་རྒྱུ་ཡིས་ཅི་ཞིག་བྱ། དེ་ལྟར་ནི་འགྱུར་མོད་ཀྱི། སྒྲོན་མ་དང་། འོད་དག་གཞི་

དང་། གཞི་ཅན་མ་ཡིན་ཡང་རྟེན་དང་བརྟེན་པའི་དངོས་པོ་སྟེ། འོད་འབོ་བའི་གནས་མ་ཡིན་ཡང་གང་གིས་དེའི་རྟེན་སྒྲོན་མར་འགྱུར་བའི་ཕྱིར་རོ། །འོན་ཀྱང་སྒྲོན་མ་ལ་རྟེན་གྱི་དངོས་པོ་ཡིན་ཏེ། དེ་ལོག་ན་འོད་ལྡོག་གི་སྒྲོན་མ་གཞན་ལ་འབོ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ལུས་ལ་བརྟེན་པའི་ཤེས་

པ་ཡང་ལུས་ལོག་ན་དེ་ཡང་ལྡོག་པར་འདོད་ཀྱི། འདི་ན་སྒྲོན་ལ་འཕོ་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ལུས་ཀྱི་འཕེལ་འགྲིབ་མེད་པར་ཡང་། །བློ་ཡིས་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་བྱུང་ཞིང་། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །འདི་ནི་སྒྲོན་མ་འོད་ལ་སོགས། །

เล่ม ๑๘๒ · หน้า 332a

རྟེན་པ་རྣམས་ལ་ཡོད་མ་ཡིན། །སེམས་ལ་ཕན་པ་མི་འདོགས་པས། །དེ་ལས་ཁྱད་པར་དུ་མི་འགྱུར། ཞེས་བྱ་བ་ལ། འདིའི་དོན་ནི་སྒྲོན་མའི་འོད་ནི་དེ་འགྱུར་བས་འགྱུར་བའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ཡིན་གྱི། འདིར་ལུས་ཀྱི་ཡོན་ཏན་འཕེལ་བ་དང་འགྲིབ་པ་སྟེ་

ལྷག་པ་དང་འགྲིབ་པ་མེད་པར་ཡང་། བློའི་བྱ་བའི་ཁྱད་པར་གྱིས་ཏེ་འདུ་བྱེད་པའི་ཁྱད་པར་ཅན་གྱི་དབང་གིས་ཤེས་རབ་དང་། ཡིད་གཞུངས་པའི་ལ་སོགས་པས་འཕེལ་བ་དང་། འགྲིབ་པར་འགྱུར་བས་ཏེ། གང་ཡང་ལུས་འདུ་བྱ་བའི་ཁྱད་པར་མེད་པར་ཡང་བློ་སྦྱངས་པས་ཤེས་རབ་ལ་སོགས་པ་

མཆོག་ཏུ་འགྲོ་བ་ན། དེའི་ཚེ་ཇི་ལྟར་ལུས་ལ་ཡིད་བརྟེན་པར་རིགས་ཏེ་དེ་ཡོད་པ་མིན་པར་བསྟན་པའི་ཕྱིར་ལུས་སྦྱངས་པ་མེད་ཀྱང་འདི་སྟེ། སྔོན་དུ་བློ་སྦྱངས་པའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་ཉིད་ཀྱི་སེམས་གང་ཡིན་པ་དེ་ལྟར། སྒྲོན་མ་ལ་སོགས་པའི་ཆོས་ཅན་རྣམས་ལ་ཡོད་པ་མ་ཡིན་ནོ། །

འདི་ལྟར་སྦྲུལ་གྱི་སྒྲོན་མའི་འོད་འགྱུར་བར་བྱེད་ཀྱི་དེའི་རྟེན་ནི་མ་ཡིན་ཏེ། སྒྲོན་མ་མ་བསླད་པར་ཡང་། འོད་སྦྲུལ་ལ་སོགས་པ་རྣམས་ཀྱིས་འགྱུར་བ་ཉིད་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མར་མེ་ཉིད་གྱུར་པ་ཡིན་ཏེ། འོད་མི་གསལ་བའི་མཚན་ཉིད་ཅན་དུ་བྱེད་པས་དེ་བས་ན་སྒྲོན་མ་གྱུར་

པས། རིང་དུ་འཕྲོ་བའི་འོད་འགྱུར་བར་བྱེད་དོ། །བཅུད་ཀྱིས་ལེན་ལ་སོགས་པ་རྣམས་ཀྱིས་ལུས་ཁྱད་པར་ཅན་དུ་བྱས་ན་ཤེས་རབ་ལ་སོགས་པ་ཁྱད་པ་ཅན་དུ་སྣང་བའི་ཕྱིར། ལུས་ཉེ་བར་ལེན་པའམ་རྟེན་དུ་འགྱུར་རོ་ཞེ་ན། འདིར་སྨྲས་པ། སེམས་ལ་ཕན་འདོགས་པར་མི་བྱེད་ན། བཅུད་

ཀྱིས་ལེན་ལ་སོགས་པས་སྦྱངས་པའི་ལུས་དེ་ལས་ཀྱང་ཤེས་རབ་ལ་སོགས་པ་ཁྱད་པར་དུ་མི་འགྱུར་ཏེ། བཅུད་ཀྱིས་ལེན་ལ་སོགས་པས་བཅོས་པའི་ལུས་ལས་སེམས་ལ་ཕན་བཏགས་པའི་སྒོ་ཉིད་ཀྱིས་ཤེས་རབ་ལ་སོགས་པ་སད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་བཅུད་ཀྱིས་

ལེན་ལ་སོགས་པ་བརྟེན་པས་ཡིད་མི་འཁྲུགས་ཏེ། ཇི་ལྟར་སྔར་མྱོང་བའི་འདུ་བྱེད་སད་པ་ལས་འགའ་ཞིག་ཁ་ཅིག་ཏུ་ཤེས་རབ་ཁྱད་པར་ཅན་དུ་འགྱུར་རོ། །དཔེར་ན་བཀྲེས་པས་ཉེན་པ་ན། ཆོས་བཤད་པ་འཁྲུག་པ་ཉིད་ལ་སོགས་པ་འབྱུང་ལ། བཀྲེས་པ་ལ་སོགས་པའི་གནོད་པ་ཞི་བ་ན།

เล่ม ๑๘๒ · หน้า 332b

སྔར་གོམས་པའི་བཤད་པ་འཇུག་པར་འགྱུར་བ་བཞིན་ནོ། །གལ་ཏེ་ཡང་བཅུད་ཀྱིས་ལེན་ལ་སོགས་པ་བརྟེན་ན། སྔར་མེད་པའི་སེམས་གཡེར་བག་ཅན་དུ་འཇུག་པ་དེའི་ཚེ་ཁ་ཅིག་གིས་ཤེས་རབ་ཕུལ་དུ་འབྱུང་བར་འགྱུར་ལ། ཁ་ཅིག་གིས་དེ་བཞིན་པར་གནས་པ་འདི་ནི་ངེས་པ་སྟེ། བཅུད་

ཀྱིས་ལེན་གྱི་སྦྱོར་བ་མཚུངས་པའི་ཕྱིར་དེ་ལྟར་མི་འགྱུར་ཞིང་བསྟན་བཅོས་ལ་ཐམས་ཅད་ཀྱིས་འདྲིས་པར་གྱུར་པ་ལས་ཀྱང་། ཅིའི་ཕྱིར་བསྟན་བཅོས་ལས་ངེས་པ་མེད་པར་ཤེས་པར་སྣང་། དེ་བས་ན་སྔར་གོམས་པར་བྱས་པ་གང་ཡིན་པ་དེ་ཤེས་པར་བཅུད་ཀྱིས་ལེན་ལ་སོགས་པས་བག་

ཆགས་སད་པར་བྱེད་པར་ངེས་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་བློའི་ངོ་བོ་ཉིད་མ་ཡིན་ནམ། དེ་རྣམས་ཀྱང་བཅུད་ཀྱིས་ལེན་ལ་སོགས་པས་ལུས་རྒྱས་ན། གསལ་ཞིང་འཕེལ་བར་འགྱུར་བའི་ཕྱིར་འདོད་ཆགས་ལ་སོགས་པ་བཞིན་བློ་ཡང་ལུས་ལ་བརྟན་པར་འགྱུར་རོ། །དེ་ལྟ་མ་ཡིན་

ན་དེའི་རྗེས་སུ་འགྲོ་བར་མི་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཆགས་སོགས་ལུས་རྒྱས་ལ་སོགས་པས། །འཕེལ་ཞིང་རེས་འགའ་བདེ་སྡུག་ལས། །སྐྱེ་སྟེ་དེ་དག་ཁམས་སྙོམས་པ། །ལ་སོགས་ནང་དོན་ཉེ་ཕྱིར་རོ། །ཞེས་བྱ་བ་ལས། ལུས་རྒྱས་པ་ལ་སོགས་པ་ལས་འདོད་ཆགས་ལ་

སོགས་པ་འཕེལ་བ་ནི་ཐམས་ཅད་དུ་མ་ཡིན་གྱི་འོན་ཀྱང་རེས་འགའ་བ་ཉིད་དེ། གང་གི་ཚེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་མངོན་དུ་ཕྱོགས་པ་ནའོ། །གང་ཞིག་མི་སྡུག་པ་སྒོམ་པ་དེ་ལ་ནི་དེ་ཉིད་བཟློག་ནས་ཆགས་པ་མེད་པར་འགྱུར་རོ། །འདོད་ཆགས་ལ་སོགས་པ་འཕེལ་བ་དེ་ཡང་བདེ་བ་དང་

སྡུག་བསྔལ་བདག་ལས་ཀྱང་སྐྱེ་སྟེ། བདེ་བ་མྱོང་ན་འདོད་ཆགས་འཕེལ་ལ། སྡུག་བསྔལ་མྱོང་བ་ནི་ཞེ་སྡང་སྐྱེ་བར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་བ་ལས་ཞེ་སྡང་སྐྱེ་ཞེ་ན། ཉོན་མོངས་པས་ནི་ཐམས་ཅད་མི་ཕོད་དེ། སྡུག་བསྔལ་དང་བྲལ་བར་འདོད་པ་འདི་དག་ཉིད་ནི་ཞེ་སྡང་ཁོ་ན་ཡིན་པའི་ཕྱིར་རོ། །

འདིར་སྡུག་བསྔལ་བར་གྱུར་ན་ཞེ་སྡང་སྐྱེ་ཞེས་ངེས་པ་ནི་མེད་དེ། ཡོངས་སུ་ཤེས་པ་དང་ལྡན་པ་སྡུག་བསྔལ་བར་གྱུར་ཀྱང་། རང་སྡུག་བསྔལ་མྱོང་བ་ལས་གཞན་གྱི་སྡུག་བསྔལ་དང་བྲལ་བར་འདོད་པ་ལྷག་པར་འཇུག་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། བློའི་ངོ་བོ་ཉིད་བདེ་བ་དང་སྡུག་

เล่ม ๑๘๒ · หน้า 333a

བསྔལ་བ་ཡིན་ན་ནི་གལ་ཏེ་བློ་ལས་ལུས་སྐྱེ་བ་བཞིན་ལུས་ལས་ཀྱང་བློ་ཉིད་སྐྱེ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་བདེ་བ་དང་། སྡུག་བསྔལ་དེ་དག་ཁམས་སྙོམས་པ་ལས་ཀྱང་འབྱུང་སྟེ། སོགས་པའི་སྒྲས་ཁམས་མ་སྙོམས་པ་བཟུང་སྟེ། རྒྱུ་དེ་ལས་ནང་གི་དོན་རེག་བྱའི་བྱེ་

བྲག་གང་ཞིག་ཉེ་བ་དེ་ལས་འཕེལ་བར་འགྱུར་རོ། །འདིའི་དགོངས་པ་ནི་ནང་གི་རེག་བྱའི་བྱེ་བྲག་ལ་དམིགས་ནས་བདེ་བ་སྐྱེའི། རྟེན་གྱི་སྒོ་ནས་ནི་མ་ཡིན་ནོ། །དེ་བས་ན་ལུས་རྟེན་དུ་གྱུར་པ་ལས་བདེ་བ་དང་སྡུག་བསྔལ་བསྐྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཡུལ་དུ་གྱུར་པ་ལས་སོ། །ཡུལ་ཡིན་

པས་བདེ་བ་ལ་སོགས་པ་རྒྱུ་ཉིད་ཀྱི་ཕྱིར་གྱི་རྟེན་ཡིན་ན་ནི་ཕྱི་རོལ་ལ་ཡང་ཡུལ་ཡིན་པས་རྟེན་དུ་ཐལ་བར་འགྱུར་རོ། །གང་གི་ཚེ་ནང་གི་བྱེ་བྲག་དམིགས་པ་ཡིད་དུ་འོང་བ་ལ་སོགས་པ་མཐོང་བ་དེའི་ཚེ་བདེ་བ་དང་སྡུག་བསྔལ་དག་ཕྱི་རོལ་ལ་བརྟེན་པར་འགྱུར་གྱི། ཡུལ་རྟེན་ནི་མ་ཡིན་ཞིང་

དེ་ལོག་ན་ལྡོག་པ་ཡང་མ་ཡིན་ནོ། །ཇི་ལྟར་ནང་གི་ཡུལ་ལ་བདེ་བ་འབྱུང་བ་དེ་བོར་ནས་སྡུག་པ་ཡིད་དུ་འོང་བ་དེ་མཐོང་བའི་ཚེ། ཕྱི་རོལ་གྱི་ཡུལ་ལ་འཕོ་བ་དེ་བཞིན་དུ་འཇིག་རྟེན་ཕ་རོལ་ལ་སོགས་པའི་ལུས་གཞན་ལ་བདེ་བ་འཕོ་བར་འགྱུར་རོ། །མིག་ལ་སོགས་པའི་སྟོབས་ཀྱིས་

རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་ནམ། རབ་རིབ་ལ་སོགས་པས་བསྒྱུར་བའི་མིག་གྱུར་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་དེ་ལ་བརྟེན་པ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་འདུས་པའི་ནད་ཀྱིས་བསྒྱུར་བའི་ལུས་ལ་ཡིད་འགྱུར་བ་ཡིན་གྱི། དེའི་སྟོབས་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར་ཡིད་ལུས་ལ་

བརྟེན་པའོ་ཞེ་ན། འདིར་སྨྲས་པ། དེས་ནི་འདུས་པ་ལ་སོགས་ལས། །དྲན་པ་ཉམས་པ་ལ་སོགས་བཤད། །ནང་གི་ཁྱད་པར་ལས་སྐྱེ་བའི། །བློ་ཉིད་འགྱུར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་བདེ་བ་དང་སྡུག་བསྔལ་ལས་སྐྱེས་པ་ཉིད་དུ་བསྟན་པ་དེས་ནི་དྲན་པ་

ཉམས་པ་ལ་སོགས་པ་ཡང་བཤད་པ་ཡིན་ཏེ། སོགས་པའི་སྒྲས་ནི་གླེན་པ་དང་། རྣམ་པར་གཡེང་བ་ལ་སོགས་པ་གཟུང་ངོ་། །དེར་ཡང་འདུས་པ་ལ་སོགས་པས་ནང་གི་དོན་གྱི་ཁྱད་པར་ལ་དམིགས་པའི་བློ་ཉིད་ཀྱིས་ཡིད་འགྱུར་བ་སྐྱེད་པར་བྱེད་པ་ཡིན་གྱི་ལུས་ནི་མ་ཡིན་ཏེ། ལུས་

เล่ม ๑๘๒ · หน้า 333b

འདུས་པ་ལ་སོགས་པས་བསྒྱུར་པ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་དུ་མི་འཐད་པའི་ཕྱིར་རོ། །མིག་ལ་སོགས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་དེ་གྱུར་ན་འགྱུར་བའི་ཕྱིར་རྟེན་གྱི་དངོས་པོ་ཡིན་གྱི། ལུས་ནི་རྟེན་གྱི་དངོས་པོར་མི་རིགས་ཏེ། ལུས་འགྱུར་བ་མེད་པར་ཡང་སྲིན་པོ་ལ་སོགས་པ་

མཐོང་བ་ལས་དྲན་པ་ཉམས་པ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །ཕྱི་རོལ་ལ་དམིགས་ནས་ཀྱང་ཇི་ལྟར་ཡིད་འགྱུར་བ་ཡིན་ཞེ་ན། སྨྲས་པ། དཔེར་ན་སྡར་མའི་རྒྱུད་ཁ་ཅིག །ཁྲག་སོགས་སྟག་ལ་སོགས་པ་དག །མཐོང་བ་དང་ནི་ཐོས་པ་ལས། །རྨོངས་པ་ལ་སོགས་འབྱུང་བ་བཞིན། །ཞེས་བྱ་

བ་ལ། དཔེར་ན་སྟག་དང་། ཤ་ཟ་ལ་སོགས་པ་ཐོས་པ་དང་། ཁྲག་དང་བུ་ཤི་བ་ལ་སོགས་པ་མཐོང་བ་ལས་ཤིན་ཏུ་སྡར་མའི་སྐྱེས་བུ་ཁ་ཅིག་རྨོངས་པ་ལ་སོགས་པར་འགྱུར་ཏེ། སོགས་པའི་སྒྲས་ཡིད་གཡེང་བ་ལ་སོགས་པ་གཟུང་ངོ་། །ཕྱི་རོལ་གྱི་ཁྲག་ལ་བརྟེན་པ་ནི་མ་ཡིན་པས་དེ་ལོག་ཀྱང་ཡིད་

མི་ལྡོག་པ་དེ་བཞིན་དུ་ནང་གི་དོན་ལ་དམིགས་པ་ཉེ་བ་ལས། འདུས་པ་ལ་སོགས་པའི་དུས་ན། དྲན་པ་ཉམས་པ་ལ་སོགས་པར་འགྱུར་བའི་ཕྱིར་བློ་ལུས་ལ་བརྟན་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་འདུས་བྱས་ཉིད། །ངེས་པར་རྗེས་སུ་འཇུག་པ་ཡི། །སེམས་ནི་དེ་མེད་མི་འབྱུང་སྟེ། །དེའི་ཕྱིར་

སེམས་ལ་བརྟེན་པའོ། །ཞེས་བྱ་བ་ལ། སེམས་གང་ཞིག་འདུས་བྱས་པར་ངེས་པར་རྗེས་སུ་འཇུག་པ་ནི་སེམས་ཡིན་གྱི་ལུས་ནི་མ་ཡིན་ཏེ། རྟེན་ཉིད་དུ་མི་སྣང་བའི་ཕྱིར་རོ། །ཡུལ་གཞན་ལ་ཡེངས་པའི་སེམས་ནི་ཡུལ་གཞན་ལ་གལ་ཏེ་ཐ་མི་དད་ན་ནི་དེའི་ཚེ་རྨ་མཐོང་ན་སྡུག་བསྔལ་ཡང་དམིགས་པར་

འགྱུར་རོ། །འོ་ན་གལ་ཏེ་སྲོག་ཆགས་རྣམས་འབྱུང་བ་ཆེན་པོ་ཙམ་ལས་མ་སྐྱེས་ཀྱི། འོན་ཀྱང་སྐྱེ་བོ་གཞན་ནས་འོངས་པ་ཡིན་ན་དེའི་ཚེ་མི་གཙང་བའི་ཕྱོགས་སུ་སྐྱེ་བར་མི་འགྱུར་ཏེ། རྟོག་པ་སྔོན་དུ་གཏོང་བ་ནི་གནས་ངན་པར་འོང་བར་བྱེད་པ་མ་ཡིན་པའི་ཕྱིར་དང་། དབང་ཕྱུག་གིས་

བསྐུལ་ནས་སྲོག་ཆགས་གནས་ངན་པ་ལེན་པར་ཡང་མི་རིགས་སོ་ཞེ་ན། འདིར་ལན་བཏབ་པ། བདག་ལ་ཆགས་པ་དང་ལྡན་པས། །བདེ་སྡུག་དོར་ཐོབ་འདོད་པ་ཡིས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །དམན་པའི་གནས་ནི་ཡོངས་སུ་ལེན། །སྡུག་བསྔལ་ཕྱིན་ཅི་ལོག་

เล่ม ๑๘๒ · หน้า 334a

བློ་དང་། །སྲིད་པའི་འཆིང་བ་རྒྱུ་ཡིན་ཏེ། །སྐྱེ་བོ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བ་མི་ལེན་ཏོ། །ཞེས་བྱ་བ་ལ། སེམས་ཅན་གཞན་གྱིས་ཁྲིད་པ་མ་ཡིན་པས་སེམས་ཅན་གཞན་གྱིས་བཀྲི་བ་མིན་པའི་སྲོག་ཆགས་དེ་དམན་པའི་གནས་ཅན་མངལ་དུ་ཡོངས་སུ་ལེན་པར་

བདག་ལ་ཆགས་པ་གང་ལ་ཡོད་པ་དེ། ཅི་རིགས་པར་བདེ་བ་དང་སྡུག་བསྔལ་དོར་བ་དང་ཐོབ་པར་འདོད་པ་གང་ཡིན་པར་འགྱུར་རོ། །འདིའི་དགོངས་པ་ནི་གལ་ཏེ་རྟོག་པ་པོ་དང་ལྡན་པ་ཡིན་ན་དེའི་ཚེ་རང་ལ་རང་གི་ངོ་བོ་རྟོགས་ཀྱི་ཐོབ་པར་བྱ་བ་ནི་མ་ཡིན་ཏེ། དེས་ན་སུ་ཡང་གྲོང་ལ་སོགས་པ་

གང་དུ་ཡང་འཇུག་པར་བྱ་བ་མ་ཡིན་ཏེ། འཁོར་བ་པ་མེད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །འོན་ཀྱང་འབྲས་བུ་འདོད་པས་ཅི་ཞིག་ལྟར་གྲོང་ལ་སོགས་པར་འགྲོ་བའི་རྟོག་པ་སྔོན་དུ་གཏོང་བ་ཅན་ནི་མ་ཡིན་ནོ། །དེ་ལྟ་ན་བདག་ལ་ཆགས་པས་བསྐུལ་བ་ཡང་དམན་པའི་གནས་ལེན་པར་འགྱུར་

ཏེ། དམན་པ་ཡང་ཕྱིན་ཅི་ལོག་གི་དབང་གིས་ལེན་པར་འགྱུར་རོ། །འདི་ལྟ་བུ་ཡང་འདིར་ལས་ཀྱི་ནུས་པ་ཉིད་དེ། གང་གིས་སེམས་ཅན་གཞན་གྱིས་མ་བཀྲིས་པར་ཡང་གཞན་གྱིས་བསྐུལ་བ་བཞིན་དམན་པའི་གནས་སུ་འགྲོ་སྟེ། འདི་ལྟར་དམན་པའི་ལེན་པ་ཡང་སྡུག་བསྔལ་

སྤང་བར་འདོད་པ་དང་། བདེ་བ་བླང་བར་འདོད་ནས་དགེ་སྦྱོང་སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་བཞིན་དུ་འབྱུང་ངོ་། །དབང་ཕྱུག་གིས་བསྐུལ་བ་ནི་ཇི་ལྟར་དམན་པའི་གནས་ལེན་པར་མི་རིགས་པ་དེ་བཞིན་དུ་བསྟན་ཏོ། །དེའི་ཕྱིར་བདག་ལ་ཆགས་པ་ཉིད་ནི་དབང་ཕྱུག་སྟེ། དེས་བསྐུལ་བའོ། །གལ་ཏེ་རང་

དབང་ཅན་དང་། མི་གཙང་བའི་གནས་སུ་ཤེས་པ་མ་ཡིན་ནམ། ཇི་ལྟར་འཇུག་སྟེ། མི་ཤེས་ན་ནི་མི་འཇུག་པའི་ཕྱིར་ཇི་ལྟར་འཇིག་རྟེན་ཕ་རོལ་དུ་འགྲོ་ཞེ་ན། འདི་ནི་གལ་ཏེ་ཕྱིན་ཅི་ལོག་མེད་ན་རིགས་པར་འགྱུར་ཏེ། གང་གི་ཕྱིར་སྡུག་བསྔལ་ལ་ཕྱིན་ཅི་ལོག་གི་བློ་ཅན་ཏེ། བདེ་བའི་བློ་ཅན་དང་སྲེད་པས་བསྐུལ་བའི་འཆིང་བ་

ནི་སྐྱེ་བ་གཞན་ལེན་པའི་རྒྱུ་ཡིན་ནོ། །གང་ལ་སྲིད་པ་དང་ཕྱིན་ཅི་ལོག་གི་བློ་དེ་དག་མེད་པ་འདི་ནི་སྐྱེ་བ་ལེན་པར་མི་འགྱུར་རོ། །གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་པོ་མི་གསལ་ཕྱིར་མཐོང་བ། །མ་ཡིན་དཔེར་མིག་གསལ་མིན་ཅན། །དུ་བ་ཆུང་ངུ་མི་དམིགས་བཞིན། །ཞེས་བྱ་བ་ལ། གལ་ཏེ་སྐྱེ་བ་སྔ་མ་ནས་འོངས་ཤིང་། མ་འོངས་པའི་སྐྱེ་

เล่ม ๑๘๒ · หน้า 334b

བར་འགྲོ་བ་མ་ཡིན་ནམ། དེའི་ཚེ་འགྲོ་བ་དང་འོང་བ་དག་མཐོང་བར་འགྱུར་ན། །འགྲོ་བ་དང་འོང་བ་དག་མཐོང་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་ཡང་འགྲོ་འོང་མ་མཐོང་ན་ཡང་དེ་ལྟ་མོད་ཀྱི། དེ་དག་མེད་པ་ནི་མ་ཡིན་ཏེ། དབང་པོ་རྣམས་གཡེར་བག་མེད་པས་མཐོང་

བ་སྟེ། དཔེར་ན་མིག་ནི་གསལ་བ་ཅན་གྱི་དུ་བ་ཕྲ་མོ་མི་དམིགས་ལ་སྐྱེ་བ་མ་ཡིན་པའི་ཕྱིར། སེམས་ནི་སེམས་མེད་པར་མི་འབྱུང་བས་སེམས་སྔ་མ་ལ་བརྟེན་པའོ། །འདི་ལྟར་གང་གི་ཚེ་འདུ་བྱེད་པ་སྟོབས་ཅན་དུ་གྱུར་པ་དེའི་ཚེ་གཡེང་བ་ལྡོག་པར་འགྱུར་ལ། གང་གི་ཚེ་གཡེང་བ་སྟོབས་

དང་ལྡན་པ་དེའི་ཚེ་འདུ་བྱེད་པ་ཡོད་ཀྱང་རང་དང་མཐུན་པའི་རྣམ་པར་ཤེས་པ་མི་སྐྱེད་དོ། །དེ་བས་ན་སེམས་ནི་སེམས་སྔ་མའི་རྗེས་ཐོགས་པའི་ཕྱིར། སེམས་ཀྱི་དེ་མ་ཐག་པ་ཡིན་པས་དེ་ལོག་པ་ཉིད་ཀྱིས་དེ་ཡང་ལྡོག་པར་རིགས་པ་མ་ཡིན་ནོ། །འོ་ན་སེམས་ནི་སེམས་ཀྱི་རྟེན་ཡིན་མོད།

དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་མི་འགྲུབ་ཅིང་འཇིག་རྟེན་འདི་སེམས་ལ་བརྟེན་པ་ནི་གྲུབ་པ་ལ་སྒྲུབ་པ་སྟེ། ཕ་མའི་སེམས་ལ་བརྟེན་པར་འདོད་པའི་ཕྱིར་ལ། འཇིག་རྟེན་ཕ་རོལ་གྱི་སེམས་ལ་བརྟེན་པ་ནི་མ་ངེས་པ་སྟེ། ཕ་མའི་ངོ་བོ་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ་སྙམ་དུ་སེམས་ན། དེའི་ཕྱིར་

གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོན་མི་ཟ་བར་ཕ་དང་མའི་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་པ་ནི་མ་ཡིན་ཏེ། ཕ་མའི་སེམས་མ་གྱུར་པར་ཡང་འགྱུར་བ་མཐོང་བའི་ཕྱིར་དང་། དེ་དག་གྱུར་ཀྱང་མི་འགྱུར་བར་མཐོང་བའི་ཕྱིར་རོ། །གལ་ཏེ་ཡང་ཕ་མའི་འདུ་བྱེད་པ་ལས་བྱུང་ན་

མཁས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེ་བས་ན་རང་གི་རྒྱུད་ལ་འཇུག་པའི་ཤེས་པའི་འདུ་བྱེད་པ་སེམས་ལ་འཇུག་པ་ཉིད་ཡིན་གྱི། རྒྱུད་གཞན་གྱི་འདུ་བྱེད་ལ་འཇུག་པ་ནི་མ་ཡིན་ནོ། །མཁན་པོའི་འདུ་བྱེད་སློབ་མ་ལ་འཇུག་པར་མཐོང་བ་མ་ཡིན་

ནམ་ཞེ་ན། མ་ཡིན་ཏེ། རང་གི་རྒྱུད་ཀྱི་ཤེས་པ་སྔ་མ་ཉིད་འདོད་པའི་ཁྱད་པར་ལས་མཁན་པོའི་འདུ་བྱེད་ཀྱིས་བཞག་པ་སྟེ། འདོད་པ་མེད་ན་ནི་མཁན་པོའི་བཤད་པའི་ལུགས་འཛིན་པ་མ་ཡིན་པའི་ཕྱིར་རང་གི་རྒྱུ་ཉིད་རྒྱུད་ནས་བླ་མའི་འདུ་བྱེད་ཀྱི་འཇུག་པ་ཉན་པ་པོ་ལ་གནས་པ་ཡིན་ནོ། །

เล่ม ๑๘๒ · หน้า 335a

ལུས་དང་སེམས་དག་དབྱེར་མེད་པ་མ་ཡིན་ནམ། ལུས་ལོག་ན་སེམས་སྐྱེ་བ་གཞན་དུ་འཕོ་བ་ནི་མ་ཡིན་ཏེ། སེམས་སྐྱེ་བ་གཞན་དུ་འཕོ་བ་ནི་ཐ་དད་པར་འགྱུར་རོ། །ལུས་དང་སེམས་དག་ཐ་དད་པར་ནི་རིགས་པ་མ་ཡིན་ཏེ། ལུས་ཉིད་ལ་ནང་གི་བདེ་བ་ལ་སོགས་པ་དམིགས་པའི་

ཕྱིར་སེམས་དེ་ལས་ཐ་དད་པ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ལུས་དང་སེམས་དག་ཐ་དད་པ་མེད་ཅིང་འབྱུང་བ་ཆེན་པོར་གྱུར་པ་ཡིན་ན་ཡང་། འཇིག་རྟེན་ཕ་རོལ་གྱི་འབྱུང་བ་ཆེན་པོ་རྗེས་སུ་དཔག་ཏུ་རུང་བ་སྟེ། གཉིད་ལོག་པ་ལས་སད་པ་བཞིན་ནོ། །ཐ་དད་པར་ཡང་མི་རིགས་ཏེ། གང་གི་

ཕྱིར། ཇི་ལྟར་ཐོས་པ་སོགས་འདུ་བྱེད། །བྱམས་པ་སེམས་དང་སེམས་ལས་དུས། །ཀྱིས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །ཞེས་བྱ་བ་ལ། གང་དང་གང་ཐོས་པ་ལ་སོགས་པའི་འདུ་བྱེད་སེམས་ལ་བྱས་པ་ནི་རྨི་ལམ་ལ་སོགས་པའི་གནས་སྐབས་ན་མི་

གསལ་བ། སད་པའི་ཚེ་དུས་ཀྱི་གསལ་བ་དེ་བཞིན་དུ་ལུས་ལ་ཡང་མི་གསལ་བ་སེམས་ལྟ་བུར་ཤེས་པར་བྱ་སྟེ་དབྱེར་མེད་པའི་ཕྱིར་རོ། །དཔེར་ན་ལུས་ཀྱི་ཡོན་ཏན་རིག་པ་ལ་སོགས་པ་ཕ་རོལ་གྱི་མཐོང་བ་དེ་བཞིན་དུ། སེམས་ཀྱི་ཡོན་ཏན་ཡང་ཅི་སྟེ་མཐོང་བར་མི་འགྱུར་ཏེ། དེ་ལྟ་ཡིན་ན། དམིགས་

པའི་རིག་བྱར་འགྱུར་བའི་ཕྱིར་རོ། །རྟོག་པ་ནི་ནང་གི་རེག་བྱའི་ཁྱད་པར་གྱི་རང་བཞིན་ཡིན་པས་གཞན་གྱིས་མི་མཐོང་ངོ་ཞེ་ན་མ་ཡིན་ཏེ། ཕྱི་རོལ་གྱི་རེག་བྱ་རྨ་གཞན་གྱིས་མཐོང་ཡང་། དེ་ལ་ཡོད་པའི་སྡུག་བསྔལ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་བར་མ་དོའི་ལུས་དང་བའི་

ཕྱིར་ཉིང་མཚམས་སྦྱོར་བ་དང་འཕོ་བ་མི་མཐོང་ངོ་། །བར་མ་དོའི་སྲིད་པའི་ལུས་གཟུགས་ཅན་ཡིན་པའི་ཕྱིར། ཇི་ལྟར་རྩིག་པ་ལ་སོགས་པ་སྣ་ཚོགས་ཀྱིས་ཆོད་པ་ལ་འགྲོ་བར་འགྱུར་ཏེ། རྩིག་པ་ལ་སོགས་པས་ཆོད་པས་ད་ལྟ་བའི་ལུས་བཞིན་ནོ་ཞེ་ན། འདིར་སྨྲས་པ། ལུས་ཅན་ཡིན་ཡང་ཕྲ་བའི་

ཕྱིར། །སུ་ཡང་ལ་ལར་ཐོགས་བཅས་མིན། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་འང་མེད་ཉིད་མིན། །ཞེས་བྱ་བ་ལ། བར་མ་དོའི་སྲིད་པའི་ལུས་ཕྲ་བ་སྟེ། དང་བའི་ཕྱིར་ཁྱིམ་ལ་སོགས་པ་ལ་ལར་ཐོགས་པ་མེད་དེ། དཔེར་ན་བུམ་པ་ལ་སོགས་པ་ལ་ཆུ་བཞིན་དང་།

เล่ม ๑๘๒ · หน้า 335b

ཤེལ་ལ་སོགས་པའི་མདངས་བཞིན་དང་། གསེར་ལ་དངུལ་ཆུ་འཇུག་པ་བཞིན་ནོ། །ཡང་ན་ཆུ་བཞིན་དང་། གསེར་ལ་དངུལ་ཆུ་བཞིན་ཡོད་པ་མ་ཡིན་པ་ཉིད་མ་ཡིན་ནམ། ཡང་སྲིད་པ་བར་མའི་ལུས་མ་མཐོང་བས་མེད་པ་ཉིད་དེ། འདི་ལྟར་འཆི་བ་དང་སྐྱེ་བའི་སྲིད་པ་དག་གི་བར་མ་ནི་བར་མ་

དོའི་སྲིད་པར་འདོད་ཅེ་ན། ངར་འཛིན་པ་དེ་ནི་མེད་པ་ནི་མ་ཡིན་ནོ། །ཆོད་པར་གྱུར་པ་ཡང་། དུས་དང་ཡུལ་དག་ཏུ་སྐྱེ་བའི་ཕྱིར་ཏེ། འདི་ལྟར་རྨི་ལམ་དང་། བར་མ་ཆད་པར་སྔར་པ་ཊ་ལི་པུ་ཏྲ་ལ་སོགས་པར་འགྲོ་བ་ན། བར་ན་ཡོད་པའི་ཡུལ་དང་གྲོང་ཁྱེར་ལ་སོགས་པས་མ་ཆོད་པར་ཁ་ཅིག་

སྐད་ཅིག་ཙམ་ཡུལ་གཞན་དུ་བདག་ཉིད་ཀྱིས་ཕྱིན་པར་མཐོང་བ་དེ་བཞིན་དུ། འགྲོ་བར་བྱ་བའི་ཡུལ་དུ་འཇིག་རྟེན་ཕ་རོལ་དུ་སྲིད་པ་བར་མའི་ལུས་ཐོགས་པ་མེད་པར་འགྲོ་ཞིང་འཕོ་བ་ཡིན་ནོ། །རྨི་ལམ་ནི་མི་བདེན་པས་སྲིད་པ་བར་མའི་ལུས་ཀྱང་ཡོད་པ་མ་ཡིན་པ་མ་ཡིན་ནམ་ཞེ་ན། དཔེ་

དང་དོན་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་མ་ཡིན་པའི་ཕྱིར་དང་། བག་ཆགས་མཐུག་པོ་ལས་ཡོད་པ་ཉིད་དུ་ཡང་འགྱུར་རོ། །རྨི་ལམ་ལས་སད་པའི་ཚེ་དང་འཇིག་རྟེན་ཕ་རོལ་དུ་བདེ་བ་དང་སྡུག་བསྔལ་མྱོང་བ་ལ་བྱེ་བྲག་མེད་དོ་ཞེས་བཤད་པར་བྱའོ། །དེས་ན་རྨི་ལམ་དུ་གཞན་གྱིས་

འགྲོ་བ་དང་འོང་བ་མི་མཐོང་བ་དེ་ལྟ་ན་ཡང་། དེ་དག་ཡོད་པ་ཉིད་ཀྱི་ཕྱིར་མ་མཐོང་བ་ནི་ངེས་པ་མ་ཡིན་ནོ། །དེ་བས་ན་འགྲོ་བའི་རྟེན་གྱི་དངོས་པོ་མེད་པ་ཉིད་ཀྱང་མ་ཡིན་ནོ། །གཞན་ཡང་གལ་ཏེ་སེམས་ལུས་ལས་ཐ་མི་དད་པ་དེ་ལྟ་ན་ཡང་ལུས་ནི་རྡུལ་ཕྲ་རབ་ཚོགས་པ་ཙམ་ཡིན་པའི་ཕྱིར་རོ། །

རྡུལ་ཕྲ་རབ་ཐམས་ཅད་རིག་པར་འགྱུར་རོ། །འོན་ཏེ་ལུས་རགས་པ་ཡན་ལག་ཅན་ཏེ་དེ་ལྟར་མཐོང་བའི་ཕྱིར་རོ་ཞེ་ན། དེ་ལྟར་ན་ཡང་ལུས་ནི་རྡུལ་ཕྲ་རབ་ལ་གནས་པས་རྡུལ་ཕྲ་རབ་དམིགས་པར་འགྱུར་ཏེ། རྡུལ་ཕྲ་རབ་ལ་རེག་པའི་ཕྱིར་རོ། །འོན་ཏེ་རིག་པ་རྡུལ་རབ་ལས་སྐྱེས་པའོ་

ཞེ་ན། དེ་ལྟར་རྡུལ་ཕྲ་རབ་ལས་སྐྱེས་པའོ་ཞེས་རིག་པར་བྱེད་པ་ཅི་ཞིག་ཡིན་ཏེ། རང་གི་རིག་པ་ནི་ཐ་དད་པ་མི་རིགས་པ་ཡིན་པའི་ཕྱིར་རོ། །གཞན་ཁོ་ན་རིག་པ་སྟེ། རང་རིག་པར་མི་རུང་བ་མ་ཡིན་ནམ། རང་ལས་བྱེད་པ་འགལ་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཇི་ལྟར་བདེ་བ་མྱོང་བར་འགྱུར་ཐ་

เล่ม ๑๘๒ · หน้า 336a

དད་པའི་ཤེས་པས་སོ་ཞེ་ན། བདེ་བ་ལ་སོགས་པ་ལས་གཞན་པའི་རིག་པ་མི་དམིགས་པ་མ་ཡིན་ནམ། དེ་ཇི་ལྟར་བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་རིག་པར་འགྱུར། །ལུས་ཉིད་བདེ་བ་ལ་སོགས་པའི་རིགས་པའོ་ཞེ་ན། བདེ་བ་ལ་སོགས་པ་དང་། སྔོན་པོ་ལ་སོགས་པ་

ལས་ཐ་དད་པའི་ལུས་མི་དམིགས་པའི་ཕྱིར་རིག་བྱ་ཉིད་ཡིན་གྱི་རིགས་པ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་མིག་ལ་སོགས་པའི་རིག་པའོ་ཞེ་ན། རི་བོང་གི་རྭ་ལ་རིག་པར་ཅི་སྟེ་ཁས་ལེན་པར་མི་བྱེད། འོན་ཏེ་མིག་ལ་སོགས་པ་རྣམས་ལ་ནུས་པ་ཡོད་པས་རིག་པ་པོ་ཡིན་གྱི། རི་བོང་གི་རྭ་ལས་

ནུས་པས་སྟོང་པའི་ཕྱིར་རིག་པ་པོར་མི་རུང་ངོ་ཞེ་ན། མིག་ལ་སོགས་པ་ལ་ནུས་པ་དམིགས་པར་ཇི་ལྟར་ངེས་པ་ཡིན། འབྲས་བུའི་སྒོ་ནས་ནུས་པ་ངེས་སོ་ཞེ་ན། འབྲས་བུ་གང་ཞིག་ཡིན། གཟུགས་ལ་སོགས་པ་དམིགས་པའོ་ཞེ་ན། དམིགས་པ་དེ་ཡང་ནུས་པ་ཡིན་པའི་ཕྱིར་དམིགས་པར་མི་

འགྱུར་རོ། །ལྷག་མར་གྱུར་པའི་ཕྱིར་གཟུགས་ལ་སོགས་པ་ཁོ་ན་རྟགས་ཡིན་ཏེ། དེས་ཀྱང་རྣམ་པར་ཤེས་པའི་ནུས་པ་འབྲས་བུ་སྟེ། མིག་ལ་སོགས་པའི་འབྲས་བུ་ཉིད་ཡིན་ན་སྔར་མི་སྣང་བར་འགྱུར་རོ། །འོན་ཏེ་མཐོང་བར་འགྱུར་བའི་དུས་སུ་གཟུགས་ལ་སོགས་པ་རྣམས་མིག་ལ་

སོགས་པའི་འབྲས་བུའོ་ཞེ་ན། དེ་ལྟ་ན་ནི་རྡུལ་ཕྲ་རབ་ཡོད་ཚད་དམིགས་པར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ལ་ནི་འདུས་པའི་གནས་སྐབས་དང་། སོ་སོའི་དུས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདུས་པའི་གནས་སྐབས་ན་ནི་ནུས་པ་བསྐྱེད་པ་ཉིད་ཁྱད་པར་ཡིན་ནོ་ཞེ་ན། དེ་ལྟ་ན་

ཡང་། གཅིག་ལ་གཅིག་བརྟེན་པར་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཀྱི་ཁྱད་པར་ནི་མཐོང་དུ་རུང་བ་ཉིད་ཡིན་ལ། མཐོང་དུ་རུང་བ་མྱོང་བའི་ནུས་པ་དང་ལྡན་པའི་ཕྱིར་ཇི་ལྟར་ནུས་པ་གྲུབ་པ་མེད་པར་རིག་པ་ཉིད་གྲུབ་པར་འགྱུར་ཏེ། མཐོང་དུ་རུང་བ་གྲུབ་ན། ཇི་ལྟར་ནུས་པ་རྗེས་སུ་དཔོག་པ་

ཡིན། སྔོན་པོ་ལ་སོགས་པ་གྲགས་ཚོད་བདེ་བ་ལ་སོགས་པ་ཙམ་ཉིད་ཤེས་པ་སྟེ། ཤེས་པའི་བདེ་བའོ་ཞེས་གཞི་མཐུན་པ་མཐོང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་གསལ་བྱར་དམིགས་པ་མ་ཡིན་ནམ། ཇི་ལྟར་ཤེས་པ་ཡིན་ཞེ་ན། རང་གི་ངོ་བོ་མྱོང་བ་ལས་སྔོན་པོ་གསལ་བྱར་མྱོང་བ་

เล่ม ๑๘๒ · หน้า 336b

ངེས་པ་མེད་པར་ངེས་ཤིང་། སྔོན་པོ་ལས་དེ་མྱོང་བ་ཡོད་པ་ནི་མ་ཡིན་ནོ། །དེ་གསལ་བྱའི་ཐ་སྙད་ཀྱང་ལུས་ལ་ལྟོས་ནས་བརྟགས་པའོ་ཞེས་བཤད་པར་བྱའོ། །དེ་བས་ན་སྔོན་པོ་ལ་སོགས་པ་གཞན་གྱི་ལུས་ལ་འཕོ་བ་དང་ལྡན་པ་ནི་ཤེས་པ་དེའི་བདག་ཉིད་ཀྱིས་ཡིན་པ་དེ་བཞིན་དུ་གཞན་གྱི་ལུས་ཁུ་བ་

དང་། ཁྲག་ལ་ཡང་ཤེས་པ་འཕོ་བ་དང་ལྡན་པ་ཉིད་ཡིན་ནོ། །དེའི་ཕྱིར་ཤེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རིག་པར་ཐལ་བར་འགྱུར་རོ། །སངས་རྒྱས་པ་ལ་ཡང་ཅི་སྟེ་རྡུལ་ཕྲ་རབ་རིག་པར་མི་འགྱུར་རོ་ཞེ་ན། ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་ཐ་དད་པ་

མྱོང་བའི་ཕྱིར། དེ་ལྟ་མོད་ཀྱི་ཆ་ཤས་ཅན་གྱི་ཤེས་པའི་ངོ་བོ་ཉིད་ཡོད་ཀྱི། ཤེས་པའི་རྒྱུ་ཕ་རོལ་པོའི་ཡང་རྡུལ་ཕྲ་རབ་ཐ་དད་པར་གྱུར་པ་ཡོད་པ་མ་ཡིན་ནོ་ཞེ་ན། ཆ་ཤས་ཅན་གྱི་ལུས་འབའ་ཞིག་ཡོད་པ་མ་ཡིན་ནམ། དེ་ཡང་གཅིག་པ་ཉིད་ཡིན་ན་ནི། ལག་པ་ལ་སོགས་བསྒུལ་ན་ཀུན། །འགུལ་

བར་འགྱུར་ཏེ་འགལ་བ་ཅན། །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། །གཅིག་ལ་བསྒྲིབས་པས་ཐམས་ཅད་ལ། །བསྒྲིབ་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །དམར་པོའང་མི་དམར་བར་རྟོགས་འགྱུར། །ཞེས་བྱ་

བ་ལ། ཡན་ལག་ཅན་གྱི་རྫས་ནི་བྱ་བ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པའི་རྫས་འཕྲོད་པ་འདུ་བའི་རྒྱུ་སྟེ། གལ་ཏེ་དེའི་བྱེད་པ་ཡིན་ན། འདུ་བའི་རྒྱུ་ཡིན་པའི་ཕྱིར་རྫས་ཐམས་ཅད་འགུལ་བར་འགྱུར་བ་དེ་བས་ན་ལུས་ཀྱི་ལག་པ་ལ་སོགས་པ་བསྐྱོད་ཅིང་བསྒུལ་ན་ལུས་ཐམས་ཅད་འགུལ་

བར་འགྱུར་རོ། །འགུལ་བ་དང་མི་འགུལ་བ་ཉིད་ཀྱིས་ཡན་ལག་ཅན་གཅིག་པའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འགལ་བའི་ལས་ཅན་གྱི་ཆ་ཤས་ཅན་གཅིག་པ་ཉིད་མི་རིགས་པའི་ཕྱིར་རོ། །འདིའི་དགོངས་པ་ནི་གལ་ཏེ་འགུལ་བ་དང་བཅས་པ་དང་། འགུལ་བ་མེད་པ་ཡན་ལག་ཅན་གཅིག་

པ་ཉིད་ཡིན་ན། ལྷ་སྦྱིན་དང་མཆོད་སྦྱིན་ལ་སོགས་པའི་རང་བཞིན་ཡང་འགྲོ་བ་པོ་ལ་སོགས་པ་དང་ལྡན་པའི་ཡན་ལག་ཅན་གཅིག་ཏུ་འགྱུར་རོ། །འོན་ཏེ་ལུས་ལ་འགུལ་བ་དང་མི་འགུལ་བར་མཐོང་བའི་ཕྱིར་འགལ་བ་ཅི་ཞིག་ཡོད་ཅེ་ན། གཅིག་པ་ཞེས་བྱ་བ་འདི་ཅི་ཡིན་གལ་ཏེ་སྣང་བ་ཐ་དད་པ་

เล่ม ๑๘๒ · หน้า 337a

མེད་པ་ཡིན་ན་ནི་དེ་ནི་མེད་དེ། འགུལ་བ་དང་མི་འགུལ་བ་དག་གཅིག་པུ་སྣང་བ་མེད་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་གཅིག་པ་ཡིན་ན་ནི་གལ་ཏེ་འབྲས་བུ་གཅིག་པ་དེ་ལྟ་ན་ཡང་། ཡན་ལག་ཅན་གཅིག་པར་ཇི་ལྟར་འགྱུར་ཏེ་གཞན་གཅིག་པས་གཞན་གཅིག་པར་འགྱུར་བའི་ཕྱིར་

རོ། །དེ་ཉིད་ཀྱི་ཕྱིར། གཞན་དུ་ན་གལ་ཏེ་གཅིག་བསྒུལ་བ་ན་ཐམས་ཅད་འགུལ་བར་ཁས་མི་ལེན་ན་ནི། འགུལ་བ་དང་བཅས་པ་དང་མི་འགུལ་བ་དག་ཐ་དད་པར་གྲུབ་ཅིང་། སོ་སོ་བར་གྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདིས་ནི་བྱ་བའི་འདུ་བའི་རྒྱུ་ཉིད་རྫས་ཡིན་པ་བཀག་པ་ཡིན་ན། །གཅིག་ཡིན་ན་

སྒྲིབ་པ་ཡིས་ཀྱང་ཐམས་ཅད་ལ་སྒྲིབ་པར་འགྱུར་རོ། །འདྲེས་པའི་བྱེ་བྲག་གིས་ཡན་ལག་ལ་སྒྲིབ་ཀྱི། ཡན་ལག་ཅན་ལ་མ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་ཡན་ལག་ཅན་ལ་མི་སྒྲིབ་ན་རྫས་ཐམས་ཅད་མཐོང་བར་འགྱུར་རོ། །ཡན་ལག་གི་སྒོ་ནས་སྒྲིབ་ན་ཅུང་ཟད་ཀྱང་མི་མཐོང་བ་ཉིད་དོ། །ཐམས་ཅད་

མི་དམིགས་པར་འགྱུར་རོ། །གཅིག་པ་ཡིན་ཡང་ཐམས་ཅད་མཐོང་བར་མི་ནུས་པ་མ་ཡིན་ནམ་ཞེ་ན། མཐོང་བ་དང་མི་མཐོང་བ་དང་ཇི་ལྟར་གཅིག་པར་འགྱུར། རྒྱ་སྐྱེགས་ལ་སོགས་པའི་ཚོན་གྱིས་གཅིག་ཏུ་བསྒྱུར་བ་ན་ཐམས་ཅད་དམར་པོར་འགྱུར་རོ། །ཕན་འདོགས་པའི་བྱེ་བྲག་གིས་རྫས་

གཞན་པས་ཡན་ལག་དམར་པོར་འགྱུར་བ་ཡིན་གྱི་ཡན་ལག་ཅན་མ་ཡིན་ནོ་ཞེ་ན། དམར་པོ་ཡང་མི་དམར་བའི་རྫས་སུ་འགྱུར་རོ། །གཏན་ཚིགས་དེ་གསུམ་གྱི་ཕྱིར་ཡན་ལག་ཅན་གྱི་རྫས་ཚོགས་པ་གཅིག་ཡོད་པ་མ་ཡིན་ནོ། །གལ་ཏེ་དུ་མ་ཉིད་ཡིན་ནའང་། །མི་རྟོགས་སྔོན་བཞིན་ཁྱད་པར་ནི། །

མེད་ཕྱིར་ཕྲ་ཕྱིར་ཁྱད་མེད་པ། །མི་འགྲུབ་ཁྱད་པར་ཅན་དབང་པོའི། །ཡུལ་འགྱུར་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་བྱ་བ་ལ། གལ་ཏེ་ལུས་དུ་མ་ཡིན་ན་དེའི་ཚེ་ལུས་རྟོགས་པ་པོར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གནས་སྐབས་སོ་སོ་བར་འགྱུར་བའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་འདུས་པའི་ཚེ་ཡང་

ཁྱད་པར་མེད་པའི་ཕྱིར་དང་། ཐ་དད་པའི་ཡན་ལག་ཅན་ནི་མི་སྐྱེ་བའི་ཕྱིར། སྔ་མ་བཞིན་དུ་ཕྲ་བའི་ཕྱིར། །ཞེས་བྱ་བ་ལ་སྨོས་ན་ནི་ཇི་ལྟར་རྡུལ་ཕྲ་རབ་རྣམས་སོ་སོ་བའི་དུས་ན་མི་དམིགས་པ་དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་འདུས་པའི་ཚེ་ཡང་ཁྱད་པར་མེད་པར་མི་འགྲུབ་སྟེ། ཉམས་སུ་མྱོང་བའི་ཚེ་རགས་

เล่ม ๑๘๒ · หน้า 337b

པར་མཐོང་བར་འགྱུར་བའི་ཕྱིར་རོ། །དེས་ན་ཁྱད་པར་མེད་པ་མཐོང་དུ་མི་རུང་བ་ནི་མེད་དོ། །འདི་ཉིད་ཀྱི་ཕྱིར་ཉམས་སུ་མྱོང་བ་ལ་སྣང་བའི་ཁྱད་པར་ཅན་ནི་དབང་པོའི་ཡུལ་ཉིད་དེ། རྡུལ་ཕྲ་རབ་ཉིད་ནི་གྲོགས་མི་བྱེད་པའི་ཕྱིར་རྡུལ་ཕྲ་རབ་མ་ཡིན་ནོ། །དེ་ལྟ་ན་ནི་ཡུལ་དམིགས་པར་ཇི་ལྟར་འགྱུར་ཞེ་ན། དེའི་

རྣམ་པ་ཅན་གྱི་ཤེས་པ་དམིགས་པ་ཉིད་ཀྱིས་ཡུལ་དམིགས་པར་འགྱུར་རོ། །ཁྱེད་ལ་ཡང་རྡུལ་ཕྲ་རབ་གྱི་རྣམ་པ་ཅན་དུ་ཅི་སྟེ་འགྱུར་ཞེ་ན། འདི་ཡང་ལེའུ་གསུམ་པ་ལས་བསྟན་པར་བྱའོ། །སྣ་ཚོགས་རྡུལ་ཕྲ་མོ་ཙམ་དུ་ཁས་ལེན་པ་མ་ཡིན་ནམ། སྒྲིབ་གཡོགས་དང་གགས་

བྱེད་པ་ལ་སོགས་པར་ཇི་ལྟར་འགྱུར་ཏེ། ཇི་སྟེ་འདུས་པའི་ཡན་ལག་ཅན་མ་གཏོགས་པར་རྡུལ་ཕྲ་རབ་ཉིད་གཅིག་པུ་ནི་ཐོགས་པ་མེད་པ་ཕན་ཚུན་རྗེས་སུ་འཇུག་པས་ཇི་ལྟར་སྒྲིབ་པ་ཡིན་ཏེ། སྦྱོར་བ་མེད་པའི་ཕྱིར་རོ། །མ་སྦྱར་བར་སྒྲིབ་ན་ནི་ཐམས་ཅད་ཀྱི་ཐམས་ཅད་ལ་སྒྲིབ་པར་འགྱུར་རོ་ཞེ་ན།

འདིར་སྨྲས་པ། དེ་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་གསལ་བ་ཡིན། །གསེར་དང་དངུལ་ཆུ་ལ་སོགས་པའམ། །རྡོ་ཚན་ལ་སོགས་ཇི་ལྟར་སྣང་། །དབང་སོགས་རེ་རེས་ནུས་མེད་རྣམས། །ཇི་ལྟར་རྟོགས་པར་འགྱུར་བ་ཡིན། །ལྡན་པས་ཡིན་ན་འདིར་ཐལ་མཚུངས། །གལ་ཏེ་གསེར་

དང་དངུལ་ཆུ་ཡི། །མ་མཐོང་ཅན་རྟེན་རོ་དང་གཟུགས། །སོགས་འབྲེལ་འགལ་བར་ཇི་ལྟར་ཤེས། །ཉེ་བས་བརྟགས་པ་ལ་འདོད་ན། །བློ་ཡིས་ཐ་དད་ཡོད་བླ་སྟེ། །ཇི་ལྟར་ཕྲེང་རིང་བ་ཞེས་བྱ། །ཞེས་བྱ་བ་ལ། རྡུལ་ཕྲ་རབ་རྣམས་ནི་ཕྲད་པ་དང་བྲལ་བའི་ཕྱིར། ཇི་ལྟར་སྒྲིབ་པར་འགྱུར་ཞེས་རྩོད་པ་

ནི་རིགས་པ་མ་ཡིན་ཏེ། ཡན་ལག་ཅན་དང་འབྲེལ་པའི་སྒྲིབ་གཡོགས་གང་དུ་ཡང་མ་མཐོང་བའི་ཕྱིར་གང་གིས་དེ་མེད་ན་མེད་པ་ཡིན། དེ་ལྟར་གགས་བྱེད་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །ཇི་སྟེ་རྡུལ་ཕྲ་རབ་རྣམས་སྦྱོར་བ་མེད་པའི་ཕྱིར་ཇི་ལྟར་སྒྲིབ་པ་ལ་སོགས་པ་ཡིན་ཞེ་ན། དེ་ལྟ་མོད་ཀྱི་

ཁྱོད་ཀྱི་ལྟར་ན། ལྡན་པ་མེད་པའི་རྡུལ་ཕྲ་རབ་ཀྱིས་ཀྱང་ཇི་ལྟར་ཡན་ལག་ཅན་སྐྱེད་པར་བྱེད། འདུས་ནས་སོ་ཞེ་ན། འོ་ན་འདུས་པ་ཡང་བདག་ཉིད་ཐམས་ཅད་ཀྱིས་ཡིན་ནམ། ཕྱོགས་གཅིག་གིས་ཡིན་ཏེ། དེ་ལ་ཕྱོགས་གཅིག་གིས་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ལ་ཕྱོགས་གཅིག་མེད་པའི་

เล่ม ๑๘๒ · หน้า 338a

ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་འདུས་པ་ཡང་མ་ཡིན་ཏེ། གོང་བུ་ཡང་རྡུལ་ཕྲན་ཙམ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱིས་ལྡན་པ་སྐྱེད་དོ་ཞེ་ན། བར་དང་བཅས་པས་ཇི་ལྟར་ལྡན་པ་ཉིད་བསྐྱེད་དེ། དེ་ལྟར་བརྩད་པ་མཚུངས་པ་ཡིན་ནོ། །དེ་ཕྲད་པ་ཡང་མེད་དོ་ཞེས་

བསྟན་ཟིན་ཏོ། །གལ་ཏེ་ཕྲད་པ་ཡོད་ན་ལྡན་པ་དང་ཡན་ལག་ཅན་གཞན་གྱིས་ཅི་ཞིག་བྱ། འོན་ཏེ་བར་དང་བཅས་པས་ལྡན་པ་སྐྱེད་དོ་ཞེ་ན། བར་དང་བཅས་པས་ཇི་ལྟར་ལྡན་པ་ཉིད་བསྐྱེད་དེ། དེ་ལྟ་ན་ཡང་འབྲེལ་པ་ཉིད་ཀྱིས་གེགས་བྱེད་པ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་དཔེར་ན་སྐྲ་ཤད་དང་། སྦྲང་

མ་ལ་སོགས་པ་དག་གིས་ཀྱང་བར་མེད་པ་ཉིད་མཐུག་པོའི་རྣམ་པར་སྣང་བ་སྐྱེད་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཕྲད་པ་མེད་པ་ཉིད་གེགས་བྱེད་པ་ལ་སོགས་པའི་བྱ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་འདུས་པའི་གནས་སྐབས་ན་ཁྱད་པར་བསྟན་པ་དེས་ནི་སྒྲིབ་པར་བྱེད་པ་དང་། གེགས་བྱེད་པ་ལ་སོགས་

པ་མེད་པར་རྩོད་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཡང་ན་གསེར་དང་དངུལ་ཆུ་ལ་སོགས་པ་འདྲེས་པར་གྱུར་ན་ནི། ཡན་ལག་ཅན་མེད་པར་ཇི་ལྟར་གེགས་བྱེད་པ་ལ་སོགས་པའི་རྒྱུར་གྱུར། རྡོ་ཚན་ཏེ་ལ་སོགས་པ་བསྲེག་པ་ལ་སོགས་པའི་བྱ་བ་མཐོང་བ་ཇི་ལྟར་

ཡིན། དེར་ཡན་ལག་ཅན་མི་སྐྱེ་བའི་ཕྱིར་ཏེ། གསེར་དང་དངུལ་ཆུ་དང་རྡོ་དང་མེ་ལ་སོགས་པ་རྣམས་རིགས་མི་མཐུན་པའི་ཕྱིར་རོ། །ཡང་ན་གལ་ཏེ་རྡུལ་ཕྲ་རབ་ལས་ཐ་དད་པའི་རྡུལ་མེད་ཀྱང་། རགས་པ་གཅིག་ཇི་ལྟར་མི་སྣང་བ་ཡིན་ཏེ། དེའི་ཕྱིར་གསེར་དང་དངུལ་ཆུ་ལ་སོགས་པ་ཞེས་སྨོས་

ཏེ། དེའི་དགོངས་པ་ནི་དཔེར་ན་གསེར་ལ་སོགས་པ་དངུལ་ཆུ་དང་འདྲེས་པ་དང་། རྡོ་བ་ལ་སོགས་པ་ཚ་བར་གྱུར་པར་སྣང་བ་དེ་ནི་ཡན་ལག་ཅན་མེད་ཀྱང་དེ་ལྟར་སྣང་བའོ། །སོགས་པའི་སྒྲས་ནི་ཆུ་ཚན་ལ་སོགས་པ་བཟུང་ངོ་། །དེ་བཞིན་དུ་བུམ་པ་ལ་སོགས་པ་ལ་ཡང་རྡུལ་ཕྲ་རབ་ཀྱི་སྟོབས་

ཉིད་ཀྱིས་རགས་པར་སྣང་བ་སྟེ། འདི་ལྟར་ཁྱད་པར་ཅན་གྱི་རྒྱུ་ལས་ཁྱད་པར་ཅན་གྱི་འབྲས་བུ་སྐྱེ་སྟེ། རེ་རེ་སྟེ་སོ་སོར་དབང་པོ་ལ་སོགས་པ་ནུས་པ་མེད་པ་སྣ་ཚོགས་པས་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི། མིག་ལ་སོགས་པ་རྣམས་འདྲེ་བ་དང་ལྡན་པས་ཡན་ལག་ཅན་བསྐྱེད་

เล่ม ๑๘๒ · หน้า 338b

པ་ནི་མ་ཡིན་ནོ། །མིག་ལ་སོགས་པ་རྣམས་ལ་སྦྱོར་བ་ཡོད་ན་ཕྱོགས་ལ་ཡང་སྦྱོར་ཞིང་། ཕྲད་པས་འབྲས་བུ་ཇི་ལྟར་མི་སྐྱེ་ཞེས་བྱ་བའི་བརྩད་པ་མཚུངས་པར་འགྱུར་རོ། །གལ་ཏེ་མིག་ལ་སོགས་པ་ཚོགས་པས་བསྐྱེད་པ་ལ། འདྲེ་བ་གཞན་དགོས་ན་ནི་དེའི་ཚེ་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་

དབང་པོ་ལ་སོགས་པ་ངོ་བོ་ཉིད་ཀྱི་ཤེས་པ་འདྲེས་པ་སྐྱེད་ན་ནི་དེ་ལྟ་ན་ནི་རྡུལ་ཕྲ་རབ་ཀྱིས་ཀྱང་འདྲེ་བ་དང་ཡན་ལག་ཅན་མེད་པར་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་དེ་ཡན་ལག་ཅན་གྱིས་ཅི་ཞིག་བྱ། དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་གསེར་དང་དངུལ་ཆུ་དག་རིགས་མི་མཐུན་པའི་

ཕྱིར་རྫས་བསྐྱེད་པ་མ་ཡིན་ཡང་། དེ་དག་ལྡན་པ་སྣང་བ་ཡིན་ནོ་ཞེ་ན། རྟེན་མ་མཐོང་བ་གང་ཡིན་པ་དེ་ནི་ཇི་ལྟར་ཤེས་པར་འགྱུར་ཏེ། འདི་ལྟར་གསེར་དང་དངུལ་ཆུའི་རྡུལ་ཕྲ་རབ་རྣམས་དབང་པོ་ལས་འདས་པའི་ཕྱིར་དེའི་ལྡན་པ་ཡང་དབང་པོ་ལས་འདས་པ་ཉིད་དོ། །དཔེར་ན་མིག་གི་དབང་པོ་ལྐོག་ཏུ་

གྱུར་པའི་ཕྱིར་དེ་ལ་བརྟེན་པའི་དོན་དང་། འདྲེ་བ་ཡང་ལྐོག་ཏུ་གྱུར་པ་བཞིན་ནོ། །གཞན་ཡང་དབང་པོ་རྩ་དང་འབྲེལ་པ་ལས་ཤེས་པ་སྐྱེ་ལ། གསེར་དང་དངུལ་ཆུ་འདྲེས་པ་ནི་ཡོན་ཏན་ཡིན་པའི་ཕྱིར། འདྲེ་བ་དབང་པོ་ལས་འདས་པ་མ་ཡིན་པའི་ཕྱིར་ཅིའི་ཕྱིར་མཐོང་དུ་རུང་བ་ཉིད་མ་ཡིན། འོན་ཀྱང་རྟེན་དུ་

གྱུར་པའི་རྡུལ་ཕྲ་རབ་འདྲེས་པ་ལས། དེ་ཡང་ལྡན་པ་སྐྱེད་དོ་ཞེ་ན། དེ་ལྟ་མོད་ཀྱི་ལྡན་པ་དང་འཕྲོད་པ་འདུ་བ་ལས་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱང་འཛིན་པར་འགྱུར་རོ། །གལ་ཏེ་ཡང་གསེར་དང་དངུལ་ཆུ་ལ་སོགས་པའི་ཕྲད་པ་ཉིད་བལྟར་རུང་བའོ་ཞེ་ན། དེ་ལྟ་ན་ཡང་བཏུང་བ་བཟང་པོ་ལ་སོགས་པ་

ལ་བུ་རམ་ལ་སོགས་པ་འདྲེས་པའི་རང་བཞིན་གཟུགས་དང་རོ་ལ་སོགས་པ་འགལ་ཏེ། བཏུང་བ་བཟང་པོ་མངར་བའོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དོན་གཅིག་ལ་འདུས་པའི་གཟུགས་ལ་སོགས་པ་ཉེ་བར་བརྟགས་ནས་ལྡན་པར་འདོད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་རྡུལ་

ཕྲ་རབ་འདྲེས་པ་ཅན་རྣམས་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ཉིད་འདྲེས་པའི་གཟུགས་ལ་སོགས་པ་དང་ཐ་དད་པར་སྣང་བར་འགྱུར་རོ། །དེའི་ཕྱིར། བློ་ཡི་ཐ་དད་ཡོད་བླ་སྟེ། །ཞེས་བྱ་བ་གསུངས་སོ། །གཟུགས་དང་རོ་དག་གཅིག་པར་སྣང་བ་ནི་འདྲེས་པ་ལས་ཡིན་ཏེ། ལྕགས་གོང་

เล่ม ๑๘๒ · หน้า 339a

མེར་བསྲེགས་པ་བཞིན་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་རྫས་གཞན་བརྟགས་ཏེ་ཅི་ཞིག་བྱ་སྟེ། རྡུལ་ཕྲ་རབ་རྣམས་ཉིད་རགས་པ་ལ་སོགས་པའི་གཟུགས་སུ་སྣང་བའོ། །གལ་ཏེ་ཡང་ཁྱེད་རྡུལ་ཕྲ་རབ་ལས་གཞན་པའི་རྫས་འདོད་ན་ནི་དེའི་ཚེ་ཕྲེང་བ་རིང་པོ་ཡོད་པར་མི་འགྱུར་ཏེ། ཕྲེང་བ་ཞེས་བྱ་

བའི་དངོས་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གང་གི་ཕྱིར་འདྲེས་པ་མེད་པའི་ཕྱིར་མ་འདྲེས་པ་དང་། འདྲེས་པ་མེད་པ་ཉིད་ཀྱི་རྫས་ཀྱང་མེད་པ་དང་། རིགས་ཀྱང་མེད་པ་སྟེ་ཕོ་བྲང་གཅིག་ཀྱང་ཕྲེང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཤིང་བཞིན་ནོ། །མེད་པ་ཉིད་ནི་རིང་པོ་ཉིད་དུ་རིགས་པ་མ་ཡིན་

ནོ། །དེ་བས་ན་ཇི་ལྟར་བཀོད་པའི་ཁྱད་པར་གྱིས་ཕྲེང་བའི་བློ་སྐྱེད་པ་དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་ལ་རགས་པ་ལ་སོགས་པའི་བློ་འབྱུང་ངོ་། །མངོན་སུམ་ཉིད་ཀྱིས་རྫས་དང་གྲངས་དང་། ལྡན་པ་ལ་སོགས་པ་ཤེས་པ་མ་ཡིན་ནམ། འདི་ལྟར་མིག་གི་བྱེད་པའི་རྗེས་ལ་བུམ་པ་དང་ལྡན་པ་དག་

གཅིག་པའོ་ཞེས་བྱ་བར་རྟོགས་པའོ་ཞེ་ན། འདིར་སྨྲས་པ། གྲངས་དང་ལྡན་པ་ལ་སོགས་ཀྱང་། །དེ་དང་ལྡན་པའི་དངོས་ཉིད་དང་། །བརྗོད་པ་དག་ལས་ཐ་དད་པར། །ངོ་བོ་བློ་ལ་མི་སྣང་ངོ་། །ཞེས་བྱ་བ་ལ། གྲངས་ནི་གཅིག་ཉིད་ལ་སོགས་པའོ། །ལྡན་པ་ནི་ལྡན་པའི་ཤེས་པས་གཟུང་

བའོ། །ལས་ནི་འགྲོ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་རིགས་ལ་སོགས་པ་གཟུང་བར་བྱའོ། །དེ་དག་དང་ལྡན་པའི་དངོས་པོ་ཉིད་ལས་ཏེ་གྲངས་ལ་སོགས་པ་དེ་གང་ལ་ཡོད་པའི་གཟུགས་ལ་སོགས་པའི་དངོས་པོ་དེ་རྣམས་ལས་ཐ་དད་པར་དབང་པོ་ལས་སྐྱེས་པའམ། རྟོགས་པ་དང་

བཅས་པའི་བློ་ལ་གནས་ཡན་ལག་ཅན་ལ་སོགས་པའི་ངོ་བོ་ཉིད་སྣང་བར་མི་འགྱུར་བའམ། རྫས་ལ་སོགས་པ་རྗོད་པར་བྱེད་པ་ལས་ཐ་དད་པར་རྟོགས་པའི་བློ་ལ་མི་སྣང་སྟེ། འདི་ལྟར་ཡན་ལག་ཅན་ལ་སོགས་པ་མ་ལུས་པ་ཡོན་ཏན་སོགས་པས་སྟོང་པར་འདོད་ཅིང་། མིག་གི་ཤེས་པས་

ཀྱང་ལྡན་པ་ཅན་གཟུགས་ལ་སོགས་པ་རྟོགས་པར་འགྱུར་གྱི་རྫས་ལ་སོགས་པ་ཐ་དད་པ་ནི་མ་ཡིན་ནོ། །རྟོགས་པའི་ཤེས་པ་ལ་ཡང་གསལ་བའི་རང་བཞིན་ཉིད་སྣང་བ་འམ། བརྗོད་པའི་རང་བཞིན་ནང་གི་ཤེས་པས་བརྗོད་པར་འགྱུར་བ་ཉིད་ཡིན་གྱི་རིགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་

เล่ม ๑๘๒ · หน้า 339b

ཀྱིས་སྣང་བ་ནི་མ་ཡིན་ནོ། །འདི་དག་གིས་ནི་མི་དམིགས་པ་བསྟན་པ་ཡིན་ནོ། །གལ་ཏེ་རིགས་ལ་སོགས་པ་མངོན་སུམ་གྱིས་མི་ཤེས་པ་དེ་ལྟ་ན་ཡང་བརྗོད་པ་དང་ཤེས་པ་གཅིག་གི་རྣམ་པ་ཅན་མཐོང་བའི་ཕྱིར་རིགས་ལ་སོགས་པ་ངེས་པར་བྱེད་པ་སྟེ། རང་གི་མཚན་ཉིད་ཀྱི་རྒྱུ་མཚན་ལས་རིགས་ལ་སོགས་པ་

མི་རྟོགས་པ་མ་ཡིན་ནམ་ཞེ་ན། དེ་མི་རིགས་ཏེ་གང་གི་ཕྱིར། །དངོས་པོ་ཐ་དད་རྗེས་འབྲང་བའི། །རྣམ་པར་རྟོག་པས་སྒྲ་དང་ཤེས། །བརྟགས་དོན་ཅན་དེ་དཔེར་ཡོན་ཏན། །སོགས་པའམ་ཞིག་དང་མ་སྐྱེས་བཞིན། ཞེས་བྱ་བ་ལ། ཤེས་པ་དང་བརྗོད་པའི་བྱེ་བྲག་མི་འདྲ་བ་ཉིད་ཀྱིས་དངོས་པོ་

ཐ་དད་པ་ནི་མ་ཡིན་གྱི། འོན་ཀྱང་མངོན་སུམ་གྱི་སྣང་བ་ཐ་དད་པས་ཏེ། རྟོགས་པའི་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་རྟོགས་པའི་བློ་ནི་རིགས་ལ་སོགས་པ་ཉིད་དུ་སྣང་གི་དངོས་པོའི་རྒྱུ་ཅན་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་དང་། ལྡོག་པས་ཀུན་དུ་བརྟགས་པའི་ཐ་དད་པ་ལ་

བརྟེན་ནས་རིགས་ལ་སོགས་པའི་བློ་སྐྱེ་སྟེ། འདི་ལྟར་བ་ལང་གི་གོང་བུ་ལ་གཞན་དུ་དཀར་པོ་ཉིད་མཐོང་ཞིང་། དཀར་པོ་ཉིད་ལ་གཞན་དུ་བ་ལང་ནག་པོ་མཐོང་བའི་ཕྱིར་རྗེས་སུ་འགྲོ་བ་དང་། ལྡོག་པ་དེས་རིགས་མི་མཐུན་པ་རྣམ་པར་གཅོད་པའི་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་པར་

རྟོག་པས་བརྟགས་པའི་དོན་ཅན་ཏེ། སྒྲོ་བཏགས་པའི་ཡུལ་ལ་སྒྲ་དང་ཤེས་པ་ཐ་དད་པ་དག་གིས་རིགས་དང་ཡོན་ཏན་ལ་སོགས་པ་ཐ་དད་པར་ཇི་ལྟར་སྒྲུབ་པར་བྱེད་དེ། དཔེར་ན་ཡོན་ཏན་ལ་སོགས་པ་རང་བཞིན་གཅིག་ལ། ཡོན་ཏན་ཉི་ཤུ་རྩ་བཞི་དང་། ལས་ལྔ་ཡོད་ཀྱང་ཡོན་ཏན་ལ་

སོགས་པའི་གྲངས་ཡོད་པ་ལ། གྲངས་ཡོད་པ་ནི་མ་ཡིན་ཏེ། དེ་རྫས་ལ་བརྟེན་པའི་ཕྱིར་རོ། །རྟེན་གྱི་གྲངས་ལ་བརྟགས་ནས་དེ་ལྟར་ཐ་སྙད་གདགས་པར་མི་རུང་སྟེ་རྟེན་ཐ་དད་ཀྱང་གཅིག་པུ་ཉིད་དོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་དྲུག་པ། ཞིག་དང་མ་

སྐྱེས་རྣམས་ལ་ཡང་། །ཇི་ལྟར་གཅིག་པུ་ཉིད་དུ་ཤེས། །ཉེ་བར་བཏགས་ལས་འདིར་འདོད་ན། །དེ་རྒྱུ་ཅན་འདོད་གང་ཡིན་པ། །དེ་ཉིད་དངོས་རྣམས་ཐམས་ཅད་ལ། །དེ་དག་གིས་རྒྱུ་ཅིས་མི་འདོད། །ཅེས་བྱ་བ་ལ། གལ་ཏེ་ཞིག་པ་དང་མ་བྱུང་བ་དག་ལ་གཅིག་པ་ཉིད་ཉེ་བར་བཏགས་

เล่ม ๑๘๒ · หน้า 340a

ནས་ཐ་སྙད་འདོགས་པ་དང་། རྟོགས་པ་ནི་འདས་པ་ལ་སོགས་པ་ལ་ཉེ་བར་བཏགས་པ་འདི་ནི་རྟོགས་པའི་ཤེས་པའི་རྒྱུ་ཅན་ཏེ། ཐོག་མ་མེད་པའི་རྟོགས་པས་ལྷག་པར་གཞག་པ་དེ་ཉིད་དངོས་པོ་རྣམས་ཐམས་ཅད་ལ་སྒྲ་དང་ཤེས་པ་དག་གི་རྒྱུར་འགྱུར་གྱི། དངོས་པོ་རེག་པ་མ་ཡིན་

ནོ། །ཉེ་བར་འདོགས་པའང་ཀུན་དུ་མིན། །གལ་ཏེ་ཐ་དད་ཁྱད་པར་ཅན། །དངོས་ཞེས་བྱ་ནི་འདིས་ཅི་ཤེས། །གལ་ཏེ་ཐ་དད་མེད་པ་དག །ཐ་དད་མེད་དོན་ཅན་ཞེ་ན། །དོན་གཞན་མིན་རྒྱུ་ཅན་ཡིན་ཡང་། །དཀར་པོ་སོགས་ལ་གྲངས་ལ་སོགས། །ལྡན་པ་ཅན་སྒྲ་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་

གཞན་ན། །ཡོན་ཏན་དང་རྫས་ཁྱད་མེད་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ནི་འགྱུར་མོད་ཀྱི་ཉེ་བར་བཏགས་པ་ཞེས་བྱ་བ་དངོས་ཀྱི་རྒྱུ་ཅན་ཏེ། དེ་ཇི་ལྟར་དངོས་མེད་ན་གདགས་པར་རུང་། དངོས་ནི་ཐ་དད་པར་འཇིག་རྟེན་པ་ལ་གྲགས་པའི་དབྱུག་པ་ཅན་ལ་སོགས་པའི་ཁྱད་པར་ཅན་བཞིན་ལ་ཐ་མི་དད་པའི་ཁྱད་

པར་ཅེས་ནི་བཏགས་པའོ། །སངས་རྒྱས་པ་ནི་སྔ་མ་སྔ་མས་རྟོགས་པས་གཞག་པ་ཙམ་སྟེ། ཁྱད་པར་ཅན་མི་སྲིད་པས། །ཐ་དད་པར་གྱུར་པའི་ཁྱད་པར་ཅན་ཉིད་མེད་ན། དངོས་པོ་མེད་པས་ཀུན་དུ་བཏགས་པར་མེད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱི་ཐ་དད་པའི་ཁྱད་པར་ཅན་གང་ཡིན་པ་དེ་ནི་

དངོས་ཞེས་བྱ་ན། དེ་ཡང་ཅིས་ཤེས་ཏེ། ཐ་དད་པའི་ཁྱད་པར་ཅན་དང་བྲལ་བ་ཡང་། རྟོགས་པས་མཐོང་བའི་ཐ་དད་པའི་ཁྱད་པར་ཅན་གྲགས་ཚོད་ཙམ་ནི་དངོས་པོ་ཁོ་ན་སྟེ། མ་བཀྱོགས་པར་རྟོགས་པའི་བློའི་ཡུལ་ནི་དངོས་ཡིན་ལ། བཀྱོགས་པ་ནི་རྟོགས་པ་ཅན་གྱི་ཤེས་པའི་ཡུལ་ནི་བཏགས་པའོ་ཞེ་ན་

འཇིག་རྟེན་པ་ལ་གྲགས་པའོ། །གཞན་ཡང་ཡུལ་ཐ་དད་པ་ཅན་ཉིད་དངོས་ཡིན་ལ། ཅིག་ཤོས་བཏགས་པའོ་ཞེ་ན། དེ་ལྟ་བུ་ཐམས་ཅད་བཏགས་པ་ཉིད་ཡིན་མོད་ཀྱི། ཐ་དད་པའི་ཁྱད་པར་ཅན་མེད་པའི་ཕྱིར་རོ། །འདས་པ་ལ་སོགས་པ་ལ་ནི་ཁྱད་པར་ཡང་མེད་པའི་ཕྱིར་ཉེ་བར་བཏགས་པར་འགྱུར་

རོ། །གལ་ཏེ་ཐ་དད་པའི་ཁྱད་པར་ཅན་མེད་ན། དེའི་ཚེ་ཐ་མི་དད་པའི་བརྗོད་པར་བྱ་བ་ནི་ཐ་དད་མེད་པའི་དོན་ཅན་ཏེ་རྣམ་གྲངས་པའི་རང་བཞིན་ཉིད་དུ་འགྱུར་ཞིང་། བུམ་པ་གཅིག་ཅེས་བྱ་བ་གཞི་མཐུན་པར་ཡང་མི་འགྱུར་ཏེ། རྣམ་པར་དབྱེ་བའི་རྒྱུ་མཚན་ཡོད་ན་དེར་འགྱུར་བའི་ཕྱིར་མ་ཡིན་ནམ་

เล่ม ๑๘๒ · หน้า 340b

ཞེ་ན་དེ་ནི་མི་བདེན་ཏེ། གང་གི་ཕྱིར་འདི་ལ་དོན་གཞན་པའི་རྒྱུ་མེད་པ་ཅན་དེའི་དངོས་པོ་འདི་ནི་དོན་གཞན་མིན་པའི་རྒྱུ་ཅན་ཏེ། དཀར་པོ་ལ་སོགས་པའི་ཡོན་ཏན་རྣམས་ལ་གྲངས་ལ་སོགས་པའི་ལྡན་པ་ཅན་གཟུགས་གཅིག་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམ་གྲངས་མ་ཡིན་པར་མཐོང་བ་དེ་བཞིན་དུ་རྫས་ལ་

སོགས་པ་རྣམས་ཀྱང་རྣམ་གྲངས་མ་ཡིན་པའོ། །དཀར་པོ་ལ་སོགས་པ་དེ་ལ་ཡང་གྲངས་ལ་སོགས་པ་དོན་གཞན་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་རྫས་དང་། ཡོན་ཏན་དག་ལ་ཁྱད་པར་མེད་པར་འགྱུར་ཏེ། འདི་ལྟར་བྱ་བ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དང་། འདུ་བའི་རྒྱུ་ཅན་ནི་རྫས་ཡིན་

ནོ། །གལ་ཏེ་ཡང་ཡོན་ཏན་ལ་སོགས་པ་ལ་ཡང་གྲངས་ལ་སོགས་པ་ལ་ཡོད་ན། དེ་ལྟ་ན་ནི་ཡོན་ཏན་དང་ལྡན་པའི་ཕྱིར་རྫས་ཉིད་དང་གཅིག་ཏུ་འགྱུར་གྱི། ཡོན་ཏན་ལ་སོགས་པ་ཐ་དད་པ་ནི་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་གཞན་གྱི་གཞུང་ལ་དཀར་པོ་ལ་སོགས་པ་ལ་གྲངས་ལ་སོགས་པའི་སྒྲ་མི་

རིགས་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ལུགས་ཀྱིས་དོན་ཐ་དད་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ལྡོག་པ་ཐ་དད་ཕྱིར་ཐ་དད། །འགྱུར་ཏེ་དོན་གཞན་མིན་དོན་ཅན། །ཡིན་ཡང་ལས་རྫས་མིན་སྒྲ་བཞིན། །ཞེས་བྱ་བ་ལ། སངས་རྒྱས་པའི་ལུགས་ཀྱིས་གྲངས་ལ་

སོགས་པའི་སྒྲ་ཐ་དད་པ་ཡིན་ནོ། །ཇི་ལྟར་ཞེ་ན། ལྡོག་པས་བྱས་པའི་ཐ་དད་པས་ཀུན་དུ་བཏགས་པའི་ཐ་དད་པ་ཅན་གྱི་བརྗོད་པར་བྱ་བ་ཐ་དད་པའི་ཕྱིར། དཔེར་ན་རྫས་ནི་ལས་མ་ཡིན་ལ། ལས་ནི་རྫས་མ་ཡིན་གྱི། འདི་ན་དོན་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་ལས་མ་ཡིན་པ་དང་

རྫས་མ་ཡིན་པའི་སྒྲ་ལ་སོགས་པ་རྣམས། རྣམ་གྲངས་པ་མ་ཡིན་པ་དེ་བས་ན་ལྡོག་པ་ཐ་དད་པ་ཉིད་སྒྲ་དང་ཤེས་པའི་རྒྱུ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་རིགས་ལ་སོགས་པ་མེད་ན། འོ་ན་ནི་བ་ལང་དཀར་པོ་དང་བ་ལང་གི་དཀར་པོ་ཉིད་ཅེས་བྱ་བའི་གཞི་མཐུན་པ་དང་། ཐ་

དད་པའི་རྟེན་ཅན་དུ་ཇི་ལྟར་འགྱུར་ཞེ་ན། འདིར་སྨྲས་པ། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །དེ་དང་ལྡན་ལས་ཐ་དད་བཞིན། །གྲངས་སོགས་བརྗོད་པ་གང་དེ་ཡང་། །ཆོས་གཞན་གཅོད་པར་བྱེད་པ་ཡིན། །དེ་ཙམ་ཤེས་པར་འདོད་པ་ལ། །མ་ལུས་གཞན་ནི་སྤོང་ཅན་སྒྲ། །ཐ་དད་ཆོས་བཞིན་

เล่ม ๑๘๒ · หน้า 341a

རྗོད་བྱེད་དེ། །ལ་ལར་སོར་མོ་གཤིབས་པ་བཞིན། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །སྤོང་མིན་ཕྱིར་ཆོས་ཅན་བརྗོད་ཅན། །གྲགས་ཏེ་སོར་མོ་གཤིབས་པ་བཞིན། །དེ་ལྟའི་བརྡར་ནི་གནས་པ་ཅན། །ཞེས་བྱ་བ་ལ། གང་ཡང་ཞེས་བྱ་བ་ནི་གྲངས་ལ་སོགས་པའོ། །སོགས་པའི་

སྒྲས་ནི་ལྡན་པ་ལ་སོགས་པ་བཟུང་ངོ་། །གྲངས་ལ་སོགས་པ་གང་ལ་ཡོད་པ་དེ་དང་ལྡན་པའི་ཆོས་ཅན་དེ་ལས་ཐ་དད་པ་བཞིན་དུ་བརྗོད་དོ། །གང་གིས་ཤེ་ན། སྒྲ་རྣམས་ཀྱིས་ཏེ། དངོས་པོ་བརྗོད་པ་ནི་ཆོས་བརྗོད་པ་རྣམས་ཀྱིས་གྲངས་ལ་སོགས་པ་དེ་ཆོས་གཞན་གཅོད་པར་བྱེད་པ་སྟེ་ཐ་དད་པས་གནས་པའོ། །དེ་

ཉིད་ཀྱི་ཕྱིར་ཆོས་གཞན་སྤོང་བའི་ཆོས་དེ་ཙམ་ཞིག་ཤེས་པར་འདོད་པ་སྟེ། བསྟན་པར་བྱ་བ་ལ་སྒྲས་ཐ་དད་པའི་ཆོས་བཞིན་སྟོན་པའོ། །སྒྲ་ཇི་ལྟ་བུ་ཞེ་ན། མ་ལུས་གཞན་སྤོང་བ་ཅན་ཏེ། གཞན་དག་མ་ལུས་པའི་ཆོས་དེའི་བདག་ཉིད་ཀྱིས་སྤོང་བར་བྱེད་པ་གང་ཡིན་པའི་སྒྲ་དེའོ། །འདིར་ཡང་དཔེར་བརྗོད་པ་

ནི་ལ་ལ་ཞིག་ཏུ་སོར་མོ་གཤིབས་པ་བཞིན་ཞེས་བསྟན་པ་ཡིན་ཏེ། ཆོས་བརྗོད་པ་ཅན་དུ་གྲགས་པའི་སྒྲའོ། །སོར་མོ་གཤིབས་པ་བཞིན་ཞེས་བྱ་བ་ནི་ཆོས་ཅན་སྟོན་པའི་སྒྲ་སྟེ། ཇི་ལྟར་ཞེ་ན། ཆོས་རྣམས་ཐམས་ཅད་སྤངས་པས་དེའི་བདག་ཉིད་དུ་སྟོན་པའི་ཕྱིར། དོན་དམ་པར་ན་སོར་མོ་མ་གཤིབས་

པ་རྣམ་པར་བཤད་ནས་དོན་གཅིག་ཏུ་བརྗོད་ཅིང་སྟོན་གྱི། འདིར་ནི་རྣམ་པར་དབྱེ་བར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་དོན་གཞན་སྤོང་བ་དང་། མི་སྤོང་བ་ཉིད་དུ་སྤྱི་མེད་པར་ཇི་ལྟར་ཤེས་ཤེ་ན་དེའི་ཕྱིར། དེ་ཡི་བརྡར་ནི་གནས་པ་ཅན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཆོས་གཞན་སྤོང་བ་དང་། མི་སྤོང་བ་

དག་གིས་བྱས་པའི་བརྡར་གནས་པ་གང་ཡིན་པའི་སྒྲ་དེ་དེ་ལྟར་སྣང་བ་ཡིན་ནོ། །འདིར་འདི་དག་གིས་བསྡུས་པའི་དོན་ནི་ཇི་ལྟར་ཤེས་པའི་བརྗོད་བྱ་ཐ་དད་པས་རྣམ་གྲངས་པར་མི་འགྱུར་བ་དེ་བཞིན་དུ་བརྗོད་དོ། །བརྗོད་པར་བྱ་བ་དོན་དམ་པར་ཐ་མི་དད་ཀྱང་ལྡོག་པའི་ཆས་བརྟགས་པ་ཐ་དད་པར་མཐོང་བ་སྟེ།

དཔེར་ན་གཏུན་བུའི་ལུས་དང་། སྐྲ་ཅན་གྱི་མགོ་བོ་ལྟ་བུའོ། །དེ་བཞིན་དུ་བ་ལང་གི་དཀར་པོ་ཉིད་ཀྱང་ཡིན་པའི་ཕྱིར་བ་ལང་གི་རྣམ་པ་གཅིག་ཏུ་རྟོགས་པ་སྐྱེ་བ་ནི་བ་ལང་ཐམས་ཅད་ལ་ཡིན་པར་བརྗོད་ལ། དཀར་པོ་ཞེས་བྱ་བ་ནི་བ་ལང་གི་ཕྱོགས་གཅིག་ཡིན་ཡང་། དཀར་པོར་རྟོགས་པ་སྐྱེད་པ་ནི་

เล่ม ๑๘๒ · หน้า 341b

དོན་གཞན་ཡང་སྟོན་པ་ནི་མ་ཡིན་ནོ། །དེ་བས་ན་བ་ལང་ཉིད་དང་དཀར་པོ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཐ་དད་པར་བརྟགས་པ་ཡིན་པའི་ཕྱིར། བ་ལང་གི་དཀར་པོ་ཡོན་ཏན་ཡིན་ནོ་ཞེས་ཐ་དད་པའི་རྣམ་པར་དབྱེ་བར་བྱེད་པ་བརྗོད་དེ། གང་གི་ཚེ་བ་ལང་གི་རྣམ་པ་ལ་ཞེན་པ་མེད་པར་

འབྲེལ་པ་ཅན་གྱི་ཁྱད་པར་ཅན་དང་བྲལ་བ་དཀར་པོ་འབའ་ཞིག་ངེས་པར་བྱེད་པ་དེའི་ཚེ་དཀར་པོ་འདི་སུའི་ཡིན་ཞེས་དྲིས་ན། བ་ལང་གི་རྫས་ངེས་པ་ཅན་གྱིས་སྟོན་པར་བྱེད་པས་ཀྱང་བ་ལང་གི་དཀར་པོ་ཞེས་སྟོན་པར་བྱེད་དོ། །དེར་ཡང་དེའི་བདག་ཉིད་ཁོ་ནར་འདོད་པ་ལྡོག་པ་སྟོན་པ་ནི་དང་པོ་དཀར་

པོ་འབའ་ཞིག་ངེས་ཤིང་བ་ལང་གི་གོང་བུ་མ་ངེས་པའི་ཕྱིར་ལྡོག་པ་བསྟན་ཏོ། །གང་གི་ཚེ་ཡང་དཀར་པོ་ཉིད་འབའ་ཞིག་འདོད་པར་མི་འགྱུར་བའི་ཕྱིར་བ་ལང་དཀར་པོའམ། གཞན་གྱི་དཀར་པོ་ཡིན་སྙམ་དུ་འབྲེལ་པ་ཅན་གྱི་ཁྱད་པར་ཤེས་པར་བྱ་བ་ལ། བློ་དམན་པ་ཉིད་ཅན་གྱི་ཉན་པ་པོས་དཀར་

པོ་འདི་བ་ལང་ཡིན་ནམ། གཞན་ཅི་ཞིག་ཡིན་ཞེས་འདྲི་བར་བྱེད་ཅིང་སྨྲ་བ་པོས་ཀྱང་བ་ལང་ཡིན་ཞེས་གཞི་མཐུན་པས་ལན་འདེབས་པར་བྱེད་དེ། ཆོས་ཁོངས་སུ་ཆུད་པ་ཉིད་ཀྱིས་འདྲི་བའི་ཕྱིར་དྲིས་པ་དང་མཐུན་པར་ལན་ཡང་གདབ་པར་རིགས་སོ། །དེའི་ཕྱིར་བ་ལང་དང་། དཀར་པོ་ཉིད་དག་

རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ལས་ཐ་དད་པར་ངེས་པ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ཀྱང་ཐོག་མ་མེད་པར་གནས་པའོ། །དེ་དག་གིས་ནི་རིགས་དང་ཡོན་ཏན་གྱི་རྗོད་བྱེད་དག་ཐ་དད་པར་བསྟན་པ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་ལས་ཐ་དད་པའི་ཡན་ལག་ཅན་མེད་ན། དེའི་

ཚེ་བུམ་པ་དང་གཟུགས་ལ་འདི་དོན་གཅིག་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། གཟུགས་སོགས་ནུས་པའི་ཁྱད་པར་རྣམས། །སྤོང་བས་དེ་འབྲས་མཚུངས་པ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ན། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དེའི་ཕྱིར་བུམ་པ་གཟུགས་ཞེས་པ། །གཞི་

མཐུན་པ་ཅན་སྒྲ་མ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་བུམ་པ་ལ་གནས་པའི་གཟུགས་ལ་སོགས་པའི་ནུས་པ་ནི་གཉིས་ཏེ། ཆུ་ལེན་པར་བྱེད་པ་དང་སོ་སོར་ངེས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའོ། །དེ་ལ་གང་གཟུགས་ལ་སོགས་པ་ལ་སོ་སོར་ངེས་པའི་ནུས་པའི་ཁྱད་

เล่ม ๑๘๒ · หน้า 342a

པར་དེ་རྣམས་སྤོང་བ་སྟེ། དེ་མ་བསྟན་པར་བུམ་པའི་སྒྲས་འཇུག་པར་འགྱུར་རོ། །གང་དུ་ཞེ་ན། བུམ་པ་ལ་སོགས་པ་དེ་རྣམས་ཀྱིས་ཆུ་ལེན་པ་ལ་སོགས་པ་འབྲས་བུ་གཅིག་པ་གང་ཡིན་པ་དེའི་རྒྱུ་མ་ཡིན་པ་ཤིང་ལ་སོགས་པ་གང་ཡིན་པ་དེ་ལ་རྣམ་པར་གཅོད་པ་ན་འཇུག་པར་

འགྱུར་ཏེ། རྫས་དུ་མ་ཡོད་ན་ཡང་། ཆུ་ལེན་པའི་ནུས་པ་བསྟན་པའི་ཕྱིར་བརྡར་བྱས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དེ་རྣམས་ལ་ཡང་བུམ་པ་ཞེས་བྱ་བ་ནུས་པ་གཅིག་ལ་ཚིག་གཅིག་རིགས་པ་ཡིན་གྱི། གང་གི་ཕྱིར་དེ་ལྟར་ཐ་དད་པ་དེའི་ཕྱིར་བུམ་པའི་གཟུགས་ཞེས་བྱ་བ་དོན་གཅིག་པ་

ཅན་གྱི་སྒྲ་མ་ཡིན་ཞིང་། གཞི་མཐུན་པ་ཅན་ཡང་མ་ཡིན་ཏེ། གཞི་མཐུན་པ་ནི་རིགས་བརྗོད་པ་དང་། ཁྱད་པར་བརྗོད་པ་ཡོད་ན་ཡིན་ཏེ། གཞི་མཐུན་པས་ཁྱད་པར་འཕེན་པ་ཡིན་ནོ། །ཉེ་བར་བསྡུ་བའི་ཕྱིར། རིགས་དང་ཚོགས་ཀྱི་རྗོད་བྱེད་ཀྱི། །ཁྱད་པར་འདི་ཡང་འདོད་པ་ཡིན། །ཞེས་བྱ་བ་

སྨོས་ཏེ། དེའི་ཕྱིར་ཚོགས་པ་རྗོད་པར་བྱེད་པ་བུམ་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཚོགས་ལ་ལྟོས་པའི་ཕྱིར་རོ། །རིགས་རྗོད་པར་བྱེད་པ་ནི་གཟུགས་ཞེས་བྱ་བ་སྟེ། དེ་དག་གི་ཁྱད་པར་ནི་སྤོང་བ་དང་མི་སྤོང་བའི་མཚན་ཉིད་འདི་ཉིད་ཡིན་ནོ། །ཚོགས་པ་གཞན་ལ་ལྟོས་ན་བུམ་པའི་སྒྲ་

ཡང་རིགས་བརྗོད་པ་ཉིད་དེ། ཚོགས་པའི་སྒྲ་ཁ་ཅིག་ཚོགས་པའི་རྗོད་བྱེད་ཡིན་ཏེ། དཔེར་ན་འབིགས་བྱེད་ཀྱི་སྒྲ་བཞིན་ནོ། །ཁ་ཅིག་གཉི་གའི་རྗོད་བྱེད་ཡིན་ཏེ། དཔེར་ན་བུམ་པའི་སྒྲ་བཞིན་ནོ། །གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་འབའ་ཞིག་བུམ་པའི་སྒྲའི་བརྗོད་བྱ་ཡིན་གྱི། རྫས་མ་ཡིན་

ན་ནི་དེའི་ཚེ་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ཇི་ལྟར་ཐ་དད་པ་ཡིན་ཞེ་ན། འདིར་སྨྲས་པ། བུམ་པའི་གཟུགས་ལ་སོགས་རྣམས་ཞེས། །སྤྱི་དེ་དམིགས་ཀྱིས་དགར་བ་ཅན། །དེ་ཡི་ནུས་པའི་ཁྱད་པར་སྟོན། །ཕྱོགས་འདིས་གཞན་ལ་འང་བརྗོད་པ་ཡིན། །ཞེས་བྱ་བ་ལ།

བུམ་པའི་གཟུགས་ལ་སོགས་པ་ཞེས་བརྡར་བཏགས་པ་འདིས་ནི་བུམ་པའི་སྤྱི་དེ་ཁྱད་པར་དུ་དམིགས་ཀྱིས་འགེར་བ་གང་ཡིན་པའི་གཟུགས་ལ་སོགས་པ་དེ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་བྱེ་བྲག་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པར་སྟོན་ཏེ། གཟུགས་ལ་སོགས་པ་ཆུ་ལེན་

เล่ม ๑๘๒ · หน้า 342b

པ་ལ་སོགས་པའི་དགོས་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་འདིས་ནི་ཚོགས་པའི་སྒྲ་གཞན་ལ་ཡང་བརྗོད་པར་བྱ་སྟེ། དཔེར་ན་མེ་ཏོག་གི་དྲི་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡང་མེ་ཏོག་ལས་དྲི་ཞེས་བྱ་བ་གཞན་པའི་རྫས་མེད་དོ། །འོ་ན་ཅི་ཞེ་ན་དྲི་གཞན་དུ་མ་རྣམ་པར་གཅད་པའི་ཕྱིར་མེ་ཏོག་

གི་ངོ་བོ་ཉིད་ཀྱི་དྲིར་བརྗོད་དོ། །ཚིགས་སུ་བཅད་པ་འདི་གསུམ་གྱིས་ནི་ཚོགས་པའི་སྒྲ་རྣམས་ལ་གཞི་མཐུན་པ་མེད་པ་དང་། གཟུགས་ལ་སོགས་པའི་སྒྲ་ཐ་དད་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་ཁོ་ན་སྟེ། ཡན་ལག་མ་ཡིན་པ་ནི་མེད་དོ། །གལ་ཏེ་ཡན་ལག་ཅན་མེད་ན་ཡང་དེའི་

ཚེ་ཡན་ལག་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་མོད་ཅེ་ན། འདིར་སྨྲས་པ། མ་ལུས་རྒྱུ་ཉིད་ཡིན་ན་ཡང་། །ཡན་ལག་གཅིག་དང་བྲལ་ནའང་མིན། །རེ་རེའང་ནུས་པ་ཉིད་ཡིན་ན། །ཅིག་ཅར་མང་པོ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རེ་ཞིག་ལུས་ལས་ཐ་མི་དད་པའི་སེམས་ཡོད་པ་མ་ཡིན་

ཏེ། རྡུལ་ཕྲ་རབ་ཐམས་ཅད་རིགས་པར་ཐལ་བར་འགྱུར་རོ་ཞེས་བསྟན་ཏོ། །འོན་ཏེ་ལུས་ཀྱི་ཡན་ལག་ལས་ཐ་དད་པར་གྱུར་པའི་ཤེས་པ་སྐྱེ་སྟེ། དེས་ན་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་ཡིན་གྱི། རིགས་པ་ནི་མ་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ལ་སྨྲས་པ། ལུས་ཀྱི་ཡན་ལག་

རྣམས་ཚོགས་པའི་མིག་ལ་སོགས་པ་ཉིད་དུ་མྱུ་གུའི་ཡིན་པ་བཞིན་ཡིན་ནམ། དཔེར་ན་མེ་འབར་བ་ལ་རྩྭ་རྣམས་བཞིན་ཡན་ལག་སོ་སོ་བ་ཤེས་པའི་རྒྱུ་ཡིན་གྲང་ན། དེ་ལ་ཡན་ལག་རྣམས་མ་ལུས་པ་ཉིད་ཤེས་པའི་རྒྱུ་ཡིན་ན་ནི་ལག་པ་ལ་སོགས་པའི་ཡན་ལག་གཅིག་མ་ཚང་ན་ཡང་ཡིད་ཀྱི་ཤེས་

པ་མེད་པར་འགྱུར་ཏེ། གང་དུ་ཕན་ཚུན་གྲོགས་བྱེད་པས་དེ་དག་གི་བྱ་བ་འབྲས་བུ་གཅིག་བྱེད་པ་ནི་དེར་གཅིག་མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་མེད་པར་འབྲས་བུ་སྐྱེ་ན་ནི་འདི་རྒྱུ་མེད་པར་འགྱུར་རོ། །འོན་ཏེ་ཡན་ལག་ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་འབྲས་བུ་སྐྱེད་པས་དེའི་ཕྱིར་ལག་པ་ལ་

སོགས་པ་བཅད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་རེ་རེ་བས་ནུས་པར་འགྱུར་ལ། རེ་རེ་བས་ནུས་པ་དེ་ལ་ནི་ཤེས་པ་མང་པོ་སྐྱེ་བར་ཐལ་བར་འགྱུར་ཏེ། དཔེར་ན་རེ་རེ་བའི་ས་བོན་ནུས་པ་ཅན་མང་པོ་ཡོད་ན་མྱུ་གུ་དུ་མ་འབྱུང་བ་བཞིན་ནོ། །འོན་ཏེ་འབྱུང་བ་དང་རྔུབ་པ་

เล่ม ๑๘๒ · หน้า 343a

དག་སྐྱེད་པར་བྱེད་པ་ཡིན་གྱི་ཡན་ལག་རྣམས་ནི་གྲོགས་བྱེད་པ་ཉིད་དེ་འབྱུང་བ་དང་རྔུབ་པ་གཅིག་ཡིན་པའི་ཕྱིར། ཡན་ལག་དུ་མ་ཡིན་ཡང་ཤེས་པ་གཅིག་པ་ཉིད་དོ། །ཕན་འདོགས་པའི་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་ཤ་གཞན་དང་གཞན་ཡོད་

ཀྱང་སྣམ་བུ་ལ་སོགས་པ་ཐ་དད་པ་མ་ཡིན་པ་ལྟ་བུའོ་ཞེ་ན། དེ་ལ་སྨྲས་པ། དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན། །ཞེས་བྱ་བ་ལ། འབྱུང་བ་དང་རྔུབ་པ་དག་ཀྱང་དུ་མ་ཡིན་པའི་ཕྱིར་ངེས་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཡན་ལག་ཐམས་ཅད་རྒྱུ་ཉིད་ཡིན་ན། དེའི་ཚེ་ཡན་

ལག་གཅིག་མེད་ན་ཤེས་པ་མི་འབྱུང་ཞིང་། རེ་རེས་ནུས་པ་ནི་ཅིག་ཅར་མང་པོ་འབྱུང་སྟེ། འདི་ལྟར་འབྱུང་རྔུབ་ཀྱང་དུ་མ་ཡིན་པའི་ཕྱིར་ལུས་བཞིན་ནོ། །འོན་ཏེ་འབྱུང་རྔུབ་དག་གཅིག་པ་ཡིན་པ་དེ་བས་ན་ཉེ་བར་ལེན་པ་གཅིག་ལས་ཤེས་པ་གཅིག་ཁོ་ན་སྐྱེའོ་ཞེ་ན། འདིར་སྨྲས་པ། གཅིག་ཉིད་

ཡིན་ནའང་རྟག་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། །དུ་མ་རྒྱུ་མིན་ཞེ་ན་ནི། །རིམ་པས་ཀྱང་མིན་ཁྱད་མེད་ཕྱིར། །ཞེས་བྱ་བ་ལ། འབྱུང་བ་དང་རྔུབ་པ་དག་གཅིག་པ་ཉིད་ཡིན་ན་ཡང་ཤེས་པ་རྟག་ཏུ་གསལ་བ་སྟེ་སྐྱེ་བར་འགྱུར་བ་དེ་བས་ན་འདོད་ཆགས་ལ་སོགས་པ་རྟག་ཏུ་སྐྱེ་བར་འགྱུར་ཏེ།

འདོད་ཆགས་ལ་སོགས་པ་དེའི་འབྱུང་རྔུབ་དེ་རྟག་ཏུ་ཁོ་ནར་ཉེ་བའི་ཕྱིར་རོ། །གལ་ཏེ་རྒྱུ་ཡོད་ཀྱང་འདོད་ཆགས་ལ་སོགས་པ་མི་འབྱུང་ན། དེ་རྒྱུ་དང་བཅས་པར་མི་འགྱུར་རོ། །འབྱུང་རྔུབ་ཤེས་པ་དུ་མའི་རྒྱུར་མི་འགྱུར་བ་ཉིད་ཡིན་ན་ནི། རྒྱུ་དང་འབྲས་བུར་གྱུར་པ་ནི་ངེས་པ་ཡིན་པའི་ཕྱིར། རྒྱུ་དང་འབྲས་

བུའི་དངོས་པོར་ངེས་པ་ལ་བརྩད་པར་མི་རུང་བའི་ཕྱིར། དཔེར་ན་མེ་ལས་དུ་བ་གཅིག་ཏུ་འབྱུང་བ་བཞིན་ནོ་ཞེ་ན། འདིར་སྨྲས་པ། དེ་ལྟར་ན་ཤེས་པ་དུ་མའི་རྒྱུ་འབྱུང་རྔུབ་མ་ཡིན་ཞིང་། རིམ་པས་ཀྱང་ཤེས་པ་དུ་མའི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྱུང་རྔུབ་དག་ལ་ཁྱད་པར་མེད་པའི་ཕྱིར་

རོ། །མེས་ནི་སྔོན་གྱི་ངོ་བོ་ཁོ་ན་ལས་དུ་བ་གཞན་དང་གཞན་སྐྱེད་པ་མ་ཡིན་ལ། འབྱུང་རྔུབ་ལས་ནི་སྔར་གྱི་ངོ་བོ་ཉིད་ཁོ་ན་ལས་འབྱུང་བའི་ཕྱིར། རྐྱེན་གཞན་དང་ལྡན་ཡང་ཁྲོ་བ་ལ་སོགས་པའི་སེམས་མི་འབྱུང་ངོ་། །དེ་ལྟ་ན་འོ་ན་ནི་འབྱུང་རྔུབ་གཅིག་པ་ཡིན་ཡང་ཕྱི་རོལ་གྱིས་སད་པར་བྱེད་

เล่ม ๑๘๒ · หน้า 343b

པ་ངེས་པ་ལས། འདོད་ཆགས་ལ་སོགས་པ་ངེས་པར་འགྱུར་རོ་ཞེ་ན། སད་པར་བྱེད་པའི་རྐྱེན་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། སྔར་གོམས་པའི་སྟོབས་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་འབྱུང་རྔུབ་དེ་ཉིད་སེམས་དེའི་ཅིག་ཅར་བའི་རྒྱུ་མ་ཡིན་ན་ནི་འབྱུང་རྔུབ་ལས་དུས་ཕྱིས་ཀྱང་ཤེས་པ་འབྱུང་

བ་མ་ཡིན་ནོ། །སྔར་གྱི་ལུས་ཤེས་པའི་རྒྱུ་ཉིད་དུ་ཁས་བླངས་ནས་འབྱུང་རྔུབ་ངེས་པར་མི་འགྱུར་བའི་སྐྱོན་བརྗོད་ནས་ད་ནི་ངེས་པ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར། འབྱུང་བ་གཅིག་ལ་དོན་དུ་མ། །འཛིན་བྱེད་དེ་ལས་ངེས་པ་མིན། །བློ་གཅིག་གིས་དུ་མ་ཤེས་པ། །ཉིད་ནའང་དེ་ཉིད་ཅིག་ཅར་

འགྱུར། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང་། །མི་འགྱུར་དེ་ཁྱད་མེད་པའི་ཕྱིར། །ཞེས་བྱ་བ་ལ། དབུགས་དལ་བར་རྒྱུ་བ་ལ་སོགས་པར་འབྱུང་བ་གཅིག་གི་དུས་སུ་ཡང་དོན་དུ་མ་འཛིན་པར་བྱེད་པ་ལས་བློ་དུ་མ་སྐྱེ་བའི་ཕྱིར། འབྱུང་རྔུབ་དེ་ལས་སེམས་སུ་ངེས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་

ངེས་ཤེ་ན། ཤེས་པ་ཉིད་སྔ་མ་སྔ་མ་ལས་སེམས་ཕྱི་མ་ཕྱི་མ་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་པ་གཅིག་ཁོ་ན་རིམ་པ་དུ་མར་ཞེན་པའི་རང་བཞིན་ཏེ། དེས་ན་བློ་དུ་མར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་བློ་གཅིག་གིས་དོན་དུ་མ་རིམ་གྱིས་འཛིན་པར་ཁས་བླངས་ན་ཡིད་ཀྱི་བློས་དོན་དུ་མ་

དུས་གཅིག་ཏུ་འཛིན་པར་འགྱུར་རོ། །འོན་ཏེ་བློ་གཅིག་གིས་ཀྱང་དུས་གཅིག་ཏུ་དོན་དུ་མ་འཛིན་པ་མ་ཡིན་ན། དེའི་ཚེ་རིམ་གྱིས་ཀྱང་དོན་དུ་མ་འཛིན་པར་མི་འགྱུར་ཏེ། ཡིད་ཀྱི་བློ་དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདིའི་དགོངས་པ་ནི་གཟུགས་ལ་སོགས་པའི་རྣམ་པ་ལས་མ་གཏོགས་པའི་

ཡིད་གཞན་མེད་དེ། མེ་ལོང་དྲི་མ་མེད་པ་ལྟར་ཡིད་གཅིག་ཉིད་ཡིན་ནོ། །དེ་ཡང་དོན་གྱི་གཟུགས་བརྙན་དང་སྦྱོར་བའོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་དེ་ལ་མ་གཏོགས་པ་ཤེས་པ་ཉིད་སྣང་བ་ཐོབ་ནས་དོན་གྱི་གཟུགས་བརྙན་འབྱུང་སྟེ། དོན་རྣམས་ལ་ཉེ་བ་དང་ཤིན་ཏུ་སྐལ་བ་མེད་པའི་ཕྱིར་ཐམས་ཅད་ཅིག་

ཅར་རིག་པར་འགྱུར་རོ། །འོན་ཏེ་གོམས་པའི་ཁྱད་པར་ཤིན་ཏུ་ལྷག་པ་ལས་ཡིད་རིམ་གྱིས་དོན་རིག་པའོ་ཞེ་ན། དེ་ལྟ་ན་ནི་གོམས་པ་ཉིད་དོན་གྱི་རྣམ་པ་འཛིན་པའི་རྒྱུར་འགྱུར་གྱི་སྲོག་ལ་སོགས་པ་ནི་མ་ཡིན་ནོ། །ཤེས་པ་མེ་ལོང་བཞིན་གནས་པ་ལ་འགལ་བ་མེད་པས་ཅིག་ཅར་དོན་དུ་མ་འཛིན་

เล่ม ๑๘๒ · หน้า 344a

པར་འགྱུར་རོ། །འོན་ཏེ་དེ་ལ་ཅིག་ཅར་དོན་འཛིན་པའི་ནུས་པ་མེད་ན་ནི་དེ་ལྟ་ན་རིམ་གྱིས་ཀྱང་དོན་དུ་མ་འཛིན་པར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་སྲོག་ནི་མང་སྐད་ཅིག །རང་རིགས་མིན་པའི་དུས་ཅན་དག །སེམས་ནི་དེ་འདྲ་བ་དག་གི། །རྒྱུ་ཉིད་ཡིན་པར་རྟོགས་པ་

ན། །ཞེས་བྱ་བ་ལ། འོན་ཏེ་ཡང་སྲོག་ནི་གཅིག་མ་ཡིན་ཏེ། འོན་ཀྱང་མང་པོ་དང་རིམ་གྱིས་འབྱུང་བའོ། །རང་གི་རིགས་ཀྱི་དུས་གཅིག་ལ་ཡོད་པ་མ་ཡིན་པ་དེ་དེ་ལྟར་འགྱུར་ཏེ། རིམ་པ་ཅན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྲོག་དེ་དག་དེ་འདྲ་བ་འཇིག་པ་ཅན་ཏེ། རིམ་པ་དང་ལྡན་པ་རྣམས་སེམས་

ཀྱི་རྒྱུར་རྟོགས་པ་སྟེ། དེས་ནི་རིམ་པ་དང་ལྡན་པའི་དོན་དུ་འཛིན་ཏོ་ཞེ་ན། ལན་སྨྲས་པ། གོ་རིམས་ལྡན་པའི་རྒྱུ་མེད་ན། །དེ་དག་རིམ་ལྡན་ཇི་ལྟར་འགྱུར། །རང་རིགས་སྔ་མ་རྒྱུ་ཉིད་ན། །དང་པོ་སྲོག་འབྱུང་མི་འགྱུར་ཏེ། །དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །ཡོད་ནའང་དུ་མ་ཉིད་དུ་ངེས། །སྲོག་ནི་ཐ་དད་

ཡུལ་ཅན་ཕྱིར། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། །ཞེས་བྱ་བ་ལ། སྲོག་ནི་མང་པོ་དང་འཇིག་པ་ཅན་དུ་ངེས་པ་ཡིན་ན། དེ་དག་ཁྱོད་ཀྱི་གཞུང་ལ་གྲུབ་པ་མ་ཡིན་ནོ། །ཚད་མས་ཁོང་དུ་ཆུད་པའི་ཕྱིར་ཁོ་བོ་ལ་ནི་དེ་དག་གྲུབ་པ་སྟེ། རྟག་པའི་དོན་གཅིག་ལ་རིམ་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན་རྒྱུ་

ལ་རིམ་པ་ཡོད་པས་འབྲས་བུ་ལ་ཡང་རིམ་པ་ཡོད་པའི་ཕྱིར། སེམས་རིམ་པ་ཅན་ཉིད་ཡིན་ན་ནི་དེ་ལྟ་ན་ཡང་རིམ་པ་དང་ལྡན་པའི་རྒྱུ་མེད་པས་དེ་ཉིད་ཇི་ལྟར་རིམ་གྱིས་འབྱུང་བ་ཡིན། འོན་ཏེ་སྔར་གྱི་སྲོག་ལ་སོགས་པའི་རྒྱུའི་རིམ་པས་སྲོག་ལ་སོགས་པའི་རིམ་པ་དང་ལྡན་པར་འདོད་ན། དེ་ལྟ་ན་

ཡང་རང་གི་རིགས་སྔ་མའི་རྒྱུ་ཅན་ཡིན་ན། དང་པོའི་སྲོག་ལ་སོགས་པ་འབྱུང་བར་མི་འགྱུར་ཏེ། དེའི་རིགས་ཅན་གྱི་སྲོག་སྔར་མེད་པའི་ཕྱིར་རོ། །སྐྱེ་བ་གཞན་ཁས་བླངས་ན་ནི་མངལ་དུ་འབྱུང་བའི་རྒྱུ་འཇིག་རྟེན་གཞན་གྱི་སྲོག་ཡིན་ནོ། །མ་ལ་སོགས་པའི་འབྱུང་རྔུབ་རྒྱུ་ཡིན་ནོ་ཞེ་ན། འདི་

ནི་མི་རུང་སྟེ། ཕ་མའི་འབྱུང་རྔུབ་ཀྱི་རང་བཞིན་ལས་བུའི་འབྱུང་རྔུབ་སྐྱེ་བར་ཐལ་བའི་ཕྱིར་རོ། །གཞན་ཡང་བློ་ཡང་ཕ་མའི་རྗེས་སུ་བྱེད་པར་འགྱུར་བ་དེ་བས་ན། སྐྱེ་བ་དང་པོའི་སྲོག་གི་རྒྱུ་དེ་ལྟ་བུའི་སྲོག་མེད་པར་འགྱུར་རོ། །ཁས་བླངས་ནས་ཀྱང་བརྗོད་པ་གང་གི་རྒྱུ་ཡོད་ན་ཡང་སྲོག་ཆགས་ཀྱི་

เล่ม ๑๘๒ · หน้า 344b

འབྱུང་རྔུབ་རྣམས་དུ་མ་ཉིད་དུ་འགྱུར་ཏེ། ཡུལ་ཅན་ཐ་དད་པའི་ཕྱིར་རོ། །ཡུལ་ཐ་དད་པ་དང་ལྡན་པས། འགལ་བའི་ཆོས་རྟེན་པ་སྟེ། དེ་ཡང་ཐ་དད་པའི་སྒྲུབ་བྱེད་དོ། །དེའི་ཕྱིར་ཏེ་སྲོག་རྣམས་དུ་མ་ཡིན་པའི་ཕྱིར་ཡིད་ཀྱི་བློ་ཅིག་ཅར་སྐྱེ་བར་འགྱུར་བ་ལས་སེམས་ནི་རིམ་གྱིས་སྐྱེ་བར་མཐོང་བ་དེ་བས་ནི་

ཤེས་པ་ཁོ་ན་རྒྱུ་ཡིན་ནོ། །འོན་ཏེ་སྲོག་དུ་མས་སེམས་གཅིག་སྐྱེད་པ་ཚོགས་པས་སྐྱེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་དུ་མའང་གཅིག་དུས་ཅན། །ཡིན་ལ་སེམས་གཅིག་རྒྱུ་ཡིན་ན། །དལ་བར་རྒྱུ་བ་ལ་སོགས་ན། །གཅིག་མ་ཚང་ནའང་སྐྱེ་བ་མིན། །འོན་ཏེ་ཇི་ལྟའི་དངོས་

རྒྱུ་ན། །ཤེས་པའང་ཁྱད་པར་ཉིད་དུ་འགྱུར། །གང་དང་གང་གི་ཁྱད་པར་ལས། །ཁྱད་པར་མེད་དེ་དེ་འབྲས་མིན། །ཞེས་བྱ་བ་ལ། སྲོག་དུ་མ་ཡིན་ཡང་སེམས་གཅིག་གི་རྒྱུ་ཡིན་ཏེ། དུས་གཅིག་པ་ཅན་ཡིན་པའི་ཕྱིར། དཔེར་ན་ས་ལ་སོགས་པ་མྱུ་གུ་གཅིག་སྐྱེད་པ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་སྲོག་

དུ་མ་ཡིན་ཡང་། ཚོགས་པའི་ངོ་བོ་ཉིད་ཀྱིས་འབྲས་བུ་གཅིག་ཁོ་ན་སྐྱེད་ན་ནི་དེའི་ཚེ་དལ་བར་རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པ་ན་སྲོག་གཅིག་མ་ཚང་བས་ཤེས་པ་མི་སྐྱེ་བར་འགྱུར་ཏེ། ཚོགས་པ་དང་བྲལ་བའི་ཕྱིར་རོ། །ཚོགས་པས་བསྐྱེད་པའི་འབྲས་བུའི་ཆོས་ནི་འདི་ཡིན་ཏེ། གང་ཚོགས་པའི་རྒྱུ་མ་

ཚང་ན་མེད་པའོ། །དེ་མེད་ཀྱང་ཡོད་ན་དེའི་འབྲས་བུར་མི་འགྱུར་རོ། །སྲོག་ལ་སོགས་པའི་རྒྱུ་ཉེ་བར་གྱུར་པ་ཇི་ལྟ་བ་ཡིན་གྱི། ཚོགས་པ་ཁོ་ན་མ་ཡིན་པ་མ་ཡིན་ནམ། དེས་ན་ཇི་ལྟ་བའི་དངོས་པོ་སྟེ། ཇི་ལྟར་ཉེ་བར་གྱུར་པའི་སྲོག་ནི་སེམས་ཀྱི་རྒྱུ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་སྲོག་རྣམས་ཚོགས་པ་

དང་མ་ཚོགས་པའི་དུས་སུ་ཤེས་པ་ཡང་ཁྱད་པར་ཅན་དུ་འགྱུར་རོ། །གང་གི་ཕྱིར་དེའི་འབྲས་བུ་ཤེས་པ་ལ་སོགས་པ་སྲོག་ལ་སོགས་པའི་ཤེས་པ་གང་ཞིག་སྲོག་ལ་སོགས་པ་གང་གི་ཁྱད་པར་ཐ་དད་པའི་ཁྱད་པར་ཅན་དུ་མི་འགྱུར་བ་དེ་བས་ན་སྲོག་ཚོགས་པའི་འབྲས་བུ་ཤེས་པ་སྐྱེ་ཞིང་། མ་

ཚོགས་པའི་ལས་ནི་མ་ཚོགས་པར་འགྱུར་ལ། མེད་པ་ལས་ན་མེད་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་སྲོག་ལ་སོགས་པའི་འབྲས་བུ་གྲུབ་པར་མི་འགྱུར་རོ། །ཁྱད་པར་ཅན་དུ་བྱེད་པས་སྲོག་ལ་སོགས་པ་ཤེས་པའི་རྒྱུ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་དེ་ཡོད་ན་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འོ་ན་ནི་

เล่ม ๑๘๒ · หน้า 345a

སེམས་ཀྱི་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཁྱད་པར་གང་ཡིན་པ་དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །འདོད་ཆགས་ལ་སོགས་པའི་འགྱུར་བ་རྒྱུ་མེད་པ་ཅན་དུ་འགྱུར་ན་ཤེས་པ་གཞན་གང་ཞིག་རྒྱུ་དང་བཅས་པར་འགྱུར། འོན་ཏེ་སྲོག་ལ་སོགས་པ་ལས་འདོད་ཆགས་ལ་སོགས་

པ་འགྱུར་བ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་སྔ་མ་ཉིད་དུ་འདོད་ཆགས་ལ་སོགས་པ་ཁྱད་པར་ཅན་དུ་འགྱུར་ཏེ། རྒྱུ་སྲོག་ཡོད་ན་འབྲས་བུ་མི་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ན་ཁྱད་པར་རྒྱུ་མེད་པ་ཅན་ཡིན་པ་དེ་བཞིན་དུ་ཤེས་པ་ཡང་ཡིན་པའི་ཕྱིར་ཤེས་པ་སྲོག་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བ་

ཅན་དུ་ཇི་ལྟར་འགྱུར། གང་ཡང་རིམ་གྱིས་འགྱུར་བ་ལ་ལྟོས་པའི་ལུས་ལས་ཤེས་པ་རིམ་གྱིས་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་དེ་གསལ་བ་ཡིན་ཏེ། འདི་ལྟར་གྱུར་པའི་རིམ་པ་ཡང་ལུས་ཙམ་ལས་འབྱུང་བ་མ་ཡིན་ཏེ། ལུས་ལས་ཁྱད་པར་མེད་ན་གྱུར་པའི་ཁྱད་པར་དུ་ཇི་ལྟར་འགྱུར། དཔེར་ན་

ལུས་དང་སྲོག་ལ་སོགས་པ་ལ་ཁྱད་པར་མེད་ན་ཤེས་པ་ལ་ཁྱད་པར་མེད་པ་དེ་བཞིན་དུ། ལུས་ལ་ཁྱད་པར་མེད་ན་གྱུར་པ་ལ་ཡང་ཁྱད་པར་མེད་དོ། །འོ་མ་ལ་སོགས་པ་ལ་ཁྱད་པར་མེད་ན་ཡང་། འོ་མ་གྱུར་པའི་ཞོ་དུས་ཀྱི་དབང་ཁོ་ནས་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ནམ། དེ་བཞིན་དུ་

ལུས་ཀྱང་ཡུན་ལོན་ནས་རྣམ་པར་ཤེས་པ་ཁྱད་པར་ཅན་དུ་འགྱུར་རོ་ཞེ་ན། དེ་ནི་མི་བདེན་ཏེ། མཉམ་པའི་འོ་མ་ལ་སོགས་པ་ཉེ་བར་གྱུར་པ་དང་། དྲོད་ལ་སོགས་པ་མཚུངས་པར་ཡོད་ན། མཚུངས་པ་ཉིད་དུ་ཞོ་ལ་སོགས་པར་འགྱུར་བ་ཡིན་གྱི་མཚུངས་པའི་གནས་སྐབས་དང་། མི་མཚུངས་པའི་

གནས་སྐབས་ན་སྔོན་མངོན་པར་འདུས་བྱས་པ་རྗེས་སུ་མཐུན་པའི་རྣམ་པར་རྟོག་པའི་ཤེས་པའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྒྱུ་ཡིན་པ་དེ་བས་ན། གྱུར་པའི་རིམ་པས་ཤེས་པ་རིམ་པར་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ནི་སེམས་ཁོ་ན་ལས་སེམས་སྐྱེ་བར་འདོད་པ་གང་ཡིན་པ་དེའི་ཤེས་པ་

ཅིག་ཅར་སྐྱེ་བར་ཇི་སྟེ་མི་འགྱུར་ཏེ། རིམ་པས་ཀྱང་སེམས་དེ་ལས་ཤེས་པ་སྐྱེ་བར་འགྱུར་བའི་ཕྱིར་ཡིན་གྱི། སྐད་ཅིག་མ་ཐ་དད་པས་འབྲས་བུ་ཐ་དད་པའི་ཤེས་པ་དུ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ནོ། །དོན་གཞན་ཆགས་

เล่ม ๑๘๒ · หน้า 345b

བྲལ་ཤེས་པ་ནི། །དོན་གཞན་འཛིན་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ཉིད་གཅིག་ནི་སེམས་གཅིག་ཁོ་ནའི་རྒྱུ་ཡིན་ཏེ། སྔར་གོམས་པས་སྦྱངས་པས་མཐུན་པའི་འདུ་བྱེད་དམ། ཡུལ་ཁ་ཅིག་ལ་ཆགས་པའི་ཁྱད་པར་གྱི་ནུས་པ་ངེས་པའི་ཕྱིར་རོ། །དེ་བས་

ན་སྔར་གོམས་པའི་བག་ཆགས་ཀྱི་རྗེས་སུ་མཐུན་པར་ཤེས་པ་སྐྱེ་བའམ། ཆགས་པའི་བྱེ་བྲག་ལས་ཁ་ཅིག་ཁོ་ནར་ཤེས་པ་སྐྱེ་སྟེ། དེ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ཤེས་པ་སེམས་ཕྱི་མའི་རྒྱུ་ཡིན་ཞིང་། གོམས་པའི་ཤེས་པ་ནི་སེམས་ཀྱི་བག་ཆགས་བཞག་པ་ལ་གཡེར་བག་

ཅན་ལ་སོགས་པའི་རྒྱུ་ཡིན་ནོ། །དེ་དག་ཇི་ལྟར་ཤེས་ཤེ་ན། མངོན་པར་འདོད་པའི་དོན་གཞན་ལ་ཆགས་པ་དེ་དང་བྲལ་བའི་སེམས་ནི་ཡུལ་གཞན་ཉེ་བར་གྱུར་ཀྱང་འཛིན་པ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བས་ཀྱང་རྒྱུ་ཉིད་དུ་ངེས་པ་ཡིན་ནོ། །འདིར་ནི་སྔར་

གོམས་པའི་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཡེར་བག་ཅན་དུ་སྣང་བ་དང་། ཡུལ་གཞན་ལ་ཆགས་པ་དང་བྲལ་བར་བྱེད་པའི་སེམས་ནི་ཡུལ་གཞན་ལ་ཤེས་པ་སྐྱེ་བ་མ་ཡིན་པའི་ཕྱིར། སེམས་ཐམས་ཅད་ནི་སེམས་ཁོ་ན་སྔོན་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་

དང་པོའི་ལུས་ཉིད་ལས་ཤེས་པ་སྐྱེ་ཞིང་། དུས་ཕྱིས་ནི་ཤེས་པ་ཉིད་ལས་ཤེས་པ་སྐྱེ་སྟེ། དཔེར་ན་དང་པོ་མེ་ལས་དུ་བ་འབྱུང་ལ། དེ་ནས་དུ་བ་ཉིད་ལས་དུ་བའི་རྒྱུན་འབྱུང་བ་ཡིན་ནོ། །ཇི་ལྟར་དུས་གཞན་དུ་དུ་བའི་རྒྱུན་འགགས་པ་དེ་བཞིན་དུ་དུས་གཞན་གྱི་ཚེ་སེམས་ཀྱི་རྒྱུན་འགག་པར་

འགྱུར་རོ། །ཇི་ལྟར་ཡང་དང་པོའི་ཤེས་པ་ཡུལ་དུ་མ་ལས་སྐྱེ་བ་ཡང་ཆགས་པ་ལས་ཁ་ཅིག་ཏུ་ཤེས་པ་གཅིག་སྐྱེ་བ་དེ་བཞིན་དུ། དང་པོ་སྐྱེས་པའི་ཚེ་ལུས་ལས་ཤེས་པ་དུ་མ་སྐྱེ་ན་ཡང་དུས་གཞན་དུ་ཤེས་པ་ཁོ་ན་ལས་ཤེས་པ་སྐྱེ་སྟེ། དེས་ན་ལུས་དང་སྲོག་ལ་སོགས་པ་རྒྱུ་ཉིད་ཡིན་ཡང་

ཤེས་པ་དུ་མ་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་ལུས་ལས་ལན་ཅིག་བློ། །སྐྱེ་ཞིང་ཕྱིས་ནི་རང་རིག་ལས། །ངེས་ན་ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་ལུས་ལས་སྐྱེས་པའི་ཤེས་པ་དུས་ཕྱིས་རང་གི་རིགས་ཁོ་ནའི་སེམས་ལས་ངེས་པ་

เล่ม ๑๘๒ · หน้า 346a

ཡིན་པ་དེ་ལྟ་ན་ལུས་ཀྱི་ནུས་པས་རྣམ་པར་ཤེས་པ་སྐྱེད་པ་ཅིའི་ཕྱིར་ལྡོག་པ་ཡིན་ཏེ། འདི་ལྟར་གལ་ཏེ་ལུས་ལས་ཤེས་པ་གཅིག་གི་རྒྱུ་ཡིན་ན། ལུས་ཀྱང་ནུས་པ་ཉིད་དུ་གནས་པ་དེ་བས་ན་སེམས་གཞན་དང་གཞན་སྐྱེད་པར་འགྱུར་བའི་ཕྱིར་ཅིག་ཅར་མང་པོ་འབྱུང་བ་འདི་གནས་

པ་ཡིན་ནོ། །འོན་ཏེ་ལུས་ལས་སྐྱེས་པའི་ཤེས་པས་ལུས་ལས་ཤེས་པ་དུ་མ་སྐྱེ་བའི་གགས་བྱེད་པ་དེའི་ཕྱིར་ལུས་ལས་ཤེས་པ་གཞན་དང་གཞན་འབྱུང་བ་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་གི་ཕྱིར་དེ་ལས་བྱུང་བའི་འབྲས་བུས་དེ་ཉིད་ཀྱི་རྒྱུན་གྱི་ནུས་པ་ལས་གེགས་བྱེད་པ་མ་ཡིན་ཏེ། མེས་

བསྐྱེད་པའི་དུ་བ་སྐྱེད་པར་ནུས་པའི་མེ་ལ་གེགས་མི་བྱེད་པ་དེའི་ཕྱིར་རོ། །དེ་བས་ན་གལ་ཏེ་ཤེས་པ་ལུས་ལས་སྐྱེ་བ་དེའི་ཚེ་ཤེས་པ་སྐྱེས་པས་ཀྱང་ཤེས་པ་སྐྱེད་པ་ལ་གེགས་མི་བྱེད་པའི་ཕྱིར་ཅིག་ཅར་མང་པོ་འབྱུང་བར་འགྱུར་རོ། །དབང་པོའི་ཤེས་པ་དུ་མ་འབྱུང་ཡང་ཆགས་པའི་ཡུལ་ལས་

ཤེས་པ་གཅིག་སྐྱེ་བར་སྨྲས་པ་མ་ཡིན་ནམ་ཞེ་ན། སྨྲས་པ་དེ་ནི་མི་བདེན་ཏེ། གང་གི་ཕྱིར་གོམས་པ་མེད་པའི་སེམས་ཀྱིས་ཤེས་པ་གཞན་སྐྱེད་པར་བྱེད་པ་མ་ཡིན་ཏེ། སྔར་གོམས་པ་མེད་ན་ཡུལ་གཞན་ལ་ཆགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་སྔར་སེམས་ལ་གོམས་པ་སྐྱེ་བ་དེ་ཉིད་ལ་སླར་ཡང་ཆགས་

པར་འགྱུར་བ་དེའི་ཕྱིར་སེམས་གཞན་སྐྱེ་བ་ནི་སྔར་གོམས་པ་ཁོ་ན་ལས་ཡིན་གྱི། འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་དེ་ལ་ནི་སྐྱེ་བ་གཞན་དུ་གོམས་པ་མེད་པའི་ཕྱིར་ལས་སྐྱེ་བའི་ཤེས་པ་རྣམས་ལ་སླར་ཡང་འཁོར་ལོ་བཞིན་དུ་སྐྱོན་སྔ་མ་ཉིད་དུ་འགྱུར་རོ། །འོན་ཏེ་ཤེས་པའི་རྒྱུ་ལུས་ཀྱི་སྐད་ཅིག་

མ་དང་པོ་ཡིན་གྱི་དུས་ཕྱི་མའི་ལུས་ཀྱི་སྐད་ཅིག་ནི་རྒྱུ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ལུས་དང་པོ་ཁོ་ན་ཤེས་པ་སྐྱེད་ན། འོ་ན་ནི་ལུས་ཕྱི་མ་སེམས་ཀྱི་རྟེན་མེད་པར་འགྱུར་ཏེ། སེམས་ཡན་གར་བར་འགྱུར་རོ། །འོན་ཏེ་ལུས་ཕྱི་མའི་གྲོགས་ཅན་གྱི་ཤེས་པས་ཤེས་པ་གཞན་བསྐྱེད་པའི་ཕྱིར།

སེམས་ཡན་གར་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་སེམས་ཁོ་ནས་སེམས་བསྐྱེད་པར་འགྱུར་གྱི། ལུས་ནི་གྲོགས་ཡིན་པའི་ཕྱིར་སངས་རྒྱས་པའི་ལུགས་ཉིད་བསྒྲུབ་པར་འགྱུར་རོ། །དང་པོའི་ལུས་ཁོ་ན་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནམ། དཔེར་ན་ལྕི་བ་ལས་སཱ་ལུ་སྐྱེ་བ་བཞིན་ནོ། །སཱ་ལུ་ཕྱི་

เล่ม ๑๘๒ · หน้า 346b

མ་ནི་སཱ་ལུ་ཉིད་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བ་ལང་གི་ལྕི་བ་མེད་པར་དུས་ཕྱིས་སཱ་ལུ་ཉིད་ལས་སཱ་ལུ་སྐྱེ་བ་དེ་བཞིན་དུ། སེམས་ཉིད་ལས་སེམས་སྐྱེ་བའི་ཕྱིར་སེམས་ཡན་གར་བ་སེམས་ཀྱི་གནས་སུ་འགྱུར་རོ། །ལུས་ཀྱང་སེམས་ཀྱི་རྒྱུ་མ་ཡིན་ནམ། དེ་བས་ན་ལུས་དང་སེམས་དག་ལྷན་

ཅིག་གནས་པ་ཡིན་ནོ་ཞེ་ན། བདེན་ཏེ། ལུས་ནི་སེམས་ལ་ཕན་འདོགས་པའི་རྒྱུ་ཡིན་གྱི། ཉེ་བར་ལེན་པ་ནི་མ་ཡིན་ནོ། །འདིར་ལུས་དང་པོ་ནི་ཉེ་བར་ལེན་པ་ཡིན་ལ། ཕྱི་མ་གྲོགས་བྱེད་པ་ཞེས་མ་སྨྲས་སམ་ཞེ་ན། སྔ་མ་ནི་ཉེ་བར་ལེན་པ་ཡིན་ལ། ཕྱི་མ་གྲོགས་བྱེད་པ་མ་ཡིན་ནོ། །འོན་ཏེ་སྔར་ལུས་སམ་

ཉེ་བར་ལེན་པ་ཅན་གྱི་སེམས་ཡིན་ལ། ཕྱིས་ནི་སེམས་སྔོན་དུ་འགྲོ་བའི་སེམས་སུ་སྣང་ངོ་ཞེ་ན། དེ་ནི་མི་བདེན་ཏེ་གཡེར་བག་ཅན་ལ་སོགས་པ་དང་ལྡན་པའི་ཤེས་པ། ཤེས་པ་སྔོན་དུ་འགྲོ་བ་ཅན་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ཁོ་ན་ལྟར་སེམས་དང་པོ་ལ་གཡེར་བག་ཅན་དུ་མྱོང་བར་འགྱུར་བའི་ཕྱིར་

རྟག་ཏུ་ཤེས་པ་ཁོ་ན་ལས་ཤེས་པ་སྐྱེའོ་ཞེས་བྱ་བར་གནས་སོ། །འདི་དག་གིས་ནི་དུ་བའི་རྒྱུན་འགགས་པ་བཞིན་རྣམ་པར་ཤེས་པ་འགག་གོ་ཞེས་ཟེར་བ་དེ་བསལ་བ་ཡིན་ཏེ། དེ་ལ་མེ་ལ་སོགས་པའི་ཚོགས་པ་ཉེ་ན་དུ་བའི་རྒྱུན་འཕེལ་བ་ཅན་དུ་འགྱུར་གྱི། དུ་བས་སྐྱེད་པའི་དུ་བའི་རྒྱུན་ནི་འཛད་པ་

ཅན་ཡིན་པའི་ཕྱིར་རོ། །འདིར་ནི་གོམས་པ་སྔོན་དུ་འགྲོ་བའི་ཡིད་གཡེར་བག་ཅན་གྱི་ཤེས་པ་སྣང་ངོ་། །གལ་ཏེ་ཡང་དང་པོའི་ལུས་ཉིད་ལས་སྐྱེ་ན་གོམས་པ་ཕུལ་དུ་བྱུང་བ་ལས་དེ་བོགས་འབྱུང་བར་སྣང་བར་མི་འགྱུར་ཏེ་དུ་བ་ལས་སྐྱེས་པའི་དུ་བ་འཕེལ་བར་མི་སྣང་བ་ལྟ་བུའོ། །གལ་ཏེ་སངས་

རྒྱས་པའི་ཡང་ཤེས་པ་ལུས་ལ་མི་བརྟེན་ན་ལུས་འགགས་ཀྱང་ཤེས་པ་གནས་པར་འགྱུར་ཏེ། རྒྱུ་མཚན་མེད་པར་ལྷན་ཅིག་པའི་དངོས་པོར་ངེས་པ་སྟེ། གལ་ཏེ་རྟེན་མིན་པ་ཡི་ལུས། །ལོག་པར་གྱུར་ཀྱང་སེམས་འབའ་ཞིག །གནས་འགྱུར་ཞེ་ན་དེ་ཡི་ནི། །རྒྱུ་འཇུག་ཐོབ་ཕྱིར་སེམས་རྒྱུད་གནས། །

རྒྱུ་ནི་ཡན་ལག་མིན་གྱུར་ན། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་བྱ་བ་སྨྲས་ཏེ། ལུས་ལོག་པར་གྱུར་ན་ཡང་སེམས་འབའ་ཞིག་གནས་པར་འགྱུར་ཏེ། ལུས་དང་སེམས་ལ་རྟེན་དང་བརྟེན་པའི་དངོས་པོ་ངེས་པ་མེད་པའི་ཕྱིར་རོ་ཞེ་ན། ལས་ཞེས་བྱ་བ་དང་།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด