ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๔ · หน้า 109a
དད་པ་ཉིད་ཡིན་པས་འཇིག་རྟེན་ཕ་རོལ་དེའི་རྗེས་སུ་འགྲོ་བ་ཅན་དུ་ཡང་མི་འགྱུར་རོ། །གལ་ཏེ་བུ་ལ་གཡོ་བག་ཅན་ལ་སོགས་པའི་རང་བཞིན་མཐོང་གི་ཕ་ལ་ནི་མ་མཐོང་བ་མ་ཡིན་ནམ། དེས་ན་དེའི་རྒྱུན་ཡིན་པར་ཅི་ལྟར་འགྱུར་ཞེ་ན། བྱིས་པ་ལ་སོགས་པའི་གནས་
སྐབས་སུ་ནི་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་བུ་ལ་སོགས་པ་མཐོང་བ་གང་ཡིན་པ་སྟེ། གཉི་ག་ལ་ཡང་བྱིས་པའི་གནས་སྐབས་ན་གཡོ་བག་ཅན་ལ་སོགས་པ་ནི་གཡོ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་རྒྱུན་ཉིད་དོ་ཞེས་བྱ་བ་ནི་བུ་རྒྱུན་ཉིད་དོ། །སྐབས་ཀྱིས་མ་ལ་སོགས་པའི་
ཞེས་རྟོགས་པར་བྱའོ། །གྲུབ་པའི་མཐའ་ནི་དེ་ཡང་མི་འཐད་དོ་ཞེས་བྱ་བ་སྟེ། སྔར་ཇི་སྐད་བཤད་པ་བཞིན་དུ་ངེས་པ་རྗེས་སུ་འཇུག་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཁྱད་པར་བརྗོད་པའི་ཕྱིར་དེ་ནི་ཞེས་གསུངས་སོ། །མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བདག་པོ་ལས་གཞན་དུ་ནི་འགྲོ་བ་དུ་མ་
དག་པ་མཐོང་བའི་ཕྱིར་རོ། །གལ་ཏེ་བུ་མ་འཁྲུལ་བ་མེད་པར་ངེས་པ་མེད་དོ་ཞེས་སྔར་བརྗོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། ཐོག་མ་མེད་པའི་རིགས་རྒྱུད་རྣམ་པ་ཐམས་ཅད་དུ་འཁྲུལ་པ་མེད་པ་ཡིན་ནོ་ཞེས་བྱ་བར་ནི་ངེས་པར་མི་ནུས་ཀྱི། འབད་པས་ངེས་པར་བརྟག་པར་ནུས་པ་འགའ་ཞིག་
ལ་ནི་གོལ་བ་མེད་པར་ངེས་ནུས་པ་ཁོ་ནའོ། །དཔེར་ན་མ་ལ་སོགས་པའི་རང་བཞིན་རྗེས་སུ་འགྲོ་བར་མ་མཐོང་བ་དེ་བཞིན་དུ་བདག་ཉིད་ཀྱི་གོམས་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། བདག་ཉིད་ཀྱི་ཞེས་བྱ་བའོ། །གཡོ་བག་ལ་སོགས་པའི་ཁྱད་པར་དེའོ། །དེས་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ། །གལ་ཏེ་
གཡོ་བག་ལ་སོགས་པ་ཡང་དེ་དང་ཐ་མི་དད་པ་ཡིན་ནོ་ཞེས་སྔར་བཤད་ཟིན་པ་མ་ཡིན་ནམ། དེས་ན་ཇི་ལྟར་འཇིག་རྟེན་སྔ་མ་རྗེས་སུ་དཔོག་སྙམ་ན། སེམས་འབྱུང་བ་ཆེན་པོ་ཞེས་གསུངས་སོ། །གལ་ཏེ་སེམས་འབྱུང་བ་ཆེན་པོའི་རྣམ་པར་འགྱུར་བའམ། འབྱུང་བ་ཆེན་པོ་དང་ཐ་མི་དད་པ་ཉིད་
ཡིན་ཡང་། དེ་ལྟར་ན་ཡང་དེ་འདྲ་བའི་འདུ་བྱེད་པ་མ་མཐོང་བའི་ཕྱིར། འཇིག་རྟེན་སྔ་མ་དང་ཕྱི་མའི་རང་བཞིན་དུ་གྱུར་པའི་འབྱུང་བ་ཆེན་པོ་ཉིད་རྗེས་སུ་དཔོག་པ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱང་འབྱུང་བ་ཆེན་པོའི་རྣམ་པར་འགྱུར་བ་ཡིན་པར་འགྱུར་བར་འགལ་བ་ཅི་ཡང་
เล่ม ๑๘๔ · หน้า 109b
མེད་དོ། །འདིས་ནི་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི་ཐ་མི་དད་པར་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་སོ། །ཐ་དད་མེད་པའི་ཕྱིར་ཞེས་བྱ་བ་འདིར་བཅད་དོ། །དེའི་ཕྱིར་ལུས་ལའང་ཡོན་ཏན་འགྱུར་ཞེས་བྱ་བ་ནི་ཐ་མི་དད་པ་དེའི་ཕྱིར་རོ། །ཐོས་པ་ལ་སོགས་པའི་འདུ་
བྱེད་པ་བསལ་བར་འགྱུར་རོ་ཞེས་རྟོགས་པར་བྱའོ། །འོན་ཏེ་ཡང་ལུས་ལ་ནི་ཐ་དད་པ་མེད་པ་ཡིན་ཡང་། ཡོན་ཏན་འགའ་ཡང་གསལ་བ་མ་ཡིན་ནོ་སྙམ་ན་དེས་ན་འདི་ལ་ཡང་མི་འགྱུར་རོ་ཞེས་གསུངས་པ་ནི་ཡོན་ཏན་ཞེས་བྱ་བ་སྟེ། དཔེར་ན་ཞེས་སྦྲེལ་བར་བྱའོ། །དེས་ན་དཔེར་ན་ནག་
པོ་ལ་སོགས་པ་ལུས་ཀྱི་ཡོན་ཏན་གསལ་བ་དེ་བཞིན་དུ་འདི་ཡང་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ལ་འདུ་བྱེད་པ་དམིགས་པ་དང་། །ལུས་ལ་ནག་པོ་ལ་སོགས་པ་ཡང་ཐ་དད་པ་མེད་པ་ཉིད་ལས་ཡིན་ནོ། །ཐ་དད་པ་མེད་པ་དེ་ནི་སེམས་ཀྱི་བདག་ཉིད་ཡིན་པས་
ན། ལུས་ལ་ཡང་སེམས་ལྟོས་ནས་ཉམས་པ་མེད་པ་ཉིད་དོ། །འཆད་པ་ནི་རང་གིས་མྱོང་བ་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་ཞེས་བྱ་བ་འདིའི་བཤད་པ་ནི། ཅི་ལྟར་ལུས་ཀྱི་ཡོན་ཏན་ཞེས་བྱ་བའོ། །གཞན་དུ་འགྱུར་བ་སྟེ། ནང་དུ་མ་འདུས་པར་འགྱུར་བ་མ་ཡིན་ནོ། །ནང་གི་ཞེས་
བྱ་བ་ནི་གཞན་གྱི་དོགས་པའོ། །བཟོ་ལ་སོགས་པ་ནི་ནང་གི་རེག་བྱའི་ཁྱད་པར་ཡིན་ནོ་སྙམ་དུ་སེམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །བྱེད་པ་པོ་ལ་སོགས་པས་ཕྱི་རོལ་གྱི་རེག་པར་བྱ་བ་རླུང་རྩུབ་མོའི་རང་བཞིན་དམིགས་པ་གང་ཡིན་པ་དེ་ཡང་གཞན་གྱིས་མ་དམིགས་པའི་ཕྱིར་རོ། །དེ་ཉིད་
བཤད་པ་ནི་མས་ཞེས་བྱ་བའོ། །དེའི་བདག་ཉིད་ཡིན་ཡང་ལུས་ཀྱི་ནང་གི་རེག་བྱའི་བདག་ཉིད་ཡིན་པས་ན་བཟོ་ལ་སོགས་པའི་ཕྱི་རོལ་ན་གནས་པས་མི་དམིགས་ན། དེའི་ཚེ་ཕྱི་རོལ་གྱི་རེག་བྱའི་རང་བཞིན་རླུང་རེག་བྱ་རྩུབ་མོ་གཞན་གྱིས་ཅི་སྟེ་མ་དམིགས། དམིགས་པ་མ་ཡིན་ན་ནི་རྩུབ་མོ་དེ་
རླུང་གི་རེག་པ་ཉིད་མ་ཡིན་གྱི། འོན་ཀྱང་ཉེས་པས་ཉེས་པ་ཅན་དུ་བྱས་པའི་རེག་པར་བྱེད་པའི་དབང་པོ་ཉིད་རླུང་དང་ཕྲད་ནས་སྡུག་བསྔལ་གྱི། མྱོང་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་སྡུག་བསྔལ་གྱི་བདག་ཉིད་ཀྱི་ཤེས་པ་རང་གིས་རང་གི་རིག་པར་བྱ་བ་ནི་ལུས་ལས་ཐ་དད་པ་ཁོ་ནའོ། །
เล่ม ๑๘๔ · หน้า 110a
གཞན་གྱིས་སྨྲས་པ། གང་གིས་རེག་བྱ་རྩུབ་མོའི་རླུང་དམིགས་པ་དེ་ནི་རྨ་ཉིད་ཀྱིས་ནུས་པ་ཡིན་གྱི། རླུང་ཉིད་ནི་རེག་བྱ་རྩུམ་མོ་མ་ཡིན་ནོ། །དེས་ན་གཞན་གྱིས་དེ་ལྟར་དམིགས་པ་མ་ཡིན་ནོ་ཞེ་ན། དམིགས་པར་བྱེད་པའི་ཁྱད་པར་གྱིས་ཞེས་བྱ་བ་ནི་གྲུབ་པའི་
མཐའོ། །རྨ་དང་རྨ་མེད་པའི་རང་བཞིན་གྱིས་དམིགས་པར་བྱེད་པ་ཁྱད་པར་དུ་གྱུར་པ་གང་ཡིན་པ་དེས་དམིགས་པར་བྱ་བ་རླུང་རེག་བྱ་རྩུབ་མོ་དང་དེ་ལས་གཞན་པར་དམིགས་པར་འགྱུར་རམ་ཅི་མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་རང་བཞིན་ཉིད་ནི་གཅིག་གིས་གཞན་དུ་རྟོགས་ལ་
དེ་ལས་གཞན་གྱིས་ནི། གཞན་དུ་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་འགྱུར་ན་ཅི་སྐྱོན་སྙམ་ན། དེ་ལྟ་ཡིན་ན་ཞེས་གསུངས་ཏེ། གཞན་དུ་དམིགས་ནའོ། །གཉི་གའམ་གཅིག་ཅེས་བྱ་བར་དགོངས་པའོ། །དེ་ལྟར་ཡིན་དང་བདེ་བའམ་སྡུག་བསྔལ་རང་གིས་རིག་པར་བྱ་བ་ནི་ལུས་
ལས་གཞན་ཡིན་པར་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་གཙོར་བྱ་བའི་དོན་ཏོ། །རེག་བྱའི་ཁྱད་པར་དེ་ནི་ཞེས་བྱ་བ་ནི་གཞན་གྱི་སྟེ་ཐ་དད་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ནི་བརྗོད་མ་ཐག་པའི་ཉེས་པར་འགྱུར་རོ་སྙམ་དུ་བསམས་པའོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རེག་པའི་ཁྱད་པར་དེ་ནི་འགའ་ཞིག་དམིགས་
པར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་ན་ཡོད་ཀྱང་མ་རྟོགས་པས་གནོད་པ་ཉིད་དུ་མི་འགྱུར་རོ། །རང་རིག་པ་ཡིན་ན་ཡང་ཐ་དད་པར་འགྱུར་ལ། དམིགས་པ་བྱེད་པ་གཞན་ཡང་ཉེ་བར་གནས་པ་མ་ཡིན་སྙམ་དུ་དགོངས་པའོ། །ཡིན་མོད་ཅི་སྐྱོན་ཅན་དེ་ལྟ་ན་ཡང་ཞེས་གསུངས་ཏེ། རླུང་དམིགས་པར་
བྱེད་པ་ཉིད་ཡིན་ནའོ། །ཉམས་སུ་མྱོང་བ་ཉིད་གནོད་པར་རྣམ་པར་གཞག་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྨའི་རེག་པ་རྩུབ་མོ་དེ་ནི་རྨ་ཅན་དེ་ཉིད་ཀྱིས་དམིགས་པ་ཡིན་ཏེ། ཉེ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྨ་ལ་རེག་པ་ཞེས་བྱ་བ་གྲུབ་པའི་མཐའོ། །རེག་པའི་
དུས་ཉེ་བ་གཞན་ཡང་ཁྱད་པར་མེད་པའི་ཕྱིར་རེག་པ་དེ་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྨ་དང་རྨ་ཅན་བདག་ཉིད་གཅིག་ལ་གཞན་ནི་ཉེ་ཡང་ཐ་དད་པ་ཁོ་ནའོ་སྙམ་ན། ད་ནི་ཤིན་ཏུ་གསལ་བར་གནོད་པ་མི་འཐད་དེ་མྱོང་བར་བྱེད་པའི་ཐ་དད་པ་མེད་པའི་ཕྱིར་རོ། །རང་རིག་པ་
เล่ม ๑๘๔ · หน้า 110b
ཡིན་ན་ནི་རང་རིག་པ་མ་ཡིན་པ་ལས་ཐ་དད་པར་གྲུབ་པོ། །བཤད་པ་མཛད་པས་ནི་འདི་ཡལ་བར་དོར་ནས་རྣམ་པ་གཞན་དུ་གཞན་གྱིས་ཞེ་འདོད་བཀོད་དེ། འགོག་པ་མཛད་པ་ནི་རེག་བཞིན་པའི་ཞེས་བྱ་བའོ། །གཞན་གྱིས་རེག་བཞིན་པ་ནི་རེག་བྱ་རྩུབ་མོར་མ་དམིགས་ཏེ། རེག་བྱ་རྩུབ་
མོའི་རང་བཞིན་དམིགས་པ་མ་ཡིན་ནོ། །འོན་ཀྱང་དེས་ནི་རྣགས་པའི་ཆ་འཇམ་པ་ཙམ་ཞིག་རྟོགས་པ་ཡིན་ནོ། །མ་ལ་རེག་པ་རྩུབ་མོ་ཡོད་ཀྱང་གཞན་གྱིས་མ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། ཁོ་བོ་ཅག་གིས་ནི་དེ་ཉིད་ཀྱི་རེག་བྱ་རྩུབ་མོ་དམིགས་པར་ཐལ་
བར་བསྒྲུབས་སོ། །གལ་ཏེ་རེག་བཞིན་པའི་རྨའི་རེག་པ་རྩུབ་མོའི་རང་བཞིན་ལ་གཞན་གྱིས་རེག་ཀྱང་མ་རིག་ན། དེའི་ཚེ་དེ་ལས་གཞན་པའི་རང་བཞིན་འཇམ་པ་ཙམ་རིག་པ་མ་ཡིན་ན། རེག་བྱ་རྩུབ་མོའི་རང་བཞིན་དེ་ཉིད་རེག་པར་ཅི་ལྟར་འགྱུར། རེག་པར་མི་འགྱུར་མོད་སྙམ་ན། དེའི་
རང་བཞིན་ནི་ཞེས་གསུངས་སོ། །ཡུལ་དུ་གྱུར་པ་རྨ་དེ་ཉིད་ཀྱི་རང་བཞིན་ནི་སྟེ་མི་བཟད་པ་ཞེས་བྱ་བར་འཕངས་སོ། །དེ་ལྟ་ཡིན་དང་ཅི་བསྒྲུབ་སྙམ་ན། མ་ཡིན་པ་ནི་དེ་དང་མཚན་ཉིད་མི་མཐུན་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟ་ཡིན་ན་ཞེས་གསུངས་སོ། །གཞན་གྱིས་རིག་པ་མ་ཡིན་པར་
གྱུར་ནའོ། །རྨ་ཅན་གྱིས་མི་བཟད་པའི་རང་བཞིན་ནི་རང་གི་རིག་པ་ཡིན་ནོ་ཞེས་བྱ་བའི་སྐབས་སོ། །གལ་ཏེ་གཞན་གྱིས་རིག་པ་མ་ཡིན་ཡང་ཤེས་པ་མ་ཡིན་པའི་རང་བཞིན་དུ་འགྱུར་གྱི། དེ་ཅི་ལྟར་རང་རིག་པ་ཉིད་དེ་ཞེས་བརྗོད་ཅེ་ན། རིག་པ་མ་ཡིན་པ་དེ་དང་མཚན་ཉིད་མི་མཐུན་པའི་ཕྱིར་རོ་
ཞེས་གསུངས་སོ། །རིག་པ་མ་ཡིན་པ་ནི་བེམས་པོ་ཞེས་བྱ་བའི་དོན་ཏོ། །དེ་དང་མཚན་ཉིད་མི་མཐུན་པ་ནི་རང་རིག་པ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། རུང་བའི་ཡུལ་ན་གནས་པ་ཉིད་ཡིན་ན་ཐུན་མོང་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་འབྱུང་བ་ཆེན་པོ་ལས་ཐ་མི་དད་པར་ཅི་སྟེ་
མི་འགྱུར་སྙམ་ན། བདེ་བའམ་ཞེས་གསུངས་སོ། །གང་གི་ཕྱིར་བདེ་བ་ལ་སོགས་པ་རང་རིག་པ་ཉིད་ཡིན། དེའི་ཕྱིར་རྣམ་པར་ཤེས་པ་འབྱུང་བ་ཆེན་པོ་ལས་གཞན་ཡིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འོ་ན་རྟེན་དང་བརྟེན་
เล่ม ๑๘๔ · หน้า 111a
པའི་དངོས་པོར་འགྱུར་རོ་སྙམ་ན། དེའི་ཕྱིར་ཞེས་གསུངས་སོ། །རྟེན་དང་བརྟེན་པའི་དངོས་པོར་ཡང་ཞེས་བྱ་བ་ནི་དེའི་བདག་ཉིད་ལྟ་སྨོས་སུ་ཡང་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་རྟེན་དང་བརྟེན་པ་མེད་པ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པའོ། །ལན་དུ་
ལག་པ་ཞེས་བྱ་བའོ། །རིག་པ་དེ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་ངའི་ལག་པར་ཚོར་རོ་ཞེས་བྱ་བར་རོ། །འོ་ན་ཅི་ལྟར་ཐ་སྙད་བྱེད་སྙམ་ན། ལག་པ་ལ་སོགས་པ་ཞེས་གསུངས་སོ། །གང་འདིས་རྣམ་པར་གཞག་པ་ཙམ་དུ་ཟད་དོ་ཞེས་བརྗོད་ལ། ཅི་ལྟར་ན་འབྱུང་བ་དང་རང་རིག་པ་
ལ་རྟེན་དང་བརྟེན་པའི་དངོས་པོ་མི་འཐད་སྙམ་པ་ལ་འདི་ལྟར་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ། ཅི་རྨ་ལ་སོགས་པ་དང་ལྷན་ཅིག་རྒྱུ་བ་སྡུག་བསྔལ་གྱི་རྟེན་དང་བརྟེན་པའི་དངོས་པོར་རྣམ་པར་འཇོག་གམ། འོན་ཏེ་ཤེས་པ་གཞན་གྱིས། དེ་ལ་རེ་ཞིག་དེ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་
པ་ནི། རང་རིག་པ་རང་བཞིན་ཙམ་ཉིད་ལས་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་པ་ལ། རང་བཞིན་ཙམ་ལ་ཞེས་གསུངས་སོ། །འདི་ཉིད་འཆད་པ་ནི་རང་བཞིན་ཙམ་རིག་པ་ལ་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་པ་ལ་གཉིས་རྟོགས་ནས་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་རྟེན་དང་བརྟེན་པ་རྟོགས་པ་སྟེ།
དཔེར་ན་ས་ཕྱོགས་དང་བུམ་པ་དག་ལ་བཞིན་ནོ། །འོན་ཏེ་སྡུག་བསྔལ་ཤེས་པ་ན། བདག་ཉིད་དང་འབྱུང་བ་ཆེན་པོ་ཡང་རྟོགས་པ་ཡོད་པ་ཉིད་དོ་སྙམ་ན། དེར་ཡང་ཞེས་གསུངས་ཏེ། སྡུག་བསྔལ་གྱི་ཤེས་པ་ལ་ཡང་ངོ་། །དེ་ལྟར་འགྱུར་བ་ཞེས་བྱ་བ་ནི་གཉིས་རྟོགས་པ་སྟེ། རང་ཡང་དག་པར་རིག་པའི་རང་
བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་ཉིད་ནི་རྟེན་དང་བརྟེན་པའི་དངོས་པོ་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ནོ་ཞེས་གྲུབ་པོ། །འོན་ཏེ་གཞན་གྱི་ཡིན་ནོ་ཞེས་དོགས་ན། བག་ཆགས་ཙམ་གྱིས་ཞེས་གསུངས་སོ། །རང་རིག་པའི་རང་བཞིན་གྱི་མངོན་སུམ་གྱིས་ནི་གཉིས་རྟོགས་པས་མི་
མཐུན་པའི་ཕྱིར་དེ་ལ་རྣམ་པར་རྟོག་པ་ཉིད་གཞན་ཡིན་པར་ལུས་པ་ཡིན་ནོ། །དེ་ཡང་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་པའི་ཕྱིར། འབྱུང་བ་དང་སྡུག་བསྔལ་གྱིས་ཤེས་པ་རྟན་དང་བརྟེན་པ་ཡིན་པ་ནི་བག་ཆགས་ཙམ་གྱིས་བྱས་པར་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་རྟོག་པ་ཙམ་དུ་འབའ་
เล่ม ๑๘๔ · หน้า 111b
ཞིག་ཏུ་འགྱུར་གྱི། དེས་ཀྱང་འབྱུང་བ་ཆེན་པོ་སྡུག་བསྔལ་གྱི་ཤེས་པའི་གཞི་ཡིན་པར་ནི་མི་འགྲུབ་པོ། །དེས་ན་རྟེན་ལ་སོགས་པ་ནི་རྣམ་པར་རྟོག་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འབྱུང་བ་ཆེན་པོ་ཉིད་ཐ་དད་པ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །དེ་ཡང་རྣམ་པར་རྟོག་པ་ཙམ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་པར་རྟོག་པས་འབྱུང་བ་ཆེན་པོ་ལ་སོགས་པ་ཐ་དད་པ་མི་རྟོགས་པ་གཏན་ཚིགས་ཅི་སྟེ་སྙམ་ན། རང་གི་རང་བཞིན་ཙམ་གྱིས་ཞེས་གསུངས་སོ། །འོ་ན་དེ་བཞིན་དུ་རྣམ་པར་རྟོག་པའི་རང་བཞིན་གྱིས་འབྱུང་བ་ཆེན་པོ་ཡང་བག་ཆགས་ཀྱི་སྟོབས་ལས་བྱུང་བར་འགྱུར་རོ། །
དེས་ན་མི་རྟོགས་པའི་ཉེས་པ་མེད་དོ་སྙམ་ན། བག་ཆགས་ཀྱི་སྟོབས་ལས་ཞེས་གསུངས་སོ། །གལ་ཏེ་རྣམ་པར་རྟོག་པའི་རང་བཞིན་ཉིད་ཀྱིས་དེ་བཞིན་དུ་འབྱུང་བ་ཆེན་པོ་རྣམས་བག་ཆགས་ཀྱི་སྟོབས་ལས་བྱུང་བར་འདོད་ན། དེའི་ཚེ་དེ་དག་དེ་ལྟར་ཡིན་ཡང་སྐྱོན་མེད་དོ། །རྣམ་པ་དེ་ལྟ་བུའི་སྔ་
མ་དང་ཕྱི་མའི་འཇིག་རྟེན་ཉམས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཞར་ལ་འོངས་པ་རྫོགས་པར་བྱས་ནས། རྣམ་པར་ཤེས་པ་འབྱུང་བ་ཆེན་པོ་ལས་གཞན་ཡིན་ནོ་ཞེས་རྣམ་པར་གཞག་པ་གང་ཡིན་པ་དེ་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ཐ་དད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་
པ་དེས་ནའོ། །འོ་ན་གལ་ཏེ་ཞེས་བྱ་བ་ནི་ཕྱིར་བཟློག་པའོ། །གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པའི་སེམས་ཅན་མི་གཙང་བའི་ཡུལ་དུ་འགྲོ་བ་གཞན་མི་འཐད་པའི་ཕྱིར་སྲོག་ཆགས་ནི་འབྱུང་བ་ཆེན་པོ་ཙམ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའི་དོན་ཏོ། །གྲུབ་པའི་མཐར་ནི་ཐོས་པ་མེད་
པ་སྨད་འཚོང་མའི་ཁྱིམ་དུ་འཇུག་པ་བཞིན་དུ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཕྱིན་ཅི་ལོག་དང་སྲིད་པ་དག་མི་གཙང་བའི་ཡུལ་དུ་འགྲོ་བའི་རྒྱུ་ཡིན་པར་མི་འགལ་བའི་ཕྱིར་ན། གཞན་དུ་མི་འཐད་པ་ཉིད་ཉམས་སོ་ཞེས་བྱ་བའི་དོན་ཏོ། །དོན་གཉིས་པོ་འདི་ཡང་རྣམ་པར་འགྲེལ་བར་གསལ་
བར་བྱ་བའོ། །གདོད་མ་ནས་ཞི་བའི་སེམས་པ་དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལ་ཞི་བ་ནི་ཉེ་བར་འཚེ་བ་དང་བྲལ་བའོ། །གདོད་མའི་སྒྲ་ནི་ཕྱིས་སྐྱེ་བ་མེད་པ་ལྷུར་སྟོན་པའོ། །ཉེ་བར་འཚེ་བ་མཐའ་དག་ནི་གཉིས་དང་འབྲེལ་བ་ཡིན་ན། གཉིས་ནི་ནམ་ཡང་སྲིད་པ་མ་ཡིན་ནོ། །དེས་ན་རྟག་ཏུ་ཞི་བ་
เล่ม ๑๘๔ · หน้า 112a
ནི་གདོད་མ་ནས་ཞི་བར་བརྗོད་དོ། །འོ་ན་ཅི་ལྟར་ཉེ་བར་འཚེ་བ་གཉིས་དང་འབྲེལ་བ་ཡིན་ཞེ་ན་བདེན་ཏེ། དེ་ཁོ་ན་ཡང་དག་པར་བརྟགས་ན་གཉིས་མེད་ལ་ཉེ་བར་འཚེ་བ་ཡང་མེད་དོ། །འོན་ཀྱང་ཀུན་རྫོབ་ཏུ་གཉིས་སྒྲོ་བཏགས་པས་ཉེ་བར་འཚེ་བ་ཡང་ཐ་སྙད་བྱེད་དོ། །དེ་ཁོ་ན་
ལ་མངོན་དུ་ཕྱོགས་ན་ནི་སྒྲོ་བཏགས་པ་ཡང་འགའ་ཡང་མེད་དོ། །དེས་ན་འདི་མཐའ་དག་ནི་ངེས་པར་མ་བཏགས་པའི་དུས་ན་ཡོད་པ་ཡིན་གྱི། རྣམ་པར་དཔྱད་ན་ནི་ཡོད་པ་མ་ཡིན་ནོ། །དེས་ན་མཆོག་ཏུ་ཡིད་ཆེས་པའི་རྒྱུ་ནི་རྣམ་པར་དཔྱོད་པ་ཁོ་ན་ཡིན་ནོ། །དེས་ན་འཁོར་བ་ཉིད་མེད་པའི་ཕྱིར་ཡོད་པ་
གསལ་བར་མི་བྱ་སྟེ། འོན་ཀྱང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཕྱོགས་སྡུད་པའོ། །མཆོག་ཏུ་རྟོག་པ་ནི་བློ་སྟེ། རྣམ་པ་གཉིས་སྤོང་བར་བྱེད་པའོ། །དེ་ག་ལ་ཡོད་པ་ནི་རྟོག་པ་དང་ལྡན་པའོ། །དེའི་དངོས་པོ་ནི་དེ་ཉིད་ཡིན་ཏེ།
ཕྱིས་དགག་པའི་བསྡུ་བའོ། །དམན་པའི་གནས་སུ་འགྲོ་བ་ནི་རྟོག་པ་དང་མི་ལྡན་པས་སྦྱར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསལ་བར་བྱེད་པ་ནི། བདག་ལ་ཆགས་པས་བསྐུལ་བ་ནི། །ཞེས་བྱ་བའོ། །ཕྱིན་ཅི་ལོག་ཉིད་དུ་ཅི་སྟེ་འགྱུར་སྙམ་ན། དེ་འདྲ་བ་དེ་ནི་ཞེས་གསུངས་སོ། །དབང་པོ་
ལས་འདས་པའི་ཕྱིར་དེ་སྤང་བ་ནི་མི་རིགས་སོ་སྙམ་དུ་དགོངས་པའོ། །ལས་གང་གིས་ཕྱིན་ཅི་ལོག་བསྐྱེད་པ་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པ་ཞེས་སྦྱར་རོ། །དེ་ལྟ་ཡིན་དང་མནར་མེད་པ། སྒྲུབ་པར་བྱེད་པའི་ལས་ཀྱིས་གྲང་བའི་རིམས་ཆེན་པོའི་དབང་གིས་དེའི་མེ་ཉིད་ལ་བདེ་བའི་རྒྱུར་
བསམ་པས་འཇུག་པ་ཡིན་ནོ། །དེ་བཞིན་དུ་ཕྱིན་ཅི་ལོག་གི་བློ་ཅན་རྩེ་བར་འདོད་པས་མ་ལ་སོགས་པའི་གནས་སུ་འཇོག་གོ། །དེ་ལྟར་འགྲོ་བ་ཞེས་བྱ་བ་ནི། དམན་པའི་གནས་སུ་འགྲོ་བའོ། །ཕྱིན་ཅི་ལོག་གི་ནུས་པ་བརྗོད་ནས། སྲིད་པའི་ནུས་པ་བརྗོད་པ་ནི། བདེ་བ་དང་ཞེས་བྱ་བའོ། །
ཀྱང་ནི་རིམ་པ་བཞིན་དུ་ཡིན་ཏེ། ཕྱིན་ཅི་ལོག་འབའ་ཞིག་གིས་ཡིན་པར་ནི་མ་ཟད་ཀྱི། བདེ་བ་ལ་སོགས་པ་ཐོབ་པ་ལ་སོགས་པར་འདོད་པས་ཀྱང་ཡིན་ནོ། །གང་གིས་གཉིས་རྒྱུ་ཡིན་པའི་ཕྱིར་གཞན་དུ་མི་འཐད་པ་ཉམས་པར་འགྱུར་བ། ཅི་ལྟ་བུ་མཐོང་བ་ཡོད་དམ་སྙམ་ན། ཐོས་པ་པོ་ཞེས་
เล่ม ๑๘๔ · หน้า 112b
གསུངས་ཏེ། དེས་ན་གཞན་དུ་མི་འཐད་པ་ཉམས་སོ་སྙམ་དུ་དགོངས་པའོ། །གལ་ཏེ་སྐྱེ་བ་ལ་དབང་ཕྱུག་གི་ནུས་པ་བརྗོད་ནས་གཞན་དུ་མི་འཐད་པ་ཉམས་སོ་ཞེས་ཅི་སྟེ་མི་བརྗོད་སྙམ་དུ་ཟུར་ན་འདུག་པའི་བསམ་པ་དོགས་པར་བྱེད་པ་ནི། འོན་ཏེ་དེ་ནི་དབང་ཕྱུགས་གིས་ཞེས་བྱ་བའོ། །
སེམས་ཅན་འདིའོ། །ལན་དུ་རང་ཉིད་ཅེས་བྱ་བའོ། །དོན་འདི་ཡིན་ཏེ། ཐར་པའི་བདག་ནི་དབང་ཕྱུག་གིས་སྐུལ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་སོ་སོའི་སྐྱེ་བོ་ཡིན་ནོ། །འཁྲུལ་པ་དེ་ཡང་ལས་ཀྱིས་འཕངས་པ་ཡིན་པའི་ཕྱིར་རོ། །འདོད་པར་བྱ་བ་དོན་དུ་གཉེར་བར་ངེས་པར་འཇུག་པ་མཐོང་བའི་ཕྱིར།
དབང་ཕྱུག་ཏུ་རྟོགས་པར་དཀའ་བས་ཅི་ཞིག་བྱ། འོན་ཏེ་ཚད་མས་གྲུབ་པ་ལ་དཀའ་བ་དང་སླ་བ་བསམ་པས་ཅི་བྱ་སྙམ་ན། རེ་ཞིག་མངོན་སུམ་གྱི་བྱེད་པ་མེད་པར་སྟོན་པ་ནི། དབང་ཕྱུག་གིས་བསྐུལ་བར་ནི་ཞེས་བྱ་བའོ། །རྗེས་སུ་དཔག་པའི་བྱེད་པ་ཡང་མེད་དོ་ཞེས་སྟོན་པ་ནི་དབང་ཕྱུག་ཏུ་
རྟོག་པ་ཞེས་གསུངས་སོ། །རྟོག་པ་ཞེས་བྱ་བ་ནི་བརྙས་ཐབས་ཀྱིས་རྗེས་སུ་དཔག་པ་ལ་བརྗོད་དོ། །ཡང་ན་རྟོག་པའི་སྒྲས་ནི་རྣམ་པར་གཞག་པ་སུན་འབྱིན་པ་སྟོན་པར་བྱེད་དོ། །ཐེ་ཚོམ་ཙམ་ཡང་བརྟགས་པར་བསལ་བས་བཀག་པ་ཡིན་ནོ། །དེའི་ཕྱིར་བདག་ལ་ཆགས་པ་ཉིད་ཅེས་གསུངས་སོ། །
འོན་ཏེ་ཞེས་བྱ་བ་ནི་གཞིན་གྱིའོ། །འཇིག་རྟེན་གཞན་དུ་ཡང་གཞན་གྱིས་བསྐུལ་ལོ་ཞེས་འབྲེལ་ཏོ། །བསལ་བ་ནི་འདི་ཡིན་ཏེ། གལ་ཏེ་བདག་ལ་ཆགས་པ་སྐུལ་བྱེད་དུ་མཐོང་བའི་ཕྱིར་དེ་ལྟར་རྣམ་པར་འཇོག་ན། དེའི་ཚེ་ཁོལ་པོ་ལ་སོགས་པ་ཡང་གཞན་གྱིས་བསྐུལ་ནས་འཇུག་པར་མཐོང་བ་ཁོ་
ནའོ། །དེས་ན་གཞན་གྱིས་བཀྲི་བར་བྱ་བ་ཅི་མ་ཡིན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐུལ་བར་བྱེད་པ་ཁོ་ན་ཞེས་བྱ་བའི་ངེས་པ་མེད་པའི་ཕྱིར། ངེས་པ་མེད་པ་ཡང་རྣམ་པ་གཉིས་ཏེ། དེ་ལ་རེ་ཞིག་བསྐུལ་བར་བྱ་བ་ལ་ལྟོས་ནས་བརྗོད་པ་ནི།
བདག་ལ་སྲེད་པ་དང་ལྡན་པ་ཞེས་བྱ་བའོ། །དབང་ཕྱུག་གིས་བསྐུལ་ཡང་དེ་ལས་ཁམ་གཅིག་ཀྱང་རེ་བ་མེད་ཅིང་། ཕུང་བར་ཡང་མི་མཐོང་བ་ནི་བསྐུལ་བར་མི་ནུས་སོ། །སྐུལ་བར་བྱེད་པ་ལ་ལྟོས་ནས་ཀྱང་བཤད་པ་ནི་དེ་ཡང་ཞེས་བྱ་བའོ། །སྲེད་པ་དང་ལྡན་པ་དེ་ཡང་ངོ་། །འདོད་ཆགས་དང་
เล่ม ๑๘๔ · หน้า 113a
བྲལ་བ་ལ་སོགས་པ་དེ་བསྐུལ་བར་འདོད་པའམ། སྡུག་བསྔལ་ལྡོག་པ་མ་མཐོང་བ་ནི་སྐུལ་བར་བྱེད་པ་ཉིད་དུ་མི་འཐད་དོ། །རྟོག་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ། །དེས་ན་བསྐུལ་མཁན་ཡང་ཆགས་སྲེད་པ་དང་ལྡན་པར་ཐལ་ལོ། །དེ་ནི་སྙིང་རྗེས་འཇུག་པ་ཡང་མ་
ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །ཆེད་དུ་བསམས་ནས་ཚིག་ལ་སོགས་པས་བསྐུལ་ན་ནི་དེའི་ཚེ་ཉེས་པ་འདིར་འགྱུར་རོ་སྙམ་དུ་བསམས་ནས་གཞན་དོགས་པར་བྱེད་པ་ནི། དེ་ལ་བསྙེན་པ་བྱས་པས་ཞེས་བྱ་བའོ། །འགྲོ་བ་ནི་བདེ་འགྲོའོ། །ལན་དུ་མུ་སྟེགས་བྱེད་ཅེས་བྱ་བའོ། །ཐམས་ཅད་ལ་
བསོད་ནམས་དང་ཡེ་ཤེས་གཉིས་རབ་ཀྱི་མཐར་ཕྱིན་པ་མེད་ཀྱང་། སྐྱེ་བོ་གཞན་ལ་ལྟོས་ནས་ཁྱད་པར་ཡོད་པའི་ཕྱིར་བསྙེན་པ་ལ་སོགས་པ་ཅུང་ཟད་ཙམ་གྱིས་བདེ་འགྲོ་ལ་སོགས་པའི་རྒྱུར་འགྱུར་རོ། །ཕུལ་བྱུང་བ་དང་བཅས་པས་དེའི་རྒྱུ་ཡིན་ན་ནི་དབང་ཕྱུག་ལ་ཡང་ངེས་པར་མི་ནུས་སོ། །དེས་ན་དབང་ཕྱུག་
སྐྱེ་བ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཏགས་པས་གཞན་དུ་མི་འཐད་པ་ཉམས་པར་ནི་མི་ནུས་སོ་ཞེས་བྱ་བར་དགོངས་པའོ། །རྣམ་འགྲེལ་དང་པོའི་དོན་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་སྨད་འཚོང་མའི་གནས་ལ་སོགས་པར་རོ། །རྣམ་འགྲེལ་གཉིས་པའི་
དོན་བརྗོད་པ་ནི་གང་ལ་དེ་ཞེས་བྱ་བའོ། །འོན་ཏེ་དེ་དག་དང་བྲལ་བ་ནི་དབང་ཕྱུག་གིས་བསྐུལ་བས་སྐྱེ་བ་ཐོབ་པར་འགྱུར་རོ་སྙམ་ན། དེ་ལ་ཞེས་གསུངས་ཏེ། །ཕྱིན་ཅི་ལོག་དང་བྲལ་བ་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ལ་སོགས་པ་དང་བྲལ་བ་ལ་དབང་ཕྱུག་གིས་སྐྱེ་བ་སྦྱིན་པར་ནུས་སོ་ཞེས་
བྱ་བའོ། །འདིས་ནི་འདི་སྐད་ཅེས། གང་ལ་ལས་ཀྱི་འཕངས་པས་བློ་ཕྱིན་ཅི་ལོག་དང་སྲེད་པ་ཡོད་པ་དེ་ལ་དེ་དག་ཉིད་ཀྱིས་སྐྱེ་བར་ནུས་པའི་ཕྱིར་དབང་ཕྱུག་གིས་ཅི་བྱ་སྟེ་དོན་མེད་པའི་ཕྱིར་རོ། །གང་ལ་དེ་མེད་པ་དེ་ལ་ཡང་དབང་ཕྱུག་གིས་ཅི་བྱ་སྟེ། སྐྱེ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་
སོགས་པ་ནི་གཞན་གྱིའོ། །སྨན་པ་དོན་མེད་པར་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ཅི་ལྟར་ཞེ་ན། མི་ནུས་པ་དང་མི་དགོས་པས་ཞེས་སྨྲས་སོ། །དགོས་པ་ནི་དོན་དང་ལྡན་པ་སྟེ། འབྲས་བུ་དང་བཅས་པའོ། །དེ་ལྟ་མ་ཡིན་ན་ནི་མི་དགོས་པ་སྟེ། འབྲས་བུ་དང་བྲལ་བའོ། །དེས་ན་དབང་ཕྱུག་མི་
เล่ม ๑๘๔ · หน้า 113b
དགོས་པ་དང་མི་ནུས་པས་ནི་སྨན་པ་ཡང་མི་ནུས་པ་དང་མི་ནུས་པར་འགྱུར་ཏེ། རིགས་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་ནས་རྩོད་པ་འདིས་ནི་དབང་ཕྱུག་ལ་ཡང་གླགས་མི་རྙེད་དོ་ཞེས་བྱ་བར་བསམས་པའོ། །ཉེས་པ་འདི་ནི་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་
མཐའ་སྨྲ་བའིའོ། །གང་དུ་སྨན་པའི་དཔྱད་མེད་ཀྱང་ནད་མེད་པ་གྲུབ་པར་བྱེད་པའི་ལས་ཡོད་པ་འགའ་ཞིག་ཏུ་ནི་སྨན་དོན་མེད་པ་དང་། གང་དུ་སྨན་པའི་དཔྱད་ཡོད་ཀྱང་ནད་མེད་པ་སྒྲུབ་པར་བྱེད་པའི་ལས་མེད་པ་འགའ་ཞིག་ལ་གང་ཡིན་པ་དེས་ནི་ནུས་པ་མེད་པ་ཡིན་ནོ། །གང་ཞིག་ཏུ་སྨན་
པའི་དཔྱད་དང་ལྷན་ཅིག་པ་ཉིད་དུ་གྱུར་པ་ནད་མེད་པ་སྒྲུབ་པར་བྱེད་པའི་ལས་ཡོད་པ་དེར་ནི་སྨན་པ་མི་ནུས་པ་དང་མི་དགོས་པ་མ་ཡིན་ནོ། །ལས་ཀྱི་སྟོབས་མ་ངེས་པས་ནི་དེའི་སྨན་དཔྱད་ཐམས་ཅད་དུ་འཇུག་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི་སྨན་པ་བཞིན་ནོ། །དེ་ཉིད་ཅེས་བྱ་བ་
ནི་འགའ་ཞིག་ཏུ་འདོད་པའི་མི་ནུས་པ་དང་མི་དགོས་པ་ཉིད་དོ། །དེ་ལྟར་ན་ཞེས་བྱ་བ་ནི་སྨན་པ་བཞིན་དུ་འགའ་ཞིག་ཏུ་དོན་མེད་པ་ཡིན་ན་དབང་ཕྱུག་ཏུ་འདོད་པ་དེ་ཅི་སྐད་བཤད་པའི་ཡོན་ཏན་དང་ལྡན་པའི་དབང་ཕྱུག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་ཕྱུག་གིས་འགའ་
ཞིག་ནི་ཞེས་པ་གསུངས་སོ། །འོན་ཀྱང་འཁོར་བ་ལ་མཐའ་དག་བསྐུལ་ལོ་སྙམ་དུ་དགོངས་པའོ། །དེ་སྐད་དུ་ཡང་སྐྱེ་བོ་པ་འདི་ཤེས་པ་ཡོད་མིན་ལ། ང་ཞེས་བྱ་བ་ལ་སོགས་པའོ། །འཁོར་བ་པའི་སྒྲས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཐར་པ་ལྟ་ཞོག་སྟེ། འཁོར་བ་པ་ལ་ཡང་ཐམས་ཅད་ནི་མི་
བསྐུལ་ལོ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི། ཡང་གི་སྒྲས་ནི་འདོད་པ་འབའ་ཞིག་གིས་མ་ཡིན་པ་དེས་ན་གལ་ཏེ་ཡང་ཐམས་ཅད་མི་བསྐུལ་པ་དེ་ལྟ་ན་ཡང་འདི་ཉིད་ནི་དབང་ཕྱུག་ཡིན་ནོ་སྙམ་ན། ལན་དུ་དེ་ལྟ་ཡིན་ན་ཞེས་བྱ་བའོ། །སྐྱེ་བ་པོ་བསྙེན་པ་ཡང་བདེ་འགྲོ་ཐོབ་ལ། ཉེ་བར་མཁོ་
བ་ཡིན་ནོ་ཞེས་འབྲེལ་ཏོ། །དེས་ན་བསྐོ་བ་པོ་ཡང་དབང་ཕྱུག་དུ་ཐལ་ལོ་སྙམ་དུ་དགོངས་པའོ། །སྐྱེ་བ་པོ་ནི་སྟེར་མཁན་ཏེ་སྟེར་མཁན་ཡང་ལོན་གནས་རྣམས་བདེ་བར་འདོད་བས་སོ། །ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་བྱིན་པས་བདེ་འགྲོའི་རྒྱུར་འགྱུར་ཏེ། བདེ་བའི་གནས་སྐབས་ཁྱད་པར་ཅན་ཉིད་བདེ་འགྲོ་ཡིན་པའི་ཕྱིར་རོ། །
เล่ม ๑๘๔ · หน้า 114a
སྔར་བཤད་པ་ཧ་ཅང་ཡང་ཐལ་པའི་ཉེས་པ་སྡུད་པ་ནི་དེ་ནི་ཞེས་བྱ་བ་སྟེ་བསྙེན་པའོ། །མུ་སྟེགས་བྱེད་ཐམས་ཅད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཉིད་ཅེས་ངེས་པར་བཟུང་བའི་རྣམ་པར་གཅད་པ་བརྗོད་པ་ནི་དབང་ཕྱུག་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེས་ན་དབང་ཕྱུག་ཏུ་རྟོགས་པས་གཞན་དུ་
མི་འཐད་པ་ཉམས་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེས་ནི་བློ་ཕྱིན་ཅི་ལོག་པ་སྲེད་པས་མངལ་ལ་སོགས་པའི་ཡུལ་དུ་སྐྱེ་བ་མི་འགལ་བའི་ཕྱིར་རོ། །གཞན་དུ་མི་འཐད་པས་སྲོག་ཆགས་འབྱུང་བ་ཙམ་ལས་སྐྱེ་བ་ནི་མ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་འོ་ན་ཞེས་བྱ་བ་ནི་གཞན་ནོ། །འགྲོ་བ་དང་འོང་བ་མེད་ན་ནི་སྲོག་
ཆགས་ཀྱི་སྐྱེ་བ་འབྱུང་བ་ཆེན་པོ་ཙམ་ལས་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་མ་མཐོང་ན་ཡང་ངོ་། །དཔེའི་དོན་དཔེ་ཅན་གྱི་དོན་ལ་གསལ་བར་སྦྱོར་བ་ནི། སྲིད་པ་བར་མ་དོའི་ལུས་ཞེས་བྱ་བའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་སྲིད་པ་བར་མ་དོའི་ལུས་སོ། །རྨི་ལམ་གྱི་ལུས་ནི་ཞེས་བྱ་བ་ནི་
གཞན་གྱི་དོགས་པ་བསུ་བའོ། །རྨི་ལམ་གྱི་ལུས་ནི་ལོག་པ་ཡིན་ཏེ། དེས་ན་དེ་ནི་མ་དམིགས་པས་མེད་པ་མ་ཡིན་གྱི་བར་མ་དོའི་ལུས་ནི་ཡོད་པའི་ཕྱིར་ན་དེ་ནི་མ་མཐོང་བས་མེད་པར་འགྱུར་རོ་སྙམ་ན། ལེན་དུ་མ་ཡིན་ཏེ་ཞེས་བྱ་བའོ། །རྨི་ལམ་གྱི་ལུས་ཀྱིས་ལུས་ཀྱི་དོན་བྱ་བ་བསྐལ་པའི་ལུས་
ལ་རྣམ་པར་འགྱུར་བ་བྱེད་པ་ནི་སྔར་བསྟན་ཟིན་ཏོ། །དེས་ན་སྣང་བཞིན་པ་དང་། དོན་བྱ་བ་བྱེད་པ་མི་བདེན་པར་ཅི་ལྟར་བརྗོད་པར་ནུས། ཐོགས་པ་མེད་པ་ཉིད་ཀྱིས་ནི་ལུས་འདི་དང་རིགས་མི་མཐུན་པར་འགྱུར་ཏེ། སྲིད་པ་བར་མ་ཡང་དེ་འདྲ་བ་ཉིད་ནི་ཡིན་པ་ཁོ་ནའོ། །གང་གི་ཕྱིར་བར་མ་དོའི་ལུས་
མེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་ལུས་ཅན་མ་ཡིན་པའི་སེམས་ལ་ལྟ་བསམ་དུ་ཡང་ག་ལ་ཡོད་དེ། ལུས་ཅན་མ་ཡིན་ཡང་ངོ་། །ཐོགས་པ་ནི་རྡུགས་པ་སྟེ། འགྲོ་བའི་གེགས་དང་ལྡན་པའོ། །ཐོགས་མེད་ནི་རྡུགས་པ་མེད་པ་ཅན་ནོ། །སྤྱིར་བཤད་པའི་དོན་ཁྱད་པར་དུ་སྟོན་པ་ནི་ཆུ་བཞིན་ཞེས་བྱ་བའོ། །
འདིར་ཆུ་བཞིན་རྣམ་གསེར་ལ་དངུལ་ཆུ་བཞིན་ཞེས་འང་གི་སྒྲ་སྦྲེལ་བར་བྱའོ། །སྲིད་པ་བར་མ་དོའི་ལུས་ཀྱང་ཐོགས་པ་མེད་པར་འགྱུར་རོ་སྙམ་དུ་ཞེ་ལ་གཞག་པའོ། །དེས་ན་རྣམ་པ་དེ་ལྟ་བུའི་སྲིད་པ་བར་མ་དོའི་ལུས་ནི་མ་མཐོང་བའི་ཕྱིར་ན་མེད་པ་མ་ཡིན་ནོ་ཞེས་ཉེ་བར་སྡུད་པའོ། །དེས་ན་སྲོག་
เล่ม ๑๘๔ · หน้า 114b
ཆགས་ནི་འབྱུང་བ་ཆེན་པོ་ཙམ་ལས་སྐྱེས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །བཤད་པ་མཛད་པས་ནི་འདི་བོར་ནས་མ་མཐོང་བའི་ཕྱིར་སྲིད་པ་བར་མ་དོ་མེད་པ་ཡིན་ཡང་ངེད་ལ་ཆད་པ་ཅི་ཡང་མེད་དོ་སྙམ་དུ་དགོངས་ནས་ལུགས་གཞན་བསྡུ་བའི་དོན་དུ་ཡོད་པ་ཉིད་མ་
དམིགས་པ་ཞེས་བྱ་བ་འདི་དགག་པ་ལ་མ་ཡིན་ཞེས་བྱ་བར་མ་མཐོང་བའི་ཕྱིར་མེད་པ་ཞེས་བྱ་བ་སྒྲུབ་པ་ཉིད་དུ་འཆད་པར་འགྱུར་རོ། །དེའི་ཚེ་ནི་མ་དམིགས་པས་མེད་པར་སྨྲ་བའི་ལུགས་ལ་བརྟེན་ཀྱང་འཇིག་རྟེན་ཕ་རོལ་མེད་པ་མ་ཡིན་ནོ་སྙམ་དུ་དགོངས་ནས་མ་མཐོང་བའི་
ཕྱིར་ན་མེད་པ་འང་ཞེས་གསུངས་པས་སོ། །དེ་ཞེས་བྱ་བ་དེ་ཉིད་ལྟར་འཇུག་པར་བྱ་བའོ། །ཡང་ན་མ་མཐོང་བའི་ཕྱིར་ན་བར་མ་དོའི་ལུས་ནི་མེད་པ་ཉིད་དོ། །གང་གི་ཕྱིར་བུམ་པ་ལ་སོགས་པའི་ཡན་ལག་གི་ནང་དུ་ཞུགས་པའི་ཆུ་དང་དངུལ་ཆུ་བཞིན་དུ་སྲིད་པ་བར་མ་དོའི་ལུས་མ་མཐོང་
བ་ནི་མ་ཡིན་གྱི། འོན་ཀྱང་མེད་པ་ཁོ་ནའོ་ཞེས་འགའ་ཞིག་འདོད་པ་དེས་ན་དེ་ནི་མེད་པ་ཁོ་ནའོ། །མེད་ཀྱང་འཇིག་རྟེན་ཕ་རོལ་མི་འགྲུབ་པ་ནི་མ་ཡིན་ནོ་ཞེས་འགྲེལ་པར་གསལ་བར་བྱའོ། །ཡང་གི་སྒྲས་འཕངས་པའི་དོན་བརྗོད་པ་ནི་རྨི་ལམ་གྱི་ལུས་བཞིན་དུ་ཞེས་བྱ་བའོ། །
ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པ་བར་མ་དོའི་ལུས་སོ་ཞེས་བྱ་བ་བར་སྐབས་ཡིན་ནོ། །འགའ་ཞིག་ལ་ལར་ཞེས་བྱ་བ་ནི་ཐམས་ཅད་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་ལྟར་འགའ་ཞིག་མཐོང་བ་ཡོད་དམ་སྙམ་ན། བུམ་པ་ལ་སོགས་པར་ཞེས་གསུངས་སོ། །སྐབས་
སུ་བབ་པ་ཡང་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བར་ལྟའོ། །ལུགས་གཞན་བསྡུ་བའི་དོན་དུ་འང་གི་སྒྲ་ནི་རྣམ་པ་གཞན་དུ་འཆད་པ་ནི་ཡང་ན་ཞེས་བྱ་བའོ། །ཆུ་བཞིན་ཞེས་བྱ་བ་ནི་བུམ་པ་སོ་བཏང་མ་ཐག་ལ་ལྟོས་ནས་སོ། །འདིས་ཀྱང་གི་སྒྲ་སྦྲེལ་བར་བྱ་སྟེ། །དེས་ན་
ཡང་ན་བར་མ་དོའི་ལུས་ནི་མེད་པ་ཉིད་དོ་ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་སྙམ་དུ་དོགས་ན། སོ་བཏང་མ་ཐག་གི་བུམ་པ་ལས་ཆུ་བཞིན་ནམ་གསེར་ལ་དངུལ་ཆུ་བཞིན་དུ་བར་མ་དོའི་ལུས་ཡོད་བཞིན་དུ་མ་མཐོང་བ་ནི་མ་ཡིན་གྱི་འོན་ཀྱང་མེད་པ་ཉིད་ཡིན་ནོ། །དེས་ན་མ་མཐོང་བའི་ཕྱིར་ཏེ།
เล่ม ๑๘๔ · หน้า 115a
མ་དམིགས་པའི་ཕྱིར་ན་མེད་པ་ཁོ་ནའོ་ཞེས་སྦྱར་བར་བྱའོ། །འདི་ལྟར་ཞེས་བྱ་བ་འདིས་ནི་ཁྱད་པར་བརྗོད་པའི་དོན་དུ་སྲིད་པ་བར་མ་དོའི་རྣམ་པར་གཞག་པར་སྟོན་པའོ། །ཆོས་མངོན་པའི་ཚིག་ལེའུར་བྱས་པའི་བར་དུ་ཡོངས་སུ་བཏགས་པའི་སྒྲ་བཅུག་པ་ནི་ཚད་མ་མེད་པའི་ཕྱིར་རོ། །ངེས་པ་
མེད་པ་སྟོན་པ་ལྷུར་བྱེད་པའོ། །ཁྱད་པར་བརྗོད་པ་ནི་འདིར་ནི་ཞེས་བྱ་བ་སྟེ་ལུགས་གཞན་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཆོས་མངོན་པའི་ཚིག་ལེའུར་བྱས་པས་བརྗོད་པའི་དོན་ཏོ། །གང་གིས་སྐྱེ་བའི་ཡུལ་དུ་ཡང་དེ་ལྟ་བུ་ཉིད་ཡིན་པར་བརྟག་པར་བྱ་བ་ཤེས་པའི་སྐྱེ་བ་རྣམ་པར་ཆད་པ་དང་མ་ཆད་པ་དག་ཏུ་སྐྱེ་བ་ལ་ལར་མཐོང་ངམ་ཅི་སྙམ་ན།
ཡུལ་དང་དུས་ཞེས་གསུངས་སོ། །ཆོད་པ་ཡང་ཞེས་བྱ་བར་ལྟའོ། །དེ་ལ་གཉིད་མཐུག་པོར་ལོག་པ་ལ་སོགས་པར་སེམས་དུས་ཀྱིས་ཆོད་པ་སྐྱེ་བ་དང་། མ་ཆོད་པ་ཡང་ཡིན་པས་རྣམ་པ་གཉིས་ནི་སྔར་བཤད་ཟིན་ཏོ། །ཡུལ་གྱིས་ཆོད་པ་དང་མ་ཆོད་པ་རྣམ་པ་གཉིས་ནི་བརྗོད་པས་ནི། འདི་ལྟར་ཞེས་གསུངས་སོ། །འདི་རྣམ་
པ་གཉི་ག་ལ་རྨི་ལམ་དུ་ཡིན་པར་རྟོགས་པར་བྱའོ། །དེ་ལྟ་ན་གཉི་ག་ལྟར་ཡང་ཤེས་པ་སྐྱེ་བའི་ཡུལ་དུ་སྐྱེ་བར་བརྟག་པར་བྱ་བ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་དུ་ཞེས་གསུངས་ཏེ། བཤད་མ་ཐག་པའི་རྣམ་པ་ཡིན་ནོ། །ཁྱད་པར་མེད་དོ་ཞེས་བྱ་བ་ནི་རྨི་ལམ་ལས་སྐྱེ་བ་ཡོངས་སུ་ལེན་པ་ཞེས་བྱ་བ་ལྷག་
མའོ། །གལ་ཏེ་རྨི་ལམ་དང་ཆོས་མཚུངས་པའི་ཕྱིར་བར་མ་དོའི་སྲིད་པ་མེད་ཀྱང་སྲིད་པ་གཞན་ཡོད་ན་དེའི་ཚེ་རྨི་ལམ་བཞིན་དུ་མི་བདེན་པར་ཡང་འགྱུར་རོ་སྙམ་ན། རྨི་ལམ་མི་བདེན་པ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་ཞེས་གསུངས་སོ། །འོན་ཀྱང་བསྒྲུབ་པར་བྱ་བ་ལ་གནས་སྐབས་གཞན་མ་དམིགས་ཀྱང་
གནས་གཞན་དུ་ཕྱིན་པར་དམིགས་པ་དེ་ཙམ་གྱིས་མཚུངས་པར་བསྟན་པའི་དོན་དུ་ཞུགས་པ་ཡིན་ན་དེ་ནི་གྲུབ་པོ། །འདི་དག་ནི་བདེན་པ་དང་མི་བདེན་པ་དག་ཀྱང་དེ་ཁོ་ན་ཉིད་ནི་མ་ཡིན་ཏེ། སྣང་བ་དང་དོན་བྱ་བ་དག་ནི་གཉི་ག་ལ་ཐུན་མོང་ཡིན་པའི་ཕྱིར་ཏེ། སྔར་ཇི་སྐད་བརྗོད་པ་ཡིན་ནོ། །དེས་ན་གཉི་ག་ཡང་རིགས་མཐུན་
པ་ཁོ་ནའོ། །འོ་ན་ཅི་ལྟར་བདེན་པ་དང་མི་བདེན་པ་དག་གིས་ཐ་དད་པར་ཐ་སྙད་འདོགས་སྙམ་ན། སྐྱེ་བ་གཞན་ནི་ཞེས་གསུངས་སོ། །བདེན་པར་ཞེས་བྱ་བ་ནི་བདེན་པའི་ཐ་སྙད་དུའོ། །དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བག་ཆགས་བསྟན་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་ཁྱད་པར་
เล่ม ๑๘๔ · หน้า 115b
ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ། ཐ་དད་པའི་རྒྱུ་མཚན་དེ་དང་དེ་དག་དོགས་པར་བྱས་ནས་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །སད་པའི་ཤེས་པ་མཚན་ཉིད་ཀྱི་རྣམ་པ་གཞན་རྨི་ལམ་ལས་དུས་ཕྱིས་ཐོབ་པས་ནའོ། །དེས་ན་ཞེས་བྱ་བ་ནི་རྨི་ལམ་གྱི་ཤེས་པ་སྣང་བ་གཞན་གྱི་མཚན་ཉིད་ཡོད་པའི་ཕྱིར་རོ། །སྐྱེ་
བ་གཞན་པ་ཡང་ཞེས་བྱ་བ་ནི་སད་པའི་ཤེས་པའི་མཚན་ཉིད་དོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེའི་རྒྱུ་ཞེས་བྱ་བ་ནི་རྫ་མཁན་ལ་སོགས་པའི་རྒྱུའོ། །ལན་ནི་སད་པའི་ཞེས་བྱ་བ་ལ་སོགས་པའོ། །སད་པ་ལ་ནི་རྒྱུ་བའི་ཁྱད་པར་ཉིད་ཚོགས་པ་ཡིན་ནོ་སྙམ་ན། རྨི་ལམ་དུ་ཡང་ཞེས་གསུངས་
སོ། །སད་པའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་པའོ། །དེ་དག་ནི་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །དེ་ལ་རྒྱུའི་ཁྱད་པར་ནི་ཞེས་བྱ་བ་ནི་ཕྱོགས་སྔ་མ་གཞན་ཡིན་ནོ། །དེ་ལ་རྩོད་པ་དང་པོ་སེལ་བ་ནི་རྨི་ལམ་ན་ཡང་ཞེས་བྱ་བའོ། །དེས་ན་རྨི་ལམ་དང་རྨི་ལམ་མ་ཡིན་
པ་དག་ཁྱད་པར་མེད་དོ་སྙམ་དུ་དགོངས་པའོ། །གཞན་གྱིས་མི་དམིགས་པའི་ཕྱིར་སྔར་ཡོད་པ་ཟློག་པར་བྱེད་པ་ཡིན་ནོ་ཞེས་སྦྲེལ་ཏོ། །གཞན་གྱིས་ཞེས་བྱ་བ་ནི་སད་པས་སོ། །སད་པས་དམིགས་པའི་རི་ལ་སོགས་པ་ལ་ཡང་རྨི་ལམ་མཐོང་བ་དག་གིས་མ་དམིགས་པ་མཚུངས་སོ། །
ཚིག་ལེའུར་བྱས་པ་འདི་བཤད་ནས་ཚིག་ལེའུར་བྱས་པ་སྔ་མའི་ཕྱེད་ཕྱི་མ་རྣམ་པར་འགྲེལ་པས་རྩོད་པ་གཉིས་པ་སེལ་བར་བྱེད་པ་ལས་ནི། ཅི་ལྟར་རྒྱུ་བའི་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་རི་ལ་སོགས་པ་དག་གོ། །རྒྱུ་བའི་ཚོགས་པའི་དོད་པོ་ནི་རྨི་ལམ་ཡིན་ནོ། །བུམ་
པ་ལ་སོགས་པ་གློ་བུར་དུ་དམིགས་པ་ཡིན་ནོ་ཞེས་འབྲེལ་ཏོ། །གཞན་ཡང་སད་པའི་གནས་སྐབས་ཉིད་ཐ་དད་པར་རྟོགས་པར་མི་ནུས་པ་དེས་ན་སད་པ་གཞན་གྱིས་དེ་དག་དམིགས་པའི་ཕྱིར་ཞེས་ཅི་ལྟར་བརྗོད་ཅེས་བཤད་པ་ནི་སད་པའི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་
གཉིད་ཀྱི་གནས་སྐབས་སུ་མཐོང་བའོ། །དེ་ལྟར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་ལོག་པ་ཉིད་དུ་ཐལ་བར་འགྱུར་བའོ། །འོན་ཏེ་རྨི་ལམ་དུ་མཐོང་བ་ཉིད་མི་བདེན་པ་ཡིན་ཏེ། སད་པས་མ་དམིགས་པའི་ཕྱིར་རོ་སྙམ་ན། ཕན་ཚུན་ཞེས་གསུངས་སོ། །གཉི་ག་ལ་
เล่ม ๑๘๔ · หน้า 116a
ཡང་ཞེས་བྱ་བ་ནི་སད་པ་དང་གཉིད་ལོག་པ་དག་ལའོ། །དེ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་མི་བདེན་ནོ་ཞེས་རྟོགས་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་འདི་མི་བདེན་ནོ་སྙམ་པའི་རྟོག་པ་མེད་པའི་ཕྱིར་སད་པར་ཤེས་པ་མི་བདེན་པ་ཅི་ལྟར་འགྱུར་སྙམ་ན། དེ་ལྟར་
རྟོགས་པ་ཉིད་ཀྱིས་ནི། །ཞེས་གསུངས་སོ། །དེ་ཉིད་ནི་བདེན་པ་ཉིད་དོ། །དེའི་མཚན་ཉིད་ཀྱིས་ཀྱང་ཞེས་ཀྱང་གི་སྒྲ་ནི་རིགས་པའི་སྟོབས་ཀྱིས་སྲིད་པའི་དོན་ཏོ། །དེའི་མཚན་ཉིད་ཁོ་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་ནི་ཡོད་དམ་མེད་ཀྱང་བླའོ། དེ་ལྟ་མ་ཡིན་ན་
ཤིང་ཉིད་དུ་ཐ་སྙད་མ་བྱས་པའི་ཤིང་ཤ་པ་ཤིང་མ་ཡིན་པ་ཉིད་དུ་འགྱུར་རོ། །དེས་ན་ཤིང་ཤ་པ་ཉིད་ཀྱང་དེའི་ཐ་སྙད་མི་འགྲུབ་པར་འགྱུར་རོ། །གཞན་ཡང་ཞེས་བྱ་བ་ནི་སུན་འབྱིན་པ་གཞན་ཡིན་ནོ། །ཡང་ན་རྣམ་པར་རྟོག་པའི་ཤེས་པ་འབའ་ཞིག་གིས་ཡིན་པར་ནི་མ་ཟད་ཀྱི། །རྨི་ལམ་གྱི་ཤེས་པའི་
མཚན་ཉིད་ཀྱིས་ཀྱང་དེ་ཉིད་དུ་སྟེ་ལོག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དུ་དེའི་མཚན་ཉིད་ཀྱིས་དེ་ཉིད་དུ་རྣམ་པར་གཞག་པ་མྱོས་པར་ཐལ་བའི་ཕྱིར་རོ། །འདི་ཡང་འདི་གཉིས་སོ་སོར་དེ་ཉིད་རྣམ་པར་འཇོག་པར་བྱེད་པ་ཡིན་པར་ཁས་བླངས་ནས་བརྗོད་པ་ཡིན་གྱི་དངོས་པོ་ལ་
ནི་དེའི་མཚན་ཉིད་ཁོ་ནས་དེ་ཉིད་ཡིན་ནོ་ཞེས་བསྟན་པའི་དོན་དུ། གཞན་ཡང་ཞེས་གསུངས་སོ། །བདེན་ལས་གཞན་ནམ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མ་ཡིན་པའི་ཕྱོགས་ལའོ། །ཅི་སྟེ་ན་བདེན་མོད་ཅེས་བྱ་བ་ནི་མེད་པར་དགག་པའི་ཕྱོགས་ལའོ། །དགག་པ་འདི་གཉི་ག་ཡང་ཤིན་ཏུ་འཐད་པར་དཀའི་ཞེས་འབྲེལ་ཏོ། །ཅིའི་
ཕྱིར་ཞེ་ན། དེའི་རང་བཞིན་དམིགས་པའི་ཕྱིར་རོ། །འདིའོ་ཞེས་ལྷག་པར་འཛིན་པ་དང་ལྡན་པའི་རྨི་ལམ་གྱི་ཤེས་པ་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །རྣམ་པར་འགྲེལ་པ་ནི་དེའི་རང་བཞིན་དུ་ཞེས་བྱ་བ་སྟེ། བདེན་པའི་རང་བཞིན་དུའོ། །དེ་ལས་གཞན་ནི་བདེན་པ་ལས་གཞན་ནོ། །དམིགས་པ་ཉིད་ནི་ཞེས་བྱ་བ་ནི་གཏན་ཚིགས་
ཀྱི་ཚིག་གོ། །ཕྱོགས་གཉིས་པ་རྣམ་པར་འགྲེལ་པ་ནི། །དེ་མ་ཡིན་ནོ་ཞེས་བྱ་བར་ཡང་ཞེས་བྱ་བའོ། །ཕྱོགས་དང་པོ་ལ་འཐད་པ་བརྗོད་པ་ནི། དེ་ལས་གཞན་པ་ཉིད་ནི་ཞེས་བྱ་བའོ། །ཡོད་པ་ལས་གཞན་ཉིད་ནིའོ། །དེ་ལས་གཞན་པའི་རང་བཞིན་ཉིད་ཀྱིས་ཞེས་བྱ་བ་ནི་ཡོད་པ་ལས་གཞན་ནི་རང་
เล่ม ๑๘๔ · หน้า 116b
བཞིན་ཉིད་ཀྱིས་སོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལས་གཞན་པའི་རང་བཞིན་ནི། །དེ་ལས་གཞན་པའི་རང་བཞིན་ཉིད་ཀྱིས་མ་ཡིན་ནའོ། །དེའི་ཚེ་བདེན་པ་དེ་ཡང་དེ་ལས་གཞན་དུ་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ཏེ། དེས་ན་རྨི་ལམ་གྱི་ཤེས་པ་ནི་བདེན་པ་ལས་གཞན་
ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འདི་ཞེས་བྱ་བར་དགོངས་པ་ངེས་པར་འཛིན་པ་ལས་ཀྱང་བདེན་པ་ཉིད་ཡིན་པའི་ཕྱིར་དེ་དང་འགལ་བ་མི་ལྡན་པ་ཉིད་དུ་ཇི་ལྟར་འགྱུར། མངོན་སུམ་ལ་ནི་ཚད་མ་གཞན་གྱིས་གནོད་པ་ཡང་མ་ཡིན་ནོ་ཞེས་སྔར་རྒྱ་ཆེར་བཤད་ཟིན་ཏོ། །གཉིས་
པ་ལ་ཡང་འཐད་པ་དེ་ཉིད་བཤད་པ་ནི། དམིགས་བཞིན་ཉིད་ནི་ཞེས་བྱ་བའོ། །ཐམས་ཅད་དེ་ལྟར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི། གང་གིས་རེ་ཞིག་ཅུང་ཟད་ཁས་བླངས་པ་དེ་ལ་ཆད་པའི་གཙོ་བོ་ནི་འདི་ཡིན་ནོ། །ཐམས་ཅད་ལ་བསྙོན་འདེབས་པ་ཡང་གལ་ཏེ་ཚད་མ་ཅན་ཡིན་
ན་དེའི་ཚེ་འདིའི་གནོད་པའི་ཚད་མ་བཞིན་དུ་མངོན་སུམ་ཡང་ཚད་མ་ཉིད་ཡིན་ཏེ། དེའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །ཡང་ན་ནི་མཚན་ཉིད་གཞན་བརྗོད་དགོས་སོ། །མངོན་སུམ་ཚད་མ་མ་ཡིན་ན་ནི། ཚད་མ་གཞན་ཚད་མར་མི་འགྱུར་རོ་ཞེས་བྱ་བ་ཡང་སྔར་བསྒྲུབས་
ཟིན་ཏོ། །དེ་སྟེ་ཚད་མ་ཅན་མ་ཡིན་ན་དེའི་ཚེ་ཐམས་ཅད་འདོད་པ་ལ་རག་ལས་ནས་གྲུབ་པར་འགྱུར་རོ། །དེས་ན་གལ་ཏེ་ཀུན་རྫོབ་ཏུ་ཡང་གནོད་བྱེད་ཁས་ལེན་ན་གནོད་བྱེད་ཅི་ལྟ་བ་དེ་བཞིན་དུ་སྒྲུབ་པར་བྱེད་པ་ཡང་ཚད་མ་ཉིད་ཡིན་ནོ། །འོན་ཏེ་ཞེས་བྱ་བ་རྨི་ལམ་མི་བདེན་
ནོ་སྙམ་པའི་རྟོག་པ་འདི་ནིའོ། །སྐྱེས་མོད་ཀྱི་ཞེས་བྱ་བ་ནི་ལན་ནོ། །འདི་ལ་ཞེས་བྱ་བ་ནི་མི་བདེན་ནོ་སྙམ་པའི་རྟོག་པ་འདི་ལའོ། །དོན་མེད་པ་ཉིད་ཅེས་བྱ་བ་ནི། ཡུལ་དང་བྲལ་བ་ཉིད་དོ། །འདི་ལ་ཞེས་བྱ་བ་མི་བདེན་ནོ་སྙམ་པའི་རྟོག་པ་དམིགས་པ་མེད་པ་ལས་སོ། །དེས་ན་དེའི་མཚན་ཉིད་
ཁོ་ནས་དེ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །བརྟན་པ་ནི་མི་གཡོ་བའོ། །མི་སླུ་བ་ཅན་ནི་རྨི་ལམ་དུ་དམིགས་པ་རྣམས་སད་པར་རྗེས་སུ་འཇུག་པ་མེད་པའི་ཕྱིར་རོ། །རྨི་ལམ་མི་བདེན་ནོ་སྙམ་པའི་རྟོག་པ་ཅི་ལྟར་དོན་མེད་པ་ཡིན་ཏེ། ཡུལ་མེད་པ་ཉིད་དུ་ཅི་ལྟར་འགྱུར་ཞེས་བྱ་བའི་ཐ་
เล่ม ๑๘๔ · หน้า 117a
ཚིག་གོ། །དེ་ལྟར་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །མོད་ལ་ཞེས་བྱ་བས་ནི་ཁྲུས་བྱས་པར་སྣང་བ་རྒྱུན་གྱིས་རྗེས་སུ་འཇུག་པ་མེད་པར་བརྗོད་དོ། །དེས་ན་ཞེས་བྱ་བ་ནི་ཁྲུས་མ་བྱས་པར་སྣང་བའི་རྗེས་ཐོགས་སུའོ། །དེ་ལྟ་ཉིད་དུ་མི་སླུ་བའི་ཕྱིར་ཞེས་བྱ་བ་ནི་ཁྲུས་མ་བྱས་པར་སྣང་བ་རྒྱུན་དུ་འཇུག་པའི་ཕྱིར་
རོ། །དེས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དོན་ནི་འདི་ཡང་སད་པ་ལ་མཚུངས་སོ་ཞེས་བྱ་བ་ཡིན་ནོ། །སད་པ་ན་མཐོང་བའི་འདོད་པ་ལ་ཉེ་བར་སྤྱོད་པ་ནི་རྨི་ལམ་མཐོང་བ་ན་མོད་ལ་ལྡོག་པ་ཡིན་ནོ། །ལྡོག་པ་དེ་ལ་ནི་སླུ་བ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། །སྔར་ཡང་སྟེ་དུས་ཕྱིས་རྒྱུན་གྱིས་རྨི་ལམ་དུ་ལྡོག་པ་དེ་ཡང་
བཟློག་པའི་ཤེས་པའི་བདག་ཉིད་དེ་ནི་མཐོང་ཕྱིར་རོ། །དེ་རིགས་ཀྱི་ཕྱིར་རོ་དེས་ན་སད་པ་ན་མཐོང་བའི་ཆགས་པའི་གནས་སྐབས་ཀྱང་ཕྱིན་ཅི་ལོག་དུ་འགྱུར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་དེ་ལྟ་ན་ཡང་འདི་ནི་སད་པའི་གནས་སྐབས་ཡིན་ལ། དེ་ནི་རྨི་ལམ་གྱི་གནས་སྐབས་ཡིན་པའི་ཕྱིར། ཁྱད་པར་ཤིན་ཏུ་ཆེའོ་སྙམ་ན། རྨི་ལམ་
ཅིག་ཤོས་ཞེས་གསུངས་སོ། །ཅི་ལྟར་གྲུབ་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སླུ་བ་ལས་ནི་རྨི་ལམ་དུ་རྣམ་པར་གཞག་པ་གྲུབ་པ་ཡིན་ནོ་སྙམ་ན། སླུ་བ་དེ་ཉིད་ཁྱེད་ཀྱིས་རྨི་ལམ་ཡིན་པ་ཉིད་ལས་བསྒྲུབ་པར་བྱ་བ་མ་ཡིན་ནམ། རྨི་ལམ་ཡང་སླུ་བ་ལས་ཡིན་ཏེ། དེ་ལྟ་ཡིན་དང་། རྨི་ལམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སླུ་
བ་ལས་རྨི་ལམ་ཉིད་དུ་གྲུབ་ན། ཕན་ཚུན་བརྟེན་པ་ཡིན་ནོ། །དེས་ན་གྲུབ་པ་ཡོད་པ་མ་ཡིན་ནོ། །ཞེས་འབྲེལ་ཏོ། །རྨི་ལམ་གྱི་སླུ་བ་དེ་དང་རྗེས་སུ་མཐུན་པའི་རྒྱུ་ཡོངས་སུ་གྱུར་པ་མེད་པའི་མཚན་ཉིད་ཅན། དེ་ལ་ལྟོས་པ་མེད་པར་གྲུབ་པ་ཅི་འདྲ་བ། དེ་འདྲ་བ་ནི་རྨི་ལམ་ཐོབ་པར་གྱུར་པ་ན་སད་པར་མཐོང་བ་ལ་ཡང་ཡོད་
དོ་ཞེས་ནི་དེ་མ་ཐག་ཁོ་ནར་བསྟན་པ་ཡིན་ནོ། །དེས་ན་རྨི་ལམ་དང་རྨི་ལམ་མ་ཡིན་པ་གཉིས་ཁྱད་པར་མེད་དོ། །རྣམ་པ་གཞན་ཡང་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །འདི་ནི་མེད་ཅེས་བྱ་བའི་རྣམ་པར་རྟོག་པ་ལས་ཤེས་པ་གཞན་གྱིས་ནི་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་རྟོགས་པར་འགྱུར་བ་མ་ཡིན་གྱི།
འོན་ཀྱང་རྣམ་པར་རྟོག་པ་ཉིད་ཀྱིས་ཡིན་ནོ་འདི་ནི་མངོན་སུམ་གྱི་བྱེད་པའི་རྗེས་སུ་འབྲངས་པ་ཡང་མ་ཡིན་ཏེ། །མངོན་སུམ་ནི་མདུན་ན་གསལ་བའི་ཡོད་པའི་རང་བཞིན་དུ་གསལ་བར་བྱེད་ཀྱི་མེད་པའི་རང་བཞིན་དུ་ནི་མ་ཡིན་ནོ། །དེས་ན་མེད་པའི་རང་བཞིན་གྱི་རྗེས་སུ་བྱེད་པའི་རྣམ་པར་རྟོག་པ་ནི་ཡིད་
เล่ม ๑๘๔ · หน้า 117b
བརྟེན་པའི་ཡུལ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་རྟགས་ཀྱི་སྟོབས་ཀྱིས་སྐྱེད་པའི་ཕྱིར་རོ། །རྟགས་ཀྱི་ཁྱད་པར་འགའ་ཡང་མེད་པ་དེ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འདི་གཉིས་ལས་གཞན་དངོས་པོ་མེད་པ་ཅན་ནམ། ཐེ་ཚོམ་གྱི་དངོས་པོ་ཅན་གྱི་རྣམ་པར་རྟོག་པ་ཡང་དོན་གྱི་དེ་ཁོ་ན་རྣམ་པར་འཇོག་པའི་རྒྱུ་
མ་ཡིན་ནོ། །དེས་ན་རྗེས་སུ་འཛིན་པ་མེད་པའི་ཕྱིར་ན་རང་གི་རྒྱུད་འདི་ནི་རྟོགས་པ་ཙམ་ཡིན་ནོ། །འདིས་བསྒྲུབ་པའམ་བཀག་པའི་དོན་ལ་ནི་གུས་པ་ཡང་མེད་དེ། དེས་ན་དངོས་པོ་ལ་གནོད་པར་བྱེད་པ་བརྗོད་ཟིན་པའི་ཕྱིར་ན། ཡུལ་མེད་པ་ཉིད་དུ་གནས་པ་ཡིན་ནོ་ཞེས་གསུངས་པ་ནི་རྟོགས་པ་ཙམ་དུ་ཟད་དེ་དོན་ཡོད་པ་ནི་མ་
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐུན་མོང་བའི་མཚན་ཉིད་ཡིན་ནོ། །གཞན་དང་ཐུན་མོང་བའི་རང་བཞིན་རིག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་སྙམ་དུ། ཅི་རྟོགས་པ་འདི་གཅིག་པུ་དེ་ལྟར་འགྱུར་བ་ཡིན་ནམ། ཡུལ་མེད་པ་སྲིད་པར་ཡང་ཅི་ལྟར་འགྱུར་སྙམ་དུ་སེམས་ན། རྟོགས་པ་འདི་དག་ནི་ཞེས་གསུངས་ཏེ།
བརྟན་པ་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་ཡང་ཞེས་བྱ་བའི་དོན་ཏོ། །ཡུལ་མེད་པའི་ཕྱིར་ན། སྔོན་གལ་ཏེ་སྔོན་གྱི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཡང་མ་ཡིན་ན་ནི་དེའི་ཚེ་མི་འགྱུར་བ་ཁོ་ནའོ་སྙམ་དུ་དགོངས་པའོ། །ཁྱད་པར་གང་གིས་ཤེ་ན་ཞེས་བྱ་བའི་འདྲི་བའི་དོན་ནི་འདི་ཡིན་ཏེ། ཡུལ་མེད་པ་དང་བག་ཆགས་ཉེ་བ་
ནི་ཐམས་ཅད་ལ་ཐུན་མོང་བ་ཡིན་ནོ། །དེས་ན་འདི་ནི་མེད་དོ་སྙམ་པའི་རྣམ་པར་རྟོག་པ་གཞི་ངེས་པ་ཅན་དང་། རེས་འགའ་བར་ནི་ཅི་ལྟར་འགྱུར་ཞེས་བྱ་བའོ། །ལེན་དུ་དེ་ལ་སེམས་གཏད་པས་ཞེས་བྱ་སྟེ། རྨི་ལམ་དུ་མཐོང་བའི་དོན་བདེན་པ་དང་མི་བདེན་པ་ཉིད་དུ་སེམས་གཏད་པའི་རྟོགས་པ་པོའོ། །འདིས་ནི་གང་གི་གང་
ལ་སེམས་མ་གཏད་པ་དེའི་ཚེ་དེ་ལ་བསྒྲུབ་པའི་དང་དགག་པའི་རྣམ་པར་རྟོག་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །བདག་ཉིད་གཉིད་ཀྱིས་ཉམས་པར་བསམ་པས་ནི་རྨི་ལམ་དུ་མཐོང་བ་མ་དམིགས་ཀྱང་མེད་པར་ངེས་པ་མ་ཡིན་པའི་ཕྱིར་ཁྱད་པར་དུ་བྱེད་པ་ནི་རྟོགས་པ་པོས་སད་པའི་བདག་ཉིད་དུ་མངོན་པར་རློམ་
པ་ཅན་གྱིས་རྨི་ལམ་དུ་མཐོང་བ་གང་ཡིན་པ་དམིགས་པ་དེ་མེད་པའི་ཁྱད་པར་གྱིས་ངེས་པའི་དུས་དང་རྣམ་པ་ཅན་གྱི་རྟོགས་པར་འགྱུར་རོ། །ཉམས་པའི་ལུས་ནི་རྨི་ལམ་དུ་སྐྱེས་པའི་ལུས་སོ། །དེ་དོར་བས་སད་པར་མངོན་པར་རློམ་པ་ཡིན་ནོ། །དེ་ཡང་ཅི་ལྟར་སད་པར་མངོན་པར་རློམ་པ་ཉིད་ཡིན་གྱི་སད་པ་ཉིད་
เล่ม ๑๘๔ · หน้า 118a
མ་ཡིན་སྙམ་ན། །འདི་ཡང་ཞེས་གསུངས་ཏེ། བདག་སད་དོ་སྙམ་དུ་ཤེས་པ་ཡང་ངོ་། །དེ་ལྟར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སད་པར་རྟོགས་པའི་ཕྱིར་རོ། །བླུན་པོ་ཉིད་དེ་ཞེས་བྱ་བ་ནི་ཤེས་རབ་དང་བྲལ་བའོ། །དེའི་ཞེས་བྱ་བ་ནི་རྨི་ལམ་དུ་གནས་པ་དེས་སོ། །དེ་དག་རྣམས་ཞེས་བྱ་བ་ནི་
སད་པ་ན་དམིགས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། སད་པ་ན་དམིགས་པ་དེ་ལ། རྨི་ལམ་ན་གནས་པ་དེ་དག་དང་འབྲེལ་པའི་འགྲོ་བ་ལ་སོགས་པའི་གེགས་མ་ཡིན་པ་སྟེ། བར་ཆོད་མ་ཡིན་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སད་པ་ན་དམིགས་པའི་ར་བ་ལ་སོགས་པའི་གེགས་ཡོད་པ་མ་ཡིན་པའི་
ཕྱིར་མེད་པའི་སྒྲུབ་པར་བྱེད་པ་གཞན་གྱིས་ཅི་བྱ་སྙམ་དུ་དགོངས་པའོ། །འགྲོ་བ་ལ་སོགས་པའི་ཞེས་བྱ་བ་ནི་ཕྱེད་ཕྱི་མའི་རྣམ་པར་འགྲེལ་པའོ། །བྱ་བའི་སྒོ་ནས་ཞེས་བྱ་བ་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་པའོ། །རྟོགས་པས་བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་མི་བདེན་པ་ཉིད་ཀྱིས་སོ། །མི་བདེན་པ་ཉིད་དུ་ཞེས་བྱ་བ་ནི་ཉེ་
བར་མཚོན་པའོ། །བདེན་པ་ཉིད་དུ་ཡང་ངོ་། །དེ་ལྟར་རྣམ་པ་གཞན་གྱི་སྒོ་ནས་རྨི་ལམ་ལ་མི་བདེན་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བསྟན་ནས། རང་གིས་བརྗོད་པའི་རྣམ་པས་མི་བདེན་པ་ཉིད་ཡིན་ནོ་ཞེས་བྱ་བར་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །མོད་ལ་འཇིག་པ་ནི་རྨི་ལམ་གྱི་གནས་སྐབས་ཉིད་དུ་སྟེ། བག་
ཆགས་བརྟན་པ་མེད་པའི་ཕྱིར་རོ། །དེས་ན་སད་པའི་གནས་སྐབས་ཉིད་དུ་རྗེས་སུ་འབྲེལ་པ་མེད་པས་དོན་བྱས་ཟིན་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་དད་པའི་ཐ་སྙད་མེད་པར་འགྱུར་རོ་སྙམ་དུ་དགོངས་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་པ་ཙམ་གྱིས་སོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་སྣང་བའི་དུས་སུ་ཡང་ངོ་། །
གང་གི་ཕྱིར་དེ་ལྟར་རྨི་ལམ་མི་བདེན་པ་ཉིད་དུ་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཡང་ན་ནི་ཞེས་བྱ་བ་ནི་བར་མ་དོའི་སྲིད་པ་མེད་པ་ལ་ལྟོས་ནས་མཇུག་སྡུད་པའོ། །དེས་ན་ཤེས་པ་ནི་འབྱུང་བ་ཆེན་པོ་ཙམ་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཏོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་། ལུས་དང་
སེམས་ཐ་མི་དད་པ་སུན་དབྱུང་བའི་དོན་དུ། གཞན་ཡང་ཞེས་གསུངས་སོ། །རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་ལོ་ཞེས་བྱ་བ་ནི་གཅིག་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཙམ་གྱི་སེམས་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བའི་རིག་པའི་རང་བཞིན་དུའོ། །དམིགས་པ་ཡིན་ན་ཞེས་བྱ་བ་ནི་གཏན་
เล่ม ๑๘๔ · หน้า 118b
ཚིགས་ཀྱི་ཚིག་སྟེ། གང་གི་ཕྱིར་དམིགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྡུལ་ཕྲ་རབ་རྣམས་ནི་དམིགས་པར་བྱ་བ་མ་ཡིན་པས་ན། །དེ་དག་ནི་རིག་པའི་རང་བཞིན་མ་ཡིན་ནོ། །སྙམ་དུ་དགོངས་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དམིགས་པར་འགྱུར་རོ་
ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་རྡུལ་ཕྲ་རབ་དག་ལ་གནས་པའི་ཕྱིར་ཏེ་འདུ་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དག་དེ་ལྟར་ཅི་སྟེ་ཐལ་སྙམ་ན། རྡུལ་ཕྲ་རབ་ལ་རེག་པས་ཏེ། །རྒྱུའི་དངོས་པོ་ཉིད་དུ་བརྟེན་པས་ཏེ་དེའི་ཕྱིར་རོ། །གཏན་ཚིགས་འདི་གཉིས་ཀྱིས་
ནི་རྡུལ་ཕྲ་རབ་རྣམས་འདུ་བ་ཅན་གྱི་རྒྱུར་བརྗོད་པ་ཡིན་ནོ། །དེས་ན་དེ་དག་རིག་པར་བྱེད་པ་མ་ཡིན་ན། །ཡན་ལག་ཅན་དེ་རིག་པ་ཡིན་པར་ག་ལ་འགྱུར། །འདུ་བ་ཅན་གྱི་རྒྱུའི་ཡོན་ཏན་ནི་འབྲས་བུའི་རྫས་ཀྱི་ཡོན་ཏན་རྩོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྐུད་པ་དཀར་
པོ་ལ་འདུས་པའི་སྣམ་བུ་ནི་དམར་པོར་རིགས་པ་མ་ཡིན་ནོ། །དེས་ན་ཡན་ལག་ཅན་ཁས་བླངས་ཀྱང་ཐལ་བར་འགྱུར་བ་ནི་བཟློག་པར་དཀའོ། །གནས་པའི་འདུ་བའོ། །འདིས་ནི་རྡུལ་ཕྲ་རབ་རྣམས་རྒྱུ་བ་ཙམ་ཡིན་གྱི། །འདུ་བ་ཅན་གྱི་རྒྱུ་ནི་མ་ཡིན་ནོ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །
འབྲས་བུ་རྒྱུ་ཙམ་གྱི་རྗེས་སུ་འགྲོ་བ་ཡང་མ་ཡིན་ཏེ། ཐགས་མཁན་དང་སྣམ་བུ་ལ་སོགས་པ་བཞིན་ནོ། །དེས་ན་ཇི་སྐད་བརྗོད་པའི་ཐལ་བ་མེད་དེ། འོ་ན་འདུ་བ་ཅན་གྱི་རྒྱུ་གང་ཡིན་ཞེ་ན། གདོན་མི་ཟ་བར་གཞན་གྱི་ལུགས་ཀྱི་རྗེས་སུ་འཇུག་པ་མ་ཡིན་ནོ་སྙམ་དུ་སེམས་པའོ། །
དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་འདི་འདྲ་བ་རྒྱུ་འཇུག་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས་ལས་ཡན་ལག་ཅན་གྱི་རྫས་སྐྱེས་སོ་ཞེས་ཅི་ལྟར་རྟོགས་ཏེ། །དེ་དག་ནི་ཤེས་པ་མ་ཡིན་པ་ཉིད་ཀྱི་རང་ལས་ཡན་ལག་ཅན་སྐྱེས་པར་རྟོགས་མི་ནུས་པའི་ཕྱིར་རོ། །ཡན་
ལག་ཅན་གྱི་རང་བཞིན་གྱི་རིག་པ་གཞན་དུ་གྱུར་པས་རིག་པར་འགྱུར་ན། དེ་ཡང་མ་ཡིན་ནོ་ཞེས་རང་རིག་པ་ནི་ཞེས་བྱ་བའོ། །ཤེས་པ་ཉིད་ཀྱི་རང་རིག་པ་ལས་མ་འདས་པའི་ཕྱིར་རོ། །རང་གི་ངོ་བོ་རིག་པ་ལས་མ་འདས་པའི་ཕྱིར། རང་གི་ངོ་བོ་རིག་པའི་དབང་
เล่ม ๑๘๔ · หน้า 119a
གིས་རང་གསལ་བར་རྟོགས་པར་འགྱུར་གྱི་གཞན་གྱི་ནི་གཏམ་ཡང་རིག་པ་མ་ཡིན་ནོ། །དེས་ན་ཡན་ལག་ཅན་རིག་པའི་རང་བཞིན་ཡིན་ཡང་རང་ཉིད་རྡུལ་ཕྲ་རབ་དག་ལས་སྐྱེ་བར་རིག་པར་ཇི་ལྟར་ཤེས། འདི་མི་བཟོད་པས་གཞན་འོན་ཏེ། །ཞེས་སྨྲས་སོ། །
དེས་ན་རང་རིག་གི་རིག་པའི་ཕྱོགས་ལ་བརྗོད་པ་ནི་ཉེས་པ་མེད་དོ་སྙམ་དུ་བསམས་པའོ། །གྲུབ་པའི་མཐའ་ནི་དེ་ལྟ་ན་ཡང་ཡན་ལག་ཅན་གྱིས་རང་ཉིད་རྡུལ་ཕྲ་རབ་རྣམས་ལས་སྐྱེས་པར་ཤེས་པར་ནུས་ཞེས་བྱ་བའི་སུན་འབྱིན་པ་གཞག་ནས། ཚུལ་ཆུང་ངུས་རང་རིག་པ་
ཉིད་དོ་ཞེས་བྱ་བས་བསྒྲུབས་པ་ནི། འོ་ན་ཅི་ལྟར་ཞེས་བྱ་བའོ། །སྔོན་པོ་མྱོང་བ་ལས་སྔོན་པོ་ལྟར། བདེ་བ་ཡང་བདེ་བ་ཉམས་སུ་མྱོང་བ་ལས་ལོགས་སུ་གཞན་དང་ཐུན་མོང་དུ་གྱུར་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཁོ་བོ་ཅག་གི་བདེ་བ་ནི་འདི་ཉིད་དེ། སིམ་
པར་རིག་པ་ཞེས་བྱ་བ་གང་ཡིན་པའོ་སྙམ་དུ་དགོངས་པའོ། །གཞན་འདོད་པ་ཙམ་སྨྲ་བ་ནི་གཞན་དུ་གྱུར་པ་ཉིད་ཅེས་བྱ་བའོ། །བདེ་བ་དེ་ལྟར་ཏེ། རིག་པ་ཅན་རྣམས་ཀྱི་ལྟར་ན་ནི་བདག་གི་ཡོན་ཏན་ཡིན་པའི་ཕྱིར་ན། དོན་གཅིག་ལ་འདུ་བ་ཅན་གྱི་རྣམ་པར་རིག་
པ་ཡིན་ནོ། །ཐུན་མོང་དུ་སུན་འབྱིན་པ་བརྗོད་པ་ནི། གཞན་དུ་འགྱུར་བ་ཉིད་རིག་ན་ནི་ཞེས་བྱ་བའོ། །མ་དམིགས་པའི་ཕྱིར་ན་གཞན་རིག་པ་ནི་མེད་པ་ཉིད་དོ་སྙམ་དུ་དགོངས་པའོ། །འོ་ན་ཅི་ཞིག་རིག་སྙམ་ན། གང་ལ་རིག་པའི་བདེ་བ་དེ་ཉིད་རིག་པ་ཡིན་ནོ། །བདེ་བ་
ལ་སོགས་པའམ། སྔོན་པོ་ལ་སོགས་པ་འདི་དག་ནི་བདག་ཉིད་དུ་མ་གྱུར་པ་ཡང་མ་ཡིན་ཏེ། དེས་ན་དེ་ཉིད་རིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རིག་པར་མཐོང་ངོ་། །གལ་ཏེ་གང་ལ་བྱེད་པ་པོའི་ཆོས། རིག་པའི་བྱེད་པ་རྣམ་པར་གནས་པ་རིག་པར་བྱེད་པ་ནི་རིག་བཞིན་པ་དེ་གཉིས་
ལས་གཞན་ཁོ་ན་མ་ཡིན་ནམ་སྙམ་དུ་དོགས་པ་ལ། གཞན་དུ་གྱུར་པ་ཞེས་གསུངས་སོ། །ངེས་པར་བརྟགས་བཞིན་པའི་རིག་པར་བྱེད་པ་ལ་ལྟོས་ནས་གཞན་དུ་གྱུར་པའོ། །རིག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གསལ་བའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ།
เล่ม ๑๘๔ · หน้า 119b
གལ་ཏེ་དེ་དག་གསལ་བ་ཡིན་ན། དེ་ཙམ་གྱིས་རིག་པར་བྱེད་པའི་ཐ་སྙད་རྫོགས་པའི་ཕྱིར། རིག་པར་བྱེད་པ་གཞན་གྱིས་ཅི་བྱ། རྫ་མ་ལ་རྫ་མཁན་བཞིན་དུ། རིག་པར་བྱེད་པ་ཐ་དད་པའི་བྱེད་པ་ཡང་ཚད་མས་གྲུབ་པ་ནི་མེད་དོ། །དེ་འདྲ་བ་རྟོགས་ན་ནི་རྟོག་པ་
མཐར་ཐུག་པར་ཡང་མི་འགྱུར་རོ་ཞེས་བྱ་བའོ། །ལུས་ཉིད་དོ་ཞེ་ན། ཞེས་བྱ་བ་ཚུ་རོལ་མཛེས་པ་པའི་དོགས་པའི་དོན་ནི་འདི་ཡིན་ཏེ། རྫ་མ་ལ་རྫ་མཁན་ལྟར། རིག་པ་ལ་ཡང་ལུས་ཉིད་བྱེད་པར་འཇུག་པར་དམིགས་སོ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་
བ་ནི་དགག་པའོ། །བདེ་བ་དང་སྔོན་པོ་ལ་སོགས་པ་མ་གཏོགས་པ་ནི་ལུས་ཞེས་བྱ་བ་ཡོད་པ་མ་ཡིན་ལ། བདེ་བ་དང་སྔོན་པོ་ལ་སོགས་པ་དེ་ནི་དམིགས་པར་བྱ་བ་ཉིད་དུ་ངེས་པའི་ཕྱིར། དམིགས་བྱེད་ཉིད་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་
ཞེས་འབྲེལ་ཏོ། །དེ་ལྟ་ཉིད་ཅེས་བྱ་བ་ནི་དམིགས་པར་བྱེད་པ་ཉིད་དོ། །དབང་པོ་ནི་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །བོང་བ་ཞེས་བྱ་བ་ནི་ལེན་ནོ། །དེ་ལྟ་ན་ཞེས་བྱ་བ་ནི་དམིགས་བྱེད་ཉིད་དོ། །ཤིན་ཏུ་བསྐལ་པ་ཉིད་ཀྱིས་ན་འཇིག་
རྟེན་ཕ་རོལ་ལ་སོགས་པ་ལྟར་མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །དེ་ནུས་དངོས་ན་ཞེས་བྱ་བ་ནི་དབང་པོའོ། །མ་རྟོགས་པར་དེ་མ་ཤེས་པར་ནུས་པ་དེ་ཅི་ལྟར་ན། དེ་ལྟར་ཞེས་བྱ་བར་ཡོད་པར་འགྱུར་བ་དེ་མ་ཐག་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་མིག་ལ་
སོགས་པ་ཞེས་བྱ་བའོ། །དངོས་པོ་ཀུན་གྱི་ནུས་པ་ནི། །འབྲས་བུའི་དོན་གྱིས་གོ་བའི་ཡུལ། །ཞེས་བྱ་བའི་བསམ་པས་སྨྲ་བ་ནི། འབྲས་བུའི་སྒོ་ནས་ཞེས་བྱ་བ་ཡིན་ནོ། །འདིས་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ལས་ཁྱད་པར་ཡོད་པ་བསམས་པའོ། །
ལན་ནི་དེ་དག་གི་འབྲས་བུ་ཞེས་བྱ་བའོ། །མིག་ལ་སོགས་པ་དེ་དག་གིའོ། །གཞན་གྱིས་བདེ་བ་ལ་སོགས་པ་དང་གཟུགས་ལ་སོགས་པ་དམིགས་པའི་ཞེས་སྨྲས་སོ། །དེ་ཡང་ཞེས་བྱ་བ་ནི་ལན་ནོ། །དམིགས་པ་ནི་ཤེས་པ་ཡིན་ལ་དེ་ཡང་ཁྱོད་ཀྱི་ལྟ་བས་ནུས་
เล่ม ๑๘๔ · หน้า 120a
པའི་རང་བཞིན་ཁོ་ན་ཡིན་ནོ། །དེས་ན་མ་དམིགས་པ་དེ་ལས་མིག་ལ་སོགས་པ་ཅི་ལྟར་འགྲུབ། གང་གི་ཕྱིར་དེ་ལྟར་མིག་ལ་སོགས་པ་དང་། དམིགས་པའི་ནུས་པ་ཡང་དམིགས་པ་མ་ཡིན་པ་དེས་ན་ལྷག་མར་གྱུར་པས་གཟུགས་ལ་སོགས་པ་དམིགས་པ་
ཡིན་པར་འགྱུར་རོ། །དེ་དག་ཉིད་ལས་རྣམ་པར་ཤེས་པའི་མཚན་ཉིད་ཀྱིས་ནུས་པ་ངེས་པར་འགྱུར་རོ་སྙམ་ན། དེ་དག་ནི་ཞེས་བྱ་བ་གསུངས་སོ། །གང་གིས་དབང་པོ་ཉིད་བདེ་བ་ལ་སོགས་པ་དང་གཟུགས་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་རིག་པར་བྱེད་པ་ཉིད་ཡིན་
པར་བརྟགས་པ་རྣམ་པར་ཤེས་པའི་ནུས་པ་གང་ལས་དབང་པོ་ངེས་པར་འགྱུར་བ་དེ་དག་ནི་རྣམ་པར་ཤེས་པའི་འབྲས་བུ་མ་ཡིན་ནོ། །འོ་ན་ནི་གང་ལས་དངོས་སུ་མིག་ལ་སོགས་པ་ངེས་པར་འགྱུར་བ་གཟུགས་ལ་སོགས་པ་ཉིད་ནི་མིག་ལ་སོགས་པའི་འབྲས་བུར་འགྱུར་རོ་སྙམ་ནས་མིག་
ལ་སོགས་པའི་ཞེས་གསུངས་སོ། །སྔ་ན་ནི་མིག་ལ་སོགས་པའི་བྱེད་པ་ལས་སོ། །གཟུགས་ལ་སོགས་པ་རྣམས་ལས་མེད་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་འབྲས་བུ་ལ་ཡང་ཐལ་བ་འདི་ཉིད་ཡིན་ནོ། །དེ་ལྟར་ནི་འདོད་པ་མ་ཡིན་ནོ། །གང་གིས་སྔར་མེད་པར་ཐལ་བར་
འགྱུར་བ། གཟུགས་ལ་སོགས་པ་ཉིད་ནི་རྣམ་པར་ཤེས་པའི་འབྲས་བུ་མ་ཡིན་གྱི། འོན་ཀྱང་གནས་སྐབས་ཀྱི་ཁྱད་པར་ཡང་ཡིན་ནོ་ཞེས་བྱ་བ་དཔྱོད་པ་ལ་སོགས་པ་དང་ཐུན་མོང་བའི་ལན། རིག་པ་གཞན་གང་ཡིན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གནོད་པར་བྱེད་པའི་དོགས་པ་བསུ་བ་ནི། དམིགས་
པའི་གནས་སྐབས་ཞེས་བྱ་བའོ། །ལན་ནི་རྡུལ་ཕྲ་རབ་སོ་སོར་ཞེས་བྱ་བའོ། །ཕྱིས་དོན་ལ་གནས་པ་ལ་ནི། ཡན་ལག་ཅན་གཞན་མི་འཐད་པ་རྡུལ་ཕྲ་རབ་རྣམས་ཉིད་ཡོད་པ་ཡིན་པའི་ཕྱིར་ན། མིག་ལ་སོགས་པའི་འབྲས་བུ་དམིགས་པའི་གནས་སྐབས་ནི་རྡུལ་ཕྲ་རབ་དག་ལས་ཐ་མི་དད་པ་ཡིན་པའི་
ཕྱིར། རྡུལ་ཕྲ་རབ་མཐའ་དག་གསལ་བར་འགྱུར་རོ། །དེས་ན་རང་རིག་གི་རང་བཞིན་དུ་རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་ལོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་ན་རིག་པར་བྱེད་པའི་ཐ་དད་པའི་འབྲས་བུ་དམིགས་པའི་གནས་སྐབས་ནི་ཡོད་པ་མ་ཡིན་ནོ་
เล่ม ๑๘๔ · หน้า 120b
སྙམ་དུ་དགོངས་པའོ། །འདིའི་ཕྱིར་ཡང་འབྲས་བུ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཁྱད་པར་མེད་པའོ་ནི་ཞེས་བྱ་བའོ། །སྔ་མ་ཁོ་ན་བཞིན་དུ་གནས་པའི་ཡུལ་ལ་ནི་གནས་སྐབས་ཀྱི་ཁྱད་པར་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་མེད་པ་ལ་ནི་ཁྱད་པར་ཡོད་པ་
མ་ཡིན་ནོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ། །ཁྱད་པར་སྲིད་པར་ནི་ཁས་བླང་བར་བྱར་ཡང་མི་རིགས་སོ་ཞེས་བརྗོད་པ་ནི། ཁྱད་པར་ཡོད་ན་ནི་རང་ཉིད་རིག་པར་ཐལ་ལོ་ཞེས་བྱ་བའོ། །སྔར་གྱི་བེམས་པོའི་རང་བཞིན་སྤངས་པའི་ཕྱིར་གསལ་བར་སྐྱེས་པ་ཡུལ་
ཡིན་པས་ན་རང་རིག་པར་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ཉིད་བརྗོད་པར་འགྱུར་ལ། དེ་ལྟ་ན་ཡང་དེ་ཉིད་ཤེས་པ་ཡིན་གྱི་དེ་ལས་ཤེས་པ་གཞན་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །དེ་ལྟར་ཁྱད་པར་གཞན་མ་ཡིན་པའི་ཕྱོགས་ལ་ཉེས་པ་བརྗོད་ནས་ཐ་དད་པའི་ཕྱོགས་ལ་ཉེས་པ་བརྗོད་
པའི་དོན་དུ་གཞན་གྱི་དོགས་པ་བསུ་བར་བྱེད་པ་ནི་ནུས་པ་དང་ཞེས་བྱ་བའོ། །རྣམ་པར་ཤེས་པའི་ནུས་པ་དང་ལྷན་ཅིག་སྐྱེས་པའོ། །ཚུ་རོལ་མཛེས་པ་པའི་ལྟར་ན་ནི་ནུས་པའི་སྒྲ་གཙོ་བོར་ཡིན་ལ། ལུགས་གཞན་གྱི་ལྟར་ན་ནི་ཤེས་པ་དང་ལྷན་ཅིག་པ་ལ་རྟོགས་པར་བྱ་
བའོ། །ཤེས་པ་དང་ཡུལ་ད་ལྟར་སྐྱེས་པ་ཞེས་བྱ་བ་ཉིད་ཁྱད་པར་ཡིན་ནོ། །དེས་ན་ཡུལ་རང་རིག་པར་ཐལ་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ན་ནི་འོ་ན་ཤེས་པ་སྐྱེ་བ་དང་ལྷན་ཅིག་པའི་ཡུལ་གྱི་གནས་སྐབས་ཀྱི་ཁྱད་པར་ཐ་དད་པ་ཤེས་པ་གྲུབ་པའི་སྒྲུབ་བྱེད་ཡིན་ན། ཤེས་པ་
མ་གྲུབ་པར་ནི་ཤེས་པ་སྐྱེ་བ་དང་བཅས་པར་འགྲུབ་པ་མ་ཡིན་ནོ་སྙམ་དུ་བསམས་ནས། དེ་ནི་མི་རིགས་ཏེ་ཞེས་གསུངས་སོ། །དེར་ཞེས་བྱ་བ་ནི་ལན་ཅིག་པ་ཉིད་དུའོ། །མ་གྲུབ་པ་ཞེས་བྱ་བ་ནུས་པ་དང་ལྷན་ཅིག་པ་ཉིད་མ་གྲུབ་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །
རང་རིག་པ་ཉིད་ཅེས་བྱ་བ་ནི་རང་རིག་པ་མ་ཡིན་པའོ། །འདི་ཉིད་བརྟན་པར་བྱེད་པ་སྨྲས་པ་ནི་རྣམ་པར་ཤེས་པ་བདེ་བ་ལ་སོགས་པའོ། །གལ་ཏེ་ཤེས་པ་འདི་འདུ་བའི་སྒྲུབ་པར་བྱེད་པ་ཅན་ནམ། རང་གིས་བྱས་པ་ཡིན་གྲང་དེ་ལ་རང་གིས་བྱས་པ་ཡིན་ན་ནི་ཐུན་མོང་མ་ཡིན་
เล่ม ๑๘๔ · หน้า 121a
པ་ཉིད་ཀྱིས་ཐ་དད་པ་མེད་པའི་སྒྲུབ་བྱེད་མ་ཡིན་ནོ། །འཇིག་རྟེན་ནི་བདེ་བ་ཞེའམ་སྡུག་བསྔལ་གྱི་གཟུགས་ཀྱི་སྒྲའི་ཤེས་པ་ཞེས་རྟོགས་པ་ཡིན་ནོ། །ཡང་ན་རྟོགས་པ་འདིར་འགྱུར་མོད། དེ་ལྟ་ན་ཡང་སྐྱེས་བུ་དབྱུག་པ་ཞེས་བྱ་བ་བཞིན་དུ་ཐ་དད་
པ་ལ་ཡང་འགྱུར་རོ་སྙམ་ན། འདི་ལ་བཤད་པ་ནི་གཞི་མཐུན་པ་ནི་ཞེས་བྱ་བའོ། །གཙོ་བོ་མ་ཡིན་པ་བཀག་པ་ན་ཅི་ནས་ཀྱང་གཞི་མཐུན་པ་གཙོ་བོ་ཉིད་དུ་འགྱུར་བར་བྱ་བའི་ཕྱིར་རོ། །གཙོ་བོ་དང་བཏགས་པའི་དབྱེ་བ་ལས་གཞན་མེད་ཅེས་བཤད་དོ། །དཔེར་བརྗོད་
པ་གཉིས་ནི་ཅི་རིགས་པར་ཡིན་ནོ། །དེ་ལ་གཙོ་བོ་མ་ཡིན་པ་འགོག་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་གཙོ་བོ་མ་ཡིན་ནའོ། །འདིར་ཞེས་བྱ་བ་བདེ་བ་ཤེས་པར་བྱ་བ་འདིར་ནི་ཅིའི་ཕྱིར་མ་གྲུབ་སྙམ་ན། གཟུགས་ལ་སོགས་པའི་རང་བཞིན་ལས་ཞེས་གསུངས་སོ། །འདིས་
ནི་གལ་ཏེ་ཡང་འཇིག་རྟེན་ཕལ་ཆེར་གཞི་མཐུན་པའི་ཐ་སྙད་མི་བྱེད་པ་དེ་ལྟ་ན་ཡང་རྣམ་པར་དཔྱོད་པ་དང་ལྡན་པའི་ཐ་སྙད་ཡོད་པ་ཉིད་དེ། རྣམ་པར་དཔྱོད་པ་དང་ལྡན་པའི་འཇིག་རྟེན་ལ་འདུ་བའི་རྒྱུ་མཚན་ཅན་གྱི་རྟོགས་པ་འདི་ནི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། །རང་གི་གཞུང་ལུགས་ཙམ་དུ་
ཟད་པའི་ཕྱིར་རྩོད་པ་དང་པོ་ཡང་ཐག་བསྲིང་བ་ཡིན་ནོ། །གཞན་གྱི་དཔེ་འདི་ཉིད་ཀྱིས་ཞེས་སྨོས་སོ། །ཁྲེའུ་འབོད་དེ་ཞེས་བྱ་བ་ལ་སོགས་པ་ཉིད་ཀྱིས་སོ། །གང་གཞི་མཐུན་པ་དེ་ནི་ཐ་དད་པའི་རྒྱུ་མཚན་ཉིད་དེ། དཔེར་ན་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །
ཨུཏྤལ་སྔོན་པོ་ཞེས་བྱ་བ་ལ་ཡང་འཇུག་པའི་རྒྱུ་མཚན་ཐ་དད་པའི་ཡོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐུན་མོང་གིས་མ་ངེས་པ་ཉིད་ཀྱིས་ནའོ། །དེ་ཉིད་བརྗོད་པ་ནི་གྲངས་ཅན་པ་
རྣམས་ཞེས་བྱ་བའོ། །ལུགས་འདི་ནི་མི་རིགས་ཏེ། སེམས་པ་དང་ལྡན་པས་སེམས་པ་ཅན་དུ་རིགས་པའི་ཕྱིར་རོ་ཞེ་ན། རེ་ཞིག་འདི་འདྲ་བའི་ངག་གིས་ཐ་སྙད་ལ་ཐ་དད་པ་ལ་མི་ལྟོས་པའི་གཞི་མཐུན་པ་ནི་མཐོང་བ་ཡིན་ནོ་ཞེས་བྱ་བ་ཉིད་དུ་སྐབས་སུ་བབ་པ་ཡིན་ནོ། །འོན་ཏེ་འཐད་པའི་
เล่ม ๑๘๔ · หน้า 121b
ཁྱད་པར་ཅན་གཞི་མཐུན་པའི་རྒྱུ་ཡིན་ན། འོ་ན་ནི་ཅི་སྲིད་ཐ་དད་པའི་ཤེས་པ་མ་གྲུབ་པ་དེ་སྲིད་དུ་འཐད་པ་ཉིད་མ་ཡིན་ལ། །ཅི་སྲིད་འཐད་པ་ཉིད་མ་ཡིན་པ་དེ་སྲིད་དུ་ཡང་ཐ་དད་པའི་ཤེས་པ་མ་གྲུབ་པའི་ཕྱིར་ཕན་ཚུན་བརྟེན་པས་ན་གཏན་ཚིགས་ཁྱད་པར་མ་གྲུབ་པར་འགྱུར་རོ་སྙམ་དུ་དགོངས་པའོ། །དེའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་རིགས་པ་ནི་དེ་ལྟར་ཁས་བླང་བར་རུང་བ་ཉིད་ཀྱིས་ཁྱད་པར་བརྗོད་པ་ཡིན་ནོ། །དཔེར་ན་ཟླ་བ་སྔོན་པོ་ཉིད་དུ་རིག་པའི་སྔོན་པོའི་བཞིན་ནོ་ཞེས་དཔེ་ནི་ཟླ་བ་ཁོ་ནའོ། །ཕྱོགས་ཀྱི་ཆོས་ཉེ་བར་སྡུད་པ་བརྗོད་པ་ནི། གོམས་ལས་ཞེས་བྱ་བའོ། །དེ་ལྟར་གྱུར་པའི་གཟུགས་ལ་
སོགས་པས་ཞེས་བྱ་བ་ནི་གསལ་བཞིན་པའི་གཟུགས་ལ་སོགས་པ་ཉིད་ལ་རིག་པ་གནས་པར་ཤེས་པར་འགྱུར་བ་ཉིད་དོ། །གཟུགས་ལ་སོགས་པ་ལ་ནི་རང་གི་ངོ་བོར་གྱུར་པ་ཉིད་རིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་གཟུགས་ལ་སོགས་པ་ནི་རང་གི་ངོ་བོར་གྱུར་པ་ཉིད་རིག་པར་ཁས་བླང་བར་
བྱའོ་ཞེས་ཚད་མའི་འབྲས་བུ་དཔག་པར་བྱའོ། །གལ་ཏེ་ཡོངས་སུ་མཐོང་བཞིན་པའི་གཟུགས་ལ་སོགས་པ་ཉིད་རང་རིག་པའི་རང་བཞིན་ཡིན་ན། འོ་ན་ནི་དེའི་གཞན་དེ་ལྟར་མི་རིགས་ཏེ། རིག་པ་དེའི་རང་བཞིན་ཡིན་པས་ན་དེར་ཞུགས་པའི་ཕྱིར་རོ། །རྣམ་པ་མེད་པའི་སེམས་གཞན་ཉིད་ཡིན་ན་ནི་
མ་ལོང་བ་བཞིན་དུ་ཁྱད་པར་ཐམས་ཅད་ལ་རེག་པར་འགྱུར་རོ་སྙམ་ན། གཟུགས་སོགས་ཞེས་གསུངས་སོ། །འཕོ་བ་ནི་འདྲེ་བ་སྟེ། དེའི་བདག་ཉིད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། གོམས་པ་ལས་ཞེས་གསུངས་སོ། །ཡོངས་སུ་མཐོང་བཞིན་པའི་གཟུགས་ལ་སོགས་
པའི་རང་རིག་པ་ཡང་སྔོན་གྱི་བག་ཆགས་ཀྱི་སྟོབས་ཉིད་ལས་ཡིན་པས་གཞན་ལ་ཡང་དེ་འགྱུར་བ་གང་གིས་ཟློག་པར་བྱེད་པ་རྣམ་པ་མེད་པ་གཞན་གྱིས་ཡོད་ཀྱང་དངོས་པོ་ལ་ཅི་ཞིག་བྱུང་ན། གང་གིས་དེ་གསལ་བར་འགྱུར་དཔེར་ན་དངོས་པོ་མེད་པ་ཡོད་ཀྱང་དངོས་པོ་ལ་ཅི་ཡང་མ་ཡིན་པ་
བཞིན་ནོ། །འདི་ཡང་། གལ་ཏེ་སྔོ་སོགས་གསལ་བ་ནི། །ཁྱེད་ལ་རྣམས་གཞན་གྱིས་ཅི་བྱ། །འོན་ཏེ་སྔོ་སོགས་མི་གསལ་ན། ཁྱེད་ལ་རྣམས་གཞན་གྱིས་ཅི་བྱ། །ཞེས་དཔྱོད་པར་འགྱུར་རོ། །འོ་ན་ཕྱིའི་དོན་ལ་གནས་ནས་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ན། ཅི་ལྟར་གོམས་པ་ལས་
เล่ม ๑๘๔ · หน้า 122a
ཞེས་བརྗོད་ཅེ་ན། བག་ཆགས་ཀྱི་ནུས་པ་ནི་རྣམ་པ་ཙམ་ལ་ཡིན་ཏེ། དོན་མེད་པའི་ཤེས་པ་ལ་ཡང་མཐོང་བའི་ཕྱིར་རོ། །གང་དུ་དོན་ཡོད་པར་ལྷག་པར་མོས་པ་དེར་ནི་ཚོགས་པ་ཁོངས་སུ་གཏོགས་པའི་དོན་ཡང་སྐྱེད་བྱེད་དང་། རང་གི་རྣམ་པར་གཏོད་
པར་བྱེད་པ་ཡིན་ནོ། །ཞེས་རྣམ་པར་གཞག་གོ། །བག་ཆགས་ཀྱིས་ནུས་པ་ནི་དེ་ཉིད་ཀྱི་ཕྱིར་ཤེས་པ་ལ། རིགས་ཀྱི་དབྱེ་བ་ཚད་མ་དང་། ཅིག་ཤོས་ཀྱིས་བྱས་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གྱིས་བྱས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་དེ་ཁོ་ནར་ནི་སྣ་
ཚོགས་ཀྱི་རྣམ་པར་ནི་གོམས་པ་ཁོ་ན་ལས་ཡིན་པའི་ཕྱིར་ན། གོམས་པ་དེ་ཉིད་རབ་ཏུ་སོན་པ་ན་སྐབས་ཀྱི་ཐམས་ཅད་མཁྱེན་པའི་འབྲས་བུའི་མཐར་ཐུག་པ་སྒྲུབ་པར་བྱེད་དོ་ཞེས་སྟོན་པ་ནི་རྣམ་པར་ཤེས་པ་དམིགས་པ་མ་གཏོགས་པར་ནི་ཞེས་བྱ་བའོ། །དམིགས་པ་ནི་
གཞན་གྱི་མི་འཐད་པས་ན་རྣམ་པའི་མིང་ཅན་རང་གི་ཆ་ཉིད་ཡིན་ཏེ། གང་ལ་ཡུལ་གྱི་ཐ་སྙད་དུ་བྱེད་པའོ། །དེ་མ་གཏོགས་པར་ནི་དེ་དོར་ནས་སོ། །གཞན་དང་ཞེས་བྱ་བ་ནི་རྣམ་པ་མེད་པ་བརྟག་པ། ཐ་དད་པ་དང་ངོ་འདྲེ་བར་འགྱུར་བ་ནི་དེའི་བདག་ཉིད་ཀྱིས་འདུ་བ་སྟེ།
དེ་ལྟར་ན་མ་ཡིན་པའོ། །དོན་འདི་ཡིན་ཏེ། གང་གིས་ཤེས་པ་ཞེས་བྱིས་པ་ཡན་ཆད་ལ་གྲགས་པའི་དངོས་པོ་དེ་ནི་ཡོངས་སུ་གསལ་བཞིན་པ་རྣམ་པའི་ཚོགས་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་སྤྱིའི་ཚུལ་བརྗོད་ནས་ཁྱད་པར་ལ་སྦྱོར་བ་ནི་དེས་
ན་བདེ་བ་ལ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ནང་དུ་ཡོངས་སུ་གསལ་བའི་ཕྱིར། །ཐོག་མར་བརྗོད་དོ། །གོམས་པ་ལས་བདེ་བ་ལ་སོགས་པས་རང་བཞིན་དུ་གྱུར་པའི་ཤེས་པ་ཉིད་གཟུགས་ལ་སོགས་པའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །གཟུགས་ལ་སོགས་
པ་དང་འདྲེས་པར་གྱུར་པ་ཞེས་བྱ་བ་ནི་གོམས་པ་དེ་ཉིད་ལས་གཟུགས་ལ་སོགས་པ་ཐམས་ཅད་ཀྱི་བདག་ཏུ་གྱུར་པ་ཡང་། གཞན་གྱི་བདེ་བ་ལ་སོགས་པའི་བདག་ཉིད་དུ་འགྱུར་ཏེ། རྣམ་པ་ཅི་ཞིག་ལྟར་དེའི་རྣམ་པའི་རྗེས་སུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་
เล่ม ๑๘๔ · หน้า 122b
དོན་ཏོ། །འདི་ལྟར་ཕྲ་དང་རིགས་པ་དག་གིས་རགས་པ་རིམ་གྱིས་བརྗོད་པ་ཡིན་ནོ། །གང་གི་ཚེ་དེ་ལྟར་འགྱུར་སྙམ་ན། གོམས་པ་ལས་ཞེས་བྱ་བ་ནས། རྟོགས་པ་ནས་ཞེས་བྱ་བའི་མཐར་ཐུག་པ་བརྗོད་དོ། །གཞན་གྱི་བདེ་བ་ལ་སོགས་པའི་རྣམ་པ་མཐའ་
དག་རྟོགས་པ་ནི་ཆ་འགའ་ཞིག་གིས་དེའི་རང་བཞིན་གྱི་རྗེས་སུ་བྱེད་པར་རྟོགས་པར་བྱའོ། །འདིར་ཡང་དེ་མ་ཡིན་པ་ལས་ལྡོག་པས་བརྟགས་པའི་ཤེས་པ་ཅིག་ཉིད་ཉེ་བར་བཟུང་ནས། ཤེས་པ་དེ་ཉིད་འདི་ལྟ་འདི་ལྟར་སྐྱེས་སོ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་ཟན་དེ་ཉིད་ཚད་དུ་
ཟོས་ན་འཚོ་བར་བྱེད་ལ། ཚད་ལས་འདས་པར་ཟོས་ན་འཆི་བར་བྱེད་དོ་ཞེས་བརྗོད་པ་ལ་སོགས་པ་བཞིན་ནོ། །འོ་ན་ཅི་ལྟར་ཞེས་བྱ་བ་ནི་གལ་ཏེ་གཟུགས་ལ་སོགས་པ་ཤེས་པའི་རང་བཞིན་ཡིན་ན་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱི་ཤེས་པ་ནི་ནང་དུ་ཡོངས་སུ་གསལ་བ་
ཡིན་པས་ན། ཅི་ལྟར་ཕྱི་རོལ་ན་གནས་པ་བཞིན་དུ་མིན་སྙམ་ན། དེ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །ལོགས་ཤིག་ཏུ་གནས་པ་དང་། གཞན་འདི་ནིའོ། །རྟེན་ལ་ལྟོས་པ་ནི་ལུས་ལ་ལྟོས་པའོ། །གལ་ཏེ་གཞན་རིགས་པ་མེད་པར་ཇི་ལྟར་གྲུབ་ན། གང་གིས་རང་གི་ངོ་བོར་རིག་པ་ལ་ལོགས་ཤིག་ཏུ་
གནས་པའི་དང་མི་གནས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་སྙམ་ན། རང་གི་ངོ་བོ་རིག་པ་ལས་ཞེས་གསུངས་སོ། །གཞན་གྱིས་རིག་ན་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་ལོགས་སུ་གནས་པ་བཞིན་དུ་རིག་པར་འགྱུར་ན། དེ་ནི་མི་འཐད་དེ། གང་གི་ཕྱིར་རང་གི་ངོ་བོར་གྱུར་པའི་རྣམ་པ་གང་ཡིན་པ་དེ་ལས་མ་གཏོགས་པར་བདེ་བ་ལ་
སོགས་པ་རིག་པའི་རྣམ་པ་གཞན་ནི་ཞེས་བཤད་མ་ཐག་པ་ཡིན་ལ་འཆད་པར་ཡང་འགྱུར་རོ། །རང་གི་ངོ་བོ་རིག་པ་དེས་ན་ཅི་ལྟར་ལོགས་ཤིག་ན་གནས་པ་མེད་པ་དེ་བཞིན་དུ་དེ་ལ་ལྟོས་པ་ལོགས་ཤིག་ཏུ་གནས་པ་མ་ཡིན་པ་ཡང་ཅུང་ཟད་ཡོད་པ་མ་ཡིན་ནོ། །རྣམ་པར་དབྱེ་བ་འདི་མཐོང་བ་ཉིད་མ་ཡིན་ནམ།
དེ་ཅི་ལྟར་དེ་སྐད་བརྗོད་སྙམ་ན། ལུས་ཀྱི་རྟེན་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་འདོད་པའི་ཤེས་པའི་ཆར་གྱུར་པ་ལུས་ཉིད་རྟེན་ཡིན་ནོ། །རྣམ་པར་མ་དཔྱད་པ་གཞན་དག་ལུས་ཀྱི་རྟེན་ལ་ལྟོས་ནས་ཞེས་བྱ་བ་འདི་མི་བཟོད་པ་སྟེ། སྨྲ་བ་ལ་ནི་གལ་ཏེ་
เล่ม ๑๘๔ · หน้า 123a
ཞེས་བྱ་བའོ། །དེའི་རང་བཞིན་ནི་ལྟོས་པར་འདོད་པ་གཟུགས་དང་། བདེ་བ་ལ་སོགས་པའི་ངོ་བོའོ། །རིག་པ་ནི་ཆོས་ཀྱི་མཚན་ཉིད་དེ། དེ་མེད་པ་ནི་ཕན་ཚུན་ལྟོས་པ་ཞེས་བྱ་བའི་ཆོས་ཡོད་པ་མ་ཡིན་ན། གང་གིས་གཟུང་བ་དང་འཛིན་
པའི་དངོས་པོར་འགྱུར། དེའི་རང་བཞིན་ནི་རིག་པ་ཉིད་ཡོད་པ་ཡིན་ནོ། །སྙམ་དུ་བསམས་པའོ། །ཅི་ལྟར་ལྟོས་པ་མེད་ཅེ་ན། དེའི་རང་བཞིན་རིག་པ་ལས་ཞེས་སྨྲས་སོ། །གང་གི་ཕྱིར་གཟུགས་ལ་སོགས་པའི་རང་བཞིན་གྱི་རང་གི་ངོ་བོ་རིག་པ་ལས་ལོགས་ཤིག་ཏུ་གྱུར་
པའི་ལྟོས་པ་ནི་ཤེས་པ་མེད་དོ། །སྣང་བཞིན་པ་ཉིད་ཀྱིས་རང་དབང་དུ་གྱུར་པ་གཉིས་ལ་འགའ་ཞིག་ལྟོས་པ་ཡིན་ལ། འགའ་ཞིག་ནི་ལྟོས་པར་བྱས་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་དབྱེ་བར་ནི་མི་ནུས་སོ། །དེས་ན་ལུས་ཀྱི་རྣམ་པ་ནི་ལྟོས་པར་བྱ་བ་དང་། གཞན་
ལོགས་ན་གནས་པ་ནི་ལྟོས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །དེ་ཉིད་ཀྱི་ཕྱིར་ལོགས་སུ་གནས་པ་དང་མི་གནས་པ་ཉིད་ཀྱིས་རྣམ་པར་དབྱེ་བ་མི་འཐད་དོ། །འདིས་ནི་ལྟོས་པ་འབྲས་བུ་ཉིད་ལ་བརྗོད་དོ་ཞེས་བྱ་བ་ཡང་སྤངས་པ་ཡིན་ནོ། །དུས་མཚུངས་པར་
སྣང་བ་འདི་གཉིས་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ཡིན་ཡང་དུས་ཐ་དད་པས་ན་གཟུང་བ་དང་འཛིན་པའི་དངོས་པོ་ནི་མ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །དེས་ན་དེ་ལྟར་ལྟོས་པར་བྱེད་པའི་དངོས་པོར་བསྟན་པས་ཅི་བྱ། དེའི་
ཕྱིར་གང་གིས་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར་བ་ལྟོས་པ་ཞེས་བྱ་བའི་ཆོས་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདི་ནི་ཡང་དག་པའི་སུན་འབྱིན་པ་ཡིན་ནོ་སྙམ་དུ་དགོངས་ནས་ཁས་ལེན་པ་མཛད་པ་ནི་དེ་བདེན་ཞེས་བྱ་བའོ། །དེའི་ཕྱིར་དེ་ལྟོས་པར་བྱ་བ་དང་
ལྟོས་པར་བྱེད་པའི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །དབྱེ་བ་འདི་ཞེས་བྱ་བ་ནི་ལྟོས་པར་བྱ་བ་དང་། ལྟོས་པར་བྱེད་པའི་རྣམ་པར་དབྱེ་བ་དང་། ལོགས་ཤིག་ན་གནས་པ་དང་མི་གནས་པའི་རྣམ་པར་དབྱེ་བའོ། །སྐབས་ཉིད་ལ་སྦྱོར་བར་བྱེད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འཕོ་བ་ཞེས་བྱ་བ་ལ། རི་དང་ཤིང་དང་ས་ལ་
เล่ม ๑๘๔ · หน้า 123b
སོགས་པ་རྣམས་ལ། རྣམ་པ་མེད་པའི་སེམས་འཕོ་བ་ཡིན་ནོ་ཞེས་བྱ་བའི་དོགས་པ་བཟློག་པའི་དོན་དུ། དེའི་བདག་ཉིད་ཀྱིས་ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ། དཔེར་ན་ཤེས་པ་བདེ་བའི་རང་བཞིན་རིམ་གྱིས་གཞན་གྱི་ལུས་ལ་སོགས་པའི་རང་བཞིན་དུ་སྐྱེ་བ་དང་། རྒྱུ་གཅིག་པ་ཉིད་ཀྱིས་དེ་ཉིད་
དོ་ཞེས་ངེས་པར་འཛིན་པ་ཡང་ཡིན་པ་དེ་བཞིན་དུ་ཤི་བའི་རྗེས་ཐོགས་སུ། སྲིད་པ་བར་མ་འདི་རིམ་གྱིས་སམ། ཡང་ན་མོད་ཁོ་ན་ལ་ཕ་མའི་ཁུ་བ་ལ་སོགས་པས་སྐྱེས་པའི་ལུས་ཀྱི་རང་བཞིན་དུ་ཡང་སྐྱེ་བར་འགྱུར་ཞིང་། དེ་ཉིད་ཡིན་ནོ་ཞེས་བྱ་བའི་གདགས་པ་ལ་ལྟོས་པར་ཡང་འགྱུར་བ་ཡིན་ནོ། །གང་
གི་ཕྱིར་དེ་ལྟར་རྣམ་པར་ཤེས་པའི་རང་བཞིན་གྱིས་ནུས་པ་གཞན་མེད་པ་དེའི་ཕྱིར་རོ། །གང་ལ་བྱ་བ་དང་བཅས་པར་འགྱུར་བ་ཞེས་བྱ་བ་ནི་དམིགས་པར་བྱེད་པ་ཉིད་ཡིན་པར་འགྱུར་བའོ། །ལུས་ཀྱི་རྟེན་ཅན་རྣམ་པར་ཤེས་པའི་ནུས་པ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཡུལ་དུ་འདོད་པའི་རྣམ་པར་
སྣང་བ་དེས་རང་བཞིན་གཞན་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་དང་། ལུས་དང་གཞན་གྱི་རང་བཞིན་དུ་ཡོངས་སུ་གྱུར་པ་ནི་རང་རིག་པ་ཉིད་ཀྱིས་ཤེས་པ་ཡིན་ཏེ། གཞན་གྱིས་རིག་པ་ཉིད་ནི་ཡང་ནས་ཡང་དུ་བཀག་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཀ་བ་ལ་སོགས་པ་མི་གཡོ་ཞེས་སྦྲེལ་ཏོ། །དེའི་
བདག་ཉིད་ཀྱིས་འཕོ་བ་ཞེས་བྱ་བ་ནི་ཀ་བའི་རྣམ་པར་ཡོངས་སུ་འགྱུར་རོ། །དེ་ཡང་ཞེས་བྱ་བ་ནི་ཀ་བ་ལ་སོགས་པ་ལ་ཡང་ངོ་། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྣམ་པར་ཤེས་པའི་བདག་ཉིད་དུ་སྐྱེས་པ་ཙམ་གང་ཡིན་པ་དེ་ཙམ་འབའ་ཞིག་གིས་ནི་གཡོ་བ་མ་ཡིན་ནོ། །འོ་ན་ཅི་ལྟར་གཡོ་བར་འགྱུར་
སྙམ་ན། རེག་པའི་རྣམ་པར་ཤེས་པ་ཞེས་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། རྣམ་པར་ཤེས་པའི་བདག་ཉིད་ཡིན་པ་ཙམ་གྱིས་ནི་གཡོ་བ་མ་ཡིན་གྱི། འོན་ཀྱང་གང་གིས་ལུས་ཉིད་གཡོ་བར་འགྱུར་གྱི། ཀ་བ་ལ་སོགས་པ་ནི་མ་ཡིན་པ། འབད་རྩོལ་གྱི་རང་བཞིན། རེག་པའི་རྣམ་པར་ཤེས་པ་ཉིད་ལ་དེ་འདྲ་བའི་
ནུས་པ་ཡོད་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་རང་གི་རྒྱུ་ལས་ངེས་པའི་རང་བཞིན་ལ་ནི་བརྒལ་ཞིང་བརྟག་པ་ཡང་འོས་པ་མ་ཡིན་ནོ། །གང་གི་ཚེ་ཞེས་བྱ་བ་ནི་འཆད་པའོ། །ལུས་ལ་སོགས་པ་ཞེས་བྱ་བ་ནི་ལུས་ལ་སོགས་པ་ཁོ་ན་སྟེ། ཀ་བ་ལ་སོགས་པ་ནི་མ་ཡིན་ཏེ། རེག་པའི་རྣམ་པར་ཤེས་པ་ནི་ནུས་པ་
เล่ม ๑๘๔ · หน้า 124a
དེ་འདྲ་བ་ཅན་ཡིན་པའི་ཕྱིར་རོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་རེག་པའི་རྣམ་པར་ཤེས་པ་མེད་པར་རོ། །འདི་ཡང་ཀུན་དུ་ཐ་སྙད་པའི་ཕྱོགས་ལ་བརྟེན་ནས་ལན་བཏབ་པ་ཡིན་ཏེ། དངོས་པོ་ལ་ནི་གཡོ་བ་དང་མི་གཡོ་བ་དག་མེད་པའི་ཕྱིར་ཏེ། དེ་དག་ནི་གཅིག་ཏུ་སྒྲོ་བཏགས་པས་
བྱས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དཔེར་ན་བག་ཆགས་ཀྱི་མཐུ་ལས་ཡུལ་གཞན་དང་གཞན་ཏུ་སྐྱེས་པ་གཞན་དང་གཞན་ཉིད་ཡིན་ན་ཡང་དེ་ཉིད་དུ་སྒྲོ་བཏགས་ནས་གཡོ་བ་བརྗོད་པ་དེ་བཞིན་དུ་གནས་དེར་སྐྱེས་པའི་སྐད་ཅིག་ལ་ཡང་། དེ་ཉིད་དུ་སྒྲོ་བཏགས་ནས་མི་གཡོ་བར་བརྗོད་པ་ཡིན་ནོ། །དེས་ན་
བག་ཆགས་ཀྱི་མཐུ་ལས་དེ་ལྟར་སྐྱེད་པ་དག་ལ། གཡོ་བ་དང་མི་གཡོ་བ་ནི་ཐ་སྙད་པ་ཉིད་དང་། འབད་རྩོལ་གྱི་ནུས་པ་ཡོད་པ་དང་མེད་པ་དག་གིས་བསྒྲུབ་པར་བྱ་བ་ཡང་ཡིན་ནོ། །རྣམ་པ་རྣམས་གཅིག་ཉིད་ཡིན་ན་ནི། གཡོ་བ་དང་མི་གཡོ་བ་དག་སྲིད་པ་ཐག་རིང་བ་ཉིད་དོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །
གང་གི་ཕྱིར་རིག་པ་ནི་རང་གི་རང་བཞིན་ལ་འཇུག་པ་ཡིན་པའི་ཕྱིར། བདག་ཉིད་རྡུལ་ཕྲ་རབ་ལས་སྐྱེས་པར་མི་རྟོགས་ལ། དེ་ལྟར་རིག་པར་བྱེད་པ་གཞན་ཡང་མེད་པའི་གཏན་ཚིགས་དེའི་ཕྱིར་རོ། །གཟུགས་ལ་སོགས་པའི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་རང་བཞིན་ཉིད་དེ།
དེར་འདུ་བའི་ཕྱིར་རོ། །དེ་ལྟ་ན་ཡང་སྔར་བཤད་པའི་ཐལ་བར་འགྱུར་བ་ཉིད་ཡིན་ནོ་ཞེས་མཇུག་སྡུད་པའི་སྒོ་ནས་སྟོན་པ་ནི། དེས་ན་རྡུལ་ཕྲ་རབ་རྣམས་ཞེས་བྱ་བའོ། །གཞན་གྱིས་ཁྱེད་ལ་ཡང་ཞེས་དྲིས་ཏེ། སངས་རྒྱས་པ་ལ་ཡང་ངོ་། །ལན་དུ་དེའི་རྣམ་པ་ཅན་གྱི་ཞེས་གསུངས་ཏེ། རགས་པའི་རྣམ་པ་པོ་མ་ཡོར་གཅིག་
ཏུ་འགྱུར་བའོ། །གཞན་ཞེས་བྱ་བ་ནི་ཕྱི་རོལ་ལས་གཞན་པའོ། །དོགས་པ་པ་ནི་འདི་ཡིན་ཏེ། ཕྱི་རོལ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་པས། དེ་སྣང་ན་རྡུལ་ཕྲ་རབ་སྣང་བར་ཐལ་བར་འགྱུར་གྱི། གང་གི་ཚེ་རང་གི་རྣམ་པ་མྱོང་བ་ཉིད་ལྷག་པར་ཞེན་པ་ལས་ཕྱི་རོལ་རིག་པ་ཡིན་པ་དང་། དེ་བཞིན་འདི་བདག་ཉིད་ཅི་ལྟ་བ་དེ་
བཞིན་དུ་རིག་པ་ཡིན་པ་དེའི་ཚེ། ཕྱི་རོལ་གྱི་རྗེས་སུ་མཐུན་པ་ལ་བློས་རེག་པ་མ་ཡིན་ནོ་ཞེས་བྱ་བའོ། །འོ་ན་ཅི་ལྟར་འདྲ་བ་ལས་དམིགས་པར་རྣམ་པར་གཞག་ཅེ་ན། རྡུལ་ཕྲ་རབ་ཀྱི་རང་བཞིན་ལ་ནི་རྣམ་པ་ཐམས་ཅད་དུ་སོ་སོའི་སྐྱེ་བོས་རྗེས་སུ་མི་འཇུག་པའི་ཕྱིར་ན། ཁ་དོག་དང་དབྱིབས་ཉིད་ཀྱིས་བྱས་པ་འདྲ་བ་ཡིན་
เล่ม ๑๘๔ · หน้า 124b
ཏེ། དེ་ཙམ་ཐོབ་པ་ཉིད་ཀྱིས་འཇིག་རྟེན་གྱི་དོན་གྲུབ་པའི་ཕྱིར་རོ། །དབྱིབས་ཀྱང་ཡུལ་ཅི་འདྲ་བ་མངོན་པར་ཁྱབ་པར་སྐྱེས་པ་དེ་འདྲ་བ་ཐོབ་པ་ཉིད་ལས་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །གཞན་གྱིས་ཁོ་བོ་ཅག་གི་ཡང་ཞེས་སྨྲས་སོ། །དེས་ན་རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་བ་མ་ཡིན་ནོ། །སྙམ་དུ་བསམས་པའོ། །
དེའི་རང་བཞིན་ནི་ཤེས་པའི་རང་བཞིན་དུའོ། །རྡུལ་ཕྲ་རབ་རྣམས་ཤེས་པའི་རང་བཞིན་མ་ཡིན་པ་དེ་བརྩམས་པ་ཡན་ལག་ཅན་གྱི་རྫས་རྣམ་པར་ཤེས་པའི་རང་བཞིན་དུ་ག་ལ་འགྱུར་ཞེས་སྔར་བརྗོད་ཟིན་ཏོ། །ཐམས་ཅད་དུ་སྔ་མ་རྗེས་སུ་བརྗོད་པ་ནི་ཁྱད་པར་གྱི་དོན་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་
རྡུལ་ཕྲ་རབ་དག་ནི་ཐ་དད་པར་འགྱུར་བ་ཉིད་དོ་ཞེས་དོགས་པ་བསུ་ནས། འོ་ན་ནི་ཞེས་ལན་བརྗོད་པ་ཡིན་ནོ། །དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །རྡུལ་ཕྲ་རབ་རྣམས་སེམས་པའི་རང་བཞིན་དུ་རྣམ་པར་གནས་པ་ནི་ཡན་ལག་ཅན་གྱི་ལུས་ཀྱི་ངོ་བོ་ཉིད་དུ་ཞེས་བྱ་བ་ལ་སེམས་པ་
ཙམ་དང་། དཀར་ཤམ་ལ་སོགས་པའི་རང་བཞིན་དུ་གནས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཡན་ལག་ཅན་དེས་བརྩམས་པ་ཞེས་བྱ་བ་ཉིད་མི་འགྱུར་རོ། །གང་གི་ཕྱིར་ཡན་ལག་ཅན་གྱི་ལུས་ཀྱང་རྡུལ་ཕྲ་རབ་རྣམས་ཀྱི་ངོ་བོ་ཉིད་སེམས་པ་ཅན་ལ་སོགས་པ་ཉིད་དུ་ཞེས་
བྱ་བ་དེས་རྣམ་པར་གནས་ཏེ། སྐྱེ་བ་ཡིན་པ་དེའི་ཕྱིར། རྡུལ་ཕྲ་རབ་རྣམས་སེམས་པ་ཅན་ལ་སོགས་པའི་རང་བཞིན་དུ་ངེས་པ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་ལོ། གཟུང་བར་བྱ་བའི་རང་བཞིན་གྱི་རྡུལ་ཕྲ་རབ་མཐའ་དག་སེམས་པ་ཅན་དུ་
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་འདི་སྤངས་པའི་དོན་དུ་གཞན་གྱིས་རྡུལ་ཕྲ་རབ་དག་ནི་ཐ་དད་པར་གྱུར་པ་ཉིད་དོ་ཞེས་བརྗོད་པ་ཡིན་པར་སྟོན་པ་ནི། འོན་ཏེ་ཞེས་བྱ་བའོ། །གོ་རིམས་འདིར་རྩོད་པ་འདིའི་ལན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་དུ་དེ་ལྟ་ཡིན་ན་ཞེས་
བྱ་བའོ། །ལུས་ཀྱི་རང་བཞིན་ཉིད་དུ་མི་འགྱུར་རོ་ཞེས་སེམས་པ་ཅན་ཡན་ལག་ཅན་གྱི་རང་བཞིན་མ་ཡིན་པ་སྟེ། ལུས་ཀྱི་སེམས་པ་ཅན་གྱི་ཡན་ལག་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་དེ་དག་མེད་པར་དམ་ཅི་ལྟར་འཆའ་ཞེ་ན། རིག་པར་བྱ་བ་ཉིད་མ་ཡིན་པས་ཞེས་གསུངས་ཏེ།
เล่ม ๑๘๔ · หน้า 125a
རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་བས་དེ་ལྟར་ཁས་མི་ལེན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་གཟུང་བ་དང་འཛིན་པའི་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་གཞན་དག་ནི་མེད་པ་ཉིད་དུ་འགྱུར་རོ། །གཟུང་བ་དང་འཛིན་པ་ལ་མ་གཏོགས་པའི་ཕུང་པོ་
གཞན་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཡན་ལག་ཅན་འབའ་ཞིག་གོ་ཞེས་ཁས་བླངས་པར་འགྱུར་རོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་ནི་རྡུལ་ཕྲ་རབ་ཡོད་པ་ལ་ཡང་མཚུངས་པ་ཡིན་ནོ། །ཅི་ལྟར་ཐམས་ཅད་གཡོ་བར་འགྱུར་སྙམ་ན། གཡོ་བ་དང་མི་གཡོ་བའི་མཚན་ཉིད་འགལ་བ་ཅན་ནི་
གཅིག་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་གཡོ་བ་ཉིད་ལས་ཡིན་གྱི་མི་གཡོ་བ་ནི་རང་གི་རང་བཞིན་དུ་གནས་པ་ཙམ་ཡིན་གྱི་ལས་ནི་མ་ཡིན་ན། དེའི་ཕྱིར་ཅི་ལྟར་ལས་ནི་གཅིག་ལ་ཞེས་བརྗོད་ཅེ་ན། བདེན་ཏེ་ལས་ཀྱི་སྒྲས་ནི། ཆོས་ཙམ་ཉེ་བར་མཚོན་པར་བྱ་བ་ཡིན་ནོ། །དེས་ན་འགལ་བའི་ཆོས་དག་གཅིག་ལ་མི་རུང་ངོ་ཞེས་བྱ་
བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་གཅིག་ཏུ་མངོན་པར་འདོད་པ་ལ་ཡང་འགལ་བ་ཅན་གྱི་ཆོས་གཉིས་ཡོད་ན། དེའི་ཚེ་སོ་སོར་གྲུབ་པར་ཐལ་ཏེ། རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པ་བཞིན་ནོ། །གཅིག་པ་ཉིད་ནི་མངོན་པར་རློབ་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫས་ཀྱི་མཚན་ཉིད་ནི་བྱ་བ་ཅན། ཡོན་
ཏན་ཅན། འདུ་བ་ཅན་གྱི་རྒྱུ་ཞེས་བྱ་བ་ཙམ་ཡིན་པ་ལ། བར་དུ་ལྡན་པ་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི་ཇི་ལྟར་འདུ་བ་ཅན་གྱི་རྒྱུ་ཡིན་ཞེས་ཤེས་པར་འདོད་པ་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །ལྡན་པ་ལས་དེའི་རྒྱུར་གྱུར་པ་ན་འདུ་བ་ཅན་གྱི་རྒྱུར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སོགས་པའི་
སྒྲས་ནི་ཡོན་ཏན་གྱི་ཚོགས་བཟུང་ནས་ལས་ལྔ་ཡང་འཛིན་ཏོ། །ཡང་ན་སྤྱི་དང་། ནམ་མཁའ་ཆེན་པོ་ཉིད་ལ་སོགས་པའི་འདུ་བ་ཅན་རྟག་པའི་ཚོགས་རྣམ་པར་གཅོད་པས་ལྡན་པ་ལ་སོགས་པའི་རྒྱུ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་འདི་ནི་བསྒྲིབས་པ་དང་། མ་བསྒྲིབས་པའི་ཉེས་པ་བརྗོད་པའི་དོན་
དུ་བྲིས་པ་ཡིན་ལ། བྱ་བ་དང་ཡོན་ཏན་ནི་གཡོ་བ་དང་། མི་གཡོ་བ་དང་། ཚོན་གྱིས་བསྒྱུར་བ་དང་། མ་བསྒྱུར་བའི་ཉེས་པ་བརྗོད་པའི་དོན་དུ་ཡིན་ཞིང་འདུ་བ་ཅན་གྱི་རྒྱུ་ནི་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ནོ། །དེ་ལ་རེ་ཞིག་བྱ་བ་ལ་སྦྱོར་བ་དེ་ལ་གལ་ཏེ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་བྱ་བའིའོ། །དོན་འདི་ཡིན་ཏེ་རྫས་
เล่ม ๑๘๔ · หน้า 125b
ལ་ཉེ་བ་ཙམ་ནི་སྤྱི་མ་ཡིན་ལ། འདི་ལ་བྱ་བ་དེས་ཟིན་པའི་ཡུལ་ལས་རང་བཞིན་གཞན་ཡང་ཡོད་པ་མ་ཡིན་ནོ། །དེས་ན་གནས་དེ་བཞིན་དུ་ཐམས་ཅད་གཡོ་བར་ཐལ་ལོ། །རྣམ་པ་ཅི་ཞིག་ལྟར་གཞན་གྱི་ལན་དོགས་པར་བྱེད་པ་ནི། །ཡན་ལག་ཅན་ནི་ཞེས་བྱ་བའོ། །དེ་དང་རྗེས་སུ་མཐུན་པའི་ལན་བརྗོད་པ་ནི་
ལྷས་བྱིན་དང་ཞེས་བྱ་བའོ། །གཅིག་ཏུ་ལྷག་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་ནི་བརྗོད་པར་མི་བྱ་སྟེ། ལྷག་པར་ཞེན་པ་ཙམ་ལ་ནི་དངོས་པོ་ལ་ངེས་པ་ཡིན་པར་མི་འཐད་པའི་ཕྱིར་རོ། །འདིར་ལྷག་པར་ཞེན་པ་ཙམ་ནི་མ་ཡིན་གྱི། དེ་ལྟར་རྣམ་པར་འཇོག་པར་བྱེད་པ་ནི་མངོན་སུམ་ཉིད་ཡིན་ནོ་སྙམ་པའི་བསམ་པས་འོན་
ཏེ་ཞེས་བྱ་བའོ། །ལྷ་སྦྱིན་ལ་སོགས་པ་ལ་ནི་མངོན་སུམ་གྱི་རྗེས་ལས་བྱུང་བས་གཅིག་ཉིད་དོ་ཞེས་བྱ་བ་རྣམ་པར་རྟོག་པ་མ་ཡིན་གྱི། ལག་པ་ལ་སོགས་པ་གཡོ་བའི་དུས་ན་ནི་ལུས་གཅིག་ཡིན་ནོ་སྙམ་དུ་མངོན་སུམ་གྱི་དེ་མ་ཐག་ཁོ་ན་ངེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་ནི་གཅིག་ཅེས་བྱ་
བ་འདི་ཅི་ཡིན་ཞེས་བྱ་བའོ། །གཅིག་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་དེ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དངོས་པོ་རྣམས་ལག་པ་གྱེན་དུ་བསྒྲེངས་ནས་བདག་ཉིད་གཅིག་གམ་དུ་མ་ཡིན་ནོ་ཞེས་ནི་མི་སྨྲའོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་རྣམ་པར་འཇིག་བྱེད་ཀྱི་དོགས་པ་བསུ་བ་ཡིན་ནོ། །སྣང་བ་ཐ་མི་དད་པ་གཅིག་
ཉིད་རྣམ་པར་འཇོག་པར་བྱེད་པ་ཡིན་ན་ཞེས་བྱ་བ་ནི་ལྷག་མའོ། །དེ་ནི་མེད་དོ་ཞེས་བྱ་བ་ནི་འགོག་པའོ། །སྣང་བ་ཐ་དད་པ་ནི་མེད་དེ། གཡོ་བ་དང་མི་གཡོ་བ་སྣང་བ་དག་ནི་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གང་ལ་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་ཡོད་པ་དེའི་ངོ་བོ་ནི་འབྲས་
བུ་གཅིག་པ་ཉིད་དོ། །གཅིག་ཏུ་རྣམ་པར་འཇོག་པར་བྱེད་པ་དེ་ཡིན་ན། དེ་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བའོ། །ས་བོན་དང་ཆུ་དང་ས་ལ་སོགས་པ་ལྟ་བ་དུ་མས་ཀྱང་ནི་འབྲས་བུ་གཅིག་བྱེད་པ་མཐོང་བའི་ཕྱིར་དང་། སྐོར་ཆོམས་ཀྱི་ཕྱིར་ཡང་གསལ་བའི་ཕྱིར་རོ། །ལྷག་མ་ནི་གསལ་བའི་
ཕྱིར་རྣམ་པར་མ་ཕྱེའོ། །གཉིས་པ་སུན་འབྱིན་པ་ནི་ཡན་ལག་ཅན་བསྒྲིབས་པ་ན་ཞེས་བྱ་བའོ། །ལྡན་པ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་པ་ནི། གང་གི་ཚེ་གོས་ལ་སོགས་པས་ཡན་ལག་ཅན་གྱི་ཆ་བསྒྲིབས་པ་དེའི་ཚེ། ཡན་ལག་ཐམས་ཅད་ལ་ལྡན་པ་འདུས་པར་འགྱུར་བ་ཡིན་ཏེ།
เล่ม ๑๘๔ · หน้า 126a
སྔ་མ་བཞིན་དུ་འདུ་བ་ཅན་མ་ཡིན་པའི་ཆ་མེད་པའི་ཕྱིར་ན། ཐམས་ཅད་བསྒྲིབས་པ་བཟློག་ཏུ་མེད་པའི་ཕྱིར་རོ། །འོན་ཏེ་ཡན་ལག་བསྒྲིབས་ཀྱི་ཡན་ལག་ཅན་ནི་མ་ཡིན་ན་སྙམ་དུ་དོགས་ན། ཡན་ལག་བསྒྲིབས་པ་ཡིན་ན་ཞེས་སྨོས་སོ། །ཐམས་
ཅད་ཅེས་བྱ་བ་ནི་ཡན་ལག་ཅན་གྱི་གཟུགས་མ་གོད་པར་རོ། །འོན་ཏེ་ཡན་ལག་གི་སྒོ་ནས་ཡན་ལག་ཅན་གྱི་རང་བཞིན་ཅུང་ཟད་བསྒྲིབས་པ་དེས་ན་ཐམས་ཅད་མཐོང་བ་མ་ཡིན་ནོ་སྙམ་ན། ཡན་ལག་གི་སྒོ་ནས་ཞེས་སྨོས་སོ། །བསྒྲིབས་པའི་ཡན་ལག་འདུས་པའི་ཡན་ལག་ཅན་
ཡང་བསྒྲིབས་པ་ན་ཡན་ལག་ཅན་གྱི་རང་བཞིན་ཅུང་ཟད་ཀྱང་མི་མཐོང་བའམ། དེའི་སྒོ་ནས་བསྒྲིབས་པ་ལས་འདས་ཏེ། མཐོང་ན་ནི་རི་ལ་མཐོང་བར་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ལྟར་འདིས་ནི་འགལ་བའི་ཆོས་དང་མཐུན་པའི་ཕྱིར་ཡན་ལག་ཅན་གཅིག་ནི་གང་དུ་ཡང་གྲུབ་པ་མ་ཡིན་ནོ་ཞེས་བརྗོད་པ་
ཡིན་ནོ། །འདི་ཉིད་ཉེ་བར་སྡུད་པ་ནི། །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞེས་བྱ་བའོ། །ཚོགས་པ་ནི་ཡན་ལག་ཅན་ནོ། །དུ་མ་ཉིད་ནའང་སྔ་མ་བཞིན། །ཞེས་བྱ་བ་ཉིད་བཤད་པ་བྱེད་པའི་འདོད་པས་སུན་འབྱིན་པའི་ངག་ཡིན་ནོ། །རྡུལ་ཕྲ་རབ་ཀྱི་ཚོགས་ཙམ་ཡིན་ན་སྔ་མ་བཞིན་དུ་རྡུལ་ཕྲ་རབ་སོ་སོར་རིག་
པར་ཐལ་བར་འགྱུར་རོ། །ཐལ་བ་འདི་ལ་གཞན་གྱི་དོགས་པ་བསུ་བ་ནི་ཁྱད་པར་མེད་ཕྱིར་ཞེས་བྱ་བའོ། །རྟོགས་མིན་ཞེས་བྱ་བ་ནི་རྡུལ་ཕྲ་རབ་སོ་སོར་དམིགས་པ་མ་ཡིན་པའོ། །ལན་ནི་ཁྱད་པར་མེད་པར་མ་གྲུབ་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ཅན་རྣམས་ནི་ཞེས་བྱ་བའོ། །གང་གི་
ཕྱིར་རྡུལ་ཕྲ་རབ་ཁྱད་པར་ཅན་རྣམས་དབང་ཡུལ་ཏེ། དམིགས་པར་བྱ་བ་ཡིན་པ་དེའི་ཁྱད་པར་མ་གྲུབ་པོ། །རྡུལ་ཕྲ་རབ་ཀྱི་རང་བཞིན་ལས་འདས་པ་མ་ཡིན་ཡང་དམིགས་པར་བྱ་བ་མ་ཡིན་པའི་རྡུལ་ཕྲ་རབ་དག་ལས། དམིགས་པར་བྱ་བའི་རྡུལ་ཕྲ་རབ་རྣམས་ཁྱད་པར་མེད་པར་རིགས་པ་ནི་མ་
ཡིན་ནོ། །རྡུལ་ཕྲ་རབ་ཀྱི་ཚོགས་ལས་མ་གཏོགས་པའི་ཕྱི་རོལ་གཞན་ཡང་དམིགས་པ་མ་ཡིན་ནོ། །འདིས་ནི་ཁྱད་པར་མེད་ཕྱིར་དང་། །ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པར་བརྗོད་པ་ཡིན་ནོ། །ཕྲ་རབ་ཕྱིར་ཞེས་བྱ་བ་འདི་ཡང་བརྗོད་པ་ནི་དེ་ཕྱིར་ཕྲ་རབ་མིན་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་
เล่ม ๑๘๔ · หน้า 126b
དབང་པོའི་ཡུལ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ནི་གང་ཞིག་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དེ་ཉིད་ལ་བརྗོད་པ་ཡིན་ནོ། །གང་གི་ཚེ་འདི་དབང་པོའི་ཡུལ་ཡིན། དེའི་ཚེ་རྡུལ་ཕྲ་རབ་ཉིད་དུ་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར། དེ་ནི་རྡུལ་ཕྲ་རབ་མ་ཡིན་པ་ཁོ་ནའོ་སྙམ་དུ་དགོངས་པའོ། །དེས་ན་
རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་བ་བཟློག་པར་དཀའོ། །གསལ་བའི་ཕྱིར་ན་མཇུག་བསྡུ་བ་ནི་རྣམ་པར་བཀྲོལ་ཏོ། །ལྷག་མ་རྣམ་པར་འགྲེལ་པ་ནི་གལ་ཏེ་ལུས་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། དུ་མ་ཡིན་ན་ཡང་སྡེབ་བོ། །གལ་ཏེ་རིག་པའི་གནས་སྐབས་ཉིད་དམིགས་པ་མ་ཡིན་
ནམ། རིག་པའི་གནས་སྐབས་ན་དམིགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་ཐ་དད་པར་ཅི་ལྟར་སྟོན་ཞེ་ན། ཤེས་པ་སྐྱེ་བའི་གནས་སྐབས་ན་དམིགས་པ་ཡིན་གྱི། གཞན་གྱི་ཚེ་ན་མ་ཡིན་ནོ་ཞེས་བྱ་བར་དགོངས་པའི་ཕྱིར་ན་ཉེས་པ་མེད་དོ། །དེས་ན་ཤེས་པ་བསྐྱེད་པའི་ནུས་པས་སྔར་གྱི་གནས་སྐབས་ལས་ཁྱད་
པར་ཡོད་པའི་ཕྱིར་དམིགས་པར་བྱ་བ་ཉིད་དུ་རིགས་སོ། །དེ་ཉིད་བརྗོད་པ་ནི་དེས་ན་མི་དམིགས་པ་ལས་ཁྱད་པར་མེད་པ་མ་ཡིན་ནོ་ཞེས་བྱ་བའོ། །མི་དམིགས་པ་ལ་ལྟོས་ནས་ཞེས་བྱ་བ་ལས་ཀྱི་ལྔ་པར་བྱས་ནས། སྒྲུབ་པར་བྱེད་པ་ལ་བྱེད་པས་ཞེས་བསྡུ་བར་བྱའོ། །ཕྲ་རབ་ཕྱིར་ཞེས་བྱ་བ་དེ་ལ་བརྗོད་པ་ནི་དེ་
ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རང་ཉིད་རིག་པའི་གནས་སྐབས་ན། །ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་རིག་པའི་གནས་སྐབས་ནའོ། །རྡུལ་ཕྲ་རབ་ཉིད་ཀྱང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཉིད་དོ། །གེགས་བྱེད་པ་མ་ཡིན་ནོ་ཞེས་
བྱ་བ་ནི་དམིགས་པའོ། །ཡོད་ཀྱང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཉིད་དོ། །རྡུལ་ཕྲན་མ་ཡིན་པ་ནི་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །གལ་ཏེ་ལུས་རྡུལ་ཕྲ་རབ་ཀྱི་ཚོགས་ཙམ་དུ་གནས་པའི་ཕྱིར། དེ་རྟོགས་ཀྱང་རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་ན། དེའི་ཚེ་ཐལ་བ་འདི་ནི་ཁྱེད་ཅག་ལ་ཡང་འགྱུར་རོ་ཞེས་
སྨྲས་པ་ན། ཁྱེད་ཅག་གི་ཡང་ཞེས་བྱ་བའོ། །ཁྱེད་ཀྱི་ལྟར་ན་ཡང་ཡུལ་ཐམས་ཅད་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཙམ་ཡིན་ཏེ། དེས་ན་རྡུལ་ཕྲ་རབ་སོ་སོར་དམིགས་པར་ཐལ་བར་ཅི་ལྟར་བཟློག་པར་བྱ་སྟེ། རང་གི་རང་བཞིན་དུ་སྣང་བར་འགྱུར་རོ་སྙམ་དུ་བསམས་པའོ། །རང་རིག་པའི་ཞེས་བྱ་བ་ནི་ལན་འདེབས་པའོ། །
เล่ม ๑๘๔ · หน้า 127a
རྡུལ་ཕྲ་རབ་སོ་སོའི་རང་བཞིན་དམིགས་པར་བྱེད་པ་ཉིད་ཀྱིས་ཡུལ་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་སྙམ་ན། འོན་ཀྱང་ཞེས་སྨྲས་སོ། །དེའི་རྣམ་པ་ཅན་ཉིད་ནི་ཁ་དོག་དང་། དེ་ཙམ་གྱིས་ཡུལ་ཁྱབ་པའི་རྗེས་སུ་འཇུག་པས་སོ། །ཅི་ལྟར་རྡུལ་
ཕྲ་རབ་ཀྱི་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཡང་རྡུལ་ཕྲ་རབ་དེ་འདྲ་བ་དག་གིས་བསྐྱེད་པ་ཡིན་པའི་ཕྱིར། དེ་ལས་རྡུལ་ཕྲ་རབ་ཀྱི་རྣམ་པའི་རྗེས་སུ་བྱེད་པ་ཉིད་བཟློག་དཀའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་འོག་ཏུ་ཞེས་བྱ་བ་ནི་ཅི་ལྟར་སྐྲ་དང་། སྦྲང་མ་ཤ་ལ་སོགས་པ་ཡུལ་བར་དང་
བཅས་པར་གནས་པ་ཡིན་ཡང་ཞེས་བྱ་བ་ལ་སོགས་པའི་སྐབས་སུའོ། །དེ་ལ་རྡུལ་ཕྲ་རབ་ཅི་སྙེད་སྐྱེད་བྱེད་ཡིན་པ་དེ་སྙེད་ཀྱིས་རྡུལ་ཕྲ་རབ་ཀྱི་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་ལན་དུ་འདིས་ནི་ཞེས་བྱ་བའོ། །རྡུལ་ཕྲ་རབ་ཁྱད་པར་ཅན་དུ་བསྒྲུབས་
པས་སོ། །རྣམ་འགྲེལ་ལྷག་མ་བཞིས་ནི་སུན་འབྱིན་པ་གཞན་བརྗོད་པ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་འབྱར་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཆད་པའོ། །དེ་མེད་པ་ཞེས་བྱ་བ་ནི་ཡན་ལག་ཅན་མེད་པས་སོ། །གང་དུ་ཞེ་ན། རྡུལ་ཕྲ་རབ་རྣམས་ལའོ། །དེར་མི་འགྱུར་བ་ཞེས་བྱ་བ་ནི་བྱེད་པ་པོའི་ཆོས་ཀྱི་སྒྲིབ་པར་
རོ། །གང་གིས་རྡུལ་ཕྲ་རབ་རྣམས་སྒྲིབ་བྱེད་དུ་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡུགས་པར་བྱེད་པའི་བྱ་བ་ཐགས་པ་ཡང་། ཡན་ལག་ཅན་འབྲེལ་བ་འགར་ཡང་དམིགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སོགས་པའི་སྒྲས་ནི་ཆུ་འཛིན་པ་ལ་སོགས་པའོ། །རྡུལ་ཕྲ་རབ་ཀྱི་ཚོགས་
གསེང་དང་བཅས་པ་ཡིན་པས་ན། སྣམ་བུ་ལ་སོགས་པ་ཅི་ལྟར་རིགས་པར་རླུང་ལ་སོགས་པའི་སྐྱབས་སུ་ཅི་ལྟར་འགྱུར། འཆད་པ་ནི་ཕན་ཚུན་ཞེས་བྱ་བ་ལ་སོགས་པའོ། །ཕན་ཚུན་ནང་དུ་འཇུག་པ་ནི་གསེབ་ཏུ་འགྲོ་བ་གང་ཡིན་པ་སྟེ། དེ་ལ་གེགས་མེད་པ་གང་ཡིན་པ་དག་གོ། །དེ་ལ་ལྟོས་ནས་
འདི་དང་། འདི་ལ་ལྟོས་ནས་ཀྱང་དེ་ནང་དུ་འདུ་བ་སྲིད་པ་ཞེས་བྱ་བའི་དོན་ཏོ། །རྡུལ་ཕྲ་རབ་རྣམས་ནི་རེག་གོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ། །ལན་ནི་འདིར་བཤད་པ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་རེག་པ་རྣམས་འཛིན་པ་ལ་སོགས་པ་བྱེད་མི་ནུས་ན་ཡན་ལག་ཅན་ཉིད་ཅི་ལྟར་སྐྱེད་ཅེས་བྱ་བའི་
เล่ม ๑๘๔ · หน้า 127b
དོན་ཏོ། །རེག་གོ་ཞེས་བྱ་བའི་དོགས་པ་བསུ་ནས་རེག་པ་ཡང་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེ་མེད་པའི་ཕྱིར་ཏེ། ཕྱོགས་གཅིག་མེད་པའི་ཕྱིར་རོ། །ལྡན་པ་ཞེས་བྱ་བ་ནི་གཞན་གྱིའོ། །བར་དང་བཅས་པ་རྣམས་ལྡན་པ་སྐྱེད་པས་ཡན་ལག་ཅན་སྐྱེད་དོ་ཞེས་འབྲེལ་ཏོ། །ལན་དུ་དེ་ཉིད་ཅེས་བྱ་
བའོ། །རེག་ན་ཞེས་བྱ་བ་ཡང་བཀོད་པ་ནི་ཉེས་པ་གཞན་བརྗོད་པར་འདོད་པས་སོ། །དེ་ཉིད་བརྗོད་པ་ནི་ལྡན་པ་གཞན་ན་མ་ཞེས་བྱ་བའོ། །བར་མཚམས་མེད་པ་ཉིད་ལས་སྐྱབས་ལ་སོགས་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་བསྐྱེད་བྱ་ལ་དོན་མེད་པར་སུན་འབྱིན་པས་
འཇིགས་པས་ན་བར་དང་བཅས་པ་ཉིད་ཁས་ལེན་པའོ། །ལན་དུ་དེ་ལྟར་ཡིན་ན་ཞེས་བྱ་སྟེ། དེས་ན་བར་གྱི་ཤ་ལྷག་དང་འདྲ་བ་ལྡན་པ་ལ་སོགས་པ་བརྟགས་པས་ཅི་ཞིག་བྱ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་ཡན་ལག་ཅན་མེད་ཅིང་རྡུལ་ཕྲ་རབ་རྣམས་ཀྱང་རེག་པ་མ་ཡིན་ན། དེའི་ཚེ་རྡུལ་གྱི་ཕུང་པོ་བཞིན་
དུ་བརྡེགས་ན། སོ་སོར་ཅི་སྟེ་མི་དགྱེས་ཤིང་བར་དུ་བཅས་པས་སྒྲིབ་པ་ལ་སོགས་པ་སྐྱེད་པ་དང་། གསེང་དང་བཅས་པར་ཆུ་ལ་སོགས་པ་འཛིན་པར་ཡང་ཅི་ལྟར་འགྱུར་སྙམ་ན། གང་ལ་ཞེས་བྱ་བ་སྨོས་ཏེ་ཚོགས་པ་གང་ལའོ། །སོ་སོར་དགྱེས་པར་འགྱུར་བ་ནི་སིལ་བུར་འཐོར་བའོ། །དེ་ཞེས་བྱ་བ་
ནི་ཁྱོད་ཀྱིས་བརྩད་པའོ། །རྡུལ་རྣམས་མཆོག་ཏུ་ཚོགས་པ་ཡིན་ཞེས་བྱ་བ་ནི་མཐོང་བ་དང་། མ་མཐོང་བ་དང་། མ་མཐོང་བའི་ཚོགས་པའི་དབང་གིས་མཆོག་ཏུ་ཞེས་བྱ་བ་ཁྱད་པར་ཅན་མཐོང་བ་ཡིན་ནོ། །ཡང་ན་པ་རའི་སྒྲ་ནི་འབའ་ཞིག་གི་དོན་ཡིན་པར་རྡུལ་རྣམས་ཚོགས་པ་འབའ་ཞིག་ཡིན་ཞེས་བྱ་བ་ཡིན་
ཏེ། ཡན་ལག་ཅན་གྱི་རྫས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ལ་བརྗོད་པ་ནི་དཔེར་ན་སྒྲ་དང་ཞེས་བྱ་བའོ། །འབྲས་བུ་གཞན་ཡང་ཞེས་བྱ་བ་ནི་སྒྲིབ་པ་ལ་སོགས་པའོ། །དེར་ཞེས་བྱ་བ་ནི་གཞན་གྱིའོ། །སྒྲ་ལ་སོགས་པ་བར་དང་བཅས་པ་ཉིད་ལ་རྣམ་པ་གཅིག་ཏུ་རྟོགས་པ་འདིར་འགྱུར་རོ་ཞེས་བྱ་
བར་ནི་ཡུལ་དེར་ཕྱིན་པ་ལས་གནོད་བྱེད་སྐྱེས་པས་འཇོག་པ་ཡིན་གྱི་སྐབས་ལ་ནི་དེ་ལྟར་གནོད་བྱེད་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །ལན་དུ་འདི་ལ་ཡང་ཞེས་བྱ་བའོ། །གལ་ཏེ་ཞེས་མ་ངེས་པའི་དོན་གྱིས་གནོད་པའམ། སྒྲུབ་པ་ཞེས་བྱ་བ་འདི་སྔ་ན་མེད་པ་ཡིན་ནོ་ཞེ་ན། བདེན་ཏེ་འདིས་ནི་སྲིད་པར་
เล่ม ๑๘๔ · หน้า 128a
བསྟན་པ་མ་ཡིན་ཏེ། ཅི་ལྟར་སྒྲ་ལ་སོགས་པ་ལ་གནོད་བྱེད་སྐྱེ་བ་དེ་བཞིན་དུ་འདིར་ཡང་གནོད་བྱེད་དོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ལ་ལན་བཏབ་ན། དཔེར་ན་ཞེས་བྱ་བའོ། །སྣོད་ནི་ཆུ་སྣོད་དོ། །སྟེང་བཀག་ན་ཞེས་བྱ་བ་ནི་ཤིན་དུ་བསྡམས་ནའོ། །འདིར་ནི་རིལ་ཚགས་ལ་
སོགས་པ་ཉེ་བར་མཚོན་པའོ། །དངུལ་ཆུ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་ཡང་ན་ཞེས་བྱ་བའོ། །དེ་ལ་རྩ་བའི་དོན་ནི་དངུལ་ཆུ་དང་གསེར་ལ་སོགས་པའམ། རྡོ་ཚན་ལ་སོགས་པ་འདྲེས་པ་ཕན་ཚུན་རིགས་མི་མཐུན་པའི་རྡུལ་ཕྲ་རབ་ཆོལ་བུར་གྱུར་པ། འབྲས་བུ་ཡན་ལག་ཅན་གྱི་རྫས་མ་བརྩམས་པ་
རྣམས་ཇི་ལྟར་སྣང་ཞེས་བྱ་བ་ཡིན་ནོ། །སྣང་བ་སྨོས་པ་ནི་སྒྲིབ་པ་ལ་སོགས་པ་ཉེ་བར་མཚོན་པའོ། །བཤད་པར་ཡང་ཐོགས་པ་ལ་སོགས་པ་ཞེས་སོགས་པའི་སྒྲས་མཐོང་བ་ཡང་གཟུང་བ་ཡིན་ནོ། །འོན་ཏེ་མ་མཐོང་བའི་དབང་གིས་དངུལ་ཆུ་དང་གསེར་ལ་སོགས་པ་ལ་ཡན་ལག་ཅན་མེད་ཀྱང་མཐོང་བ་དང་།
སྒྲིབ་པ་ལ་སོགས་པའི་འབྲས་བུར་འགྱུར་བ་ཡིན་ནོ་སྙམ་ན། འོ་ན་ནི་གོས་ལ་སོགས་པའི་ཡང་འཐད་པ་སྟེ། བྱ་རོག་དག་གིས་ཟོས་པ་ནི་མེད་དོ། །དངོས་པོ་རྣམས་ཀྱིས་ནུས་པ་ནི་སོ་སོའི་སྐྱེ་བོས་དཔག་པར་ངེས་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི་ཁྱད་པར་ཅན་གྱི་ཞེས་བྱ་བ་ལ་སོགས་པའོ། །གཞན་ཞེས་བྱ་བ་ནི་
འབྲས་བུ་ཡན་ལག་ཅན་ལས་སོ། །དེ་ཉིད་ཀྱི་ཕྱིར་རྒྱུ་ཁྱད་པར་ཅན་ཁྱད་པར་དུ་བྱེད་པ་ནི། ཁྱད་པར་ཅན་གྱི་འདུས་པའི་མཚན་ཉིད་ཀྱིས་ཞེས་བྱ་བའོ། །ལྕགས་ལ་སོགས་པ་ནི་ཁྱད་པར་ཅན་གྱི་སྨན་ལ་སོགས་པ་ཚོགས་པའི་མཚན་ཉིད་ཀྱི་རྒྱུ་ཁྱད་པར་ཅན་ལས་སིལ་བུར་འགྱེས་པར་དམིགས་སོ། །དེ་ཉིད་ཀྱི་
ཕྱིར་གྲགས་པ་ལ་ཞེས་བྱ་བ་ནི་སྒྲ་སྦྱར་རོ། སྨན་གྱི་ཚོགས་པ་དང་། མན་ངག་མེད་པས་ནི་སིལ་བུར་གྱེས་པ་དེ་དག་གི་འབྲས་བུ་ཉིད་དུ་དཔག་པར་ནུས་པ་མ་ཡིན་ནོ། །དེ་བཞིན་སྒྲིབ་པ་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་འབྲས་བུར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །འདི་འདྲ་བ་གྲགས་པ་ཡོད་མོད། དད་པར་
གོ་ཅི་ལྟར་བྱེད་སྙམ་ན། རྒྱུ་དང་འབྲས་བུ་ཉིད་ཞེས་གསུངས་ཏེ། ས་བོན་ལས་མྱུ་གུ་སྐྱེ་བ་ཡང་མ་མཐོང་བས་དཔག་པར་མི་ནུས་པའི་ཕྱིར་རོ། །དཔའ་སོགས་སོ་སོར་ནུས་མེད་ཀྱི། །འབྲས་བུ་རྟོགས་པ་དག་པ་ནི། །ཤེས་པ་དག་ནི་ཅི་ལྟར་ཡིན། །ཞེས་བྱ་བ་དེ་ལ་འཆད་པ་ནི་དེ་བཞིན་དུ་གཟུགས་ལ་སོགས་
เล่ม ๑๘๔ · หน้า 128b
པ་ཞེས་བྱ་བའོ། །ལྡན་པ་ལས་ཡིན་ནོ་ཞེས་བྱ་བ་ནི་རྩ་བ་དོགས་པ་གསལ་བར་བྱེད་པའོ། །དབང་པོ་ལ་སོགས་པའི་ལྡན་པ་ཉིད་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིར་ཐལ་བ་མཚུངས་ཞེས་བྱ་བའི་ལན་འཆད་པ་ནི། ལྡན་པ་ཡང་ཞེས་བྱ་བ་ནིའོ། །དེའི་ཕྱིར་ཅི་ལྟར་དབང་པོ་ལ་སོགས་
པ་སོ་སོར་ནུས་པ་མེད་པ་རྣམས་ལྡན་པ་སྐྱེད་པར་བྱེད་པ་བཞིན་དུ་ཤེས་པ་ཉིད་ཅི་སྟེ་སྐྱེད་པར་མི་བྱེད་དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་ཀྱང་ཡིན་ནོ། །ཡང་ན་ཅི་ལྟར་མིག་ལ་སོགས་པ་སོ་སོར་མི་ནུས་པ་དང་ལྡན་པ་ཉིད་སྐྱེད་པར་བྱེད་པ་དེ་བཞིན་དུ། རྡུལ་ཕྲ་རབ་རྣམས་ཤེས་པ་ཅི་སྟེ་སྐྱེད་པར་མི་བྱེད་ཅེས་བྱ་བའི་དོན་
ཏོ། །ཡན་ལག་ཅན་མེད་པའི་ཕྱིར་དངུལ་ཆུ་དང་གསེར་ལ་སོགས་པ་ཅི་ལྟར་སྣང་བ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་། གལ་ཏེ་གསེར་དང་དངུལ་ཆུའི་ལྡན་པ་སྣང་བ་ཡིན་ཞེ་ན་ཞེས་བྱ་བ་རྩ་བའི་དོགས་པ་འགོག་པ་ནི། ལྡན་པའི་སྣང་བ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །རྟེན་མཐོང་བ་མེད་པར་གང་ལ་རྟོགས་ཞེས་བྱ་བ་ལན་འདིའི་
བཤད་པ་ནི་རྟོགས་པར་སླའོ། །དངུལ་ཆུ་དང་གསེར་ལ་སོགས་པར་ལྡན་པའི་རྟེན་ནི་རྡུལ་ཕྲ་རབ་རྣམས་ཡིན་ལ། དེ་དག་ཀྱང་མི་མཐོང་བའི་ཕྱིར་དེ་ལ་འདུ་བའི་ལྡན་པ་ཅི་ལྟར་རྟོགས་ཏེ། ཤ་ཟ་བ་ལ་སོགས་པའི་ལྡན་པ་བཞིན་ནོ། །ཁས་བླངས་ནས་ཀྱང་སུན་འབྱིན་པ་བརྗོད་པ་ནི་གལ་ཏེ་རྟེན་མཐོང་བ་མེད་པར་
ཡང་རྟོགས་ན་ནི་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གལ་ཏེ་རྟེན་དང་ཡང་ལྡན་པ་ཡོད་པའི་ཕྱིར། དེ་ལ་གནས་པའི་ལྡན་པ་རྣམས་ཀྱང་རྟོགས་པར་འགྱུར་ཏེ། འབྱོར་པ་དང་འདུས་པ་དང་མཚུངས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་མཐོང་བས་ནའོ། །དེར་ནི་ཞེས་བྱ་བ་གཞན་གྱི་སྟེ། ཐག་རིང་བ་ན་གནས་པའི་རྫས་ཕྲ་མོ་
རྣམས་ལ་ངོ་མཐོང་བ་མེད་པ། རྡོ་ཚན་ལ་སོགས་པའི་མཚན་ཉིད་ཀྱི་ལྡན་པ་ཞེས་བྱ་བའི་མིང་ཅན་གྱི་ངོན་རྟོགས་ན་ནི་དེའི་ཚེ་དེ་དབང་པོ་དང་ཕྲད་པར་ཁས་བླངས་དགོས་ཏེ། དབང་པོ་དང་དོན་ཕྲད་པ་ལས་མངོན་སུམ་སྐྱེའོ་ཞེས་བྱ་བ་ལ་གཞུང་ལུགས་ཡིན་པའི་ཕྱིར་རོ། །དེ་ཡང་རྣ་བ་ལས་གཞན་པའི་དབང་པོའི་
ལྡན་པ་ལས་གཞན་མ་ཡིན་ཏེ། དེས་ན་རྡོ་ཚན་ལ་སོགས་པའི་མཚན་ཉིད་ཀྱིས་ལྡན་པ་ནི་ཡོན་ཏན་གྱི་མཚན་ཉིད་ཉམས་པར་འགྱུར་ཏེ། དབང་པོ་དང་ལྡན་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མིག་གི་འོད་ཟེར་དག་ནི་རྡུལ་ཕྲ་རབ་རྣམས་དང་ཕྲད་པ་ཡིན་ལ། ལྡན་པ་ནི་དེ་
เล่ม ๑๘๔ · หน้า 129a
དག་ལ་འདུས་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ནི་སུན་འབྱིན་པའོ། །རྡུལ་ཕྲ་རབ་ལ་དབང་པོའི་འོད་ཟེར་དང་ཕྲད་པའི་མཚན་ཉིད་ཀྱི་དབང་པོའི་ལྡན་པ་ཡོད་པས་སོ། །ལྡན་པ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་མིག་གི་འོད་ཟེར་རྣམས་ནི་ཐག་རིང་པོ་ན་གནས་པའི་རྫས་ཕྲ་མོ་རྣམས་ལྡན་
པ་མེད་པ་ནི་ཐག་རིང་པོ་ཉིད་ཀྱི་ཕྱིར་རོ། །རགས་པ་རྣམས་ཀྱང་ཞེས་བྱ་བ་ནི་སུན་འབྱིན་པའོ། །དབང་པོས་ཡུལ་དེ་སྲིད་འགྲོ་མི་ནུས་ན་ནི་ཡུལ་དེ་ན་གནས་པའི་རྫས་རགས་པ་ཡང་ཅི་ལྟར་འཛིན་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འབྱོར་པ་དང་། འདུས་པ་གཞུང་མ་བཙུགས་པ་དང་རྡོ་ཚན་ལ་སོགས་པའི་མཚན་ཉིད།
རྡུལ་ཕྲ་རབ་ཀྱི་ལྡན་པ་དང་། དབང་པོ་རྣམས་ཀྱི་ལྡན་པ་ཉིད་ཕྲད་པ་ཡིན་པར་བཤད་པ་སུན་འབྱིན་པ་སེལ་བའི་སྒོ་ནས་མདུན་དུ་བྱེད་པ་ནི། འོན་ཏེ་ལྡན་པ་ལས་སྐྱེས་པའི་ལྡན་པ་ཡང་ཞེས་སྨྲས་ཏེ། རྒྱུ་མཚན་གྱི་རྒྱུ་ཙམ་དུ་མི་འགྱུར་རོ་སྙམ་དུ་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །
དེ་ལ་ཞེས་བྱ་བ་ནི་གཞན་གྱི་ལུགས་ལའོ། །གང་གི་ཕྱིར་འདུ་བ་ནི་འདི་ལའོ་སྙམ་པའི་བློའི་རྒྱུ་ཡིན་པ་དེའི་ཕྱིར། འདུ་བ་ཡང་ཡོད་པ་ཡིན་ནོ། །གལ་ཏེ་འདི་ལའོ་སྙམ་པའི་བློའི་རྒྱུ་འདུ་བ་ཡིན་མོད། དེ་ལྟ་ན་ཡང་སྐབས་སུ་བབ་པ་ལ་ཅིར་འགྱུར་སྙམ་ན། ལྡན་པ་ཡང་ཞེས་གསུངས་སོ། །རྡོ་ཚན་ལ་སོགས་པའི་
མཚན་ཉིད་རྡུལ་ཕྲ་རབ་རྣམས་ཀྱི་ལྡན་པ་རྟོགས་ན། འདི་ནི་དམིགས་པའི་འོད་ཟེར་དང་ལྡན་པ་ཡིན་ནོ་སྙམ་དུ་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེར་ལྡན་པ་མཐོང་བ་ཡང་དབང་པོ་མ་མཐོང་བའི་ཕྱིར། དབང་པོ་དང་རྡུལ་གྱི་ལྡན་པ་མི་འགལ་བའི་ཕྱིར་གང་ལ་ལྟོས་ནས་རྡུལ་ཕྲ་རབ་ཀྱི་ལྡན་པ་
གཞི་ཉིད་དུ་སྟོན་ཅེ་ན་དེ་ལྟ་མ་ཡིན་ཏེ། འཐད་པས་ངེས་པ་ལ་ཡང་མ་བརྟེན་པའི་བློ་མི་འགལ་བའི་ཕྱིར་རོ། །དེ་བས་ན་ལྡན་པ་འདུ་བ་ཅན་གྱི་རྒྱུར་ཐར་བར་འགྱུར་བའི་ཕྱིར་རོ། །ཡོན་ཏན་གྱི་མཚན་ཉིད་ཉམས་པ་སོན་འདུག་གོ་སྙམ་དུ་དོགས་པའོ། །སུན་འབྱིན་པ་གཞན་བརྗོད་པའི་དོན་དུ་ཡང་ལྡན་པར་མྱུར་
བར་འདུས་པ་ཡང་གླེང་སློང་བ་ནི་གཞན་ཡང་ཞེས་བྱ་བའོ། །འབྲས་བུའི་རྫས་ཡན་ལག་ཅན་གྱི་ལྡན་པ་ལྟོས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་མེད་ཀྱང་འཛིན་པར་ཁས་བླངས་པའི་ཕྱིར་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་དུ་རྡུལ་ཕྲ་རབ་ཀྱི་ཞེས་བྱ་བའོ། །བུམ་པ་ལ་སོགས་
เล่ม ๑๘๔ · หน้า 129b
པས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཙམ་འདུས་པ་ཙམ་གྱི་རང་བཞིན་ནོ། །འདི་ལྟར་རྡུལ་ཕྲ་རབ་མི་མཐོང་བ་ཡིན་ན་ནི་མཐོང་བའི་དོན་གཞན་བརྟག་པར་བྱ་བ་ཡིན་གྱི། རྡུལ་ཕྲ་རབ་རྣམས་ལ་རྟོགས་པའི་རྒྱུ་དབང་པོའི་ལྡན་པ་ཡོད་ན་དོན་གཞན་གྱིས་ཅི་བྱ། བརྗོད་མ་ཐག་པར་ནི་ཡན་ལག་ཅན་ལ་དབང་པོའི་ལྡན་པ་
ལ་ལྟོས་ནས་ཅི་བྱ་ཞེས་བརྗོད་པ་ཡིན་ནོ། །ཉེས་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་འབྲས་བུའི་རྫས་ཀྱི་ལྡན་པ་དོན་མེད་དོ་ཞེས་བརྗོད་པ་གང་ཡིན་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཡན་ལག་ཅན་ཡོད་པ་ཉིད་དུ་མ་ཡིན་པའོ། །ལན་དུ་འདི་ནི་ཞེས་བྱ་བའོ། རྡུལ་ཕྲ་རབ་རྣམས་ལ་
དབང་པོའི་ལྡན་པ་མེད་ན་ཡན་ལག་ཅན་རྟོགས་པ་ཡིན་ནོ་ཞེས་ཅི་སྟེ་མི་བརྗོད་ཡན་ལག་ཅན་གྱི་ལྡན་པ་ཡོད་ན་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ཀྱི་ལྡན་པ་ཡོད་དགོས་སོ་ཞེས་སྟོན་པ་ནི། ཡན་ལག་ཅན་ལྡན་ན་ཞེས་བྱ་བའོ། །ཡུལ་མཚུངས་པ་ཉིད་ཀྱང་ཡན་ལག་ཅན་རྡུལ་ཕྲ་རབ་ཀྱི་ཡུལ་ན་ཡོད་པ་ཡིན་པའི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་ཁས་བླང་བར་བྱ་བ་
རྡུལ་ཕྲ་རབ་ཀྱི་ལྡན་པ་ཡོད་མོད། ཡན་ལག་ཅན་གྱི་ལྡན་པའམ། ཡན་ལག་ཅན་གྱིས་ཅི་བྱ། སྔར་ནི་ལྡན་པ་དང་མི་ལྡན་པའི་རྒྱུར་ཐལ་བའི་སྒོ་ནས་གཙུག་ལག་ལ་ལྟོས་པ་ཉེས་པ་བརྗོད་པ་ཡིན་ནོ། །དེ་ལས་གཞན་པའི་གཙུག་ལག་གི་ཉེས་པ་ཡང་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །ཡན་ལག་ཅན་ལ་ཡང་
རྟོགས་པའི་དབང་པོ་ཁོ་ནས། དབང་པོའི་ལྡན་པ་བརྟགས་པ་ཡིན་ལ། དེ་ནི་རྡོ་ཚན་ལ་སོགས་པའི་མཚན་ཉིད་ཀྱི་ལྡན་པ་ལ་ཡོད་པའི་ཕྱིར། ཅི་ལྟར་དབང་པོའི་ལྡན་པ་མེད། དེས་ན་རྫས་གཉིས་ཁོ་ན་ལ་ལྡན་པ་ཡོད་དོ་ཞེས་བྱ་བའི་རྣམ་པར་གཞག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟེན་མཐོང་མེད་པར་ག་
ལ་རྟོགས། །ཞེས་བྱ་བ་བཤད་ནས། རོ་གཟུགས་ལ་སོགས་པ་ལྡན་པ་འགལ་ཞེས་བྱ་བ་བཤད་པའི་ཕྱིར། གཞན་ཡང་ཞེས་སྨོས་སོ། །མཐོང་བའི་ཕྱིར་ཞེས་བྱ་བ་ནི་སྐབས་ཀྱི་ལྡན་པའོ། །བཏུང་བ་ལ་སོགས་པའམ། རྡོ་ཚན་ལ་སོགས་པའི་མཚན་ཉིད་ལྡན་པ་མཐོང་བ་ལ། གཟུགས་ལ་སོགས་པ་ལྡན་
པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་ལ་ཞེས་སྨོས་སོ། །ཡོན་ཏན་ནི་རྫས་ཁོ་ནའི་ཡིན་གྱི། ཡོན་ཏན་ལ་ནི་ཡོན་ཏན་ཡོད་པ་མ་ཡིན་ནོ། །འོན་ཏེ་གཟུགས་ལ་སོགས་པ་དེ་དག་ནི་ཡན་ལག་གི་ཡིན་གྱི། བཏུང་བ་ལ་སོགས་པའི་ནི་མ་ཡིན་ནོ་སྙམ་ན་དེ་ལ་ཞེས་སྨོས་ཏེ། བཏུང་བའོ། །ཡན་ལག་
เล่ม ๑๘๔ · หน้า 130a
རྣམས་ཀྱི་ཞེས་བྱ་བ་ནི་བུ་རམ་ལ་སོགས་པ་རྣམས་ཀྱིའོ། །མངོན་སུམ་ལ་དེ་ལས་བཟློག་པར་སྣང་བའི་ཕྱིར་རོ་སྙམ་དུ་ཞེ་ལ་བཞག་པའོ། །ཉེ་བར་བརྟགས་པ་ལས་ཞེས་བྱ་བ་ནི་གཞན་གྱིའོ། །སུན་འབྱིན་པ་ནི་བློ་ཐ་དད་པར་ཐལ་ལོ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་བཏུང་བའི་གནས་སྐབས་ན་
ཡོད་པའི་གཟུགས་ལ་སོགས་པ་ཉིད་ཉེ་བར་འདོགས་པ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། དེ་ནི་དངོས་སུ་ཉམས་སུ་མྱོང་བའི་ཕྱིར་རོ། །འཇིག་རྟེན་བཏུང་བ་ལ་བུ་རམ་ལ་སོགས་པ་རྫས་དུ་མའི་རང་བཞིན་དུ་ཐ་སྙད་འདོགས་པ་ཡང་མ་ཡིན་གྱི། འོན་ཀྱང་དེའི་གནས་སྐབས་ན་ཡོད་པ་ཉིད་དུའོ། །དེ་ལྟ་བུའི་ཐ་སྙད་ཡོད་
དུ་ཆུག་པ་དེ་ལྟ་ན་ཡང་། བཏུང་བ་ལ་བློ་ཐ་དད་པ་ཡོད་པར་ཐལ་བར་འགྱུར་རོ། །བཏུང་བའི་གནས་སྐབས་ན་ཡོད་པའི་གཟུགས་ལ་སོགས་པ་སྣང་བའི་བློར་མི་འགྱུར་གྱི། འོན་ཀྱང་བུ་རམ་ལ་སོགས་པ་ཡན་ལག་རྣམས་ཀྱི་གཟུགས་ལ་སོགས་པ་རྟོགས་པ་ཉིད་དུ་འགྱུར་ཏེ། དོན་གཅིག་ལ་འདུ་བས་ཉེ་བར་བཏགས་
པ་ཡིན་པའི་ཕྱིར་རོ། །ཞོ་ལ་སོགས་པ་ཞེས་བྱ་བ་ནི་འཆད་པའོ། །གང་ལ་བཏུང་བ་ཞེས་བྱ་བའི་ལྡན་པ་འདུ་བ་དེ་ཉིད་ལ། གཟུགས་ལ་སོགས་པ་ཡིན་པའི་ཕྱིར། །དོན་གཅིག་ལ་འདུ་བ་ཡིན་གྱི་བཏུང་བའི་གནས་སྐབས་ན་ཡོད་པའི་རོ་དང་གཟུགས་གཞན་དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །གལ་
ཏེ་ཉེ་བར་གཏུགས་པའི་མཐུ་ཁོ་ནས་གཟུགས་ལ་སོགས་པ་འགའ་ཞིག་ཏུ་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གང་དུ་ཉེ་བར་འདོགས་པ་ཞེས་བརྒྱ་ལ་མི་མཁས་པ་དག་རྩོད་པ་སྨྲ་བར་འགྱུར་བས་དེ་ལ་བཤད་པ་ནི་ལྡན་པ་ཅན་གྱི་གཟུགས་གང་ཡིན་པ་ཞེས་བྱ་བའོ། །ཉེ་བར་བཏགས་ཕྱིར་ཞེས་བྱ་བ་འདིར་བཅད་དོ། །གལ་
ཏེ་འདིར་ཉེ་བར་བཏགས་པའི་མཐུ་ཡིན་ན། དེའི་ཚེ་ཉེ་བར་བཏགས་བཞིན་པའི་གཟུགས་ལ་སོགས་པ་ཉིད་འདིར་མཐོང་བར་འགྱུར་གྱི། གཟུགས་ལ་སོགས་པ་གཞན་ནི་མཐོང་བར་ག་ལ་འགྱུར། གང་དུ་ཉེ་བར་གདགས་ཞེས་བརྗོད་པ་དེ་ལ་ལྡན་པ་ཉིད་ཉེ་བར་བཏགས་པའི་གཞིར་འགྱུར་མོད། དེ་ཉིད་བསྟན་པ་ནི་ལྡན་པའི་
ཡང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། གང་གིས་ཉེས་པ་འདིར་འགྱུར་བ་འདི་རྣམ་པ་ཐམས་ཅད་དུ་གཟུགས་གཞན་ཁོ་ན་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་གཟུགས་དང་རོ་དེ་དག་ཉིད་ཡིན་ཏེ། བུ་རམ་ལ་སོགས་པ་ཡན་ལག་ལ་འདུས་པ་གང་ཡིན་པའོ། །དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ནི་བཏུང་བའི་གནས་
เล่ม ๑๘๔ · หน้า 130b
སྐབས་ན། སྔ་ན་མེད་པའི་རང་བཞིན་ཅན་དུའོ། །གཅིག་ཏུ་ཞེས་བྱ་བ་ནི་དེ་དག་གཞན་ཉིད་དུའོ། །གཅིག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལྟར་གཅིག་གི་སྒྲ་ནི་གཞན་གྱི་དོན་བརྗོད་པའོ། །ཡང་ན་གལ་ཏེ་བུ་རམ་ལ་སོགས་པའི་ཡན་ལག་རྣམས་འདྲེས་པ་ཡིན་ཡང་ནོར་བུ་མདོག་སྣ་ཚོགས་པ་འདྲེས་པ་ལྟར་ཐ་དད་པར་
རྟོགས་པར་བྱ་བ་མ་ཡིན་ནམ། དེ་ཇི་ལྟར་ན་བཏུང་བའི་གནས་སྐབས་ན་གཟུགས་དང་རོ་གཞན་དམིགས་ཤེ་ན། དེ་དག་ཤིན་དུ་འདྲེས་པ་ནི་ཞེས་སྨོས་སོ། །ནོར་བུའི་ཕུང་པོ་ཅི་ལྟར་འདྲེས་པ་དེ་འདྲ་བར་ནི་བཏུང་བའི་གནས་སྐབས་ན་བུ་རམ་ལ་སོགས་པའི་ཡན་ལག་འདྲེས་པ་མ་ཡིན་གྱི། འོན་ཀྱང་དེ་དང་མི་འདྲ་བ་ཤིན་དུ་
འདྲེས་པ་ཡིན་ནོ། །གང་གི་ཕྱིར་ཤིན་དུ་འདྲེས་པའི་བུ་རམ་ལ་སོགས་པའི་ཡན་ལག་གཅིག་ཏུ་རྟོགས་པའི་རྒྱུ་ཡིན་པ་དེའི་ཕྱིར། ལྡན་པ་ཅན་གྱི་གཟུགས་དང་རོ་ཉིད་གཟུགས་དང་རོ་གཞན་མངོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་དེ་དག་ཉིད་ཡིན་ན་ཅི་ལྟར་གཞན་དུ་རྟོགས་
ཞེས་བྱ་བའི་སུན་འབྱིན་པ་ཡལ་བར་དོར་ནས་གཞན་བརྗོད་པ། ཅི་ལྟར་གཟུགས་དང་རོ་དེ་དག་ཉིད་གཞན་དུ་མངོན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཉིད་རགས་པའི་རང་བཞིན་དུ་མངོན་པའམ། དེ་ལྟ་བུའི་ཐ་སྙད་དང་ལྡན་པར་འགྱུར་མོད། ཡན་ལག་ཅན་གྱིས་ཅི་བྱ། རྣམ་པ་གཞན་དུ་སྣང་བར་ཐལ་ལོ་ཞེ་ན། ཐ་སྙད་ལ་འཆོལ་
བར་བྱ་སྟེ། ཅི་སྐད་དུ། དེ་ཡི་གཟུགས་དང་བྲལ་ན་ཡང་། །རྣམ་པ་གཞན་དུ་སྣང་བར་འགྱུར། །ཞེས་འཆད་པར་འགྱུར་བ་བཞིན་ནོ། །དེ་ཁོ་ནར་ནི་གཞན་སྣང་བ་མ་ཡིན་ལ་མེད་པ་སྣང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་ཀྱིས་བྱས་པ་བློའི་རྣམ་པའི་དངོས་པོ་དང་འདྲ་བ་ཁོ་ན་རིག་པའི་ཕྱིར་རོ་ཞེས་བརྗོད་ཟིན་ཏོ། །
སྐབས་སུ་བབ་པ་རྡུལ་ཕྲ་རབ་བསགས་པ་ཙམ་གྱི་རང་བཞིན་བུ་རམ་ལ་སོགས་པའི་རང་བཞིན་རྣམས་ཕན་ཚུན་ཕན་འདོགས་པས་དེ་དག་ཉིད་ཁྱད་པར་ཅན་དུ་སྐྱེས་པ་ཡིན་ཏེ། དེ་ལྟ་དེ་ལྟ་བུའི་རྟོགས་པ་སྐྱེད་པར་བྱེད་པ་གང་ཡིན་པའོ། །དེས་ན་ཉེས་པ་འགའ་ཡང་མེད་དོ། །འདིས་ནི་གལ་ཏེ་ཉེ་བར་བཏགས་པ་ལས་
འདོད་ན་བློ་ཐ་དད་པར་མི་འགྱུར་རོ་ཞེས་བྱ་བ་བཤད་པ་ཡིན་ནོ། །ཅི་ལྟར་ཕྲེང་རིང་ཞེས་བྱར་འགྱུར། །ཞེས་བྱ་བ་བཤད་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བའོ། །ཁྱད་པར་ཅན་གྱི་རྟོགས་པ་ཡིན་ནོ་ཅོག་གང་ཡིན་པ་གལ་ཏེ་དོན་ཐ་དད་པའི་རྒྱུ་མཚན་ཅན་ཡིན་ནོ། །དེའི་ཚེ་ཕྲེང་རིང་ངོ་སྙམ་དུ་དོགས་པར་མི་འགྱུར་རོ་ཞེས་
เล่ม ๑๘๔ · หน้า 131a
བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཕྲེང་ཞེས་བྱ་བ་ནི་ཞེས་བྱ་བའོ། །གལ་ཏེ་ལྡན་པ་ལ་སོགས་པ་ཉིད་ཕྲེང་བ་ཡིན་ནམ། དེས་ན་དེ་སྐད་ཅི་སྟེ་བརྗོད་སྙམ་ན། འདི་ལྟར་ཞེས་སྨོས་སོ། །ལྡན་པ་མེད་ཕྱིར་ཞེས་བྱ་བ་ནི་ཕན་ཚུན་མ་འབྲེལ་བར་གནས་པའི་ཕྱིར་ལྡན་པ་མེད་དོ། །འདི་ལྟར་ཉེ་བར་
མཚོན་པ་ཡིན་པའི་ཕྱིར། ཡོན་ཏན་གྱི་ཚིག་གི་དོན་མཐའ་དག་བཀག་པ་ཡིན་ནོ། །དེའི་ནང་ན་ལྡན་པ་སྲིད་པའི་ཕྱིར་འགོག་པ་ཡིན་ནོ། །དེ་ཉིད་ཕྱིར་ཞེས་བྱ་བ་ནི་ལྡན་པ་མེད་པ་ཉིད་ཀྱི་ཕྱིར་ཕྲེང་ནི་རྫས་མ་ཡིན་ནོ། །རྫས་ནི་ལྡན་པས་རྩོམ་པའི་ཕྱིར་རོ། །དེ་ནི་རིགས་ལ་སོགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་
རིགས་ལ་སོགས་པ་ལ་ནི་རིང་པོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་བྱ་བ་དང་སྤྱི་དང་ཁྱད་པར་རྣམས་འཕངས་པ་ཡིན་ཏེ། དེ་དག་ཀྱང་རིང་པོའི་ཚད་དང་ལྡན་པ་མ་ཡིན་ནོ། །རྫས་ལ་ལྟོས་པའི་ཕྱིར་རོ། །དེས་ན་རིང་པོ་ལ་སོགས་པའི་ཁྱད་པར་མི་འཐད་པའི་ཕྱིར་ན་རིགས་པ་མ་ཡིན་ནོ། །རིང་པོ་ལ་སོགས་
པའི་ཁྱད་པར་དང་བྲལ་བ་ཡང་རིགས་ལ་སོགས་པའི་ཁོངས་སུ་འདུ་བ་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ནི་རིགས་སོགས་ཞེས་བྱ་བའོ། །དེ་དག་ཀྱང་རིང་པོའི་ཚད་དང་ལྡན་པ་མ་ཡིན་ནོ། །ཤིང་གི་བློ་བཞིན་དུ་གཅིག་ལ་ཡང་དེ་ལྟ་བུའི་བློ་སྐྱེ་བར་ཐལ་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་གྲངས་གཅིག་རིང་པོ་ཡིན་ནོ་སྙམ་
ན། དེ་ལྟ་ན་ཡང་རིང་པོ་ལ་སོགས་པར་མི་འཐད་དོ་ཞེས། རིགས་སོགས་ལ་ནི་རིང་ཉིད་མེད། །ཅེས་བྱ་བ་འདིས་བརྗོད་པ་ཡིན་ནོ། །བཀོད་པའི་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་སྐབས་ལ་སྦྱོར་བར་བྱེད་པའོ། །ཡིན་ཞེས་རིགས་ཞེས་བྱ་བའི་ཞེས་ཀྱི་སྒྲ་ཉེ་བར་སྡུད་པའོ། །དོན་ཅན་ནི་དང་པོར་ལྟ་བར་བྱའོ། །དེས་ན་
དོན་འདིར་འགྱུར་ཏེ། གང་གི་ཕྱིར་ཕྲེང་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར། ཅི་ལྟར་མངོན་པར་འདོད་པའི་གནས་སྐབས་ཁྱད་པར་གྱིས་རྣམ་པར་གནས་པ་རྣམས་ལ། རིང་པོ་ལ་སོགས་པའི་བློར་འགྱུར་བ་དེ་བཞིན་དུ་མངོན་པར་འདོད་པའི་ཁྱད་པར་དུ་གནས་པ་དེ་ཉིད་ཀྱིས་ན། ཡན་ལག་ཅན་གྱི་ཡུལ་ཅན་
གྱི་བློ་དེ་ནི་རྡུལ་ཕྲ་རབ་རྣམས་ལ་ཡིན་པར་རིགས་སོ། །དཔེར་ན་ཞེས་བྱ་བ་འཆད་པར་བྱེད་པའོ། །ཐ་མའི་ཡན་ལག་ཅན་གྱི་རང་བཞིན་གྱི་མེ་ཏོག་རིགས་མི་མཐུན་པའི་རང་བཞིན་གྱི་ཕྲེང་བ་ནི་རྫས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར། གནས་པའི་ཁྱད་པར་ཙམ་གྱིས་མེ་ཏོག་རྣམས་ཀྱི་ཕྲེང་བ་རིང་པོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་བ་ཡིན་
เล่ม ๑๘๔ · หน้า 131b
ནོ། །རང་བཞིན་དུ་ཞེས་བྱ་བ་དེ་ཁོ་ན་ལྟར་ཏེ། ཕྲེང་བ་ལ་སོགས་པའི་རིང་པོ་ཉིད་ལྟ་བུ་ཁོ་ནར་རོ་ཞེས་བྱ་བའི་དོན་ཏོ། །རྩོད་པའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་ཡན་ལག་ཅན་གྱི་མཚན་ཉིད་དུ་འདོད་པའི་ཡུལ་གྱི་དོན་དངོས་པོ་མ་ཡིན་ནོ། །དེ་ལྟར་རང་གི་ངོ་བོ་དང་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། འཇུག་པར་
བྱེད་པ་ནི་གང་ལས་ཞེས་བྱ་བའོ། །སྨྲས་པ་ནི་ཞེས་བྱ་བ་ལ་ཅི་ཞིག་སྨྲ་སྙམ་ན། ལྡན་པ་ལ་སོགས་པའི་ཞེས་བྱ་བའོ། །རིགས་པ་མཚུངས་པས་ན་སྐབས་ཀྱི་ལྡན་པ་སུན་དབྱུང་བ་ཉེ་བར་མཚོན་པར་བྱེད་པར་སྨྲས་པ་ནི། གཟུགས་ལ་སོགས་པ་ཞེས་སྨོས་སོ། །འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་རྫས་གཞན་བཀག་
པའི་ཕྱིར་རོ། །འབྱོར་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དམིགས་པའི་སྤྱོད་ཡུལ་དུའོ། །འདི་གཉིས་འབྱོར་པ་ཡིན་ནོ་སྙམ་པའི་བློས་ནི་ལྡན་པ་ཁྱད་པར་ཉིད་དུ་འཕེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་ནི་འབྱོར་པ་ཞེས་བྱ་བ་ནི་ཞེས་བྱ་བའོ། །ལྡན་པ་ཅན་ཉིད་ཀྱི་ཞེས་བྱ་བ་ནི་
དོན་གཉིས་ལས་ཐ་དད་པར་གྱུར་པ་ལྡན་པའི་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྒྲ་ལ་ཡུལ་ཐ་དད་པ་ཡོད་པ་ཡིན་ནོ་སྙམ་ན། འབྱོར་པའི་སྒྲ་ལ་ཞེས་སྨོས་སོ། །ཡང་གི་སྒྲས་ནི་ལྡན་པ་ཅན་གྱི་སྒྲ་སྡུད་པའོ། །གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྡན་པའི་ཁྱད་པར་རོ། །འོ་ན་ལྷག་པར་ཞེན་པ་ལ་ལྟོས་
ནས་ཀྱང་། སྒྲ་དང་རྟོགས་པ་དག་གི་ཡུལ་གང་ཡིན་སྙམ་ན། དེར་ནི་ཞེས་སྨོས་སོ། །ལྡན་པ་ཅན་དེ་ལས་གཞན་འབྱོར་བའི་བླའི་ཡུལ་དུ་གྱུར་པའི་ལྡན་པ་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འབྱོར་པའི་སྒྲས་བརྗོད་པར་བྱ་བ་མེད་དོ། །ལྡན་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ཅི་ལྟར་ཞེས་གསུངས་
སོ། །བར་མ་ཆོད་པའི་དོན་གཉིས་ལས་ཐ་དད་པར་གནས་པ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་ལྡན་པ་ལ་སོགས་པའི་ཐ་སྙད་ཐ་དད་པར་འགྱུར་སྙམ་ན། རྗེས་འགྲོ་ཞེས་གསུངས་སོ། །ལྡན་པར་མ་གྱུར་པ་དག་ལ་གནས་སྐབས་དེ་མ་དམིགས་པའི་ཕྱིར་ན། གནས་སྐབས་དེ་ལྡོག་པར་བརྗོད་པ་ཡིན་
ནོ། །དེ་དག་ནི་དམིགས་པའི་ཕྱིར་རྗེས་སུ་འགྲོ་བའོ། །གལ་ཏེ་ལྡན་པ་ལ་སོགས་པ་སྒྲུབ་པར་བྱེད་པའི་མངོན་སུམ་ཉིད་ཡོད་པ་མ་ཡིན་ནམ། དེ་ལ་ལོག་པར་རྟོག་པ་ཅི་འདྲ་བ་ཞིག་ཡོད་ཅེ་ན། མངོན་སུམ་གྱིས་ནི་ཞེས་གསུངས་སོ། །དེ་ལྟ་བུར་གྱུར་པ་ནི་བྲལ་བར་གྱུར་པའོ། །འདི་འདྲ་བར་ཞེས་བྱ་བ་ནི་བར་མ་ཆོད་པར་རོ། །
เล่ม ๑๘๔ · หน้า 132a
གང་གི་ཕྱིར་ལྡན་པ་སྣང་བ་མེད་པའི་གཏན་ཚིགས་དེས་ན། དེ་ཉིད་ཅེས་བྱ་བ་བར་མ་ཆོད་པའི་མཚན་ཉིད་གང་ཡིན་པའོ། །ལོགས་ཤིག་ལ་ཞེས་བྱ་བ་རྣམ་པར་དབྱེ་བའི་དངོས་པོ་གཉིས་ལས་ཁྱད་པར་གཞན་སྤངས་པས་འཇོག་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །
གང་གི་ཕྱིར་དེ་ལྟར་ཡན་ལག་ཅན་དང་ཡོན་ཏན་ལ་སོགས་པ་མངོན་སུམ་ལ་ཐ་དད་པར་སྣང་བ་མེད་པ་དེ་ཉིད་ཀྱི་ཕྱིར། སྒྲ་ཤེས་ཏེ་སྒྲ་དང་། རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་གཉིས་ནི་བརྟགས་པའི་དོན་ཅན་ཡིན་ཏེ། དངོས་པོ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ་ཞེས་ཁྱབ་པ་ཡིན་ནོ། །གང་གིས་བརྟགས་པའི་ཡུལ་ཅན་
ཡིན་ཞེ་ན། བརྡའི་དུས་ན་ཡོད་པ་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པས་བརྟགས་ཏེ། བརྟག་པར་བྱ་བའི་དོན་འདི་གཉིས་ལ་ཡོད་པའི་ཕྱིར་ཏེ། དེ་བརྟགས་པའི་དོན་ཅན་ཡིན་ནོ། །དཔེར་ན་ཡོན་ཏན་ལ་སོགས་པ་རྣམ་པར་རྟོག་པ་ཙམ་ལ་སྣང་བ་རྣམས་ལའམ། ཡང་ན་ཞིག་པ་དང་མ་སྐྱེས་པ་དག་ལ་སྟེ།
ར་མ་དང་སྟོབས་ཅན་དང་། དུང་ལ་སོགས་པའི་རྣམ་པར་རྟོག་པ་དང་སྒྲ་བཞིན་ནོ། །རང་ཉིད་མཚན་ཉིད་མེད་པར་ནི་གཉི་ག་ལ་མ་གྲུབ་པའི་ཕྱིར། རྣམ་པར་རྟོག་པ་ཙམ་གྱིས་ཡུལ་ཡིན་པ་ལ་རྩོད་པ་མེད་དོ། །བཤད་པ་ནི་ཡོན་ཏན་ལ་སོགས་པ་དང་། ཞིག་པ་དང་། མ་སྐྱེས་པ་ལ་སོགས་པ་ལ་གཅིག་ཉིད་ཀྱི་ཐ་སྙད་དུ་བྱེད་པ་
དཔེར་བརྗོད་པར་འགྱུར་རོ། །གལ་ཏེ་སྒྲ་དང་རྣམ་པར་རྟོག་པ་དག་དེ་ཁོ་ནར་དངོས་པོའི་ཡུལ་ཅན་མ་ཡིན་ནམ། དེས་ན་དེ་ཐ་དད་པ་ལ་སོགས་པ་ལས་དངོས་པོ་ཐ་དད་པར་ཅི་ལྟར་མི་འགྱུར་ཞེ་ན། སྒྲའི་ཤེས་པ་ཞེས་གསུངས་སོ། །མི་མཐུན་པ་ནི་གཞན་ཉིད་དོ། །འོ་ན་ཅི་ལྟར་ཡིན་ཞེ་ན། འོན་ཀྱང་ཞེས་གསུངས་སོ། །རྣམ་པར་རྟོག་
པ་མི་མཐུན་པས་དངོས་པོ་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། རྣམ་པར་རྟོག་པ་ཅན་གྱི་བློ་ནི་ཞེས་གསུངས་སོ། །བསླད་པར་འགྱུར་བ་ནི་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པར་སྐྱེས་པ་ན་དེ་འདྲ་བ་ཉིད་ཀྱིས་ཕྱི་རོལ་དུ་མངོན་པར་ཞེན་པར་འགྱུར་བ་ཡིན་ནོ། །དེ་ལས་ཞེས་བྱ་བ་རྣམ་པར་རྟོག་པ་ཅན་གྱི་བློ་དེ་ལས་སོ། །
འོན་ཏེ་ཡང་ལྡན་པ་ལ་སོགས་པའི་བློ་དག་ནི་དེ་ལྟ་མ་ཡིན་པ་དེས་ན། དེ་ལས་དོན་གྱི་དེ་ཉིད་ཇི་ལྟར་གནས་པར་མི་འགྱུར་སྙམ་ན། དེ་ལ་ཞེས་སྨོས་སོ། །ལྡན་པ་ལ་སོགས་པའི་བློ་ཡང་བརྟགས་པའི་ཐ་དད་པའི་རྗེས་སུ་འཇུག་པས་ན། བག་ཆགས་ཀྱི་སྟོབས་ལས་སྐྱེས་པ་ཉིད་ཡིན་ནོ་སྙམ་དུ་དགོངས་པའོ། །དེས་ནི་ལྡན་པ་ལ་
เล่ม ๑๘๔ · หน้า 132b
སོགས་པ་བརྟགས་པ་ཉིད་ཐ་དད་པ་སྟེ། ཐ་དད་པའི་ཐ་སྙད་དུ་བྱ་བ་ཡིན་ནོ། །དོན་གྱི་དེ་ཁོ་ན་ཉིད་ནི་ལྡན་པ་ལ་སོགས་པར་ཐ་དད་པ་མ་ཡིན་ནོ། །གལ་ཏེ་བརྟགས་པའི་དོན་ཐ་དད་པ་ཡང་དོན་ཐ་དད་པ་ཉིད་མ་ཡིན་ནམ་དེས་ན་རྣམ་པར་རྟོག་པ་བག་ཆགས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ནོ་ཞེས་ཅི་སྟེ་བརྗོད་སྙམ་ན། རྣམ་པར་
བརྟགས་པའི་དོན་ཐ་དད་པ་ནི་ཞེས་གསུངས་སོ། །ཐུག་པ་མེད་མོད་སྐྱོན་ཅི་ཡོད་སྙམ་པ་ལ། དེ་ལྟར་ཁས་ལེན་ན་ནི་ཞེས་གསུངས་སོ། །ཕན་ཚུན་རྩོད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དོན་མཐའ་དག་གྲུབ་པའི་ཕྱིར་རོ། །བག་ཆགས་ལས་བརྟགས་པའི་ཞེས་བྱ་བ་ནི་བག་ཆགས་ལས་སྐྱེས་པའི་རྣམ་
པར་རྟོག་པས་བརྟགས་པ་ཞེས་བྱ་བའི་དོན་ཏོ། རྣམ་པར་རྟོག་པ་དེ་ཅི་འདྲ་བ་ཞིག་ཡིན་ཞེས་བྱ་བ་ལ་ནི་ཡིད་ལ་བཞག་པའོ། །གང་གིས་རྣམ་པར་བརྟགས་པའི་དོན་ལ་སྒྲ་དང་བློ་རྗེས་སུ་འགྲོ་བ་དང་། ལྡོག་པ་དག་གིས་འཇུག་པ་དེ་ཉིད་དོ། །རྗེས་སུ་འགྲོ་བ་ཅན་གྱི་སྐྱེས་བུ་དང་དབྱིག་པ་ལ་སོགས་པ་ནི་རྒྱུད་ལ་ལྟོས་
ཏེ་ནང་གི་དབྱེ་བ་ཞེས་བྱ་བ་བྲལ་བ་ལས། ཐ་དད་པ་གང་ཡིན་པ་རེས་འགའ་བར་བརྟགས་པ་ཐ་དད་པ་ལྟ་བུར་དེ་ཐ་དད་པ་ཉིད་ནི་མ་ཡིན་པར་སྣང་བའོ། །དངོས་པོ་དེ་ཁོ་ན་མེད་པའི་ཕྱིར་ན་ཐ་དད་པ་སྣང་བ་ཙམ་ཡིན་ནོ། །འོན་ཏེ་ཡོན་ཏན་ལ་སོགས་པ་ལ་གྲངས་ཡོད་པ་ཉིད་དེ། དེས་ན་གཅིག་གོ་ཞེས་རྟོག་པ་ཡིན་ནོ་སྙམ་
ན། དེ་ལ་གྲངས་ནི་མེད་དོ་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་ཡོན་ཏན་ལ་སོགས་པ་རྣམས་ལའོ། །རྟེན་གྱི་གྲངས་ཉེ་བར་བཏགས་པ་ལས་གཅིག་ཅེས་ཐ་སྙད་དུ་བྱེད་པ་ཡིན་ནོ་སྙམ་ན། རྟེན་གྱི་ཞེས་གསུངས་སོ། །ཡོན་ཏན་གྱི་རྟེན་ནི་རྫས་ཡིན་ནོ། །ཅིའི་ཕྱིར་སྙམ་ན་རྟེན་ཐ་དད་བྱ་ཞེས་གསུངས་སོ། །སྤྱི་ལ་སོགས་པ་
ཞེས་སོགས་པའི་སྒྲས་ནི་ཡན་ལག་ཅན་ནོ། །རྫས་དུ་མ་ཅན་གྱི་གྲངས་དང་ལྡན་པ་ལ་སོགས་པ་ཉིད་ནི་གཅིག་ཉིད་དུ་ཐ་སྙད་བྱེད་དོ། །དེས་ན་རྟེན་གྱི་གྲངས་ཉེ་བར་བཏགས་པ་ལས་དེ་ལྟར་ཐ་སྙད་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་རྟེན་གྱི་གྲངས་ཉེ་བར་བཏགས་པ་མེད་པའི་ཕྱིར་འདི་ལ་གཅིག་ཉིད་ལ་སོགས་པའི་ཐ་སྙད་དུ་
ཇི་ལྟར་འགྱུར་ཞེས་བརྗོད་པ་ནི་ཞེས་པ་དང་ཞེས་བྱ་བ་ལ་སོགས་པའོ། །འདིར་དོགས་པ་བསུ་ནས་ལན་འདེབས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞིག་པ་དང་མ་སྐྱེས་པ་ལ་སོགས་པ་འདིར་གཅིག་ཉིད་ལ་སོགས་པའི་ཐ་སྙད་ཀྱི་རྒྱུན་ནི་གཅིག་ཉིད་དུ་བརྟགས་པ་ཡིན་པར་འདོད་ན། དེའི་ཚེ་གང་གི་རྒྱུ་མཚན་དུ་དེ་
เล่ม ๑๘๔ · หน้า 133a
འདོད་པ་སྟེ། སྒྲ་དང་ཤེས་པ་གང་དག་གི་རྒྱུ་མཚན་དུ་སྟེ་སྐྱེད་བྱེད་དུ་འདིར་འདོད་པའི་ཉེ་བར་བརྟགས་པ་དེ་ཉིད་དངོས་པོ་ཐམས་ཅད་ལ། སྒྲ་དང་ཤེས་པ་དེ་དག་གི་རྒྱུར་ཅི་སྟེ་མི་འདོད། དེ་འདོད་ན་ཅུང་ཟད་ཆད་པ་ནི་མེད་དོ་སྙམ་དུ་དགོངས་པའོ། །དེ་ཉིད་གསལ་བར་བྱེད་པ་ནི་ཐོག་མ་མེད་པའི་
ཞེས་བྱ་བ་ལ་སོགས་པའོ། །ཐོག་མ་མེད་པའི་རྟོག་པས་གཅིག་ཉིད་ལ་སོགས་པར་ལྷག་པར་སྒྲོ་བཏགས་པ་སྟེ་ཉེ་བར་བཏགས་པ་གང་ཡིན་པ་དེ་ཉིད་རྒྱུ་མཚན་ཡིན་གྱི་གཞན་དུ་མཐོང་བ་ནི་གཞན་དུ་ལྷག་པར་སྒྲོ་བཏགས་པའི་རྒྱུ་མཚན་མ་ཡིན་ནོ། །སྒྲ་དང་ཤེས་པ་དག་གི་ཞེས་བྱ་བ་ནི་སྐབས་ལས་སོ། །གཅིག་ཉིད་ལ་སོགས་
པ་དངོས་བརྟགས་པའི་སྐབས་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཀུན་ལ་ཉེ་བར་བཏགས་མིན་ཞེས་བྱ་བ་ནི་གཙོ་བོ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ལན་དུ་ཐ་དད་ཁྱད་པར་ཞེས་བྱ་བའོ། །ཐ་དད་པའི་ཁྱད་པར་ཅན་མ་ཡིན་ཡང་འཁྲུལ་པ་མེད་པའི་རྟོག་པའི་ཡུལ་ཉིད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པ་
ཡིན་ནོ། །རྩོད་པ་ནི་ཁྱད་པར་ཐ་དད་པ་མེད་པ་ལ་ཨུཏྤལ་དང་སྔོན་པོ་ལ་སོགས་པའི་སྒྲ་ཐ་དད་དོན་མེད་དོ་ཞེ་ན། གྲུབ་པའི་མཐའི་ནི་དོན་གཞན་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེར་ཡང་ཞེས་བྱ་བ་ནི་གཞན་གྱི་སྟེ། ཡོན་ཏན་ལ་སོགས་པར་ཡང་ངོ་། །ལན་དུ་ཡོན་ཏན་རྫས་ནི་ཞེས་བྱ་བའོ། །གཞན་གྱི་ཕྱོགས་བསལ་ནས་
རང་གི་འདོད་པ་ཉེ་བར་སྡུད་པ་ནི་དོན་གཞན་མ་ཡིན་པ་ཉིད་ཀྱི་དོན་ཏེ། ཡུལ་གང་ལ་ཡང་ཡོད་པའི་སྒྲ་དང་ཤེས་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དེ་དག་གི་ངོ་བོ་ནི་དེ་ཉིད་དོ། །ལྡོག་པའི་དབྱེ་བ་ལས་ཐ་དད་པ་ནི་སྒྲ་དང་རྟོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའི་གཙོ་བོ་ཅི་ལ་བརྗོད་སྙམ་ན། གཙོ་བོ་ཡང་ཞེས་གསུངས་སོ། །
འདི་ལས་བཟློག་པ་ནི་ཕལ་པ་ཡིན་ནོ་ཞེས་བརྗོད་པ་ནི་ཁྱད་པར་ཞེས་བྱ་བའོ། །དེའི་ཕྱིར་ཐམས་ཅད་ལ་ཉེ་བར་བཏགས་པ་ནི་མི་འཐད་དོ། །སངས་རྒྱས་ལ་ནི་གཙོ་བོ་མེད་པའི་ཕྱིར་ཉེ་བར་བཏགས་པ་མི་འཐད་དོ་ཞེས་བརྗོད་པ་ནི་ཁྱད་པར་ལ་ནི་ཞེས་བྱ་བའི་ཐ་དད་པའི་ཁྱད་པར་ཅན་ཁོ་ནར་གཙོ་བོ་ཡིན་གྱི། ཁྱད་པར་ཐ་དད་པ་ཅན་མ་
ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཉིད་གང་ལས་ཡིན་ཏེ་མ་ཡིན་པ་ཉིད་དོ། །ཁྱད་པར་ཐ་དད་པ་ཅན་མ་ཡིན་ཡང་གཙོ་བོ་ཉིད་དོ། །དེ་ཉིད་བརྗོད་པ་ནི་ཁྱད་པར་ཐ་དད་པ་མེད་ཀྱང་ཞེས་བྱ་བའོ། །ཐ་དད་པ་ཁྱད་པར་གཙོ་བོ་ཞེས་བྱ་བ་ཉིད་ཀྱང་། གང་ལས་ཞེས་ཁོང་ནས་དབྱུང་བར་བྱ་བ་ཀྱང་གི་དོན་སྨྲས་པ་ནི་གཞན་ཡང་ཞེས་
เล่ม ๑๘๔ · หน้า 133b
བྱ་བའོ། དེའི་ཚེ་ཞེས་ཁོང་ནས་ཕྱུང་བ་ལ་རྣམ་པ་འདི་ལྟ་བུ་མཐའ་དག་ཅེས་སྦྱར་བར་བྱའོ། །ཁྱད་པར་ཐ་དད་པ་དང་ལྡན་པར་མ་དམིགས་པ་རྣམ་པ་འདི་ལྟ་བུ་མཐའ་དག་གོ། །དབྱུག་པ་ཅན་ལ་སོགས་པ་ཁོ་ན་གཙོ་བོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་ཡང་ཞེས་བྱ་བ་ནི་གཅིག་ཉིད་ལ་སོགས་པའི་
ཁྱད་པར་འབའ་ཞིག་ཏུ་ནི་མ་ཟད་པའི་སྐྱ་བསེང་གི་བུ་ལས་བྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཅན་སྐྱ་བསེང་གི་བུ་ཡང་ཉེ་བར་བཏགས་པ་ཡིན་ནོ། །གཡུལ་ངོར་བརྟན་པ་ལ་སོགས་པའི་རང་གི་མཚན་ཉིད་མེད་པའི་ཕྱིར་རོ། །ཐ་དད་པ་མེད་པ་ལ་ཐ་དད་དོན་མེད་ན་ཞེས་བྱ་བ་བཤད་པའི་ཕྱིར། གལ་
ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེ་ནི་འཇུག་པའི་རྒྱུ་མཚན་ཐ་དད་པ་ཞེས་སྨོས་སོ། །དེ་ཞེས་བྱ་བ་ནི་གཞི་མཐུན་པའོ། །དེ་ལ་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་རྣམ་གྲངས་པ་ཡིན་པ་སྤངས་པའི་ཕྱིར་རེ་ཞིག་གཞན་གྱིས་ཀུན་བརྟགས་པའི་གཞི་མཐུན་པ་སེལ་བར་བྱེད་པ་ནི། དེ་ལ་རྗོད་པར་མི་བྱེད་
པ་ཡིན་ཏེ་ཞེས་བྱ་བའོ། །ཐ་དད་པར་གྱུར་པར་བྱེད་པས་ན་ཐ་དད་དེ། གཞི་མཐུན་པ་གང་ལ་འཇུག་པའི་རྒྱུ་མཚན་ཁྱད་པར་ཐ་དད་པ་ཡོད་པ་ནིའོ། །སྒྲ་དག་གམ་དོན་དག་གི་གཞི་མཐུན་པ་དེར་འགྱུར་ཏེ་མ་ཡིན་པ་ཉིད་དོ། །གང་གི་ཚེ་ཞེ་ན། དེའི་ཞེས་བྱ་བ་གཞན་ལ་རག་ལས་པ་མེད་པའི་ཁྱད་དང་ཁྱད་པར་
ཙམ་སྒྲ་ལ་སྣང་བ་ན་སྟེའོ། །དེ་བས་ནའོ། །སྒྲ་གཉིས་ཀྱི་གཞི་མཐུན་པ་ནི་དོན་གཅིག་ལ་འཇུག་པ་ཡིན་ལ། དོན་གཉིས་ཀྱི་གཞི་མཐུན་པ་ནི་དོན་གཅིག་ལ་གནས་པ་ཡིན་ནོ། །སོ་སོར་ངེས་པའི་དོན་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་པོའི་སྒྲས་ཡོན་ཏན་སྔོན་པོ་ཉིད་བརྗོད་ལ། ཨུཏྤ་ལའི་སྒྲས་ནི་ཨུཏྤ་ལའི་
རིགས་ཉིད་བརྗོད་པ་ཡིན་ནོ། །དེས་ན་དོན་གཅིག་ལ་འཇུག་པར་ཅི་ལྟར་འགྱུར། ཡོན་ཏན་ནམ་རིགས་མཚོན་ཟིན་པ་དེའི་གཞི་རྫས་མཚན་པ་ཡིན་ཏེ། དེ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེས་སྒྲ་གཉིས་གཞི་མཐུན་པར་འཇུག་པ་ཡིན་ནོ་སྙམ་དུ་བསམས་པའོ། །སུན་འབྱིན་པ་ནི་གཅིག་ཉིད་དང་ཞེས་བྱ་བའོ། །
སྔོན་པོའི་སྒྲས་ཡོན་ཏན་སྔོན་པོ་ཉིད་དང་ལྡན་པའི་རྫས་བརྗོད་པ་ན། ཨུཏྤ་ལའི་རིགས་དང་ལྡན་པ་ཉིད་བརྗོད་པར་འགྱུར་རོ། །མེད་དོ་ཞེས་བྱ་བ་ནི་གཞི་མཐུན་པ་སྟེ། སྦྱོར་བ་མེད་པའི་ཕྱིར་རོ། །དོན་དག་གམ་ཞེས་བྱ་བའི་ཕྱོགས་ལ། སུན་དབྱུང་བ་བརྗོད་པ་ནི་དོན་རྣམས་ཞེས་བྱ་བའོ། །སོ་སོར་ངེས་པའི་
เล่ม ๑๘๔ · หน้า 134a
དོན་བརྗོད་བཞིན་པའི་སྒྲ་དག་གི་དོན་དག་ནི་རང་དབང་ཁོ་ནར་སྣང་བ་ཡིན་ནོ། །མཚོན་ཟིན་པས་མཚོན་པ་ལ་དམིགས་ན་ཡང་ཉེས་པ་དེ་ཉིད་ཡིན་ནོ། །གལ་ཏེ་དེ་དག་གཉིས་དང་རང་དབང་དུ་སྣང་བ་མ་གྲུབ་སྟེ། དེ་དག་ནི་འགའ་ཞིག་དང་འབྲེལ་པར་རྟོགས་པ་ཡིན་པས་ན་དོན་
གཅིག་པོ་དེ་ཉིད་དང་གཞི་ཡིན་ནོ་སྙམ་ན། འབྲེལ་པ་ཡོད་པ་ཡིན་ན་ཡང་ཞེས་སྨོས་ཏེ། མངོན་སུམ་གྱིས་མ་དམིགས་པའི་ཕྱིར། འབྲེལ་པ་ནི་མེད་པ་ཁོ་ནའོ། །དེ་ལྟ་མོད་ཀྱི་འབྲེལ་པ་ཡོད་པ་ཡིན་ན་ཡང་ཇི་ལྟར་འབྲེལ་པ་ཅན་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །འབྲེལ་པ་གཞན་རྟོག་ན་ནི་ཐུག་པ་མེད་
པར་ཐལ་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་རྗེས་སུ་དཔག་པ་ལས་རང་གི་ངོ་བོ་ཁོ་ནས་འབྲེལ་པ། འབྲེལ་པ་ཅན་དུ་གྲུབ་པོ་སྙམ་ན། ཇི་ལྟར་འཇལ་བ་ཡིན་ཞེས་གསུངས་སོ། །དེ་དང་འབྲེལ་པའི་རྟགས་མ་གྲུབ་པའི་འབྲེལ་པ་རང་གི་ངོ་བོས་འབྲེལ་པ་ཅན་ཡིན་པར་གང་ལས་འཇལ་བ་ཡིན། དེས་
ན་འབྲེལ་པ་མ་གྲུབ་པའི་ཕྱིར་ན་དེ་དག་ནི་འགའ་ཞིག་གིས་འབྲེལ་པ་ཅན་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །སོ་སོར་ངེས་པ་ནི་དོན་བརྗོད་པའི་ཕྱིར་སྒྲ་དག་ནི་གཞི་མཐུན་པ་མ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ལ་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ།
འབྲེལ་པ་རྟོགས་པས་ཅི་བྱ་སྟེ། འདུ་བའི་འབྲེལ་པའི་སྟོབས་ཀྱིས་སྔོན་པོ་ལ་སོགས་པ་ཡོན་ཏན་གྱི་མཚན་ཉིད་ཀྱི་དོན་ནི་སྔོན་པོ་ལ་སོགས་པའི་སྒྲ་ལས་རྫས་དང་ཐ་མི་དད་པར་རྟོགས་པའོ། །དེས་ན་རྫས་གཅིག་གི། གཞན་གྱི་དབང་དུ་རྟོགས་པའི་དོན་དག་དང་། དེའི་སྒྲ་དག་གཞི་མཐུན་པ་ཡིན་ནོ་སྙམ་
དུ་སེམས་ན། ལན་དུ་གཅིག་ཉིད་ཀྱིས་ཏེ། སྔོན་པོའི་སྒྲས་གང་ལ་ཡོན་ཏན་སྔོན་པོ་འདུ་བ་དེ་རྟོགས་ཕྱིར། དེ་ལ་འདུ་བ་ཨུཏྤ་ལའི་རིགས་ཉིད་ཀྱང་རྟོགས་པ་ཉིད་དོ། །དེས་ན་ཨུཏྤ་ལའི་སྒྲ་ནི་དོན་མེད་པར་འགྱུར་ཏེ། རྟོགས་ཟིན་པའམ་རྟོགས་པར་བྱེད་པའི་ཕྱིར་རོ། །དེས་ན་སྦྱོར་བ་མེད་པའི་ཕྱིར་
གཞི་མཐུན་པར་ག་ལ་འགྱུར། ཨུཏྤ་ལའི་སྒྲ་སྦྱར་བ་ནི་རྟོགས་ཟིན་པ་རྟོགས་པར་བྱ་བའི་དོན་ཉིད་དུ་ཡིན་ནོ་སྙམ་ན། གལ་ཏེ་གཞན་གྱིས་ཞེས་རྗེས་སུ་བརྗོད་པ་གསུངས་སོ། །དོན་དེ་ཉིད་ཅེས་བྱ་བ་ནི། དེ་ཙམ་ཞིག་སྔོན་པོའི་སྒྲས་བསྟན་པའི་དོན་གྱི་ཚོགས་སོ། །ཡོན་ཏན་སྔོན་པོའི་མཚན་ཉིད་ཀྱི་
เล่ม ๑๘๔ · หน้า 134b
དོན་ནི་སྔོན་པོའི་དོན་ཏོ། །དེ་ལ་སོགས་པའི་དེ་དང་འབྲེལ་པ་ཙམ་མོ། །སྔོན་པོའི་སྒྲ་ལས་རྫས་ཀྱི་རང་བཞིན། ཨུཏྤ་ལའི་རིགས་དང་འབྲེལ་བར་ནི་མི་རྟོགས་སོ་སྙམ་ན། ལན་དུ་སྔོན་པོའི་རྫས་འདུ་བ་ཅན་གྱི་རྟོགས་པ་ན། དེ་དང་འབྲེལ་པའི་ཨུཏྤལ་ཉིད་མ་རྟོགས་པ་གཞན་ནི་ཡོད་པ་མ་ཡིན་ཏེ། དེ་ནི་དེ་ལ་
འདུ་བའི་ཕྱིར་རོ། །དཔེ་བཤད་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེའི་དོན་ནི་འདི་ཡིན་ཏེ། གང་གིས་གང་དང་འདུ་བ་ཅན་བཟུང་བ་དེ་ནི། དེར་འདུས་པ་ཡང་བཟུང་སྟེ། དཔེར་ན་གོང་བུ་འཛིན་པའི་མངོན་སུམ་གྱིས་རྣ་བ་ལ་སོགས་པ་བཞིན་ནོ། །སྔོན་པོའི་སྒྲ་ལས་སྐྱེས་པའི་ཤེས་པས་ཀྱང་། ཨུཏྤལ་ཉིད་ཀྱི་
རིགས་དང་འདུ་བ་ཅན་གྱི་ཨུཏྤ་ལའི་རྫས་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་ཐལ་བའོ། །དེས་ན་སྒྲ་གཞན་དོན་མེད་པར་འགྱུར་བའི་ཕྱིར་སྔར་བཤད་པའི་ཉེས་པ་ཉིད་དོ། །སྒྲ་ནི་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་ཡང་སྔོན་པོའི་སྒྲས་འབྲེལ་ཏོ། །འཕངས་པ་དེ་ལྟ་ན་ཡང་ཨུཏྤལ་ཉིད་འདུ་བའི་
ཨུཏྤལའི་དོན་བརྗོད་པ་ནི་མ་ཡིན་ཏེ། དེས་ན་སྒྲ་གཞན་སྦྱོར་བ་ཡིན་ནོ་སྙམ་དུ་བསམས་པའོ། །སུན་འབྱིན་པ་ནི། ཁྱད་པར་ཅན་དང་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་ཡོན་ཏན་གྱི་བདག་ཉིད་ཀྱི་དོན་ནི་ཁྱད་པར་ཅན་གྱི་རྫས་ལ་འདུ་བ་ཡིན་ཏེ། དེས་ན་རྫས་དང་བྲལ་བའི་དོན་དེ་ནི་གང་ན་ཡང་མེད་དོ། །དེ་བས་
ན་སྔོན་པོ་སྒྲ་ལས་འདུས་པའི་སྔོན་པོ་རྟོགས་པ་ན་འདུ་བ་ཅན་ཡང་རྟོགས་པར་འགྱུར་ཏེ། །འདུ་བ་ཅན་ལ་སོགས་པར་ནི། །འདུ་བ་རྟོགས་པ་མ་ཡིན་ནོ། །འདུ་བ་ཅན་རྟོགས་པ་ན་དེ་ལ་འདུས་པའི་ཨུཏྤ་ལ་ཡང་རྟོགས་པར་འགྱུར་བའི་ཕྱིར། ཨུཏྤ་ལ་བརྗོད་པ་ནི་དོན་མེད་དོ། །སྒྲ་སྦྱར་བ་ནི་དོན་རྟོགས་པར་བྱ་བའི་
ཕྱིར་ཡིན་ན། གལ་ཏེ་དོན་ཇི་ལྟར་རུང་བར་རྟོགས་ན་སྒྲ་སྦྱར་བས་ཅི་བྱ། དེས་ན་གཞི་མཐུན་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །ཤིན་དུ་གསལ་བ་མཐོན་ཏིང་ལ་སོགས་པ་ལ་མདོག་སྡུག་གུ་ཙམ་ཉིད་དབྱིབས་འདིས་གནས་པ་ཡིན་ནོ། །དེས་ན་ཁྱད་པར་ཅན་གྱི་དོན་མེད་པར་ཡང་ཁྱད་པར་རྟོགས་པ་ཡིན་ནོ་
ཞེས། རྨོངས་པའི་དོགས་པ་ཟློག་པར་བྱེད་པ་ནི། མཐོན་ཏིང་ཞེས་བྱ་བ་ལ་སོགས་པའོ། །འདི་ཡང་སྔོན་པོའི་ཁྱད་པར་ཅན་གྱི་དོན་གཞན་ཉིད་དོ་ཞེས་པའི་དོན་ཏོ། །འདིས་ནི་ཇི་སྐད་བཤད་པའི་སྦྱོར་བ་ལ་མ་གྲུབ་པ་ཉིད་མ་ཡིན་ནོ། །གལ་ཏེ་ཡང་འགའ་ཞིག་ཏུ་དེ་ལྟ་ཡིན་པ་དེ་ལྟ་ན་ཡང་ངེས་པ་གང་ལས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด