ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๔ · หน้า 135a
ཡིན་ཞེས་བྱ་བའི་མ་ངེས་པ་སྤངས་པ་བརྗོད་པ་ནི་དེ་ལྟར་མངོན་སུམ་གྱིས་ཞེས་བྱ་བའོ། །མངོན་སུམ་ལ་ཡང་འདུ་བ་ཅན་རྟོགས་པ་ཉིད་འདུས་པར་རྟོགས་པ་ཡིན་ཏེ་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །འདུ་བ་ཅན་འཛིན་ཀྱང་། འདུས་པ་འཛིན་པར་མི་འགྱུར་བ་གང་ཡིན་པ། སྒྲ་འཇུག་
གཞན་དུ་ཇི་ལྟར་ཡིན། །གཞན་ཡང་དངོས་པོ་ལ་མངོན་པར་ཞེན་པར་སྨྲ་བ་འདི་ལ། སྔོན་པོ་ཨུཏྤ་ལ་ལ་ངེས་སམ་མ་ངེས་ཞེས་དྲི་བར་བྱའོ། །གཉི་ག་ལྟར་ཡང་ཨུཏྤལ་གྱི་སྒྲ་མ་སྦྱར་བའི་ཕྱིར་ན། གང་དུ་གཞི་མཐུན་པར་འགྱུར་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བ། སྔོ་ཉིད་ཅེས་བྱ་བའི། སྔོ་ཉིད་ཅེས་བྱ་
བས་ནི་ཆོས་བསྟན་པའི་སྒོ་ནས་ཆོས་ཅན་འཛིན་པའོ། །གལ་ཏེ་ཨུཏྤལ་ལ་ངེས་པའི་སྔོན་པོ་བརྗོད་བྱ་ཡིན་ན་དེའི་ཚེ་སྔོན་པོའི་སྒྲས། དེ་ལྟ་བུའི་སྔོན་པོ་རྟོགས་པ་ན། ཨུཏྤ་ལ་ཡང་རྟོགས་པའི་ཕྱིར་ན། ཨུཏྤ་ལའི་སྒྲ་དོན་མེད་དོ། །འོན་ཏེ་བྱ་རོག་དང་ཁུ་བྱུག་ལ་སོགས་པ་ཨུཏྤ་ལ་མ་ཡིན་པ་ལ་ཡོན་ཏན་སྔོན་པོ་
ཡོད་པ་ཡིན་ན། དེའི་ཚེ་སྔོན་པོའི་སྒྲས་ཐུན་མོང་གི་སྔོན་པོའི་རང་བཞིན་རྟོགས་པར་འགྱུར་ལ། དེ་ལྟ་ན་ཡང་བུམ་པ་དང་། སྣམ་བུ་ལྟར་གཞི་མཐུན་པ་མེད་པའི་ཕྱིར། ཁྱད་པར་ཅན་གྱི་དོན་རྟོགས་པ་ལ་ཉེ་བར་མི་མཁོ་བའི་ཕྱིར་ཨུཏྤ་ལའི་སྒྲ་དོན་མེད་དོ། །འོན་ཏེ་སྔོན་པོ་ཉིད་གཞན་ཁོ་ན་ལ་ཡོད་པ་ཡིན་ནོ། དེ་
ལྟ་ཡིན་ན་ཡང་སྔོན་པོའི་སྒྲས་དོན་གྱི་ཚོགས་པ་གང་བརྗོད་པ་དེ། ཨུཏྤ་ལའི་སྒྲས་མ་བརྗོད་པའི་ཕྱིར། ཇི་ལྟར་དོན་གཅིག་ལ་འཇུག་པས་བྱས་པའི་གཞི་མཐུན་པར་འགྱུར། དེ་བཞིན་དུ་ཨུཏྤ་ལའི་སྒྲས་དོན་གྱི་ཚོགས་གང་བརྗོད་པ་ཞེས་བྱ་བར་ཡང་སྦྱར་རོ། །འོན་ཏེ། སྔོན་པོའི་སྒྲས་ཁྱབ་པ་ཨུཏྤ་ལའི་
སྒྲས་རྣམ་པར་གཅོད་ལ། ཨུཏྤ་ལའི་སྒྲས་ཁྱབ་པ་ཨུཏྤ་ལའི་དཀར་པོ་ལ་སོགས་པ་ཡང་སྔོན་པོའི་སྒྲས་གཅོད་པར་བྱེད་པ་ཡིན་ནོ། །དེས་ན་ཨུཏྤ་ལ་སྔོན་པོ་གཅིག་ལ་ཆོས་གཉི་ག་ཡོད་པའི་ཕྱིར་ན་གཞི་མཐུན་པར་འགྱུར་རོ་སྙམ་ན། དེ་ཡང་མི་འཐད་དེ། གང་གི་ཕྱིར་ཁྱབ་པ་ཞེས་བྱ་བས་ནི་གསལ་བའི་དོན་
བརྗོད་པ་ཡིན་ནོ། །དེས་ན་ཇི་སྙེད་ཅིག་གིས་གསལ་བའི་དོན་དེ་མཐའ་དག་ཅི་ལྟར་གཞན་གྱིས་རྣམ་པར་བཅད་པར་ནུས། མངོན་སུམ་གྱིས་གསལ་བའི་དོན་ནི་གཞན་གྱིས་རྣམ་པར་བཅད་པར་མི་ནུས་སོ། །འོ་ན་གཉིས་པ་སྦྱར་བ་ཅི་དགོས་ཤེ་ན། དངོས་པོ་བརྗོད་པར་བྱ་བའི་ཕྱོགས་ལ་འདི་ཉིད་བཅད་པར་བྱ་བ་
เล่ม ๑๘๔ · หน้า 135b
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཇུག་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཆ་མེད་པར་མངོན་སུམ་ལ་སྣང་བའི་ཨུཏྤལ་སྔོན་པོ་ལ་སྔོན་པོ་ཉིད་དང་ཨུཏྤལ་ཉིད་ཐ་དད་པ་ཡིན་ལ། ཨུཏྤལ་ནི་ཨུཏྤལ་གཞན་དང་ཐ་མི་དད་པ་ཡིན་ཏེ། གཅིག་ཏུ་རྟོགས་པའི་ཕྱིར་རོ། །གཞི་མཐུན་པ་ཡང་དེ་ལ་ལྟོས་ནས་
ཡིན་ཏེ། དེས་ན་དོན་དེ་འདྲ་བ་མེད་ཀྱང་བློ་ཉིད་དེ་ལྟ་དེ་ལྟར་འཇུག་པའི་ཕྱིར། རྣམ་གྲངས་པ་ཉིད་ལ་སོགས་པ་མ་ཡིན་ནོ། །སླུ་བ་ཡང་མ་ཡིན་ཏེ། དེ་མ་ཡིན་པ་ལས་ལྡོག་པའི་རྩ་བ་ཡིན་པའི་ཕྱིར་རོ། །འདི་ཡང་རྣམ་འགྲེལ་མཛད་པ་ཉིད་ཀྱིས་བཤད་པ་ཡིན་ནོ་ཞེས་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །
བཤད་ཟིན་ཏོ་ཞེས་བྱ་བ་ནི་གྲངས་སོགས་དང་ལྡན་པའི་སྒྲ་ནི་རྣམ་གྲངས་མིན་ཞེས་བྱ་བའི་མཐར་ཐུག་པས་སོ། །ལྷག་མ་ཆད་པ་ནི་དེར་ཡང་ཞེས་བྱ་བའོ། །ཡོན་ཏན་གཅིག་གོ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་ལ་ཡང་གྲངས་ཀྱི་མཚན་ཉིད་ཀྱི་ཡོན་ཏན་གཞན་ཡོད་དོ་སྙམ་དུ་དོགས་ན། དེ་ལྟར་ཡིན་ན་ཞེས་
པའོ། །ཇི་ལྟར་འདི་གཉིས་ཁྱད་པར་མེད་པར་འགྱུར་ཞེ་ན། འདི་ལྟར་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་མོད། སྐབས་ལ་ཅི་འོངས་སྙམ་ན། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཉིད་ནི་ཞེས་གསུངས་སོ། །ལྡན་པ་ལ་སོགས་པའི་ཡོན་ཏན་གྱི་འདུ་བ་ཅན་གྱི་རྒྱུ་ཉིད་ནི་ལྡན་པ་ལ་སོགས་པའི་ཡོན་ཏན་
དང་ལྡན་ན་སྟེ་འབྲེལ་འགྱུར་རོ། །བཏུང་བ་ལ་སོགས་པ་ལ་ཡང་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡང་ངོ་སྙམ་དུ་དགོངས་པའོ། །དེ་ལྟ་ན་ཡང་ཇི་ལྟར་ཁྱད་པར་མེད་པར་འགྱུར་ཏེ། བྱ་བ་དང་ལྡན་པ་ཉིད་མ་ཡིན་པའི་ཕྱིར་རོ་སྙམ་ན། ལྕི་བ་ཉིད་ཅེས་གསུངས་སོ། །འོ་ན་ཇི་ལྟར་ཁྱད་པར་རྣམས་ཐ་དད་
མེད་པའི་ཕྱིར། བློ་ཐ་དད་པར་འགྱུར། དེའི་ཐ་དད་པ་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་ན་ཡང་། ཇི་ལྟར་སླུ་བར་མི་འགྱུར་བའི་དོགས་པ་སྤོང་བར་རྣམ་འགྲེལ་གྱི་ལྷག་མ་ཉེ་བར་སྡུད་པའི་སྒོ་ནས་འཆད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་མ་ཡིན་པའི་ལས་ལྡོག་པའི་རྩ་བ་ཅན་ཡིན་པའི་ཕྱིར་ན། སླུ་བ་མ་
ཡིན་ནོ་སྙམ་དུ་བསམས་པའོ། །ལས་མ་ཡིན་པ་ཉིད་དམ་རྫས་མ་ཡིན་པ་ཉིད་ཀྱང་སྤྱི་ནི་མ་ཡིན་ཏེ། སྤྱི་ལ་ཡང་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཅི་རིགས་པར་དཔག་པར་བྱའོ། །ལས་མ་ཡིན་པ་དང་རྫས་མ་ཡིན་པའི་སྒྲ་དེར་ནིའོ། །དེ་དང་ལྡན་པ་ལས་གྲངས་ལ་སོགས་པ་ཐ་དད་པ་བཞིན་དུ་ཞེས་
เล่ม ๑๘๔ · หน้า 136a
འབྲེལ་ཏོ། །དེ་ཡང་ཆོས་གཞན་ཁྱད་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ཆོས་གཞན་དཀར་པོ་ཉིད་མ་ཡིན་པ་ཟློག་པར་བྱེད་པ་ཡིན་གྱི། ཐ་དད་པར་བསྟན་པ་ཙམ་གྱིས། དངོས་པོ་ཐ་དད་པར་འགྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བཟློག་པ་ནི་དེ་ཙམ་ཞེས་བྱའོ། །དེ་ཙམ་
ཤེས་པར་འདོད་པ་ཞེས་བྱ་བ་ནི་ལྡོག་པ་ཙམ་ཤེས་པར་འདོད་པ་ལའོ། །འགྲེང་བ་ལ་སོགས་པའི་ཆོས་གཞན་ཀུན་གང་ཡིན་པ་དེ་དག་གང་གིས་འཕངས་པ་མེད་པར་རོ། །སྟོན་པར་བྱེད་པའི་སྒྲ་གཞན་གྱི་གོ་སྐབས་འབྱེད་པ་ནི་འཕངས་པ་ཡིན་ནོ། །གང་གི་ཚེ་སོར་མོ་ལྡན་པར་གྱུར་ཏོ་ཞེས་ཆོས་ཅན་དང་གཞི་མཐུན་
པར་ཆོས་བརྗོད་པའི་སྒྲ་སྦྱར་བ་དེའི་ཚེ་འགྲེང་བ་ལ་སོགས་པའི་ཁྱད་པར་གྱི་སྐབས་ཡོད་པ་ཡིན་ལ། སོར་མོའི་ལྡན་པ་ཞེས་བྱ་བར་ནི་ཆོས་ཅན་དང་གཞི་མཐུན་པའི་ཁྱད་པར་གཞན་གྱི་སྒྲའི་གོ་སྐབས་ཡོད་པ་མ་ཡིན་ནོ། །རྟོགས་པར་བྱ་བས་ཤེས་པར་འདོད་པ་ཡང་དེ་ཙམ་ཉིད་ཡིན་ནོ། །དེ་བཞིན་དུ་དཀར་
པོ་ལ་སོགས་པའི་སྒྲ་ལ་ཡང་ངོ་། །གལ་ཏེ་གཉི་གས་ཀྱང་དོན་གཅིག་ཁོ་ན་བརྗོད་པའི་ཕྱིར། རྣམ་པར་དབྱེ་བ་འདིར་ཇི་ལྟར་འགྱུར་སྙམ་ན། དོན་གཅིག་བརྗོད་ཀྱང་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བརྗོད་པ་ཉིད་དུ་རྣམ་པར་གཞག་པར་བྱས་པ་གང་ཡིན་པ་སྟེ། དེ་ལ་དེ་སྐད་
ཅེས་བརྗོད་དོ། །དེའི་ཕྱོགས་གཅིག་ཅེས་བྱ་བ་ནི་བ་ལང་འགའ་ཞིག་ཁོ་ན་དཀར་པོ་ཡིན་པའི་ཕྱིར་རོ། །འཛིན་པ་གཞན་དང་ལྡན་པའི་ཡོད་པའི་ཞེས་བྱ་བ་ཡི་ནི་སྣམ་བུ་ལ་སོགས་པ་ལའོ། །ཐ་དད་པ་ནི་ཞེས་བྱ་བ་ནི་བ་ལང་ཉིད་ནི་རྗེས་སུ་འགྲོ་བ་ལ་དཀར་པོ་ཉིད་ནི་ལྡོག་པ་སྟེ། རྗེས་སུ་མི་འགྲོ་བའོ། །འཛིན་པ་
གཞན་དང་ལྡན་པ་ལ་ལྟོས་ནས་ནི་དཀར་པོ་ཉིད་རྗེས་སུ་འགྲོ་ལ། བ་ལང་ནི་ལྡོག་པ་ཡིན་ནོ། །དེས་ན་བ་ལང་དཀར་པོ་དག་ནི་ཐ་དད་པའི་ཐ་སྙད་ཙམ་དུ་ཟད་དོ། །དཀར་པོ་ཉིད་འབའ་ཞིག་ཅེས་བྱ་བ་ནི་གང་གི་ཚེ་ཐག་རིང་རབ་ཙམ་ནས་བསྒྲུབས་པའི་ཆ་གཞན་དང་བྲལ་བས་བློའི་ཚད་ཙམ་དམིགས་པ་དེའི་ཚེའོ། །
སྔོན་མཐོང་བ་ལས་ཞེས་བྱ་བ་ནི་འདྲི་བའི་ལན་འདེབས་པར་བྱེད་པའི་སྔར་འབའ་ཞིག་ངེས་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདྲི་བར་བྱེད་པའོ། །འདིས་ནི་ཐ་དད་པར་སྟོན་པའི་གཞུང་བཙུགས་པ་ཡིན་ནོ། །འོ་ན་ཐ་མི་དད་པར་ཇི་ལྟར་སྟོན་སྙམ་ན། གང་གི་ཚེ་ཞེས་བྱ་བས་གཞུང་འཛུགས་པར་བྱེད་དོ། །འདིར་ཡང་
เล่ม ๑๘๔ · หน้า 136b
ངེས་པར་མ་ཤེས་པའི་ཁྱད་པར་ཉིད་དོ། །འོན་ཀྱང་དཀར་པོ་འདི་ཅི་ཡིན་ཆོས་ཅན་དང་གཞི་མཐུན་པས་འདྲི་བ་ན། དེ་ཁོ་ན་ལྟར་ལན་འདེབས་པ་ཡིན་ནོ། །དེ་ཁོ་ནའི་དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་དེ་ཁོ་ནར་གྱུར་པའི་དོན་ནི་དེ་ཁོ་ནའི་དོན་ཏོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚིགས་སུ་བཅད་
པས་བསྟན་པར་བྱ་བ་སྟེ། ཐ་དད་པ་ཡི་གནོད་མ་ཡིན། །ཞེས་བྱ་བའི་ཐར་པའི་སྟོན་པར་བྱེད་པའོ། །འགའ་ཞིག་ལས་ཞེས་བྱ་བ་མིག་མི་གསལ་བ་དང་། ཐག་ཅུང་ཟད་རིང་བ་ལ་སོགས་པའི་མཚན་ཉིད་ལས་ཐ་དད་པར་འདྲི་བ་ཡིན་ནོ། །དེའི་ཕྱིར་ན་དེ་ཁོ་ན་ལྟར་ཐ་དད་པ་ཉིད་དུ་མཁས་པ་ལེན་འདེབས་
པས་སོ། །རྣམ་པ་གང་གིས་ལན་འདེབས་སྙམ་ན། ཡོན་ཏན་དཀར་པོ་འདི་རྟའི་ཡིན་ནོ་ཞེས་ལན་འདེབས་སོ། །དེ་ལྟ་བུའི་རྣམ་པར་ལན་འདེབས་སོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་དེ་ལྟ་བུ་ཉིད་དུ་ངེས་ཞེས་བྱ་བ་ནི་འགྲོ་བ་འདིར་དོན་གཞན་གནས་པ་ནི་མེད་པའོ། །རྟོག་པ་དང་ལྡན་པ་ནི་འདྲི་བའོ། །
དེ་ཞེས་བྱ་བ་ནི་དྲིས་པའོ། །ཚུལ་ལུགས་གཞན་གྱི་ཞེས་བྱ་བ་ནི་འདུ་བའི་སྟོབས་ཀྱིས་ཡོན་ཏན་གྱི་སྒོ་ནས། ཡོན་ཏན་ཅན་ལ་སྒྲ་འཇུག་པ། །ཞེས་བྱ་བ་ལ་སོགས་པའོ། །ཚད་མའི་འཇུག་པ་ལ་ལྟོས་ནས། །ཞེས་བརྗོད་པ་གང་ཡིན་པ་དེ་གསལ་བར་བྱེད་པ་ནི། མངོན་སུམ་ཉིད་དམ་ཞེས་བྱ་བའོ། །
དེས་ན་ཐ་དད་སྲིད་པ་ཡིན་ཏེ། མི་སྲིད་པར་འདོད་དོ། །འོ་ན་ཐ་དད་པའི་ཐ་སྙད་དུ་ཇི་ལྟར་འགྱུར་སྙམ་ན། གང་གི་ཚེ་ཞེས་གསུངས་སོ། །སྲིད་པའི་ཕྱིར་ཞེས་བྱ་བ་ནི་ཀུན་བརྟགས་པ་ལས་སོ། །དེ་ལྟ་ཉིད་ཅེས་བྱ་བ་ནི་ཐ་དད་པ་ཉིད་དུའོ། །འོ་ན་འཇིག་རྟེན་འདི་འདྲ་བའི་ཐ་དད་པ་ཅི་སྟེ་འདོར་ཞེ་ན། འགྲོ་བའི་
རྟོགས་པ་ཞེས་གསུངས་སོ། །འདི་ལྟ་བུ་ཞེས་བྱ་བ་ནི་དོན་དམ་པའི་ཐ་དད་པ་མེད་པའོ། །དངོས་པོ་སེམས་དང་ནི་དོན་དམ་པའི་ཐ་དད་པའི་སེམས་པས་སོ། །ཆ་དེ་ཙམ་གྱིས་དོན་གྲུབ་པར་ཁས་བླངས་པས་བསླད་པར་མི་སེམས་སོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །གལ་ཏེ་ཞེས་
བྱ་བ་ནི་གཞན་གྱིའོ། །བུམ་པའི་ཞེས་བྱ་བ་འདི་ནི་གཟུགས་ལ་སོགས་པ་ཉིད་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་ཀྱི་ཞེས་སྨོས་སོ། །གཟུགས་ལ་སོགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་གཟུགས་ཀྱི་གཟུགས་སོ། །རོའི་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །
เล่ม ๑๘๔ · หน้า 137a
བུམ་པའི་བུམ་པ་ཞེས་བྱ་བ་ལ་ནི་ཚོགས་པ་ལ་ལྟོས་ནས་ཏེ་གཟུགས་ལ་སོགས་པ་རྣམས་ཀྱི། གཟུགས་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་ཀྱི་སྒྲ་ནི་རྣམ་པ་དེ་ལྟར་གྱི་དོན་ཏོ། །གཟུགས་ལ་སོགས་པ་དེ་རྣམས་ཀྱིས་མཚུངས་པའི་འབྲས་བུ་ནི་ཆུ་འཛིན་པ་ལ་སོགས་པ་ཡིན་ལ། དེའི་རྒྱུ་
མ་ཡིན་པ་ནི་སྣམ་བུ་ལ་སོགས་པ་གང་ཡིན་པ་དེ། དེ་རྣམ་པར་བཅད་པའི་དོན་དུ་བུམ་པའི་སྒྲ་འཇུག་གོ། །གང་གི་ཕྱིར་གཟུགས་ལ་སོགས་པའི་ནུས་པའི་ཁྱད་པར་མ་སྤངས་པར་འཇུག་པ་དེས་ན། ཕྱོགས་གཅིག་ལ་འཇུག་པ་གཟུགས་ལ་སོགས་པའི་སྒྲ་དང་འདི་གཞི་མཐུན་པར་ཇི་ལྟར་འགྱུར། འདི་ཙམ་ཉིད་
ཀྱིས་ནི་རིགས་དང་ཚོགས་པའི་སྒྲ་གཉིས་ཀྱི་ཁྱད་པར་ཡང་ལེགས་པར་གནས་པ་ཡིན་ནོ་ཞེས་བཤད་པ་ནི་དེས་ན་འདི་ནི་ཞེས་བྱ་བའོ། །ཐུན་མོང་གི་བུམ་པ་བརྗོད་པ་དེ་ཉིད་ཀྱིས་རིགས་ཀྱི་སྒྲ་ལ་ཚོགས་པའི་སྒྲ་ཐ་དད་པ་ཡིན་ནོ། །རིགས་ཀྱི་སྒྲ་ཡང་སོ་སོར་ནུས་པའི་བརྗོད་པའི་ཕྱིར་ཚོགས་པའི་སྒྲ་ལས་ཐ་དད་པ་ཡིན་
ནོ། །གལ་ཏེ་ཡན་ལག་ཅན་མེད་པའི་ཕྱིར་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་འདིས་ཅི་སྟོན་ཞེ་ན། བུམ་པའི་ནི་ཞེས་གསུངས་སོ། །དེ་ནུས་ཁྱད་པར་གྱི་གཟུགས་ལ་སོགས་པའི་ནུས་པའི་ཁྱད་པར་རོ། །ཅི་འདྲ་བ་ཞིག་ཅེ་ན། ཆུ་ལ་སོགས་པ་འཛིན་པ་དེ་ཉིད་སྤྱི་སྟེ་ཐུན་མོང་བར་གྱུར་པ་
ཡན་ལག་ཁྱད་པར་དུ་བྱས་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཐུན་མོང་གི་ནུས་པའི་ཁྱད་པར་ཅན་སོ་སོར་རང་གི་ནུས་པ་དང་ལྡན་པ་ཉིད་སྟོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ནུས་པའི་ཁྱད་པར་མེད་པའི་ཕྱིར་བ་ལང་ཉི་ཤུ། བ་ལང་རྣམས་ཀྱི་ཉི་ཤུ་ཞེས་ཐ་སྙད་ཐ་དད་པར་ཇི་ལྟར་འགྱུར་
སྙམ་ན། ཕྱོགས་འདིས་ཞེས་གསུངས་སོ། །དེ་དག་ལ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་དག་ལའོ། །སོ་སོར་ངེས་པའི་ནུས་པ་མ་འཕངས་པ་དེས་ནའོ། །དེས་ན་འདི་རིགས་དང་ནི་ཞེས་བྱ་བ་འཆད་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཚོགས་པའི་སྒྲ་འདི་ནི་ཞེས་བྱ་བ་ནི་དཔེར་ན་ནགས་ཞེས་བྱ་བར་འབྲེལ་
ཏོ། །དུ་བ་ལ་སོགས་པའི་གནས་ནི་གཟུགས་ལ་སོགས་པ་ཡིན་ཏེ་དེས་ན་རྫས་གཅིག་ལ་མ་ལྟོས་པར་བུམ་པ་ཞེས་ཚོགས་པའི་སྒྲས་ཡིན་ནོ། །རིགས་ཀྱི་སྒྲ་ནི་ཞེས་བྱ་བ་ནི་བུམ་པའི་རྫས་སོ་སོར་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་པ་ཉིད་ལ་སྟེ། དཔེར་ན་ཤིང་ཞེས་བྱ་བ་བཞིན་ནོ། །དུ་བ་ལ་
เล่ม ๑๘๔ · หน้า 137b
སོགས་པ་སོ་སོར་གྲིབ་མ་ལ་སོགས་པའི་འབྲས་བུ་གཅིག་སྒྲུབ་པ་ལ་འཇུག་པ་ལྟ་བུའོ། །དཔེར་ན་ཤིང་གི་སྒྲ་རིགས་ཀྱི་སྒྲ་ཡིན་པ་དེ་བཞིན་དུ་བུམ་པའི་སྒྲ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་སམ་སྒྲ་ཞེས་བྱ་བ་ལ་སོགས་པ་ཐ་དད་པར་བསྟན་པ་ཁྱད་པར་གང་ལ་ལྟོས་
པ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཅིག་ལ་ལྟོས་ནས་ནི་བུའི་ཤེས་པ་དང་འབྲེལ་བར་སྟོན་པ་ཡིན་ལ། སོ་སོ་རང་གི་འབྲས་བུ་ལ་ལྟོས་ནས་ནི་གཟུགས་ལ་སོགས་པར་བསྙད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་བསྟན་བཅོས་གཞན་གྱི་འདུ་བྱེད་ཀྱི་རྗེས་
སུ་འཇུག་པའོ། །འཇིག་རྟེན་ན་དང་པོར་བརྡ་སྤྲོད་པར་བྱེད་པ་སློབ་པའི་ཕྱིར་དེ་འདྲ་བའི་གཞལ་བྱ་ཉིད་བྱ་བར་བྱེད་དོ། །དེའི་འོག་ཏུ་མུ་སྟེགས་པའི་བསྟན་བཅོས་སམ། གཞན་ལས་དམན་པ་ཉིད་ཀྱིས་ན། དོན་དེ་མོད་ལ་འཛིན་ཏེ། དོན་ཕྲ་མོ་བསྟན་བཅོས་ཁྱད་པར་ཅན་ལས་འཛིན་པར་མི་ནུས་སོ། །ཕལ་
ཆེར་ཞེས་བྱ་ནི། དཔོག་པ་དང་སེལ་བའི་ནུས་པ་རྣམ་པ་ཐམས་ཅད་དུ་ནི་མི་འགོག་པའོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་ཡང་དག་པར་རྟོགས་པ་དང་ལྡན་པ་ཞེས་གསུངས་སོ། །འགའ་ཞིག་ཅེས་བྱ་བ་ཉིད་གསལ་བར་བྱེད་པ་ནི་འབྲས་བུའི་ཁྱད་པར་ནུས་པ་ཞེས་བྱ་བའོ། །འདིར་འབྲས་བུའི་ཁྱད་པར་ཅི་ལ་བརྗོད་སྙམ་ན།
འབྲས་བུའི་ཁྱད་པར་ཡང་ཞེས་བྱ་བའོ། །ཡང་ན་གཟུགས་ལ་སོགས་པ་ཉིད་འགའ་ཞིག་དབྱིབས་ཀྱི་ཁྱད་པར་གྱིས་རྣམ་པར་གནས་པ་ནི་བུམ་པ་ཡིན་ལ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན་དབྱིབས་ཀྱི་ཁྱད་པར་གང་ལས་ཞེས་བྱ་བའོ། །དཔེར་ན་གཟུགས་ལ་སོགས་པ་བུམ་པ་ཡིན་ནོ་ཞེས་བྱ་བ་ལྟར་དེ་བཞིན་དུ་གཟུགས་
བུམ་པ་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ་སྙམ་དུ་དགོངས་ན། གཟུགས་བུམ་པར་ཞེས་བྱ་བར་ནི་ཞེས་སྨོས་སོ། །ཕན་ཚུན་ཁྱད་པར་མེད་པ་བརྗོད་པར་འདོད་པའི་མ་རྟོགས་པས་ཤིང་དང་སྨྲས་སོ། །དེ་བཞིན་དུ་ཨུཏྤ་ལ་སྔོན་པོ་ལ་སོགས་པ་ལ་ཡང་མི་འགྱུར་ཏེ། གཉི་ག་འཁྲུལ་བའི་ཕྱིར་རོ། །བྱས་པ་དང་མི་
རྟག་པ་ལ་སོགས་པ་ཁོ་ན་ལ་འགྱུར་ཏེ། ཕན་ཚུན་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྩོད་པ་པོའི་བསམ་པའོ། །གྲུབ་པའི་མཐའ་ནི་འདི་ནི་ཕན་ཚུན་ཁྱབ་པའི་དོན་མ་ཡིན་གྱི། འོན་ཀྱང་གཅིག་གིས་གཅིག་འཕེན་པ་ཡིན་ནོ། །དེ་ནི་ཤིང་ཞེས་བརྗོད་པ་ན་ཤ་པ་དང་སྔོན་པོ་ཞེས་བརྗོད་པ་ན་ཨུཏྤལ་ལ་ཡོད་པ་
เล่ม ๑๘๔ · หน้า 138a
ཡིན་ཏེ། དེས་ན་གཞི་མཐུན་པ་ཉམས་པ་མེད་དོ། །འདིར་ནི་བུམ་པའི་སྒྲས་གཟུགས་ཙམ་འཕེན་པ་མ་ཡིན་ལ། གཟུགས་ཀྱི་སྒྲས་ཀྱང་བུམ་པའི་ཚོགས་འཕེན་པ་མ་ཡིན་ཏེ། དེས་ན་འདི་གཉིས་ནི་གཞི་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་གང་ལས་ཤེ་ན་བུམ་པའི་
སྒྲས་ཞེས་གསུངས་ཏེ། སྒྲས་ནི་ཞེས་བྱ་བའི་དོན་ཏོ། །ནུས་པའི་ཁྱད་པར་ནི་གཟུགས་ཀྱི་ཤེས་པ་སྐྱེད་པར་རུང་བའོ། །ཡང་ཇི་ལྟར་ན་ཕྱོགས་གཅིག་པའི་ཡིན་ཡང་ཤ་པ་ལ་ཤིང་གི་ཐ་སྙད་དུ་འགྱུར་གྱི་ཕྱོགས་གཅིག་ཏུ་འགྱུར་བ་གཟུགས་ལ་སོགས་པ་ལ་ནི་བུམ་པའི་སྒྲ་མི་འཇུག་སྙམ་ན། གནའི་ཐ་སྙད་ཅེས་པས་
ཞེས་གསུངས་སོ། །གཞན་གྱི་ལུགས་ལ་ལྟོས་ནས་བརྗོད་པ་ནི་ནུས་པ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བུམ་པའི་སྒྲ་ནི་གཟུགས་ཙམ་ལ་མི་འཇུག་འོན་ཀྱང་ངོ་བོ་ཉིད་ཀྱི་ཚོགས་པ་ཁོ་ན་ལ་འཇུག་པ་ཡིན་ནོ། །ཁྱད་པར་གྱི་ནུས་པ་དང་ལྡན་པ་ནི་ཤིང་ཤ་པའི་ནུས་པ་དང་ལྡན་པའོ། །ཇི་ལྟར་འདིར་ཁྱད་པར་
ཅན་གྱི་ནུས་པ་དང་ལྡན་པ་འཕེན་ཅེ་ན། འདིར་ཡང་ཞེས་གསུངས་ཏེ། ཤིང་གི་སྒྲ་ལོག་གོ། །ཕྱོགས་འདིས་གཞན་ཡང་བརྗོད་པར་བྱ་ཞེས་བྱ་བ་ལ་འཇུག་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཉི་ཤུ་བྱ་བ་ཞེས་སྨོས་སོ། །ཇི་ལྟར་བུམ་པའི་སྒྲས་ནུས་པ་གཞན་བརྗོད་པ་དེ་བཞིན་ཉི་ཤུའི་
སྒྲས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། འོན་ཀྱང་ཞེས་སྨྲས་སོ། །འདིར་ནི་ཞེས་བྱ་བ་ནི་བ་ལང་ཉི་ཤུར་རོ། །ལན་ནི་དེར་ནི་ཞེས་བྱ་བའོ། །མང་པོ་ཉིད་ཀྱིས་ཞེས་བྱ་བ་ནི་མང་པོ་ཉིད་ཀྱིས་ཉེ་བར་མཚོན་པའི་བ་ལང་ལ་སོགས་པ་དག་གོ། །གལ་ཏེ་འདུས་པའི་ཁྱད་པར་བརྗོད་པ་ཉི་ཤུའི་སྒྲ་ཉིད་
ཀྱིས་བཞོ་བ་དང་དགལ་བ་ལ་སོགས་པའི་བྱ་བ་དང་ལྡན་པའི་བ་ལང་རྣམས་རྟོགས་པ་ཉིད་མ་ཡིན་ནམ། དེས་ན་བ་ལང་གི་སྒྲ་སྦྱར་བར་ཅི་བྱ་སྙམ་ན། དེས་ནི་བཞོ་བ་དང་ཞེས་གསུངས་སོ། །གལ་ཏེ་བཞོ་བ་དང་དགལ་བའི་ནུས་པས་ཀྱང་འདུས་པའི་ཁྱད་པར་རྟོགས་པར་བྱེད་ན་དེའི་ཚེ་ཡང་འདུས་པའི་སྒྲ་སྦྱར་
བས་ཅི་བྱ་སྙམ་པའི་དོགས་པ་སེལ་བ་ནི་དེས་ཀྱང་ཞེས་བྱ་བའོ། །དེས་ན་འདི་གཉིས་ཀྱང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་མི་འགལ་ལོ་སྙམ་དུ་དགོངས་པའོ། །དེ་བཞིན་དོན་ཐ་དད་པ་མེད་པ་ལ་ཡང་དེ་དང་དེ་ལས་ལྡོག་པ་ལ་བརྟེན་ནས་སྒྲའི་དོན་ཐ་དད་པར་རྣམ་པར་གཞག་པ་བྱས་པ་ཡིན་ནོ། །
เล่ม ๑๘๔ · หน้า 138b
བག་ཆགས་ཀྱི་ཁྱད་པར་ལ་ཡང་བརྟེན་ནས་མི་འགལ་ལོ་ཞེས་བྱ་བར་བསམས་ནས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །ཐོག་མ་མེད་པ་ཡང་ཡིན་ལ་ཐ་སྙད་ཀྱང་ཡིན་པ་སྟེ། དེས་བསྐྱེད་པའི་བག་ཆགས་གང་ཡིན་པ་དེས་འདུས་བྱས་པའི་བདག་ཉིད་གང་ཡང་ཡོད་པ་དེ་དག་གི་ཐོག་མ་མེད་པའི་སྐད་ཅིག་
འདི་ནི་རྟོག་པ་རྣམ་པར་རྟོག་པ་དང་སྒྲ་སྟེ་དེ་ལ་ཡོད་པའོ། །གང་གི་ཕྱིར་ཐ་སྙད་འདི་ཐོག་མ་མེད་པའི་བག་ཆགས་ཀྱི་རྣམ་པར་འགྱུར་བའི་དབང་གིས་ངེས་པ་ཡིན་པ་དེས་ན་གང་ལའང་ཞེས་བྱ་བ་སངས་རྒྱས་པ་ལ་མི་བརྩད་དེ་ཞེས་བྱ་བ་ནི། དོན་དམ་པའི་ཁྱད་པར་མེད་ན་ཁྱད་པར་དང་ཁྱད་པར་ཅན་ལ་སོགས་པའི་
དངོས་པོར་ཇི་ལྟར་འགྱུར་ཞེས་བྱ་བར་རོ། །འདིས་ནི་བརྒལ་ཞིང་བརྟག་པར་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་མ་ཡིན་ནོ། །རྒོལ་ཞིང་རྟོག་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་གང་གིས་ཀྱང་ནི་བརྩད་མི་བྱ་ཞེས་བྱ་བ་སྟེ། རིགས་པ་ཅན་ལ་སོགས་པས་སོ། །གལ་ཏེ་དེ་ལྟར་སྒྲ་དོན་རྣམ་
པར་གཞག་པ་ལ་འཆད་པ་མེད་མོད། དེ་ལྟ་ན་ཡང་སྤྱི་ལ་སོགས་པ་ལྟོས་པར་བྱ་བ་ཡིན་ནོ་ཞེས་གཞན་དག་བརྒྱ་ལ་སྨྲ་བར་འགྱུར་བའི་ཕྱིར་གལ་ཏེ་ཞེས་གསུངས་སོ། །ཇི་སྐད་དུ་བརྗོད་པའི་བློའི་རྣམ་པར་འགྱུར་བ་ཙམ་གྱིས་བཀོད་པ་དོན་དམ་པ་མ་ཡིན་པ་ལ། སྤྱི་གཞི་མཐུན་པ་ལ་སོགས་པ་རྣམས་ལ།
གལ་ཏེ་ཇི་སྐད་བརྗོད་པའི་རིགས་པས་ཆད་པ་འགའ་ཡང་མེད་ན། དེ་དེའི་ཚེ་གང་གི་སྤྱི་ལ་སོགས་པ་དེ་ཡོད་པ་ལ་ལྟོས་པར་བྱ་བ་ཡིན་ནོ་ཞེས་རྩོད་པར་བྱེད་པ་རིགས་ལྡན་མིན་ལ་འདིར་ཅི་སྨོས་ཏེ། ཡན་ལག་ཅན་དང་ལྡན་པ་ལ་སོགས་པ་རིགས་ལྡན་མིན་ལ་སྟེ། ཚད་མ་ཅན་མ་ཡིན་པ་ལ་ཅི་ལྟོས་ཏེ་ལྟོས་པར་
བྱ་བ་ཅི་ཡོད་དེ་ལྟར་བརྗོད་བྱ་བསླད་པར་བསྟན་ནས། སྐབས་ཀྱིས་རྗོད་པར་བྱེད་པ་ཡང་ལོག་པ་དང་ལོག་པ་མ་ཡིན་པའི་རྣམ་པར་དབྱེ་བ་རྣམ་པའི་བསླད་པར་བསྟན་པའི་དོན་དུ་ཐ་མལ་ཞེས་སྨོས་སོ། །ཐ་མལ་པའི་བསྟན་བཅོས་ལ་སྒྲའི་འདུས་བྱས་པ་གང་ཡིན་པ་དེར་མ་འཆོལ་བ་མཐོང་བ་མེད་དོ། །
གང་ཞིག་ཅེ་ན་རྟགས་སོ། །དཔེར་ན་སྟོན་ཤར་དོ་ཞེས་བྱ་བ་འདི་ལ། ཤ་རད་དེ་དང་སན་གྱི་མཐའ་ཅན་དང་། པྲ་ནེད་དང་། ཤི་རོ་དང་། ན་བྷ་དང་། སྐྱེས་བུའོ་ཞེས་བྱ་བས་ཕོ་རྟགས་སུ་འགྱུར་བ་བཞིན་ནོ། །ཚིག་ཀྱང་མ་འཆོལ་བར་མཐོང་བ་མེད་དེ་དཔེར་ན་ཁྱེད་ཅག་རྣམས་ཀྱི་ནོར་ཞེས་བྱ་བ་ལ།
เล่ม ๑๘๔ · หน้า 139a
ཏུམྷ་ནང་ཞེས་བྱ་བ་དྲུག་པ་མང་པོའི་ཚིག་གི་མཐའ་ཅན་ཁྱེད་གཉིས་ཞེས་བྱ་བའི་དོན་ལ་སྦྱོར་བ་བཞིན་ནོ། །དེ་སྐད་དུ་ཡང་མདོ་ལས་གཉིས་ལ་མང་པོའི་ཚིག་གོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟར་རྟགས་ལ་སོགས་པ་ཐ་དད་པར་འགྱུར་མོད། དོན་ནི་གཅིག་ཁོ་ནས་ཡིན་ནོ་སྙམ་
ན། དེ་ལ་དོན་ཞེས་གསུངས་སོ། །དཔེར་ན་ཨས་པ་ཞེས་བྱ་བ། །ཐ་མལ་པར་ནི་བདག་ཉིད་རྗོད་པར་བྱེད་པ་ཡིན་ལ། ལེགས་པར་སྦྱར་བ་ནི་ཆུ་འཐུང་བ་རྗོད་པར་བྱེད་པ་བཞིན་ནོ། །རང་བཞིན་ཐ་དད་པ་ནི་གསལ་བར་གྲགས་པའི་ཕྱིར་མི་བརྗོད་དོ། །དེ་ལས་ཅིར་འགྱུར་སྙམ་ན། དེ་ལ་མི་རིགས་
ཡོད་པ་ཡིན། །ཞེས་སྨོས་སོ། །དེར་ནི་རྟགས་ལ་སོགས་པ་དེ་འདྲ་བ་ཁོ་ན་ཚད་མ་ཡིན་པའི་ཕྱིར་ལེགས་པར་སྦྱར་བ་ཁོ་ན་བཟང་པོ་ཡིན་པར་འགྱུར་རོ་སྙམ་དུ་དགོངས་པའོ། །ལེགས་པར་སྦྱར་བ་ལ་ཞེས་བྱ་བ་ནི་ལེགས་པར་སྦྱར་བའི་སྦྱོར་བ་ལའོ། །དེ་ཞེས་བྱ་བ་ནི་རྟགས་ལ་སོགས་པ་ཕྱིན་ཅི་ལོག་དང་
ལྡན་པ་མ་ཡིན་པའོ། །འགྱུར་བར་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་དགོས་པའི་དོན་ཏོ། །དེ་ཡང་མ་ཡིན་ནོ་ཞེས་བྱ་བ་བརྗོད་པ་ནི། མཚན་ཉིད་ཀྱིས་ནི་ལེགས་བསྒྲུབས་ལ། །ཞེས་བྱ་བའོ། །རང་གི་མཚན་ཉིད་ཇི་ལྟ་བ་ཡིས་བྱེ་བྲག་ཏུ་བསྒྲུབས་པའི་སྒྲ་ལས་ལེགས་པར་བྱས་བརྗོད་པ་ཡིན་ལ། དེ་ནི་ལེགས་པར་
སྦྱར་བ་དང་ཐ་མལ་པ་ལ་མཚུངས་པ་ཡིན་ནོ། །དེས་ཇི་ལྟར་གཅིག་ལེགས་པར་སྦྱར་བ་ཡིན་ལ་གཞན་མ་ཡིན་ཏེ། རང་རང་གི་མཚན་ཉིད་ཀྱིས་ལེགས་པར་བསྒྲུབས་པ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འོན་ཏེ་ལེགས་པར་སྦྱར་བའི་མཚན་ཉིད་སྟོན་པའི་སྐྱེས་བུ་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་
ནོ་ཞེ་ན། འདི་ལ་རིགས་པ་འགའ་ཡང་མེད་དེ། འདི་ནི་འདོད་པའི་དོན་འདོན་པ་ཙམ་དུ་སྟོན་པ་ཡིན་ནོ། །དེའི་ཕྱིར་ཐ་མལ་པ་ལ་སོགས་པ་ཡང་། མཚན་ཉིད་ཀྱིས་བསྒྲུབས་པ་ཡིན་པའི་ཕྱིར་ན་ལེགས་པར་སྦྱར་བ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར་ལེགས་པ་དང་མི་ལེགས་པར་རྣམ་
པར་གནས་པ་མེད་དོ། །འོན་ཏེ། ལེགས་སྦྱར་ཞེས་བྱ་ལྷ་ཡི་ངག །དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད། །ཞེས་བྱ་བས་ལྷའི་ཚིག་ནི་ལེགས་པར་སྦྱར་བ་ཡིན་ལ། དེ་ལས་གཞན་ནི་ལེགས་པར་སྦྱར་བ་མ་ཡིན་ནོ་སྙམ་དུ་དགོངས་ན། ལེགས་པར་སྦྱར་དང་ལེགས་སྦྱར་མིན། །ཞེས་སྨོས་སོ། །
เล่ม ๑๘๔ · หน้า 139b
འདི་ཁོ་ན་ལྷའི་ངག་ཡིན་ནོ་ཞེས་བྱ་བ་ལ་ཚད་མ་མེད་པའི་ཕྱིར་རོ། །དེས་ན་འདི་ལྟར་འགྱུར་རོ་ཞེས་བརྗོད་པ་ནི་འདིར་ནི་ཞེས་བྱ་བ་སྟེ། ལེགས་པར་སྦྱར་བ་དང་། ལེགས་པར་སྦྱར་བ་མ་ཡིན་པ་ཉིད་དོ། །དོན་ཡོད་མ་ཡིན་ཡང་ཞེས་བྱ་བའི་སྒྲ་རྣམས་ནི་དོན་རྟོགས་པ་ཙམ་ལ་ཉེ་བར་མཁོ་བ་ཡིན་ན་དེ་ནི་ལེགས་
པར་སྦྱར་བ་མ་ཡིན་པ་ལ་ཡང་ཉམས་པ་མེད་དོ། །འདི་ཞེས་བྱ་བ་ནི་སྒྲ་བྱེ་བྲག་ཏུ་བཤད་པའོ། །ཕྱིས་གཞན་ཉིད་བཅོས་ཞེས་བྱ་བ་ནི་བ་ལང་གི་ཚོགས་ཀྱི་ཚུལ་དུ་དེའི་ལམ་དུ་འཇུག་པ་དག་གོ། །དེས་འདིས་འདི་དག་ལ། །ཅི་ཞིག་བརྗོད་པ་མི་ཤེས་སོ། །ཞེས་བྱ་བ་ནི་ཤིན་དུ་ཚབས་ཆེན་པོར་ལེགས་
པ་དང་ལེགས་པ་མ་ཡིན་པར་འཛིན་པའི་རྨོངས་པ་བསལ་བའི་དོན་དུ་ཅི་ཞིག་བརྗོད་པར་བྱ་བ་ཡིན་ཏེ། འཛིན་པ་དམ་པ་ཉིད་ཀྱིས་རིགས་པ་བརྗོད་ཀྱང་མི་རྟོགས་པའི་ཕྱིར་རོ། །ཆོས་དང་ཆོས་མ་ཡིན་པའི་རྒྱུ་མཚན་ཉིད་ཀྱང་ལེགས་པར་སྦྱར་དང་ལེགས་པར་སྦྱར་བ་མ་ཡིན་པ་ཉིད་དུ་རིགས་པ་མ་ཡིན་ནོ་
ཞེས་བརྗོད་པ་ནི། མ་མཐོང་བའི་དོན་བརྗོད་ནི་ཞེས་བྱ་བའོ། །གལ་ཏེ་ལས་ནི་འདིས་ཆོས་སུ་འགྱུར་རོ་ཞེས་བྱ་བའི་བྲོ་བའི་ཚིག་ལ་ཡིད་ཆེས་པ་མེད་པ་མ་ཡིན་ནམ། ལེགས་པར་སྦྱར་བ་མ་བརྗོད་ན་ཕུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཚིག་ལ་ནི་ཡིད་ཆེས་པ་ཡིན་པའི་ཕྱིར། ཁྱད་པར་ཆེ་ཞེ་ན།
དེ་ལ་ཞེས་སྨོས་ཏེ། བྲོ་བའི་ངག་བཞིན་ནོ། །དེས་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །དེའི་ཕྱིར་བརྗོད་བྱ་དང་རྗོད་བྱེད་ཀྱི་དངོས་པོ་ལ་ཡང་རྟོག་པ་ཙམ་སྐྱབས་ཡིན་པའི་ཕྱིར་སྒྲ་ཙམ་ལས་མ་གཏོགས་པར་ནི་ཡན་ལག་ཅན་ལ་སོགས་པ་གྲུབ་པ་མེད་དོ་ཞེས་གནས་སོ། །དེ་ལྟར་ཡན་ལག་ཅན་
བསལ་བའི་ཕྱིར་ན་ལུས་འབྱུང་བའི་རྡུལ་ཕྲ་རབ་ཀྱི་ཚོགས་ཙམ་ཞིག་ཡིན་པར་ལུས་པ་ཡིན་ནོ། །དེས་ན་ཤེས་པ་དེའི་ཉེ་བར་ལེན་པ་ཅན་ཡིན་པར་སྨྲ་བ་རྣམ་པར་བརྟག་པའི་དོན་དུ་གལ་ཏེ་ཞེས་གསུངས་སོ། །སྐྱེས་པ་ཡིན་ན་ཞེས་བྱ་བ་ནི་ཤེས་པའོ། །རྩ་བ་ལ་སོགས་པ་རྒྱུ་ཡིན་པ་ལྟ་བུ་ཞིག་གོ་
ཞེས་འབྲེལ་ཏོ། །ཡན་ལག་གཅིག་དང་བྲལ་ནའང་མིན། །ཞེས་བྱ་བ་ནི་ལུས་སོ། །མིན་ཞེས་བྱ་བ་ནི་ཤེས་པ་སྐྱེད་པར་མི་འགྱུར་རོ། །རྡུལ་ཕྲ་རབ་འཕེལ་བ་དང་འགྲིབ་པ་ནི་རྟོགས་པར་མི་ནུས་པའི་ཕྱིར་ན་སེར་མོ་ལ་སོགས་པ་བརྗོད་པ་ཡན་ལག་གི་སྒྲས་ཐ་སྙད་དུ་བྱས་སོ། །རྣམ་པར་རྟོག་པ་
เล่ม ๑๘๔ · หน้า 140a
གཉིས་པ་སེལ་བ་ནི་རེ་རེ་ཞེས་བྱ་བའོ། །མང་པོར་འབྱུང་བར་འགྱུར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མང་པོ་འབྱུང་བར་འགྱུར་རོ་གལ་ཏེ་འབྱུང་བ་དང་རྔུབ་པ་དག་ངེས་པར་བྱེད་པ་ཡིན་པའི་ཕྱིར་ཅིག་ཅར་མང་པོ་འབྱུང་བར་མི་འགྱུར་རོ་སྙམ་དུ་དོགས་ན། དུ་མ་ཉིད་དུ་
ཞེས་གསུངས་སོ། །ལུས་བཞིན་དུ་འབྱུང་བ་དང་རྔུབ་པ་དག་ཀྱང་ཡུལ་ཐ་དད་པ་དང་འབྲེལ་པའི་ཕྱིར་དུ་མ་ཉིད་ཡིན་པར་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་མེད་ཀྱང་ཞེས་བྱ་བ་ནི་གཅིག་མེད་ཀྱང་ངོ་། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་གཉིས་པ་སློང་བའོ། །
རྣམ་འགྲེལ་གྱི་ལྷག་མ་ཕྱེད་པོ་འཆད་པ་ནི། དེ་སྐྱེས་པར་བྱེད་པ་ནི་ཞེས་བྱ་བའོ། །གལ་ཏེ་འདི་དག་སྐྱེད་བྱེད་ཡིན་མོད། དེ་ལྟ་ན་ཡང་ལུས་ཀྱི་ཆ་དུ་མ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ཆ་གཅིག་མེད་ན་ཡང་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་སྙམ་ན། ཆ་ཤས་གཅིག་འགའ་གང་ཡིན་པ། །
ཞེས་གསུངས་ཏེ། ཐམས་ཅད་ནི་མ་ཡིན་པའོ། །དེའི་ཞེས་བྱ་བ་ནི་ལུས་ཀྱིའོ། །ལྷན་ཅིག་བྱེད་པ་ཞེས་བྱ་བ་ནི་སྐབས་ཀྱིས་འབྱུང་རྔུབ་དག་གིའོ། །དེས་ན་རྣམ་པར་ཤེས་པ་མི་སྐྱེ་བ་ཡིན་ནོ་སྙམ་དུ་བསམས་པའོ། །འོ་ན་ནི་ལྷན་ཅིག་བྱེད་པ་ཐ་དད་པ་གཞན་དང་གཞན་ལས་རྣམ་པར་ཤེས་
པ་ཐ་དད་པར་འགྱུར་རོ་སྙམ་ན། ལྷན་ཅིག་བྱེད་པ་ཞེས་སྨོས་སོ། །འབྱུང་རྔུབ་དག་ཀྱང་ཞེས་བྱ་བ་ནི་ལུས་འབའ་ཞིག་ཏུ་མ་ཟད་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་ལུས་ལ་བརྗོད་པ་གང་ཡིན་པའོ། །འདི་དག་དུ་མ་ཉིད་ཀྱང་ཡུལ་དུ་མ་དང་འབྲེལ་པའི་ཕྱིར་རོ། །ཐལ་བ་དེ་གང་ཡིན་སྙམ་ན་ཡན་ལག་གཅིག་ཅེས་
གསུངས་སོ། །མི་འབྱུང་བའམ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བར་ཞེས་བྱ་བ་སྐབས་ཡིན་ནོ། །སྐྱེས་བུ་གང་ལ་དབུགས་ཇི་ཙམ་ཡོད་པ་དེ་ཙམ་ལས་དམན་པའི་གནས་སྐབས་ནའོ། །འདི་ནི་ཐལ་བ་གཅིག་གོ། །དུ་མ་འབྱུང་བར་འགྱུར་རོ་ཞེས་བྱ་བ་སོ་སོར་ནུས་པའི་ཕྱོགས་ལ་ཐལ་བ་གཉིས་པའོ། །
གལ་ཏེ་འབྱུང་བ་དང་རྔུབ་པ་དག་ལ་གཅིག་ཉིད་དུ་གྲུབ་པ་མ་ཡིན་ནམ། དེས་ན་ལུས་བཞིན་དུ་ཐལ་བར་ཇི་ལྟར་འགྱུར་སྙམ་ན། ལུས་བཞིན་དུ་ཞེས་སྨོས་སོ། །གང་གི་ཕྱིར་འགལ་བའི་ཆོས་གནས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར་ན་ལུས་བཞིན་དུ་འདི་གཉིས་གཅིག་ཉིད་དུ་མ་གྲུབ་པ་དེའི་
เล่ม ๑๘๔ · หน้า 140b
ཕྱིར་ཐལ་བ་དེ་ཉིད་དུ་འགྱུར་རོ། །འོན་ཏེ་གཅིག་ཉིད་དུ་ཞེས་བྱ་བ་ནི་འབྱུང་བའམ་རྔུབ་པ་དེ་དུས་གཞན་དུ་ཡང་རང་བཞིན་གཅིག་ཉིད་ཡིན་ནམ། སྐད་ཅིག་མའི་རང་བཞིན་ཡིན། །དེ་ལ་ཕྱོགས་དང་པོ་ལ་བརྗོད་པ་ནི་གཅིག་ཉིད་ཡིན་ན་ཞེས་བྱ་བའོ། །མ་གསལ་འགྱུར་ཞེས་བྱ་བ་ནི་རིམ་མ་ཡིན་
པར་འགྱུར་རོ། །དེ་རྒྱུ་ནི་རྣམ་པར་ཤེས་པ་དུ་མའི་རྒྱུའོ། །དེས་ན་ཞེས་བྱ་བ་ནི་དུ་མ་གསལ་བར་འགྱུར་བས་ནའོ། །ཕྱེད་ཕྱི་མ་འཆད་པ་ནི་འོན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ཞེ་ན། མེ་ནི་ཞེས་གསུངས་སོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །
ཁྱད་པར་མེད་ཕྱིར་ཞེས་བྱ་བ་འདིའི་བཤད་པ་ནི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ཏེ། འབྱུང་བ་ལ་སོགས་པའོ། །རེ་ཞིག་ཇི་ལྟར་མེ་ལ་ཐལ་བ་མེད་པ་དེ་ལྟར་བརྗོད་པ་ནི་མེ་ལས་ནི་ཞེས་པའོ། །དམིགས་པ་ནི་སྐྱེ་བའམ་ཚད་མས་ངེས་པའོ། །གལ་ཏེ་མེ་དེ་ཉིད་ལས་རིམ་པ་དང་ལྡན་པའི་དུ་བ་
མཐའ་དག་སྐྱེ་བར་འགྱུར་ན་ནི་དེ་ལས་ཡང་ཐལ་བར་འདིར་འགྱུར་བ་ཞིག་ན། དེ་ལྟ་ནི་མ་ཡིན་ཏེ། མེ་གཞན་དང་གཞན་ཉིད་ཡིན་པར་གསལ་བར་ངེས་པར་གཟུང་བའི་ཕྱིར་རོ། །སྐབས་ལ་ནི་ཐལ་བར་འགྱུར་བ་ཁོ་ནའོ་ཞེས་ཁྱད་པར་བརྗོད་པ་ནི་འདིར་ནི་ཞེས་བྱ་བའོ། །སད་པར་བྱེད་པའི་རྐྱེན་ནི་ཡུལ་ཉེ་
བའོ། །དེ་ཡང་འདོད་ཆགས་ལ་སོགས་པའི་སེམས་ཀྱི་རྒྱུ་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ་ཞེས་བརྗོད་པ་ནི་སད་པར་བྱེད་པའི་ཞེས་གསུངས་སོ། །གཅིག་གི་སྙིང་དུ་སྡུག་པ་གང་ཡིན་པ་དེ་ནི་གཞན་ལ་མ་ཡིན་ནོ། །གཅིག་ཉིད་ལ་ཡང་སྡུག་པ་ཉིད། །རེས་འགའ་མི་སྡུག་པར་འགྱུར་རོ། །ཞེས་བྱ་བ་ལ་
སོགས་པ་ནི་ངེས་པ་མེད་པའི་དོན་ཏོ། །དེས་ན་ཡུལ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །སད་པར་བྱེད་པ་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་སྙམ་ན། སྔོན་གྱི་འདུ་བྱེད་ཅེས་བྱ་བ་གསུངས་ཏེ། སྟོབས་དང་ལྡན་པས་ནི་འདོད་ཆགས་
ལ་སོགས་པ་གྲགས་པར་འགྱུར་ལ་མི་ལྡན་པས་ནི་དམན་པར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་དབུགས་དབྱུང་བ་ལ་སོགས་པ་གཅིག་ཉིད་ལས་འདོད་ཆགས་ལ་སོགས་པའི་སེམས་འབྱུང་བའི་གཏན་ཚིགས་དེས་ནའོ། །སེམས་ཀྱི་རྒྱུ་མ་ཡིན་ན་ཞེས་བྱ་བ་ནི་སྔར་རོ། །དེ་བས་ན་སྔར་
เล่ม ๑๘๔ · หน้า 141a
དང་ཕྱིས་ཀྱང་རྒྱུ་མ་ཡིན་པའི་ཕྱིར་དབུགས་དབྱུང་བ་ལ་སོགས་པ་ནི་རྒྱུ་ཉིད་དུ་མི་འགྱུར་རོ། །དེ་སྟེ་རྒྱུ་ཡིན་ན་དེའི་ཚེ། དེའི་རང་བཞིན་ནམ་ཡང་ན་ཉམས་པ་མེད་པའི་ཕྱིར་འདོད་ཆགས་ལ་སོགས་པའི་སེམས་གཞན་དང་གཞན་འབྱུང་བའི་ཕྱིར་གཅིག་ཡིན་ཡང་གཅིག་
ཉིད་ཀྱིས་ཚེ་མང་པོ་གསལ་བར་འགྱུར་རོ་ཞེས་གྲུབ་པོ། །དེ་བས་ན་རིམ་གྱིས་ཀྱང་དུ་མའི་རྒྱུ་ཉིད་དུ་མི་འཐད་དོ། །དེས་ན་ཚུ་རོལ་མཛེས་པ་ལས་སྔོན་གྱི་འདུ་བྱེད་པ་ཉིད་རྒྱུ་ཡིན་པར་ཐལ་བར་འགྱུར་རོ། །སངས་རྒྱས་ལ་ལྟོས་ནས་ནི་འདི་ཐལ་བ་མ་ཡིན་ཏེ། མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །
བརྗོད་པ་ཡིན་ཏེ་ཞེས་བྱ་བ་ནི། གཅིག་ཉིད་ནའང་མང་གསལ་འགྱུར། །ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པའོ། །གཅིག་ཉིད་དུ་འཐད་པ་ནིའོ། །དེ་ལས་ཞེས་བྱ་བ་ནི་འབྱུང་རྔུབ་ལས་སོ། །ཡང་ན་གལ་ཏེ་འབྱུང་རྔུབ་ལས་ངེས་པ་མ་ཡིན་ན་འོ་ན་གང་ལས་ངེས་པ་ཡིན་སྙམ་ན། དེ་ལས་
ངེས་པ་ཡིན་ཞེས་ཡང་བཟླ་བར་བྱའོ། །སྔ་མ་སྔ་མའི་འདུ་བྱེད་པ་ལས་སེམས་ཕྱི་མ་ཕྱི་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྔ་མ་དང་ཕྱི་མར་རང་བཞིན་གཅིག་པའི་བློ་ཉིད་ཀྱིས་དོན་དུ་མ་འཛིན་པ་ཡིན་ན། དེའི་ཚེ་གཅིག་གིས་དུ་མ་ཤེས་པར་མཁས་པར་གྱུར་པ་ན། དོན་དུ་མ་ཅིག་ཅར་ཉིད་
ཤེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་འགལ་བ་མེད་ཕྱིར་རོ། །རྟག་པའི་རང་བཞིན་དོན་ཅིག་ཅར་འཛིན་པ་ལ་འགལ་བ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དོན་ཅིག་ཅར་འཛིན་པར་ནུས་པ་མ་ཡིན་ནོ་སྙམ་ན། རིམ་གྱིས་ཀྱང་མིན་ཞེས་སྨྲས་སོ། །དབུགས་འབྱུང་བ་ལ་སོགས་པ་ལས་བློ་
གཅིག་ཉིད་དུ་ངེས་པ་མ་ཡིན་པའོ། །དེས་ན་མང་པོ་གསལ་བར་ཐལ་བ་ཇི་ལྟར་སྤང་བར་བྱ་སྙམ་དུ་དགོངས་པའོ། །འོ་ན་ཞེས་བྱ་བ་ནི་གཞན་སངས་རྒྱས་པ་ལ་འདྲི་བའོ། །གལ་ཏེ་རིམ་གྱིས་དོན་མཛད་པའི་བློ་དུ་མར་གྱུར་པ་དེ་ནི་དེའི་ཚེ་དེ་དག་ཅིག་ཅར་འབྱུང་བར་བརྗོད་པ་མཛེས་པ་ཞིག་ན།
འོན་ཀྱང་དེ་ནི་གཅིག་ཁོ་ན་ཡིན་ནོ་ཞེས་དགོངས་པར་བྱེད་པ་ནི། འོན་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་གཅིག་ཉིད་དོན་དུ་མར་རིམ་གྱིས་འཛིན་པའི་རང་བཞིན་ཡིན་པའི་གཏན་ཚིགས་དེས་ནའོ། །འདི་ལ་རེ་ཞིག་རང་ཉིད་ལན་འདེབས་པ་ནི་དེ་ཡང་ཞེས་བརྗོད་པའོ། །བདེ་བ་ལ་སོགས་པའི་
เล่ม ๑๘๔ · หน้า 141b
རྣམ་པ་ལས་མ་གཏོགས་པར་ཡིད་དམིགས་པ་མེད་པའི་ཕྱིར་དེ་དོན་དུ་མ་འཛིན་པ་ཉིད་དུ་ཇི་ལྟར་བརྗོད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་གཟུགས་ལ་སོགས་པའི་རྣམ་པ་ནི་དོན་ཉིད་ཀྱི་ཡིན་གྱི་ཤེས་པའི་བདག་ཉིད་ནི་མ་ཡིན་ནོ། །དེ་ལ་སྣང་བ་ཡང་གཟུགས་བརྙན་ཡིན་ཏེ། རྣམ་པ་མེད་
པ་བློ་ཙམ་གྱི་རང་བཞིན་ནི་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་ནས། གཞན་གྱིས་གལ་ཏེ་ཡིད་ནི་ཞེས་སྨོས་སོ། །གལ་ཏེ་རྣམ་པར་ཤེས་པ་བྱ་བ་མེད་པ་ཉིད་ལ་བརྟེན་ནས། ཞེས་བྱ་བ་ནི་རྣམ་པ་དེའི་བདག་ཉིད་དུ་གྱུར་པ་དང་མ་འབྲེལ་པའི་རྣམ་
པར་ཤེས་པ་ལ་བརྟེན་ནས་སོ། །དོན་གྱི་གཟུགས་བརྙན་ཙམ་སྐྱེ་བ་ཡིན་ན། དེའི་ཚེ་དོན་རྣམས་ལ་ཤེས་པ་དང་ཉེ་བའི་རིམ་པ་ཁྱད་པར་མེད་པའི་ཕྱིར་ཉེ་བའི་དོན་ཐམས་ཅད་ཅིག་ཅར་འཛིན་པར་ཐལ་བར་འགྱུར་རོ། །ཆགས་པ་ལ་སོགས་པའི་གནས་སྐབས་སུ་ནི་འགའ་ཞིག་ཁོ་ན་ལ་ཤེས་
པར་ཡང་མཐོང་བ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གོམས་པའི་ཁྱད་པར་གྱི་རིམ་པས་གང་ལ་ཆགས་པ་དེ་ལ་གཟུགས་བརྙན་སྐྱེ་བའི་ཕྱིར་ཤེས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། དེས་ན་ཅིག་ཅར་དོན་འཛིན་པར་ཐལ་བ་མ་ཡིན་ནོ་སྙམ་ན། ལན་དུ་འོ་ན་དེ་ཉིད་ཅེས་གསུངས་
ཏེ། བསྒོམས་པ་ཉིད་དོ། །དོན་གྱི་རྣམ་པའི་ཞེས་བྱ་བ་གཟུགས་བརྙན་གྱིའོ། །དབུགས་འབྱུང་བ་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ནི་ཡོད་ཀྱང་འགའ་ཞིག་ལ་ཆགས་པ་ན་བྱ་བ་བྱེད་པའི་ཕྱིར་རོ། །དེ་ལ་ནི་ཁོ་བོ་ཅག་ཀྱང་ཤེས་པ་དང་རྣམ་པ་དག་ཐ་མི་དད་པར་སྒྲུབ་པར་བྱེད་པ་དེ་འདྲ་བ་ལ་
འཆོལ་བ་མེད་དོ། །གང་གི་དབང་གིས་ཡུལ་རྟོགས་པར་རྣམ་པར་གཞག་པ། གོམས་པ་སྔ་མ་སྔ་མ་སྔོན་དུ་འགྲོ་བ་ཅན་གྱི་གཟུགས་བརྙན་དེ་གྲུབ་སྟེ། འབྱུང་དང་རྔུབ་པ་རྒྱུ་མ་ཡིན་ན། དེ་ཙམ་གྱིས་རྣམ་པར་ཤེས་པ་ཐོག་མ་མེད་པ་གྲུབ་པ་དང་ཤེས་པ་དང་ཤེས་བྱའི་ཐ་སྙད་ཡོངས་སུ་རྫོགས་
པས་འདིར་གཟུགས་བརྙན་དང་ཐ་མི་དད་པའི་ཤེས་པ་བཙལ་བས་ཅི་ཞིག་བྱ། གཟུགས་བརྙན་གྱི་སྒྲས་བརྗོད་པར་བྱ་བའི་དོན། སྔ་མ་སྔ་མའི་གོམས་པ་ལས་རྒྱུན་འཇུག་པ་དེ་ཉིད་ཁོ་བོ་ཅག་ཤེས་པ་བརྗོད་པ་ཡིན་ཏེ། དེ་ལས་གཞན་པའི་ཤེས་པ་ལ་ཚད་མ་མེད་པའི་ཕྱིར་རོ། །དེ་ལས་ཐ་དད་
เล่ม ๑๘๔ · หน้า 142a
པའི་ཤེས་པ་གྲུབ་པ་ནི་རིགས་པས་ཀྱང་གསལ་བའི་ཕྱིར་རོ། །དེ་བས་ན་གཟུགས་བརྙན་འདི་ནི་ལུས་ཀྱིས་བསྐྱེད་པ་ཡིན་ཡང་གོམས་པ་སྔ་མ་སྔ་མའི་བདག་པོ་ལ་ལྟོས་པ་ཁོ་ནའོ། །ལྟོས་པ་མེད་ན་ནི་ཤེས་པ་ཐ་དད་པར་ཁས་བླངས་ཀྱང་ཉེས་པ་དེ་གནས་
པ་ཁོ་ནའོ་ཞེས་སྟོན་པ་ནི་ཕྱེད་པོ་ཕྱི་མ་འཆད་པ་ནི། མེ་ལོང་བཞིན་དུ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་ཆགས་པའི་ཡུལ་ལས་གཞན་འཛིན་པའི་ནུས་པའོ། །དོན་གཞན་དེ་འཛིན་པར་མི་འགྱུར་རོ། །དེ་ཡན་ཆད་ཀྱིས་ནི་བརྟག་པའི་ཕྱོགས་ལ་དབུགས་འབྱུང་བ་ལ་སོགས་པའི་ཤེས་པའི་
རྒྱུ་ཡིན་པ་བསལ་ནས། སྐད་ཅིག་གི་ཕྱོགས་དགག་པའི་དོན་དུ་གཞན་གྱི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་རྣམ་པ་མེད་པའི་ཤེས་པ་འགའ་ཞིག་ཏུ་མ་ཟད་དེ་དབུགས་འབྱུང་རྔུབ་ལ་ཡང་ངོ་། །སྐད་ཅིག་མང་པོ་ནི་ཡན་ལག་ཅན་སུན་ཕྱུང་བའི་ཕྱིར་རོ། །བརྒྱ་
ལ་དུས་གཅིག་ཏུ་ཉེ་བར་གནས་པ་ཉིད་དུ་འགྱུར་རོ་སྙམ་དུ་དོགས་ན། སྔ་མ་དང་ཕྱི་མར་ཡང་དེ་ལྟ་བུར་གྱུར་པ་ཉིད་དུ་སྟོན་པས་རིམ་པ་ཅན་དུ་སྟོན་པ་ནི། རང་རིགས་མིན་པའི་དུས་ཅན་གྱི། །ཞེས་བྱ་བའོ། །འདི་དག་རང་གི་རིགས་ཀྱི་དུས་ན་ངེས་པར་ཡོད་པ་དེ་བཞིན་དུ་སྔ་མ་དང་ཕྱི་མར་
ཡང་ཡིན་ཏེ། དེ་འདྲ་བའི་ཚོགས་པ་ཡོད་པའི་ཕྱིར་རོ། །དེ་འདྲ་བའི་སེམས་ཉིད་ཀྱི་ཞེས་བྱ་བ་ནི་སྐད་ཅིག་མང་པོ་དུས་གཅིག་པོ་དེར་མ་ངེས་པའིའོ། །དེ་དག་ཅེས་བྱ་བ་ནི་དབུགས་དབྱུང་བ་དག་གོ། །དང་པོ་ནི་སྐྱེ་བ་དང་པོའོ། །དེའི་སྔ་རོལ་ན་རང་གི་རིགས་ཀྱི་དབུགས་འབྱུང་བ་མེད་པའི་
ཕྱིར་རོ། །དེ་ཉིད་བརྗོད་པ་ནི་གང་གི་ཕྱིར་ཞེས་བྱ་བ་བསྣན་ཏེ། དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །ཞེས་བྱ་བ་སྟེ། འཇིག་རྟེན་ཕ་རོལ་མི་འདོད་པའི་ཕྱིར་རོ། །ཡོད་ཀྱང་ཞེས་བྱ་བ་ནི་དེའི་རྒྱུ་དེ་འདྲ་བའོ། །དེ་ནི་མེད་བཞིན་དུ་ལ་སོགས་པ་ཁས་བླངས་པ་ཡིན་ནོ། །དབུགས་དབྱུང་བ་རྣམས་དུ་མ་
ཉིད་དུ་ངེས་སོ། །ཅིའི་ཕྱིར་སྙམ་ན་དབུགས་འབྱུང་ཐ་སྙད་ཡུལ་ཅན་ཕྱིར་ཏེ། ཡུལ་རྒྱ་ཆེར་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་དབུགས་འབྱུང་བ་རྣམས་གཅིག་ཡིན་པའི་ཕྱིར། རྣམ་པར་རྟོག་པ་རྣམས་ཅིག་ཅར་སྐྱེ་བར་འགྱུར་རོ། །འདི་ནི་ཚུ་རོལ་མཛེས་པ་ལ་ལ་འཇིག་རྟེན་ཕ་
เล่ม ๑๘๔ · หน้า 142b
རོལ་གྲུབ་པར་ཐལ་བ་ཡང་བར་དོར་ནས་བརྗོད་པ་ཡིན་ནོ། །རྣམ་པར་འགྲེལ་པ་ནི་དབུགས་སྐད་ཅིག་མ་ཞེས་བྱ་བ་སྟེ། འདིས་རང་གི་གཞུང་ལས་འདས་ཀྱང་གཞན་གྱི་བསྒྲུབ་བྱ་མི་འགྲུབ་པ་ཞེས་སྟོན་པ་ཡིན་ནོ། །རིམ་གྱིས་འབྱུང་བ་ནི་ཞེས་བྱ་བ་ནི་དབུགས་འབྱུང་བ་ཡང་རིམ་གྱིས་འབྱུང་བ་
ཡིན་ནོ་སྙམ་དུ་དགོངས་པའོ། །རྣམ་འགྲེལ་གཉིས་པ་རྣམ་པར་འགྲེལ་པ་ན་ལན་གསུང་བ་ནི། དབུགས་འབྱུང་བ་ལ་སོགས་པ་དེ་ཉིད་ཅེས་བྱ་བའོ། །ཇི་ལྟར་འཇིག་རྟེན་ཕ་རོལ་ཁས་མ་བླངས་ཀྱང་དབུགས་ཉིད་དབུགས་ཀྱི་རྒྱུ་ཡིན་པ་དེ་ལྟར་གཞན་དག་འདོད་པའི་དོགས་པ་བསུ་བ་ནི་ཕ་
མའི་དབུགས་ཉིད་ཅེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་ལྟ་བུའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་ཕ་མ་དག་གི་དབུགས་ཞན་པ་དང་དྲག་པ་ལ་སོགས་པའི་རང་བཞིན་ཅི་འདྲ་བའོ། །གཞན་ཡང་དེ་ལྟ་ན་ཕ་མ་ཉིད་ཀྱི་སེམས་འཕོས་པས་ཅི་སྟེ་མི་བརྗོད། དེ་ལ་ཡང་
སྔར་བརྗོད་ཟིན་ཏོ། །དེའི་ཕྱིར་དང་པོ་དབུགས་འབྱུང་བ་མི་རུང་ངོ་། །དབུགས་འབྱུང་ཐ་དད་ཡུལ་ཅན་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་ཁས་བླངས་ནས་ཞེས་བྱ་བའོ། །དབུགས་དང་པོ་འབྱུང་བར་ཁས་བླངས་ནས་བརྗོད་པའོ། །ཅི་བརྗོད་པ་དེ་གང་ཞེ་ན། བཤད་པ་
དབུགས་རྣམས་ནི་དུ་མ་ཉིད་དེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཡུལ་ཞེས་བྱ་བའོ། །འདི་ཉིད་གསལ་འདེབས་པ་ནི་ཡུལ་དུ་མ་ཞེས་བྱ་བའོ། །དེ་ལྟར་གྱུར་ན་ཉེས་པ་ཅི་ཡོད་སྙམ་ན། དབུགས་དུ་མ་ཞེས་བྱ་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་དུ་མ་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་
རོ། །སྐད་ཅིག་མའི་ཕྱོགས་ལ་ལྟོས་ནས་ཀྱང་། ཀྱང་གི་སྒྲས་བསྡུས་པའི་གནོད་པར་བྱེད་པ་གཞན་བརྗོད་པ་ནི་རིགས་མཐུན་པའི་ཡིད་ནི་ཞེས་བྱ་བའོ། །དབུགས་ལ་སོགས་པ་སྐད་ཅིག་གཅིག་ལ་ཅི་འདྲ་བར་གྱུར་པ་དེ་འདྲ་བ་ནི་སྐད་ཅིག་གཞན་དུ་ཡང་ཡིན་ཏེ། དེས་ན་ཡིད་ཀྱི་རྣམ་
པར་ཤེས་པ་ཅི་འདྲ་བ་ཞིག་གཅིག་གི་ཚེ་སྐྱེས་པས་དེ་འདྲ་བ་ཉིད་གཞན་གྱི་ཚེ་ཡང་འགྱུར་གྱི་དེ་འདྲ་བ་མ་ཡིན་པར་མི་འགྱུར་ཏེ། རྒྱུ་རྣམས་མཚུངས་པའི་ཕྱིར་རོ། །འོན་ཏེ་སྐད་ཅིག་ཐ་དད་པ་ཉིད་ལས་རིགས་མི་མཐུན་པ་སྐྱེ་བར་འགྱུར་བ་ཡིན་ནོ་སྙམ་ན། སྐད་ཅིག་ཐ་དད་པ་ཉིད་ཀྱིས་
เล่ม ๑๘๔ · หน้า 143a
ཞེས་སྨོས་སོ། །འོ་ན་ཅིས་འགྱུར་སྙམ་ན། ཇི་ལྟར་རིགས་མཐུན་པའི་ཞེས་གསུངས་སོ། །དུ་མ་ཞེས་བྱ་བ་ནི་རིམ་གྱིས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་དག་ཡིད་ཀྱི་རྣམ་པར་ཤེས་པ་དུ་མ་ཅིག་ཅར་སྐྱེ་བར་ཐལ་བ་ཡོད་པའོ། །ཞིང་དང་ས་
བོན་དང་ཆུ་ལ་སོགས་པ་བཞིན་ནོ་སྙམ་དུ་ཡིད་ལ་གཞག་པའོ། །འོན་ཏེ་གཞན་དུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་སྲིད་པས་སོ། །དེ་ལ་ཕྱོགས་དང་པོ་སེལ་བས་ནི། ཚོགས་པའི་རང་བཞིན་གྱིས་ཞེས་བྱ་བའོ། །ཚོགས་པ་མ་ཚང་བ་ནི་མ་ཚོགས་པའོ། །གཞན་དུ་ཡིན་ཞེས་བྱ་བའི་
ཕྱོགས་ལ་བརྟེན་ནས་བཤད་པ་ནི་འོན་ཏེ་ཇི་ལྟར་ཞེས་བྱ་བའོ། །འདི་ནི་ཇི་ལྟར་ཡོད་རྒྱུ་ཡིན། །ཞེས་བྱ་བའི་འགྲེལ་པའོ། །ཉེ་བར་གནས་པ་རྒྱུ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་འབྲས་བུ་དེ་འདྲ་བ་ཉིད་ཀྱི་ཞེས་བྱ་བ་བསམས་པའོ། །འོན་ཀྱང་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བརྗོད་པར་
བྱའོ། །དེ་ལྟར་ནི་བརྗོད་པར་འཐད་པ་མ་ཡིན་ཏེ། ཆོད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །ལྡོག་པའི་རྗེས་སུ་མི་བྱེད་ཀྱང་རྒྱུ་མ་ཡིན་པར་ཇི་ལྟར་འགྱུར་སྙམ་ན། རྒྱུ་དང་འབྲས་བུ་ཉིད་ནི་ཞེས་བྱ་བའོ། །དེས་ན་ཉེ་བར་གནས་པ་མ་ཡིན་པ་ནི་རྒྱུ་མ་ཡིན་ནོ་སྙམ་
དུ་དགོངས་པའོ། །དེ་བས་ན་མེའི་བུད་ཤིང་བཞིན་དུ་ཚང་བ་དང་མ་ཚང་བའི་རྒྱུ་དག་ནི་དེ་འདྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ཡོད་ན་ཡོད་པ་ཉིད་ཅེས་བྱ་བའི་དགོས་པའི་དོན་ནི་འདི་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་གནས་པའི་རྒྱུ་མཚན་ནི་
དེ་ཡོད་ན་ཡོད་པ་ཉིད་ཡིན་ཏེ་འདིར་དེའི་ཁྱད་པར་སྐྱེད་པ་ལས་ལྟོས་པ་ལ་ཅི་བྱ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཡོད་ན་ཡོད་པ་ཉིད་རྒྱུ་མཚན་ཞེས་བྱ་བ་རྗེས་སུ་འཇུག་པའོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ཡོད་པ་ཉིད་ནི་ཞེས་བྱ་བའོ། །ཁྱབ་པར་ཞེས་བྱ་བ་ནི་ལྷག་མའོ། །
དེ་འགྱུར་ན་འགྱུར་བ་ཉིད་མེད་པར་དེ་ཡོད་ན་ཡོད་པ་ཉིད་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་སྟོན་པ་ནི་དེ་ཡོད་ན་ནི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་འགྱུར་རྒྱུ་མེད་པ་ཅན་ཡིན་ནའོ། །ཐམས་ཅད་རྒྱུ་མེད་པར་འགྱུར་ཞེས་བྱ་བ་ནི་དེ་ཡོད་ན་ཡོད་པ་ཉིད་ཀྱང་མེད་པར་འགྱུར་རོ་ཞེས་བྱ་
เล่ม ๑๘๔ · หน้า 143b
བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ཙམ་ཉིད་ལས་ཞེས་བྱ་བ་ནི་ཁྱད་པར་དང་བྲལ་བའི་རྒྱུ་ཙམ་འབའ་ཞིག་ལས་སོ། །ལན་ནི་དང་པོ་ཉིད་ཅེས་བྱ་བའོ། །གང་གི་ཚེ་མེ་དང་བུད་ཤིང་སྟོབས་དང་ལྡན་པ་མ་ཡིན་པ་དེའི་ཚེ་ཡང་དུ་བ་དྲག་པོ་ཉིད་དུ་འགྱུར་རམ་ཅི་ཞེས་བྱ་
བའི་དོན་ཏོ། །དེའི་ཕྱིར་དེའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཁོ་ན་དེ་ཡོད་ན་ཡོད་པ་ཉིད་ཡིན་ནོ། །དེ་བས་ན་དེའི་རྗེས་སུ་བྱེད་པས་ཁྱབ་པའི་ཕྱིར། དེ་ཡོད་ན་ཡོད་པ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་གནས་པའི་རྒྱུ་མཚན་དུ་ཇི་ལྟར་རྟོགས། འདིས་ནི་ཞེས་བྱ་བས་ནི་རྒྱུ་ཁྱད་
པར་མེད་པས་འབྲས་བུ་ཁྱད་པར་མེད་པར་བསྟན་པས་སོ། །ཡོངས་སུ་འགྱུར་བའི་ཁྱད་པར་ལ་ལྟོས་པའི་ཞེས་བྱ་བ་ནི་ཁྱད་པར་གཞན་དང་གཞན་དག་དང་ལྡན་པ་སྟེ། དེ་ལྟ་བུའི་ལུས་ལས་རྣམ་པར་ཤེས་པ་གཞན་དང་གཞན་སྐྱེ་བ་ཡིན་ལ་ཁྱད་པར་ཐམས་ཅད་མེད་ན་འཆི་བའི་གནས་
སྐབས་ན་མི་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ཁྱད་མེད་པའི་ཕྱིར་ན་ཡོངས་སུ་གྱུར་པ་འདིའི་ཡང་ཁྱད་པར་གང་ལས་འབྱུང་བ་ཡིན་ཏེ། རིམ་པ་དང་ལྡན་པའི་ལུས་རྣམས་ནི་འབྱུང་བ་ཆེན་པོ་བཞི་ཙམ་གྱི་རང་བཞིན་ཉིད་ཀྱིས་ཁྱད་པར་འགའ་ཡང་མེད་པའི་ཕྱིར་ཡོངས་སུ་འགྱུར་བ་
ཁྱད་པར་ཅན་དུ་མི་འགྱུར་ལ། དེ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཁྱད་པར་མེད་པར་འགྱུར་རོ། །དེ་མེད་པར་ཡང་འབྱུང་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེས་ན་སྔ་མ་སྔ་མའི་འདུ་བྱེད་པའི་དབང་གིས་སྐྱེས་པ་ལ་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་ཁྱད་པར་མེད་ཀྱང་ཡོངས་སུ་
གྱུར་པ་ཁྱད་པར་ཡོད་པར་སྟོན་པ་ནི་གལ་ཏེ་འོ་མ་ཞེས་བྱ་བའོ། །སྣོད་གཉིས་ན་གནས་པའི་འོ་མ་ལ། གཅིག་ལ་ནི་ཞོ་སྐ་བ་དང་གཞན་ལ་ནི་སླ་བར་མཐོང་ངོ་། །སྐ་བ་དང་ཅིག་ཤོས་ཀྱི་ཁྱད་པར་གང་ལས་ཡིན་སྙམ་ན། དུས་ཀྱི་མཐར་ཐུག་པ་ཙམ་ལས་ཞེས་བྱ་བའོ། །གྲང་བ་དང་
དྲོ་བ་ལ་སོགས་པ་རྟེན་གཞན་གྱི་ལྷན་ཅིག་བྱེ་བ་ཙམ་ལས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ལུས་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ཡོངས་སུ་གྱུར་པ་ཁྱད་པར་མེད་པ་ཅན་ཡིན་ཡང་འགྱུར་བ་ཡིན་ནོ། །ཞོ་ལ་སོགས་ཀྱི་རྣམ་འགྱུར་ནི། །ཞེས་བྱ་བ་ནི་འོ་མ་ལ་སོགས་པའི་རྣམ་པར་འགྱུར་བའོ། །མི་
เล่ม ๑๘๔ · หน้า 144a
མཚུངས་པ་གང་ཡིན་པ་དེ་ནི་འོ་མ་མཚུངས་པ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་རྣམ་འགྱུར་ནི། ཁྱད་པར་ཅན་དུ་གྱུར་པ་ཉིད་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཉིད་དུ་མཚུངས་པའི་ལུས་རྣམས་ལ། འགའ་ཞིག་ཏུ་ཡོངས་སུ་གྱུར་
པ་འགའ་ཞིག་སེམས་ཀྱི་ཁྱད་པར་གྱི་རྒྱུ་ཡིན་ནོ། །དས་ན་ལུས་ནི་མཚུངས་པ་དང་མི་མཚུངས་པ་དག་ལ་རྗེས་སུ་མཐུན་པ་གོམས་པའི་བག་ཆགས་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་ནི་ཤེས་པ་དག་ཐ་དད་པའམ་ཐ་མི་དད་པའི་རྒྱུ་ཡིན་ནོ། །ལུས་མཚུངས་པ་དང་མི་
མཚུངས་པ་དག་ཡོད་ཀྱང་། རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པའི་ཤེས་པ་རྣམས་ལ་ཐ་དད་པ་དང་ཐ་མི་དད་པ་མེད་པའི་ཕྱིར་རོ། །ཞར་ལ་བྱུང་བ་རྫོགས་པར་བྱས་ནས་གཉུག་མ་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ཚོགས་པ་རྒྱུ་ཉིད་ཡིན་ན་ཞེས་བྱ་བ་ནི་ཐམས་ཅད་རྒྱུ་
ཉིད་ཡིན་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སོ་སོར་སྐྱེད་པར་ནུས་པའི་ཕྱོགས་ལའོ། །དུ་མ་ཉིད་དོ་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་པ་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་གང་བརྗོད་པའོ། །དེ་ལྟར་མི་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའོ། །དེས་ན་དབུགས་འབྱུང་བ་ལ་
སོགས་པ་ནི་སེམས་ཀྱི་རྒྱུ་མ་ཡིན་ནོ་ཞེས་ཚད་མའི་འབྲས་བུ་འཕངས་པ་ཡིན་ནོ། །གང་གི་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ལ་དུ་མ་ཅིའི་ཕྱིར་མི་སྐྱེ་ཞེས་བྱ་བ་དེ་ནི་རེ་ཞིག་མི་རིགས་ཏེ། རྣམ་པར་རྟོག་པ་མེད་པ་འབའ་ཞིག་པ་རྣམས་སམ། རྣམ་པར་རྟོག་པ་གཅིག་དང་ལྡན་པ་རྣམས་ནི་ལྷན་
ཅིག་སྐྱེད་པར་འདོད་པའི་ཕྱིར་རོ། །འོན་ཀྱང་ཇི་ལྟར་ལུས་ལས་ཡིན་པ་ལ་ཐལ་བར་འགྱུར་བ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དུ་མ་ཉིད་སྐྱེ་བར་ཇི་སྟེ་མི་འགྱུར་ཞེས་བརྗོད་པར་འདོད་པ་ཡིན་ནོ། །དེ་ལ་བརྗོད་པ་ནི་རྣམ་ཤེས་ནུས་པ་ངེས་པའི་ཕྱིར་རོ་ཞེས་བྱ་བའོ། །དོན་གཞན་ལ་ཆགས་
པས་སམ། དོན་གཞན་ལ་འཛིན་པའི་ཕྱིར་ཞེས་ཕྱོགས་གཞན་དུ་བལྟ་བར་བྱའོ། །བཤད་པ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རང་བཞིན་གྱི་རྣམ་པར་ཤེས་པ་གཅིག་ཅིག་གི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བའོ། །འདི་ལ་གཏན་ཚིགས་ཅི་ཡོད་སྙམ་ན། ནུས་པ་ངེས་པ་
เล่ม ๑๘๔ · หน้า 144b
ནི་རྗེས་སུ་མཐུན་པའི་འདུ་བྱེད་ཀྱི་བག་ཆགས་ཏེ། གཏན་ཚིགས་ཡིན་ནོ་ཞེས་འབྲེལ་པར་བྱའོ། །གཉིས་པ་བརྗོད་པ་ནི་ཆགས་པའི་ཁྱད་པར་ཏེ་ཞེས་བྱ་བའོ། །གཏན་ཚིགས་སོ་ཞེས་འབྲེལ་ཏོ། །དང་པོ་རྣམ་པར་འགྲེལ་པ་ནི་བག་ཆགས་བརྟན་པའི་ཞེས་བྱ་བའོ། །མཚུངས་པ་
དེ་མ་ཐག་པའི་རྐྱེན་གྱི་ཞེས་བྱ་བ་ནི་ཇི་ལྟར་གྲགས་པའིའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཡིད་དོ། །འབའ་ཞིག་གམ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པའི་དེ་མ་ཐག་པ་ལ་མ་ལྟོས་པར་རོ། །ཆགས་པའི་ཁྱད་པར་ཏེ་ཞེས་བྱ་བ་འཆད་པ་ནི། ཡང་མཚུངས་པ་དེ་མ་ཐག་པའི་ཞེས་བྱ་བའོ། །
རྗེས་སུ་མཐུན་པའི་ཆགས་པས་ཡུལ་གཅིག་ལ་ངེས་པའོ། །དེ་ལ་ཕྱོགས་དང་པོ་ནི་གསལ་བའི་ཕྱིར་དེ་མ་ཐག་པ་གཉིས་ལ་ཉམས་སུ་མྱོང་བ་གསལ་བར་བསྟན་པའི་དོན་དུ་འགའ་ཞིག་གམ་ཞེས་བྱ་བའི་དབང་དུ་བྱས་ནས་འདི་ལྟར་ཞེས་གསུངས་སོ། །ཆགས་པའི་ཕྱོགས་ལ་བརྟེན་ན་
བཤད་པ་ནི་རྣམ་པར་ཤེས་པ་འགའ་ཞིག་ནི་ཞེས་བྱ་བའོ། །ཉེ་བ་ཉིད་ནི་ཆགས་པ་ཉིད་དོ། །རྣམ་པར་རྟོག་པ་གཞན་ནི་སྐྱེ་བར་མཐོང་བ་མ་ཡིན་ནོ། །དེ་སྐྱེ་བས་བར་དུ་བཅད་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པའི་བག་ཆགས་ནི་རྣམ་པར་རྟོག་པ་
སྐྱེད་པར་ནུས་པ་གང་ཡིན་པ་སྟེ། རྣམ་པར་རྟོག་པ་སྐྱེ་བ་གང་དག་ལ། དེ་བར་དུ་བཅད་པ་ཞེས་བྱ་བ་ནུས་པ་མེད་པར་བྱས་པ་ཡོད་པ་དེ་དག་ནི་སྐྱེ་བར་མ་མཐོང་ངོ་ཞེས་འབྲེལ་ཏོ། །ཡང་བག་ཆགས་གང་གིས་བར་དུ་བཅད་སྙམ་ན། གཞན་གྱིས་ཞེས་སྨོས་ཏེ་རྣམ་པར་རྟོག་པ་ཞེས་
བྱ་བ་སྐབས་ཡིན་ནོ། །དོན་གང་ཞིག་གཞན་ལ་མི་འབྱུང་བའི་དོན་གྱིས་ཆགས་པའི་ཡུལ་ཡིན་པའི་ཡུལ་དེ་ཤེས་བྱ་ཉིད་ཀྱིས་གང་ལ་ཡོད་པའོ། །དེ་ལྟར་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་སྐྱེ་བར་ཁས་བླང་བ་ན་རྣམ་པར་རྟོག་པ་གཅིག་སྐྱེ་བའི་ཚོགས་པ་ཡོད་པ་ཡིན་གྱི།
ལུས་ཀྱིས་རྡུལ་ཕྲ་རབ་རྣམས་སྐྱེད་པ་ཡིན་ན་ནི་མ་ཡིན་ཏེ། ལྟོས་པར་བྱ་བ་གོམས་པ་ལ་སོགས་པ་ལ་ལོག་པ་མེད་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ། །མ་ཆགས་པའི་དུས་ན་རྣམ་པར་རྟོག་པ་མེད་པ་བཞིན་དུ་ཉེ་བའི་དོན་རྣམས་ལ་དུས་གཅིག་ཏུ་རྣམ་པར་རྟོག་པ་དུ་མ་ཉིད་ཅི་སྟེ་
เล่ม ๑๘๔ · หน้า 145a
མི་སྐྱེ་ཞེ་ན། འདི་ལ་ཡང་ནུས་པ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ལན་ཡིན་ནོ། །འབད་པ་དང་ལྡན་པ་ལ་ཡང་ཅིག་ཅར་རྣམ་པར་རྟོག་པ་གཉིས་མི་སྐྱེ་བའི་ཕྱིར་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པར་རྟོག་པ་གཅིག་སྐྱེད་པ་ལ་ནུས་པ་ངེས་པ་ཉིད་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ལུས་ཀྱིས་རྡུལ་ཕྲ་རབ་གྲངས་མེད་པ་རྣམས་སོ་སོར་ནུས་པ་ཡིན་ན་ནི་རྣམ་པར་རྟོག་པ་དཔག་ཏུ་མེད་པ་སྐྱེ་བར་ཐལ་བ་ཉིད་དོ། །དེ་བས་ན་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །གཅིག་གམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའོ། །དུ་མ་ཞེས་བྱ་བ་ནི་རྣམ་པར་
རྟོག་པ་མེད་པའོ། །ལུས་ཙམ་ལས་སྐྱེ་ན་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྣམ་པར་ཤེས་པ་དེ་ཉིད་ལས་ཞེས་བྱ་བ་ནི་གཅིག་གམ་དུ་མ་སྐྱེས་པ་གང་ཡིན་པ་དེ་ཉིད་ལས་སོ། །ཁྱེད་ཀྱི་ཕྱོགས་བཞིན་དུ་ཕྱིས་བློ་གཅིག་གམ་དུ་མ་སྐྱེ་མོད།
དང་པོ་ནི་ལུས་ལས་སྐྱེ་བར་འགྱུར་རོ་ཞེས་བསམས་པའོ། །རེ་ཞིག་གཅིག་ལས་སྐྱེ་བ་ན་ངེས་པ་འདི་འཐད་ཀྱི་ལུས་དུ་མ་ལས་སྐྱེ་བ་ལ་གོ་ཇི་ལྟར་ཞེ་ན་དཔེར་ན་ཞེས་སྨོས་སོ། །དེ་བཞིན་དུ་འདིར་ཡང་རྒྱུ་འགའ་ཞིག་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆགས་པའི་ཁྱད་པར་དེ་
ཉིད་ལས་ཞེས་བྱ་བ་ནི་འདི་ཉིད་དུ་འབྲེལ་པར་བྱའོ། །གྲུབ་པའི་མཐར་ནི་དང་པོ་སྐྱེས་པའི་རྣམ་པ་ཤེས་པ་ལས་རྒྱུན་འཇུག་པ་ལ་རྣམ་པར་རྟོག་པ་འདིར་འགྱུར་མོད། ལུས་ལ་ནི་དེ་བཞིན་དུ་སྐྱེད་པར་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རྒྱུན་གཞན་དང་གཞན་ཡང་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་
པ་ཡིན་ནོ། །དེ་སྲིད་ཉིད་དུ་ཞེས་བྱ་བ་ནི་གཅིག་གི་ཚེ་ལུས་ལས་ཤེས་པའི་ཚོགས་ཚད་ཇི་ཙམ་སྐྱེས་པའི་ནུས་པ་ངེས་པར་བསྟན་པ་ཡང་མ་ཡིན་ནམ་སྙམ་པའི་དོགས་པ་བསུ་ནས་ཡང་གསལ་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་དེ་སྲིད་ཁོ་ན་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལུས་ཀྱི་ནུས་
པ་ནུས་པ་ཞེས་སྨོས་སོ། །གལ་ཏེ་ཁྱེད་ཀྱི་ལུགས་བཞིན་གཞན་དང་གཞན་ཡང་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་སྲིད་དུ་ཞེས་བྱ་བ་ནི་གཅིག་གི་ཚེ་ལུས་ལས་ཤེས་པའི་ཚོགས་ཚད་ཇི་ཙམ་སྐྱེས་ཤེས་པའི་ནུས་པ་ངེས་པར་བསྟན་པ་ཡང་མ་ཡིན་ནམ་སྙམ་པའི་དོགས་པ་བསུ་
เล่ม ๑๘๔ · หน้า 145b
ནས། ཡང་གསལ་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །དོན་འདི་ཞེས་བྱ་བ་ནི་རེ་ཞིག་ལུས་ལས་ཤེས་པའི་ཚོགས་སྐྱེ་ལ། དེས་ཀྱང་དེའི་ནུས་པ་ཉམས་པའི་ཕྱིར་ཡང་ཤེས་པའི་ཚོགས་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །འོ་ན་གང་ཚད་མའི་
སྤྱོད་ཡུལ་ཡིན་སྙམ་པ་ལ། རྣམ་པར་ཤེས་པ་ཉིད་ལས་ཞེས་བྱ་བའོ། །གོམས་པའི་རང་བཞིན་ལས་སོ། །རྣམ་ཤེས་ནི་ཞེས་བྱ་བ་ནི་ཆགས་པའི་རང་བཞིན་ནོ། །གང་གིས་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་ཡིན་པས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལུས་ལས་རྣམ་
ཤེས་ཞེས་བྱ་བ་ནི་ལན་ནོ། །རྒྱུ་མཚན་མེད་པར་དོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་གཞན་གྱི་ལུགས་ལ་དེ་ལྟར་འགྱུར་མོད། སངས་རྒྱས་པའི་ལུགས་ལ་ནི་རྣམ་པར་རྟོག་པས་བྲིས་པ་ལས་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པ་མེད་པ་ཉིད་ཀྱིས་དོགས་པའི་སྐབས་བྱེད་པ་
མ་ཡིན་ནམ་དེས་ན་ཇི་ལྟར་རྒྱུ་མཚན་མེད་པ་ཡིན་སྙམ་ན་དེ་ནི་མི་འཐད་དོ། །རྣམ་པ་གཉིས་ཀ་མ་གྲུབ་པའི་ཕྱིར་རོ། །གནོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྟོན་པ་ན། རྣམ་ཤེས་ཉིད་ལས་རྣམ་ཤེས་ནི་སྐྱེ་བར་ཞེས་བྱ་བའི་ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི། ཆགས་པ་ཕྱོགས་སུ་
ལྷུང་བར་བྱས། །ཞེས་བྱ་བའོ། །དེ་སྐྱེ་བ་ནི་ཕྱོགས་སུ་ལྷུང་བ་སྐྱེ་བའོ། །དེ་བས་ན་རྣམ་པར་ཤེས་པའི་ངེས་བྱེད་ཉིད་ནི་བརྒྱུད་ནས་གོམས་པ་ཉིད་ལས་སྐྱེས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །ཇི་ལྟར་མི་རིགས་སྙམ་ན་ཆགས་པའི་རང་བཞིན་མ་ཡིན་པའི་ཞེས་
གསུངས་སོ། །ཚུ་རོལ་མཛེས་པ་པའི་ལ་ཡང་དེ་ལྟར་འགྱུར་རོ་སྙམ་ན། གང་ལ་འཇིག་རྟེན་གཞན་མེད་པ་ཞེས་བྱ་བའོ། །དབང་པོའི་རྣམ་པར་ཤེས་པ་དུ་མ་ཡོད་ཀྱང་རྣམ་པར་ཤེས་པ་གཅིག་འབྱུང་བ་གང་ཡིན་པ་དེ་ནི་གོམས་པ་ཁོ་ན་ལས་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །དེས་ན་ཞེས་བྱ་
བ་ནི་རྣམ་པར་ཤེས་པ་གཞན་སྐྱེ་བ་མ་བཟློགས་པས་སོ། །དང་པོ་སྐྱེས་པའི་རྣམ་པར་ཤེས་པའི་རྒྱུན་མ་གཏོགས་པ་ནུས་པའི་ལུས་ལས་ཡང་དེ་ལྟར་སྐྱེས་པ་ན་ཚོགས་སུ་འགྱུར་རོ་ཞེས་བྱ་བའི་གནས་སྐབས་ཀྱི་མཐར་ཐུག་པའོ། །དེ་ནི་མཐོང་བ་མེད་པའི་ཅེས་བྱ་བ་ནི་བཟློག་པའོ། །
เล่ม ๑๘๔ · หน้า 146a
གཅིག་གི་ཚེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གཅིག་ཉིད་མཐོང་བའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ཕྱི་མར་གྱུར་པ་ཞེས་བྱ་བ་ནི་ནུར་ནུར་པོ་ལས་སོ། །དང་པོ་ནུར་ནུར་པོའི་གནས་སྐབས་ཉིད་སེམས་ཀྱི་སྐྱེད་བྱེད་ཡིན་ནོ། །ཁོ་ནའི་སྒྲ་ནི་
འབའ་ཞིག་ཅེས་བྱ་བ་འདི་ནི་འོག་ཏུ་བལྟ་བར་བྱའོ། །མེད་པ་འབའ་ཞིག་ཁོ་ནའོ། །ཇི་ལྟར་སྙམ་ན་ཕན་གདགས་པར་བྱ་བ་དང་ཞེས་བྱ་བ་གསུངས་སོ། །འགའ་ཞིག་ལས་སྐད་ཅིག་དང་པོ་སྐྱེད་པ་ཡིན་མོད། སེམས་ཀྱི་རྒྱུན་ནི་ལུས་ལ་བརྟེན་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །
འོན་ཏེ་ཞེས་བྱ་བ་ལ་ལུས་ལྷན་ཅིག་བྱེད་པ་ཅན་གྱི་རྣམ་པར་ཤེས་པས་ཞེས་བྱ་བ་ནི་བྱེད་པ་པོའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ལས་སོ། །འདིར་ནི་མི་མཐོང་བར་རྟོག་པ་མེད་ཅེས་བྱ་བ་ནི་ལུས་ནི་ཉེ་བར་ལེན་པ་ཉིད་དུ་སྔར་མངོན་སུམ་གྱི་ངེས་པ་མེད་ལ་ཉེ་བར་ལེན་པ་ངེས་པ་སྔོན་དུ་འགྲོ་
བ་ཅན་གྱི་ལྷན་ཅིག་བྱེད་པ་ཉིད་དུ་ཡང་མ་ཡིན་ནོ། །རིགས་མཐུན་པ་ཉིད་ཀྱིས་ནི་ཤེས་པའི་ཉེ་བར་ལེན་པ་ནི་ཤེས་པ་ཉིད་ཡིན་པར་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་ལང་གི་ལྕི་བ་ལས་ཀྱང་ཨུཏྤ་ལ་སྐྱེ་ལ། ཨུཏྤ་ལ་ཉིད་ལས་ཀྱང་སྐྱེ་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་མི་འཐད་
དོ་ཞེས་བརྗོད་པ་དེ་ནི་བ་ལང་གི་ལྕི་བ་དང་ཞེས་བྱ་བའོ། །དེ་ལྟ་ཡང་འོ་ན། སྐྱེ་བ་དང་པོའི་ཤེས་པ་དང་། བར་གྱི་གནས་སྐབས་ཀྱི་རྣམ་པར་ཤེས་པ་དག་ཤིན་དུ་ཁྱད་པར་ཆེ་བའི་ཕྱིར་ཇི་ལྟར་སྐྱེ་བ་དང་པོའི་རྣམ་པར་ཤེས་པ་རྣམ་པར་ཤེས་པ་གཞན་གྱི་སྒྲུབ་བྱེད་དུ་འགྱུར་སྙམ་དུ་དོགས་
པ་བསུ་ནས་གསལ་བ་ལ་སོགས་ཞེས་གསུངས་སོ། །ལ་ལར་ཞེས་བྱ་བ་ནི་བར་གྱི་གནས་སྐབས་ནའོ། །དང་པོར་ཞེས་བྱ་བ་ནི་སྐྱེ་བ་དང་པོར་རོ། །ལུས་ལས་ཞེས་བྱ་བ་ནི་ཉེ་བར་ལེན་པར་གྱུར་པ་ལས་སོ། །དེའི་རྒྱུ་ནི་ལུས་ཀྱི་རྒྱུ་སྟེ་མེར་མེར་པོ་ལ་སོགས་པའོ། །དེའི་འཇུག་པ་ནི་
རང་གི་འབྲས་བུའི་ལུས་སྐྱེད་པ་ལས་སྔོན་དུ་ཕྱོགས་པའོ། །དེ་ཐོབ་པའི་ཕྱིར་ཡན་ལག་ཏུ་འགྱུར་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཉིད་དུ་འགྱུར་བའོ། །ལྡོག་པ་བརྗོད་ནས་རྗེས་སུ་འགྲོ་བ་བཤད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །མིག་ལ་སོགས་པའི་དབང་པོ་ལྔ་ནི་སྐྱེ་མཆེད་ལྔ་ཡིན་ནོ། །ཚེ་
เล่ม ๑๘๔ · หน้า 146b
འདི་ཉིད་ནི་སྐྱེ་བ་འདི་ལ་ཡོད་པའོ། །སེམས་ཀྱི་རྒྱུན་གནས་པའི་རྒྱུ་ནི་ལྷན་ཅིག་བྱེད་པ་ཅན་ཡིན་ནོ་ཞེས་བལྟ་བར་བྱའོ། །བློ་དབེན་པ་ལ་སེམས་ཀྱི་རྒྱུན་གནས་རྒྱུ་ཞེས་བྱ་བ་ལ་སོགས་པ་སྡེབ་སྦྱོར་ཙམ་བྱས་པ་བཤད་པའི་དོན་དུ་འདི་ལྟར་ཞེས་གསུངས་སོ། །སེམས་ཀྱི་རྒྱུན་གནས་པའི་རྒྱུ་
ཞེས་བྱ་བ་ནི་རྣམ་འགྲེལ་བྲིས་པ་ཙམ་དུ་ཟད་དོ། །དེའི་རྒྱུ་འཇུག་ཐོབ་ཕྱིར་ཞེས་བྱ་བ་འཆད་པ་དེ་ནི་དེའི་རྒྱུ་འཇུག་སྟེ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཀྱི་རྒྱུན་གནས་རྒྱུ་ཞེས་བྱ་བ་འཆད་པ་ནི་སྔར་གྱི་སེམས་ལས་ཀྱི་མིང་ཅན་ཞེས་བྱ་བའོ། །གང་གི་ཚེ་དེ་ལུས་གཞན་སྐྱེ་བ་ཡན་ལག་
ཉིད་དུ་འགྱུར་སྙམ་ན། དེའི་ཡན་ལག་ཉིད་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ཁོང་ནས་ཕྱུང་ལ། གལ་ཏེ་དེའི་ཡན་ལག་ཏུ་མི་འགྱུར་ན་ཞེས་བྱ་བར་སྦྱར་རོ། །དེའི་ཚེ་འབའ་ཞིག་ཅེས་བྱ་བ་ནི་དཔེར་ན་གཟུགས་མེད་པའི་ཁམས་སུ་བཞིན་ནོ། །གང་ལ་ལས་ལྷན་ཅིག་བྱེད་པར་འགྱུར་བའི་
རྒྱུ་དེ་གང་ཡིན་སྙམ་ན། ལུས་གཞན་སྐྱེ་བ་ལས་ནི་ཚེ་འདིའི་སྐྱེ་མཆེད་ལྔ་ཡིན་ཏེ་ཞེས་སྨོས་སོ། །འདི་ནི་ལུས་ཀྱི་རྒྱུ་མེར་མེར་པོ་ལ་སོགས་པའི་མིང་ཅན་ཞེས་བརྗོད་ཟིན་ཏོ། །དེ་མ་ཐག་ཏུ་སྐྱེས་པའི་མིག་ལ་སོགས་པའི་སྐྱེ་མཆེད་ལྔ་ལ་སེམས་ཀྱིས་བྱིན་གྱིས་བརླབས་ན་འཆི་བའི་
མཐར་ཐུག་པའི་སྐྱེ་མཆེད་ལྔ་པོ་ལུས་ལ་སྲེད་པ་དང་བཅས་པའི་ལས་ཀྱི་ལྷན་ཅིག་བྱེད་པ་ལས། གནས་སྐབས་གཞན་དང་གཞན་གྱིས་རིམ་གྱིས་སྲིད་པ་བར་མ་དོའི་ལུས་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་འོ་ན་གཟུགས་མེད་པའི་ཁམས་ནས་འཆི་འཕོས་ཕ་ལ་ཇི་ལྟར་ལུས་སྐྱེ་ཞེ་ན།
གཟུགས་མེད་པའི་ཁམས་ནས་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔའོ། །ཇི་ལྟར་ཞེ་ན་འདུ་བྱེད་པ་པོ་ཉིད་ཀྱིས་ཏེ། བག་ཆགས་འཛིན་པར་བྱེད་པ་ཉིད་ཀྱིས་སོ། །འབྱུང་བར་འགྱུར་བའི་སྲིད་པ་ལ་ལྟོས་ནས་སྔར་བྱུང་བ་ནི་འདི་ཉིད་ཀྱི་ཡིན་པར་བརྗོད་
དོ། །དོན་འདི་ཡིན་ཏེ། གལ་ཏེ་གཟུགས་མེད་པའི་ཁམས་ནས་སྲིད་པ་གཞན་དུ་འཕོ་བ་ལ། དེ་མ་ཐག་པའི་སྐྱེ་མཆེད་སྔ་མ་སྔ་མ་མེད་པ་དེ་ལྟ་ན་ཡང་། གཟུགས་མེད་པའི་ཁམས་སུ་འཇུག་པ་ན་ཡོད་པར་གྱུར་པ་གང་ཡིན་པ་དེ་ཉིད་སྲིད་པ་གཞན་གྱི་ལུས་ཀྱི་རྒྱུ་ཡིན་ན་སྟེ། དེས་
เล่ม ๑๘๔ · หน้า 147a
གཞག་པའི་བག་ཆགས་ཀྱིས་སྐྱེད་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེའི་ཞེས་བྱ་བ་ནི་ལས་ཀྱིའོ། །ཡན་ལག་གི་དངོས་པོ་ནི་སྐྱེ་མཆེད་ལྔ་ལ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། ཤི་བའི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །
འདིས་ནི་འབའ་ཞིག་གནས་པ་ག་ལ་ཡིན་ཞེས་བྱ་བ་དེ་ནི་དམིགས་པས་གནོད་པར་བསྟན་ཏོ། །གང་ཡང་འབའ་ཞིག་གནས་པར་འདོད་པ་ཉིད་དོ་ཞེས་བརྗོད་པ་དེ་ཡང་འདིས་གནོད་དོ་ཞེས་སྨྲས་པ་ནི། གཟུགས་མེད་པའི་ཁམས་སུ་ནི་ཞེས་བྱ་བའོ། །དེའི་ཡན་ལག་དངོས་པོ་དང་རྒྱུ་ཉིད་
འགོག་ལ་ཞེས་བྱ་བ་ནི་ལས་དེའི་ཡན་ལག་གི་དངོས་པོ་ནི་ལྷན་ཅིག་བྱེད་པ་ཉིད་དོ། །ནུར་ནུར་པོ་ལ་སོགས་པའི་མིང་ཅན་ལུས་ཀྱི་རྒྱུ་ནི་རྒྱུ་སྟེ། དེ་གཉིས་འགོག་པ་ལའོ། །རབ་ཏུ་བཤད་ཅེས་བྱ་བ་ནི་གལ་ཏེ་འགྲོ་བ་མ་མཐོང་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་སོ། །སྐྱེ་མཆེད་
ལྔ་ཞེས་བྱ་བའི་དྲུག་པ་ནི་སྐྱེ་བ་གཞན་གྱི་ལུས་སྐྱེད་པའི་བྱ་བ་ལ་ལྟོས་པའོ། །ཡན་ལག་གི་དངོས་པོ་ནི་སེམས་ཀྱི་རྒྱུན་གནས་པའི་རྒྱུ་ཞེས་རྟོགས་པར་བྱའོ། །དེ་ལྟ་ན་ཡང་མ་དམིགས་པ་ཙམ་གྱིས་དེ་མེད་པར་ངེས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་མེད་པར་བརྗོད་པའི་ངེས་པའི་རྣམ་
པར་བརྗོད་པ་ནི་སེམས་ཀྱི་རྒྱུན་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཡན་ལག་གི་དངོས་པོར་རོ། །ཚིག་རྐང་ལྔ་པ་བཤད་པའི་ཕྱིར་འོན་ཏེ་ཡང་ཞེས་བྱ་བའོ། །འགལ་བས་ཁྱབ་པའི་དམིགས་པའོ་ཞེས་བྱ་བ་ནི་དང་པོ་ཉིད་ལ་ནི་དགག་པར་བྱ་བ་མཚམས་སྦྱོར་བ་དང་འགལ་བས་ཁྱབ་པའོ། །
གལ་ཏེ་ལྷག་མ་དང་ལྡན་པ་ཡིན་ཡང་འདི་ལས་མངོན་པར་འདོད་པ་འགྲུབ་པར་འགྱུར་རོ་སྙམ་ན། འདི་ཞེས་བྱ་བའོ། །ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་ལས་དོན་ཇི་ལྟ་བ་བཞིན་རྟོགས་པ་ནི་མེད་དོ་ཞེས་བྱ་བ་འདི་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་པ་ཡིན་ནོ། །ཇི་ལྟར་
ལྷག་མ་དང་ལྡན་པ་ཡིན་སྙམ་ན། སྐྱེ་བ་གཞན་གྱི་དབང་པོ་དང་ཞེས་བྱ་བའོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པར་གྲུབ་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དབང་པོ་གཞན་དང་མཚམས་སྦྱོར་བ་ལས་སྒྲུབ་པར་བྱེད་པ་དབང་པོ་ཉིད་ལྡོག་པར་ངེས་པ་མ་ཡིན་པའོ། །འོན་ཏེ་ཚེ་
เล่ม ๑๘๔ · หน้า 147b
འདི་པའི་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་མཆེད་ལྔས་སྐྱེ་མཆེད་གཞན་གྱི་རང་བཞིན་གྱི་ལུས་བསྐྱེད་པར་ཟད་ཀྱི། སྐྱེ་བ་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་ཞེས་བྱ་བ་ནི་བསྒྲུབ་པའི་ཆོས་ཅན་འཆི་བའི་གནས་སྐབས་ལ་ཡང་ངོ་། །དེ་དང་མཚམས་སྦྱོར་བ་ཉིད་དུ་ཞེས་བྱ་བ་
ནི། ཚེ་འདི་པའི་ལུས་ལ་ཡོད་པའི་དབང་པོ་དང་མཚམས་སྦྱོར་བ་ཡིན་གྱི། སྐྱེ་བ་གཞན་གྱི་ལུས་དང་ནི་མཚམས་སྦྱོར་བ་ཡིན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་ལན་ཞེས་བྱ་བ་སྟེ། འདི་པའི་ལུས་ལ་ཡོད་པའི་དབང་པོ་དང་མཚམས་སྦྱོར་བ་ལ་ཡོད་དོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་
སྨོས་ཏེ། རྗེས་སུ་དཔག་པར་བྱ་བ་མཚམས་སྦྱོར་བའི་ལུས་སོ། །དེའི་ཚེ་ཞེས་བྱ་བ་མཚམས་སྦྱོར་བའི་དུས་ནའོ། །དཔེར་ན་ལྟོས་པའི་ཕྱིར་ཚུ་རོལ་དང་པོ་ལ་གཅིག་ཏུ་ངེས་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་པས་ཁྱད་པར་མེད་དོ། །དེར་ཡང་ཞེས་བྱ་བ་ནི་ཁྱད་པར་དང་བཅས་པའི་
གཏན་ཚིགས་ལའོ། །དམིགས་པ་ཙམ་མེད་པར་མི་མཐུན་པའི་ཕྱོགས་ལ་མེད་པར་རྟོགས་པ་མ་ཡིན་ནོ། །ཁུ་ཁྲག་གཞན་གཞན་ལས་བྱུང་བའི་དབང་པོ་ཡང་ཡིན་ལ་དབང་པོ་གཞན་དང་མཚམས་སྦྱོར་བ་ཡང་ཡིན་པའི་ཕྱིར་ཁྱད་པར་དང་བཅས་པའི་གཏན་ཚིགས་ཀྱང་མ་ངེས་པ་ཡིན་ནོ། །ཡུལ་གྱི་
ཁྱད་པར་བཞིན་ནམ་ཞེས་བྱ་བ་ནི་དཔེར་ན་དུ་བའི་ཡུལ་གྱི་ཁྱད་པར་མེ་རྗེས་སུ་དཔོག་པ་འཇིགས་པའི་སྐྱོབ་པ་མ་ཡིན་པ་དེ་བཞིན་དབང་པོའི་ཁྱད་པར་ཁུ་ཁྲག་གཞན་ལས་བྱུང་བ་ཡང་འཇིག་རྟེན་གཞན་གྱི་དབང་པོའི་རྗེས་སུ་དཔོག་པ་འཇིགས་པའི་སྐྱོབ་པའི་སྐྱོབ་པར་བྱེད་པ་མ་ཡིན་ནོ། །
དཔེར་ན་བྱས་པའི་ཁྱད་པར་ནུས་པ་དང་སྒྲའི་ཡིན་པ་ཉིད་རྗེས་སུ་དཔག་པར་སེལ་བར་བྱེད་པ་ལ་ནུས་པ་མེད་པ་དེ་བཞིན་དུ་འདི་ཡང་ཡིན་ནོ། །འོ་ན་གང་ལས་ཁྱད་པར་ལ་བརྟེན་པའི་ཉེས་པའི་གོ་སྐབས་སུ་མི་འགྱུར་བ་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། ལུས་གཞན་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་སྤྱིས་
ཀྱང་ཇི་ལྟར་ཁྱབ་པར་འགྲུབ་པར་འགྱུར་སྙམ་དུ་དོགས་ན། འདི་ལྟར་ཞེས་གསུངས་སོ། །གལ་ཏེ་དབང་པོ་རྣམས་ལ་གཞན་དང་གཞན་སྐྱེ་བ་ཉིད་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ན་སྔ་མ་རྣམས་རང་གི་རིགས་ལ་ནུས་པ་འགྲུབ་ཅེ་ན། འགྱུར་བ་མཐོང་ཕྱིར་ཞེས་བྱ་བའོ། །གསལ་
เล่ม ๑๘๔ · หน้า 148a
བ་ནི་ས་ཕྱོགས་ལ་སོགས་པ་རང་གི་མཚན་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གསལ་བའི་ཁྱད་པར་ལ་ལྟོས་ནའོ། །གལ་ཏེ་ཐ་སྙད་ཀྱང་ཁྱད་པར་གྱི་ཡུལ་ཅན་ཉིད་དུ་འགྱུར་རོ་སྙམ་ན། ཐ་སྙད་ནི་སྤྱིའི་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་སྤྱིའི་ཡུལ་
ཅན་ཡིན་པས་སོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་གསལ་བའི་ཁྱད་པར་ལ་མི་ལྟོས་ནའོ། །དེ་ལྟ་བུར་ཞེས་བྱ་བ་ནི་གཡོ་བག་ལ་སོགས་པ་དང་ལྡན་པར་དབུས་ཀྱི་གནས་སྐབས་སུ་སྐྱེས་པར་གྲུབ་པ་ནའོ། །ཇི་ལྟར་མིག་ལ་སོགས་པ་ལས་དེ་དེ་ལྟར་སྐྱེས་པ་ཡིན་སྙམ་ན། གོམས་པའི་
ཁྱད་པར་ལས་ཞེས་སྨོས་སོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་གཡོ་བག་ལ་སོགས་པ་དང་ལྡན་པའོ། །གཞན་དུ་ནི་སྐྱེ་བ་དང་པོར་རོ། །དེ་ལྟ་བུར་གྱུར་པ་ནི་གཡོ་བག་ལ་སོགས་པ་དང་བཅས་པའི་དབང་པོའོ། །གལ་ཏེ་སྐྱེ་བ་དང་པོར་ཡང་ཚེ་འདིའི་དབང་པོ་ཉིད་རྒྱུ་མ་ཡིན་ནམ།
དེས་ན་འཇིག་རྟེན་སྔ་མ་མི་འགྲུབ་པོ་སྙམ་ན། སྐྱེ་བ་དང་པོར་ནི་ཞེས་བྱ་བའོ། །དེ་འདྲ་བར་གྱུར་པ་ནི་འདྲི་བའོ། །དེས་ན་ཞེས་བྱ་བ་ནི་འདི་པའི་དབང་པོ་མ་མཐོང་བའི་ཕྱིར་རོ། །གཞན་གྱི་ཁྱད་པར་ནི་ཞེས་བྱ་བ་ནི་ཁུ་ཁྲག་གཞན་ལས་སྐྱེས་པ་ལ་སོགས་པའོ། །འདིས་ནི་ཕྱེད་སྔ་
མ་བཤད་པ་ཡིན་ནོ། །ཕྱེད་ཕྱི་མ་བཤད་པའི་དོན་དུ་འོན་ཏེ་ཞེས་བྱ་བ་ལ་སོགས་པས་རྩོད་པའོ། །དེས་ན་ཞེས་བྱ་བ་ནི་གཅིག་པས་སོ། །འདིར་ཀྱང་ནི་སྒྲས་འཕངས་པའི་ལན་རེ་ཞིག་བརྗོད་པ་ནི་གལ་ཏེ་དེ་ལྟ་ཡིན་དུ་ཆུག་པ་ཞེས་བྱ་བའོ། །བར་གྱི་གནས་སྐབས་སུ་ནི་གཡོ་བ་ལ་སོགས་པ་
གོམས་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་ཡིན་ནོ། །དེས་ན་སྐྱེ་བ་དང་པོའི་གཡོ་བ་ལ་སོགས་པ་ཡང་གོམས་པ་སྔོན་དུ་འགྲོ་བ་ཅན་དུ་རྗེས་སུ་དཔོག་པ་གྲུབ་པ་ཁོ་ནའོ། །དབང་པོ་དེ་གཅིག་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གཞན་ནི་དོན་མེད་དོ། །འོན་ཏེ་གོམས་པ་ལས་སྐྱེས་
པའི་ཡོན་ཏན་ནི་ལུས་གཞན་ལ་མཐོང་བ་མེད་པ་མ་ཡིན་ནམ། དེས་ན་གང་གིས་འཇིག་རྟེན་ཕ་རོལ་འགྲུབ་པར་འགྱུར་བ་སྐྱེ་བ་དང་པོའི་གཡོ་བག་ལ་སོགས་པ་ལུས་གཞན་དང་འབྲེལ་པའི་གོམས་པ་སྔོན་དུ་འགྲོ་བ་ཅན་དུ་ཇི་ལྟར་འགྱུར་སྙམ་ན། གོམས་པ་ལས་སྐྱེས་པའི་ཞེས་
เล่ม ๑๘๔ · หน้า 148b
གསུངས་སོ། །དེ་བཞིན་སྐྱེ་བ་དང་པོའི་ལུས་ལ་ཡང་འགྱུར་རོ། །རྨི་ལམ་གྱི་ལུས་མི་བདེ་བ་མ་ཡིན་ནོ་ཞེས་ཀྱང་བསྒྲུབས་ཟིན་པ་ཉིད་དོ། །ཀྱང་གི་སྒྲས་བསྡུས་པའི་ལན་བརྗོད་ནས་རྣམ་འགྲེལ་ལ་འཇུག་པ་ནི་གཞན་ཡང་ཞེས་བྱ་བའོ། །གཉིད་དང་ནད་དང་ཉམས་པར་བྱས་པ་
ལ་སོགས་པས་འགྱུར་བ་གཞན་དང་གཞན་མཐོང་བ་ཡིན་ནོ། །གལ་ཏེ་དབང་པོ་རྣམས་ལ་འགྱུར་བ་གཞན་སྐྱེ་ཡང་སྐྱེ་བ་གཞན་དང་གཞན་ཡིན་པར་ཇི་ལྟར་འགྲུབ་ཅེ་ན། རང་གི་ངོ་བོར་གྱུར་པའི་ཞེས་གསུངས་སོ། །རང་གི་ངོ་བོ་མ་ཡིན་ན་ནི་དེའི་རྣམ་པར་འགྱུར་བ་ཉིད་དུ་མི་འགྲུབ་སྟེ་
དོན་གཞན་བཞིན་ནོ། །དེ་ན་དབང་པོའི་གནས་སྐབས་དེ་ཉིད་ཡིན་པར་འགྱུར་རོ། །དེས་ན་དེའི་རང་གི་ངོ་བོ་ཡིན་པས་ན་དེ་དང་འདྲ་བར་ཐ་དད་པ་ཁོ་ནའོ། །དཔེར་ན་ས་དང་ཆུ་དང་མེ་དང་རླུང་རྣམས་ཕན་ཚུན་ཐ་དད་པ་བཞིན་ནོ། །འདིར་ནི་ཞེས་བྱ་བ་ནི་མིག་ལ་སོགས་པ་ལའོ། །དེ་ནི་ཞེས་བྱ་བ་
ནི་ལན་ཏེ། རྒྱུད་གཅིག་ཏུ་གདགས་པའི་ཡུལ་དེ་ནིའོ། །ཅི་ལྟར་ཞེ་ན། སྐྱེ་བ་གཞན་ཡང་ཞེས་བྱ་བའོ། །འོ་ན་ཇི་ལྟར་དེ་གཅིག་ཉིད་དུ་མི་རྟོགས་སྙམ་ན། དྲན་པས་བར་ཆོད་པས་ན་ཞེས་གསུངས་སོ། །བར་ཆོད་པ་ནི་མེད་པའོ། །ཐག་རིང་པོ་ནི་གཏན་བསྐལ་པ་སྟེ། མེད་པ་ཞེས་
བྱ་བའི་དོན་ཏོ། །སྐྱེ་བ་གཞན་དེ་ཁོ་ནར་ཡོད་པ་ཡིན་ཡང་མེད་པ་བཞིན་དུ་རྟོགས་པ་དེས་ན་གཅིག་ཉིད་དུ་ལྷག་པར་ཞེན་པ་མ་ཡིན་ནོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ལུས་ལས་དང་པོ་སེམས་སྐྱེ་བར་རྟོག་པ་ལ་ཐལ་བ་བཞིན་དུའོ། །ཕྱོགས་གཉིས་པ་ལ་བརྗོད་པ་ནི་དབང་པོ་
མེད་པ་ལས་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་དབང་པོ་དུ་མ་འབྱུང་ནའོ། །ཐལ་བ་དེ་ཉིད་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་འདྲ་ཞིག་སྙམ་ན་དབང་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཕྱེད་ཕྱི་མ་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་འོན་ཏེ། སེམས་ཞེས་བྱ་བ་ལ་སོགས་
པའོ། །ལན་ནི་གལ་ཏེ་འོ་ན་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དབང་པོ་རྣམས་ལུས་དང་སེམས་ལས་སྐྱེ་བ་ཡིན་པ་དེས་ན་ཤི་བའི་ལུས་ལ་དབང་པོ་མི་སྲིད་པ་ཡིན་ན་དེའི་ཚེ་ནའོ། །སྔོན་གྱི་དབང་པོ་རྒྱུ་ཉིད་དུ་རྟོག་པའི་ཞེན་པས་བདག་ཅག་ལ་མཁོ་བ་མེད་དེ། དབང་པོ་ལ་སོགས་པ་
เล่ม ๑๘๔ · หน้า 149a
སེམས་ལས་སྐྱེ་བ་ཁས་བླངས་པ་ཉིད་ལས་འཇིག་རྟེན་སྔ་མ་འགྲུབ་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ལུས་ལ་སོགས་པ་ལས་སེམས་སྐྱེ་བས་ནའོ། །སྐབས་ཉེ་བར་སྡུད་པ་ནི་དེས་ན་རྒྱུ་མ་ཡིན་པའི་ལུས་མ་ཚང་བས་ཞེས་བྱ་བའོ། །དེའི་ཕྱིར། འདི་འདྲ་
སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་བྱ་བ་འཆད་པ་ནི་འཆི་བའི་སེམས་ཡིན་པའི་ཕྱིར་ཞེས་བྱ་བ་ཉིད་ཅེས་བྱ་བའོ། །ལྷག་མ་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་འཆི་བའི་སེམས་ཀྱང་ཡིན་ལ། མཚམས་སྦྱོར་བ་ཡང་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ། །ཅི་ལྟར་ཞེ་ན། མ་མཐོང་བ་ཙམ་
གྱིས་ཞེས་བྱ་བའོ། །ལུས་ཐ་དད་པ་ལ་གནས་པའི་ཕྱིར་ཞེས་བྱ་བའི་དོན་གང་ཅི་ཡིན། ཅི་ལུས་ལ་བརྟེན་པའི་ཡིན་ནམ། འོན་ཏེ་ལུས་ལ་དམིགས་པ་ཡིན། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གནས་པའི་ཞེས་བྱ་བ་དེ་ལ་གནས་པའི་ཞེས་བྱ་བའི་
ཐ་སྙད་ཀྱི་དགག་པ་ནི་སྔར་བརྗོད་པ་ཡིན་ནོ། །གང་ལས་ཤེ་ན། རྟེན་བཀག་པ་ཡིས་སོ། །དེས་ན་ལུས་ཐ་དད་པ་ལ་གནས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའོ། །ཕྱོགས་གཉིས་པ་སུན་འབྱིན་པ་ནི་རྣམ་ཤེས་ཞེས་བྱ་བའོ། །རྣམ་པར་ཤེས་པ་ཕྱི་མ་སྐད་ཅིག་
ལུས་གཞན་དམིགས་པར་འགྱུར་རོ། །དེས་ན་ལུས་ཐ་དད་པ་ལ་གནས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་དོ། །དེ་ནི་སྔར་སྤྱིར་བཀག་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །འོ་ན་སེམས་ཅི་ལ་གནས་སྙམ་ན། རྣམ་པར་ཤེས་པ་ནི་ཞེས་གསུངས་སོ། །འདི་ནི་རྟེན་གྱི་རྫས་
ཀྱི་ཡུལ་ལ་བསམས་ནས་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་འདི་ཡོད་པའི་ཡུལ་ནི་དུས་བཞིན་དུ་བརྟགས་པ་དགག་པར་མི་ནུས་སོ་དེ་ཉིད་ཀྱང་རྟེན་གྱི་རྣམ་པ་ཡིན་ནོ། །དེ་ལྟར་ཕྱེད་སྔ་མ་བཤད་པའི་སྒོ་ནས་མ་གྲུབ་པ་དེ་ཉིད་བརྗོད་ནས་ཕྱོགས་གཉིས་པ་སུན་འབྱིན་པ་ནི། དམིགས་པར་
བྱ་བའི་ལུས་ནི་ཞེས་བྱ་བའོ། །དམིགས་པར་བྱ་བ་ལ་གནས་པའི་ཐ་སྙད་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་འདིའི་སྒོ་ནས་ཀྱང་རྟེན་ཉིད་དུ་མི་འགྲུབ་པ་ཞེས་བསྟན་པའི་དོན་དུ་རྟེན་གྱི་སྒྲར་བརྗོད་དོ། །གལ་ཏེ་གང་གི་རྟེན་དུ་མི་འགྱུར་བ་དམིགས་པར་བྱ་བ་ཉིད་ཇི་ལྟར་ཡིན་སྙམ་ན་ནང་གི་རིག་པའི་
เล่ม ๑๘๔ · หน้า 149b
ཞེས་གསུངས་སོ། །ཕྱེད་ཕྱི་མ་འཆད་པ་ནི་མ་ངེས་པ་ཉིད་དུ་བཤད་པ་ནི་དམིགས་པ་ནི་ཞེས་བྱ་བ་ནི་རང་གི་ལུས་དམིགས་པར་གྱུར་པ་བྱེད་པ་པོས་ནི་ནང་བདེ་བ་ལ་རག་པ་ན་གཞན་ལ་འཆོལ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་གཞན་གྱི་ལུས་ལ་
དམིགས་པ་པས་ལུས་ཐ་དད་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་དག་ལ་མ་ངེས་པ་ཡིན་ནོ། །ཁྱད་པར་ལུས་ཐ་དད་པ་ཉིད་ཀྱང་མ་གྲུབ་པོ་ཞེས་བརྗོད་པ་ནི་ལུས་གཞན་ཉིད་ཀྱང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ལུས་གཅིག་ཉིད་དུ་བཏགས་པའི་ཕྱིར་རོ། །འོན་ཏེ་དོན་
དམ་པར་ཐ་དད་པ་ཡོད་པའི་ཕྱིར། ཁྱད་པར་མ་གྲུབ་པ་ཡིན་ནོ་སྙམ་ན། དོན་དམ་པར་ནི་ཞེས་བྱ་བའོ། །ཇི་ལྟར་ཞེ་ན། ཕྱིས་པ་ལ་སོགས་པའི་ཞེས་སྨོས་སོ། །དེ་ལྟར་སླར་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་ལུས་འདི་ལ་ཤེས་པ་འདི་ཡོད་དོ་
ཞེས་བྱ་བ་མི་སླུ་བ་དང་ལྡན་པའི་རྟོགས་པ་ནི་རེ་ཞིག་ཡོད་པ་མ་ཡིན་ནམ། དེས་ན་ཇི་ལྟར་རྟེན་ཅིང་འགོག །དེ་ཉིད་ཀྱི་ཕྱིར་ལུས་ནི་ཉེ་བར་ལེན་པ་ཉིད་དུ་མི་འགལ་ལོ་སྙམ་ན་དེ་ཕྱིར་ཞེས་གསུངས་སོ། །རྟེན་ཉིད་རྒྱ་ཆེར་བཀག་པའི་ཕྱིར་ན་ལུས་ལས་ཀྱི་རྒྱུན་ལ་ཕན་འདོགས་པ་ཡིན་ཏེ།
དེས་ན་ལུས་འདི་ལ་བློ་ཡོད་དོ་སྙམ་དུ་རྟོགས་པ་ཡིན་གྱི་ཡིད་ཀྱི་རྒྱུན་སྐྱེ་བ་ནི་སེམས་ཉིད་ལས་ཡིན་ནོ། །དཔེར་ན་འབྲུའི་རྒྱུན་ལ་ཕན་འདོགས་པའི་ཕྱིར་སྦྱང་ལ་སོགས་པའི་དོན་ཡིན་ལ། སྐྱེ་བ་ནི་འབྲུ་གཞན་ལས་ཡིན་པ་བཞིན་ནོ། །དེ་ལྟ་ན་ཡང་སྦྱང་ཚིག་ན་འབྲུ་ཚིག་པ་བཞིན་
དུ། ལུས་ཞིག་པ་ན་སེམས་ཀྱང་འཇིག་པར་འགྱུར་རོ་ཞེ་ན། སྦྱང་ཚིག་པ་ཙམ་གྱིས་ནི་འབྲུ་ཚིག་པ་མ་ཡིན་ཏེ། ཅི་ཞིག་ལྟར་འབྲུ་སྦྱང་ནས་སྤོས་ན་མི་འཚིག་ཀྱང་སྲིད་པའི་ཕྱིར་རོ། །བསྲེག་པར་བྱ་བ་རང་ཉིད་མེ་དང་འབྲེལ་ན་འཚིག་པ་ཡིན་ལ། ལུས་བཞིན་དུ་སེམས་ལ་ནི་
བཤད་པ་དང་བསྲེག་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །ནོའི་སྒྲ་ནི་སྐབས་ཀྱི་དོན་རྫོགས་པ་ལའོ། །སྐབས་ཀྱི་དོན་གྲུབ་ན་མངོན་པར་འདོད་པའི་དོན་འགྲུབ་པ་ཞེས་མཇུག་བསྡུ་བའི་སྒོ་ནས་སྟོན་པ་ནི་དེས་ན་ཞེས་བྱ་བའོ། །གཞན་པའི་ཡོན་ཏན་ཞེས་བྱ་བ་ནི་བརྩེ་བ་དང་ཆགས་
เล่ม ๑๘๔ · หน้า 150a
པ་དང་བྲལ་བ་ལ་སོགས་པའོ། །དེ་ལྟར་འཇིག་རྟེན་ཕ་རོལ་གྲུབ་ན་གོམས་པ་ཉམས་པ་མེད་པའི་ཕྱིར་ན་ཐམས་ཅད་མཁྱེན་པ་ལ་སྙོམས་པའི་རྣམ་པ་གཞན་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཁྱད་པར་ཅུང་ཟད་དང་ལྡན་པ་ཞེས་བྱ་བ་ནི་རབ་ཏུ་འགྲོ་བ་གང་ལ་
ཁྱད་པར་ཅུང་ཟད་ཙམ་ཡོད་པའོ། །གང་གི་ཕྱིར་རྣམ་པ་འགའ་ཞིག་ཙམ་དུ་རྣམ་པར་གནས་པའི་རབ་ཏུ་འགྱུར་བ་ནི་གང་གི་ཁྱད་པར་དང་ལྡན་པ་མཐོང་བ་ཡིན་ནོ། །སླར་ཡང་ནི། འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །ཞེས་བྱ་བ་ནི་མཆོང་བ་བཞིན་ནོ། །རྟེན་མི་བརྟན་པ་ནི་ཆུའི་དྲོ་བ་
བཞིན་ནོ་འདིའི་རྟེན་ཆུ་ནི་མི་བརྟན་པས་ནའོ། །རྟེན་བརྟན་པའི་རང་བཞིན་ཁོ་ན་འཕེལ་རབ་ཀྱི་མཐར་ཐུག་པ་ཡིན་ནོ་ཞེས་བརྗོད་པར་འདོད་པ་ཡིན་པར་བསམས་ནས་བརྗོད་པ་ནི་རང་བཞིན་དེ་འདྲའང་ཞེས་བྱ་བའོ། །ཡང་འབད་རྩོལ་ལ་ལྟོས་པ་གང་ཡིན་པ་དེ་འདྲ་བ་ཞེས་བྱ་བར་སྦྱར་རོ། །
མཆོང་བ་ནི་ལུས་ཀྱི་རང་བཞིན་མ་ཡིན་ཏེ། སྐད་ཅིག་ཀྱང་གནས་པ་མི་འཐོབ་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་གང་ཞིག་ཡང་འབད་རྩོལ་ལ་ལྟོས་པའི་རང་བཞིན་དུ་རྟེན་མི་བརྟན་པ་འཕེལ་བ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་སྨོས་ཏེ། ཁྱད་པར་ཇི་ཙམ་ཞིག་བྱས་པའི་
ཁྱད་པར་དེ་ཙམ་ལ། ཕན་བཏགས་ནུས་ཅན་ཏེ། ནུས་པ་ཟད་པའི་སྒྲུབ་པར་བྱེད་པ་རྣམས་ལ། ཁྱད་པར་ཕྱི་མ་དག་ལ་ནུས་པ་མེད་པའི་ཕྱིར་ཡང་འབད་པ་ལ་ལྟོས་པའི་ཁྱད་པར་འཕེལ་བ་མ་ཡིན་ནོ། །རྟེན་ཐམས་ཅད་ཀྱི་ཚེ་གནས་པ་མེད་པའི་ཡང་ཕྱིར་རོ། །རྟེན་མི་བརྟན་པ་ཅན་གྱི་ཁྱད་
པར་འཕེལ་བ་མ་ཡིན་ནོ། །གལ་ཏེ་གང་དང་གང་ཁྱད་པར་ཡིན་པ་དེ་ཐམས་ཅད་ནི་འཕེལ་བ་གནས་པ་ཅན་ཡིན་ཏེ། དཔེར་ན་མཆོང་བ་ལ་སོགས་པ་བཞིན་ནོ། །སེམས་ཀྱི་ཡོན་ཏན་རྣམས་ཀྱང་དེ་ལྟ་བུ་ཡིན་ནོ། །དེས་ན་དེ་དག་འཕེལ་བ་གནས་པ་མེད་པ་ཇི་ལྟར་འགྱུར་སྙམ་ན། ཁྱད་
པར་ཡིན་ནོ་ཅོག་ནི་ཞེས་གསུངས་སོ། །གལ་ཏེ་མཆོང་བ་ལ་སོགས་པ་ནི་རང་བཞིན་ཡོད་པ་ཙམ་གྱིས་དེ་ལྟར་འགྱུར་བ་མ་ཡིན་ནམ། དེ་བཞིན་དུ་སེམས་ཀྱི་ཡོན་ཏན་རྣམས་ཀྱང་འགྱུར་རོ་སྙམ་ན། མཆོང་བ་དང་ཞེས་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་བོགས་འབྱུང་བ་གནས་པ་ལ་
เล่ม ๑๘๔ · หน้า 150b
སྟོན་པར་རོ། །འོ་ན་ཇི་ལྟར་དེ་ལྟར་འགྱུར་སྙམ་ན། འོན་ཀྱང་ཞེས་གསུངས་སོ། །ཡང་རྩོལ་བ་ལ་ལྟོས་པ་ཉིད་གསལ་བར་བྱ་བའི་དོན་དུ་མཆོང་བ་ནི་ཞེས་གསུངས་སོ། །ཇི་ལྟར་ན་ཡང་རྩོལ་བ་ལ་ལྟོས་པ་ཅན་ཡིན་སྙམ་ན། གང་ལ་འཕེལ་བ་རྣམ་པར་གནས་པ་མེད་པར་
འགྱུར་ལ། མེ་དང་འབྲེལ་བ་མེད་ཀྱང་དེ་ཡོད་པ་ནི་མ་ཡིན་ནོ་ཞེས་སྨོས་སོ། །གང་ལས་ཞེས་བྱ་བ་ནི་མེ་དང་འབྲེལ་བ་ལོག་ཀྱང་གནས་པ་ལས་སོ། །འཕེལ་བ་རྣམ་པར་གནས་པ་ཉིད་ལ་གཉི་གས་ཁྱབ་པ་ཉེ་བར་སྡུད་པ་ནི་དེའི་ཕྱིར་འཕེལ་བ་མཐར་ཐུག་པ་མ་ཡིན་པ་ཉིད་ནི་ཞེས་བྱ་བའོ། །གཉི་ག་མེད་པའི་
ཕྱིར་ཡིད་ཀྱི་ཡོན་ཏན་རྣམས་ནི་ཁྱབ་པར་བྱེད་པ་སྟོན་པ་ནི། དེ་མེད་པའི་ཕྱིར་དང་ཞེས་བྱ་བའོ། །བཟློག་པ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་བརྟན་པ་ཉིད་ལ་སོགས་པ་སྲིད་པའི་ཕྱིར་རོ། །འོ་ན་ཡང་རྩོལ་བ་ལ་ལྟོས་པ་རང་གི་ངང་གིས་འཇུག་པར་འགྱུར་རོ་སྙམ་ན། ཡང་རྩོལ་བ་ལ་ལྟོས་པ་གང་ཡིན་པ་ཞེས་བྱ་བའོ། །
རང་གི་ངང་གིས་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔར་བྲམ་ཟེ་ཡིན་པ་ལས་ཕྱིས་ཐོད་པ་ཅན་དུ་གྱུར་པ་དེ་ནི་ལོག་པ་མེད་པ་སྟེ། བཙོག་པ་མེད་པའོ། །བཤད་ཟིན་པའི་ཡོན་ཏན་དང་ལྡན་པས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཕྱིར་ན་དཀར་ཡོལ་སར་པ་ལྟར་ཐོད་པ་ཡང་ཟ་བའི་ཕྱིར་རོ། །སྙིང་རྗེ་ལ་
སོགས་པ་ཡང་རྟེན་བརྟན་པ་དང་། རང་གི་ངོ་བོར་གྱུར་པ་ཡིན་ནོ་ཞེས་ཞེ་ལ་བཞག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཆོང་བ་དང་ཆུ་བསྐོལ་བ་ལས་ཆོས་མི་མཐུན་པ་སྟོན་པ་ནི་གང་ཞིག་ཡང་རྩོལ་བ་ལ་ལྟོས་པ་དང་ཞེས་བྱ་བའོ། །རང་བཞིན་ཉིད་མིན་ཕྱིར་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་
པ་ཡང་མ་ཡིན་པའི་ཕྱིར་རོ། །ཁྱད་པར་འཕེལ་ཡང་མཐར་ཐུག་པར་འཕེལ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །འོ་ན་གང་ཞིག་ཤིན་དུ་འཕེལ་བ་དང་ལྡན་པར་འགྱུར་སྙམ་ན། གང་ཚེ་བྱས་གྱུར་པ་ཞེས་བྱ་བའོ། །ཡང་གང་གི་ཚེ་བྱས་ཟིན་པའི་ཁྱད་པར་ཡང་རྩོལ་བ་ལ་ལྟོས་ན་
དེའི་ཚེ་རྩོལ་བ་གཞན་དག་ཁྱད་པར་གཞན་བྱེད་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་ཁྱད་པར་ནི་ཤིན་དུ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་རང་བཞིན་ཉིད་མ་ཡིན་སྙམ་ན། རྒྱུ་ཉེ་བ་ལ་ལྟོས་པ་ནི་ཞེས་གསུངས་སོ། །དེ་སྐད་ཅེས་བྱ་བ་ནི་རང་གི་ངོ་བོ་
เล่ม ๑๘๔ · หน้า 151a
ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ཡིན་པས་ནའོ། །ཆོས་མི་མཐུན་པར་བརྗོད་པ་ནི་བརྩེ་བ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་ཤེས་རབ་ལ་སོགས་པ་ཡང་གོལ་བ་ཉིད་དུ་མཐོང་སྙམ་ན། འདི་ནི་བག་ཆགས་བརྟན་པ་མེད་པ་ལས་ཡིན་
ཏེ། ཤིན་དུ་བརྟན་པར་གོམས་པར་བྱས་པ་བརྗོད་པར་འདོད་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཡང་ནས་ཡང་དུ་དེ་གོམས་པར་བྱས་པའི་ཁྱད་པར་ནི་ལྡོག་པ་ལ་བརྟེན་པ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་ན་ཡང་འདི་དག་ཤིན་དུ་འཕེལ་བར་ཇི་ལྟར་འགྱུར་སྙམ་ན། དེ་བཞིན་དུ་ཞེས་
གསུངས་སོ། །འདིས་ནི་འདི་ལ་ཕན་བཏགས་ནུས་ཅན་ཞེས་བྱ་བ་དང་། བྱས་ཏེ་གལ་ཏེ་སླར་ཡང་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་འགྲེལ་རྣམ་པར་བཀྲལ་བ་ཡིན་ནོ། །གཅིག་ནི་ཞེས་བྱ་བ་ནི་བརྩེ་བ་ལ་སོགས་པའོ། །གཞན་ནི་ཆུའི་དྲོ་བ་ལ་སོགས་པའོ། །མཆོང་བ་དང་ཆུ་
བསྐོལ་བ་ལ་སོགས་པ་དེ་ནི་ཡང་རྩོལ་བ་ལ་མི་ལྟོས་པས་རང་གི་ངང་གིས་འཇུག་པ་མ་ཡིན་ནོ། །བརྩེ་བ་ལ་སོགས་པ་དེ་ལས་བཟློག་པ་བཤད་པ་ནི། བརྩེ་བ་ལ་སོགས་པ་ནི་ཞེས་བྱ་བའོ། །མཆོང་བ་ལ་སོགས་པ་རང་གི་ངང་གིས་འཇུག་པ་མ་ཡིན་པ་དེའི་ཕྱིར་རོ། །དེ་དག་ལ་ཞེས་བྱ་བ་
ནི་སྐྱེས་བུ་རྣམས་ལའོ། །དེ་ནི་བརྩེ་བ་ལ་སོགས་པའི་ཡོན་ཏན་ནོ། །ངོ་བོ་ཉིད་སྐྱེས་ན་ནི་རང་གི་ངང་གིས་འཇུག་པའོ། །གལ་ཏེ་ཇི་ལྟར་ཡོངས་སུ་མཐོང་བའི་ཁྱད་པར་ཙམ་འགྱུར་མོད་ཇི་ལྟ་ཤིན་དུ་འཕེལ་བའི་མཐར་ཐུག་པར་འགྱུར་སྙམ་ན། གང་ཕྱིར་ཞེས་གསུངས་སོ། །དེའི་ཕྱིར་
ཞེས་ཁོང་ནས་ཕྱུང་ལ། བརྩེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེ་ལྟ་ཡིན་དང་ཤིན་དུ་འབོགས་པའི་མཐར་ཐུག་པར་ཡང་འགྱུར་གྱི། །ཇི་ལྟར་ཡོངས་སུ་མཐོང་བ་བཞིན་པའི་ཁྱད་པར་ཙམ་ནི་མ་ཡིན་ནོ། །ཇི་ལྟར་ཤེས་རབ་ལ་སོགས་པའི་བློ་རྣམས་ལ་ཡང་ནས་
ཡང་དུ་ལྷག་པར་འགྱུར་སྙམ་ན། བརྩེ་བ་ལ་སོགས་པ་ནི་ཞེས་བྱ་བ་སྨོས་སོ། །དེས་ན་དེ་དག་ནི་ཤིན་དུ་འཕེལ་བར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་ལྟོས་པ་དང་བཅས་པ་མ་ཡིན་སྙམ་ན་འདི་ལྟར་ཞེས་བྱ་བ་གསུངས་སོ། །གལ་ཏེ་བརྩེ་བ་ལ་སོགས་པ་ནི་ལན་དུ་
เล่ม ๑๘๔ · หน้า 151b
ཕན་འདོགས་པས་འཇུག་པར་མཐོང་བ་མ་ཡིན་ནམ་དེས་ན་དེ་སྐད་ཇི་སྟེ་བརྗོད་ཅེ་ན། བརྩེ་སྩོགས་ལན་དུ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའི་བརྩེ་བ་ལ་སོགས་པ་ནི་ལན་དུ་ཕན་འདོགས་པ་ལ་ལྟོས་པ་མ་ཡིན་གྱི་འོན་ཀྱང་ཤེས་རབ་ལ་སོགས་པ་རིགས་མཐུན་པའི་བློ་ལས་བྱུང་
བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་དམན་པ་མ་ཡིན་ནོ་ཞེས་གསུངས་པ་ནི་དེའི་ཞིང་དུ་ཞེས་བྱ་བའོ། །བརྩེ་བ་ལ་སོགས་པའི་བློ་དེས་ཞིང་དུ་བྱས་པའི་རྒྱུ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་ན་ཞེས་བྱ་བར་ནི་ཆུང་བར་འགྱུར་བ་མ་ཡིན་པས་ནའོ། །དེ་དག་ཅེས་བྱ་བ་ནི་
བརྩེ་བ་ལ་སོགས་པའོ། །རྒྱས་པར་མི་འགྱུར་བའི་མཚན་ཉིད་ཀྱིས་ཞན་པར་ལྟ་ག་ལ་འགྱུར། ཡང་ནས་ཡང་དུ་རྒྱས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་མཆོང་བ་ཡང་ངོ་། །དེའི་ཆོས་ནི་མངོན་པར་འཕེལ་བ་མཐར་ཐུག་པ་མེད་པའོ། །དེ་ལྟ་ན་ཡང་མ་
ཡིན་ཏེ། །དེས་བཟློག་པ་ཡིན་ཏེ། སྐབས་ཀྱི་ཤེས་རབ་ལ་སོགས་པ་ལ་འཕེལ་བ་མཐར་ཐུག་པ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་སེམས་ནའོ། །སྟོབས་དང་རྩོལ་བ་དག་ལས་མཆོང་པ་ཡིན་ནོ་ཞེས་འབྲེལ་ཏོ། །མཆོང་བ་སྟོབས་ལ་སོགས་པའི་འབྲས་བུ་བསྒྲུབ་པའི་དོན་དུ་ལྡོག་
པ་བརྗོད་པ་ནི། ཤིན་དུ་ལེགས་མཆོང་གོམས་པར་བྱས་པ་ལ་ཡང་ཞེས་བྱ་བའོ། །དེས་ན་དེ་གཉིས་ནི་མཆོང་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་དགོངས་པའོ། །འོ་ན་ནི་གང་གིས་མཆོང་པ་མཐའ་ཐུག་པ་མེད་པར་འགྱུར་བ། དེ་གཉིས་རྣམ་པར་གནས་པ་མེད་པའི་བདག་ཉིད་དུ་འགྱུར་རོ་
ཞེ་ན། སྟོབས་དང་ཞེས་བྱ་བ་གསུངས་སོ། །རྣམ་པར་གནས་པའི་བདག་ཉིད་ནི་ནུས་པ་གནས་པ་ཉིད་དོ། །གནས་པའི་བདག་ཉིད་དུ་ཞེས་བྱ་བ་ནི་སོ་སོར་ངེས་པ་ཉིད་དུའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཐའ་ཐུག་པ་མ་ཡིན་པའོ། །གོམས་པ་ཉིད་ལས་ཡིན་གྱི་སྟོབས་
དང་རྩོལ་བ་ལས་ནི་མ་ཡིན་ནོ། །དེས་ན་འདི་གཉིས་ནི་དེའི་རྒྱུད་ཉིད་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གོམས་པའི་འབྲས་བུ་ཉིད་མ་ཡིན་ནའོ། །ཕྱིས་མ་གྲུབ་པར་ཐལ་ལོ་ཞེས་བྱ་བ་ནི་སྔར་ཡང་ཞེས་བྱ་བར་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེའི་རྒྱུ་
เล่ม ๑๘๔ · หน้า 152a
སྟོབས་ནི་སྔར་ཡང་ཡོད་པའི་ཕྱིར་རོ། །མཆོང་པའི་ཡུལ་ཅན་གྱི་སྟོབས་ཅན་གྱི་སྟོབས་དེ་ནིའོ། །དེ་ལྟ་ན་ཞེས་བྱ་བ་ནི་མཆོང་པའི་ཡུལ་ཅན་གྱི་གོམས་པས་བསྒྲུབས་པ་ཡིན་ནའོ། །དེ་ཉིད་དུ་ཞེས་བྱ་བ་ནི་མཐའ་ཐུག་པ་མེད་པ་མ་ཡིན་པ་ཞེས་བྱ་བ་ལ་
སོགས་པ་དེ་ལྟ་བུའི་རང་བཞིན་དུའོ། །སྐྱེས་བུ་དེ་ནིའོ། །དེའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པ་གསལ་བའི་ཕྱིར་རོ། །སྟོབས་དེས་ནའོ། །ཇི་སྟེ་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་ཟོས་པ་ལས་སྟོབས་སྐྱེ་བ་ཡིན་གྱི་སྔར་ཡོད་པ་ནི་མ་ཡིན་ནོ་ཞེ་ན། ལན་དུ་དེ་ཡང་ཞེས་བྱ་བའོ། །གནས་
པ་ཉིད་དོ་ཞེས་བྱ་བ་ནི་མཐའ་ཐུག་པ་མེད་པ་མ་ཡིན་པའོ། །ཤེས་རབ་ལ་སོགས་པའི་ཚུལ་དུ་གོམས་པ་ཉིད་ལས་མཆོང་བ་ཡིན་ནོ་ཞེས་བྱ་བ་རྣམ་པ་གཞན་གྱིས་འགོག་པ་ནི་མིང་དང་ཞེས་བྱ་བའོ། །བྱ་ཁྱུང་མི་དང་སྤྲེའུ་མངལ་ནས་སྐྱེས་པ་དག་ལས་སྐྱེ་གནས་ཁྱད་པར་དུ་
གྱུར་པ་ཡིན་ལ། སྤྲེའུ་ནི་མི་ལས་རིགས་ཁྱད་པར་དུ་གྱུར་པ་ཡིན་ནོ། །རིགས་མཐུན་པ་ཉིད་ཀྱི་མི་རྣམས་ལ་ཁ་ཅིག་ཉིད་བཅུད་ཀྱིས་ལེན་ཟོས་པའི་སྟོབས་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ནོ། །བརྩེ་བ་ལ་སོགས་པ་ནི་མཆོང་བ་ལས་བཟློག་པར་བརྗོད་པ་ནི་བརྩེ་བ་ལ་སོགས་པ་
དག་ནི་ཞེས་བྱ་བའོ། །གཞན་ལ་མི་ལྟོས་པ་ཉིད་དོ་ཞེས་བྱ་བ་ནི་བརྩེ་བ་ལ་སོགས་པ་ནི་རིགས་ལ་སོགས་པ་གཞན་ལ་ལྟོས་པ་མ་ཡིན་ནོ། །གོམས་པ་ཙམ་ལ་ལྟོས་པ་ཡིན་ཏེ། དེ་མེད་ན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མ་ཡིན་
ཏེ་ཞེས་བྱ་བ་ནི་ལན་ནོ། །དེས་ན་སྟོབས་ནི་གོམས་པའི་འབྲས་བུ་མ་ཡིན་ཏེ། དེ་འཕེལ་བ་ན་དེ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །དེའི་བདག་ཉིད་ནི་སྙིང་རྗེ་ལ་སོགས་པའི་བདག་ཉིད་དུའོ། །སྙིང་རྗེའི་བདག་ཉིད་དུ་གྱུར་པ་ཡོད་པ་ཡང་མ་ཡིན་ནོ། །རང་ས་
བོན་ལས་བྱུང་བ་ནི་བརྩེ་བའི་ས་བོན་ལས་བྱུང་བའོ། །མི་མཐུན་པའི་ཕྱོགས་ཞེ་སྡང་ལ་སོགས་པས་གནོད་པ་མེད་པ་དེའི་ཚེ་སེམས་ཀྱི་རྒྱུན་ལ་དེ་བདག་ཉིད་དུ་འགྱུར་ཏེ། རང་གི་ངང་གིས་འཇུག་པར་འགྱུར་རོ། །འོ་ན་ཇི་ལྟར་དེའི་བདག་ཉིད་དུ་འགྱུར་སྙམ་ན། གལ་ཏེ་རྟེན་བརྟན་
เล่ม ๑๘๔ · หน้า 152b
པ་ཡང་ཡིན་པ་ཞེས་བྱ་བའོ། །དེ་ཉིད་བཤད་པ་ནི་དེ་ལ་ཞེས་བྱ་བའོ། །གདོན་མི་ཟ་བར་ཞེས་བྱ་བ་ནི་བརྩེ་བའི་བདག་ཉིད་གོམས་པ་སྔོན་དུ་འགྲོ་བ་ཅན་ནོ་ཞེས་ཁས་བླང་བར་བྱ་སྟེ། མཐོང་བའི་ཕྱིར་རོ། །མཐོང་བ་ཉིད་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །རྩ་བ་ཡིན་ཞེས་བྱ་བ་
ནི་རྒྱུ་ཡིན་པའོ། །ནིའི་སྒྲ་ནི་ཁོ་ནའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཤད་པ་བརྩེ་བ་ལ་སོགས་པ་གོམས་པ་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་ན། སྐྱེ་བ་ནི་ཞེས་གསུངས་སོ། །བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བར་གཅད་དོ། །སྐྱེ་བ་ལས་ནི་ཡོད་པ་ཉིད་དེ་དེའི་ཕྱིར་རོ། །གང་ཡོད་པས་
འགའ་ཡང་བླང་བར་བྱ་བ་ཉིད་མ་ཡིན་པར་སྣང་བར་འགྱུར་བ་ཞེས་བྱ་བ་ནི་ཁམས་གསུམ་པ་ལ་སྡང་བའི་རྣམ་པ་ཅན་གྱི་ཆོས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཡིད་ལོག་པ་བཞིན་ནོ། །ཆགས་བྲལ་ནི་མཉམ་པ་ཉིད་ཀྱི་རྣམ་པ་ཅན་དུ་འཆད་པར་འགྱུར་ལ། ཆགས་ཀྱི་རབ་ཀྱི་མཐར་
ཐུག་པ་ནི་ཟད་པ་ལས་ཁྲག་འཛག་པས་འཆི་བའི་མཐར་ཐུག་པར་འགྱུར་བའོ། །དེ་ལྟ་ན་ཞེས་བྱ་བ་ནི་ཡིད་ལོག་པ་ལ་སོགས་པ་བདག་ཉིད་དུ་གྱུར་པ་བཞིན་དུ་སྙིང་རྗེ་དང་ལྡན་པ་བརྩེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །གལ་ཏེ་བརྩེ་བ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་གཞོམ་
པ་ཉིད་ལ་བརྩོན་མོད། རང་གི་སྡུག་བསྔལ་གཞོམ་པའི་ཐབས་བཙལ་བས་ཅི་བྱ་ཞེ་ན། རང་གི་སྡུག་བསྔལ་མ་གསལ་བར་ཞེས་གསུངས་སོ། །འདིས་ནི་དངོས་པོ་ཐམས་ཅད་མངོན་དུ་བྱས་པ་མེད་པར་བྱ་བ་འདིའི་ཉེ་བར་མཚོན་བྱེད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེས་ན་ཞེས་
གསུངས་ཏེ་མི་ནུས་པས་ནིའོ། །ཅིའི་ཕྱིར་ཐམས་ཅད་ཀྱི་ཚེ་དེ་སྟོན་པ་སྲིད་པ་མ་ཡིན་ཞེ་ན། རང་གི་དོན་འདོད་པ་ཞེས་སྨོས་སོ། །ཐར་པ་རྣམས་ནི་རང་གི་དོན་འདོད་པ་མེད་དོ་ཞེས་བྱ་བར་དགོངས་སོ། །དམྱལ་བ་ལ་སོགས་པར་སྐྱེས་པའི་དུས་ན་ཡང་མེད་པའི་ཕྱིར་རོ། །
འདིས་ནི་རང་གི་སྡུག་བསྔལ་ཟད་པ་ལ་མངོན་པར་སྦྱོར་བར་བརྗོད་དོ། །གལ་ཏེ་གང་གིས་འདི་ཡང་བརྗོད་པར་བྱ་བ་དངོས་པོ་ཐམས་ཅད་མངོན་དུ་བྱ་བ་ལ་མངོན་པར་སྦྱོར་བ་མེད་ན་ཆད་པ་ཅི་ཡོད་སྙམ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་
เล่ม ๑๘๔ · หน้า 153a
ཏེ། དེས་ན་འདི་བརྗོད་པར་བྱ་བ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་རང་གི་སྡུག་བསྔལ་ཟད་པ་ལ་སོགས་པའོ། །མངོན་དུ་བྱེད་པ་ན་ཞེས་བྱ་བ་འཕགས་པའི་བདེན་པ་ལ་སོགས་པ་རྣམས་སོ། །རྟོག་པ་ནི་རང་གི་ངོ་བོ་དང་རང་གི་ཆོས་ཀྱི་སྒོ་ནས་ངེས་
པར་གཟུང་ནས་ངེས་པར་རྟོག་པའོ། །རྣམ་པར་དཔྱོད་པ་ཐར་པའི་འདོད་པ་ནི་ལུང་དང་རིགས་པས་སྡུག་བསྔལ་གྱི་རྟོག་པ་མཛད་དོ། །གཙོ་བོའི་དོན་ཉིད་ཀྱིས་ན་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་སྨོས་ཏེ། ལུང་ལ་བརྟེན་པའི་ཕྱིར་ན་ལས་དང་འབྲས་བུ་ལ་སོགས་པ་ཡོངས་སུ་
རྟོག་པར་མཛད་པ་ཡང་བསྟན་པ་ཡིན་ནོ། །དེ་བརྗོད་པ་ནི་དབང་པོ་ལས་འདས་པའི་དོན་ཤེས་པའི་རྒྱུ་ལུང་བཞིན་ནོ་ཞེས་བྱ་བའོ། །བཤད་པ་གཉིས་པ་ལ་ནི་འཇུག་པའི་རིམ་པ་གསལ་ལོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དཔྱོད་པ་ལ་མངོན་དུ་ཕྱོགས་པ་མེད་པར་རོ། །
དེའི་འོག་ཏུ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་རང་བཞིན་གྱི་ལུང་དུ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་ལ་སོགས་པ་འཕངས་པའི་ཕྱིར་ན། དོན་གྱིས་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་རང་བཞིན་ཉིད་ཡིན་ནོ། །ཐམས་ཅད་ཀྱི་ཚེ་ཚུལ་གསུམ་པའི་
གཏན་ཚིགས་སྦྱོར་བར་ནི་མ་ངེས་སོ། །སྒྲུབ་པར་བྱེད་པའི་ངག་སྦྱོར་བ་ན་ཡང་མ་ཚང་བ་དང་། མ་ལྷག་པ་འདི་འདྲ་བ་ཉིད་སྦྱར་བར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། ངག་ཡན་ལག་ལྔ་པོའི་སྦྱོར་བ་ནི་ཐམས་ཅད་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དོན་དེ་ཞེས་
བྱ་བ་ནི་དཔྱོད་པས་ཡུལ་དུ་བྱས་པའོ། །བཀའ་ལུང་སྐོང་བ་ཙམ་གྱི་ལུང་ལས་ནི་དོན་དེ་མཐོང་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། སྨྲ་བ་པོ་ཞེས་གསུངས་སོ། །རིགས་པར་བསྒྲུབ་པར་བྱ་བ་ནི་རིགས་པ་ཉིད་ཀྱིས་གཞན་ལ་བསྟན་པར་བྱ་བ་ཡིན་གྱི་
བཀའ་ལུང་གིས་ཅི་བྱ། དེས་ན་དེ་ལྟར་མི་དཔྱོད་པ་ཇི་ལྟར་རྟོག་པ་དང་ལྡན་པ་ཡིན། རིགས་པ་མི་འདོད་ན་ཡང་མ་རྨོངས་པ་ཅི་ལྟར་འགྱུར། དེས་ན་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་ལུང་དུ་དོན་མཐོང་བས་ནའོ། །སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པའི་རང་
เล่ม ๑๘๔ · หน้า 153b
བཞིན་ནོ། །དེའི་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུའིའོ། །དེ་བརྟགས་པས་ཞེས་བྱ་བ་ནི་འབྲས་བུར་གྱུར་པའི་སྡུག་བསྔལ་བ་དང་། མི་རྟག་པ་ལ་སོགས་པ་བརྟགས་པས་སོ། །ཅིའི་དོན་དུ་ཞེ་ན། བཟློག་པར་རུང་བ་ཉིད་དུ་ཞེས་སྨྲས་སོ། །གང་ཞིག་དེ་མེད་པར་མི་
འགྱུར་བ། བཟློག་པར་རུང་བ་ཉིད་དུ་རྟོག་པ་ལ་དགོས་པ་ཅི་ཡོད་སྙམ་ན། བཟློག་པར་རུང་བ་ཉིད་དུ་ཞེས་གསུངས་སོ། །འབྲས་བུ་རྒྱུ་མེད་པ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྟག་པའི་རྒྱུ་ཅན་མི་ལྡོག་པ་ཇི་ལྟར་ཞེ་ན། རྒྱུ་དང་བྲལ་བ་མེད་པར་ནི་ཞེས་གསུངས་སོ། །
དེ་བས་ན་འབྲས་བུ་མེད་པ་དང་། རྟག་པའི་རྒྱུ་ཅན་ནི་ལྡོག་པ་མ་ཡིན་ནོ། །འོ་ན་ནི་རྒྱུ་དང་བཅས་པ་ཇི་ལྟར་ལྡོག་སྙམ་ན། རྒྱུ་ཡིས་བྱས་པའི་ཞེས་སྨོས་སོ། །འོ་ན་མི་རྟག་པའི་རྒྱུ་ཅན་ཉིད་ལ་བརྟགས་པས་ཅི་བྱ་ཞེ་ན། མི་རྟག་རྒྱུ་ཅན་ཞེས་གསུངས་སོ། །སྡུག་བསྔལ་
དེའི་རྒྱུ་ནི་ཀུན་འབྱུང་གི་བདེན་པ་གང་ཡིན་པའོ། །དེའི་མི་རྟག་པ་ཉིད་དུ་རྟག་པ་མཛད་དོ། །རྒྱུ་ནི་སྡུག་བསྔལ་གྱི་རྒྱུ་གནས་ནའོ། །སྡུག་བསྔལ་གྱི་མཚན་ཉིད་ཀྱི་འབྲས་ལྡོག་གོ། །འོ་ན་སྡུག་བསྔལ་གྱི་རྒྱུའི་མི་མཐུན་པའི་ཕྱོགས་བཅུའི་ཕྱིར་རྟོགས་པར་བྱེད་སྙམ་ན།
དེ་རྒྱུ་གཞོམ་ཕྱིར་ཞེས་བྱའོ་སྙམ་དུ་དགོངས་པར་འགྱུར་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་བློ་མངའ་བར་འགྱུར་བའོ། །བྱུང་བ་ནི་ཞེས་བྱ་བ་ནི་རྒྱུན་གྱིས་འཇུག་པར་འགྱུར་བ་ནིའོ། །གཉེན་པོ་མེད་ཀྱང་རྒྱུ་མེད་པར་འགྱུར་བའི་ཕྱིར་གཉེན་པོས་ཅི་བྱ་སྙམ་ན། གཉེན་པོ་མེད་པར་ནི་ཞེས་
སྨོས་སོ། །གཉེན་པོ་མེད་ཀྱང་སྡུག་བསྔལ་གྱི་རྒྱུ་མེད་པར་འགྱུར་རོ་ཞེས་ནི་མི་རིགས་སོ། །དེ་ལྟ་མ་ཡིན་ན་མེའི་གཉེན་པོ་མེད་པས་ན་རྒྱུ་མེད་པ་ཅན་དུ་འགྱུར་བའི་རྟག་ཏུ་སྡུག་བསྔལ་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་རྒྱུ་མེད་པ་ཉིད་ལས་ཞེས་
བྱ་བ་ནི་གཞན་གྱི་དོགས་པ་བསུ་བའོ། །རྒྱུ་མེད་པ་ཉིད་ལས་སྡུག་བསྔལ་ལྡོག་མོད་འདི་ལ་གཉེན་པོ་ལ་བརྟེན་པས་ཅི་ཞིག་བྱ་ཞེས་བྱ་བའོ། །གང་ཞིག་འདི་སྐད་བརྗོད་པ་ཞིག་དེ་ལྟར་འདོད་པ་ཡོད་དམ་ཞེ་ན། ལས་ཟད་པ་ཉིད་ལས་ཞེས་གསུངས་སོ། །ལས་ཟད་པ་ཡང་
เล่ม ๑๘๔ · หน้า 154a
དཀའ་ཐུབ་ཀྱི་སྙོན་རྨོངས་པ་ལས་སོ། །གྲུབ་པའི་མཐའ་སྨྲ་བས་བཤད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ལས་གཅིག་ཁོ་ནར་ཟད་ན་ནི་དེའི་ཚེ་སྤྱད་པས་ཟད་པ་ཞིག་ཏུ་ཡང་འགྱུར་བ་ཡིན་ན། འོན་ཀྱང་མ་རིག་པའི་མཚན་ཉིད་ཀྱི་རྒྱུ་མ་ཟད་ན།
ལས་གཞན་དང་གཞན་སྐྱེ་བ་འཕེན་ཏོ་ཞེས་བྱ་བའི་དོན་ཏོ། །ལས་དང་སྡུག་བསྔལ་གྱི་རྒྱུན་ནི་མ་རིག་པ་ཡིན་ལ། མ་རིག་པ་ཡང་གཉེན་པོ་མེད་པར་མི་ལྡོག་གོ། །དེ་ལྟར་འདིས་ནི་ལམ་གྱི་བདེན་པ་འཕངས་པ་ཡིན་ནོ། །སྔར་གྱི་རྒྱུ་ཡང་ཕྱིར་ཞེས་བྱ་བས་ནི་བདེན་པ་
གསུམ་འཕངས་པ་ཡིན་ནོ། །དེ་དག་གི་རབ་ཏུ་སྤྲོས་པ་ནི་མདུན་བསྟན་པར་འགྱུར་རོ། །སྐྱོན་མེད་དོ་ཞེས་བྱ་བ་ནི་ལམ་ལ་མ་ལྟོས་པའི་མཚན་ཉིད་ཉིད་སྐྱོན་ནོ། །དེས་ན་ཞེས་བྱ་བ་ནི་དུ་མའི་རང་བཞིན་ཡིན་པས་ནའོ། །རྒྱུ་ཡིན་ཞེས་བྱ་བས་ནི་སྐབས་ཀྱི་སྡུག་བསྔལ་གྱིས་
བདག་ཉིད་ལ་གདུང་བར་བྱས་པས་ན་ཞེས་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་རྒྱུ་མེད་པར་གཞན་ལ་བྱམས་པ་ལའོ། །ཇི་སྟེ་དེ་ལྟ་བུ་མཐོང་ངམ་སྙམ་ན། བདག་གི་བ་ལ་ཞེས་སྨོས་ཏེ། བུ་ལ་སོགས་པ་ལའོ། །མངོན་པར་ཞེན་པ་ནི་ཤིན་དུ་བྱམས་པས་ཀུན་འཛིན་པའོ། །
ཕྱེད་ཕྱི་མ་ཉིད་རྣམ་པར་འཆད་པ་ནི་བུ་ལ་ཞེས་སྨོས་སོ། །དེའི་ཕྱིར་ཆགས་པ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །དེའི་ཕྱིར་ཆགས་པ་འོ་ན་ཆགས་པ་གང་ནས་བྱུང་སྙམ་ན། བདག་དང་བདག་གི་བ་ལ་ཆགས་པ་ཡང་ཞེས་གསུངས་སོ། །འཇིག་ལ་ལྟ་བ་ནི་འཇིག་ཚོགས་ལ་
ལྟ་བ་གཞན་དང་གཞན་ཐོག་མ་ཅན་གྱིས་བསྐྱེད་པ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་བརྒྱུད་པས་རྒྱུ་ཡིན་པ་ནའོ། །འཇིག་པས་ན་འཇིག་སྟེ། དེ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་ན་འཇིག་ཚོགས་སོ། །དེར་ལྟ་བ་ནི་འཇིག་ཚོགས་སུ་ལྟ་བས་ཏེ། བདག་ཏུ་འཛིན་པའོ། །
གནོད་པར་བྱེད་པ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་ཚོགས་སུ་ལྟ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་དང་། བདག་མེད་པར་མཐོང་བ་ནི་དེ་དང་མི་མཐུན་པའི་ཕྱིར་རོ། །འདི་ལ་འགལ་བ་ཅི་ཡོད། གལ་ཏེ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་
เล่ม ๑๘๔ · หน้า 154b
ན་དེའི་ཚེ་ཆོས་ཀྱི་འགལ་བ་ཡིན་པས་ན་བདག་ཏུ་རྟོག་པ་དང་བདག་མེད་པར་རྟོག་པའི་དངོས་པོ་གཉིས་ལ་དེའི་སྐབས་མེད་པ་ཁོ་ནའོ། །འདི་ནི་བདག་ཏུ་རྣམ་པར་རྟོག་པ་ཉིད་དང་། བདག་མེད་པར་རྣམ་པར་རྟོག་པ་ཉིད་གཉིས་ལས་འགྱུར་བ་ཡིན་ན། འོན་ཀྱང་རྣམ་པར་
རྟོག་པ་གཉིས་ནི་རྣམ་པར་གཞག་པ་ཙམ་དུ་འགྱུར་ལ། དེ་ཙམ་གྱིས་ནི་གཅིག་གིས་གཞན་ལྡོག་པར་མི་འགྱུར་རོ། །འདི་ནི་དངོས་པོ་གཉིས་ཀྱི་ལྷན་ཅིག་མི་གནས་པའི་འགལ་བྱའི་བྱེད་པ་ཡིན་ནོ། །དེ་ཁས་ལེན་ན་ནི་གྲང་བ་དང་ཚ་བའི་རེག་པ་བཞིན་དུ་སྐད་ཅིག་ཀྱང་ལྟན་
ཅིག་གནས་པར་ཐལ་ལོ། །གཉི་གས་ནུས་པ་མེད་པའི་སྐད་ཅིག་སྐྱེ་བ་ལ་གདོན་མི་ཟ་བར་ལྟོས་པར་བྱའོ། །གལ་ཏེ་སྐད་ཅིག་ཀྱང་ལྷན་ཅིག་གནས་པ་མེད་པའི་ཕྱིར་ཆེར་ཤིན་དུ་འགལ་བ་མ་ཡིན་སྙམ་ན། རྣམ་པར་རྟོག་པ་ཐམས་ཅད་ཕན་ཚུན་འགལ་བར་ཐལ་བའི་ཕྱིར་
དང་། འགལ་བ་གསུམ་པ་རྣམ་པར་གནས་པར་ཐལ་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་བདག་ཡོད་པ་དང་མེད་པ་དག་ནི་ཕན་ཚུན་སྤངས་ཏེ་ཁོ་ནའི་འགལ་བ་ཡིན་ནོ། །རྣམ་པར་རྟོག་པ་གཉིས་ལ་ནི་དེ་སྒོ་ཉིད་ནས་འདོགས་པ་ཡིན་ཏེ། དེ་ལ་ངེས་པའི་ཕྱིར་རོ། །འོ་ན་དེ་
མེད་པ་ལ་མི་འཁྲུལ་པའི་སྒོ་ཅན་གྱི་མི་འགལ་བར་འགྱུར་རོ་སྙམ་ན་མ་ཡིན་ཏེ། ཉེ་བར་བཏགས་པ་ཙམ་དང་ཁས་ལེན་པའི་ཕྱིར་རོ། །མེད་པ་ལ་མི་འཁྲུལ་གཞན་ལ་ཡང་ཉེ་བར་བརྟགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །འགལ་བ་ནི་ལྷན་ཅིག་གནས་
པ་དགག་པའི་ཕྱིར་རོ། །དོན་དུ་གཉེར་བ་ཡིན་ལ་བུམ་པ་དང་སྣམ་བུ་དང་། གཟུགས་དང་རོ་ལ་སོགས་པ་ལ་ནི་ལྷན་ཅིག་གནས་པ་ཡོད་པའི་ཕྱིར་ཉེ་བར་བཏགས་པས་ཅི་བྱ། འདིར་ནི་བདག་ལ་སོགས་པ་མེད་པར་བརྟན་པར་བྱས་པ་ན་ཡོད་པའི་རྣམ་པར་རྟོག་པའི་གོ་སྐབས་མེད་ལ།
ཡོད་པ་ལ་ཡང་མེད་པའི་རྣམ་པར་རྟོག་པའི་གོ་སྐབས་རྣམ་གྲངས་ཀྱིས་ཀྱང་མི་སྲིད་དོ། །ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་ནི་རྣམ་གྲངས་ཀྱིས་མི་འགལ་ལོ། །དེས་ན་རྣམ་པར་རྟོག་པ་འགལ་བར་ཐལ་བ་མེད་པ་སྟེ། དེའི་ཕྱིར་ཅི་ལྟར་བཏགས་པར་ཤེས་པའི་ཡོད་པའི་མེད་
เล่ม ๑๘๔ · หน้า 155a
པའི་ཡུལ་གྱི་སྒོ་ནས་ཐ་སྙད་དུ་བྱེད་པ་དེ་བཞིན་དུ་འགལ་བ་ཡང་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ལྷན་ཅིག་མི་གནས་པའི་ཐ་སྙད་ཀྱང་མི་མཐུན་པ་མ་ཡིན་ཏེ། དངོས་པོའི་བློ་འཇུག་པ་ཉིད། བག་ཆགས་ཀྱི་མཚན་ཉིད་རྒྱུ་མི་མཐུན་པ་སྐྱེད་པ་ལས་དངོས་པོ་
མེད་པའི་བློས་རྒྱུན་གཅོད་པ་ཡིན་ནོ། །དེ་ལ་གལ་ཏེ་རྣམ་པར་རྟོག་པའི་བློ་གཉིས་གཅིག་གི་ཚེ་ཉེ་བར་གནས་པ་མེད་པར་བརྗོད་པར་དེ་ལྟ་ན་ཡང་དངོས་པོའི་རྣམ་པར་རྟོག་བསྐྱེད་པའི་བག་ཆགས་དང་དངོས་པོ་མེད་པའི་རྣམ་པར་རྟོག་བསྐྱེད་པའི་བག་ཆགས་དང་དངོས་པོ་མེད་པའི་རྣམ་
པར་རྟོག་པ་ཅིག་ཅར་འཕྲད་པ་ཡིན་པའི་ཕྱིར་ནུས་པ་མེད་པའི་སྐད་ཅིག་སྐྱེད་པར་མི་འགལ་ལོ། །འོན་ཏེ་ཡང་དེའི་ཚེ་མེ་ལས་གྲང་བ་ལྟར། དེའི་ཚེ་གསལ་བའི་དངོས་པོ་མེད་པའི་རྣམ་པར་རྟོག་པ་ལས་ཐ་དད་པ་བག་ཆགས་ཞེས་བྱ་བའི་རྗེས་ནི་ཡོད་པ་མ་ཡིན་ཏེ་དེའི་ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་གང་དང་
གང་ལྷན་ཅིག་ཏུ་འབྱུང་སྙམ་ན། དེ་ཁོ་ནར་ནི་འདི་དེ་བཞིན་ཉིད་ཡིན་ནོ། །འོན་ཀྱང་ཆོས་ཅན་སེམས་ཀྱི་རྒྱུ་གཅིག་བཞིན་དུ་རྟོགས་པས་བག་ཆགས་ལོགས་སུ་བསྟན་པ་ན། དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་། ལྷན་ཅིག་འབྱུང་བ་ཉིད་དུ་བསྙད་པ་ཡིན་ནོ། །དེ་ཙམ་
གྱིས་ཀྱང་ལྷན་ཅིག་མི་གནས་པའི་འགལ་བར་བརྗོད་པ་ཡིན་ཏེ། དཔེར་ན་དུ་བ་ལས་བྱུང་བའི་མེའི་བློ་ལ་མེར་ཐེ་ཚོམ་ཟ་བ་དང་འགལ་བར་བརྗོད་པ་བཞིན་ནོ། །གང་གིས་ཧ་ཅང་ཐལ་བར་འགྱུར་བ་སྔོན་པོའི་རྣམ་པར་རྟོག་པ་ཡང་དེའི་བག་ཆགས་མི་མཐུན་པར་བྱེད་ནུས་པ་མ་ཡིན་
ལ། དེས་ན་སྡུག་བསྔལ་བཅད་པ་ཡང་མ་ཡིན་ནོ། །དེས་ན་ཉིད་ཀྱིས་ཐ་སྙད་གྲགས་པ་ལ་བརྟེན་ནས་རྣམ་པར་མ་དཔྱད་པར་རྣམ་པར་རྟོག་པ་རྣམས་ཕན་ཚུན་འགལ་བར་བརྗོད་པས་ན་ཉེས་པ་མེད་དོ། །འདི་ཉིད་བརྗོད་པ་ནི། དེ་དང་རྣམ་པར་འགལ་བའི་ཞེས་བྱ་བའོ། །
དེའི་ནི་འཇིག་ཚོགས་སུ་ལྟ་བའིའོ། །དེ་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་རྟོག་པར་མཛད་ཅེས་བྱ་བ་དེའི་འབྲས་བུ་བརྗོད་པ་ནི། མི་རྟག་པ་ཡིན་པས་ལྡོག་པ་ཡིན་ནོ་ཞེས་བྱ་བའོ། །རྟག་པའི་བཟློག་པར་མི་ནུས་སོ་ཞེས་བརྗོད་ཟིན་ཏོ། །འཆི་བ་ལ་སོགས་པས་སྡུག་
เล่ม ๑๘๔ · หน้า 155b
བསྔལ་བ་གང་ཡིན་པ་དེར་ཇི་ལྟར་མི་འགྱུར། དེ་མེད་པའི་ཕྱིར་ན་བདག་དང་བདག་ཏུ་འཛིན་པའི་སྒོ་ཅན་གྱི་སྡུག་བསྔལ་གང་ཡིན་པ་ཉིད་མེད་པར་འགྱུར་མོད་སྙམ་དུ་བསམས་པའོ། །གོམས་པ་ལས་སྐྱེས་པའི་དྲན་པ་གསལ་བ་གང་ལ་ཡོད་པ་སྟེ། རྗེས་སུ་སྒྲུབ་པར་
བྱེད་པའི་སེམས་ཀྱི་རྒྱུན་དེའི་ཡིན་ནོ། །འདི་ནི་བདག་མེད་པར་གོམས་པ་འཕེལ་བར་གྱུར་པའི་གནས་སྐབས་ན་ཡིན་ནོ། །གནོད་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་སྒྲུབ་པར་བྱེད་པ་ནི་མཚམས་སྦྱོར་བ་ཞེས་བྱ་བའོ། །དེ་ཉིད་ནི་ངའོ་
ཞེས་མཚམས་སྦྱོར་བ་ཡང་ཡིན་ལ། ཀུན་དུ་འཛིན་པ་ཞེས་བྱ་བ་མངོན་པར་དགའ་བ་ཡང་ཡིན་ནོ་ཡང་མཚམས་སྦྱོར་བར་ཡོད་ན་ཀུན་དུ་འཛིན་པ་གང་ཡིན་པའོ། །དེ་མེད་པར་ནི་གདུང་བར་འགྱུར་བ་མ་ཡིན་ནོ། །འདི་སྙམ་དུ་སྡུག་བསྔལ་བར་མི་འགྱུར་མོད། དེ་གོ་ཇི་ལྟར་
བཟློག་སྙམ་ན། གང་ལ་ཞེས་སྨོས་སོ། །གང་ལ་ཞེས་མངོན་པར་དགའ་བའི་རྒྱུ་ཞེས་བྱ་བ་ནི་མངོན་པར་དགའ་བའི་ཡུལ་ལོ། །གལ་ཏེ་དེ་ལྟ་ཡིན་མོད། དེ་ལྟ་ན་ཡང་རྩོད་པ་ཇི་ལྟར་སྤངས་པར་སྙམ་ན། ཐ་མལ་བར་གོམས་པར་བྱས་པ་ནི་ཞེས་སྨོས་སོ། །དེ་གོམས་
ན་དེ་ཉིད་ལ་མངོན་པར་དགའ་བའི་ཕྱིར་བདེ་བ་དང་སྡུག་བསྔལ་དག་ཡོད་པ་མ་ཡིན་ནོ། །གལ་ཏེ་ཚུལ་འདི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་ནམ། དེས་ན་བཅོམ་ལྡན་འདས་ལ་ཁྱད་པར་དུ་འཕགས་པ་ཅི་ཡོད་སྙམ་དུ་དོགས་པ་བསུ་ནས། ཤིན་དུ་ཞེས་གསུངས་
སོ། །ལུས་དང་ལོངས་སྤྱོད་དག་གི་གནོད་པར་བྱེད་པ་ཡོད་ཀྱང་གདུང་བར་མི་འགྱུར་རོ་ཞེས་སྦྱར་རོ། །གང་གི་ཚེ་ཞེ་ན། ཤིན་དུ་སེམས་ཅན་དུ་ལྟ་བ་ལོག་པའི་དུས་ནའོ། །བག་ཆགས་དང་བཅས་པའི་བདག་ཏུ་ལྟ་བ་ལོག་པའི་ཕྱིར་བཏང་སྙོམས་པ་གང་ཡིན་པ་དེ་དག་ལ་ཡང་། ལུས་
དང་གཞན་ལ་ཤིན་དུ་གནོད་པར་བྱེད་པ་ཡོད་ཀྱང་རུང་བར་མི་འགྱུར་བ་ཉིད་དོ། །དེ་པ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཤིན་དུ་སེམས་ཅན་དུ་ལྟ་བ་ལོག་པའོ། །བཤད་པའི་རྒྱུ་བསྟན་པའི་སྒོ་ནས་སྨྲས་པའོ། །སྐབས་ཀྱིས་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་
เล่ม ๑๘๔ · หน้า 156a
ཏེ་ཞེས་བྱ་བ་ཡིན་ནོ། །དེ་བརྗོད་པའི་ཚིག་དེ་གང་ཡིན་ཞེ་ན། རྣམ་པ་དུ་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་པ་ནི་རབ་ཏུ་རྟོགས་པའོ། །དེ་རྒྱས་པ་ནི་ཤིན་དུ་འཕེལ་བར་གྱུར་པའོ། །རྣམ་པ་མང་པོ་ཞེས་བྱ་བ་ནི་རྣམ་པ་དུ་མར་ཞེས་བཤད་པའོ། །
གཞན་དང་གཞན་ཞེས་བྱ་བ་ནི་མང་པོ་ཞེས་བྱ་བའི་བཤད་པའོ། །དེ་ལ་རྣམ་པ་དུ་མར་ཞེས་བརྗོད་པ་ན། དུས་གཅིག་ཏུ་ཡང་ཞེས་བྱ་བར་རྟོགས་པར་འགྱུར་བས་ན། དེ་རྣམ་པར་གཅད་པའི་དོན་དུ་མང་པོ་ཞེས་སྨྲས་སོ། །ལན་མང་པོ་ཙམ་ནི་དུས་ཆུང་ངུས་ཀྱང་བྱ་བར་ནུས་པས་
དེ་བཅད་པའི་ཕྱིར་ཡུན་རིང་དུས་སུ་ཞེས་གསུངས་སོ། །ཐམས་ཅད་ཀྱི་རྣམ་པ་དེ་ལ་ཡང་། ཁ་ཅིག་ལ་ནི་ཡོན་ཏན་དང་། ཁ་ཅིག་ལ་ནི་ཉེས་པ་གསལ་བར་འགྱུར་རོ། །དེའི་ཚེ་ནི་བདག་མེད་པ་མངོན་དུ་བྱེད་པ་ཉིད་སྐྱེས་པ་ད་ལྟར་དངོས་པོ་གཞན་ཐམས་ཅད་རྟོགས་པ་ལས་
འབད་པ་ནི་བརྩེ་བ་ལས་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་ཅིར་འགྱུར་སྙམ་ན། ཡོན་ཏན་དང་སྐྱོན་ཞེས་གསུངས་སོ། །དེས་ན་བློས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་གཞན་ཡང་བཤད་པ་ནི་དེས་ན་ཞེས་གསུངས་སོ། །
དེས་ན་བཅོམ་ལྡན་འདས་བག་ཆགས་དེ་ལུས་དང་ངག་དང་ཡིད་ཀྱི་མི་མཐུན་པ་སྤངས་པ་ཡིན་ནོ། །ཉེས་པའི་རིགས་ཐམས་ཅད་ཤེས་པར་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ཇི་ལྟ་བུ་ཞིག་སྙམ་ན། ཕྲ་མོ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གསུམ་བརྗོད་དོ། །དེས་ན་ཞེས་བྱ་བ་ནི་
ཤེས་པ་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་འབད་པའི་ཕྱིར་རོ། །འདི་ཉིད་ནི་ཞེས་བྱ་བ་ནི་བག་ཆགས་སྤངས་པའོ། །བསེ་རུ་ལ་སོགས་ཞེས་བྱ་བ་འདིའི་འགྲེལ་པ་ནི། རང་སངས་རྒྱས་དང་ཞེས་བྱ་བའོ། །གཞན་དོན་འཇུག་ཅན་ཞེས་བྱ་བ་འདིའི་བཤད་པ་ནི་བདེ་བར་གཤེགས་པ་
ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ནི་བཤད་པ་གཞན་ཡིན་ནོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་སྡུག་བསྔལ་སྤངས་པ་ཉིད་ཙམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡིན་ནའོ། །ཐབས་ཀྱི་དབྱེ་བ་ནི་རྒྱུ་འབྲས་ཀྱི་རབ་ཏུ་དབྱེ་བའོ། །གལ་ཏེ་དེ་ལྟ་ཡིན་མོད་དེས་ཅིར་འགྱུར་སྙམ་ན།
เล่ม ๑๘๔ · หน้า 156b
དེ་དུས་ཡུན་རིང་པོར་ཞེས་བྱ་བའོ། །རྒྱུ་འབྲས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་མང་པོ་དེ་གོམས་པར་བྱས་པས་ནི་ཇི་ལྟར་དེ་གསལ་ཞེ་ན། གང་ཚེ་ཞེས་སྨོས་སོ། །དེའི་རྗེས་འབྲངས་པས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བ་དྲན་པའི་རྗེས་སུ་འབྲངས་པས་སོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་
འཁོར་བ་པའི་སྐྱོན་ཡོན་ཐབས་དང་བཅས་པ་མཐའ་དག་དག་གོ། །འདི་ལ་དཔེ་བརྗོད་པ་ནི་ཇི་ལྟར་གྲོང་གཞན་ནས་ཞེས་བྱ་བའོ། །དེ་ཡི་འདུ་བྱེད་རྗེས་འབྲེལ་ཅན། །ཞེས་བྱ་བ་ནི། གྲོང་དེར་དངོས་པོ་དེ་དང་དེ་ལ་མངོན་པར་དགའ་བའི་འདུ་བྱེད་དེ་དང་རྗེས་སུ་འབྲེལ་པ་དེ་དག་ལྡན་
པའོ། །དེ་རིག་པའི་ས་ཞེས་བྱ་བ་ནི་གྲོང་གཞན་དུ་སྐྱེད་པའི་འདུ་བྱེད་རིག་པས་སོ། །དེ་བཞིན་དུ་སྐྱེ་བ་གཞན་ནས་འོངས་པའི་སྲོག་ཆགས་ཀྱང་སྐྱེ་བ་གཞན་རིག་པ་སྐྱེ་བ་དྲན་པ་ཅན་གྱིས་ཤེས་པར་འགྱུར་རོ་ཞེས་བལྟ་བར་བྱའོ། །གྲོང་དེ་དང་བརྟེན་པ་དེས་སྐྱེད་པའི་ཁྱད་པར་
གང་ཡིན་པ་སྟེ། སྨྲ་ལུགས་དང་ཟས་ཀྱི་ཁྱད་པར་དང་། མངོན་པར་འདོད་པ་ལ་སོགས་པའི་མཚན་ཉིད་ཅན་དེ་མཐོང་བ་ནའོ། །དེ་རིག་པས་ཞེས་བྱ་བ་ནི་གྲོང་གཞན་དང་སྟོན་པས་བསྐྱེད་པའི་ཁྱད་པར་རིག་པས་སོ། །དེས་ན་ཞེས་བྱ་བ་ནི་གྲོང་གཞན་ནས་སོ། །དེས་ན་ཞེས་བྱ་བ་ནི་
འོངས་པ་ཉིད་དུ་ཤེས་པས་ནའོ། །དོན་ལ་སྦྱར་བ་ནི་དེ་བཞིན་དུ་ཞེས་བྱ་བའོ། །སྐྱེ་བ་གཞན་ཡང་སྐྱེ་བ་དྲན་པས་རྗེས་སུ་དཔོག་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །ཇི་ལྟར་སྙམ་ན། སྐྱེ་བ་གཞན་དེས་བསྐྱེད་པའི་ཁྱད་པར་འདུ་བྱེད་པ་གང་ཡིན་པ་དེའི་རྒྱུ་ཡིན་པ་ཉིད་
ཀྱིས་སོ། །འབྲས་བུར་གྱུར་པའི་འདུ་བྱེད་དེ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །དེ་ལ་བཤད་པ་དང་པོ་ལ། །བཅོམ་ལྡན་འདས་བསེ་རུ་ལ་སོགས་པ་རྣམས་ལས་ཁྱད་པར་ཉེ་བར་བསྟན་པ་བརྗོད་པར་བྱ་བ་ཡིན་ལ། གཉིས་པ་ལ་ནི་ཐམས་ཅད་མཁྱེན་པ་ཉིད་བརྗོད་པར་བྱ་བ་
ཡིན་ནོ། །ཁྱད་པར་ཉེ་བར་བསྟན་པ་ཡང་དེ་ཉིད་གཙོར་བྱེད་པ་ཡང་ཡིན་ནོ། །དེ་ལྟར་སྐྱེ་བ་དྲན་པ་ཉིད་ཡིན་ན། འདུ་བྱེད་རྣམ་པ་སྣ་ཚོགས་ཀྱི་ཐབས་རྣམ་པ་སྣ་ཚོགས་ངེས་པས་ན། དེའི་རྗེས་སུ་འབྲངས་ནས་སྐྱེ་བ་གཞན་ལ་ཡང་། ཁྱད་པར་ཅན་གྱིས་གོམས་པའི་རྒྱུ་
เล่ม ๑๘๔ · หน้า 157a
དང་ལྷན་ཅིག་པའི་སྐྱེ་བ་གཞན་ཡང་ཤེས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ད་ནི་ལས་དང་འབྲས་བུ་འབྲེལ་པ་རྟོགས་པ་ཡང་སྲིད་པར་སྟོན་པ་ནི། ལྐོག་ཏུ་གྱུར་པའི་དོན་སྐྱེ་བ་གཞན་ན་ཡོད་པའི་ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་ལ་
གནས་པའི་སྦྱིན་ལ་སོགས་ཞེས་བྱ་བ་འདི་དང་འབྲལ་ཏོ། །རྣམ་པ་འདི་ཡིས་ནི་སྐྱེ་བ་དྲན་པར་གྱུར་པ་ན་བདག་ཉིད་རང་ལ་སྦྱིན་པ་དང་ལོངས་སྤྱོད་ལ་སོགས་པའི་རྒྱུ་འབྲས་ཀྱི་དངོས་པོ་ཉམས་སུ་མྱོང་བ་ལས། གཞན་ལ་ལོངས་སྤྱོད་ལ་སོགས་པས་སྦྱིན་པ་ལས་ཇི་སྟེ་རྗེས་སུ་མི་
དཔོག་སྟེ། རྗེས་སུ་དཔོག་པ་ཁོ་ནའོ། །འབྲས་བུར་གྱུར་པ་རྗེས་སུ་དཔག་པ་སྐྱེས་པས་ཀྱང་འབྲེལ་པ་ངེས་པ་ཉིད་བསྟན་པར་བྱ་བ་ཡིན་ཏེ། དེ་ངེས་པ་མེད་པར་ནི་དེ་མི་འབྱུང་བའི་ཕྱིར་རོ། །དེ་བརྗོད་པ་ནི་དེ་ལས་ཀྱང་ནི་ཞེས་བྱ་བའོ། །ཡུལ་འདི་དང་ཞེས་བྱ་བ་ནི་ཡུལ་
ལ་སོགས་པ་ལོངས་སྤྱོད་པར་བྱ་བ་དང་ངོ་། །རྣམ་པ་ནི་མདོག་དབྱིབས་སོ། །རང་བཞིན་ནི་སྨྲ་ལུགས་ལ་སོགས་པའོ། །བྱེ་བྲག་གི་རང་བཞིན་ངེས་པར་རྟོགས་པ་ན་ཞེས་བྱ་བ་ནི་ཡུལ་དེ་ན་ཡང་རང་བཞིན་འདི་འདྲ་བ་ཡོད་པ་ཡིན་ལ་གྲོང་དེ་ན་ཡང་ཆ་འགའ་ཞིག་ན་རང་
བཞིན་འགའ་ཞིག་ལྟར་ཡིན་ནོ་ཞེས་བྱ་བར་རོ། །དེ་བཞིན་དུ་བརྩེ་བ་ཆེན་པོའི་ངང་དུ་གྱུར་པ་ལ་ནི་ཐམས་ཅད་དུ་སྐྱེས་པའི་ཕྱིར་དང་། སྐྱེ་བ་དྲན་པས་བརྒྱུད་པས་ན་རིམ་གྱིས་འཕེལ་བ་དང་འགྲིབ་པ་ངེས་པར་བཟློག་པར་དཀའོ། །སོ་སོར་ངེས་པའི་རང་བཞིན་ཐམས་ཅད་
རིག་པས་ན་ཞེས་བྱ་བ་ནི་བྱེ་བྲག་གི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པའི་རང་བཞིན་གང་ཡིན་པ་སྟེ། རགས་པ་དང་ཕྲ་བ་དང་། ཤིན་དུ་ཕྲ་བ་དང་། ཆེས་ཤིན་དུ་ཕྲ་བ་དེའི་རང་བཞིན་ཐམས་ཅད་རིག་པའོ། །ལས་དང་འབྲས་བུ་ལ་སོགས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་
སོགས་པ་ལས་ལོངས་སྤྱོད་ཆེན་པོ་འཐོབ་པ་ལ་སོགས་པ་སྟེ། སྔོན་ཡུལ་འདི་འདྲ་བར་གནས་པ་ལ་སོགས་པས་ནི་མངོན་པར་འདོད་པ་ལ་སོགས་པ་འདི་འདྲ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལྟ་བུར་རོ། །བྱང་གྲོལ་གྱི་ལམ་ནི་ཚད་མས་ངེས་པར་བྱས་ཏེ་མངོན་དུ་བྱས་པ་ཡིན་
เล่ม ๑๘๔ · หน้า 157b
ཏེ། དེ་བས་ན་ཉེ་བར་མཁོ་བའི་ཐམས་ཅད་མཁྱེན་པའི་ཕྱོགས་ཉེ་བར་སྡུད་པ་ནི། མཐོ་རིས་དང་ནི་ཞེས་བྱ་བའོ། །ཙམ་གྱི་སྒྲས་ནི་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་མེད་ཀྱང་ཞེས་བྱ་བར་བསྟན་ཏེ། སྟོན་པ་ནི་སྟོན་པར་མཛད་པ་ཉིད་དོ། །ཐམས་ཅད་ཐམས་ཅད་མཁྱེན་
པའི་དབང་དུ་བྱས་ནས་བཤད་པ་ནི། འགྲོ་བ་མཐའ་དག་ཀྱང་ཞེས་བྱ་བའོ། །འདི་ལྟར་བསམས་པ་ཡིན་ཏེ་རེ་ཞིག་དངོས་པོ་ལྷག་ཏུ་སྤྱོད་པ་ལ་བརྟེན་པ་ཅན་རྣམས་ནི། གཟུགས་དང་རོ་ལ་སོགས་པ་བཞིན་གདོན་མི་ཟ་བར་བརྡ་དངོས་སམ་བརྒྱུད་པས་ཀྱང་རུང་སྟེ། རྒྱུ་དང་འབྲས་
བུའི་དངོས་པོ་དང་། ཚོགས་པ་གཅིག་ལ་རག་ལས་པ་དག་གིས་ཕན་ཚུན་འབྲེལ་པ་ཡིན་ནོ། །དེ་བཞིན་དུ་འགའ་ཞིག་བར་གཅོད་དང་བཅས་པ་ཡིན་ཡང་། འགའ་ཞིག་ཉེ་བ་དང་བཅས་པ་ཡིན་ནོ། །དེ་དག་དང་ལྷན་ཅིག་འབྲེལ་པ་ན། གང་དག་དང་བར་ཆོད་པ་ཅན་དེ་དག་དང་
ཡང་འབྲེལ་པར་འགྱུར་ཏེ། འབྲེལ་པ་དང་འབྲེལ་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་དང་ཡང་ཡིན་ནོ། །དེ་བས་ན་ཐམས་ཅད་ཀྱང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོས་ཕན་ཚུན་ཉེ་བར་འབྲེལ་ཏོ། །སྐྱེ་བ་བརྒྱུད་པར་གོམས་པས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཐུགས་
གསལ་བར་གྱུར་པ་ཡིན་ཏེ། དེས་ན་གཅིག་རང་བཞིན་ངེས་པ་ན་ཡང་དངོས་པོ་མཐའ་དག་དང་། རྣམ་པ་ཐམས་ཅད་རྗེས་སུ་དཔག་པ་བཟློག་ཏུ་མེད་དོ། །དེས་ན་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མཁྱེན་པ་ཉིད་དོ། །དོན་ཏེ་ཞེས་བྱ་བ་ནི་
གཞན་གྱིའོ། །ལན་གྱི་དོན་ནི་འདི་ཡིན་ཏེ། རྣམ་པ་གཅིག་ལ་དམིགས་པའི་རྗེས་སུ་དཔག་པ་ལ་ནི་མི་གསལ་བ་ཉིད་དང་དོན་ལ་མ་རིག་པ་ཉིད་ལྡན་པ་ཡིན་གྱི། རྣམ་པ་ཐམས་ཅད་ཡོངས་སུ་འཛིན་པ་ལ་དངོས་པོ་ཉིད་སྣང་བ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པ་བཞིན་ནོ། །
དབང་པོའི་རྣམ་པར་ཤེས་པ་ལ་ཡང་རྣམ་པ་ཐམས་ཅད་སྣང་བ་ལས་གསལ་བའི་དོན་གཞན་ནི་མ་ཡིན་ཏེ། དེ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་ན་ཇི་ལྟར་དབང་པོའི་མངོན་སུམ་རྣམ་པ་ཐམས་ཅད་འཛིན་པ་ཉིད་ཀྱིས་དངོས་པོའི་ཡུལ་ཅན་དང་། མ་འཁྲུལ་
เล่ม ๑๘๔ · หน้า 158a
བ་ཡིན་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་དང་དེ་ལ་ཐ་དད་པ་ཡོད་པ་མ་ཡིན་ཏེ། འོན་ཀྱང་མངོན་སུམ་དང་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མངོན་སུམ་ནི་དབང་པོ་ལ་
བརྟེན་པ་ཡིན་ལ། འདི་ནི་ཡིད་མ་ཡིན་ནམ། དེས་ན་ཇི་ལྟར་མཚུངས་པ་ཡིན་སྙམ་ན། དབང་པོ་དང་ནི་འབྲེལ་པས་ཀྱང་། །ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པ་ལས་སོ། །དེ་ཡོད་དོ་ཞེ་ན་ནི་དེ་ཙམ་ཉིད་ཀྱིས་དོན་མངོན་
དུ་བྱེད་པས་མངོན་སུམ་ཉིད་དུ་གྲུབ་པའི་ཕྱིར། དབང་པོ་དང་འབྲེལ་པའི་སྒྲ་ནི་གཞན་ལ་རབ་ཏུ་གྲགས་པས་ཡིན་ནོ། །དབང་པོའི་བྱེད་པ་ལ་ལྟོས་པས་ཅི་བྱ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ། ཅི་ཤེས་པ་ཉིད་གཅིག་ཡིན་ནམ་འོན་ཏེ་དུ་མ་
ཡིན། རེ་ཞིག་གཅིག་ནི་མ་ཡིན་ཏེ། རྣམ་པ་སོ་སོ་ལ་རྟགས་གཞན་དང་གཞན་གྱིས་བསྐྱེད་པར་བྱ་བ་ནི་རྗེས་སུ་དཔོག་པ་གཅིག་ཏུ་འོས་པར་ཇི་ལྟར་འགྱུར། འདི་འདྲ་བའི་རྒྱུ་ལས་སྐྱེས་པར་ངེས་པ་ཉིད་ནི་འདི་འདྲ་བའི་འབྲས་བུ་བྱེད་པར་ངེས་པ་མ་ཡིན་ནོ། །འོན་ཏེ་དེ་མ་
ཡིན་ན་དེ་ཡང་ཅིག་ཅར་རིམ་གྱིས་འབྱུང་བ་ཞིག་ཡིན་ཏེ། རེ་ཞིག་རྣམ་པར་རྟོག་པ་རྣམས་ལ་ནི་ཅིག་ཅར་འབྱུང་བ་མི་སྲིད་དོ། །རིམ་གྱིས་ཡིན་ན་ནི་རྣམ་པར་རྟོག་པ་རྣམས་སོ་སོར་དམིགས་པ་རེ་རེ་ལ་དམིགས་པའི་ཕྱིར། རྣམ་པ་ཐམས་ཅད་སྤྱོད་ཡུལ་དུ་བྱེད་པའི་མངོན་
སུམ་ལས་ཐ་མི་དད་པར་མི་འགྱུར་རོ། །མ་འཁྲུལ་པ་ཙམ་གྱིས་ནི་མངོན་སུམ་མ་ཡིན་གྱིས་འོན་ཀྱང་རྟོགས་པ་མེད་པར་གྱུར་ནའོ། །དེས་ན་ཇི་ལྟར་རྗེས་དཔག་རྣམ་པར་རྟོག་པ་མངོན་སུམ་ཉིད་མ་ཡིན་ཞེ་ན། འདི་ལ་སྨྲས་པ་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པའི་སྒྲས་རྗེས་སུ་
དཔོག་པ་ཉིད་ནི་བརྗོད་པར་འདོད་པ་མ་ཡིན་གྱི། འོན་ཀྱང་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་ནས་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་གོམས་པ་བརྒྱུད་པ་ལས་སྐྱེས་པ་རྣམ་པར་རྟོག་པ་མེད་པའི་ཡིད་རྣམ་པ་ཐམས་ཅད་མངོན་སུམ་བྱེད། སྐད་ཅིག་སོ་སོ་ཞིང་རེ་རེར་གྱུར་པ། །
เล่ม ๑๘๔ · หน้า 158b
རྣམ་པ་ཐམས་ཅད་ལ་རྣམ་པར་རྟོག་པ་སྐྱེད་པ་དང་། དེ་དང་རྗེས་སུ་མཐུན་པའི་ཐ་སྙད་འཇུག་པར་རུང་བ་ཉིད་འདོད་པ་ཡིན་ཏེ། ཟོར་ཡང་བའི་ཕྱིར་རོ། །ཐབས་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་པར་བསྟན་པ་ཡང་འདི་སྐད་བསྟན་པའི་འབྲས་བུ་ཡིན་ནོ། །དེ་སྐད་
དུ་ཡང་ཇི་ལྟར་རྗེས་སུ་དཔག་པས་དེ་འདས་པ་དང་མ་འོངས་པ་ལ་སོགས་པ་ཉིད་དུ་རྟོགས་པ་དེ་བཞིན་དུ་རྗེས་སུ་དཔག་པ་དེས་སྐྱེས་པའི་མངོན་སུམ་ཡང་ཡིན་ནོ། །དེ་སྐད་དུ་ཡང་ཇི་ལྟར་རྗེས་སུ་དཔག་པ་དེས་བསྐྱེད་པའི་མངོན་སུམ་ཉིད་གཞན་དུ་རྟོགས་པ་ནི་མ་ཡིན་ནོ་ཞེས་འཆད་པར་
འགྱུར་རོ། །དེའི་ཕྱིར་བརྗོད་པའི་སུན་འབྱིན་པ་མེད་དོ། །གལ་ཏེ་དེ་ལྟར་དེ་རྣལ་འབྱོར་གྱི་མངོན་སུམ་ཉིད་ཡིན་ན་དེ་ནི་མངོན་སུམ་ལས་གཞན་མིན་ཞེས་ཅི་ལྟར་བརྗོད་ཅེ་ན། དེའི་ངོ་བོ་ཡོངས་སུ་མ་རྫོགས་པར་དགོས་པ་ན་བརྗོད་ལུགས་འདི་འདྲ་བ་ཡིན་ནོ། །དཔེར་ན་འདི་
བྲམ་ཟེ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེ་ན། བདེན་ཏེ་འོན་ཏེ་དབང་པོ་རྣམས་ཡོད་པ་དང་ཕྲད་ན་སྐྱེས་བུས་བློ་སྐྱེས་པ་དེ་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བར་གཞན་གྱི་ལུགས་ལ་ལྟོས་ན་མ་རྫོགས་པར་དོགས་པར་ཡོད་པ་ཉིད་དོ། །དེ་ཉིད་སྟོན་པ་ནི་གལ་ཏེ་དབང་པོ་ལ་ཞེས་
བྱ་བའོ། །པྲ་ཏེའི་སྒྲ་ནི་མཚན་ཉིད་ཀྱི་དོན་ཡིན་ལ། འདིར་མཚན་ཉིད་ཀྱི་དོན་ཀྱང་རྟེན་གྱི་དོན་དུ་རྟོགས་པར་བྱ་བ་ཡིན་ནོ། །དབང་པོ་ལ་རྟེན་པར་བྱེད་པའི་བློ་ནི་དབང་པོ་མཚོན་པར་བྱེད་པ་ཁོ་ནའོ། །པྲ་ཏེ་ཀྵའི་སྒྲ་ལ་ཡོད་པའི་པྲ་ཏེ་ནི། རྟེན་པའི་དོན་ཏེ། རྟེན་པའི་དོན་ཏོ་ཞེས་བྱ་
བའོ། །དོན་ཡིན་པའི་ཕྱིར་ན་དབང་པོ་ལ་བརྟེན་པ་ཞེས་བྱ་བའི་ངག་བརྗོད་པ་ཡིན་ནོ། །ལན་དུ་འདི་ནི་ཞེས་བྱ་བའོ། །དབང་པོ་ལ་བརྟེན་པ་ཉིད་མངོན་སུམ་གྱི་རང་བཞིན་ནི་མ་ཡིན་ནོ། །འོ་ན་རང་བཞིན་གང་ཡིན་སྙམ་ན། འོན་ཀྱང་ཞེས་གསུངས་སོ། །འདི་ཉིད་ནི་རྟོག་པ་དང་
བྲལ་ཞིང་མ་འཁྲུལ་པའི་མཚན་ཉིད་དག་གོ། །མངོན་སུམ་ཞེས་ཐ་སྙད་འདོགས་པའམ། འདོགས་སུ་འཇུག་པ་ཡིན་ནོ། །དེས་ན་མཚན་ཉིད་ནི་རང་བཞིན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཉེ་བར་མཚོན་པ་ཙམ་ནི་སྐབས་ཀྱིས་མངོན་དུ་བྱེད་པ་ཉིད་ཀྱིའོ། །དེས་ན་དབང་པོ་
เล่ม ๑๘๔ · หน้า 159a
དང་འབྲེལ་པ་མེད་ཀྱང་མངོན་དུ་བྱེད་པ་ཙམ་གྱིས་མངོན་སུམ་གྱི་སྒྲ་འཇུག་པར་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དབང་པོའི་རང་བཞིན་ངེས་པ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་དོན་མངོན་དུ་བྱེད་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་
ཞེས་བསྟན་པའི་དོན་ཏོ། །གཞན་ཡང་ཞེས་གསུངས་སོ། །རབ་རིབ་ལས་བྱུང་བ་ལ་ནི་དབང་པོའི་བྱེད་པ་ཡོད་པ་ཡིན་ན། དངོས་པོའི་རང་བཞིན་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་དབང་པོ་ལ་བརྟེན་པ་ཙམ་གྱིས་མངོན་སུམ་ཡིན། དེ་ནི་ཞེས་བྱ་བ་ནི་
གཞན་གྱི་དོགས་པ་བསུ་བའོ། །དེ་ཉིད་དུ་ཐལ་པ་ནི་དབང་པོ་ཉིད་དུ་ཐལ་བའོ། །ཡིད་ཀྱང་ཞེས་བྱ་བ་ནི་གསལ་བ་མངོན་དུ་བྱེད་པའི་མངོན་སུམ་སྐྱེ་བ་སྟེ། རྣམ་པ་ཐམས་ཅད་གོམས་པའི་མཐར་ཐུག་པའི་གནས་པ་དེའོ། །ཡིད་དེ་ནི་དོན་གསལ་བར་ཤེས་པའི་རྒྱུ་ཡིན་
པའི་ཕྱིར་དབང་པོ་ཡང་ཡིན་ལ། ལྡོག་པ་གཞན་ལས་དེ་མ་ཐག་པའི་རྐྱེན་ཡང་ཡིན་པ་ལ་འགལ་བ་ཅི་ཡོད། འོན་ཏེ་དབང་པོས་བསྐྱེད་པ་ཙམ་གྱིས་ནི་མངོན་སུམ་དུ་མི་སྨྲའོ། །འོན་ཀྱང་ཡོད་པ་དང་ཕྲད་ན་སྐྱེས་པའོ། །དེས་ན་ཇི་ལྟར་ཉམས་པ་ལ་ཐལ་བར་འགྱུར་སྙམ་ན།
འདི་ལྟར་བསམས་པ་ཡིན་ཏེ། དེའི་ཚེ་ཡང་ཟླ་བ་གཅིག་དང་ལྷན་ཅིག་ཕྲད་པ་ཡོད་པ་ཉིད་པས་ཇི་ལྟར་སྤོངས། འོན་ཏེ་གང་ཞིག་སྣང་བ་དེ་དང་ལྷན་ཅིག་ཕྲད་པ་བརྗོད་པར་འདོད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་ཡོད་པ་ཟླ་བ་གཅིག་དང་འབྲེལ་པའི་ཕྱིར་ཟླ་བ་གཉིས་སུ་ཤེས་
པ་ཉིད་མི་འཐད་དོ། །དེ་བས་གདོན་མི་ཟ་བར་འདི་སྐད་བརྗོད་དགོས་ཏེ། དེ་ནི་དབང་པོ་ཉིད་མ་ཡིན་ཏེ། ཡོང་བའི་ཟླ་བ་གཅིག་དང་ཕྲད་ཀྱང་ཤེས་པ་ལ་དེའི་རྣམ་པར་འཇོག་པར་མི་ནུས་པའི་ཕྱིར་དང་མེད་པ་མཐོང་བའི་ཕྱིར་རོ་ཞེས་སོ། །དེ་ལྟ་ན་ནི་འོ་ན་ཡོད་པའི་རྣམ་པར་སྣང་
བའི་ཤེས་པ་བསྐྱེད་པའི་ཁོ་ན་དབང་པོ་ཡིན་ན་ཞེས་བྱ་བ་འདི་ནན་གྱིས་བྱུང་བ་ཡིན་ནོ། །དེ་ལྟ་ན་ནི་ཡིད་ཀྱང་དབང་པོ་ཉིད་དུ་མི་འགལ་ལོ་དེ་ལྟ་ན་འོ་ན་ལོང་མེད་པ་ལ་སོགས་པ་ཡང་མ་ཡིན་ཏེ། དེ་དག་གི་རྒྱུད་ལས། རྣམ་པ་དེ་ལྟ་བུའི་འདུ་བྱེད་ཡོངས་སུ་སྨིན་པ་མེད་པའི་ཕྱིར་རོ། །
เล่ม ๑๘๔ · หน้า 159b
འདིས་ནི་མངོན་དུ་བྱེད་པ་རྒྱུ་ཉིད་ཀྱི་དབང་པོ་ཡིན་ནོ་ཞེས་བསྟན་ཏོ། །ཡང་གང་གི་ཚེ་མངོན་དུ་བྱེད་པ་ལ་ཡིད་ཀྱི་བྱེད་པ་འདོད་པ་དེའི་ཚེ་ཡང་གཙོ་བོ་ནི་ཡིད་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་པ་ནི་གཞན་ཡང་ཞེས་བྱ་བའོ། །རྣམ་པར་འཁྲུགས་ལ་ཞེས་བྱ་བ་ནི་བསམ་པ་གཞན་ལ་
ཞུགས་པའི་དུས་སམ། མྱ་ངན་ལ་སོགས་པའི་གནས་སྐབས་སུའོ། །གལ་ཏེ་དོན་གཞན་སེམས་པའི་དུས་ན་ཤེས་པ་ཉིད་མ་སྐྱེས་པ་ལ་ཡིན་ནམ། དེ་ལ་མི་གསལ་བ་གང་ལ་ཡོད། མྱ་ངན་ལ་ཡང་དབང་པོ་ཉིད་ཉམས་པའི་ཕྱིར་མི་གསལ་བ་ཡིན་ནོ་ཞེ་ན།
སྨྲས་པ་ཤིན་ཏུ་ནུས་པ་མེད་པ་ན་ག་ལས་ཤེས་པ་མ་སྐྱེས་པ་དེ་ཉིད་ལས་ནུས་པ་མེད་པ་ཅུང་ཟད་བྲི་བ་ན་མི་གསལ་བའི་རྣམ་པ་ཅན་འགའ་ཞིག་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཁོ་ནའོ། །མྱ་ངན་གྱིས་འཁྲུགས་པ་ནི་དབང་པོ་ཉམས་པ་མི་གསལ་བའི་རྒྱུ་ཡིན་ནོ་ཞེས་བྱ་
བས་ནི་མི་གསལ་བ་ཡིད་ཀྱི་ནུས་པ་ཆེན་པོ་ཉིད་དུ་གསལ་བར་བྱས་པ་ཡིན་ཏེ། དབང་པོ་ཡང་རྣམ་པར་བསྒྱུར་ནས་ཤེས་པ་ཡང་མི་གསལ་བར་བྱེད་པའི་ཕྱིར་རོ། །གལ་ཏེ་དབང་པོའི་རྣམ་པར་འགྱུར་བ་མེད་པར་མི་གསལ་བ་ཉིད་དུ་མི་འགྱུར་བའི་ཕྱིར། དེ་ཉིད་གཙོ་
བོ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དབང་པོ་ཉམས་པར་འགྱུར་བའམ། གསལ་བར་གྱུར་པ་དེ་ཉིད་ལ་རག་ལས་པའི་ཕྱིར་ན། འདི་ནི་ཡིད་དང་འབྲེལ་པ་ཁོ་ནའོ། །འོ་ན་མྱ་ངན་ལ་སོགས་པ་ཉམས་པ་ཉིད་འཁྲུལ་པར་འགྱུར་རོ་སྙམ་ན། དེ་ལྟ་མ་ཡིན་ཏེ། ཡིད་གཙོ་
བོ་ཡིན་ཡང་དབང་པོ་ལ་རྟོག་པའི་ཕྱིར་ནི་འདི་དབང་པོའི་འཁྲུལ་པ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །དེ་ཡང་ཞེས་བྱ་བ་ནི་ལན་ནོ། །འདི་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་རྗེས་སུ་དཔག་པར་འདོད་པ་ནའོ། །ལྐོག་ཉིད་ནི་ལྐོག་གྱུར་ཤེས་པ་ཉིད་དོ། །ཡུལ་
མངོན་དུ་བྱེད་པའི་བྱ་བ་ལ་འཇུག་པ་གང་ཡིན་པ་དེ་ཉིད་མངོན་སུམ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་མངོན་དུ་བྱེད་པ་ལ་འཐད་པ་ཡིན་ན་མངོན་སུམ་ལ་ཅིས་གེགས་བྱེད། ཡང་ན་འདི་ནི་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་ནའོ། །ཇི་ལྟར་ལྐོག་གྱུར་ཉིད་དེ་མ་ཡིན་པ་ཉིད་དོ། །
เล่ม ๑๘๔ · หน้า 160a
མངོན་དུ་བྱས་པ་ལྐོག་གྱུར་ཉིད་ཡིན་ན་ཉེས་པ་ཅི་ཡོད་སྙམ་ན། མངོན་དུ་བྱས་པས་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བའི་རྩོད་པ་ནི་ལྷག་པ་བརྗོད་པའི་དོན་དུའོ། །དེ་ལ་སྔར་ནི་མངོན་དུ་བྱེད་པ་ཙམ་གྱིས་མངོན་སུམ་ཡིན་གྱི། དབང་པོ་ལ་ལྟོས་པ་
ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ལ། དེ་མ་ཐག་པར་ནི་མངོན་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཡིད་ཉིད་དབང་པོ་ཡིན་ནོ་ཞེས་གཞུང་བཙུགས་པ་ཡིན་ཞིང་། དེ་ལྟ་ན་ནི་གལ་ཏེ་མངོན་དུ་བྱེད་པ་དབང་པོ་ལ་རག་ལས་ན་དེའི་ཚེ་དབང་པོ་བྱེད་པ་ཡང་རྗེས་སུ་དཔག་པས་གྲུབ་པར་ངེས་པར་ཁས་
བླང་བར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་བཤད་པ་ནི། དབང་པོ་བྱེད་པ་དེ་ཉིད་ཅེས་བྱ་བའོ། །དབང་པོའི་མངོན་སུམ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པ་ཐམས་ཅད་རྗེས་སུ་དཔག་པ་ལ་ཡང་ངོ་། །འོན་ཏེ་གང་གིས་ཡོད་པར་འགྱུར་རོ་ཞེས་བརྗོད་པ་འདི་ཇི་ལྟར་རྟོགས་སྙམ་ན་
རྗེས་སུ་དཔག་པའི་འཇུག་པ་ནི་ཞེས་གསུངས་སོ། །ད་ལྟ་བ་དང་གཞན་པའི་མིག་ལ་སོགས་པའི་བྱེད་པ་ཡང་རྗེས་སུ་དཔག་པ་ཉིད་ལས་རྟོགས་པ་ཡིན་ཏེ། འདས་པ་ལ་སོགས་པའི་དོན་འབའ་ཞིག་ཏུ་མ་ཟད་དོ། །ཐམས་ཅད་ལ་མངོན་དུ་བྱེད་པའི་ཕྱིར། ད་ལྟར་བ་དང་གཞན་
པའི་བྱེད་པ་རྟོགས་པའི་ཕྱིར་རོ། །ཡང་ན་ཡང་གི་སྒྲ་ནི་ཞེས་གནས་པ་སོ་སོའི་སྐྱེ་བོ་དང་འབྲེལ་པ་ལ་བལྟ་བར་བྱའོ། །སོ་སོའི་སྐྱེ་བོའི་དབང་པོའི་བྱེད་པ་ཡང་རྗེས་སུ་དཔག་པ་ཉིད་ལས་ཡིན་གྱི་མངོན་སུམ་ལས་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་མིག་ལ་སོགས་པའི་བྱེད་
པ་མེད་བཞིན་དུ་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བར་བརྗོད་ན། འོ་ན་ནི་མངོན་སུམ་དུ་བྱེད་པ་དབང་པོའི་བྱེད་པ་ལ་རག་ལས་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེས་ན་དབང་པོའི་བྱེད་པ་མེད་ཀྱང་མངོན་དུ་བྱེད་པ་ཙམ་གྱིས་མངོན་སུམ་གྱི་སྒྲ་འཇུག་པར་གྲུབ་པོ་ཞེས་བྱ་བར་
དགོངས་པའོ། །དེའི་ཕྱིར་འདས་པ་ལ་སོགས་པ་དང་། དེ་ལ་བརྟེན་པ་དབང་པོའི་བྱེད་པ་རྗེས་སུ་དཔག་པས་རྟོགས་པ་ན་དེ་མངོན་དུ་བྱེད་པ་རྣལ་འབྱོར་པའི་ཤེས་པ་ལ་གཉི་གའི་ཡང་ནུས་པ་ཡོད་པ་ཁོ་ནའོ། །དེས་ན་འདས་པ་ལ་སོགས་པ་རིག་པ་ཇི་ལྟར་མངོན་སུམ་
เล่ม ๑๘๔ · หน้า 160b
ཡིན་ཏེ། འབྱུང་བ་དང་བྱུང་བའི་དབང་པོའི་བྱེད་པས་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འདས་པ་ལ་སོགས་པ་ལ་རང་དང་གཞན་གྱི་དབང་པོའི་བྱེད་པ་སྲིད་པའི་ཕྱིར་རྣལ་འབྱོར་པའི་ཤེས་པ་མངོན་སུམ་ཡིན་ནོ་ཞེས་བསྒྲུབས་ནས། ད་ནི་གང་ཁོ་ན་ལ་བསྒོམ་པ་ལས་དེ་
མངོན་དུ་བྱེད་པའི་ཤེས་པ་སྐྱེས་པ་དེ་ཉིད་ཀྱི་དབང་པོའི་བྱེད་པ་ནི་སྔར་ཡང་འདས་པ་ལ་སོགས་པའི་དོན་ལ་ཡོད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་གཞན་ཡང་ཞེས་གསུངས་སོ། །དབང་པོའི་རྣམ་པར་ཤེས་པས་སྔོན་མཐོང་བའོ། །དེའི་ཚེ་བདག་གི་མིག་ལ་སོགས་པའི་ཡང་
བྱེད་པ་རྟོགས་པར་བྱེད་དོ། །གཞན་གྱི་མིག་ལ་སོགས་པ་འབའ་ཞིག་གིས་ནི་མ་ཟད་དོ། །གལ་ཏེ་དེ་ལྟར་ནའང་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ལ་དབང་པོའི་བྱེད་པ་ཡོད་པ་ཇི་ལྟར་འགྱུར་སྙམ་ན། གར་འབྱུང་ཞེས་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་
རྗེས་སུ་དཔོག་པ་ལའོ། །དེ་ཚེ་ཉིད་སྐྱེས་པ་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པ་དབང་པོའི་བྱེད་པ་འཇུག་ཏུ་རུང་བའོ། །དེ་ལ་ཞེས་བྱ་བ་ནི་དེ་ཚེ་ཉིད་སྐྱེས་པ་ལའོ། །གང་གི་ཚེ་བྱུང་བར་གྱུར་པའི་དོན་རྗེས་སུ་དཔག་པས་དཔོག་པ་ཞེས་འབྲེལ་ཏོ། །དེའི་ཚེ་བྱུང་བར་གྱུར་པའི་
དབང་པོའི་བྱེད་པ་ཉིད་ཅེས་བྱ་བར་ཡང་འབྲེལ་ཏོ། །གལ་ཏེ་གང་གིས་དེ་སྐད་བརྗོད་པར་འགྱུར་བ་འདས་པ་ལ་སོགས་པ་ཇི་ལྟར་ཡོད་པ་ཉིད་ཡིན་སྙམ་དུ་དོགས་པ་བསུ་ནས། དེ་ནི་ཞེས་གསུངས་སོ། །སྔར་མཐོང་བ་འདས་པ་ལ་སོགས་པའི་དོན་ནིའོ། །གལ་ཏེ་ད་ལྟར་བ་
ཉིད་མ་ཡིན་ན་ཇི་ལྟར་ཡོད་པ་ཉིད་ཡིན་ཏེ། མེད་པ་ཉིད་ཡིན་པའི་ཕྱིར་རོ་སྙམ་པ་ནི། གལ་ཏེ་ཞེས་བྱ་བ་ཡིན་ནོ། །འབྱུང་བར་འགྱུར་བ་ཡིན་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་དེ་སྟོན་པ་ནི། མངོན་དུ་བྱེད་ཉིད་ཅེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ད་ལྟར་བ་ལ་ཡང་ངོ་། །
ཕྱེད་ཕྱི་མ་འཆད་པ་ནི་ད་ལྟ་བར་མངོན་པར་འདོད་པའི་ཞེས་བྱ་བའོ། །གལ་ཏེ་མངོན་དུ་བྱེད་པ་མེད་ཀྱང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ལ་ཡོད་པ་མ་ཡིན་ནམ། དེས་ན་དེ་ལས་གཞན་ཡོད་པ་ཉིད་ཡོད་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་མེ་ལ་སོགས་པ་
เล่ม ๑๘๔ · หน้า 161a
ཞེས་བྱ་བའོ། །རྗེས་སུ་དཔག་པ་ལ་ཡང་སྣང་བཞིན་པ་ཉིད་རྣམ་པར་བརྟག་པར་བྱ་བ་ཡིན་ཏེ། དེ་ལྟར་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་ལན་བཏབ་པ་ནི་མ་ཡིན་ཏེ་དེར་ཡང་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་ནི་མངོན་དུ་བྱེད་པ་དང་ལྡན་པ་ཉིད་དོ། །
དེ་ཅིའི་ཕྱིར་སྙམ་ན། མངོན་དུ་བྱས་པའམ་ཞེས་གསུངས་སོ། །བྱེད་པའམ་ཞེས་བྱ་བ་ནི་གཞན་གྱིས་ཞེས་བྱ་བར་བལྟ་བར་བྱའོ། །གཞན་དུ་ན་ཞེས་བྱ་བ་ནི་མཐོང་བ་མེད་པ་ཉིད་ཡིན་ནོ། །གལ་ཏེ་མཐོང་ན་ནི་བལྟ་བར་རུང་བ་ཉིད་མ་ཡིན་བལྟ་བའི་ཡུལ་ཉིད་དུ་ནི་མ་ཡིན་
ཞེས་བྱ་བར་ཅི་སྟེ་མི་འགྱུར་སྙམ་ན། མི་འགྱུར་བ་ཉིད་དོ་ཞེས་བརྗོད་པ་ནི་མཐོང་བའི་རྗེས་སུ་འབྲངས་པ་ན་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་དེ་ལྟ་མ་ཡིན་ན་མི་འཐད་པའི་ཕྱིར་ཏེ། མ་འབྲེལ་པའི་ཕྱིར་རོ། །མཐོང་བར་བྱ་བ་ཉིད་ཁྱབ་བྱེད་དུ་ཉེ་བར་བཟུང་ནས་རྗེས་སུ་དཔག་
པ་ཡིན་ནོ། །མ་མཐོང་ན་ནི་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ་ཞེས་བྱ་བ་ནི་མི་མཐོང་བའི་མ་འདུས་པ་གཞན་གྱི་དོན་ཡང་བསྒྲུབ་པར་འགྱུར་རོ། །དེས་ན་མི་མཐོང་བ་ཞེས་བྱ་བ་ནི་ཡོད་པ་ཉེ་བར་མཚོན་པ་མ་ཡིན་ནོ། །གལ་ཏེ་གང་དུ་རྟགས་ཉིད་འགའ་ཞིག་གི་མངོན་
སུམ་གྱི་རྟགས་ཅན་ནི་མ་ཡིན་པའི་དེ་འདྲ་བའི་དཔྲལ་ལ་མཐོང་བར་གྱུར་པ་དང་། མཐོང་བ་དང་། མཐོང་བར་འགྱུར་བ་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བྱ་བའི་ངལ་བ་མེད་པའི་ཕྱིར་ཇི་ལྟར་མངོན་དུ་བྱས་པ་ལས་ཡོད་པ་ཉིད་གཞན་མ་ཡིན་པར་འགྱུར་ཞེ་ན། མ་ཡིན་ཏེ།
དེར་ཡང་འབྲེལ་པ་དང་ལྡན་པ་མཐོང་བ་གཞན་དུ་མི་འཐད་པས་ན་མཐོང་བ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། མི་སླུ་བ་ཡོད་པའི་ཕྱིར་རོ། །མ་མཐོང་བ་ལ་ནི་མི་སླུ་བ་མེད་པའི་ཕྱིར་རོ། །ལྡོག་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ནུས་པ་ཐམས་ཅད་ཀྱིས་
སྟོང་པའི་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་དུས་གསུམ་དུ་མཐོང་བ་ཡིན་སྙམ་ན། །ནུས་པར་ཉེ་བར་བརྗོད་པ་ཞེས་གསུངས་སོ། །ནུས་པར་ཉེ་བར་བརྗོད་པ་ཐམས་ཅད་ཅེས་བྱ་བ་ནི་མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པས་བསྐྱེད་པ་དེ་ནི་འདིའོ་ཞེས་བྱ་བར་བསྙད་
เล่ม ๑๘๔ · หน้า 161b
པའོ། །དེ་དང་བྲལ་བ་ནི་མེད་པའོ། །དེ་ཉིད་ནི་གཞན་མ་ཡིན་ཏེ། ཉེ་བར་བརྗོད་པ་མེད་པ་ཉིད་ཡིན་ནོ། །ཉེ་བར་བརྗོད་པར་བྱེད་པས་ན་ཉེ་བར་བརྗོད་པ་སྟེ། དེ་གང་ལ་མེད་པའོ། །དེའི་ངོ་བོ་ནི་ཉེ་བར་བརྗོད་པ་མེད་པ་སྟེ་མི་སྣང་བའོ། །དུས་གསུམ་དུ་མཐོང་བ་མེད་པ་ཞེས་
བྱ་བའི་དོན་ཏོ། །གལ་ཏེ་མཐོང་བར་བྱ་བ་ཉིད་ཡིན་ན་ཁོ་བོ་ཅག་ལ་སོགས་པ་ཉིད་ཀྱིས་མཐོང་བར་འགྱུར་བ་ལ་སོགས་པའི་རྣམ་པར་དབྱེ་བ་ལས་འོངས་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཡིན་གྱི། རྣལ་འབྱོར་པའི་ནི་མ་ཡིན་ནོ། །ཐམས་ཅད་མཐོང་བཞིན་པ་ཉིད་ཀྱིས་ན་ད་
ལྟར་བ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །ད་ལྟར་བྱུང་བ་ཙམ་མཐོང་བ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་མཐོང་བ་མེད་པས་ནའོ། །དེ་ལ་དུས་དང་འབྲེལ་པ་ལས་ནི་ད་ལྟར་བ་ལ་སོགས་པ་མ་ཡིན་ཏེ།
དེ་ནི་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི། དུས་ནི་ཚད་མ་ཞེས་བྱ་བ་ལ་སོགས་པའོ། །འདི་ག་ལས་ཤེ་ན། མངོན་སུམ་གྱིས་ནི་ཞེས་བྱ་བའོ། །འོ་ན་རྗེས་སུ་དཔག་པས་དུས་རྟོགས་པར་འགྱུར་སྙམ་ན། རྗེས་སུ་དཔག་པ་ཡང་ཞེས་གསུངས་སོ། །
འཇུག་པ་ཞེས་འབྲེལ་ཏོ། །གང་གི་ཚེ་མི་འཇུག་སྙམ་ན། མངོན་སུམ་འཇུག་པ་ལས་འདས་ནས་སོ། །མངོན་སུམ་གྱིས་ནི་ཞེས་བྱ་བ་ནི་འཆད་པའོ། །དེའི་རྣམ་པ་ཙམ་དང་ནི་གཟུགས་ལ་སོགས་པའི་རྣམ་པ་ཙམ་དང་ངོ་། གལ་ཏེ་མངོན་དུ་གྱུར་པའི་དངོས་པོ་ཉེ་བར་
གཞག་པ་ཉིད་ཀྱི་རང་བཞིན་ལ་བརྟེན་པའི་མངོན་སུམ་གྱིས་དོན་སྟོན་པ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། མདུན་ན་གནས་པའི་རྣམ་པ་ཞེས་སྨོས་སོ། །གལ་ཏེ་བུམ་པའམ་གཡོ་བ་ཞེས་རྣམ་པ་གཞན་གྱིས་ཀྱང་མཐོང་བ་ཁོ་ན་མ་
ཡིན་ནམ་སྙམ་དུ་དོགས་ན། དེ་ལྟ་མ་ཡིན་ན་ཞེས་གསུངས་སོ། །མདུན་ན་གནས་པ་མ་ཡིན་པའི་རྣམ་པ་འཛིན་པ་ནི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དུས་ཀྱང་དེ་བཞིན་དུ་དམིགས་པ་ཡོད་པ་ཉིད་དོ་སྙམ་ན། དུས་ནི་ཞེས་སྨོས་སོ། །རྗེས་སུ་
เล่ม ๑๘๔ · หน้า 162a
དཔག་པ་ཡང་ཞེས་བྱ་བས་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའི་ཚིགས་སུ་བཅད་པའི་ཆ་འཆད་པའོ། །གལ་ཏེ་དུས་ནི་མངོན་སུམ་ལ་སོགས་པ་ཚད་མས་ཡང་དག་པར་རྟོགས་པར་བྱ་བ་ཉིད་མ་ཡིན་ནམ། དེས་ན་དུས་ནི་ཚད་མ་གང་གིས་ཀྱང་
ཞེས་ཇི་སྟེ་བརྗོད་སྙམ་དུ་དོགས་པར་བྱེད་པ་ནི་འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཡུན་རིང་དུ་བྱས་སོ་ཞེས་བྱ་བ་ལ་སོགས་པའི་རྟོགས་པས་ནི་རྫས་ཀྱི་ཁྱད་པར་དུ་དུས་ངེས་པ་ཡིན་ནོ། །འདི་ལ་འབྲེལ་པ་ཅན་གྱི་རྟགས་ནི་འགའ་ཡང་མཐོང་བ་མེད་དོ། །གཟུགས་སྤྱོད་
པ་དང་འདུ་བས་མངོན་སུམ་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། རྟགས་ལས་མ་སྐྱེས་པ་དང་གནོད་པ་མེད་པས་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དུས་ནི་མངོན་སུམ་གྱི་ཚད་མས་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་
ཡང་ན་བྲལ་བ་ལ་སོགས་པ་གཞན་དུ་མི་འཐད་པས་སོ། །དེ་ལ་རེ་ཞིག་ཡུན་རིང་བ་ཞེས་བྱ་བ་ལ་སོགས་པའི་བློ་མངོན་སུམ་ཡིན་པ་སེལ་བ་ནི་དུས་ནི་ཞེས་བྱ་བ་ལ་སོགས་པའོ། །མདུན་ན་གནས་པའི་དུས་གང་ལ་ཡོད་པ་ཞེས་སྤྱིར་བསྡུ་བའོ། །གལ་ཏེ་དུས་མདུན་ན་གནས་པ་
མ་ཡིན་ཡང་མངོན་སུམ་ཉིད་དུ་འགྱུར་རོ་སྙམ་ན། དེ་ལྟ་རྣམ་པ་དང་ཞེས་གསུངས་ཏེ་མདུན་ན་གནས་པའི་རྣམ་པ་དང་བྲལ་ནའོ། །གྲུབ་པའི་མཐའ་སྨྲ་བས་ནི་འབྲས་བུའི་རང་བཞིན་ཉིད་ཡུན་རིང་བ་ལ་སོགས་པའི་དོན་ཡིན་པར་བརྗོད་པ་ན། རྒྱུ་རྣམས་ཞེས་བྱ་བའོ། །དུས་
མེད་ཀྱང་དལ་བ་ནས་རིམ་གྱིས་ཡོངས་སུ་རྫོགས་པ་ནི་ཡུན་རིང་བའི་དོན་ཡིན་ནོ། །གལ་ཏེ་དུས་མེད་ན་དལ་བུ་དེ་ཉིད་ཇི་ལྟར་སྙམ་ན། རྒྱུ་རྣམས་ཉེ་བར་མི་གནས་ཕྱིར། །ཞེས་གསུངས་སོ། །དེས་ན་དལ་བུ་ལ་སོགས་པ་གཞན་དུ་མི་འཐད་པས། དུས་དཔག་པར་བྱ་བ་མ་
ཡིན་ནོ་སྙམ་དུ་དགོངས་པའོ། །བུམ་པ་ལ་སོགས་པའི་ཞེས་བྱ་བ་ནི་འཆད་པའོ། །དེ་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་དལ་བུ་ལ་སོགས་པ་འཐད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གཞན་དུ་མི་འཐད་པ་ཉིད་ཉམས་པའི་ཕྱིར་རོ། །ཡང་གཞན་དག་གཞན་དུ་མི་འཐད་པས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด